རིན་ཆེན་དཔལ་གྱིས་འབུམ་བཞེངས་པའི་མཚོན་བྱེད།

༼བ༽

༄༅། །རིན་ཆེན་དཔལ་གྱིས་འབུམ་བཞེངས་པའི་མཚོན་བྱེད་བཞུགས།།

༄༅། །ཆོས་བཞེངས་པའི་མཚོན་བྱེད་ཉེ་བར་བཀོད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བསོད་ནམས་རིན་ཆེན་ལས་གྲུབ་ཅིང༌། །ཡེ་ཤེས་དཀྱིལ་འཁོར་རྣམ་པར་རྒྱལ། །ལེགས་པར་བཤད་པའི་འོད་འགྱེད་པ། །སངས་རྒྱས་ཉི་མ་ལ་ཕྱག་འཚལ། །ཉེར་ཞིའི་དཀྱིལ་འཁོར་ཉེར་རྒྱས་པ། །དགེ་མཚན་རི་བོང་གིས་མཚན་ཅིང༌། །ཞི་བའི་འོད་ཀྱིས་ཞི་མཛད་པ། །དམ་ཆོས་ཟླ་བ་ལ་ཕྱག་འཚལ། །ཆོས་དབྱིངས་ཞི་བའི་ནམ་མཁའ་ལ། །སྨོན་ལམ་ཤུགས་ཀྱིས་ཉེར་རྒྱུ་ཞིང༌། །དམ་ཆོས་ཟླ་བའི་རྗེས་འབྲངས་པ། །དགེ་འདུན་སྐར་མའི་ཚོགས་ལ་འདུད། །ཐུགས་རྗེ་ཆེན་པོའི་ཆུ་འཛིན་ལས། །གདམས་པའི་ཆར་གྱི་རྒྱུན་ཕབ་པས། །གདུལ་བྱའི་ལོ་ཏོག་སྨིན་མཛད་པ། །བླ་མ་ཀླུ་དབང་ལ་ཕྱག་འཚལ། །མཐའ་བཞི་སྤྲོས་ལས་རྣམ་གྲོལ་ཡང༌། །སྲིད་ཞིའི་སྤྲོས་པ་ཀུན་སྤྲོ་ལ། །དམ་པ་རྣམས་ཀྱི་སྤྱོད་ཡུལ་བ། །ཤེས་རབ་ཕ་རོལ་ཕྱིན་མར་འདུད། །གནས་ལྔ་ལ་ནི་རབ་མཁས་ཤིང༌། །གྲགས་པའི་ས་གསུམ་རབ་གསལ་བ། །ཆོས་རྗེ་ས་སྐྱ་པཎ་ཆེན་དང༌། །བློ་གྲོས་མཆོག་གི་ཞབས་གཏུགས་ཤིང༌། །མཐུ་སྟོབས་དབང་ཕྱུག་གསང་བའི་བདག །ཕྱག་ན་རྡོ་རྗེའི་སྐུ་སྐྱབས་དང༌། །དགོས་འདོད་འབྱུང་བའི་རིན་པོ་ཆེ། །སྟོན་ཚུལ་ཞེས་བྱས་ལེགས་སྐྱོང་བ། །མདོ་སྨད་སྒང་རའི་ཡུལ་སྐྱེས་ཤིང༌། །པྲེ་ནག་རིགས་ལས་བྱུང་གྱུར་པའི། །རིན་ཆེན་དཔལ་ཞེས་བགྱི་བ་ཡི། །ཧོར་སྐད་སྨྲ་བའི་ལོ་ཙཱ་བས། །བླ་མའི་ཐུགས་དགོངས་རྫོགས་ཕྱིར་དང༌། །རྒྱལ་པོ་ཡབ་སྲས་བརྒྱུད་པར་བཅས། །སྐུ་ཚེ་རིང་བར་བྱ་ཕྱིར་དང༌། །ཕ་མ་ལ་སོགས་དྲིན་ཆེན་གྱི། །དྲིན་ལ་ལན་དུ་བླན་བྱའི་ཕྱིར། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །འཕགས་པའི་ཚོགས་ཀྱི་བགྲོད་པའི་ལམ། །སྲིད་ཞིའི་བདེ་ལེགས་འབྱུང་བའི་གནས། །ཤེས་རབ་ཕ་རོལ་ཕྱིན་མ་ནི། །སྟོང་ཕྲག་བརྒྱ་རུ་གསུངས་པ་གང༌། །བཻཌཱུརྻ་འདྲའི་མཐིང་ཤོག་ལ། །རིན་ཆེན་གསེར་གྱི་རང་བཞིན་གྱིས། །མེ་ཕོ་བྱི་བའི་ལོ་ཡི་ནི། །དབྱར་ཟླ་རྣམ་པ་གསུམ་པོ་ལ། །མདོ་ཁམས་ཟལ་མོའི་སྒང་དུ་ནི། །ཉེ་བར་བསྒྲུབས་ནས་གྲུབ་པ་ལ། །གླེགས་ཤིང་གླེགས་ཐག་ན་བཟའ་སོགས། །ཞབས་འབྲིང་དག་ཀྱང་ལེགས་བགྱིས་ཏེ། །བསྙེན་བཀུར་ཡོན་དང་བཅས་པ་ཡིས། །མཆོད་གནས་དག་ཀྱང་ལེགས་མཆོད་དེ། །སངས་རྒྱས་ཀུན་དངོས་བླ་མ་ཡི། །ཕྱག་ཏུ་ཕུལ་བའི་དགེ་བ་ཡིས། །བདག་དང་བདག་གི་ཕ་མ་དང༌། །ཉེ་དུ་དང་ནི་རྩ་ལག་དང༌། །ཆོས་འདི་བཞེངས་པའི་གྲོགས་བྱེད་རྣམས། །ཚེ་རིང་ནད་མེད་བར་ཆད་ཞི། །བསམ་པ་ཆོས་བཞིན་འགྲུབ་པ་དང༌། །སྐྱེ་བ་ཀུན་ཏུ་ལྷ་མི་ཡི། །དཔལ་ལ་ཉེ་བར་ལོངས་སྤྱོད་ནས། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*