༼བ༽
༄༅། །ཇི་བིག་དེ་མུར་གྱིས་ཕལ་ཆེན་གསེར་འོད་སྟོང་ཕྲག་བརྒྱ་པ་རྣམས་བཞེངས་པའི་མཚོན་བྱེད་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ཐུགས་ནི་ཀུན་ནས་རྣམ་དག་ཅིང༌། །མཁྱེན་པས་མཁྱེན་པར་བྱ་བ་ཀུན་མཁྱེན་པ། །བླ་མེད་བླ་མའི་ཞབས་ཀྱི་པདྨ་ནི། །གཙུག་གིས་གཙུག་གི་ནོར་བཞིན་བཀུར་བར་བགྱི། །དགེ་བས་དགེ་བའི་འབྲས་བུ་རབ་བརྙེས་ནས། །མཛད་པས་མཛད་པར་བགྱི་བ་ཀུན་བསྒྲུབས་པས། །ལྷ་དང་ལྷ་མིན་མི་ཡིས་གུས་བཏུད་པ། །ཀུན་མཁྱེན་ཀུན་ཕན་མཛད་ལ་ཕྱག་འཚལ་ལོ། །གསུང་རབ་གསུང་སྙན་སྙན་པའི་འོད་ཟེར་གྱིས། །བློ་ངན་བློ་ཡི་མུན་པ་རྣམ་བསལ་ནས། །ཤེས་བྱ་ཤེས་པའི་སྣང་བ་སྐྱེད་བྱེད་པ། །དམ་ཆོས་དམ་པས་བསྔགས་པ་དེ་ལ་འདུད། །དགེ་དང་དགེ་བའི་འབྲས་བུ་དམ་པ་ལ། །འདུན་པས་འདུན་པའི་དགེ་བ་རྣམ་འཕེལ་བས། །རྒྱལ་དང་རྒྱལ་བའི་ཆོས་ལ་ཉེར་གཞོལ་བ། །དགེ་འདུན་དགེ་བའི་ཚོགས་ལ་ཕྱག་འཚལ་ལོ། །འདི་ལྟར་རྒྱུ་དང་རྐྱེན་ལ་མ་ལྟོས་པའི་ཆོས་འགའ་ཡང་མེད་པ་དེའི་ཕྱིར། འཇིག་རྟེན་གྱི་ཁམས་དང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱང་ཐོག་མ་མེད་པའི་ངང་ཚུལ་ཅན་ནོ། །རིག་པ་ལས་རིག་པ་འབྱུང་བ་ཆོས་གཞན་ལ་ལྟོས་པ་མེད་ཅིང༌། སྣོད་ཀྱི་འཇིག་རྟེན་ཁྱད་པར་དང་བཅས་པ་ཡང་འགྲོ་བའི་ལས་ལས་འབྱུང་བ་དེའི་ཕྱིར། ཐ་མ་མེད་པར་ཡང་རིག་པར་བྱའོ། །དེ་ལྟ་ནའང་འཇིག་རྟེན་གྱི་ཁམས་འབྱུང་བའི་རིམ་པ་ལ་ནི་བསྐལ་པ་ཞེས་བརྗོད་དོ། །བསྐལ་པ་འདི་ནི་བཟང་པོ་སྟེ། གང་འཇིག་རྟེན་གྱི་ཁམས་འདི་ཆགས་པའི་ཚེ། མེ་ཏོག་ཨུ་དུམ་ཝཱ་ར་སྟོང་བྱུང་བའི་མཚན་མ། འོད་གསལ་གྱི་རིགས་ཀྱི་ལྷ་རྣམས་ཀྱིས་མཐོང་ནས། ཀྱེ་མ་བསྐལ་པ་འདི་ནི་བཟང་པོ་སྟེ། སངས་རྒྱས་སྟོང་འབྱུང་བའི་ཕྱིར་རོ། །ཞེས་ལྷའི་བུ་དེ་དག་གིས་མིང་དུ་བཏགས་པའི་ཕྱིར་རོ། །སྟོང་དུ་ཚང་བའི་སངས་རྒྱས་དེ་དག་ལས། སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བཞི་ཁྲི་པའི་དུས་སུ་འཁོར་བ་འཇིག་དང༌། སུམ་ཁྲི་པའི་དུས་སུ་གསེར་ཐུབ་དང༌། ཉི་ཁྲི་བ་ལ་འོད་སྲུངས་རྣམས་བྱོན་ཟིན་ལ། སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་པ་ལ། ཤཱཀྱའི་རིགས་སུ་ཉེ་བར་འཁྲུངས་ནས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་མངའ་མཛད་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །དེ་བཞིན་གཤེགས་པ་དེས། སྐུ་དེ་ཉིད་ཀྱིས་འདུལ་བའི་གདུལ་བྱ་རྣམས་ཀྱི་དོན་ཡོངས་སུ་རྫོགས་པར་ཐུགས་སུ་ཆུད་ནས་ཟད་ཅིང་གཏུགས་པར་མི་མངའ་ཟིན་ཡང༌། ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་ཚུལ་བསྟན་ཏེ། དེ་བཞིན་གཤེགས་པ་དེའི་བསྟན་པ་ལོ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས། ཕྲག་དང་པོ་ལ་ནི་དགྲ་བཅོམ་པ་ཐོབ་པ་མང༌། གཉིས་པ་ལ་ནི་ཕྱིར་མི་འོང་བ་ཐོབ་པ་མང༌། གསུམ་པ་ལ་ནི་རྒྱུན་ཏུ་ཞུགས་པ་ཐོབ་པ་མང་སྟེ། འབྲས་བུའི་དུས་གསུམ་མོ།། །།ལྔ་བརྒྱ་པ་ཕྲག་བཞི་པ་ལ་ལྷག་མཐོང་དང་ལྡན་པ་མང་ངོ༌། །ལྔ་པ་ལ་ཞི་གནས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་མང་ངོ༌། །དྲུག་པ་ལ་ཚུལ་ཁྲིམས་དག་པ་ལ་གནས་པ་མང་སྟེ། བསྒྲུབ་པའི་དུས་གསུམ་མོ། །ལྔ་བརྒྱ་པ་ཕྲག་བདུན་པ་ལ་མངོན་པ་ལ་ནན་ཏན་དུ་བྱེད་པ་མང་ངོ༌། །བརྒྱད་པ་ལ་མདོ་སྡེ་ལ་ནན་ཏན་དུ་བྱེད་པ་མང་ངོ༌། །དགུ་པ་ལ་འདུལ་བ་ལ་ནན་ཏན་དུ་བྱེད་པ་མང་སྟེ། ལུང་གི་དུས་གསུམ་མོ། །བཅུ་པ་ལ་ནི་དེ་དག་ཚུལ་བཞིན་དུ་སྤྱོད་པ་མེད་པའི་ཕྱིར། རྟགས་ཙམ་འཛིན་པ་སྟེ་ལྔ་བརྒྱ་པ་ཐ་མའོ། །དེ་བཞིན་གཤེགས་པ་དེའི་བསྟན་པ་གནས་པའི་བར་ལ། འཕགས་པའི་ཡུལ་དང༌། གཞན་ཡང་ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་གི་ཕྱོགས་སུ་ཆོས་དང་ལྡན་པ་དང༌། མི་ལྡན་པའི་རྒྱལ་པོ་རབ་ཏུ་མང་པོ་བྱུང་བ་ལས། མཐུ་ཆེ་ཞིང་རྒྱལ་སྲིད་རབ་ཏུ་ཡངས་པ་ནི། བྱང་ཕྱོགས་སུ་བྱུང་བའི་ཧོར་གྱི་རྒྱལ་པོ་ཡིན་ལ། དེ་ཡང་ཐུབ་པའི་བསྟན་པ་ལྔ་བརྒྱ་པ་ཕྲག་བདུན་པ་ལ་ཇིང་གིར་རྒྱལ་པོ་ཞེས་བྱ་བ་བྱུང་ལ། དེས་ཤར་གྱི་རྒྱ་མཚོ་ནས་བརྩམས་ཏེ། འཛམ་བུའི་གླིང་གི་བྱང་ཕྱོགས་སུ་ཕལ་ཆེ་བ་ལ་རྒྱལ་ཐབས་བྱས་སོ། །དེའི་སྲས་ཀྱི་དམ་པ་ནི་འོ་གོ་ཏ་སྟེ། རྒྱལ་ཚབ་ཏུ་དབང་བསྐུར་ནས། ག་གན་རྒྱལ་པོ་ཞེས་བྱ་བར་ཡོངས་སུ་གྲགས་ཏེ། དེས་ཀྱང་རྒྱལ་ཐབས་རིང་དུ་མཛད་དོ། །དེའི་སྲས་ལས་རྒྱལ་ཐབས་ཐོབ་པ་ནི་གོ་ཡུག་གན་ནོ། །དེའི་ཡབ་མཆེད་དུ་གྱུར་པ་ནི་མོ་གོ་རྒྱལ་པོ་སྟེ། དེས་ཀྱང་རྒྱལ་སྲིད་རྣམ་པར་བསྐྱངས་སོ། །དེའི་གཅུང་དུ་གྱུར་པ་ནི་གོ་པེ་ལ་སྟེ། གཙུག་ལག་གཉིས་ཀྱི་སྒོ་ནས། རྒྱལ་པོའི་གོ་འཕང་ཐོབ་ནས། རྒྱལ་ཐབས་རྒྱ་ཆེར་མཛད་དོ། །གོ་ཡུག་རྒྱལ་པོའི་གཅུང་དུ་གྱུར་པ་དབང་ཕྱུག་དང༌། འབྱོར་པ་ཕུན་སུམ་ཚོགས་པ་ཉེ་བའི་དབང་པོ་དང་མཚུངས་པ་ནི་གོ་དན་ཞེས་བྱའོ། །དེའི་དད་པའི་དབང་གིས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་སྤྱན་དྲངས་ཤིང་བསྙེན་བཀུར་ནས། དེའི་བྱིན་རླབས་ཀྱིས་སྲས་ཉེ་བར་བསྐྲུན་པ་ནི། རྒྱལ་བུ་ཇི་བིག་དེ་མུར་ཞེས་རྣམ་པར་གྲགས་པ་ཡིན་ལ། དེས་བདེ་བར་གཤེགས་པའི་བསྟན་པ་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང༌། ཐེག་པ་གསུམ་གྱི་ཆོས་ཀྱི་ཚུལ་ལ་ཉེ་བར་ཞུགས་ནས། སོ་སོར་བརྟུལ་ཞུགས་དང་ཐོས་པ་དང་བསམ་པ་དང༌། བསྒོམ་པ་ལ་ཇི་ལྟར་ནུས་པས་ནན་ཏན་མཛད་ཅིང༌། བདེ་བར་གཤེགས་པའི་གསུང་རབ་རིན་པོ་ཆེ། དགེ་བ་དང་ལེགས་པ་ཐམས་ཅད་ཀྱི་འབྱུང་གནས། ཉེས་པ་ཐམས་ཅད་དྲུངས་ནས་འབྱིན་པ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ལ་ཡང་དག་པའི་སྣང་བ་བསྐྱེད་པའི་སྒྲོན་མ་ཆེན་པོ་ཡིན་པར་དགོངས་ནས། ཡབ་མཆེད་ཁུ་བོ། རྒྱལ་པོ་ལྔ་པོ་དེ་ཉིད་ཀྱི་སྐུ་རིང༌། ཆུ་ཕོ་སྤྲེའུའི་ལོ་ལ་དབུས་ཀྱི་སའི་ཆ་ནས་ཡི་གེ་འདྲི་བའི་གཙུག་ལག་ལ་ཤིན་ཏུ་སྦྱངས་ཤིང་རབ་ཏུ་མཁས་པ། ད་རིག་དགེ་སློང་དཔལ་འབྱོར་དར་དང༌། སུམ་པ་དགེ་སློང་ཚུལ་ཁྲིམས་དཔལ་ཞེས་བྱ་བ་ལ་སོགས་པ་ཡི་གེ་པའི་ཚོགས་རབ་ཏུ་མང་པོ་དང༌། གཞན་ཡང་གསེར་དང༌། རྐོས་དང་ཚོན་རྩི་དང༌། དྲས་ལ་སོགས་པའི་བཟོ་ལ་ཤིན་ཏུ་སྦྱངས་པའི་སྐྱེ་བོ་མང་པོ་བོས་ནས། སངས་རྒྱས་བཅོམ་ལྡན་འདས་སྲས་དང་ཅེས་པ་ཐམས་ཅད་ཀྱི་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ཕྲིན་ལས་དང་ཆོས་ཀྱི་སྒོ་དང་དེ་མངོན་དུ་བསྒྲུབ་པའི་ལམ་གྱི་ཚུལ་དང༌། དེའི་ཞིང་དང་གདུལ་བྱའི་རྣམ་གྲངས་དང་དེ་དག་གི་ལས་དང་ལུས་དང༌། ཚེ་དང་འབྱོར་པ་ལ་སོགས་པ། ཆོས་ཅན་དང༌། ཆོས་ཀྱི་དབྱིངས་ཟབ་པ་དང༌། རྒྱ་ཆེ་བ་མཐའ་དང་དབུས་མེད་པ་གསལ་བར་སྟོན་པ་ཤིན་ཏུ་རྒྱས་པའི་མདོ་སྡེ། སངས་རྒྱས་ཕལ་པོ་ཆེ། མདོ་སྡེའི་དབང་པོ་གསེར་འོད་དམ་པ་དང་བཅས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ། འཕགས་པའི་ཚོགས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པའི་གནས། འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་བ་ཐམས་ཅད་འབྱུང་བའི་གཞི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱད་པ་རྣམས། བཻཌཱུརྻའི་རང་བཞིན་གྱི་གཞི་ལ་ཡོངས་སུ་དག་པའི་གསེར་གྱིས་བཞེངས་ནས། གླེགས་ཤིང་དང༌། གླེགས་ཐགས་དང༌། ན་བཟའ་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམས་ཀྱིས་ཞབས་འབྲིང་བྱས་ཏེ། གསུང་རབ་ལས་འབྱུང་བའི་ཚུལ་བཞིན་དུ་རབ་ཏུ་གནས་པའང་ལེགས་པར་བགྱིས་ནས། ཀློག་པ་དང་མཆོད་པ་ལ་འབད་པ་བགྱི་བར་ཡང་དམ་བཅས་སོ།། །།དེ་ལྟར་ཐམས་ཅད་མཁྱེན་པ་རྒྱལ་བའི་གསུང༌། །འཇིག་རྟེན་སྣང་བར་བགྱིད་པ་དམ་པའི་ཆོས། །ལྷག་པའི་བསམ་པས་བྲིས་དང་ཀློག་པ་དང༌། །མཆོད་ཅིང་བཀུར་སྟི་བགྱིད་པ་ལས་བྱུང་བའི། །དགེ་བ་རྒྱ་ཆེན་དྲི་མེད་གང་ཐོབ་པ། །དེ་ཡིས་ཐུབ་པའི་གསུང་རབ་དམ་པའི་ཆོས། །ཕྱོགས་བཅུའི་ཞིང་དུ་རྟག་ཏུ་རྒྱས་གྱུར་ནས། །སྐྱེ་དགུ་ཀུན་གྱིས་ཚུལ་བཞིན་བསྒྲུབ་པར་ཤོག །སྦྱིན་བདག་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །དལ་བ་འབྱོར་པ་ལྷ་མིའི་ལུས་ཐོབ་ནས། །རྒྱལ་དང་རྒྱལ་བའི་སྲས་པོ་ཐམས་ཅད་ལས། །གསུང་རབ་རྒྱ་མཚོ་ཐོས་ཤིང་འཛིན་པར་ཤོག །ཚེ་འདིར་ཚེ་རིང་ནད་མེད་ཕུན་སུམ་ཚོགས། །གདུང་རྒྱུད་འཕེལ་ཞིང་བར་ཆད་ཞི་བ་དང༌། །བསམ་པ་ཐམས་ཅད་ཆོས་བཞིན་འགྲུབ་གྱུར་ནས། །རྒྱལ་བའི་བསྟན་པ་རྒྱས་པར་བྱེད་པར་ཤོག །སྣོད་ཀྱི་འཇིག་རྟེན་རྩི་བཅུད་ཕུན་སུམ་ཚོགས། །ལྷ་ཀླུས་དུས་སུ་ཆར་འབེབས་ལོ་ཏོག་འཕེལ། །སྐྱེ་དགུའི་ནད་དང་མུ་གེ་གདུག་སེམས་ཞི། །ཐམས་ཅད་ཆོས་ཀྱི་དཔལ་དང་ལྡན་པར་ཤོག །འདི་ཡི་སྐུལ་བྱེད་དགེ་སློང་འཕགས་པ་སྟེ། །དེ་ལ་ཡང་ནི་རྒྱལ་བུ་དེ་ཉིད་ཀྱི། །གསུང་གིས་བསྐུལ་ནས་ཇི་ལྟར་བཞེངས་ཚུལ་དང༌། །བསྔོ་བའི་ཚིགས་སུ་བཅད་པའང་དེ་ཡིས་བགྱིས། །འདི་ལ་འདུན་པས་ཡོ་བྱད་ཉེར་སྦྱོར་དང༌། །གཉེར་བྱེད་པ་དང་དེ་ཡི་གྲོགས་བྱེད་དང༌། །ཡི་རང་བྱེད་པའི་སྐྱེ་བོ་ཐམས་ཅད་ལའང༌། །ཚེ་འདིར་ཕུན་ཚོགས་མཐར་ཐུག་སངས་རྒྱས་ཤོག །ཆུ་མོ་བྱའི་ལོ་དཔྱིད་ཟླ་འབྲིང་པོ་ལ། གཡར་མོ་ཐང་གི་སའི་ཆ་ཤིང་ཀུན་དུ་བྲིས་པའོ། །ཕྱོགས་དང་མཚམས་དང་དུས་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply