བོད་ཀྱི་རྒྱལ་རབས་ལ་བསྔགས་པའི་ཚིགས་བཅད།

༼བ༽

༄༅། །བོད་ཀྱི་རྒྱལ་རབས་ལ་བསྔགས་པའི་ཚིགས་བཅད་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། གང་གིས་སྲིད་གསུམ་རྒྱ་མཚོའི་རྒྱན་གྱུར་རྒྱལ་པོའི་པདྨོ་རབ་ཏུ་རྒྱན་ལྡན་པ། །ལྷག་པའི་ཚུལ་ཁྲིམས་ཏིང་འཛིན་དྲི་ཞིམ་སྤོས་ངད་ལྡན་པས་ཀུན་ནས་བརྟེན་གྱུར་དེའི། །དམ་ཆོས་བདུད་རྩིའི་རྒྱུན་འཛག་པ་ཡིས་བློ་གྲོས་ལུས་རྟས་སྦྲང་རྩི་བྱེད་པའི་ཚོགས་བཅས་པ། །དཀོན་མཆོག་གསུམ་མཚོན་སྐུ་གསུང་ཐུགས་ལྡན་བླ་མའི་ཚོགས་ཀྱིས་ཁྱོད་ལ་རྟག་ཏུ་སྐྱོང་གྱུར་ཅིག །བསོད་ནམས་བྱེ་བའི་ཚོགས་ལས་ཉེ་བར་བསྒྲུབས་པའི་དཔལ་གྱི་རི་བོ་མཐོན་པོར་བརྟེན། །རི་དྭགས་རྒྱལ་པོ་སེང་གེ་ལྟ་བུར་གཅིག་པུས་དགྲ་བོའི་ཚོགས་འཇམ་ཇིང་གིར་གན། །སྟོབས་ལྡན་དེ་སྲས་ཡེ་ག་གན་ཏེ་དེ་ཡི་གཅུང་པོ་དེ་ལའི་སྲས་ཐུ་བོ། །འབྱོར་ལྡན་མོ་མགོ་རྒྱལ་པོ་ཞེས་གྲགས་དེ་རྗེས་གཉིས་པ་རྒྱལ་པོ་གན་ཉིད་དེ། །གང་གི་རྟ་རྨིག་རབ་ཏུ་གཡོ་བ་རླུང་གིས་བསྐྱོད་པའི་སྤྲིན་གྱི་ཤུགས་ལྡན་ཞིང༌། །གོ་མཚོན་རབ་ཏུ་གསལ་བའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་གློག་གི་སྣང་བ་འཕྲོག །འབྲུག་སྒྲ་ཟིལ་གནོན་རྔ་ཆེན་སྒྲ་ཡིས་དགྲ་བོ་བརྟེན་པ་རབ་ཏུ་འཇོམས་བྱེད་པའི། །འདི་ཡིས་མཁའ་ལ་རྒྱུ་བའི་གནོད་སྦྱིན་དཔུང་ཚོགས་དག་ཀྱང་ཀུན་ནས་རབ་ཏུ་གནོན། །ལྷ་མིན་མིན་ཡང་ལྷ་ཡི་དབང་པོའི་དཔལ་ལ་འགྲན་པའི་མཐུ་བཟོད་པ། །འབྱོར་པ་རྒྱ་ཆེན་དེ་དག་རྣམས་ཀྱི་འཛམ་བུའི་གླིང་གི་རྒྱལ་ཁམས་ཕལ་ཆེ་བ། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེའི་ཚོགས་བཞིན་ཉེ་བར་བསྡུས་ཏེ་ཀུན་ནས་གནས་གྱུར་པས། །མི་དབང་འཁོར་ལོས་སྒྱུར་རྒྱལ་སྙམ་ནས་སྙིགས་མའི་དུས་འདི་ལ་ནི་སོམ་ཉིར་གྱུར། །སྤྱན་རས་གཟིགས་མགོན་ཐུགས་རྗེས་བདག་ཉིད་དེས་སྤྲུལ་འགྲོ་ལ་རྣམ་པར་སྣང་མཛད་པ། །སྲོང་བཙན་སྒམ་པོར་མཚན་གསོལ་དེ་ཡི་གདུང་འཛིན་བློ་གྲོས་གསལ་སླད་འཇམ་པའི་དབྱངས། །འགྲོ་ལ་ཁྲི་སྲོང་སྡེ་བཙུན་ཞེས་གྲགས་དཔལ་ལྡན་ལག་ན་རྡོ་རྗེའི་མཐུས་བྱུང་བ། །ཕྱོགས་ལས་རྣམ་རྒྱལ་ཁྲི་གཙུག་སྡེ་བཙན་གང་དེ་དགྲ་བོ་རྣམས་ཀྱི་ཟུག་རྔུར་གྱུར། །རིགས་གསུམ་མགོན་པོའི་གདུང་གི་བརྒྱུད་འཛིན་དེ་སླད་ཁྱོད་ནི་ཤེས་རབ་སྟོབས་ལྡན་ཞིང༌། །གཞན་ལ་བརྩེ་བའི་ལྷག་བསམ་དང་ལྡན་ཆོས་ཀྱི་རྒྱལ་པོ་ཨ་ཤོ་ཀ་ཙ་ལ། །ཐུབ་པའི་བསྟན་པ་སྐྱེ་དགུའི་རྩ་ལག་གཅིག་པུ་མིག་འབྲས་ལྟ་བུར་བསྲུང་མཛད་པ། །དེ་ཕྱིར་ཆོས་སྐྱོང་འཇིག་རྟེན་སྐྱོང་ཉིད་དེ་ལས་གཞན་དུ་ཁྱོད་ཀྱི་བྱ་བ་ཅི། །ཆོས་བསྲུང་བ་ཡིས་བདག་བསྲུང་ཞིང༌། །གཞན་དོན་བསྒྲུབ་པས་རང་གི་དོན། །གྲུབ་པ་ཆོས་ཀྱི་ལུགས་འཚལ་བ། །ཁྱོད་ལ་གསོལ་ཀྱང་ཅི་ཞིག་འཚལ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*