བོད་ཆོལ་ཁ་གསུམ་ལས་སྨད་མདོ་ཁམས་ཀྱི་ཆར། ཆུ་ཆེན་བཞི་ལས་འབྲི་མོའི་ཁ་ཆུའི་འགྲམ། སྒང་རྒྱུད་དྲུག་ལས་ཟལ་མོ་སྒང་གི་གཡོན་རྒྱུད། སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྩ་བའི་གདན་ས་ལྷུན་འགྲུབ་སྟེང་གི་ཆར་གཏོགས། གནས་མཆོག་དྷརྨ་མདོ་ལ་ཆགས་པའི་ཁམས་སྡེ་དགེ་ནང་བསྟན་ལྔ་རིག་སློབ་གྲྭ་བྱ་རྒོད་སྤུངས་རི་ཤེས་རབ་དགའ་ཚལ་དུ་གྲགས་པ་འདིའི་ལོ་རྒྱུས་ཉུང་བསྡུས་གསེར་གྱི་འཛུམ་རིས་སུ་གྲགས་པ་ཞིག་འབུལ་ན། བསྟན་དང་སེམས་ཅན་ལ་ཕན་བཞེད་ཀྱི་བསམ་པས་རྨངས་བཟུང་ནས་ལྷུན་འགྲུབ་སྟེང་གི་བླ་མ་མཁན་པོ་སྤྲུལ་སྐུ་དགེ་འདུན་འདུས་པ་རྒྱ་མཚོ་དང་། དད་ལྡན་མང་ཚོགས་ཀྱིས་ཕྱར་པ་གྲུ་འདེགས་ཀྱི་དཔེ་ལྟར། ཕྱི་ནང་རྟེན་དང་བརྟེན་པ་བཅས་པ་ལེགས་གྲུབ་བྱུང་བ་ཞིག་ཡིན། དེ་ཡང་འདིའི་སློབ་གྲྭ་ནི་རྒྱ་སྐྱེད་གནས་སྤོས་བྱས་པ་ཞིག་ཡིན་དུས། ཐོག་མར་གང་དུ་གནས་པ་ནི། རབ་བྱུང་བཅུ་བཞི་པའི་ནང་སྡེ་དགེའི་ཡབ་རྒན་ཚེ་དབང་རྡོ་རྗེ་རིག་འཛིན་གྱི་དུས་སུ་དཔོན་སློབ་བྱམས་པ་སྨོན་ལམ་དང་། མ་ཧཱ་པཎྜི་ཏ་འཇམ་དབྱངས་དགྱེས་པའི་བློ་གྲོས་གཉིས་ཆེད་གདན་བྱས་ནས་མདོ་སྔགས་རིག་གནས་བཤད་རྒྱུན་བཙུགས། རྗེས་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་༡༩༥༤ལོར་སྡེ་དགེའི་བཙུན་མོ་འཇམ་དབྱངས་དཔལ་མོས་རྒྱལ་སྲིད་སྐྱོང་ཞོར་དུ་ཉིད་ནས་རྩ་བའི་སྦྱིན་བདག་གནང་། ཁྲོ་ངེ་ཚང་དང་བྱ་རྒོད་ཚང་གཉིས་ནས་ཀྱང་མཐུན་རྐྱེན་སྦྱར་བྱས། མཛེས་ཕུ་ལྷ་ཁང་རྙིང་པ་ཉམས་གསོ་དང་འབྲེལ། འགྲམ་དུ་གྲྭ་ཤག་བདུན་ཅུ་ཙམ་གསར་བཞེངས་བྱས། ཡོངས་གྲུབ་རྗེས་རྫོང་སར་ཁམས་བྱེ་བཤད་གྲྭའི་མཁན་རབས་གཉིས་པ་དབོན་སྟོད་མཁྱེན་རབ་གདན་དྲངས་བཤད་གྲྭ་དངོས་སུ་བཙུགས་གནང་ཞིང་མཁན་རབས་དང་པོའི་ཁུར་བཞེས། དེའི་རྗེས་དགོན་དེའི་རྒྱལ་མཚན་བླ་མ་ཆོས་གྲགས་རྒྱལ་མཚོས་མཁན་རབས་གཉིས་པའི་ལས་འགན་བཞེས་མཛད། དེ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་ཞུས་པ་ལྟར། བྲག་ཡབ་མཁན་རྒན་པདྨ་དམ་ཆོས་འདིར་གནངས་ཤིང་མཁན་རབས་གསུམ་པའི་འོས་བབས་ཀྱི་མཚན་སྙན་བཞེས་མཛད། དེ་ནས་ལོ་གཅིག་ཙམ་འགོར་རྗེས་དུས་འགྱུར་གྱིས་བཤད་གྲྭའི་སྒོ་ཡང་གཏན་སོང་། སླར་ཡང་དུས་ངན་སྨག་གི་འཚུབ་ཆ་སངས་ནས་བདེ་དགའི་ཉི་གཞོན་གྱི་ཟེགས་མ་མངོན་དུ་འཆར་ཏེ། ཤིང་ཕག་ལོ་སྤྱི་ལོ་༡༩༩༥ ལོར་སྒ་བླ་མས་ལྷ་ཁང་དང་གྲྭ་ཤག་རྣམས་ཞིག་གསོ་དགོས་རིགས་ཉམས་བསྐྲུན་བྱས། རྗེས་སུ་དགོན་གཞུང་ནས་ཀྱང་རྒྱ་སྐྱེད་གསར་བསྐྲུན་མཛད་ཅིང་མེ་བྱི་སྤྱི་ལོ་༡༩༩༦ ཧོར་ལུགས་ཟླ་བ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་༥ ཉིན་དཔལ་ས་སྐྱའི་བསྟན་འཛིན་གྱི་སྐྱེས་བུ་བསྐྲུན་པའི་མ་མ། ལུང་རིགས་སྡེ་སྣོད་རྒྱ་མཚོའི་མངའ་བདག །མཁན་ཆེན་ཐམས་ཅད་མཁྱེན་པ་པདྨ་དམ་ཆོས་མཆོག་ལ་གསོལ་བ་བཏབ་པ་ཇི་བཞིན། ཆོས་གྲྭ་དེར་ཕེབས་ནས་ཟླ་བ་གཉིས་ཙམ་ལ་བཀའ་སློབ་དང་ཆོས་ཁྲིད། དགེ་ཁྲིམས་སོགས་གསུངས། དེ་ནས་སྡེ་དགེ་ལྷུན་འགྲུབ་སྟེང་ནས་ཡིན་པའི་འཇམ་དབྱངས་མཁྱེན་རབ་དབང་ཕྱུག་གམ།
ཡོངས་གྲགས་ལ་མཁན་པོ་སྐལ་ལྡན་ཚེ་རིང་མཆོག་གིས་མཁན་རབས་བཞི་པའི་འགན་འཁྲི་ཆ་ཚང་བླངས་ནས་ཕྱོགས་ཁག་ནས་ཕེབས་པའི་གྲྭ་མང་འདུས་པ་རྒྱ་མཚོ་ལ་མདོ་སྔགས་རིག་གནས་དང་བཅས་པ་བསྩལ་གནང་མཛད། དེེའི་རྗེས་སུ་ཡང་ལྷུན་འགྲུབ་སྟེང་ནས་ཡིན་པའི་མཁན་པོ་ངག་དབང་མཁས་གྲུབ་ལགས་ནས་མཁན་རབས་ལྔ་པའི་ཁུར་བཞེས་ཏེ་གཞུང་བཤད་མཛད། དེའི་རྗེས་སུ་སྡེ་དགེའི་འཇོ་མདའ་ཛཾ་ཐོག་དགོན་ནས་ཡིན་པའི་མཁན་པོ་བསོད་ནམས་གྲགས་པས་ཀྱང་མདོ་སྔགས་ཀྱི་གཞུང་ལུགས་བཤད་ཁྲིད་མཛད། དེར་སློབ་གཉེར་བ་མང་དུ་འཛོམས་ཤིང་རྒྱ་སྐྱེད་བྱ་བའི་ཁོར་ཡུག་མེད་སྟབས། གནས་མཆོག་དྷརྨ་མདོར་སློབ་ཁང་གྲྭ་ཤག་དང་བཅས་པ་གསར་བཞེངས་བྱ་རྒྱུའི་འཆར་གཞི་བཀོད་ཅིང་། མ་ཟད་རྫོང་སར་མཁྱེན་བརྩེ་རིན་པོས་དེ་རུ་སློབ་གྲྭ་ཞིག་བཏབ་ན་རྒྱལ་བསྟན་སྤྱི་བྱེ་སྨན་པའི་བཀའ་དགོངས་གནངས་པ་དང་འབྲེལ། མཚན་ལ་བྱ་རྒོད་སྤུངས་རི་ཤེས་དགའ་ཚལ་ཞེས་གསོལ། དེ་ནས་བོད་ཤིང་རྟ་ལོ་སྤྱི་ལོ་༢༠༡༤ དབྱར་ཧོར་ལུགས་ཟླ་བ་ལྔ་པའི་ཡར་ཚེས་ཉི་བཟང་ཞིག་ལ་ཕྱི་ནང་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་བྱུང་བའི་སྒོ་འབྱེད་དང་འབྲེལ། ཉིན་ལྔར་དགའ་སྟོན་མཛད་སྒོ་གཟབ་རྒྱས་འཚོགས། སྐབས་དེར་ངོར་ཤར་ཆེན་ཀླུ་ཡི་དབང་པོ་མཁན་གཞོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་དབུར་བཞུགས། བླ་སྤྲུལ་མཁན་པོ་དགེ་འདུན་སྟོང་ཕྲག་མང་པོས་རབ་གནས་དང་བསྟན་པ་རྒྱས་ཆོག །ཡུལ་ལྷ་མཆོད་པའི་བསང་མཆོད་སོགས་ཀྱིས་བཀྲ་ཤིས་དགེ་མཚན་འབར་བར་བྱས། གངས་ལྗོངས་གླུ་ཡི་འགྱུར་ཁུག་སྒྲོག་པའི་རྒྱལ་པོ་ཡར་དུང་ལ་སོགས་པའི་གླུ་པ་གླུ་མ་རྣམས་ནས་གླུ་ཡི་མཆོད་པ་ཕུལ། ཐུན་མིན་བོད་ཀྱི་བྲོ་ཆེན་རྡུང་བའི་བྲོ་པ་ཕོ་གཞོན་མོ་གཞོན་ཉིས་བརྒྱ་ཙམ་གྱིས་སྡེ་དགེའི་མདུན་བྲོའི་མཆོད་པས་ལྷ་མི་ཐམས་ཅད་དགྱེས་པར་བྱས། དེས་ན་ད་ལྟའི་སློབ་གྲྭ་དེ་ལ་ལྷ་ཁང་ཆེ་ཆུང་གསུམ། གྲྭ་ཤག་སུམ་བརྒྱ་ལྷག་བཅས་ལ་ཚོན་རྩི་རི་མོ་ཕུན་སུམ་ཚོགས་ཤིང་ཕྱི་ཡི་བཀོད་པ་ལེགས་ཤིང་ནང་གི་སྤྱོད་སྒོ་ཡངས་པ། ཁོར་ཡུག་མཛེས་ཤིང་ལྷོད་ལ་བག་ཡངས་པ། ཉེ་མཁོའི་ཆ་རྐྱེན་ཕུན་སུམ་ཚོགས་པ་ཞིག་བྱུང་།
ད་ལྟར་མཁན་རིན་པོ་བསོད་ནམས་གྲགས་པས་ཕྱི་ནང་ཐམས་ཅད་ཀྱི་གཟིགས་སྐྱོང་གནངས་བ་མ་ཟད། མདོ་སྔགས་གཉིས་ཀྱི་ཆོས་ཁྲིད་ཉིན་བཞིན་མ་ཆགས་པར་མཛད་བཞིན་པས་བཀའ་དྲིན་ཤིན་ཏུ་ཆེ། དཔེ་ཁྲིད་ཀྱི་རིམ་པ་ལའང་། བློ་སྦྱོང་འཛིན་གྲྭ། རིག་གནས་འཛིན་གྲྭ། འདུལ་བ་འཛིན་གྲྭ། ཚད་མ་འཛིན་གྲྭ། དབུ་མ་འཛིན་གྲྭ། ཤེར་ཕྱིན་འཛིན་གྲྭ། མངོན་པ་འཛིན་གྲྭ། རྒྱུད་སྡེ་འཛིན་གྲྭ་བཅས་གོང་འོག་སྐབས་རིམ་དང་བཅས་པ་ཡོད་ཅིང་། དེ་དག་ལ་སློབ་ཁྲིད་བྱེད་མཁན་ཡང་མཁན་པོ་རྣམ་པ་གསུམ། གཞན་ཡང་དགེ་རྒན་སྐྱོར་དཔོན་སོགས་ཀྱང་དགོས་དམིགས་ཀྱི་གཞི་རིམ་དང་མཚུངས་པར་ཡོད། དེ་རུ་རྒྱུན་གྱི་འཚོ་བའི་ཆ་རྐྱེན་ལའང་མཁན་རིན་པོ་སྐལ་ལྡན་ཚེ་རིང་གི་བདག་རྐྱེན་ལས་ཉིན་གུང་འབྲས་དང་ཚལ་སྣ་གཉིས་རེ་བརྗེ་བཞིན་ཡོད།
དགོང་མོར་འབྲས་ཐུག །བྲོ་ཐུག་སོགས་བརྗེ་བཞིན་ཡོད། དབྱར་ཁར་ཟླ་ལྔ་པའི་ནང་སློབ་མཚམས་ཟླ་གཅིག་ལྷག་རེ་དང་། དགུན་ཁར་ཟླ་བཅུ་གཅིག་པའི་མཇུག་ཙམ་ནས་ཟླ་གཅིག་ལྷག་གི་མལ་གསོ་བཅས་ཡོད་ཅིང་། རྒྱུན་པར་ཡར་མར་ངོའི་བཅོ་ལྔར་སྔ་དྲོར་གསོ་སྦྱོང་དང་ཉིན་གུང་འཛིན་གྲྭ་ཐུན་མོང་ལ་བློ་སྦྱོང་སྐོར་གྱི་ཆོས་ཁྲིད་དང་། ཕྱི་དྲོར་བཀའ་འགྱུར་ལ་སོགས་ཀྱི་རིམ་གྲོ་ཅི་རིགས་གསུང་བཞིན་ཡོད། ཡར་མར་ངོའི་ཚེས་གཅིག་གི་ཉིན་མལ་གསོ་བྱེད། དེ་མིན་ཀུན་ལ་གཅིག་མཚུངས་ཀྱི་སློབ་ཁྲིད་ཡོད་པ་ནི། ནངས་པར་རྒྱུད་སྡེ་ཚང་ལ་ཆོས་ཁྲིད་དང་བསྟུན།
འཛིན་གྲྭ་གཞན་པ་རྩ་གཞུང་བློ་འཛིན་བྱེད། དེ་ནས་ཐམས་ཅད་ལྷན་དུ་འཚོགས་ནས་བཤད་གྲྭའི་ཉེ་འཚེ་འཇིལ་བྱེད་དུ་སྒྲོལ་མ་དང་ཤེར་སྙིང་ཚར་གསུམ་གསུམ་གསུངས། དེ་ནས་འཛིན་གྲྭ་སོ་སོ་འཚོགས་ཤིང་སློབ་ཁྲིད་བྱེད། ཆོས་ཁྲིད་གྲོལ་རྗེས་རྩོད་གྲྭ་འཚོག །གུང་ཟས་གསོལ། གུང་ཐུན་སྡོམ། ཕྱི་དྲོར་སླར་ཡང་ཆོས་གྲྭ་འཚོག །རྩ་གཞུང་བློ་འདོན་བྱེད། དེ་ནས་ཡོན་བདག་རྣམས་ཀྱི་འདོད་བློ་འགེངས་བྱེད་ཨ་མཆོད་སྐོར་གསུང་། བསྐྱར་སྦྱོང་འཚོག །སྔ་ཐུན་སྡོམ་པ་སོགས་ནི་སྤྱི་འགྲོས་ཡིན། དེ་ལྟར་བསྟན་འགྲོར་སྨན་པའི་ཐུགས་རབ་རླབས་ཆེན་དང་འབྲེལ། དུས་ཀུན་འབད་བཞིན་པའི་ཆོས་གྲྭ་ཆེན་པོ་ཞིག་ཏུ་གྱུར་ཡོད།
Leave a Reply