༼བ༽
༄༅། །རྟེན་འབྲེལ་རྩིས་རིན་ཆེན་སྒྲོན་མ་བཞུགས།།
༄༅། །རྒྱ་གར་སྐད་དུ། པྲ་ཏཱི་ཏྱཾ་ས་མུད་པཱ་ད་ཨཱརྵ་ཏ་ཏྭ་རཏྣ་དཱི་པཾ་ནཱ་མ། བོད་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བའི་རྗེས་ཞུགས་རྒྱལ་བའི་སྲས། །རྒྱལ་བའི་སྲས་ཀྱི་ཐུ་བོ་པ། །རྒྱལ་སྲས་འཇམ་མགོན་ལ་བཏུད་དེ། །རྟེན་ཅིང་འབྲེལ་འབྱུང་དེ་ཉིད་བྲི། །མ་རིག་འདུ་བྱེད་རྣམ་ཤེས་དང༌། །མིང་གཟུགས་སྐྱེ་མཆེད་རེག་པ་དང༌། །ཚོར་བ་སྲིད་པ་ལེན་པ་དང༌། །སྲིད་པ་སྐྱེ་བ་རྒ་ཤི་སྟེ། །འདི་དག་རྟེན་འབྲེལ་བཅུ་གཉིས་ཡིན། །སྨལ་པོའི་བཅུ་དྲུག་ནས་བརྩམས་ཏེ། །རྒྱལ་གྱི་ཟླ་བའི་བཅོ་ལྔའི་བར། །མ་རིག་པ་ཡི་ཟླ་བར་འདོད། །འདུ་བྱེད་ལ་སོགས་ལུགས་འབྱུང་གི །རིམ་པས་ཟླ་བ་གཞན་ལ་སྦྱར། །སོ་སོའི་ཚེས་གཅིག་ནས་བཟུང་ནས། །མ་རིག་པ་ལ་སོགས་པ་རྣམས། །བཟློག་པའི་གོ་རིམ་ཇི་བཞིན་དུ། །བཅུ་གསུམ་པ་ནི་གསུམ་དང་མཚུངས། །བཅུ་བཞི་བཞི་མཚུངས་བཅོ་ལྔ་ལྔ། །དཀར་པོའི་ཕྱོགས་ལའང་དེ་བཞིན་ནོ། །དང་པོ་ཡི་ནི་ཉིན་ཞག་ལ། །ནམ་ལངས་ནས་བཟུང་མ་རིག་པས། །ཆུ་ཚོད་གསུམ་དབང་རྒ་ཤི་ཆུ། །སྐྱེ་མདའ་སྲིད་འབྱུང་ལེན་པས་བཞི། །སྲིད་མེ་ཚོར་མདའ་རེག་པས་བདུན། །སྐྱེ་མཆེད་དུས་དང་མིང་གཟུགས་རོ། །རྣམ་ཤེས་རི་བོ་འདུ་བྱེད་མདའ། །ཚེས་གྲངས་གང་ལ་བབ་པ་ཡི། །རྟེན་འབྲེལ་དེ་ཡིས་ཐོག་དྲངས་ནས། །རིམ་བཞིན་སོ་སོའི་དུས་ལ་དབང༌། །གང་དུ་ཚེས་དང་ཟླ་བ་ལྷག །རྟེན་འབྲེལ་ཀྱང་ནི་དེ་བཞིན་ནོ། །འབྲས་བུ་མི་བཟད་འབྱིན་པའི་ཕྱིར། །དེ་ཚེ་ཞི་བའི་ལས་མི་བརྩམ། །དེ་ལྟའི་དུས་ཚོད་ཡོངས་ཤེས་ནས། །སྐྱེ་བ་ལས་ཕྱོགས་རྐུན་མ་ནད། །མིག་འགུལ་རྣ་བ་ངུ་བ་དང༌། །རྐན་འགུལ་བ་དང་ལྟོགས་པ་དང༌། །རྐང་པ་སྦྲིད་དང་རྐང་པའི་སྒྲ། །གོས་ཚིག་སྣུམ་ཞུགས་བྱི་བས་ཟོས། །ཁྱི་ངུ་བྱ་རོག་སྒྲ་དང་ནི། །ས་གཡོ་མཚན་མ་སེམས་པ་རྣམས། །མཁས་པས་ཡོངས་སུ་བརྟག་པར་བྱ། །མ་རིག་པ་ལ་བཙས་པ་ནི། །ཉི་མ་དགུ་དང་ཟླ་བ་དགུ། །ལོ་དགུ་དག་ལ་མ་ཤི་ན། །ནོར་ལྡན་སྙན་སྨྲ་སེམས་གདུག་ཅིང༌། །ཉེ་དུ་དང་རྩོད་འཁྲིག་ལ་སྲེད། །རྨོངས་ཤིང་མཐའ་འཁོབ་གཙོ་བོར་འགྱུར། །བརྒྱད་ཅུ་རྩ་གཅིག་འཚོ་བ་སྟེ། །འདུ་བྱེད་ལ་ནི་འཆི་བར་འགྱུར། །འདུ་བྱེད་ལ་བཙས་ཉི་མ་བརྒྱད། །ཟླ་བ་བརྒྱད་དང་ལོ་བརྒྱད་ལ། །གལ་ཏེ་ཤི་བར་མ་གྱུར་ན། །ནད་མེད་འབྱོར་ཅིང་ཚངས་པར་སྤྱོད། །ཆོས་ལྡན་མཁས་ཤིང་བདེན་པར་སྨྲ། །གྲོགས་མང་ཀུན་ལ་ཕན་པར་འགྱུར། །བརྒྱད་ཅུ་བརྒྱད་འཚོ་རང་ཉིད་ཀྱི། །ཡུལ་དུ་རྣམ་ཤེས་ཉི་མར་འཆི། །རྣམ་ཤེས་ལ་ནི་བཙས་པ་གང༌། །ཉི་མ་ལྔ་དང་ཟླ་བ་ལྔ། །ལོ་ལྔ་དག་ལ་མ་ཤི་ན། །མཁས་ཤིང་སྤྲོ་རིང་ཕོངས་པ་དང༌། །རྟུལ་ཕོད་ཀྱིས་ནི་ཕ་རོལ་གནོན། །སྡིག་ལ་དགའ་ཞིང་ཆགས་པར་ལྡན། །ང་རྒྱལ་ཆེ་ཞིང་ཚིག་རྩུབ་སྨྲ། །མགོན་མེད་ཉམ་ཐག་མཁས་པ་ལ། །རྟག་ཏུ་བྱམས་པར་བྱེད་པ་དང༌། །ནད་མེད་གཞན་ལ་བརྟེན་པས་འཚོ། །དྲུག་ཅུ་བཞིར་འཚོ་མིང་གཟུགས་ཀྱི། །ཉི་མ་ལ་ནི་མཚོན་གྱིས་འཆི། །མིང་དང་གཟུགས་ལ་བཙས་པ་ནི། །ཉི་མ་དྲུག་དང་ཟླ་བ་དྲུག །ལོ་དགུའམ་དེ་བཞིན་བཅུ་གཉིས་ལ། །གལ་ཏེ་དེ་ནི་མ་ཤི་ན། །ནད་དཀོན་ཕོངས་ཤིང་བུ་མི་འཚོ། །བློ་ཞན་སྒྲ་ཡི་འཇིགས་དང་བཅས། །གཏུམ་ཞིང་ང་རྒྱལ་ལྡན་པ་དང༌། །དམན་པ་ལ་བརྩེ་ངན་དང་འགྲོགས། །ཆུང་མ་གསུམ་ནི་ཡོད་པར་འགྱུར། །དེ་ཡི་ཕ་མ་ཚེ་རིང་ཞིང༌། །ཚོང་གི་ལས་ཀྱིས་འཚོ་བ་དང༌། །ཚེ་ཡི་མཐའ་མར་ལོངས་སྤྱོད་ལྡན། །བདུན་ཅུ་གཅིག་ཏུ་འཚོ་བ་སྟེ། །སྐྱེ་མཆེད་དྲུག་གི་ཉི་མར་འཆི།། །།སྐྱེ་མཆེད་དྲུག་ལ་བཅས་པ་གང༌། །ཉི་མ་ལྔ་དང་ཟླ་བ་ལྔ། །ལོ་བཅུའམ་དེ་བཞིན་ལོ་བརྒྱད་ལ། །གློ་བུར་དུ་ནི་མ་ཤི་ན། །སྐྱེ་མ་ཐག་ཏུ་མ་ནི་འཆི། །ཕ་ཡང་ལོ་བརྒྱད་དག་ལ་འཆི། །དཔའ་ཞིང་རང་གི་ཁྱིམ་ན་གཙོ། །ནད་ལྡན་སེར་སྣ་ཆེ་ཞིང་ཕོངས། །དྲུག་ཅུ་ཞིར་འཚོ་རེག་པ་ལ། །རང་གི་ཁྱིམ་དུ་འཆི་བར་འགྱུར། །རེག་པ་ལ་བཙས་ཉི་མ་གཉིས། །གསུམ་ལྔ་ཟླ་བ་ལྔ་དང་དགུ། །ལོ་དགུ་དག་ལ་མ་ཤི་ན། །བློ་ལྡན་མཁས་ཤིང་རིག་པ་ཤེས། །ང་རྒྱལ་ཆེ་ཞིང་ཚིག་རྩུབ་སྨྲ། །ཁྲོ་ཞིང་བརྩོན་འགྲུས་ལྡན་པ་དང༌། །འཁྲིག་པ་ལ་སྲེད་ཕྲག་དོག་ལྡན། །རྐུ་ཞིང་རབ་ཏུ་སྒྲིན་པ་སྟེ། །དྲུག་ཅུ་གསུམ་འཚོ་ཚོར་བ་ལ། །ཆུའམ་རྒྱལ་པོའི་ཆད་པས་འཆི། །ཚོར་བ་ལ་ནི་གང་ཞིག་བཙས། །དེ་ནི་ཉི་མ་གཉིས་སམ་བཅུ། །ཟླ་བ་བརྒྱད་དམ་ལོ་བརྒྱད་ལ། །གློ་བུར་དུ་ནི་མ་ཤི་ན། །བཟོ་ཡི་གནས་ལ་མཁས་ཤིང་འབྱོར། །སྡིག་པའི་སེམས་ལྡན་གཞན་གྱིས་བཀུར། །ཁ་གསག་གཡོ་ཡིས་ཕ་རོལ་སླུ། །ནད་བུ་ཅན་དུ་འགྱུར་བ་དང༌། །རྒྱལ་པོའི་ཆད་པས་འཇིགས་པ་སྟེ། །ཆུང་མ་གཉིས་ལྡན་འཁྲིག་ལ་སྲེད། །སུམ་ཅུའམ་ལྔ་བཅུའམ་དྲུག་ཅུ་ལ། །འཆི་འགྱུར་སྲེད་པའི་ཉི་མ་ལའོ།། །།སྲེད་པ་ལ་ནི་གང་བཙས་པ། །ཉི་མ་བཅུ་དང་ཟླ་བ་གསུམ། །ལྔའམ་ཡང་ན་ལོ་དགུ་ན། །སྲོག་ནི་འགགས་པར་མ་གྱུར་ན། །གཟུགས་བཟང་འབྱོར་ཞིང་གྲགས་པས་མཛེས། །ཚུལ་ཁྲིམས་རྣམ་དག་ཆོས་དང་ལྡན། །ཡང་ན་དེ་ནི་གཙོ་བོར་འགྱུར། །བཟོ་དང་སྒྱུ་རྩལ་ཀུན་ལ་མཁས། །སེམས་ལྷོད་བུད་མེད་གཅིག་དང་ལྡན། །བུ་དང་ཚ་བོ་མང་འགྱུར་ཞིང༌། །ནད་དཀོན་ཀུན་ལ་སྙན་ཚིག་སྨྲ། །དགྲ་མང་གྲོགས་ཀྱང་མང་བ་སྟེ། །བརྒྱད་ཅུ་བཞིའམ་དྲུག་ཅུར་འཚོ། །ལེན་པའི་ཉི་མར་དེ་འཆིའོ། །ལེན་པ་ལ་བཙས་ཉི་མ་དགུ། །ཟླ་བ་གཉིས་སམ་དེ་བཞིན་བརྒྱད། །ལོ་དགུ་དག་ལ་མ་ཤི་ན། །གཟུགས་ངན་དྲག་ཤུལ་ཆེ་བ་དང༌། །ཅུང་ཟད་ཙམ་གྱིས་དགའ་མགུ་བྱེད། །སེམས་དྲང་རྒྱུན་དུ་སེམས་ཁྲལ་ཅན། །ཚུལ་ཁྲིམས་འཆལ་ཞིང་འདོད་ལ་སྲེད། །དེ་ནི་གཞན་གྱི་ཡུལ་ན་གཙོ། །མང་དུ་སྨྲ་ཞིང་ཕ་རོལ་སླུ། །དྲུག་ཅུ་རྩ་བཞིར་འཚོ་བ་སྟེ། །མཛེའམ་ཡང་ན་ཆུ་ཡིས་ནི། །རང་གི་ཡུལ་དུ་འཆི་བར་འགྱུར། །སྲིད་པ་ཡི་ནི་ཉི་མ་ལའོ། །སྲིད་པའི་ཉི་མར་བཙས་གྱུར་པ། །ཉི་མ་དགུ་དང་ཟླ་བ་དགུ། །ལོ་དགུ་དག་ལ་གཤིན་རྗེ་ཡི། །གདོན་ལས་གལ་ཏེ་ཐར་གྱུར་ན། །བརྩོན་ལྡན་སྒེག་ཅིང་དཔའ་བ་དང༌། །འབྱོར་ཞིང་དོན་མང་ཚོང་གིས་འཚོ། །གཞན་གྱི་ཆུང་མ་ལ་སྲེད་ཅིང༌། །སེམས་གདུག་རྙེད་ཆུང་དམག་དཔོན་འགྱུར། །བཟོ་གནས་ལ་མཁས་གཟི་བརྗིད་ཅན། །ཆུང་མ་གཉིས་ལྡན་དྲུག་ཅུར་འཚོ། །སྐྱེ་བའི་ཉི་མར་འཆི་འགྱུར་ཏེ། །མཚོན་ནམ་སྲོག་ཆགས་གདུག་པས་སོ། །སྐྱེ་བའི་ཉི་མར་གང་བཙས་པ། །ཉི་མ་དགུ་དང་ཟླ་བ་དགུ། །ལོ་དགུ་ལ་ནི་གློ་བུར་དུ། །གལ་ཏེ་ཤི་བར་མ་གྱུར་ན། །དབུལ་ཞིང་ཆོས་ནི་སྤྱོད་པ་དང༌། །ཡུལ་འཁོར་ལས་ནི་མི་བསྐྱོད་ཅིང༌། །གཞན་གྱིས་མཆོད་པའི་གནས་སུ་འགྱུར། །བདེན་པར་སྨྲ་ཞིང་སྙན་པར་བརྗོད། །བཟོ་དང་སྒྱུ་རྩལ་ལས་ལ་མཁས། །ཆུང་མ་གཅིག་ལྡན་གཉེན་ལ་བྱམས། །བདུན་ཅུར་འཚོ་ཞིང་རྒ་ཤི་ལ། །ཆུ་ཡི་གནོད་པས་འཆི་བར་འགྱུར། །རྒ་ཤི་ལ་ནི་བཙས་གྱུར་པ། །ཉི་མ་གཉིས་དང་ཟླ་བ་བདུན། །ལོ་དགུ་དག་ལ་མ་ཤི་ན། །ཡིད་གཞུངས་གཉེན་འདུན་རྣམས་ལ་བྱམས། །གདུག་ཅིང་སྡིག་པའི་ལས་ལ་དགའ། །བྱིས་པའི་ཚེ་ན་ནད་དང་ལྡན། །ཕྱི་ནས་ནད་བྱང་དགྲ་ཉུང་ཞིང༌། །དྲུག་ཅུ་རྩ་བཞིར་འཚོ་བ་སྟེ། །ལུས་ཀྱི་ཡན་ལག་སྨས་ནས་ཀྱང༌། །མ་རིག་པ་ཡི་ཉི་མ་ལ། །འཆི་བདག་དང་ནི་ཕྲད་པར་འགྱུར། །སྐྱེ་བ་བརྟག་པའོ།། །།མ་རིག་པ་ཡི་ཉི་མ་ལ། །གཏོང་དང་མཆོད་སྦྱིན་ཞིང་ཁང་བརྩམས། །མགོ་ལུས་བཀྲུས་ན་བཀྲ་ཤིས་ཤིང༌། །གོས་གོན་ཕན་ཐོགས་མི་འགྱུར་རོ། །འདུ་བྱེད་རིག་བསླབ་མདའ་གཞུ་བཟུང༌། །རང་གི་ལས་བྱ་བག་མ་བླང༌། །དགྲ་གཞོམ་ཁང་པ་བརྩིག་པར་བྱ། །ལུས་བཀྲུས་ཡིད་འོང་གོས་རྙེད་འགྱུར། །མགོ་བཀྲུས་གོས་གསར་བགོས་གྱུར་ན། །ནད་དང་སྐྲག་སྔངས་འབྱུང་བར་འགྱུར། །སྦྱིན་པ་གཏང་བར་མི་བྱའོ། །རྣམ་ཤེས་རྒྱལ་པོར་དབང་བསྐུར་ཞིང༌། །དམག་བསྡུ་དགྲ་འདུལ་གྲོང་ལས་བྱ། །མགོ་བོ་བཀྲུས་ན་ཡིད་འོང་ཞིང༌། །ལུས་ཀུན་བཀྲུས་ན་སྐྲག་སྔངས་འབྱུང༌། །གོས་གསར་བགོས་ན་མཛེས་པར་འགྱུར། །མིང་གཟུགས་འཇིགས་ལས་གྲོལ་བ་དང༌། །ཞི་བའི་ལས་བྱ་ཤིས་པ་བརྗོད། །བླ་མ་བསྟེན་པར་བྱ་བ་དང༌། །སྐྲ་དང་ཁ་སྤུ་སེན་མོ་བྲེག །ལམ་དུ་ཞུགས་ན་བདེ་བར་རྒྱུ། །མགོ་བོ་བཀྲུས་ན་སྐྲ་དཀར་འབྱུང༌། །ལུས་བཀྲུས་སྐྲག་སྔངས་འབྱུང་བ་སྟེ། །གོས་བགོས་མྱུར་དུ་འཛད་པར་འགྱུར། །སྐྱེ་མཆེད་དྲུག་ལ་དབང་བསྐུར་དང༌། །གཙོ་བོར་གནས་དང་ཡུལ་གཟུང་དང༌། །གཏར་སྦ་གྲོང་འཇུག་བརྟན་ལས་འགྲུབ། །ལུས་ཀུན་བཀྲུས་ན་ཕ་མ་སྐྲག །མགོ་བཀྲུས་གོས་གོན་མཛེས་པར་འགྱུར། །རེག་པ་ལ་ནི་རྐུ་བ་དང༌། །མཐུ་དང་སྲོག་གཅོད་ལ་སོགས་པ། །དྲག་ཅིང་རྩུབ་པའི་ལས་རྣམས་འགྲུབ། །མགོ་བོ་བཀྲུས་ན་རྩོད་པ་འབྱུང༌། །ལུས་པོ་བཀྲུ་བར་མི་བྱའོ། །གོས་བགོས་མཛའ་བོའི་ཁྲག་མཐོང་ཞིང༌། །ཡུན་རིང་གནས་པར་མི་འགྱུར་བས། །བགོ་བར་མི་བྱ་གྱོན་འདོད་ན། །དགེ་སློང་ལ་ནི་བཏུད་དེ་བགོ །ཚོར་བར་མཛའ་བོ་ཡིད་འོང་དང༌། །བྲན་དང་ནོར་བསྡུ་བག་མ་བླང༌། །ཚོང་བྱ་ཆུ་བོ་དག་ལས་བསྒྲལ། །མགོ་བཀྲུས་སྐྲ་འབྱི་སྐྲག་སྔངས་འབྱུང༌། །ལུས་ཀུན་བཀྲུས་ན་ཡིད་མི་བདེ། །གྲོགས་པོའི་མདུན་དུ་གོས་བགོས་ན། །ཡིད་ལ་འདོད་པ་འགྲུབ་པར་འགྱུར། །སྲེད་པར་ནོར་རྫས་བསྡུ་བར་བྱ། །ས་བོན་བཏབ་ན་འབྲུ་རྣམས་འཕེལ། །མགོ་བོ་བཀྲུས་ན་སྐྲ་འབྱི་ཞིང༌། །ལུས་པོ་བཀྲུས་ན་སྐྲག་སྔངས་འབྱུང༌། །དེ་ཡི་མཚན་མོ་གོས་གོན་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ལེན་པའི་ཉི་མར་ནོར་བསྡུ་ཞིང༌། །ཞི་བའི་ལས་བྱ་བག་མ་བླང༌། །སློབ་དཔོན་དུ་ནི་གནས་པ་དང༌། །སྨན་སྦྱར་ཕོ་ཉ་བཏང་བ་དང༌། །སྐྲ་དང་ཁ་སྤུ་སེན་མོ་བྲེག །མགོ་བཀྲུས་འབྱོར་ཞིང་སྐྲ་བཟང་འགྱུར། །ལུས་བཀྲུས་ནོར་རྙེད་དཔལ་དང་ལྡན། །གོས་གོན་ཕན་ཐོགས་མི་འགྱུར་རོ། །སྲིད་པར་ལྷ་ཡི་རྣལ་འབྱོར་དང༌། །སྔགས་འགྲུབ་མཛའ་བོ་བསྡུ་བར་བྱ། །གཞན་ཡང་དགེ་བའི་ལས་རྣམས་འགྲུབ། །རྩོད་སྤང་མགོ་བཀྲུས་བཟའ་བ་རྙེད། །ལུས་བཀྲུས་མཛེས་ཞིང་མཚན་མོའི་ཚེ། །རྒན་ལ་བཏུད་ནས་གོས་གྱོན་ཤིས། །སྐྱེ་བར་ཁྱིམ་དང་གཙོ་བོའི་ལས། །འགྲུབ་འགྱུར་མགོ་བཀྲུས་བཀུར་སྟི་ཐོབ། །ལུས་བཀྲུས་ཡིད་དགའ་གོས་གྱོན་ན། །ཡུན་རིང་གནས་ཤིང་ཕན་ཐོགས་འགྱུར། །རྒ་ཤིར་ནོར་བསྡུ་མཆོད་སྦྱིན་བྱ། །རྩོད་སྤང་མགོ་བཀྲུས་བདེ་བར་འགྱུར། །ལུས་བཀྲུས་ནད་དང་གོད་རླག་འབྱུང༌། །གོས་བགོས་ཡུན་རིང་མི་གནས་སོ། །ལས་བརྟག་པའོ།། །།མ་རིག་པ་ལ་ཤར་དུ་ཤིས། །ལྷོ་དང་ནུབ་ཏུ་རྩོད་དང་འཕྲད། །དོན་དུ་གཉེར་བ་འགྲུབ་མི་འགྱུར། །བྱང་དུ་སྙན་པའི་ཚིག་ཐོས་སོ། །འདུ་བྱེད་ཤར་དུ་ནོར་རྙེད་ལྡོག །ལྷོར་སོང་མྱ་ངན་ཞི་ཞིང་བདེ། །ནུབ་ཏུ་ཟས་འཐོབ་བཙལ་བ་རྙེད། །བྱང་དུ་དོན་གྲུབ་བདེ་བར་ལྡོག །རྣམ་ཤེས་ཤར་དུ་ཉོན་མོངས་ཤིང༌། །ལྷོར་སོང་ཉེ་ཞོ་མེད་པར་ལྡོག །ནུབ་ཏུ་རྩོད་ཕྲད་བྱང་ཕྱོགས་སུ། །ནོར་རྙེད་མིང་གཟུགས་ཉི་མ་ལ། །ལྷོ་དང་ཤར་དུ་བསམ་པ་རྫོགས། །ནུབ་དང་བྱང་དུ་དོན་མི་འགྲུབ། །སྐྱེ་མཆེད་ཤར་དུ་ནོར་རྙེད་འགྱུར། །ལྷོར་སོང་དོན་གྲུབ་བདེ་བར་ལྡོག །ནུབ་དང་བྱང་དུ་རེ་བ་རྫོགས། །རེག་པར་ཤར་དུ་ནད་ཀྱིས་ཐེབས། །ལྷོར་མཛེས་ནུབ་ཏུ་ཅ་ཅོ་འབྱུང༌། །བྱང་དུ་ནོར་རྙེད་འགོར་བར་འགྱུར། །ཚོར་བར་ཤར་དུ་སེམས་བདེ་ཞིང༌། །མྱ་ངན་དང་ནི་བྲལ་བར་འགྱུར། །ལྷོ་རུ་ནད་འབྱུང་རྩོད་དང་འཕྲད། །ནུབ་ཏུ་ཤི་བའི་གཏམ་ཐོས་ཤིང༌། །བྱང་དུ་སྙན་པའི་ཚིག་ཐོས་འགྱུར། །སྲེད་པར་ཤར་དུ་བགོ་བ་རྙེད། །ལྷོ་རུ་སོང་ན་ནོར་རྙེད་ཅིང༌། །མྱ་ངན་ཕྲན་ཚེགས་འབྱུང་བར་འགྱུར། །ནུབ་ཏུ་ཤི་བའི་གཏམ་ཐོས་ལ། །བྱང་དུ་སོང་ན་བདེ་བར་ལྡོག །ལེན་པར་ཤར་དུ་སྐྲག་པར་འགྱུར། །ལྷོར་མཛེས་ནུབ་ཏུ་འཇིགས་པ་འབྱུང༌། །བྱང་དུ་བསམ་རྫོགས་བདེ་བར་ལྡོག །སྲིད་པའི་ཉི་མར་ཤར་དུ་སོང༌། །འཇིག་ཤིང་ཀུན་ནས་ཉོན་མོངས་འགྱུར། །ལྷོ་དང་ནུབ་དང་བྱང་ཕྱོགས་སུ། །འདོད་པའི་དོན་གྲུབ་བདེ་བར་ལྡོག །སྐྱེ་བར་ཤར་དུ་ནོར་རྙེད་མོད། །དེ་ནི་བརླག་པར་འགྱུར་བ་ཡིན། །ལྷོར་སོང་མཛེས་ཤིང་གཏམ་སྙན་ཐོས། །ནུབ་ཏུ་ཉེ་ཞོ་མེད་པར་ལྡོག །བྱང་དུ་ནོར་རྙེད་རྒ་ཤི་ལ། །ཤར་དུ་སོང་ན་མྱུར་དུ་ལྡོག །ལྷོ་རུ་སྙན་པའི་ཚིག་ཐོས་སོ། །ནུབ་ཏུ་སྐྲག་སྔངས་འབྱུང་བར་འགྱུར། །བྱང་དུ་སོང་ན་བདེ་བར་འགྱུར། །ཕྱོགས་བརྟག་པའོ།། །།མ་རིག་པ་ཡི་ཉི་མ་ལ། །གལ་ཏེ་ནོར་ནི་སྟོར་གྱུར་ན། །རྐུན་མ་བྱང་ཕྱོགས་ནས་འོངས་པ། །སྐྲ་ངན་ཞིག་གིས་ཁྱེར་གྱུར་ནས། །གྲོང་ཁྱེར་ཤར་ཕྱོགས་མི་རིང་བར། །གནས་ཏེ་ཉི་མ་དགུ་ན་རྙེད། །འདུ་བྱེད་ལ་ནི་རྐུན་མ་དེ། །ཤར་ཕྱོགས་ནས་འོངས་སེར་སྐྱའི་མདོག །རྟག་ཏུ་ཆོམ་པོ་ལ་དགའ་ཞིང༌། །གོས་ངན་གོན་པས་ཤར་ཕྱོགས་སུ། །ཁྱེར་ཏེ་ཤེར་ན་དེས་གཏོད་འགྱུར། །རྣམ་ཤེས་ལ་ནི་རྐུན་མ་དེ། །རང་གི་ཁྱིམ་གནས་སེར་སྐྱའི་མདོག །གདོང་གི་དབྱིབས་ཆུང་དེས་ཁྱེར་ཏེ། །ཁས་མི་ལེན་ཡང་རྙེད་པར་འགྱུར། །མིང་གཟུགས་རྐུན་མ་སྤུན་གཉིས་པ། །གཅིག་ནི་སྐྲ་གནག་གཞན་སྐྲ་དཀར། །བཞིན་མི་སྡུག་ཅིང་བཟོ་ཤེས་པ། །དེས་ཁྱེར་ཉི་ཤུ་གཅིག་ན་རྙེད། །སྐྱེ་མཆེད་དྲུག་ལ་ཁྱིམ་མཚེས་མི། །ཁ་དོག་སེར་སྐྱ་མིག་ཆེ་ཞིང༌། །གསུས་པ་ཆེ་བ་དེས་ཁྱེར་ཏེ། །ཆུ་འགྲམ་གྲོང་ལ་བརྟེན་པ་ཡི། །ནད་པ་ཅིག་ལ་བཅོལ་ནས་གནས། །ཞག་གཉིས་དག་ལ་མ་ཁུགས་ན། །ཕྱིས་ནི་རྙེད་པར་མི་འགྱུར་རོ། །རེག་ལ་རང་གི་ཁྱིམ་མཚེས་ཏེ། །རྟག་ཏུ་འོང་ཞིང་མང་དུ་སྨྲ། །སྐྲ་ནག་ཚོ་ཞིང་སྤོབས་པ་ཆེ། །མི་བཞི་དང་ནི་འགྲོགས་ནས་བརྐུས། །གླེངས་ན་བསྙོན་ཞིང་ཡུན་རིངས་ན། །རྩོད་པས་གཞན་ལ་སྐྲག་ནས་གཏོད། །ཚོར་བའི་ཉི་མར་རྐུན་མ་ནི། །གཅིག་པུ་ཐག་རིང་ནས་འོངས་པ། །ཁྲ་བོའི་ཁྱི་ནི་རྗེས་འབྲང་བ། །དེས་བརྐུས་ཉི་ཤུ་གཅིག་ན་གཏོད། །སྲེད་པ་ཡི་ནི་ཉི་མ་ལ། །ནུབ་ཕྱོགས་ནས་འོངས་ཕོངས་པ་སྟེ། །དེས་བརྐུས་ཁྱི་ནག་ཡོད་པ་ཡི། །མི་ཞིག་ལ་ནི་གཏམས་གྱུར་ཏེ། །དེ་དང་རྐུན་མ་དེ་འཐབས་ནས། །མི་དེས་བདག་ལ་གཏོད་པར་འགྱུར། །ལེན་པར་ཤར་ནས་འོངས་པའི་མི། །གཉིས་ཀྱིས་བརྐུས་ནས་ནུབ་ཏུ་སོང༌། །ནོར་གྱི་དོན་དུ་བརྩད་གྱུར་ནས། །གཅིག་གིས་བདག་ལ་ནོར་གཏོད་དོ། །སྲིད་པའི་ཉི་མར་རྐུན་མ་དེ། །ཤར་གྱི་ཕྱོགས་ནས་འོངས་པ་སྟེ། །གཡེར་བག་དང་ལྡན་ཤིན་ཏུ་སྒྲིན། །དེས་བརྐུས་ཡུན་རིང་ལོན་པ་ན། །མི་ཞིག་འཁུས་ནས་རྙེད་པར་འགྱུར། །སྐྱེ་བ་ལ་ནི་རྐུན་མ་གསུམ། །ཕྱི་མི་གཉིས་དང་ནང་མི་གཅིག །དེ་ལ་དལ་བུས་ཤེར་ན་ནི། །ཡུན་རིང་ཞིག་ན་གཏོད་པར་འགྱུར། །རྒ་ཤི་ལ་ནི་ནོར་སྟོར་ན། །བྱང་ཕྱོགས་ནས་འོངས་ལུས་རིང་ཞིང༌། །སྐད་འཛེར་སོ་ཆག་སྐྲ་དཀར་ཅན། །མ་མཆུ་འཕྱང་བ་ཅིག་གིས་བརྐུས། །ཉི་མ་ཉི་ཤུ་ལྔ་ལ་རྙེད། །རྐུན་མ་བརྟག་པའོ།། །།མ་རིག་པ་ཡི་ཉི་མ་ལ། །གལ་ཏེ་ནད་ཀྱི་ཐེབས་གྱུར་ན། །ཤིན་ཏུ་བག་བྱ་ཟླ་ཕྱེད་ལ། །མ་ཤི་ན་ནི་གསུམ་ན་འཚོ། །འདུ་བྱེད་བདུན་ལ་མ་ཤི་ན། །དེ་ནས་ཉི་མ་གསུམ་ན་འཚོ། །རྣམ་ཤེས་ཉི་མ་གསུམ་དང་ལྔ། །དེ་བཞིན་བརྒྱད་ལ་མ་ཤི་ན། །དེ་རྗེས་ཞག་བདུན་དག་ལ་འཚོ། །མིང་གཟུགས་ལྔའམ་གསུམ་ལས་ཐར། །བདུན་ལ་ངེས་འཚོ་སྐྱེ་མཆེད་ལ། །གསུམ་མམ་བཞི་ལ་མ་ཤི་ན། །བཅུ་ལ་ནད་ལས་ཐར་བར་འགྱུར། །རེག་པར་གསུམ་ལ་མ་འགགས་ན། །བརྒྱད་ལ་འཚོ་ཞིང་སྐྱེས་བུ་དེ། །ཚེ་རིང་ནད་མེད་བདེ་བར་འགྱུར། །ཚོར་བར་ཉི་མ་དགུ་པ་ལ། །འཆི་བདག་དང་ནི་མ་ཕྲད་ན། །དེ་ནས་བཅུ་ན་ངེས་པར་འཚོ། །སྲེད་པར་བརྒྱད་ལ་མ་ཤི་ན། །བཅུ་པ་ལ་ནི་འཚོ་འགྱུར་ཏེ། །གལ་ཏེ་དེ་ལས་འདས་ན་འཆི། །ལེན་པར་ཉི་མ་བརྒྱད་པ་ལ། །ལུས་སེམས་བྲལ་བར་མ་གྱུར་ན། །བཅུ་ལ་འཚོ་ཞིང་སྲིད་པ་ལ། །གསུམ་མམ་དགུ་ལ་དེ་ཡི་སྲོག །མ་འགགས་ན་ནི་ལྔ་ལ་འཚོ། །སྐྱེ་བར་ལྔ་ལ་མ་ཤི་ན། །བཅུ་པ་ལ་འཚོ་རྒ་ཤིའི་ཚེ། །ཉི་མ་གསུམ་མམ་བདུན་པ་ལ། །གཤིན་རྗེའི་གདོན་གྱིས་མ་ཟིན་ན། །ནད་ལས་ཐར་ཞིང་བདེ་བར་འགྱུར། །ནད་བརྟག་པའོ།། །།མ་རིག་པ་ཡི་ཉི་མ་ལ། །མིག་འགུལ་ཕ་མ་སྐྲག་པར་འགྱུར། །འདུ་བྱེད་གཡོན་པས་མཛེས་འགྱུར་ཞིང༌། །གཡས་པས་བྱ་བ་ཅུང་ཟད་འགྲུབ། །རྣམ་ཤེས་གཡོན་པས་བགོ་བ་རྙེད། །གཡས་པས་རྩོད་འབྱུང་མིང་གཟུགས་ལ། །ནོར་རྙེད་སྐྱེ་མཆེད་དྲུག་ལ་ནི། །གཡོན་པས་མཛེས་ཤིང་གཡས་པ་ཡིས། །ནོར་ཉམས་རེག་པའི་ཉི་མ་ལ། །གཡོན་པས་རྩོད་འབྱུང་གཡས་ནོར་རྙེད། །ཚོར་བར་གཡོན་པས་བཟའ་བཏུང་རྙེད། །གཡས་པས་མྱ་ངན་འབྱུང་བར་འགྱུར། །སྲེད་པར་གཡོན་པས་གཉེན་འདུ་ཞིང༌། །གཡས་པས་སྟོར་བ་རྙེད་པར་འགྱུར། །ལེན་པ་ལ་ནི་བགོ་བ་རྙེད། །སྲིད་པར་རྩོད་དང་ནོར་རླག་འབྱུང༌། །སྐྱེ་བ་ལ་ནི་མགྲོན་འོང་ཞིང༌། །རྒ་ཤིར་གཡོན་པས་བགོ་བ་རྙེད། །གཡས་པས་ཕོ་ཉའམ་མཛའ་བོའམ། །གློ་བུར་བ་ནི་འདུ་བར་བསྟན། །མིག་འགུལ་བ་བརྟག་པའོ།། །།མ་རིག་པ་ཡི་ཉི་མ་ལ། །རྣ་བ་གཡས་པ་ངུ་ན་ནི། །སྡུག་པའི་བུད་མེད་འདུ་བར་བསྟན། །གཡོན་པས་བཟའ་དང་བཏུང་བ་རྙེད། །འདུ་བྱེད་གཡས་དགེ་གཡོན་ནོར་རྙེད། །རྣམ་ཤེས་ལ་ནི་དགའ་ཞིང་མཛེས། །མིང་གཟུགས་གཡས་པས་ནོར་རྙེད་ཅིང༌། །གཡོན་པས་དགྲ་ཡི་འཇིགས་པ་འབྱུང༌། །སྐྱེ་མཆེད་གཡས་སྐྲག་གཡོན་པས་རྩོད། །རེག་པར་གཡས་པས་འཇིགས་ཤིང་སྔང༌། །གཡོན་པས་མགྲོན་འོང་ཚོར་བ་ལ། །གཡས་དགེ་གཡོན་པས་ནོར་རྙེད་འགྱུར། །སྲེད་པར་གཡས་པས་མཛའ་སྡུག་གི །གཏམ་སྙན་ཐོས་ཤིང་གཡོན་པས་ནི། །ཤི་བའི་གཏམ་ཐོས་ལེན་པར་གཡས། །གཞན་ལ་ཕན་ཐོགས་གཡོན་པས་མཛེས། །སྲིད་པར་གཡས་པས་གཏམ་སྙན་ཐོས། །གཡོན་པས་མཛེས་འགྱུར་སྐྱེ་བར་གཡས། །དགའ་བར་བྱེད་པའི་གཏམ་སྙན་ཐོས། །གཡོན་པས་སྟོར་བའི་ཁུངས་འབྱུང་ངོ༌། །རྒ་ཤིའི་ཉི་མར་གཡས་པས་ནི། །ནད་དང་བྲལ་བར་འགྱུར་བ་སྟེ། །གཡོན་པས་གོས་རླག་འབྱུང་བར་འགྱུར། །རྣ་བ་ངུ་བའི་བརྟག་པའོ།། །།མ་རིག་པ་ལ་རྐན་འགུལ་ན། །མགྲོན་འོང་འདུ་བྱེད་ཉི་མ་ལ། །ཁྱིམ་གྱི་གཙོ་བོ་དག་ལ་ཤེས། །རྣམ་ཤེས་མ་རིག་པ་དང་མཚུངས། །མིང་དང་གཟུགས་ལ་གོས་རྙེད་འགྱུར། །སྐྱེ་མཆེད་ཡིད་ལ་ཟུག་རྔུ་འབྱུང༌། །རེག་པ་བདེ་བའི་ཐབས་དང་འཕྲད། །ཚོར་བར་འཇིགས་ཤིང་སྲེད་པ་ལ། །ཁྱིམ་དེར་ཉུལ་བའི་སྐྱེ་བོ་འོང༌། །ལེན་པར་འགའ་ཞིག་འཆི་བར་འགྱུར། །སྲིད་པ་ལ་ནི་མགྲོན་འོང་ཞིང༌། །སྐྱེ་བར་རྐུན་མའི་འཇིགས་དང་བཅས། །རྒ་ཤིར་གནས་དེ་རྒྱལ་བར་འགྱུར། །རྐན་འགུལ་བ་བརྟག་པའོ།། །།མ་རིག་པ་ལ་ལྟོགས་གྱུར་ན། །རྩོད་འབྱུང་འདུ་བྱེད་ནོར་རྙེད་འགྱུར། །རྣམ་ཤེས་ལ་ནི་གློ་བུར་འཇིགས། །མིང་གཟུགས་ཕ་དང་མ་ལ་བཟང༌། །སྐྱེ་མཆེད་གློ་བུར་ལས་རྩོམ་འགྱུར། །རེག་པ་ལ་ནི་ཕ་མ་སྐྲག །ཚོར་བའི་ཉི་མར་ལམ་དུ་འཇུག །སྲེད་པར་འཇིགས་པ་ཆེན་པོ་འབྱུང༌། །ལེན་པར་མགྲོན་འོང་སྲིད་པར་ཤེས། །སྐྱེ་བའི་ཉི་མར་འཇིགས་འགྱུར་ཞིང༌། །རྒ་ཤི་ལ་ནི་རྒན་རབས་དྲན། །ལྟོགས་པ་བརྟག་པའོ།། །།མ་རིག་པ་ཡི་ཉི་མ་ལ། །རྐང་པ་སྦྲིད་ན་བཀྲ་ཤིས་སོ། །འདུ་བྱེད་གཙོ་བོ་རྣམས་ལ་བཟང༌། །རྣམ་ཤེས་ལ་ནི་འདྲི་བ་འོང༌། །མིང་དང་གཟུགས་ལ་རྩོད་པ་འབྱུང༌། །སྐྱེ་མཆེད་གཙོ་བོ་ཀུན་ལ་ཤིས། །སུ་ཞིག་ཤི་བའི་གཏམ་ཐོས་འགྱུར། །རེག་དང་ཚོར་བ་སྲེད་པ་ལ། །རྩོད་པ་འབྱུང་བར་རབ་ཏུ་བསྟན། །ལེན་པར་འགའ་ཞིག་ཤི་བ་ཐོས། །སྲིད་པར་ནོར་རྙེད་སྐྱེ་བ་ལ། །ནད་དང་རྐུན་མའི་གནོད་པས་འཇིགས། །རྒ་ཤིར་མྱ་ངན་ཅུང་ཞིག་འབྱུང༌། །རྐང་པ་སྦྲིད་པ་བརྟག་པའོ།། །།མ་རིག་པ་ལ་རྐང་པའི་སྒྲས། །མགྲོན་འོང་ཡང་ན་གཏེར་དང་འཕྲད། །འདུ་བྱེད་སྟོར་བའང་རྙེད་པར་འགྱུར། །རྣམ་ཤེས་མུ་སྟེགས་སོགས་པ་ཡིས། །རྒོལ་བ་འབྱུང་ཞིང་མིང་གཟུགས་ལ། །མཛའ་བོ་འདུ་འགྱུར་སྐྱེ་མཆེད་ལ། །མགྲོན་འོང་རྗེ་བོ་བདེ་ལེགས་འགྱུར། །རེག་པར་དགེ་བའི་གཏམ་ཐོས་ཤིང༌། །ཚོར་བར་སྟོར་བའམ་ཡང་ན་རྙེད། །སྲེད་པར་ནོར་རྙེད་ལེན་པ་ལ། །སྡིག་པའི་ལས་དང་ཕྲད་པ་དང༌། །སུ་ཞིག་དེར་ནི་འཆི་བར་འགྱུར། །སྲིད་པ་ལ་ནི་འདུ་འཛིའམ། །ཡང་ན་རྐུན་པོ་འབྱུང་བར་བསྟན། །སྐྱེ་བར་གཉེན་འདུ་རྒ་ཤིས་རྩོད། །རྐང་པའི་སྒྲ་བརྟག་པ་སྟེ། ནང་བརྟག་པའོ།། །།མ་རིག་གོས་ཚིག་དོན་ཉམས་འགྱུར། །འདུ་བྱེད་མིང་གཟུགས་བདེ་ལེགས་སོ། །རྣམ་ཤེས་རྙེད་པ་ཅུང་ཟད་འཐོབ། །སྐྱེ་མཆེད་ཅ་ཅོ་འབྱུང་བ་དང༌། །ནོར་རྙེད་འགྱུར་ཞིང་རེག་པ་ལ། །གནས་དེར་སུ་ཞིག་འཆི་བར་བསྟན། །ཚོར་བས་བྱ་བ་ཅུང་ཟད་བྱེད། །སྲེད་པ་ལ་ནི་ནོར་རྙེད་པའམ། །ཡང་ན་ནད་ཀྱིས་ཐེབས་པར་འགྱུར། །ལེན་པ་ལ་ཡང་ནད་འབྱུང་ཞིང༌། །སྲེད་པའི་ཉི་མར་རབ་ཏུ་བཀྲེས། །སྐྱེ་བར་ཁྱིམ་དེ་ཤིན་ཏུ་འབྱོར། །རྒ་ཤིར་འཁྲུག་པའམ་ཅ་ཅོ་འབྱུང༌། །གོས་ཚིག་པ་བརྟག་པའོ།། །།མ་རིག་པ་ལ་གོས་ལ་སྣུམ། །ཞུགས་ན་ཤི་བའི་གཏམ་ཐོས་འགྱུར། །འདུ་བྱེད་གོས་རྙེད་རྣམ་ཤེས་ལ། །ཕ་མ་སྐྲག་འགྱུར་མིང་གཟུགས་ཀྱིས། །མྱ་ངན་རྙིང་པ་ཅུང་ཞིག་ལྡང༌། །སྐྱེ་མཆེད་དྲུག་ལ་འཇིགས་སྐྲག་འབྱུང༌། །རེག་པར་གཉེན་འདུན་བདེ་ལེགས་འགྱུར། །ཚོར་བ་ལ་ནི་ཡིད་མི་བདེ། །སྲེད་པར་དཔལ་ལྡན་ལེན་པར་ནི། །ཅིར་ཡང་འགྱུར་བ་མ་ཡིན་ནོ། །སྲིད་པར་བདེ་ལེགས་སྐྱེ་བ་ལ། །ལེགས་པ་དང་ནི་འཕྲད་པར་འགྱུར། །རྒ་ཤིས་རྩོད་ཅིང་ནོར་རྙེད་དོ། །གོས་ལ་སྣུམ་ཞུགས་པ་བརྟག་པའོ།། །།མ་རིག་པ་ལ་བྱི་བས་གོས། །ཟོས་ན་རྩོད་པའམ་སྡུག་བསྔལ་འབྱུང༌། །འདུ་བྱེད་ཁྱིམ་དེ་འབྱོར་བར་འགྱུར། །རྣམ་ཤེས་ལ་ནི་སྟོར་བ་རྙེད། །མིང་དང་གཟུགས་ལ་སྟོར་བའམ། །ཡང་ན་རྙེད་པ་ཉིད་དུ་འགྱུར། །སྐྱེ་མཆེད་དྲུག་ལ་མེའམ་ཆུར། །འགའ་ཞིག་འཆི་བར་འགྱུར་བར་སྟོན། །རེག་པར་ནོར་རྙེད་ཚོར་བ་ལ། །རྗེ་དཔོན་གྱིས་ནི་གོས་སྟེར་འགྱུར། །སྲེད་པར་སུ་ཞིག་ཤི་བ་ཐོས། །ལེན་པ་ལ་ནི་མུ་གེའམ། །ཁྱིམ་དེར་འཇིགས་པ་འབྱུང་བར་བསྟན། །སྲིད་པའི་ཉི་མར་རྐུན་པོ་འོང༌། །སྐྱེ་བ་ལ་ནི་ཕྱུག་པོར་འགྱུར། །རྒ་ཤིས་ནོར་ལ་གོད་རླག་འབྱུང༌། །གོས་བྱི་བས་ཟོས་པ་བརྟག་པའོ།། །།མ་རིག་པ་ཡི་ཉི་མ་དང༌། །ཁྱི་ངུས་གློ་བུར་མགྲོན་པོ་འོང༌། །འདུ་བྱེད་ལ་ནི་རྒྱལ་པོའི་ལས། །བྱེད་འགྱུར་རྣམ་ཤེས་ཉི་མ་ལ། །རྐུན་པོ་འབྱུང་བའམ་ནོར་རྙེད་དོ། །མིང་གཟུགས་ཤི་བའི་གཏམ་ཐོས་འགྱུར། །སྐྱེ་མཆེད་དྲུག་ལ་ཅ་ཅོ་འབྱུང༌། །རེག་པའི་ཉི་མར་རྐུན་པོ་འོང༌། །ཚོར་བ་སྲེད་པ་ལེན་པ་ལ། །རྩོད་པ་འབྱུང་ཞིང་སྲིད་པར་ནི། །ཁྱིམ་གྱི་ལྷ་ནི་ཁྲོས་པར་བསྟན། །སྐྱེ་བར་གནས་དེར་བདེ་ལེགས་འགྱུར། །རྒ་ཤིའི་ཉི་མར་མགྲོན་འོང་ཞིང༌། །བྱ་བ་ཅུང་ཟད་འགྲུབ་འགྱུར་རོ། །ཁྱི་ངུ་བ་བརྟག་པའོ།། །།མ་རིག་པ་ཡི་ཉི་མ་ལ། །བྱ་རོག་སྒྲ་ཡིས་རིགས་མཐོན་པོའི། །ཁ་སྨྲས་འོང་ཞིང་འདུ་བྱེད་ལ། །སྙན་པ་ཐོས་པའམ་རང་གི་ཁྲག །མཐོང་འགྱུར་རྣམ་ཤེས་ཅ་ཅོ་འབྱུང༌། །མིང་གཟུགས་ལ་ནི་གྲོགས་དང་འཕྲད། །སྐྱེ་མཆེད་དྲུག་དང་ཚོར་བ་ལ། །མགྲོན་འོང་རེག་པའི་ཉི་མ་ལ། །གློ་བུར་སྐྲག་སྔངས་འབྱུང་བར་འགྱུར། །སྲེད་པར་བུ་ཚ་བཙས་པ་ཡི། །སྙན་པའི་གཏམ་ཐོས་ལེན་པར་ནི། །གཉེན་འདུན་འཆི་བ་ཉིད་དུ་འགྱུར། །སྲིད་པར་ནོར་རྙེད་སྐྱེ་བ་ལ། །ལུང་མ་བསྟན་དུ་ཤེས་པར་བྱ། །རྒ་ཤི་ལ་ནི་ཅ་ཅོ་འབྱུང༌། །བྱ་རོག་གི་སྒྲ་བརྟག་པའོ།། །།མ་རིག་པ་ལ་ས་གཡོས་ན། །རྒྱལ་པོའི་ལུང་འབྱུང་འདུ་བྱེད་ལ། །མུ་གེའམ་འཐབ་རྩོད་འབྱུང་བར་འགྱུར། །རྣམ་ཤེས་རྩོད་འབྱུང་ནོར་ཡང་རྙེད། །མིང་གཟུགས་ཆོམ་རྐུན་ཞི་བར་འགྱུར། །སྐྱེ་མཆེད་རྒན་རབས་རྣམས་ལ་ངན། །རེག་པར་རྩོད་འབྱུང་ཚོར་བ་ལ། །གཞན་གྱི་ཕོ་ཉ་འབྱུང་བར་འགྱུར། །སྲིད་པ་ཡི་ནི་ཉི་མ་ལ། །ཤར་དུ་ས་གཡོས་སྒྲ་འབྱུང་ཞིང༌། །ལྷོར་གཡོས་མགྲོན་པོ་འོང་བར་བསྟན། །ནུབ་ཏུ་གཡོས་པས་ཡམས་ནད་འབྱུང༌། །བྱང་དུ་གཡོས་པས་ནོར་རྙེད་པའམ། །ཕོ་ཉ་འོང་བར་བསྟན་པ་ཡིན། །ལེན་པར་དམག་གི་འཇིག་པ་འབྱུང༌། །སྲིད་པར་ལོ་ཏོག་ཕུན་སུམ་ཚོགས། །སྐྱེ་བར་དམག་གི་འཇིག་པ་འབྱུང༌། །རྒ་ཤིས་མི་མཐུན་ཕྱོགས་ལ་གནོད། །ས་གཡོས་པ་བརྟག་པ་སྟེ། ཕྱི་རོལ་བརྟག་པའོ།། །།གཙོ་བོ་ཉིད་ལ་རེག་པ་ནི། །བདེ་བ་དག་གི་འབྱུང་གནས་ཡིན། །མ་རིག་པ་ལ་གང་རེག་པ། །དོན་རྣམས་འགྲུབ་པར་ངེས་པར་བསྟན། །ནོར་དང་འབྲུ་དང་བུ་དང་ཕྱུགས། །གཉེན་དང་མཛའ་བཤེས་ཡིད་འོང་རྣམས། །དུས་ནི་རིང་པོར་མི་ཐོགས་པར། །འདིར་འཕྲད་འགྱུར་ལ་ཐེ་ཚོམ་མེད། །འདུ་བྱེད་ལ་ནི་རེག་ཙམ་གྱིས། །ལམ་དུ་འཇུག་པར་འགྱུར་བ་དང༌། །ཁ་ཟས་སེམས་དང་བུ་དང་ནི། །ལམ་ཕྱར་སེམས་ལས་འདུ་བར་བསྟན། །རྣམ་ཤེས་བྱ་བ་མི་གཡོ་བ། །བསྙེན་བཀུར་གྲོགས་ནི་འདུ་བ་དང༌། །ཡིད་མི་བདེ་བ་ཞི་བ་དང༌། །བྱ་བ་འགྲུབ་པར་ངེས་པར་བསྟན། །མིང་གཟུགས་ཡིད་ནི་མི་བདེ་ཞིང༌། །འཇིགས་པ་ཀུན་ཏུ་འབྱུང་བ་དང༌། །རྟག་ཏུ་བྱ་བ་ཉམས་པ་དང༌། །རང་གི་གཉེན་དང་འབྲལ་བར་འགྱུར། །སྐྱེ་མཆེད་དྲུག་གིས་གྲོགས་རྣམས་དང༌། །ཕན་ཚུན་སྐྱེས་ཀྱིས་འདྲུལ་འགྱུར་ཞིང༌། །ཡིད་འོང་ཚིག་ནི་སྒྲོགས་པར་བྱེད། །བུ་ནི་སྐྱེ་འགྱུར་ངེས་པར་སྟོན། །རེག་པས་ཀུན་ནས་ཉོན་མོངས་ཤིང༌། །ཅ་ཅོ་རྐུན་མའི་འཇིགས་པ་འབྱུང༌། །བཀྲ་མི་ཤིས་དང་དེ་བཞིན་ནད། །རང་གི་གཉེན་དང་མི་མཐུན་འགྱུར། །ཚོར་བས་བཟའ་དང་བཏུང་ལ་སོགས། །གོས་དང་རྒྱན་དང་འཕྲད་འགྱུར་ཞིང༌། །ནོར་སྟོར་བ་ནི་རྙེད་པ་དང༌། །སྡུག་པའི་བུད་མེད་འདུ་བར་བསྟན། །སྲེད་པ་ལ་ནི་སེམས་བྲལ་ཆེ། །བསམ་པ་ཐམས་ཅད་འབྲས་བུ་མེད། །དེ་ཡི་ཡིད་ལ་གང་འདོད་པ། །དེ་དག་འགྲུབ་པར་མི་འགྱུར་རོ། །ལེན་པ་ལ་ནི་སྐལ་བཟང་ཞིང༌། །ཞི་སྲུང་པ་དག་རབ་ཏུ་སྟོན། །མལ་སྟན་དང་ནི་ཁྱིམ་ལ་སོགས། །ནོར་རྣམས་ངེས་པར་རྙེད་པར་འགྱུར། །སྲིད་པར་རེག་པས་ཉོན་མོངས་ཤིང༌། །རྒྱལ་པོའི་ཆད་པས་འཇིགས་པ་འབྱུང༌། །གནས་ལས་ཉམས་དང་མྱ་ངན་དང༌། །རིགས་ནི་ཉམས་འགྱུར་ངེས་པར་བསྟན། །སྐྱེ་བར་རེག་པས་ལོངས་སྤྱོད་དང༌། །ནོར་རྣམས་ཐམས་ཅད་རྙེད་པར་འགྱུར། །གྲོགས་རྣམས་ཀྱིས་ནི་མཆོད་པ་དང༌། །ཀུན་གྱིས་རབ་ཏུ་བསྔགས་པར་འགྱུར། །རྒ་ཤི་ཐམས་ཅད་དོན་མེད་དེ། །ཀུན་ཏུ་ཆགས་བྲལ་སྙིང་པོ་ཅན། །སོག་སྦུར་བཞིན་དུ་འབྲས་མེད་པར། །བསམ་པའི་ལས་རྣམས་སྟོན་པར་བྱེད། །ཡན་ལག་བཅུ་གཉིས་འཁོར་ལོ་ལ། །མ་རིག་ལ་སོགས་མཚན་མ་བྲི། །འདྲི་པོས་གང་དང་གང་དུ་རེག །དེ་དང་དེ་ནི་ངེས་བསྟན་བྱ། །མཚན་མ་བརྟག་པའོ།། །།མ་རིག་པ་ལ་རང་དོན་དུ། །འདུ་བྱེད་ལ་ནི་ཁྱིམ་གྱིའོ། །རྣམ་ཤེས་གཉེན་གྱི་དོན་དུ་སྟེ། །མིང་གཟུགས་ཀྱིས་ནི་རྩ་ལག་གི །སྐྱེ་མཆེད་དྲུག་གིས་མཛའ་བཤེས་ཀྱི། །རེག་པས་དགྲ་བོ་ཚོར་བ་ཡིས། །བུད་མེད་དང་ནི་འདུ་བའི་དོན། །སྲེད་པས་མི་ཆོས་ལེན་པས་ཆོས། །སྲིད་པས་བྱ་བ་ཆེན་པོའི་དོན། །སྐྱེ་བས་ནོར་གྱི་དོན་དུའོ། །རྒ་ཤིས་རྫས་ཀྱི་ཆེད་ཀའོ། །འདི་དག་སེམས་པ་བརྟག་པ་ཡིན། །བློ་གྲོས་རྒྱ་མཚོ་རབ་ཟབ་པར། །བརྩོན་པའི་ཀླུ་དབང་གིས་བསྒྲུབས་པའི། །བསྟན་བཅོས་རིན་ཆེན་སྒྲོན་མ་འདིས། །བློ་ཡི་མུན་པ་སེལ་བར་བྱེད། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །ཡན་ལག་བཅུ་གཉིས་གཙུག་ལག་གི །དེ་ཉིད་ཇི་བཞིན་མདོར་བསྡུས་པ། །འདི་ནི་བདག་གིས་ལེགས་པར་བསྡེབས། །དེ་ལས་བྱུང་བའི་དགེ་བ་ནི། །དྲི་མེད་རབ་ཏུ་དཀར་བ་དེས། །འགྲོ་བ་མ་ལུས་འཕགས་པ་ཡི། །སྤྱན་ལྔ་དང་ནི་ལྡན་པར་ཤོག། །།རྟེན་ཅིང་འབྲེལ་བར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད། ཉུང་ངུས་བདེ་བླག་ཏུ་རྟོགས་པར་བྱེད་པ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། ཤཱཀྱའི་དགེ་ཚུལ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply