བསྔགས་འོས་ལ་སྔགས་པའི་རབ་བྱེད།

༼བ༽

༄༅། །བསྔགས་འོས་ལ་བསྔགས་པའི་རབ་བྱེད་བཞུགས།།

༄༅། །བསྔགས་པར་འོས་པའི་རབ་ཏུ་བྱེད་པ་ཞེས་བྱ་བ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཔལ་ཀུན་གྱི་ནི་འབྱུང་གནས་ཏེ། །སྲིད་པ་གསུམ་གྱི་སྐྱབས་གཅིག་པོ། །ཆེ་བའི་ཆེ་བས་གུས་བཏུད་པ། །སངས་རྒྱས་དཔལ་གྱི་ཕུལ་ལ་འདུད། །རྒྱལ་པོ་ཁྱོད་ཀྱིས་སྔོན་སྤྱད་པའི། །དགེ་ཚོགས་རྒྱ་མཚོ་ལས་གྲུབ་པའི། །དཔལ་འདི་ཕྱོགས་མཐར་གཏུགས་པ་ཡི། །འགྲོ་ལ་སླར་ཡང་བརྟན་གྱུར་ཅིག །ཁྱོད་ཀྱིས་རྒྱལ་སྲིད་རྒྱུ་དང་ནི། །དཀའ་ཚེགས་ཆེན་པོས་མ་བཞེས་ཀྱང༌། །ཉིད་ཀྱི་དཔལ་དང་བདེན་པའི་མཐུས། །ཅི་བདེར་དབང་བགྱིས་ངོ་མཚར་ལགས། །ཁྱོད་ཀྱི་མཆེད་སོགས་རྒྱལ་རྒྱུད་གཞན། །གཞན་གྱིས་བསླུས་ནས་ལོག་ཞུགས་རྣམས། །ཕྱོགས་བསླད་གྱུར་བཞིན་ཉེར་ལྷགས་ཏེ། །ཁྱོད་ཞབས་བཏུད་པ་ཡ་མཚན་ལགས། །སྔ་རབས་རྒྱལ་པོ་མང་ཞིག་གིས། །རང་གི་སྐུར་བཅས་སྡེ་ཆེན་གྱི། །ཚོགས་ཀྱིས་གདུལ་བར་མ་སྤྱོད་པའི། །རྒྱལ་པོར་བཅས་པའི་རྒྱལ་སྲིད་གཞན། །ཁྱོད་སྐུ་བསྐྱོད་པར་མ་མཛད་ཅིང༌། །ཤིན་ཏུ་རྩོལ་བའང་མི་མངའ་བཞིན། །རང་དབང་ཉིད་དུ་དབང་མཛད་དེ། །དེ་ཡི་འབྱོར་པས་ཀུན་འབྱོར་དུ། །མཛད་ནས་དེ་དག་བདེ་ལ་སླར། །བཀོད་འདི་སྔོན་ཆད་ས་སྟེང་འདིར། །བྱུང་བ་སུས་ཀྱང་མ་འཚལ་བའི། །སྙན་པས་ས་གསུམ་རབ་ཁྱབ་པས། །རང་སྲིད་སྙེམས་པའི་དཔལ་འཕེལ་ཞིང༌། །ཕྱོགས་གཞན་དྲི་བཞིན་ཡིད་གཡོ་བར། །གྱུར་འདི་ཁྱོད་ཉིད་གཅིག་པུའི་དཔལ། །དོ་ཟླས་རྣམ་པར་དབེན་པ་ལགས། །དཔལ་འབྱོར་འདི་འདྲ་མཐོང་བའི་མིག །ཀུན་ནས་ཟ་ཟིར་གྱུར་པ་ནི། །སྣ་ཚོགས་སྒྱུ་མའི་ཆོ་འཕྲུལ་གྱིས། །རྣམ་པར་བསླད་པའི་མིག་འདྲར་མཆིས། །འདི་འདྲ་ཐོས་པའི་ཉན་ཤེས་ཀྱིས། །ཡིད་དབང་རྣམ་པར་བསྐྱོད་པ་ནི། །སྐོམ་པས་གདུང་བ་རྣམས་ཀྱི་ཡིད། །ཀླུང་ཆེན་སྒྲ་ཡིས་བསྐུལ་འདྲར་མཆིས། །ཁྱོད་ཀྱི་དཔལ་གྱིས་རྒྱལ་སྲིད་དག །སོ་སོར་བརྟན་པའང་འདྲེས་གྱུར་པ། །འཁོར་ལོས་སྒྱུར་བའི་དཔལ་རྒྱས་ཀྱིས། །གླིང་བཞི་གཅིག་ཏུ་འདྲེས་འདྲར་མཆིས། །འདི་འདྲ་གནས་རིས་གོང་མ་ཡི། །ལྷ་རྣམས་དག་གིས་མཐོང་གྱུར་བས། །སྙིགས་མའི་དུས་ལ་དེ་དག་ཡིད། །ཀུན་ནས་སོམ་ཉིར་གྱུར་ལགས་གྲང༌། །འདི་འདྲའི་དཔལ་འབྲས་སྨིན་གྱུར་པས། །ཁྱོད་ཀྱི་བདེ་འགྲོ་བརྙེས་བགྱི་བའི། །ཕུན་སུམ་ཚོགས་པས་ཕུན་ཚོགས་སླད། །སྨོན་པར་བགྱི་གཞན་མ་མཆིས་སོ། །དེ་སླད་སྐྱེ་དགུ་ཐམས་ཅད་ཀྱིས། །དཔལ་འབྱོར་འདི་འདྲས་འབྱོར་གྱུར་པའི། །ས་བདག་སྔོན་ཆད་མ་བྱུང་ཞིང༌། །འདི་ཡིས་ཉིད་སྲས་བཞིན་བསྐྱངས་པའི། །འབངས་ཀྱང་སྔོན་ཆད་མ་བྱུང་ཞེས། །ཕན་ཚུན་དགའ་བས་ག་ཞའི་སྒྲ། །ཉེ་བར་སྒྲོགས་པའི་སིལ་སྙན་སྒྲས། །ཁྱེད་ཀྱི་ཐུགས་ཀྱང་དགྱེས་འགྱུར་ཞིང༌། །སྐྱེ་དགུའང་དགའ་བར་མཛད་དུ་གསོལ། །ཁྲིམས་ཀྱི་རྨོས་ཀྱིས་སྲིད་འབངས་ཀྱི། །ཞིང་ས་དུལ་བར་བགྱིས་པ་ལས། །ཆོས་ཀྱི་ས་བོན་བཏབ་བགྱིས་ཏེ། །ཟང་ཟིང་ཆུ་ལུད་ཉེར་བྲན་པས། །བདེ་འགྲོའི་འབྱོར་པའི་མྱུ་གུ་དང༌། །རྣམ་གྲོལ་ལོ་ཏོག་སྨིན་པ་ལ། །བདག་གཞན་དགྱེས་དགུར་སྤྱོད་པར་མཛོད། །གང་གི་བསོད་ནམས་གསེར་གྱི་གཞིར། །དཔལ་འབྱོར་ཆུ་གཏེར་ཉེར་འཁྱིལ་བ། །བདག་གཞན་ཀུན་གྱི་དུས་ཀུན་དུ། །ལྷུག་པར་གང་སྤྱོད་དེ་རྨད་དོ། །གཙུག་ལག་དུ་མའི་དོན་ལ་ཐུགས། །ཀུན་ནས་གསལ་བར་གྱུར་ཁྱོད་ཀྱིས། །མ་དཔྱད་པ་ཡི་དངོས་པོ་དང༌། །མི་མཁྱེན་པ་ཡི་ཆོས་མ་མཆིས། །དེ་སླད་ཁྱོད་ཀྱིས་མཁྱེན་པ་ཡི། །སླད་དུ་ཚིག་འདི་མ་སྨོས་ཀྱང༌། །སྙན་གྲགས་ཐོས་པས་བདག་གི་ཡིད། །སྤྲོ་བའི་སླད་དུ་སྨོས་པ་ལགས། །པད་རྒྱས་དྲི་བསུང་བསེར་བུ་ཡིས། །བསྐྱོད་པས་རིང་གནས་ཉམ་ཆུང་གིས། །བུང་བས་ཚོར་ཚེ་སྟོབས་མེད་ཀྱང༌། །དར་དིར་སྒྲ་སྙན་སྒྲོགས་པ་བཞིན། །དེ་ལྟར་བསྔགས་བགྱིར་འོས་ཁྱོད་ལ། །བདག་གིས་བསྔགས་པས་ཉེར་བསྐུལ་ནས། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔགས་ཤིང་ཤིས་པ་གསུང་གྱུར་ཅིག །ཁྱོད་སྐུ་ལྷུན་པོ་ལྟ་བུར་བརྟན། །དཔལ་འབྱོར་རྒྱ་མཚོ་ཆེ་ལྟར་འཁྱིལ། །འདོད་དགུའི་རིན་ཆེན་རྣམ་མང་གིས། །སྐྱེ་དགུ་རྟག་ཏུ་ཚིམ་བྱེད་ཤོག །ཧོར་གྱི་རྒྱལ་རབས་ལྔ་པ་རྒྱལ་པོ་ཆེན་པོ་གོ་པེ་ལ་ཞེས་བྱ་བའི་བསོད་ནམས་ཀྱི་དཔལ་གྱིས། རྒྱལ་ཁམས་ཐམས་ཅད་གཅིག་ཏུ་བཟླུམ་ཞིང༌། ཁྱད་པར་དུ་ཡུན་རིང་པོ་ནས། རྒྱལ་རབས་བར་མ་ཆད་པར་རྒྱལ་སྲིད་བརྟན་པར་གནས་པ། མན་ཙེ་ཞེས་བྱ་བའི་རྒྱལ་ཁམས་རབ་ཏུ་ཡངས་པ་ཐ་གྲུ་དང་བཅས་པ་ངོ་བལྟས་ཏེ། མིའི་དབང་པོའི་ཞབས་ཀྱི་པདྨོ་ལ་གཏུགས་ནས། དཔལ་འབྱོར་གྱི་གཟིས་རྒྱ་མཚོའི་མཐས་གཏུགས་པའི་སའི་དཀྱིལ་འཁོར་ཐམས་ཅད་ཁྱབ་པར་མཛད་པ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཞེས་བྱ་བ་འདི་དགེ་སློང་འཕགས་པས་ཤིང་མོ་ཕག་གི་ལོ་སྟོན་ཟླ་འབྲིང་པོའི་ཚེས་ཉི་ཤུ་གཉིས་ཀྱི་ཉིན་པར་སྐར་མ་རྒྱལ་ལ་བབ་པའི་ཚེ་སྨར་ཁམས་ཀྱི་སའི་ཆ་ཙོམ་མདོ་གནས་གསར་ཞེས་བྱ་བར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*