བོད་ཀྱི་རྒྱལ་རབས།

༼བ༽

༄༅། །བོད་ཀྱི་རྒྱལ་རབས་བཞུགས།།

༄༅། །སྲོང་བཙན་སྒམ་པོ་མེ་མོ་གླང་ལ་འཁྲུངས། བཅུ་གསུམ་པ་ལ་རྒྱལ་སར་བཏོན། དྲུག་ཅུ་རྩ་དགུར་རྒྱལ་པོ་མཛད། བརྒྱད་ཅུ་རྩ་གཉིས་ས་ཕོ་ཁྱི་ལ་འདས། ཆུང་སྲོང་གིས་རྒྱལ་པོ་ལོ་ལྔ་མཛད་ཀྱང༌། སླར་ཡབ་ཀྱིས་རྒྱལ་པོ་མཛད་པས་ལོགས་སུ་མི་བགྲང༌། མང་སྲོང་མང་བཙན་མེ་མོ་ཁྱི་ལ་འཁྲུངས། བཅུ་གསུམ་པ་ལ་རྒྱལ་སར་བཏོན། ལོ་བཅོ་ལྔར་རྒྱལ་པོ་མཛད། ཉི་ཤུ་རྩ་བདུན་ཆུ་ཕོ་བྱི་བ་ལ་འདས། དུར་སྲོང་མང་པོ་རྗེ་རྨུག་ཡིན་ལ། ཆུ་ཕོ་བྱི་བའི་ལོ་དེ་ལ་འཁྲུངས། དེ་མ་ཐག་རྒྱལ་པོར་མངའ་གསོལ། ལོ་ཉི་ཤུ་རྩ་དགུ་ལྕགས་འབྲུག་ལ་འཇང་དུ་འདས། ཁྲི་སྡེ་གཙུག་བརྟན་ལྕགས་འབྲུག་དེ་ཉིད་ཀྱི་དཔྱིད་ལ་འཁྲུངས། དེའི་ལོ་གཞུག་ལ་ཡབ་འདས་ནས། རྒྱལ་པོར་མངའ་གསོལ། དགུང་ལོ་དྲུག་ཅུ་རྩ་གསུམ་ཆུ་རྟ་ལ་འདས། ཁྲི་སྲོང་ལྡེའུ་བཙན་ལྕགས་ཕོ་རྟའི་དཔྱིད་ལ་འཁྲུངས། ལོ་བཅུ་གསུམ་ཆུ་རྟ་ལ་རྒྱལ་པོར་མངའ་གསོལ། ལོ་བཞི་བཅུ་རྩ་གསུམ་རྒྱལ་པོ་མཛད། ལྔ་བཅུ་རྩ་དྲུག་ཤིང་མོ་གླང་ལ་འདས། མུ་ནི་བཙད་པོ་ཆུ་ཕོ་རྟ་ལ་འཁྲུངས། ལོ་ཉི་ཤུ་རྩ་ལྔ་ལ་རྒྱལ་པོར་མངའ་གསོལ། ལོ་ངོ་གཉིས་ལ་འདས། དེའི་གཅུང་ཁྲི་ལྡེ་སྲོང་བཙན་ཤིང་ཕོ་འབྲུག་གི་སྟོན་ལ་འཁྲུངས། ལོ་ཉི་ཤུ་རྩ་བཞི་མེ་ཡོས་ལ་རྒྱལ་ས་བཟུང༌། ལོ་སུམ་ཅུ་རྩ་གཅིག་རྒྱལ་པོ་མཛད། ལྔ་བཅུ་རྩ་བཞི་མེ་བྱ་ལ་འདས། རལ་པ་ཅན་མེ་ཕོ་ཁྱི་ལ་འཁྲུངས། ལོ་བཅུ་གཉིས་མེ་བྱ་ལ་རྒྱལ་པོར་མངའ་གསོལ། ལོ་ཉི་ཤུ་རྩ་བཞི་རྒྱལ་སྲིད་བཟུང༌། ལོ་སུམ་ཅུ་རྩ་དྲུག་ལྕགས་བྱ་ལ་འདས། ཁྲི་སྲོང་ལྡེའུ་བཙན་ཆུ་རྟ་ལ་རྒྱལ་པོར་མངའ་གསོལ་བ་ནས་བཟུང་ནས། ལྕགས་མོ་བྱ་ལ་རལ་པ་ཅན་གཤེགས་པའི་བར་ལ་ལོ་བརྒྱ་ཐམ་པ་སོང་ལ། དེའི་བར་དུ་བོད་ཀྱི་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་དར་བས་སྐྱིད་པའི་དུས་རབ་ཡིན་ནོ། །རལ་པ་ཅན་གྱི་གཅེན་པོ་གླང་དར་མ་ཆུ་མོ་ལུག་ལོ་ལ་སྐྱེས། སུམ་ཅུ་རྩ་དགུ་ལྕགས་མོ་བྱའི་ལོ་གཞུག་ལ་རྒྱལ་སར་བཏོན། ཟླ་བ་དྲུག་ཚུལ་བཞིན་རྒྱལ་པོ་བྱས། དེ་ནས་ཟླ་བ་ཕྱེད་བདུན་དུ་སྡིག་རྒྱལ་བྱས། སྤྱིར་བསྡོམས་པས་ལོ་གཅིག་དང་ཟླ་བ་ཕྱེད་རྒྱལ་པོ་བྱས་ནས། ཆུ་ཕོ་ཁྱིའི་ལོ་ལ་བསད། དེའི་སྲས་འོད་སྲུངས་རྨུག་ཡིན་ཏེ། ཆུ་མོ་ཕག་ལ་འཁྲུངས། དེ་མ་ཐག་རྒྱལ་སྲིད་བཟུང་ནས། ལོ་དྲུག་ཅུ་རྩ་གསུམ་ཤིང་མོ་གླང་ལ་ཡར་ལུངས་འཕང་མདར་འདས། འོད་སྲུངས་ཀྱི་སྲས་དཔལ་གོར་བཙན་ཆུ་མོ་གླང་ལ་འཁྲུངས། ལོ་བཅུ་གསུམ་ལ་རྒྱལ་སར་བཏོན། རྒྱལ་པོ་ལོ་བཅོ་བརྒྱད་མཛད་ནས། ཆུ་མོ་ལུག་ལ་འདས། དཔལ་གོར་བཙན་གྱི་སྲས་གཉིས་ཀྱི་ཆེ་བ་བཀྲ་ཤིས་བརྩེགས་པ་ཡིན་ལ། དེ་ལ་སྲས་གསུམ་གྱི་ཆེ་བ་དཔལ་སྡེའི་རྒྱུད་ནི། གུང་ཐང་ཀླུ་རྒྱལ་བ། སྤྱི་བ་ལྷ་རྩེ་བ། གླ་ལུང་བཙད་ཀོར་བ་རྣམས་ཡིན་ནོ། །བར་པ་འོད་ལྡེའི་རྒྱུད་ནི། གྲོམ་པ། སྲད་པ། ཉང་སྟོད་པ། ཡར་ལུངས་ཀྱི་ལྷ་ཆེན་དཔལ་འབར་བ་ལ་སོགས་པ་རྣམས་ཡིན་ནོ། །ཆུང་བ་སྐྱིད་ལྡེའི་རྒྱུད་ནི། མུས་པ། འཇད་པ། ཉང་སྟོད་ནའང་འགའ་ཞིག་ཡོད། དཔལ་གོར་བཙན་གྱི་སྲས་ཆུང་བ་སྐྱིད་ལྡེའི་སྲས་ཆེ་བ་དཔལ་མགོན་གྱི་རྒྱུད་ནི། ཡར་ལུངས་ཀྱི་བཙད་པོ་རྣམས་ཡིན་ནོ། །འབྲིང་པོ་བཀྲ་ཤིས་མགོན་གྱི་རྒྱུད་ནི། ཞང་ཞུང་ཕྱི་ནང་དང༌། པུ་རངས་པ་དང༌། ཡ་ཚེ་བ་རྣམས་ཡིན་ནོ། །ཆུང་བ་ལྡེ་གཙུག་མགོན་གྱི་རྒྱུད་ནི། ཁུ་འབུ་བ་དང༌། མོན་ཡུལ་ནའང་ཅི་རིགས་པ་ཡོད། ཤིང་མོ་ཕག་གི་ཟླ་བའི་ཚེས་བཅུ་དྲུག་ལ་འཕགས་པས་སྐྱར་རྐ་མདོར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*