ནང་པའི་ཆོས་ནི་བདེ་སྐྱིད་སྒྲུབ་པའི་ཐབས་ཤིག་ཡིན།

འཇམ་མགོན་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ།

སྟོན་པས་རྙེད་པའི་ལམ།

ད་ཐེངས་འདིར་དགེ་འདུན་པ་མང་པོ་འདུག །དེའི་ནང་ནས་བསླབ་པ་སློབ་གཉེར་གནང་ནས་རིག་པའི་རྗེས་འབྲང་པ་རྐྱང་རྐྱང་ཡིན་པས་དམིགས་གསལ་ཞུ་རྒྱུ་ཞིག་ལ། སྤྱིར་ང་ཚོ་འགྲོ་བ་མི་ཙམ་མ་ཡིན་པ་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། བདེ་སྐྱིད་འདོད་པ་དེ་སེམས་ཅན་གྱི་ཆོས་ཉིད་རེད། དེར་བརྟེན་བདེ་སྐྱིད་སྒྲུབ་པའི་ཐབས་ལ་འཛམ་བུ་གླིང་དུ་སངས་རྒྱས་མ་བྱོན་པའི་ཡར་སྔོན་ནས་བསམ་བློ་མང་པོ་བཏང་ཡོད་རེད། དཔེ་ཆུང་ས་ཞིག་ནས་བཤད་ནས་རྒྱབ་ཏུ་ཁུར་བོ་ཁུར་ནག་གོམ་པ་བརྒྱབ་དགོས་ན་དཀའ་ངལ་ཆེན་པོ་ཡིན་པས་དེ་སེལ་ཐབས་སུ་རྟ་ལ་ཁུར་བཀལ། རིམ་བཞིན་ལག་རྩལ་ཡར་རྒྱས་སོང་ནས་རླངས་འཁོར་སོགས་བཟོས། སྔོན་མ་ཇ་ཞིག་བསྐོལ་དགོས་ནའང་ཤིང་འཐུ་ཐབ་ཀར་བཅར། དེའི་སྟེང་དུ་སྣོད་བཙུགས་ནས་མེ་འབུད་དགོས་རེད། དེང་སང་སྐྱིད་པོ་གཏོང་བྱེད་ཀྱི་ཐབས་ཤེས་ཡར་རྒྱས་སོང་ནས་གློག་ཐབ་སོགས་བཀོལ་ནས་ལམ་སང་ཇ་བསྐོལ་བ་སོགས་སྐྱིད་པོ་གཏོང་བྱེད་ཀྱི་ཐབས་ཤེས་འདྲ་མིན་སྣ་ལ་བསམ་བློ་བཏང་བ་རེད། དེ་ནི་ང་ཚོ་འགྲོ་བ་མི་ཙམ་མ་ཡིན་པ་སྲོག་ཆགས་ཐམས་ཅད་ལ་ཀྱིས་སྐྱིད་པོ་གཏོང་བྱེད་ཀྱི་ཐབས་ལ་འབད་རྩོལ་བྱས་པ་རེད། དེ་བས་སངས་རྒྱས་ཆོས་ལུགས་ཀྱང་སྐྱིད་པོ་གཏོང་བྱེད་དང་སྡུག་བསྔལ་སེལ་བྱེད་ཅིག་རེད། ངས་དུས་རྒྱུན་དཔེ་ཞིག་བཤད་ཀྱི་ཡོད། དེང་སང་འཛམ་གི་རྒྱལ་ཁབ་ཆེ་ཁག་གི་དབུ་ཁྲིད་དཔེར་ན་རྒྱ་ནག་དང་རྒྱ་གར་ཨ་རི་སོགས་ཀྱི་དཔོན་པོ་དག་ཉི་མ་བཅུ་བཅོ་ལྔ་རེར་མཉམ་དུ་ཚོགས་ནས་འཛམ་གླིང་ཡར་རྒྱས་བཏང་ཕྱོགས་དང་། འཛམ་གླིང་དུ་སྡུག་བསྔལ་མེད་པར་བྱེད་ཕྱོགས་སྐོར་ལ་ཚོགས་འདུ་ཚོགས་ཀྱི་ཡོད་པ་དེ་དང་། ང་ཚོ་ཐེག་པ་ཆེན་པོའི་ངོས་ནས་དཔེ་ཞིག་བཤད་ན། ཡུལ་བྱ་རྒོད་སྤུང་རི་སོགས་ལ་སྟོན་པ་ཤྰཀྱ་ཐུབ་པ་དབུར་བཞུགས་ནས་འཕགས་པ་སྤྱན་རས་གཟིགས་དང་། དགྲ་བཅོམ་པ་ཤྰ་རི་བུ་ལ་སོགས་པ་དང་། བྱང་ཆུབ་སེམས་པ་མང་པོ་མཉམ་དུ་ཚོགས་དགོས་པའི་རྒྱུ་མཚན་ནམ་དམིགས་ཡུལ་གཅིག་རེད། སྐྱིད་པོ་བྱེད་སྟངས་དང་། སྡུག་བསྔལ་མེད་པར་བྱེད་ཐབས། བདེ་སྐྱིད་ཐོབ་པའི་ཐབས་ཤེས་སོགས་ཀྱི་ཆེད་དུ་ཚོགས་པ་རེད། དེར་བརྟེན་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་བྱ་རྒོད་སྤུང་རི་སོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་བཀའ་གྲོས་མཛད་པའི་དམིགས་ཡུལ་དང་། ད་ལྟ་རྒྱལ་ཁབ་མང་པོའི་དཔོན་པོ་རྣམས་ཚོགས་འདུ་ཚོགས་པའི་དམིགས་ཡུལ་གཉིས་གཅིག་ཡིན་མོད། འོན་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡུག་བསྔལ་གྱི་རྩ་བའམ་སྡུག་བསྔལ་འབྱུང་ཁུངས་བཤད་སྟངས་དང་། དེང་སང་གི་ཚན་རིག་པ་དང་། ཆབ་སྲིད་པ། དཔལ་འབྱོར་རིག་པ་ལ་སོགས་ཀྱིས་སྡུག་བསྔལ་གྱི་རྩ་བ་ངོས་འཛིན་སྟངས་མ་འདྲ་བ་རེད། དེ་གཉིས་གྱིས་སྡུག་བསྔལ་གྱི་རྩ་བ་ངོས་འཛིན་ཚུལ་དང་། རྩ་བ་མེད་པར་བྱེད་སྟངས་ཕྱོགས་ནས་རྦད་དེ་ཁ་ཁ་རེད། དེར་བརྟེན་ང་ཚོ་ནང་པའི་ཆོས་དེ་ཡང་མདོར་ན་སྐྱིད་པོ་བཏང་ཐབས་དང་། སྡུག་བསྔལ་མེད་པར་བྱེད་པའི་ཐབས་ཤེས་ཤིག་རེད། འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུའམ། སྐྱིད་པོ་གཏོང་བྱེད་ཀྱི་ཐབས་ཤེས་དེ་དག་སངས་རྒྱས་ཀྱིས་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་ནས་གསུངས་པ་རེད། སངས་རྒྱས་ཀྱིས་སྐྱིད་པོ་བྱེད་སྟངས་དང་། སྡུག་བསྔལ་མེད་པར་བྱེད་པའི་ཐབས་ཤེས་དེ་དག་གསུངས་ནས་ལོ་ཉིས་སྟོང་ལྔ་བརྒྱར་ཕྱིན་པ་ཡིན་ཡང་། དེང་སང་རྨོངས་པ་དང་ལྐུགས་པ་ཨུ་ཚུགས་བྱེད་མཁན་ཙམ་མ་ཡིན་པ། རིག་པ་སྨྲ་བ་རྒྱ་མཚན་རྗེས་འབྲང་གི་གང་ཟག་མང་པོ་ཞིག་ཡིད་སྨོན་ཤོར་གྱི་ཡོད་རེད། དེ་ཡང་སྔོན་མ་ནས་སངས་རྒྱས་ཆོས་ལུགས་དར་ནས་གོམ་གཤིས་སོགས་ཀྱི་དབང་གིས་ནང་ཆོས་ལ་དད་པ་དང་མོས་པ་ཡོད་མཁན་ཙམ་ཞིག་མ་ཡིན་པ། སྔོན་སངས་རྒྱས་དང་ནང་པའི་མིང་ཙམ་ཡང་གོ་མ་མྱོང་བའི་མགོ་སེར་པོའི་ལུང་པ་དེ་ཚོའི་ནང་གི་རིག་པ་སྨྲ་བ་དང་ཚན་རིག་པ། སྡུག་བསྔལ་བསལ་བའི་ཐབས་ལམ་ཡག་ཤོས་ཤིག་ཡིན་པར་ངོས་ཟིན་ཡོད་རེད། དེ་ཡང་ངོས་ཟིན་པ་ཙམ་མ་ཡིན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་ཐུགས་སྐྱེད་དང་སྨོན་ལམ་གྱི་སྟོབས་ཀྱིས་ཐོས་བསམ་བྱེད་མཁན་དང་། སྒོམ་པས་ཉམས་སུ་ལེན་མཁན་ཡང་མང་ནས་མང་དུ་འགྲོ་ཡི་འདུག

མུར་འགོད།

གུས་ཀརྨ་དབང་ཆེན་ནས་སྒྲ་ཕབས་ལས་བཤུས་ཏེ་བཀོད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*