༼ཀ༽༄༅། །བླ་མ་དམ་པ་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ཀྱི་རྣམ་པར་ཐར་པ་བཞུགས་སོ།།
༈ །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པ་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །མཁྱེན་རབ་རྒྱ་མཚོའི་དབུས་སུ་འཁྲུངས། །ཕུན་ཚོགས་ཐུགས་རྗེའི་ཁམས་ལས་གྲུབ། །ཕྲིན་ལས་གཟི་འོད་ལྷམ་མེ་བ། །རྗེ་བཙུན་རི་དབང་ལ་ཕྱག་འཚལ། །མ་ལུས་རིགས་ཀྱི་མངའ་བདག་རྡོ་རྗེ་འཆང༌། །རྩོད་པའི་དུས་འདིར་བཤེས་གཉེན་སྐུར་བསྟན་ནས། །རྣམ་མང་འགྲོ་ལ་ཕན་བདེ་སྩོལ་མཛད་པ། །རྒྱལ་སྲས་བླ་མའི་རྣམ་ཐར་མདོ་ཙམ་བྲི། །འདིར་བདག་ཅག་གི་བླ་མ་དམིགས་པ་མེད་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བའི་བདག་ཉིད་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྒྱལ་སྲས་ས་བཟང་པ་ཆེན་པོ་འཕགས་པ་གཞོན་ནུ་བློ་གྲོས་ཞེས་རྣམ་པར་གྲགས་པ་དེ་ཉིད་ངེས་པའི་དོན་དུ་ན། སྟུག་པོ་བཀོད་པའི་ཞིང་དུ་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་སངས་རྒྱས་སུ་ཟིན་ཀྱང༌། ཞིང་འདིར་བདག་ཅག་ལ་སོགས་པ་འགྲོ་བ་མང་པོ་རྗེས་སུ་གཟུང་བའི་སླད་དུ། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱིས་བྱིན་གྱིས་བརླབས་པའི་གནས་དམུ་རྫིང་དུ། ཡབ་དགེ་སློང་གཞོན་ནུ་དཔལ་དང༌། ཡུམ་སྒྲོ་ལམ་འབུམ་གཉིས་ཀྱིས་སྲས་སུ། ས་ཕོ་ཁྱིའི་ལོ་ལ་སྐུ་འཁྲུངས་ཏེ། གཞོན་ནུ་ཉིད་ནས་ཞི་བ་དང་དུལ་བའི་དཔལ་དང་ལྡན་ཞིང༌། བྱིས་པའི་སྤྱོད་ལམ་ལས་འདས་པ་ཞིག་གོ །དགུང་ལོ་ལྔ་པ་ལ་བར་ཆད་ཀྱི་རྣམ་པ་ཅུང་ཟད་བྱུང་བ་ལ་བརྟེན་ནས། བླ་མ་ལྷ་རྩེ་རྩེ་མོ་ལས་གསང་སྔགས་རྙིང་མའི་ལུགས་ཀྱི་རྟ་མགྲིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། དགེ་བསྙེན་རྡོ་རྗེ་སྲ་བརྟན་དུ་མཚན་གསོལ་ཏེ། ཡུམ་གྱིས་ཀྱང་གྲོགས་བྱས་ཏེ་རྟ་མགྲིན་ལ་བསྙེན་པ་མཛད་པས་འབྱུང་པོའི་བར་ཆད་ལས་གྲོལ་ལོ། །དགུང་ལོ་བརྒྱད་པ་ལ་བླ་མ་ཐུགས་རྗེ་རྫོང་པ་རྒྱལ་མཚན་འབུམ་པའི་དྲུང་དུ་རབ་ཏུ་བྱུང་བར་མཛད་དོ། །དམ་པའི་ཆོས་འདུལ་བ་མདོ་རྩ་དང༌། དེའི་རྣམ་བཤད་འཛིམ་པ་ཤེས་རབ་འོད་ཀྱིས་མཛད་པ་ལ་ཡུན་རིང་དུ་ཐུགས་སྦྱང་མཛད་ཅིང་ལྷག་པར་ཚུལ་ཁྲིམས་ཀྱི་ཕུང་པོ་མིག་གི་འབྲས་བུ་ལྟར་གཅེས་པར་མཛད་དོ། །དགུང་ལོ་ཉེར་གཅིག་པ་ལ། དཔལ་བཟང་ལྡན་གྱི་ཆོས་གྲྭ་ཆེན་པོར་མཁན་པོ་ཡང་དག་པའི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་ཆེན་པོ་སངས་རྒྱས་བཟང་པོ་དང༌། ལས་ཀྱི་སློབ་དཔོན་བླ་མ་ནམ་མཁའ་རྒྱལ་མཚན། གསང་སྟེ་སྟོན་པ་བླ་མ་མགོན་པོ་འབུམ་པས་མཛད་དེ། དད་པའི་དགེ་འདུན་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཡང་དག་པར་ནོད་དེ། དེ་ཕྱིན་ཆད་དགེ་སློང་གི་ཆོས་བཞི་དང་རྒྱན་བཅུ་བདུན་གྱིས་མཛེས་པར་བྱས་པ་ཞིག་གོ །དེ་ནས་མཁན་པོ་སངས་རྒྱས་བཟང་པོ་ལ། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་གསན་ཅིང༌། གཙོ་ཆེར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་བསྙེན་པ་ལན་གྲངས་དུ་མ་དང༌། རིག་པ་སྟོང་ཕྲག་བརྒྱ་པ་ལན་གསུམ་དུ་མཛད་པས། སྐྱེ་བོ་ཐམས་ཅད་ཀྱིས་འདི་ནི་སྨྱུང་གནས་ལ་སོགས་པའི་དཀའ་ཐུབ་དང་དཀའ་སྤྱད་དྲག་པོ་འདི་ལྟ་བུས་དུས་འདའ་བར་འདུག་པས་འཕགས་པ་དང་འདྲའོ་ཞེས་གླེང་བས་འཕགས་པ་ཞེས་མཚན་དུ་གྲགས་སོ། །དེ་ནས་སྙིགས་མའི་དུས་ཀྱི་སྤྱན་རས་གཟིགས་གཉིས་པར་གྱུར་པ་རྒྱས་སྲས་ཐོགས་མེད་ལ་ཤིན་ཏུ་དད་དེ། དེའི་སྤྱན་སྔར་བྱོན་པའི་ལམ་དུ། ས་བཟང་ན་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བཞུགས་པའི་དྲུང་དུ་ཕྱག་འཚལ་བར་བྱོན་པས། སྔར་བཟང་ལྡན་དུ་མཆོད་གཡོག་ཅིག་བྱེད་མྱོང་བ་དང༌། རིན་པོ་ཆེ་ཤེས་རབ་དཔལ་བ་དང་སྐུ་ཉེ་ཕྱོགས་གཅིག་ཏུ་འོང་བ་ལ་བརྟེན་ནས་རེ་ཞིག་འདིར་སྡོད་གསུངས་ནས་ཆོས་རྗེ་དེ་ཉིད་ཀྱི་ཞབས་དྲུང་དུ་བཞུགས་ཏེ། ཉིད་ལ་ཇི་ལྟར་མངའ་བའི་སྡེ་སྣོད་གསུམ་དང་འབྲེལ་བའི་མདོ་སྡེ། དེ་དག་གི་དགོངས་པ་འགྲེལ་བའི་བསྟན་བཅོས་རྣམས་ཀྱི་བཤད་བཀའ་ལུང་བཀའ། བསྒོམ་རིམ་རྣམས་ཀྱི་མན་ངག་དང་བཅས་པ་དང༌། རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་བཀའ་བཤད་བཀའ་མན་ངག་གི་བཀའ་ལ་སོགས་པ་རྣམས་བུམ་པ་གང་བྱོ་བའི་ཚུལ་དུ་ནོད་པར་མཛད་དོ། །དེ་ནས་སྐབས་ཤིག་ཏུ་རྒྱལ་བའི་སྲས་པོ་ཐོགས་མེད་ཀྱི་དྲུང་དུ་བྱོན་ཏེ་ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་ཁྲིད་བཀའ་ལན་མང་དུ་གསན་ཅིང༌། ཉིད་ཀྱིས་མཛད་པའི་གསུང་འབུམ་ཐོར་བུ་བ་དང༌། སྤྱོད་འཇུག་དང་མདོ་སྡེ་རྒྱན་གྱི་ཊཱི་ཀ་རྣམས་ཀྱི་ལུང་ཙམ་ཞིག་གསན་ཏོ། །ཚེ་འདས་ཀྱི་མིང་བྱང་མང་པོ་ལ་དབང་བསྐུར་མཛད་ཀྱིན་འདུག་པའི་ཞོར་ལ་བླ་མ་ཉིད་ཀྱིས་ནན་གྱིས་ཞུས་ཏེ་ཀུན་རིག་གནུར་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའང་གསན་ནོ། །ཡང་ཆོས་རྗེ་འདི་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་དེའི་བྱིན་རླབས་ཀྱིས་བླ་མ་ཉིད་ལ་ཡང་ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་ཡང་དག་པར་བརླན་པར་གྱུར་པ་ནི་སྐྱེ་བོ་ཐམས་ཅད་ལ་མངོན་སུམ་དུ་གྲུབ་པ་ཡིན་ནོ། །དེ་ནས་ཇོ་ནང་དུ་ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་དྲུང་དུ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྫོགས་པར་ཞུས་ཤིང༌། ཕྱིས་བདེ་ཆེན་དུ་རྒྱུད་འགྲེལ་གྱི་བཤད་བཀའ་སྦྱོར་དྲུག་གི་ཁྲིད་བཀའ་དང་བླ་མ་འདི་ཉིད་ཀྱིས་མཛད་པའི་དུས་འཁོར་གྱི་ཡིག་ཆ་མཐའ་དག་གི་ལུང་གསན་ནོ། །སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་མཁས་པ་ཆེན་པོ་ཆོས་རྗེ་ལོ་ཙྪ་བ་བྱང་ཆུབ་རྩེ་མོའི་དྲུང་དུ། དཔལ་གསང་བ་འདུས་པ་འཕགས་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ཏེ་མི་ཕྱེད་པའི་དད་པ་ཐོབ་ལ། ཡོན་ཏན་གྱི་ཁྱད་པར་མང་པོ་ཐུགས་རྒྱུད་ལ་འཁྲུངས་ཤིང་སྐྱིད་སྡུག་ལམ་ཁྱེར་ལ་སོགས་པའི་མན་ངག་འགའ་ཞིག་ཀྱང་གསན་ནོ། །གཞན་ཡང་བླ་མ་མཁས་བཙུན་མགོན་པོ་རྒྱལ་མཚན་པ་དང༌། མཁན་ཆེན་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་བ་དང༌། ཆོས་རྗེ་བྱང་ཆུབ་སེང་གེ་ལ་སོགས་པའི་བཤེས་གཉེན་བཞི་བཅུ་ཞེ་གཉིས་བསྟེན་ཏེ། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་བཞི་དང་འབྲེལ་བའི་དབང་བྱིན་རླབས་རྗེས་གནང་རིག་པ་གཏད་པ། རྒྱུད་དེ་དག་གི་མན་ངག་ཁྲིད་བཀའ་རྒྱུད་ཀྱི་བཤད་བཀའ་འགྲེལ་པ་དང་སྒྲུབ་ཐབས་ཀྱི་ལུང་བཀའ་ལ་སོགས་པ་དང་བཀའ་འཁོར་ལོ་རིམ་པ་གསུམ་དང་འབྲེལ་པའི་མདོ་སྡེ་རྣམས་ཀྱི་ལུང་བཀའ་འགྲེལ་པའི་བཤད་བཀའ། བསྒོམ་རིམ་གྱི་མན་ངག་ལ་སོགས་པ་དང༌། གཞན་ཡང་བཀའ་གདམས། ཞི་བྱེད་ཕྱག་ཆེན་གཅོད། གསང་སྔགས་རྙིང་མ་ལ་སོགས་པའི་བོད་དུ་འགྱུར་བའི་བཀའ་ལུང་ཕལ་མོ་ཆེ་གསན་ཏེ། ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཏོ། །ཁྱད་པར་བལ་པོ་ཡེ་རང་གི་གྲོང་ཁྱེར་ཆེན་པོར་དཀའ་སྤྱོད་དང་བརྩོན་འགྲུས་ཀྱིས་བྱོན་ཏེ། བལ་པོའི་པཎྜི་ཏ་ཆེན་པོ་མ་ཧཱ་བོ་དྷི་ལས་རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ་ཀྲི་ཡ་ས་མུ་ཙྪའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བ་ཞུས་ནས་དེའི་བཤད་བཀའ་ལག་ལེན་གྱི་བཀའ་དང་བཅས་པ་དང༌། རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་རྒྱས་པའི་དབང་བཀའ། སྒྲུབ་ཐབས་ཀྱི་ལུང༌། འཇམ་དབྱངས་རྣམ་འཕྲུལ་ལ་སོགས་པ་སྔོན་ཆད་མཁས་པ་གཞན་གྱིས་བོད་དུ་མ་འགྱུར་བའི་ཆོས་མང་པོ་བོད་དུ་སྤྱན་དྲངས། ཡང་ཆོས་རྗེ་པཎ་ཆེན་པ་དང༌། ཆོས་རྗེ་བྱང་སེང་པ་གཉིས་ཀྱི་སྤྱན་སྔར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་བཤད་བཀའ་ལན་མང་དུ་གསན་ཅིང་ཐུགས་སྦྱོང་ཡུན་རིང་དུ་མཛད་ལ། མདོ་སྡེ་རྒྱན། རྒྱུད་བླ་མ། སྤྱོད་འཇུག མངོན་པ་ཀུན་ལས་བཏུས། སྒྲ་ཀ་ལཱ་པ། སྙན་དངགས་མེ་ལོང༌། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལ་སོགས་པ་མདོ་སྔགས་ཀྱི་གཞུང་ལུགས་དང༌། ཐ་སྙད་ཀྱི་གཙུག་ལག་མང་པོ་ལ་བསམ་དཔྱོད་དང༌། གསན་སྦྱོང་ཡུན་རིང་དུ་མཛད་པས། གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཏོ། །གཞན་ཡང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ། ཨུ་རྒྱན་བསྙེན་སྒྲུབ། གསུང་ངག་རིན་པོ་ཆེ། གསང་འདུས་རིམ་ལྔ། བདེ་མཆོག་རིམ་ལྔ་ལ་སོགས་པ་རྣལ་འབྱོར་ཉམས་སུ་བླངས་བའི་མན་ངག་མཐའ་དག་ལ་དབང་འབྱོར་ཞིང་ཏིང་ངེ་འཛིན་དེ་དག་ཡུན་རིང་པོར་ཐུགས་ཉམས་སུ་བཞེས་པས་མངོན་པར་རྟོགས་པའི་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ཐུགས་ལ་འཁྲུངས་པ་ཡིན་ནོ། །གཞན་ཡང་བདག་གིས་བླ་མ་འདི་ནི་ཞི་བ་དང༌། དུལ་བ་དང༌། ངེས་པ་དང༌། གསོང་པོར་སྨྲ་བ་དང༌། ཚིག་འཇམ་པ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཆོས་ཚད་མེད་པ་མངའ་བ་ལ་བརྟེན་ནས། ཆོས་ཀྱི་རྗེ་ས་བཟང་པཎྜི་ཏ་ཆེན་པོ་ཉིད་ཐུགས་ཤིན་ཏུ་རངས་པར་གྱུར་ཏེ། བླ་མ་དམ་པ་དགུང་ལོ་ཉེར་དགུ་པ་ལ་དགེ་ལྡན་ས་བཟང་གི་དགོན་པར། ཆོས་རྗེ་ཉིད་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་ཞིང༌། ཆེན་པོ་མང་པོའི་གཙུག་རྒྱན་དུ་མངའ་གསོལ་བ་ལ་བརྟེན་ནས། བླ་མ་ཉིད་ཀྱིས་ཀྱང་བསྟན་པ་རིན་པོ་ཆེའི་ཁུར་ཆེན་པོ་བཞེས་ཏེ། དམ་པའི་ཆོས་ཀྱིས་དུས་འདའ་བའི་ཕྱིར། སྔ་ཕྱིར་ཀྲི་ཡ་ས་མུཙྪ་དང་རྡོ་རྗེ་ཕྲེང་བའི་དབང་ཡོངས་སུ་རྫོགས་པ་ཚར་བརྒྱ་ཟིན་ཙམ། དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སུམ་ཅུ་སོ་ལྔ། ཡོ་གའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཚར་དྲུག གཞན་ཡང་གསང་འདུས་ཀྱེ་རྡོར་བདེ་མཆོག་གདན་བཞི་ལ་སོགས་པ་ཟུར་བཀའ་གྲངས་མཐའ་ཡས་པ་དང༌། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་དྲུག་ཅུ་ལྷག་ཙམ་དང༌། རྒྱུད་འབུམ་ཡོངས་སུ་རྫོགས་པའི་ལུང་ལན་བཅུ་དགུ། མདོ་སྡེ་ཡོངས་སུ་རྫོགས་པའི་ལུང་ལན་བཅོ་ལྔ། འདུལ་བ་ལུང་ལན་བརྒྱད། ཤེར་ཕྱིན་གྱིས་མདོ་ཡོངས་སུ་རྫོགས་པ་ལན་གསུམ། གཟུངས་འདུས། གཟུངས་འབུམ། དཀོན་མཆོག་བརྩེགས་རྣམས་ལན་དྲུག་རེ། སངས་རྒྱས་ཕལ་པོ་ཆེ་ལན་བརྒྱད། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་བཀའ་འབུམ་ཚར་ལྔ། ཆོས་རྗེ་ས་བཟང་པའི་བཀའ་འབུམ་ཚར་བདུན་ལ་སོགས་པ་གསུང་རབ་དགོངས་འགྲེལ་དང་བཅས་པའི་ལུང་བརྗོད་ཀྱིས་མི་ལང་པ་དང༌། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་སོགས་པ་མན་ངག་གི་ཁྲིད་བཀའ་མཐའ་དག་གསུང་ཞིང༌། དེ་དག་གང་མཛད་ཀྱང་ཚིག་རྣ་བར་སྙན་ཅིང༌། གོ་བདེ་བ་དང༌། གསུང་གསངས་མཐོ་ཞིང༌། རྣ་བར་འབབ་པ་ལ་སོགས་པ་གཞན་ལས་ཁྱད་པར་དུ་འཕགས་པའི་ཆོས་ཀྱི་འདོམས་ཚུལ་གྱིས་གདུལ་བྱ་རྣམས་དད་ཅིང་ཡིད་འཕྲོག་པར་མཛད་པ་ཞིག་གོ །མདོར་ན་དགུང་ལོ་ཉེར་དགུ་བཞེས་པ་ནས་བརྩམས་ཏེ། གཟུགས་ཀྱི་སྐུའི་སྤྲུལ་པ་ཆོས་ཀྱི་དབྱིངས་སུ་མི་བསྡུ་བའི་ཞག་ཉི་ཤུ་རྩ་གསུམ་གྱི་གོང་མ་གཏོགས་ཉིན་མཚན་འཁོར་ཡུག་ཏུ་དམ་པའི་ཆོས་གསུང་བ་ལ་སོགས་པ་བསྟན་པའི་བྱ་བ་རྒྱ་ཆེན་པོ་དང༌། གཞན་དོན་ཁོ་ནའི་ཁུར་ལ་སྐད་ཅིག་ཀྱང་མི་གཡེལ་བར་བཞུགས་པ་ལ་བརྟེན་ནས། མགོན་པོ་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་དཔལ་ལྡན་ས་སྐྱའི་གདུང་བརྒྱུད་རིན་པོ་ཆེ་བླ་མ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ་གདུང་བརྒྱུད་དྲི་མ་མེད་པ་མང་པོའི་རྩ་བའི་བླ་མར་གྱུར་ཅིང༌། སྡོམ་བརྩོན་མཁས་པའི་དབང་པོ་ཆོས་རྗེ་སངས་རྒྱས་དཔལ་བ་ལ་སོགས་པ་བོད་ཀྱི་མཁས་པ་མང་པོ་དང༌། ཆོས་རྗེ་ལམ་འབྲས་པ་བློ་བཟང་པ་ལ་སོགས་པ་རྣལ་འབྱོར་པ་ཁྱད་པར་ཅན་མང་པོ་དང༌། དབུས་གཙང་མངའ་རིས་མདོ་སྟོད་སྨད་ལ་སོགས་པ་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་གྲངས་ལས་འདས་པ་རྣམས་ཀྱི་ཆོས་ལ་ལོངས་སྤྱོད་པའི་གཞིར་གྱུར་ཅིང༌། དེ་ཐམས་ཅད་ཀྱིས་ཀྱང་རྡོ་རྗེ་འཆང་དང་གཉིས་སུ་མེད་པའི་དད་པ་ཐོབ་ནས་རྩ་བའི་བླ་མར་འཛིན་ཅིང་དགེ་བའི་བཤེས་གཉེན་འདི་ནི་ཁོང་ཁྲོ་བ་དང་ཕྲག་དོག་པ་དང་ང་རྒྱལ་དང་ཚིག་རྩུབ་དང་གནོད་སེམས་ལ་སོགས་པའི་སྐྱོན་མཐའ་དག་དང་བྲལ་བས་ངེས་པར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞིག་གོ །ཞེས་ཕྱོགས་ཀུན་ཏུ་སྒྲོག་པར་བྱེད་དོ། །གཞན་ཡང་སྨན་དང་མཁྱུད་དཔྱད་དང་མན་ངག་ལ་སོགས་པ་ཐབས་མང་པོའི་སྒོ་ནས་ཕ་རོལ་ནད་གདོན་གྱིས་ཉེན་པ་རྣམས་ཞི་བར་མཛད་ཅིང༌། བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས་པ་ལ་བརྟན་ནས་གཞན་དོན་ལ་དུབ་པ་མེད་པའི་བརྩོན་འགྲུས་ཀྱིས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་འགོད་པར་མཛད་དོ། །གཞན་ཡང་དམ་པ་འདི་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་ཞིག་སྟེ། ལྷ་སར་ཇོ་བོ་རིན་པོ་ཆེ་བསྐོར་དུ་བྱོན་པའི་ཚེ་བ་རི་བ་བློ་གྲོས་རྒྱལ་མཚན་གྱིས་ཆིབས་སྣ་ཁྲིད་དེ་ཕྱིན་ནས་དགོན་པ་རྒན་མོ་ལྷས་ཀྱི་ཐད་ཙམ་དུ་ཕེབས་པ་དང༌། རི་འདིའི་རྒྱབ་ན་རྒན་མོ་ལྷས་བྱ་བའི་དགོན་པ་ཡོད། ང་སྐྱེ་བ་འདིའི་སྔོན་མ་དགོན་པ་དེའི་བླ་མ་མཁན་པོ་རིན་ཆེན་རྒྱལ་མཚན་བྱ་བ་སྐྱེས་པ་ཡིན་གསུང་ངོ་ཟེར་བ་བླ་མ་བ་རི་བ་ཉིད་ལས་ཁོ་བོས་ཐོས་སོ། །དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་ན་བདག་ལ་ཡོན་ཏན་གྱི་ཁྱད་པར་གང་ཡང་མེད་ཀྱང་རྗེ་ཉིད་ཀྱི་ཞལ་སྔ་ནས། ངེད་ཀྱང་ཡུན་རིང་པོར་ཨེ་སྡོད་མི་ཤེས་པས་ཁྱེད་རང་ཡང་ཆོས་ཀྱི་འཕྲོ་རྣམས་ཞུ་བ་ལ་བརྩོན་འགྲུས་བསྐྱེད་པ་དང༌། ས་བཟང་དགོན་བཟུང་ལ་བཀའ་ལུང་རྣམས་ཀྱིས་གཞན་ལ་ཕན་པ་རྒྱུན་མ་ཆད་པར་གྱིས་ཤིག ཅེས་པ་ལ་སོགས་པའི་ཞལ་ཏ་མང་པོ་གསུང་ཞིང༌། ཀྲི་ཡ་ས་མུ་ཙྪའི་གླེགས་བམ་དང་དམ་ཚིག་གི་རྡོ་རྗེ་དྲིལ་བུ་ཞིག་དང་ཆོས་དུང་རྣམས་གནང་སྟེ། དེའི་རྗེས་ལ་རྗེ་ཉིད་དཔལ་ས་སྐྱའི་གཟིམས་ཁང་དུ་ཐུགས་དམ་གྱི་རིམ་པ་ལ་གཞོལ་བར་གྱུར་ཏེ་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་ལོངས་སྤྱོད་པར་མཛད་ཅིང༌། ཐུགས་དམ་གྱི་སྐབས་རྣམས་སུ་གདུལ་བྱ་དག་པ་འགའ་ཞིག་ལ་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསུངས་སོ། །དགུང་ལོ་དྲུག་ཅུ་རེ་བདུན་བཞེས་པ་ན་སྐུ་ལུས་ཅུང་ཟད་ཤེད་ཆུང་བར་གྱུར་ཀྱང་གཞན་དོན་གྱིས་ཁུར་གྱི་སྟོབས་ཀྱིས། དགེ་བའི་བཤེས་གཉེན་ཁྱད་པར་ཅན་འགའ་ཞིག་ལ་ཀྲི་ཡ་ས་མུ་ཙྪའི་དཀྱིལ་འཁོར་དུ་དབང་བསྐུར་བ་མཛད་པས། ཅུང་ཟད་སྐུ་བསྙེལ་བར་གྱུར་པ་ན། དེ་དག་གི་ཆོས་ཀྱི་འཕྲོ་རྣམས་བདག་ལ་རྫོགས་པར་གྱིས་ཤིག་གསུངས་ནས། བླ་མ་དམ་པ་ཉིད་ཞིང་འདིའི་གདུལ་བྱའི་དོན་རེ་ཞིག་རྫོགས་པ་དང༌། རྟག་འཛིན་ཅན་གྱི་སྐྱེ་བོ་ཆོས་ལ་བསྐུལ་བའི་ཕྱིར་དང༌། ཞིང་ཁམས་གཞན་དུ་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་ལ་འགོད་པའི་ཆེད་དུ། ཆུ་ཕོ་འབྲུག་གི་ལོ། ནག་པ་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་སྲོད་ཀྱི་ཆ་ལ། གཟུགས་ཀྱི་སྐུའི་སྤྲུལ་པ་ཆོས་ཀྱི་སྐུ་ཞི་བ་ཆེན་པོའི་དབྱིངས་སུ་བསྡུ་བར་མཛད་དོ། །འོན་ཀྱང་བླ་མ་ཉིད་ཀྱི་ཐུགས་རྗེའི་ཕྲིན་ལས་ལས་སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་ནི་རྒྱུན་མི་ཆད་པ་ཉིད་དོ། །དེ་ལྟར་དཔལ་ལྡན་བླ་མའི་ཡོན་ཏན་ནི། །བསྐལ་བར་བརྗོད་ཀྱང་ཟད་པར་ག་ལ་ནུས། །འོན་ཀྱང་དད་པས་ཅུང་ཟད་བྲིས་འདི་ལ། །རྒྱས་སྲས་བླ་མའི་ཐུགས་རྗེ་འཇུག་གྱུར་ཅིག །དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ས་བཟང་འཕགས་པའི་རྣམ་པར་ཐར་པ་མདོར་བསྡུས་པ་འདི་བླ་མ་དམ་པ་དེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པ། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཐོག་མར་བསྐུལ་བ་དང༌། རྗེ་དེ་ཉིད་ཀྱིས་རྗེས་སུ་བཟུང་བའི་བཤེས་གཉེན་དགེ་སློང་བསོད་ནམས་རིན་ཆེན་གྱིས་འཕྲལ་དུ་བསྐུལ་ཞིང་ཡི་གེའི་རྐྱེན་ཉེ་བར་སྦྱར་བ་ལ་བརྟེན་ནས། ཆོས་རྗེ་དེ་ཉིད་ཀྱི་བྲན་དུ་གྱུར་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།། །།འདིས་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག། །།མངྒལཾ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply