རྒྱལ་བུ་ཇིམ་གྱིམ་གྱིས་ཆོས་འཁོར་བསྐོར་བའི་རྩིས།

༼བ༽

༄༅། །རྒྱལ་བུ་ཇིམ་གྱིམ་གྱིས་ཆོས་འཁོར་བསྐོར་བའི་རྩིས་བཞུགས།།

༄༅། །སངས་རྒྱས་བལྟམས་པ་ལ་སོགས་པའི་དུས་ནི། འདུལ་བ་གཞུང་དམ་པ་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གསོལ་བ། བཅོམ་ལྡན་འདས་ཟླ་བ་གང་ལ་བལྟམས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔྱིད་ཟླ་ཐ་ཆུངས་ལའོ། །མགོན་མེད་ཟས་སྦྱིན་གྱིས་གསོལ་བ། བཅོམ་ལྡན་འདས་ཀྱིས་ཟླ་བ་གང་ལ་བླ་ན་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔྱིད་ཟླ་ཐ་ཆུངས་ལའོ། །ཞེས་པ་དང༌། འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས། འདྲེན་པ་ཁྱོད་ནི་རྒྱལ་ལ་བལྟམས། །མཚན་མཆོག་སུམ་ཅུ་གཉིས་ཀྱང་གདབ། །ཅེས་འབྱུང་བས་དཔྱིད་ཟླ་ཐ་ཆུངས་ས་གའི་ཟླ་བའི་ཚེས་བརྒྱད་ཀྱི་སྔ་དྲོ་ལ་བལྟམས་སོ། །ཡང་འདུལ་བ་ལུང་ལས། ཚེས་བཅོ་ལྔའི་མཚན་མོ་ཟླ་བ་སྒྲ་གཅན་གྱིས་ཟིན་པའི་ཚེ། སེར་སྐྱའི་གནས་སུ་སྲས་སྒྲ་གཅན་འཛིན་བལྟམས་ལ། དེའི་ཚེ་རྡོ་རྗེའི་གདན་དུ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་འབྱུང་བས་ས་གའི་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་སོ། །འཕགས་པ་མྱ་ངན་ལས་འདས་པའི་མདོ་ལས། དཔྱིད་ཟླ་ཐ་ཆུངས་ཉའི་ནང་པར་སངས་རྒྱས། མྱ་ངན་ལས་འདས་པའི་དུས་དང་ཉེ་བར་གྱུར་པ་ཞེས་བྱ་བ་དང༌། འདུལ་བ་ལུང་ལས། དགེ་སློང་དག་དོ་ནུབ་ནམ་གྱི་གུང་ཐུན་ལ། བཅོམ་ལྡན་འདས་དགོངས་པ་ཡོངས་སུ་མྱ་ངན་ལས་འདའོ། །ཞེས་འབྱུང་བས་སོ། །དཔྱིད་ཟླ་ཐ་ཆུངས་ཀྱི་ཟླ་བའི་ཚེས་བཅོ་ལྔའི་མཚན་མོ་མྱ་ངན་ལས་འདས་སོ། །དེ་ནས་དེ་ལོ་སུམ་སྟོང་བཞི་བརྒྱ་བཅུ་ཐམ་པ་སོང་ནས། མེ་མོ་གླང་གི་ལོ་ལ་རྒྱལ་བུ་ཇིམ་གྱིམ་གྱིས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོར་བསྐོར་རོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*