༼བ༽
༄༅། །དགེ་འདུན་བཟང་པོ་སོགས་ཀྱིས་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་བཞེངས་པའི་མཚོན་བྱེད་བཞུགས།།
༄༅།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་སྤྱི་བོས་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཆོས་ཀྱི་དབྱིངས་ལས་ཉེ་བར་བྱུང་ཞིང་ཆོས་ཉིད་ཞི་བའི་ངང་ཚུལ་ཅན། །ཇི་སྙེད་གཟིགས་པའི་མཁྱེན་པ་གསལ་ཞིང་མཁྱེན་བཞིན་འགྲོ་བའི་དོན་མཛད་ལ། །ཐུགས་རྗེའི་ཐུགས་ཀྱི་རྣམ་པར་བརླན་ཞིང་རྣམ་པར་གྲོལ་བའི་འབྲས་སྩོལ་བ། །རྒྱལ་བ་རྣམ་རྒྱལ་ཀུན་ལ་འདུན་ཞིང་ཀུན་ནས་འདུད་པས་སྐྱབས་སུ་མཆི། །ཞི་བ་ཆགས་བྲལ་སྲིད་པའི་གདུང་བ་སེལ་ཞིང་ཕུན་ཚོགས་ཀྱི། །ཕ་རོལ་སོན་བྱེད་བགྲོད་པ་གཅིག་ལམ་དམ་པ་རྣམས་ཀྱི་སྤྱོད་ཡུལ་བ། །ལུང་གི་ཚུལ་དང་མངོན་པར་རྟོགས་པས་རྣམ་པར་བསྡུས་པའི་ཆོས་རྣམས་ལ། །ཆོས་ལ་ངེས་པའི་འདུན་པ་དགེ་བས་དུས་རྣམས་ཀུན་ཏུ་ཕྱག་འཚལ་ལོ། །ཆོས་ཀྱི་ཚུལ་ལ་ཆོས་བཞིན་ཞུགས་པས་ཆོས་ཉིད་གཟིགས་པའི་ཡེ་ཤེས་ཅན། །རྒྱལ་བ་རྒྱ་མཚོའི་ཆོས་ཚུལ་རྒྱ་མཚོས་རྒྱ་ཆེར་གྱུར་པའི་བློ་མངའ་བ། །རྒྱལ་སྲས་རྣམས་ནི་རང་རང་ཚོགས་དང་དགྲ་རྒྱལ་བཅས་པ་དེ་བཞིན་དུ། །ཆོས་ཀྱི་ཚུལ་བཞིན་ཞུགས་པའི་ཚོགས་ལ་ཚུལ་བཞིན་གུས་པས་ཕྱག་འཚལ་ལོ། །དེ་ལྟར་དཀོན་མཆོག་ཀུན་ནས་དགེ་བའི་བཀའ་དྲིན་མཆོག་གི་བདེ་འགྲོ་ཡི། །མཆོག་ཏུ་གྱུར་ནས་སྟོན་པས་བསྟན་ལ་བྱ་བ་བྱས་པས་འཇིག་རྟེན་དང༌། །འཇིག་རྟེན་འདས་པའི་དཔལ་འབྱོར་བརྙེས་ནས་བསྟན་པ་འགྲོ་ལ་གསལ་མཛད་པ། །རབ་ཏུ་མང་པོ་འཇིག་རྟེན་འདི་ནི་རྣམ་པར་བརྒྱན་ཞིང་དགེ་བར་མཛད། །གངས་ཅན་འདིར་ནི་གངས་ཀྱི་རི་ལྟར་རྣམ་པར་དཀར་བའི་ཐུགས་མངའ་བ། །ཚུལ་བཞིན་ས་སྐྱོང་རྒྱལ་པོ་དམ་པ་ཐོ་ཐོ་རི་དང་དེ་བཞིན་དུ། །འགྲོ་ལ་ཐུགས་རྗེའི་སྤྱན་རས་གཟིགས་པ་སྲོང་བཙན་སྒམ་པོ་ཞེས་བྱ་དང༌། །མཁྱེན་རབ་གསལ་བས་འཇིག་རྟེན་གསལ་མཛད་ཁྲི་སྲོང་སྡེ་བཙན་ཞེས་གྲགས་དང༌། །གསང་བདག་ཉིད་བཞིན་བསྟན་པ་སྲུང་མཛད་རལ་པ་ཅན་ལ་སོགས་པ་ཡི། །རྒྱལ་པོ་རྣམས་དང་པཎྜི་ཏ་དང་སྒྱུར་བྱེད་དམ་པ་དེ་དག་གིས། །བསྟན་པ་རིན་ཆེན་བོད་ཀྱི་ཡུལ་འདིར་རྒྱས་པར་མཛད་ནས་བཤེས་གཉེན་དང༌། །སྦྱིན་བདག་རྣམས་ཀྱིས་བཤད་ཉན་བསྒྲུབ་དང་འདྲི་དང་ཀློག་སོགས་ཚུལ་བཞིན་སྤྱད། །དེ་དག་རྣམས་ཀྱི་རྗེས་སུ་འབྲངས་ནས་མདོ་སྨད་སྨར་ཀླུང་སྒང་རར་ནི། །རྒྱལ་པོ་ཡབ་སྲས་སྐུ་ཚེ་རིང་ཞིང་སྐྱེ་དགུ་ཐམས་ཅད་བདེ་ལེགས་ཕྱིར། །ཧོར་གྱི་རྒྱལ་རབས་ལྔ་པའི་སྐུ་རིང་ལྕགས་མོ་ལུག་གི་ལོ་ལ་ནི། །ཆོས་ཀྱི་རྒྱལ་པོ་ས་སྐྱ་པ་ཞེས་གྲགས་པ་དེ་ཡི་ཞབས་བཏུད་པ། །དགེ་འདུན་བཟང་པོ་རྒྱལ་པོ་ཐར་དང་སེང་གེ་འབྲུག་ལ་སོགས་པ་ཡི། །སྒང་རིའི་རིགས་གྱུར་ཉེ་དུ་དང་བཅས་བན་སྐྱེ་རྣམས་ཀྱི་དད་པའི་བློས། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་འཕགས་པའི་ཚོགས་ཀྱི་འཇུག་ངོགས་མཆོག །སྐྱེ་དགུ་རྣམས་ཀྱི་བདེ་བའི་གཞིར་གྱུར་ཤེས་རབ་ཕ་རོལ་ཕྱིན་པ་ནི། །སྟོང་ཕྲག་བརྒྱ་རུ་རྒྱས་པར་གསུང་དང་སྟོང་ཕྲག་ཉི་ཤུ་ལྔ་པ་དང༌། །སྟོང་ཕྲག་བརྒྱད་དུ་མདོ་རུ་བསྡུས་རྣམས་དྲི་མེད་རིན་ཆེན་གྱིས་བཞེངས་ཏེ། །རབ་ཏུ་གནས་ནས་རྒྱ་ཆེར་མཆོད་དང་དེས་གསུངས་བསྒྲགས་པ་ལ་སོགས་པའི། །དགེ་བ་འདི་དང་དགེ་བ་གཞན་གྱིས་བདག་ཅག་རྣམས་དང་དེ་བཞིན་དུ། །དད་ལྡན་སྒང་ར་ཇེ་འབུམ་ལ་སོགས་ཕ་དང་ཁུ་མེས་བརྒྱུད་བཅས་དང༌། །མ་དང་ཕྱི་མོ་སོགས་ཀྱིས་གཙོ་བྱས་མཐའ་ཡས་སེམས་ཅན་མ་ལུས་པ། །སྲིད་པ་ཀུན་ཏུ་སྲིད་ཞིའི་དཔལ་ལ་འཚེ་བ་མེད་པར་ལོངས་སྤྱོད་དེ། །རྫོགས་པའི་སངས་རྒྱས་བླ་ན་མེད་པའི་གོ་འཕང་དམ་པ་ཐོབ་པར་ཤོག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply