༼བ༽
༄༅། །རྒྱལ་བུ་ཇིམ་གྱིམ་ལ་སྤྲིང་བ་བཞུགས།།
༄༅། །འདིར་སྨྲས་པ། དེང་སང་འདི་ན་ལྷ་རྣམས་དགའ་བ་ཡི། །བློ་ལྡན་དེ་དག་གཟུགས་དང་དེ་བཞིན་སྟོབས། །དབྱངས་དང་འབྱོར་པ་ལྡན་པས་བདག་དྲེགས་ཤིང༌། །དེ་མི་ལྡན་པ་རྣམ་པར་སྤོང་བར་བྱེད། །དམ་པ་དམ་པའི་སྐྱེས་བུ་གང་ཡིན་པ། །དགེས་ཤིང་དགེས་པར་འགྱུར་བའི་ངང་ཚུལ་ཡང༌། །གང་ལ་ལྡན་པ་གང་ཡིན་དེ་འདྲའི་ཚུལ། །ཇི་ལྟར་ཡིན་པ་ཇི་བཞིན་བཤད་ཀྱིས་ཉོན། །ཡིད་འོང་གཟུགས་ཀྱི་དཔལ་དང་མི་ལྡན་ཡང༌། །ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་ཡི། །བློ་གྲོས་ཆེན་པོའི་དཔལ་གྱིས་གཏམས་པས་ན། །བློ་མིག་ལྡན་པའི་མདུན་ན་མཛེས་པ་ཡིན། །ལུས་སྟོབས་རྒྱས་པའི་ཤུགས་དང་མི་ལྡན་ཡང༌། །རྣམ་དཔྱོད་སྟོབས་ཆེན་སྤོབས་པའི་ཡང་རྩལ་གྱི། །མཁས་པའི་འདུན་སར་རློམ་པས་མྱོས་པ་ཡི། །རྒོལ་བ་གླང་པོའི་དྲེགས་པ་འཇོམས་བྱེད་ཡིན། །སྙན་པའི་དབྱངས་ཀྱི་ང་རོ་མི་ལྡན་ཡང༌། །ལུང་དང་རིགས་པའི་དེ་ཉིད་ཇི་བཞིན་དུ། །རབ་ཏུ་སྟོན་པའི་ཚིག་ལ་དབང་འབྱོར་པས། །མཁས་པའི་ཡིད་འཕྲོག་ངག་དང་ལྡན་པ་ཡིན། །ཟང་ཟིང་འབྱོར་པ་ཕུན་ཚོགས་མེད་ན་ཡང༌། །སྲིད་ཞིའི་དགེ་ལེགས་མ་ལུས་འབྱུང་བའི་གཞི། །དམ་ཆོས་མི་ཟད་རིན་ཆེན་གཏེར་འཛིན་པས། །དམ་པའི་འབྱོར་པས་བདག་ཉིད་འབྱོར་པ་ཡིན། །འདི་ལ་མི་འདུན་འདུན་པའི་ཡིད་བྲལ་བ། །དེ་དག་གིས་འདི་འདི་ལྟར་མ་ཡིན་ཞེས། །བདག་ལ་རྒོལ་དང་དང་པོར་བརྒལ་བརྟག་གིས། །ཁྱོད་ཀྱི་ཤེས་རབ་རབ་ཏུ་གསལ་བར་བྱ། །སྨྲ་བར་བྱེད་པ་དཔལ་ལྡན་འཕགས་པ་སྟེ། །དོན་དང་ལྡན་པའང་དེ་ཉིད་ཡིན་པར་བསམ། །བློ་ཆེན་མཁྱེན་པ་རྣམས་ཀྱིས་མཁྱེན་ལགས་གྲང༌། །མ་རྟོགས་ལོག་པར་རྟོག་པ་བླུན་པོའི་རྟགས། །དཔལ་གྱི་འབྱུང་གནས་བླ་མ་དཀོན་མཆོག་གི །དཔལ་གྱི་རྒྱལ་བུའི་ཕྲིན་ལས་སྐུ་ཚེ་དང༌། །དཔལ་འབྱོར་རྒྱས་དང་བསྟན་དང་འགྲོ་བ་ཡི། །དཔལ་དུ་གྱུར་ནས་ཡུན་རིང་གནས་གྱུར་ཅིག །རྒྱལ་བུ་ཁྱོད་ཀྱི་ཐུགས་དགོངས་དགེ་བའི་མཐུས། །རྒྱལ་བའི་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །རྒྱལ་དེའི་བསྟན་པ་ཕྱོགས་བཅུར་རབ་རྒྱས་ཤིང༌། །རྒྱས་སྲས་ཁྱོད་ནི་ཆོས་ཀྱི་རྒྱལ་པོར་ཤོག །རྒྱལ་བུ་ཇིམ་གྱིམ་ལ་བསྐུར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply