༈ །ཨོཾ་སྭ་སྟི་སིདྡྷཾ། ལམ་འབྲས་བུ་དང་བཅས་པའི་བཤད་ཐབས་ཀྱི་མན་ངག་གསང་བའི་སྒོ་འབྱེད་ཅེས་བྱ་བ། རྗེ་བཙུན་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །མཐུ་སྟོབས་དབང་ཕྱུག་གསུང་རབ་རིན་ཆེན་གཏེར། །ཞལ་ནས་སྙན་དུ་བརྒྱུད་པའི་གདམས་ངག་གིས། །སྐལ་ལྡན་ཚིམ་མཛད་བླ་མར་གུས་བཏུད་ནས། །གསུང་ངག་བཤད་ཐབས་མན་ངག་འདིར་ངེས་བྱ། །འདིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། སངས་རྒྱས་ཀྱི་གསུང་རབ་ཟབ་མོ་མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་བ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་བིརྺ་པའི་གསུང་རབ། མཁས་པ་རྣམས་ཀྱིས་བགྲོད་པར་བྱ་བའི་འཇུག་ངོགས། མདོ་རྒྱུད་མ་ལུས་པ་གསལ་བར་བྱེད་པའི་སྒྲོན་མེ། བསོད་ནམས་དང་མི་ལྡན་པ་རྣམས་ཀྱིས་རྟོགས་པར་དཀའ་བ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པ་རྣམས་ཀྱི་ཐེམ་སྐས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག འབྲས་བུ་ལམ་དང་བཅས་པའི་གདམས་ངག གཅིག་ཤེས་པས་མང་པོ་ཤེས་པའི་གདམས་ངག སྐྱོན་ཡོན་ཏན་དུ་བསླང་པའི་གདམས་ངག བར་ཆད་དངོས་གྲུབ་ཏུ་ལེན་པའི་གདམས་ངག ཏིང་ངེ་འཛིན་ངོ་ཤེས་པས་བསམ་གཏན་གྱི་གེགས་སེལ་བའི་གདམས་ངག བར་ཆད་ངོ་ཤེས་པས་བདུད་ཀྱི་གེགས་སེལ་བའི་གདམས་ངག གསེར་འགྱུར་གྱི་རྩི་ལྟ་བུའི་གདམས་ངག རྩ་བ་རྡོ་རྗེའི་ཚིག་རྐང༌། སྡེ་སྣོད་གསུམ་གྱི་དེ་ཉིད། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་གདམས་ངག་འདི་ནི། གང་བཤད་པ་དང་ཉན་པར་བྱ་བའི་ཆོས་ཡིན་ནོ། །དེའང་རྗེ་བཙུན་ས་སྐྱ་པ་ཆེན་པོའི་ལམ་འབྲས་དོན་བསྡུས་ལས། ཚད་མ་སྙན་བརྒྱུད་བཞི་ཡིས་སྤྲོས་པ་གཅོད། །ཅེས་གདམས་ངག་གི་སྤྲོས་པ་ཐམས་ཅད་ཚད་མ་བཞིས་གཅོད་པར་གསུངས་ཤིང༌། བཞི་པོ་དེ་ཉིད་ཀྱང་དཔལ་སམྦུ་ཊིའི་རྒྱུད་ལས། བསྟན་བཅོས་ཚད་མ་སློབ་དཔོན་དང༌། །ལུང་གི་རྗེས་འབྲང་དེ་ཉིད་རིག །གསང་དོན་དེ་ཉིད་དངོས་པོ་ཡང༌། །གཅིག་ནས་གཅིག་བརྒྱུད་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །དེས་ན་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་རྣམས་ཚད་མ་བཞིའི་སྒོ་ནས་ཉམས་སུ་བླང་དགོས་པས། དེ་བཤད་ན་བཞི་སྟེ། མན་ངག་སྟོན་བྱེད་ཀྱི་བླ་མ་ཚད་མར་སྒྲུབ་པའི་ཕྱིར། བླ་མ་བརྒྱུད་པའི་ལོ་རྒྱུས་མཉན་ཞིང་མོས་གུས་བསྒོམ་པ་དང༌། རྣལ་འབྱོར་པ་རང་གི་རྒྱུད་ལ་ཉམས་མྱོང་ཚད་མ་བསྐྱེད་པའི་ཕྱིར། ཁྲིད་ཀྱི་རྣལ་འབྱོར་ཉམས་སུ་བླང་བ་དང༌། ཉམས་མྱོང་དེ་ཉིད་ལ་ངེས་ཤེས་ཁྱད་པར་ཅན་སྐྱེད་པའི་ཕྱིར། ལོ་རྒྱུས་སམ་བསྟན་བཅོས་ཚད་མ་གཞུང་རྡོ་རྗེའི་ཚིག་རྐང་མཉན་པ་དང༌། བསྟན་བཅོས་དེ་ཉིད་ལ་ཡིད་ཆེས་ཁྱད་པར་ཅན་བསྐྱེད་པའི་ཕྱིར་ལུང་ཚད་མ་དང་སྦྱར་ཏེ་བཤད་པའོ། །དང་པོ་ནི། བླ་མ་རྒྱ་བོད་ཀྱི་རྣམ་ཐར་མཉན་ཞིང་མོས་གུས་བྱ་སྟེ། རྗེ་བཙུན་ཆེན་པོས། དང་པོར་བླ་མ་ཚད་མར་བྱ་བ། བླ་མ་ལ་མོས་གུས་ཚུད་ཚུད་བསྒོམ་པར་བྱ་ཞེས་གསུངས་སོ། །གཉིས་པ་ལ་གསུམ། ཉམས་མྱོང་མ་སྐྱེས་པར་སྐྱེད་པར་བྱེད་པ་ཁྲིད་ཀྱི་རྣལ་འབྱོར། སྐྱེས་པ་བརྟན་པར་བྱེད་པ་རྟོགས་པ་སྐྱེད་པའི་ཆོས་ལྔ། དེ་དག་གི་བར་ཆད་སེལ་བར་བྱེད་པ་གེགས་སེལ་གྱི་ཡི་གེ་བཞི་བཤད་པའོ། །དང་པོ་ལ་བཞི། གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་གཞུང་ཤིང༌། གནད་དྲུག་གིས་དཀྲི་བའི་གཞུང་ཤིང༌། གནད་བཅུ་གཅིག་གིས་དཀྲི་བའི་གཞུང་ཤིང༌། དབང་པོ་རབ་འབྲིང་གསུམ་དུ་དཀྲི་བའི་གཞུང་ཤིང་ངོ༌། །དང་པོ་ལ་གཉིས། གཞུང་ཇི་ལྟ་བ་བཞིན་དཀྲི་བ་དངོས་དང༌། དེའི་གནད་བསྡུས་ནས་ཉམས་སུ་བླངས་པའི་གདམས་ངག་གོ །དང་པོ་གཞི་དམ་ཚིག་ལ་གནས་པར་བྱ་བ་ལ་གཉིས། དམ་ཚིག་དང་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་དབང་བསྐུར་བ་དང༌། ཐོབ་པ་མི་ཉམས་པར་བྱེད་པ་དམ་ཚིག་གི་ཚོགས་བསྟན་པའོ། །དང་པོ་ནི། དབང་གི་ཆུ་བོའི་ལག་ལེན་རྒྱས་པ། དབང་བཞིའི་ཆོ་ག་མཐའ་དག་མདོར་བསྡུས་པ་མན་ངག་གི་གནད་མཆོག་དབང་གསུམ་གྲོལ་ལམ་ལ་རྟེན་ཏེ་བསྐུར་བ། ཡབ་ཀྱི་བསྐྱེད་རིམ་རྒྱས་པ་ཡན་ལག་བཞི་པ། འབྲིང་པོ་ཡན་ལག་དྲུག་པ། བསྡུས་པ་ཡུམ་གྱི་བསྐྱེད་རིམ་རྣམས་ལ་བརྟེན་ནས། ཡབ་ཡུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་རྣམ་པར་དག་པ་བླང་ངོ༌། །གཉིས་པ་ལ་གསུམ། བསྲུང་བའི་དམ་ཚིག བཟའ་བའི་དམ་ཚིག བསྟེན་པའི་དམ་ཚིག་གོ །དང་པོ་ནི། རྩ་ལྟུང་བཅུ་བཞི་ཡན་ལག་གི་ལྟུང་བ་དང་བཅས་པའི་འགྲེལ་པ་འཁྲུལ་པ་སྤངས་པ་ལྟར་རོ། །གཉིས་པ་ལ་གཉིས། རྒྱུན་གྱི་བཟའ་བའི་དམ་ཚིག་དང༌། ཁྱད་པར་གྱི་བཟའ་བའི་དམ་ཚིག་གོ །དང་པོ་ནི། བདུད་རྩི་རིལ་བུ་སྒྲུབ་པའི་གདམས་ངག་གོ །གཉིས་པ་ནི། ཚོགས་ཀྱི་འཁོར་ལོའི་ཆོ་ག་རྣམས་ཞིབ་ཏུ་བཤད་ཅིང་བསྟན་ནོ། །གསུམ་པ་ནི། ལམ་རིམ་པ་གཉིས་ཚུལ་བཞིན་དུ་ཉམས་སུ་ལེན་པ་སྟེ། འོག་ཏུ་ཉམས་སུ་ལེན་པའི་སྐབས་ལས་འདིར་མི་བཤད་དོ། །ལྟ་བས་སྤྲོས་པ་བཅད་པའི་སྐབས་སུ། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྩ་འགྲེལ་གཉིས། ལུས་ཐབས་རྒྱུད་ཀྱི་སྐབས་སུ། ལམ་སོགས་ཉི་ཤུ་པོ་དྲངས་ནས་བཤད་ཅིང༌། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་ནི་གསང་དབང་གི་ལམ་གྱི་ཐོག་མར་བྱའོ། །གཉིས་པ་གནད་བསྡུས་ཏེ་ཉམས་སུ་བླངས་པའི་གདམས་ངག་ནི། ལམ་འབྲས་ཁྲིད་ཀྱི་སྙིང་པོ་ནི། གཉིས་ལས་གསུམ་འབྱུང་གདམས་ངག་ཡིན། །ཀུན་གྱི་སྤྱོད་ཡུལ་མ་ཡིན་པའི། །མན་ངག་ཤེས་པ་བླ་མའི་དྲིན། །ཞེས་པའི་དོན། བླ་མ་མཉེས་པར་བྱས་པའི་ཞལ་ལས་རིམ་གྱིས་ཤེས་པར་བྱའོ། །གཉིས་པ་ལ་ལྔ། ལམ་འཇུག་ལྡོག ཕྱག་རྒྱ་འཇུག་ལྡོག ཤེས་པས་ཕན་འདོགས་པའི་གདམས་ངག་བདུན། ལམ་བསྲེ་བ་འགྲོས་བཞི་དང་བཅས་པ། ཕྱི་ནང་གི་མཛད་པ་བཅུ་གཉིས་རྣམས་སོ། །གསུམ་པ་ལ་བཞི། བསམ་གཏན་འདོར་བའི་འཕྲང་བདུན། བྱུང་རྒྱལ་དུ་མི་བཏང་བའི་གནད་བཞི། འབྱུང་བ་ལུས་འཁྲུགས་རླུང་དང་སྤྱོད་ལམ་གྱིས་བསལ་བ། རྣལ་འབྱོར་ཕྲིན་ལས་སུམ་ཅུ་སོ་གཉིས་རྣམས་སོ། །མན་ངག་དེ་རྣམས་ཀྱི་སྒོ་ནས་ཉམས་མྱོང་ཚད་མ་ཞིག་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ་མོ། །གསུམ་པ་ལ་གཉིས། གཞུང་གི་དོན་རྒྱས་པར་བཤད་པ་དང༌། དོན་བསྡུས་ནས་བཤད་པའོ། དང་པོ་ལ་གཉིས། ལམ་རྒྱས་བསྡུས་གསུམ་དུ་བསྟན་པ་དང༌། ལམ་ཟབ་འབྲིང་གསུམ་དུ་བསྟན་པའོ། །དང་པོ་ལ་གསུམ། ལམ་རྒྱས་པ། འབྲིང་པོ། བསྡུས་པའོ། །དང་པོ་ནི། རྩ་བ་རྡོ་རྗེའི་ཚིག་རྐང༌། འགྲེལ་པ་གཉགས་མ། དེའི་བསྡུས་དོན་རྣམས་སྦྱར་ལ་བཤད་ཅིང༌། དེའི་སྐབས་རྣམས་སུ། ཀུན་གཞི་རྒྱུ་རྒྱུད། གདན་སོགས། ལམ་སོགས་ཉི་ཤུ་ལ་ལུས་ཀྱི་དཀྱིལ་འཁོར། བུམ་དབང་གི་འདའ་ཀ་མའི་སྐབས་སུ་འཆི་ལྟས། འཁྲུལ་འཁོར། འཆི་བསླུ་དང་བཅས་པ། བུམ་དབང་གི་སྣང་བ་བསྒྱུར་བའི་འདའ་ཀ་མ། གསང་དབང་གི་སྐབས་སུ་ཐིག་ལེའི་རྣལ་འབྱོར་བཞི། ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱའི་མཚན་ཉིད། དབང་བཞི་པའི་འདའ་ཀ་མ། བུམ་དབང་དང་ཐུན་མོང་དུ་ཡི་གེས་སྒོ་དགག་པ་དང་བཅས་པ། བར་དོ་བཞིའི་གདམས་ངག་གོ །ལམ་དུས་ཀྱི་དབང༌། ཚད་མ་བཞི། གདམས་ངག་དྲུག རྟེན་འབྲེལ་ལྔ། གྲིབ་སེལ་གྱི་སྦྱིན་སྲེག་བསྡུས་པ། གྲིབ་མ་ཁྲུས་ཀྱིས་སེལ་བ་དང༌། སཙྪས་སེལ་བ། ཐིག་ལེ་སྲུང་བ། ཡི་གེ་བརྒྱ་པའི་འདོན་ཐབས་སོ། །འཇིག་རྟེན་པའི་ལམ་གྱི་སྐབས་སུ། རླུང་གི་སྦྱོར་བ་བདུན་ཀྱིས་ལམ་ཁྲིད་པ། བྷ་གའི་ཡི་གེ་བཅུ་བཞི། འདས་པའི་ལམ་ལ། གསང་དབང་གི་སྐབས་སུ། འཁོར་བཞིའི་རྒྱ། བཞི་པའི་སྐབས་སུ། དབང་ཕྱུག་གི་དོན་བརྒྱད། ས་བཅུ་གསུམ་པའི་ཕྱེད་ཀྱི་མངོན་རྟོགས་རྣམས་སྦྱར་ཏེ་བཤད་པས་གཞུང་གི་དོན་ལྷག་མ་མེད་པར་རྟོགས་པར་འགྱུར་རོ། །གསུམ་པ་ལམ་ཟབ་འབྲིང་གསུམ་དུ་བསྟན་པ་ནི། ཐ་མ་ལུས་སོ་སོར་རྟོག་པའི་འགོག་པ་དང༌། འབྲིང་དམ་ཚིག་གི་ལམ་གཉིས་ནི་གོང་དུ་བཤད་ཚར་བས་འདིར་བསྟན་མི་དགོས་ལ། རབ་བླ་མའི་རྣལ་འབྱོར་གྱི་ལམ་ནི། བླ་མའི་རྣལ་འབྱོར་རོ། །གཉིས་པ་མདོར་བསྡུས་ནས་བཤད་པ་ནི། ལམ་འབྲས་དོན་བསྡུས་མའོ། །བཞི་པ་ལ་གསུམ། ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་དང༌། མདོར་བསྡུས་ཏེ་སྦྱར་བ་དང༌། ལུང་མཐའ་དག་དང་མདོར་བསྡུས་ཏེ་སྦྱར་བའོ། །དེ་ལྟར་ན་ལམ་འབྲས་གླེགས་བམ་དུ་གདམས་ངག་གི་ཡི་གེར་ཐོར་བུར་གསུངས་པ་ནི། སྙན་བརྒྱུད་ལ་གཅེས་སྤྲས་སུ་བྱ་བ་དང༌། ཕྱི་རབས་ཀྱི་གང་ཟག་གླེགས་བམ་ཙམ་ལ་བརྟེན་ནས་གདམས་ངག་ལ་རང་དགར་འཇུག་པ་ལྡོག་པའི་ཕྱིར་མཛད་པ་ཡིན་ལ། རང་གི་ངོ་བོ་གདམས་ངག་ཕྲན་ཚེགས་འདི་ཐམས་ཅད་གཅིག་ཏུ་བྱས་ནས། རྟེན་གྱི་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་མ་ལུས་པ་སྟོན་པའི་ལམ་གྱི་རིམ་པ་གཅིག་ཏུ་སྟོན་ཅིང་འཆད་ཤེས་ན། མན་ངག་ཕྲན་ཚིགས་སུ་མི་འགྲོ་ཞིང༌། ལམ་མངོན་པར་རྟོགས་པའི་རིམ་པ་མཐའ་དག་རྫོགས་པར་འབྱུང་བས། ཉམས་ལེན་གྱི་གནད་ཤིན་ཏུ་ཆེ་ལ། གདམས་ངག་ལྟར་སྣང་བ་ཅུང་ཟད་ཀྱིས་བློ་མགུ་མི་ཐུབ་པ་ཅིག་འབྱུང་བས། རྒྱལ་བ་དགྱེས་པའི་ལམ་གྱི་འབྲེལ་སྒྲིག་ཚུལ་རྨད་དུ་བྱུང་བ་འདི་ཉམས་སུ་བླང་བར་རིགས་སོ། །རྗེ་བཙུན་གདམས་ངག་ཉི་མའི་འོད་ཟེར་གྱིས། །བདག་བློའི་པད་ཚལ་རྣམ་པར་རྒྱས་བྱས་པས། །ལམ་གྱི་འབྲེལ་བསྒྲིགས་གེ་སར་སྙིང་པོ་བྱུང༌། །རྐང་དྲུག་ལྡན་པའི་དོན་གཉེར་དགའ་བར་མཛོད། །སྣང་བྱེད་དབུས་ན་རྟ་བདུན་རྒྱལ་པོ་ལྟར། །ལམ་བཟང་དབུས་ན་གསུང་ངག་རིན་ཆེན་གཏེར། །རྡོ་རྗེ་ལྟ་བུར་ཤིན་ཏུ་རྟོགས་དཀའ་ཞིང༌། །ཡིད་བཞིན་ནོར་ལྟར་དགོས་འདོད་ཀུན་སྩོལ་བའི། །ལམ་འདི་དག་ལས་ཕྱི་རོལ་གྱུར་པ་ལས། །རྨད་བྱུང་འབྲས་བུ་ཐོབ་པར་མ་ངེས་ནས། །འབད་པས་ལམ་འདི་གསལ་བར་བྱས་པའི་མཐུས། །འགྲོ་ཀུན་རྡོ་རྗེ་འཆང་ཆེན་ས་ཐོབ་ཤོག །ཅེས་པ་འདི་ནི་དད་པ་དང་ལྡན་པའི་སློབ་མ་དམ་ཚིག་ཅན་འགའ་ཞིག་གིས་བསྐུལ་བའི་ངོར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྗེ་བཙུན་བླ་མ་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་གུས་པས་བླངས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་བླ་མ་དམ་པ་བརྒྱུད་པ་དང་བཅས་པ་ལ་གསོལ་བ་བཏབ་ཅིང༌། མཁའ་འགྲོའི་ཚོགས་ལ་མཆོད་གཏོར་མང་དུ་ཕུལ་བའི་རྗེས་ལ་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ།། །། ༄། །དབང་བཞིའི་རྟོགས་བསྐྱེད་བཞུགས་སོ།། ༈ །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདིར་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་ཞལ་སྔ་ནས། དབང་རེ་རེའི་མཇུག་ཏུ་ཡང༌། བླ་མ་གང་ཡིན་པ་དང༌། དཀྱིལ་འཁོར་དང༌། དབང་དང༌། དྲི་མ་དང༌། དཔེ་དང༌། ཡོན་ཏན་དང༌། ལམ་དང༌། ལྟ་བ་དང༌། འདའ་ཀ་མ་དང༌། བར་དོ་དང༌། དམ་ཚིག་དང༌། བརྡ་དང༌། གྲུབ་མཐའ་དང༌། འགྲོས་དང་འབྲས་བུ་གང་ཡིན་པ་ཞེས་བྱ་བ་བཅོ་ལྔ་བཅོ་ལྔའི་རྟོགས་པ་བརྗོད་པར་བྱའོ། །ཞེས་གསུངས་པ་ལས། སྦྱང་གཞི་གང་ཡིན་པ་ཞེས་པ་བསྣན་ནས་བཅུ་དྲུག་ཏུ་བྱས་ཏེ། དབང་དང་པོ་ལ་དེ་ལྟར་ན་སྦྱང་གཞི་རྩ་ལུས་ཀྱི་དཀྱིལ་འཁོར་ལ། ཕྱི་སྒྲོ་འདོགས་ཡོངས་སུ་གཅོད་པའི་བླ་མས། རྡུལ་ཚོན་ནམ་དབྱིབས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བས། ལུས་ཀྱི་དྲི་མ་དག དཔེ་ཞིང་ས་གཤིན་པ་དང་འདྲ། ཡོན་ཏན་བརྒྱ་ཕྲག་བདུན་དང་བྱེ་བ་ཕྲག་བདུན་ལ་སོགས་པ་ལ་དབང་འབྱོར། ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། ལྟ་བ་ངོ་བོ་ཉིད་གསུམ། འདའ་ཀ་མ་གོང་དུ་འཕོ་བ། བར་དོ་བདག་ཡི་དམ་དང་སེམས་རོ་གཅིག་པ། དམ་ཚིག་ཉི་ཤུ་རྩ་གཉིས་བསྲུང་བ། བརྡ་ལྔ་བསྡུས་རྩེ་མོས་མནན་པ། གྲུབ་མཐའ་འཁོར་འདས་དབྱེར་མེད། རྩའི་འགྲོས་མཆོག་ཏུ་ཐིམ། འབྲས་བུ་སྤྲུལ་པའི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་རྟེན་འབྲེལ་མངོན་དུ་བྱས་སོ། །ཞེས་སོ། །དབང་གཉིས་པ་ལ། སྦྱང་གཞི་ཡི་གེ་བྷ་གའི་དཀྱིལ་འཁོར་ལ། ནང་རང་བྱུང་གི་ཡེ་ཤེས་སྟོན་པའི་བླ་མས།«་་་་་གཞན་བདག་འཇུག་ལས། གསང་དབང་ལ་བྷ་གའི་དཀྱིལ་འཁོར་ཞེས་གསུངས་ཀྱང༌། འདིར་གོང་མས་བྱང་སེམས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ནི་བྱང་སེམས་ཀྱི་དབང་བསྐུར་བ་ལ་དགོངས་ལ། དབང་གསུམ་ལ་བྷ་གའི་དཀྱིལ་འཁོར་དུ་གསུངས་པ་ནི། ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་བསྟན་པས་ལྷན་སྐྱེས་ཀྱི་ཡེ་ཤེས་རྟོགས་པ་ལ་དགོངས་ཤིང༌། དཀྱིལ་ཆོག་སྣ་མང་པོར་ཡང་དེ་བཞིན་དུ་གསུངས་པས། འཐད་པར་སེམས་སོ། །»ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བས་ངག་གི་དྲི་མ་དག དཔེ་ཞིང་ས་གཤིན་པ་ལ་ས་བོན་བཏབ་པ་དང་འདྲ། ཡོན་ཏན་ནུས་པ་ལྔ་དང་ལྟ་སྟངས་ལ་ཐོགས་པ་མེད་པ། ཚིག་གི་མཆོག་འགྲུབ། སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་ཐོབ། ལམ་རང་བྱིན་རླབས་བསྒོམ་པ་ལ་དབང༌། ལྟ་བ་རང་བྱུང་གི་ཡེ་ཤེས། འདའ་ཀ་མ་འོད་གསལ་བ། བར་དོ་རང་བྱུང་གི་ཡེ་ཤེས་འོད་གསལ་བ་རྟོག་མེད། དམ་ཚིག་ཤ་ལྔ་བདུད་རྩི་ལྔའི་རིལ་བུ་བསྟེན་པ། བརྡ་མཐེབ་སྲིན་ཨེ་ལ་རེག་བྱེད། གྲུབ་མཐའ་མ་འདྲེས་ལ་ཡོངས་སུ་རྫོགས་པ། ཡི་གེའི་འགྲོས་མཆོག་ཏུ་ཐིམ། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་རྟེན་འབྲེལ་མངོན་དུ་བྱས་སོ། །ཞེས་པའོ། །དབང་གསུམ་པ་ལ། སྦྱང་གཞི་ཁམས་བདུད་རྩིའི་དཀྱིལ་འཁོར་ལ། གསང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་པའི་བླ་མས། བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཀྱི་དྲི་མ་དག དཔེ་ས་བོན་ལ་མྱུ་གུ་སྨིན་པ་དང་འདྲ། ཡོན་ཏན་སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཅི་རིགས་པ་ལ་དབང་འབྱོར། ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང༌། ལྟ་བ་ཡས་བབ་ཀྱི་དགའ་བ་བཞི། འདའ་ཀ་མ་ནམ་འཆི་བའི་ཚེ་རྡོ་རྗེ་སེམས་དཔའ་འབྱོན་པར་འགྱུར་བ། བར་དོ་ལྷན་སྐྱེས་ཀྱི་ཡེ་ཤེས། དམ་ཚིག་བུད་མེད་ལ་མི་སྨོད་པ། བརྡ་བྱང་ཆུབ་མཆོག་གི་ཕྱག་རྒྱ། གྲུབ་མཐའ་བདེ་སྟོང་ཆུང་ངུ༌། བདུད་རྩིའི་འགྲོས་མཆོག་ཏུ་ཐིམ། འབྲས་བུ་ཆོས་ཀྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་རྟེན་འབྲེལ་མངོན་དུ་བྱས་སོ། །ཞེས་སོ། དབང་བཞི་པ་ལ་སྦྱང་གཞི་སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་ལ་མཐར་ཐུག་དེ་ཁོ་ན་ཉིད་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་སྟོན་པའི་བླ་མས། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཚིག་དབང་རིན་པོ་ཆེ་བཞི་པ་བསྐུར་བས། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག དཔེ་མྱུ་གུ་ལ་ལོ་ཏོག་ཕུན་སུམ་ཚོགས་པ་དང་འདྲ། ཡོན་ཏན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལ་དབང་འབྱོར། ལམ་རྡོ་རྗེའི་རྦ་རླབས་བསྒོམ་པ་ལ་དབང༌། ལྟ་བ་མས་བརྟན་གྱི་དགའ་བ་བཞི། འདའ་ཀ་མ་ཕྱག་རྒྱ་ཆེན་པོས་འཕོ་བ། བར་དོ་བདེ་སྟོང་གི་ཡེ་ཤེས། དམ་ཚིག་དགོངས་ཏེ་གསུངས་པ་མཐའ་དག བརྡ་མཛུབ་མོས་ནམ་མཁའ་མཚོན། གྲུབ་མཐའ་བདེ་སྟོང་རྒྱ་ཆེན་པོ། རླུང་གི་འགྲོས་མཆོག་ཏུ་ཐིམ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་རྟེན་འབྲེལ་མངོན་དུ་བྱས་སོ། །ཞེས་སོ། །རྒྱུ་དུས་ཀྱི་དབང་གི་རྟོགས་པ་བསྐྱེད་པའི་རིམ་པ། སྔར་བྱོན་པའི་ལམ་འབྲས་པ་ཆེན་པོ་འགའ་རེས་མཛད་དུ་ཟིན་ཀྱང༌། བཅོ་ལྔ་པོ་ཐམས་ཅད་རྫོགས་པར་མ་མཛད་པར་སྣང་བས། འདིར་བླ་མ་རྗེ་བཙུན་ཆེན་པོའི་དགོངས་པ་ལྟར་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱར་སྦྱར་བ་རེ་ཞིག་རྫོགས་སོ།། །། ༄། །ཙ་ཏུར་ད་ཤ་ནཱ་དཱ་ནཱཾ་ཧེ་བཛྲ་སྱ་བི་ཛ་ཧ་རཾ།། ༈ །ཧེ་བཛྲཱ་ཡ་ན་མ། མཐུ་སྟོབས་དབང་ཕྱུག་མན་ངག་གི །མངོན་པར་རྟོགས་པ་བཅུ་བཞི་ནི། །བསྙེན་སྒྲུབ་ཡན་ལག་བཞི་པ་དང༌། །དེ་བཞིན་ཡན་ལག་དྲུག་པ་གཉིས། །དང་པོ་ཡན་ལག་བཞི་པ་ལ། །གང་ཟག་དབང་པོ་རབ་དང་ནི། །འབྲིང་དང་ཐ་མའི་བྱེ་བྲག་གིས། །བསྐྱེད་ཚུལ་ཅུང་ཟད་མི་འདྲ་སྟེ། །དང་པོ་རྒྱུ་ཡི་རྡོ་རྗེ་འཆང༌། །རབ་ཀྱིས་བདུད་བཞིའི་གདན་སྟེང་དུ། །སྐད་ཅིག་ཙམ་གྱིས་ནག་པོར་བསྐྱེད། །འབྲིང་གི་དབུས་དང་ཕྱོགས་མཚམས་སུ། །ཨཱ་ལི་ཀཱ་ལི་སྤངས་པ་ཡི། །ཟླ་ཉི་ཁ་སྦྱོར་དགུ་བསམས་ཏེ། །དབུས་ཀྱི་ཟླ་ཉིའི་བར་དུ་ནི། །ཨོཾ་དང་ཧཱུྃ་ལས་ཕྱག་མཚན་གཉིས། །ས་བོན་གྱིས་མཚན་གཅིག་ཏུ་འདྲེས། །དེ་ལས་ཡབ་ཡུམ་ནག་པོར་བསྒོམ། །ཐ་མས་བསྒོམ་བྱའི་མངོན་རྟོགས་ལ། །མི་མཉམ་སྦྱོར་དང་མཉམ་སྦྱོར་གཉིས། །དང་པོ་ཨཱ་ལི་ཀཱ་ལི་ལས། །བྱུང་བའི་ཟླ་ཉི་ཁ་སྦྱོར་དགུ། །བསམ་ཞིང་གཞན་རྣམས་སྔར་ལྟར་བསྒོམ། །གཉིས་པ་མཉམ་སྦྱོར་ལ་དབུས་སུ། །ཟླ་བ་གྲུ་གསུམ་ཉིས་བརྩེགས་དང༌། །ཕྱོགས་མཚམས་བརྒྱད་དུ་ས་བོན་ལས། །བྱུང་བའི་ཟླ་ཉི་ཁ་སྦྱོར་བསམ། །དབུས་སྟེང་ཧཱུྃ་བྱུང་རྡོ་རྗེ་དཀར། །དེ་ལས་གཙོ་བོ་དཀར་པོར་བསྐྱེད། །དེ་ནས་མཁའ་གསང་བྱིན་བརླབས་ནས། །འཁོར་གྱི་ལྷ་མོ་དབྱུང་བ་ནི། །རབ་ཀྱིས་ཕྱོགས་མཚམས་གདན་སྟེང་དུ། །ཡུམ་གྱི་མཁའ་ཡི་ཐིག་ལེ་བརྒྱད། །ལྷ་མོ་རྣམས་སུ་གྱུར་ནས་སྤྲོ། །འབྲིང་གི་སྔར་བསྐྱེད་ཟླ་ཉི་ཡི། །བར་དུ་མཁའ་ནས་ཐིག་ལེ་བརྒྱད། །སྤྲོ་བའམ་ཡང་ན་ས་བོན་སྤྲོ། །དེ་ལས་ཕྱག་མཚན་ས་བོན་གྱིས། །མཚན་པ་བརྒྱད་གྱུར་སོ་སོར་འདྲེས། །དེ་ལས་ལྷ་མོ་བརྒྱད་དུ་བསྐྱེད། །ཐ་མས་འབྲིང་བཞིན་དབྱུང་བའོ། །དེ་ནས་རྒྱུ་ཡི་རྡོ་རྗེ་འཆང༌། །ཐིག་ལེར་ཞུ་བ་གླུས་བསྐུལ་བས། །འབྲས་བུ་རྡོར་འཛིན་བཞེངས་པ་ནི། །རབ་ཀྱིས་ཐིག་ལེ་ལས་བཞེངས་ཤིང༌། །འབྲིང་གིས་ཐིག་ལེ་ཆ་གསུམ་དུ། །གྱུར་པའི་འོག་མ་ཟླ་བ་དང༌། །སྟེང་མ་ཉི་མ་བར་མ་ནི། །ཕྱག་མཚན་རྣམས་སུ་གྱུར་ལས་བཞེངས། །ཐ་མས་འབྲིང་དང་འདྲ་བ་ལས། །ཟླ་ཉི་གཉིས་ལ་ས་བོན་སྦྱར། །ལྷག་མ་རྩེ་མོ་རྒྱས་པ་བཞིན། །གཉིས་པ་ཡན་ལག་དྲུག་པ་ལ། །སྔར་བཞིན་སྒོམ་ཐབས་རྣམ་གསུམ་སྟེ། །རབ་ཀྱིས་རྒྱུ་ཡི་རྡོ་རྗེ་འཆང༌། །ཡབ་ཡུམ་ཧཱུྃ་དང་ཨོཾ་ལས་བསྐྱེད། །འབྲིང་གིས་ས་བོན་སྤངས་པ་དང༌། །ཐ་མས་ས་བོན་ལས་བྱུང་བའི། །མི་མཉམ་སྦྱོར་དང་མཉམ་སྦྱོར་སོགས། །ཐམས་ཅད་སྔར་དང་འདྲ་བ་ལས། །འཁོར་གྱི་མངོན་བྱང་དོར་བ་དང༌། །རྒྱུ་ཡི་རྡོ་རྗེ་འཛིན་པ་རྣམས། །དཀར་ཞིང་ཡུམ་རྣམས་ནག་མོར་བསྐྱེད། །འཁོར་གྱི་ལྷ་མོ་དབྱུང་བ་ནི། །རབ་ཀྱིས་ཡུམ་གྱི་མཁའ་ནང་གི །ཐིག་ལེ་ས་བོན་དུ་གྱུར་ཅིང༌། །དེ་དག་ལྷ་མོར་གྱུར་ལས་སྤྲོ། །འབྲིང་དང་ཐ་མས་ཐམས་ཅད་ལ། །བྷ་གའི་ནང་གི་ཐིག་ལེ་རྣམས། །ལྷ་མོར་གྱུར་ནས་སྤྲོ་བའམ། །ཡང་ན་ས་བོན་སྤྲོ་བར་བྱ། །འབྲས་བུའི་རྡོར་འཛིན་བཞེངས་པ་ནི། །རབ་འབྲིང་ཐ་མ་ཐམས་ཅད་ལ། །ཐིག་ལེ་ཡི་གེར་གྱུར་པ་ལས། །ནག་པོར་བསམ་ཞིང་ལྷག་མ་རྣམས། །རྗེ་བཙུན་ཆེན་པོའི་འབྲིང་པོ་བཞིན། །ཚུལ་འདི་དགེ་སློང་རྒྱུད་གསུམ་པས། །རྣམ་བཤད་དག་ལྡན་དགོངས་པ་ལྟར། །ནོར་འཁྲུལ་མེད་པར་བྲིས་པ་ཡི། །དགེ་བས་རྡོ་རྗེ་འཛིན་ཐོབ་ཤོག། །། ༄། །ཕྱི་ནང་གི་བསྐྱེད་རིམ་དབང་དང་བཅས་པའི་སྡོམ་ཚིག་བཞུགས།། ༈ །སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བསྒོམ། །གསུམ་ནི་སྤྱི་ཡི་སྔོན་འགྲོ་ཡིན། །ཚོགས་གཉིས་བསགས་དང་སྲུང་འཁོར་བསྐྱེད། །གཞལ་ཡས་དུར་གདན་མངོན་བྱང་བསྒོམ། །འཁོར་གྱི་ལྷ་སྤྲོ་ཐིག་ལེར་ཞུ། །གླུས་བསྐུལ་འབྲས་བུ་རྡོར་འཛིན་བསྐྱེད། །སྣོད་བཅུད་སྦྱང་དང་མིག་སོགས་བསྐྱེད། །ཡེ་ཤེས་བཀུག་ལ་ལུས་དཀྱིལ་བསྒོམ། །དབང་ལྷ་སྤྱན་དྲངས་མཆོད་བསྟོད་བྱ། །ཆུ་དང་ཅོད་པཎ་རྡོ་རྗེ་དང༌། །དྲིལ་བུ་མིང་དང་བརྟུལ་ཞུགས་ཏེ། །རྣམ་པ་དྲུག་ནི་སློབ་མའི་དབང༌། །ཡོན་དབུལ་གསོལ་གདབ་ལྷ་རུ་བསྒོམ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡི། །དམ་ཚིག་གསུམ་སྦྱིན་ཆུ་དབང་བསྐུར། །རྒྱས་གདབ་མཆོད་ལ་དབང་དོན་བཤད། །རྣམ་པ་བཅུ་ནི་སློབ་དཔོན་དབང༌། །ཡོན་དབུལ་གསོལ་གདབ་གསང་དབང་བསྐུར། །དོན་བཤད་རྣམ་བཞི་གསང་བའི་དབང༌། །ཡོན་དབུལ་གསོལ་གདབ་ཕྱག་རྒྱ་གཏད། །དྲིས་ལན་ཚིག་གཉིས་འདུ་ཤེས་བསྒྱུར། །དགའ་བཞི་དྲན་ཞིང་དབང་དོན་བཤད། །རྣམ་པ་བརྒྱད་ནི་གསུམ་པའི་དབང༌། །ཡོན་དབུལ་གསོལ་གདབ་བསམ་གཏན་བསྒོམ། །དོན་བཤད་བཞི་ནི་བཞི་པའི་དབང༌། །རྒྱས་གདབ་རྣམ་གཉིས་ང་རྒྱལ་བཟུང༌། །བདུད་རྩི་བྱིན་རླབས་མཆོད་བསྟོད་བྱ། རྫོགས་རིམ་བསྒོམ་རྣམས་དངོས་གཞིའོ། །དག་པ་བཟླས་བརྗོད་དཀྱིལ་འཁོར་བསྡུ། །རང་ཉིད་གཙོ་བོའི་ང་རྒྱལ་གྱིས། །རྡོ་རྗེའི་གླུ་དང་བཀྲ་ཤིས་དང༌། །བསྔོ་བ་སྨོན་ལམ་ཚུལ་བཞིན་བྱ། །ཐུན་རྗེས་འདས་དང་འཇིག་རྟེན་པའི། །ལྷ་ལ་གཏོར་མ་ཅི་ནུས་དབུལ། །དུས་ཀུན་ལྷ་ཡི་ང་རྒྱལ་གྱིས། །ཆོས་མཐུན་སྤྱོད་པས་གནས་པར་བྱ། །ཞེས་པ་འདིའང་སྤོང་བ་པ་ཀུན་དགའ་བཟང་པོས་སྦྱར་བའོ།། །། ༄། །ལམ་ཟབ་ནང་གི་བླ་མའི་རྣལ་འབྱོར་བཞུགས་སོ།། ༈ །ཨོཾ་སྭ་སྟི། གང་གི་དྲིན་གྱིས་ལྷན་སྐྱེས་བདེ་བ་ཆེ། །སྐད་ཅིག་ཉིད་ལ་འཆར་བར་མཛད་པ་ཡི། །རྗེ་བཙུན་རྩ་བའི་བླ་མ་ལ་བཏུད་ནས། །ལམ་ཟབ་ནང་གི་བླ་མའི་རྣལ་འབྱོར་བཤད། །འདིར་རྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་བིརྺ་པས། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་སྐྱ་པ་ལ་དངོས་སུ་གནང་བའི་གདམས་ངག་ཟབ་མོ་ནང་གི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་ན། སྟན་བདེ་བ་ལ་བསམ་གཏན་གྱི་ཡན་ལག་གིས་འདུག་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་ཀྱེ་རྡོ་རྗེར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་པས། དཔལ་ཧེ་རུ་ཀ་དང་བླ་མ་ཐ་མི་དད་པ་མདུན་དུ་སྤྱན་དྲངས་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད། གུས་བཏུད་དྲག་པོ་བྱས་ཏེ་བདག་ཉིད་ལ་ཐིམ་པས། རང་གི་ལུས་སྐད་ཅིག་གི་དཀྱིལ་འཁོར་ལུས་དཀྱིལ་ལས་འབྱུང་བ་ལྟར། སྤྱི་བོར་སྣ་ཚོགས་རྡོ་རྗེ་བསྒོམ་པ་ནས། རྐང་མཐིལ་གནོད་མཛེས་སུ་བསམ་པའི་བར་ཤིན་ཏུ་གསལ་བར་བསྒོམས་ནས། རང་གི་སྤྱི་བོར་རྩ་བའི་བླ་མ་ནས་རྡོ་རྗེ་འཆང་གི་བར་གྱི་བརྒྱུད་པ་རྣམས་ཀྱི་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པ་ཅན། འོག་མའི་སྤྱི་བོར་གོང་མ་བཞུགས་པ་ཐོ་བརྩེགས་ཀྱི་ཚུལ་དུ་བསམས་ལ། དེ་རྣམས་ལ་མོས་གུས་དྲག་ཏུ་བྱ་ཞིང༌། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་མ་ལུས་པ་བསྡུས་ནས་བླ་མ་རྣམས་ལ་ཐིམ་པར་བསྒོམ། དེ་ནས་རྡོ་རྗེ་འཆང་བདག་མེད་མ་ལ་ཐིམ། དེ་བིརྺ་པ་ལ། དེ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་ཐིམ། དེ་ནས་རང་གི་རྩ་བའི་བླ་མ་ལ་ཐིམ་པའི་བར་བྱས་ནས། རྩ་བའི་བླ་མ་ལ། བླ་མ་དམ་པས་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རང་གི་སྤྱི་བོ་ནས་ཞུགས། བདེ་ཆེན་གྱི་འཁོར་ལོའི་དབུས་ན་རྣམ་པར་སྣང་མཛད་ཡབ་ཡུམ་དང༌། རྩ་འདབ་རྣམས་ལ་ལྷ་མོ་སོ་གཉིས་ཡོད་པ་ལ་ཐིམ་པར་བསམས་ལ། ལྷ་རྣམས་གསལ་གདབ། རླུང་བུམ་པ་ཅན་བཟུང་ལ། བྱང་སེམས་དེས་སྨིན་མཚམས་ཡན་ཆད་གང༌། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ་པར་བསམ་མོ། །ཡང་སྤྱི་བོར་རྩ་བའི་བླ་མ་ལ། གསང་བའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སྦྱོར་མཚམས་ནས་བྱང་སེམས་ཀྱི་ཆུ་རྒྱུན་བྱུང༌། མགྲིན་པའི་འཁོར་ལོའི་ལྷ་རྣམས་ལ་ཐིམ་པར་བསམས་ལ། ལྷ་རྣམས་གསལ་གདབ། བུམ་པ་ཅན་བཟུང་ལ། བྱང་སེམས་ཀྱིས་མགྲིན་པ་ཡན་ཆད་གང༌། ངག་གི་དྲི་མ་དག གསང་བའི་དབང་ཐོབ་པར་བསམ་མོ། །དེ་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཡང་སྦྱོར་མཚམས་ནས་བྱང་སེམས་ཀྱི་ཆུ་རྒྱུན་བྱུང༌། སྙིང་གའི་འཁོར་ལོའི་ལྷ་རྣམས་ལ་ཐིམ་པར་བསམས་ལ། ལྷ་རྣམས་གསལ་གདབ། བུམ་པ་ཅན་བཟུང་ལ། བྱང་སེམས་ཀྱིས་སྙིང་ག་ཡན་ཆད་གང༌། ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ་མོ། །དེ་བཞིན་དུ་དབང་བཞི་པ་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་ཡབ་ཡུམ་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས། ལྟེ་བ་དང༌། གསང་གནས་དང༌། དབང་པོ་དང༌། ཡན་ལག་གི་ལྷ་རྣམས་ལ་ཐིམ་པར་བསམས་ལ། ལྷ་རྣམས་གསལ་གདབ། བུམ་པ་ཅན་བྱས་ལ། བྱང་སེམས་དེས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་གང༌། སྒོ་གསུམ་གྱི་དྲི་མ་དག དབང་བཞི་པ་ཐོབ་པར་བསམ་མོ། །དེ་ནས་ལྟ་བ་ཅི་ནུས་སུ་བསྐྱངས་ལ་དགེ་བ་བསྔོ་བ་སོགས་བྱའོ། །དེ་ལྟར་ན་དབང་བཞི་པོ་རེ་རེ་ལའང་ལམ་བཞི་ཆར་ཚང་བ་ཡིན་ཏེ། ལྷའི་རྣམ་པ་ལ་སེམས་འཛིན་པ་བུམ་དབང་གི་ལམ། རླུང་བུམ་པ་ཅན་དུ་བྱ་བ་གསང་དབང་གི་ལམ། རང་རང་གི་འཁོར་ལོ་རྣམས་བྱང་སེམས་ཀྱིས་ཁྱབ་པར་བྱས་པ་གསུམ་པའི་ལམ། དེ་དག་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པ་ནི་བཞི་པའི་ལམ་ཡིན་པའི་ཕྱིར་རོ། །ཟབ་མོ་ནང་གི་བླ་མ་སྒྲུབ་པའི་ཐབས། །སྙན་བརྒྱུད་ཡི་གེར་བྲིས་ལ་ཉེས་པ་གང༌། །བླ་མ་མཁའ་འགྲོའི་སྤྱན་སྔར་བདག་འཆགས་ཤིང༌། །དགེ་བས་དཔལ་ལྡན་བླ་མ་མཉེས་བྱེད་ཤོག །ནང་གི་བླ་མའི་རྣལ་འབྱོར་གྱི་གདམས་ངག་ལམ་འབྲས་ཀྱི་བཅུད་བསྡུས་པ་ལྟ་བུ་འདི་ནི། བླ་མ་དམ་པ་རྣམས་ཀྱི་བྲན་དུ་གྱུར་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།། །། ༄། །རྗེ་བཙུན་བིརྺ་པའི་སྲུང་བའི་མན་ངག་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ།། ༈ །རྗེ་བཙུན་བིརྺ་པའི་སྲུང་བའི་མན་ངག་བར་ཆད་ཀུན་སེལ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གང་གི་མཐུ་སྟོབས་ཡེ་ཤེས་རྡོ་རྗེ་ཡིས། །བདུད་དང་མུ་སྟེགས་ཚོགས་ཀུན་འདུལ་མཛད་པའི། །དཔལ་ལྡན་བིརྺ་པ་ལ་གུས་བཏུད་ནས། །དེ་ཡི་མན་ངག་གསལ་བར་བྲི་བར་བྱ། །འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིརྺ་པས། བླ་མ་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་དངོས་སུ་གནང་བའི་མན་ངག་རྣལ་འབྱོར་དབང་ཕྱུག་གི་ཆོས་བཞིའམ། ལྕགས་རིའི་ཁོངས་ཀྱི་ཆོས་ཟབ་བཞིར་གྲགས་པའི་ནང་ནས། འདིར་དཔལ་ལྡན་བིརྺ་པ་ཉིད་ཀྱི་མན་ངག་རྣམས་བཤད་པར་བྱ་བ་ལ། སྤྱི་དོན་གསུམ་སྟེ། ཐོག་མར་མན་ངག་གི་ལུང་བླང་བ། ལུང་ཐོབ་ནས་བསྒོམ་བཟླས་བྱ་བ། བསྒོམ་བཟླས་མཐར་ཕྱིན་ནས་སྲུང་བ་རྣམས་བྱ་བའོ། །དང་པོ་ནི། འདིའི་ལུང་དང་མན་ངག་རྣམས་ཐོབ་ཅིང༌། བསྒོམ་བཟླས་མ་ཆགས་པའི་རྣལ་འབྱོར་པས། ཉི་ཤུ་དགུའམ་གནམ་གང་གི་དུས་སུ་གནས་དབེན་པར་མཆོད་གཏོར་རྒྱ་ཆེར་བཤམས་ལ། ལྷའི་རྣལ་འབྱོར་བསྒོམ་པ་ནས་ལྷག་གཏོར་གྱི་བར་ཚོགས་ཀྱི་འཁོར་ལོ་ཚུལ་བཞིན་དུ་བྱས་པའི་མཐར། རྗེ་བཙུན་གྱི་བསྒོམ་བཟླས་དང་སྲུང་བ་རྣམས་བྱའོ། །དེ་ནས་དབང་གིས་སྨིན་པའི་སློབ་མ་ཁྲུས་བྱས་པས། སློབ་དཔོན་རྡོ་རྗེ་འཆང་དུ་མོས་པ་ལ། ཕྱག་དང་མཎྜལ་ལན་གསུམ་ཕུལ་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ་གྱིས་རྒྱུན་བཤགས་དང༌། སེམས་བསྐྱེད་ནས། བླ་མ་རྣལ་འབྱོར་དབང་ཕྱུག་ཏུ་བསྒོམ་པའི་ཐུགས་ཀ་ནས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ལ། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ནས། གཉིས་སུ་མེད་པར་ཐིམ་པར་བསམས་ལ། སློབ་མས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཏུ་བསྡུས་པའི་ངོ་བོ། རྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་བིརྺ་པས། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་སྐུ་ལས་རྣལ་འབྱོར་དབང་ཕྱུག་གི་སྐུ་དཔག་ཏུ་མེད་པ་བྱོན་ནས་རང་ལ་ཐིམ་པས་སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒྲིབ་པ་དག་པར་མོས་ལ། བླ་མས་རྡོ་རྗེ་དྲིལ་བུ་བསིལ་ཞིང༌། རྩ་བའི་སྔགས་སམ་ཨཥྚ་བཟླའོ། །ཡང་བླ་མའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱོན། རང་གི་སྙིང་གར་ཐིམ་པས། རྗེ་བཙུན་གྱི་བྱིན་རླབས་ཞུགས་པར་བསམས་ལ། བླ་མའི་རྗེས་སུ་བཛྲ་ཨཾ་གུ་ལི་སོགས་ཀྱི་སྔགས་ལན་གསུམ་བཟླས་པས་གསུང་གི་བྱིན་རླབས་ཞུགས། ངག་གི་སྒྲིབ་པ་དག་པར་བསམ་མོ། །དེ་ནས་བླ་མ་རྗེ་བཙུན་བིརྺ་པར་མོས་པ་དེ་ཉིད་རང་གི་སྨིན་མཚམས་སུ་ཐིམ་པས། རང་བིརྺ་པར་གྱུར་པར་བསྒོམས་ལ། ལུས་བིརྺ་པའི་སྟངས་ཀ་བྱ། ངག་རླུང་ཁ་སྦྱོར་ཐུབ་ཚད་བཟུང༌། སེམས་ཀྱིས་རང་བིརྺ་པ་ཡིན་སྙམ་པའི་ང་རྒྱལ་གྱིས་གང་ལ་ཉམ་ང་བ་དང༌། བག་ཚ་བ་མེད་པར་བསམས་པས་ཐུགས་ཀྱི་བྱིན་རླབས་ཞུགས། ཡིད་ཀྱི་སྒྲིབ་པ་དག་པར་བསམ་མོ། །དེ་ནས་སྒྲུབ་ཐབས་དང་སྲུང་བའི་མན་ངག་རྣམས་བྱིན་ནས། བསྒོམ་བཟླས་མ་ཆགས་པར་གྱིས་ཤིག་ཅེས་བསྒོས་ལ། མཎྜལ་ལན་གསུམ་དང་ཡོན་དབུལ་བ་ལ་སོགས་པ་རྗེས་ཀྱི་བྱ་བ་རྣམས་རྫོགས་པར་བྱའོ། །གཉིས་པ་ནི། སྲོད་དང་ཐོ་རངས་ཀྱི་ཚེ། སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བཞི་བསྒོམ་པ་རྣམས་སྔོན་དུ་སོང་ནས། ཨོཾ་སྭ་བྷཱ་ཝས་སྟོང་པར་བསམ་པའི་ངང་ལས་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་སེང་གེས་བཏེག་པའི་སྟེང་དུ། པདྨ་དང་ཟླ་བའི་གདན་ལ། རྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་བིརྺ་པ། སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པའི་མཐིལ་གདན་སྟེང་དུ་མནན་ཅིང༌། གཡོན་པས་སྡིགས་མཛུབ་གྱེན་དུ་བསྟན་པ། སྐུ་འགྱིང་བག་དང་ལྡན་པ་ལ། མེ་ཏོག་སྣ་ཚོགས་ཀྱི་དབུ་རྒྱན་དང༌། དོ་ཤལ་བྱས་ཤིང༌། པུས་འཁྱུད་དང་བཅས་པའི་ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམས་ལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་པ་ནས་གསོལ་བ་འདེབས་པའི་བར་གོང་ལྟར་བྱས་ལ། རང་བཞིན་གྱི་གནས་ནས་རྗེ་བཙུན་རྣལ་འབྱོར་དབང་ཕྱུག་ལ་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་རྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་བིརྺ་པས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྔགས་ཀྱི་སྒྲ་གྲགས་སྟོང་ལ་སེམས་གཏད་ནས། ཨོཾ་བཛྲ་ཨཾ་གུ་ལི། བཛྲ་ཀ་པ་ལི། བཛྲ་དྷི་ན། བྷན་དྷུ་ཧ་ར། བཛྲ་པི་ཨཾ། ཧཱུྃ་ཙཾ་གེ ས་ར་བྷེ་རྟ་དྷ། ཁ་གེ་ཨེ། ཨཾ་གེ་མི་ལི། ལ་ག་པ་ར་ཏ། ཏ་ཨུ་ལ། ཏི་པཱ་ཏ། ཨོཾ་བྷི་རུ་ཝ། ཝ་པ་ར། ན་མོ་བེ་དྷ་ནི། ཝ་ར་ཎ། ཞེས་ཚིག་གཞན་གྱིས་བར་མ་ཆོད་པར་དམ་བཅའ་ཇི་ཙམ་ཡོད་ཀྱི་བར་བཟླས་པའི་མཐར། དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་གཅིག་ཏུ་བསྡུས་པའི་དངོས། །བླ་མ་རྣམས་དང་དཔལ་ལྡན་བིརྺ་པ། །གཉིས་སུ་མེད་ལ་བདག་ནི་སྐྱབས་སུ་མཆི། །མགོན་པོ་ཁྱོད་ཀྱི་ཐུགས་དང་བདག་གི་སེམས། །དབྱེ་བ་མེད་པར་གཅིག་ཏུ་འདྲེས་གྱུར་ནས། །ཕྱོགས་ལས་རྣམ་པར་རྒྱལ་བ་ཁྱོད་ཅི་འདྲ། །བདག་ཀྱང་དེ་འདྲར་འགྱུར་བར་བྱིན་གྱིས་རློབས། །ཞེས་དྲག་ཏུ་གསོལ་བ་བཏབ་ནས། རང་ལ་བསྟིམ་པའམ། མི་དམིགས་པ་གང་བདེ་བྱ་གསུང་ཡང༌། འདིར་རང་ལ་བསྟིམས་པས་རང་རྣལ་འབྱོར་དབང་ཕྱུག་ཏུ་བསམ་པ་སོགས་གོང་ལྟར་བྱས་པའི་རྗེས་ལ། སྲུང་བ་རྣམས་མཛད་དོ། །བླ་མ་ཁ་ཅིག་གསོལ་བ་བཏབ་པའི་རྗེས་སུ། ལམ་ཟབ་བླ་མ་ལས་གསུངས་པ་ལྟར་ཞེན་པ་སྤང་བ་དང༌། དབང་དང་དངོས་གྲུབ་བླངས་ནས་རང་ལ་བསྟིམ་ནས་བསྲུང་བ་རྣམས་མཛད་དེ་དཔྱད་པར་བྱའོ། །གསུམ་པ་ལ་བཅུ་གཉིས་ཀྱི་དང་པོ་ཁྱོར་ཆུས་སྲུང་བ་ནི། ལག་པ་གཡོན་པར་ཆུ་གཙང་ཁྱོར་བ་གང་བླུགས་ལ། དཔུང་པ་གཡོན་པར་བཟུང་ལ་མིག་གིས་མི་བལྟ་བར། སྲིན་ལག་གཡས་པས་གཡས་སྐོར་དུ་བཀྲུག་ཅིང༌། ཨོཾ་བཛྲ་ཨཾ་གུ་ལི་སོགས་ལན་གསུམ་བཟླས་ནས། རང་གི་མིག་གིས་མ་མཐོང་བར་སྲིན་ལག་དེས་གནས་གསུམ་དུ་ཐིག་ལེ་བྱ་ཞིང༌། ཆུ་ལྷག་མ་སྣ་བུག་གཡོན་ནས་རླུང་བརྔུབས་པས་བཏུང་བར་བྱའོ། །གཉིས་པ་དྲི་ཆུས་སྲུང་བ་ནི། ལག་པ་གཡོན་པར་དྲི་ཆུ་བླུགས་ལ། གཡས་པའི་མཐེབ་སྲིན་གྱིས་གཡས་སྐོར་དུ་མཉེ་ཞིང་སྔགས་བདུན་ནམ། ཉེར་གཅིག་བཟླས་ནས་མིག་མི་བལྟ་བར་མཐེབ་སྲིན་གཡས་པས་ཆུ་བླངས་ལ། དེ་མིག་གིས་མ་མཐོང་བར། ཕྲག་གོང་ནས་རྒྱབ་ན་ཕར་བསྐོར་ལ། ཐོག་མར་ལྕེ་ཐོག་ཏུ་བཞག དེ་ནས། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། རྣམས་བསྒོམས་ལ་གནས་དེ་དག་ཏུ་མཐེབ་སྲིན་གྱིས་ཐིག་ལེ་བྱས་ལ་བྱིན་གྱིས་བརླབས་པར་བསམ་མོ། །འདི་ལ་ཡི་གེ་རྙིང་པ་ལས། ཁྱོར་བ་གཡས་པར་དྲི་ཆུ་བླུགས་ནས། གཡོན་པས་དཀྲུགས་པ་སོགས་བཤད་དེ་དཔྱད་པར་བྱའོ། །གསུམ་པ་དྲི་ཆུ་བར་པས་སྲུང་བ་ནི། དང་པོ་ལག་པ་གཡོན་པར་དྲི་ཆུ་བར་པ་བླུགས་པ་ལ། གཡས་པའི་མཐེབ་སྲིན་གྱིས་གཡས་སྐོར་དུ་དཀྲུག་ཅིང༌། སྔགས་ཉེར་གཅིག་བཟླས་ནས། མདུན་ནས་གཡས་སྐོར་གྱིས་ཐོག་མར་ལྕེ་ལ་རེག དེ་ནས། དཔྲལ་བར་ཧཾ། མགྲིན་པར་ཨོཾ། སྙིང་གར་ཧཱུྃ། ལྟེ་བར་ཨ། གསང་གནས་སུ་ཧ་བསམས་ནས་གནས་དེ་དག་ཏུ་ཐིག་ལེ་བྱས་པས་ཡི་གེ་ལྔ་ལས་འོད་ཀྱི་སྲིད་བུས་མདུད་པ་བྱས་པས། བར་ཆད་ཀྱིས་མི་ཚུགས་པར་བསྒོམ། དེ་ནས་ལག་པ་གཡས་པར་དྲི་ཆུ་བར་པ་བླུགས་ལ་གཡོན་པའི་མཐེབ་སྲིན་གྱིས་གཡོན་སྐོར་དུ་དཀྲུག་ཅིང༌། སྔགས་ཉེར་གཅིག་བཟླས་ནས་རྒྱབ་ནས་གཡོན་སྐོར་གྱིས་ལྕེ་ལ་རེག་པ་སོགས་སྔར་བཞིན་བྱའོ། །བཞི་པ་རྡོ་རྗེ་རྩེ་གསུམ་གྱིས་སྲུང་བ་ནི། གཡོན་པའི་མཐེའུ་ཆུང་མཐེ་བོས་མནན་ལ། སོར་མོ་གསུམ་ཕྲལ་ཏེ་བརྐྱང་པ་དཔྲལ་བར་རེག་ལ། ཨཀྵེ་བི་མ། ཁ་ལ་རེག་ལ། པ་ཚེ་ཨུ་པ་མ། སྙིང་གར་རེག་ལ། ཤི་ལ་པ་ཐཱར། ལྟེ་བར་རེག་ལ། ཧ་ཨུ་ཨ་ཚེ་ཨུ། ལིང་གར་རེག་ལ། ཝ་པ། ཞེས་པས་ཡས་རིམ་དང༌། ཡང་ལིངྒར་རེག་ལ། བིརྺ། ལྟེ་བར། པ། སྙིང་གར། པྲ། ཁ་ལ། ས་དྷེཾ། དཔྲལ་བར་སྭཱ་ཧཱ། ཞེས་བརྗོད་ལ་མས་རིམ་གྱིས་རེག་གོ །མཆན་རྙིང་ཁ་ཅིག་ལ། གནས་ལྔར། ཕོ་བྲང་ལྔའི་གཙོ་བོ་རྣམས་བསྒོམས་ནས་སྔགས་བརྗོད་ཅིང༌། ཕྱག་རྒྱས་རེག་པས་ལྷ་རྣམས་གསལ་གདབ་པར་བྱ་ཞེས་འབྱུང་ངོ༌། །ལྔ་པ་རྣལ་འབྱོར་སྲུང་བའི་ཕྱག་རྒྱས་སྲུང་བ་ནི། རྡོ་རྗེ་སྲུང་བའི་ཕྱག་རྒྱ་ནི། །སྙིང་གར་བཅས་ཏེ་བཤང་སྐོར་དགྲོལ། །འབྱུང་པོའི་ཉི་མ་དག་ལ་བསྟེན། །གཞན་དུ་ན་ནི་བར་ཆད་འགྱུར། །ཞེས་པའི་དོན། རྐང་མཐིལ་གཉིས་སྤྲད། པུས་མོ་ཕྱིར་བསྐྱེད་ལ་རླུང་ཁ་སྦྱར་དུ་བྱས་ནས། ལག་པ་གཉིས་རྡོ་རྗེ་ཕྱིར་བསྡམས་ལས། མཐེ་བོང་གཉིས་གུང་མོ་གཉིས། མཐེའུ་ཆུང་གཉིས་རྣམས་རྩེ་སྤྲད་པའི་ཕྱག་རྒྱ་སྙིང་གར་བཅས་ལ། སྔགས་རྣམས་ཡིད་ཀྱིས་བཟླས་ཤིང༌། མཐེ་བོང་སྦྱར་བ་སྙིང་གར་རེག་ལ། ཨཀྵེ་བྷི་མ། གུང་མོ་ཁ་དང༌། པ་ཚེ་ཨུ་པ་མ། མཐེའུ་ཆུང་ལྟེ་བ་དང༌། ཤི་ལ་པ་ཐཱར། གུང་མོ་ལིངྒ་དང༌། ཧ་ཨུ་ཨ་ཚེ་ཨུ། མཐེའུ་ཆུང་བཤང་སྒོ་དང༌། ཝ་པ། ཞེས་ཡས་རིམ་དང༌། ཡང་མཐེའུ་ཆུང་བཤང་སྒོ་དང༌། བིརྺ། གོང་མོ་ལིངྒ་དང༌། པ། མཐེའུ་ཆུང་ལྟེ་བ་དང༌། པྲ། མཐེ་བོང་སྙིང་ག་དང༌། ས་དྷེཾ། གུང་མོ་ཁ་དང༌། སྭཱ་ཧཱ། ཞེས་མས་རིམ་དང༌། ཡང་གོང་བཞིན། སྙིང་ག་ནས་བཤང་སྒོའི་བར་རེག་ལ། དེར་ཝ་པ། ཞེས་ཡིད་ཀྱིས་བཟླས་ཤིང་རླུང་བཏང༌། སེ་གོལ་གཏོགས་པར་བྱའོ། །འདི་ནི་གོང་མའི་གསུང་ལྟར་བྲིས་པ་ཡིན་ལ། བླ་མ་ཆོས་ཀྱི་རྒྱལ་པོ་ལྟར་ན། རྐང་པའི་བྲང་ང་ས་ལ་བཙུགས། རྟིང་པ་འཕོང་ལ་གཏད། ལག་པ་གཉིས་རྡོ་རྗེ་བསྡམས་པ་ལས། མཐེ་བོང་མཛུབ་མོ་མཐེའུ་ཆུང་རྣམས་རྩེ་སྤྲད་ནས། བརྐྱང་པའི་ཕྱག་རྒྱ་སྙིང་གར་བཅས་ལ། དེར་ཡར་བཟློག་ཅིང་མཛུབ་མོ་སྙིང་གར་རེག མཐེའུ་ཆུང་ལྕེ་ལ་རེག་ཅིང་མར་བཟློག་ནས་མཐེའུ་ཆུང་དང་མཐེ་བོང་ལྟེ་བར་རེག་ཅིང༌། བོལླ་ལ་མཐེབ་མཛུབ་ཀྱི་བར་ནས་ཕྱུང་ལ། མཐེའུ་ཆུང་བཤང་ལམ་དུ་རེག་པར་བྱའོ། །དེ་ལྟར་ལན་གསུམ་བྱས་ལ། བཤང་ལམ་དུ་དགྲོལ་བར་བཞེད་དེ། འདི་གཉིས་གང་དག་བརྟག་གོ །དྲུག་པ་སྔགས་དང་ཕྱག་རྒྱས་སྲུང་བ་ནི། རྐང་པ་གཡོན་གྱི་མིང་མེད་གཅིག་ཤོས་ཀྱིས་མནན། ཙོག་པུར་འདུག་སྟེ་ལག་པའི་མཐེ་བོང་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་རྩ་བ་མནན་ནས་མཐེའུ་ཆུང་བསྐུམ། གུང་མོ་སྲིན་ལག་གསུམ་བརྐྱང་ནས། ཕྱག་རྒྱ་གཉིས་རྩེ་སྤྲད་པ་སྙིང་གར་བཅའ་ཞིང༌། ར་ག་ཏ་ཛ་ཊ། ར་ག་ཏ་ཕཊ། བིརྺ་པ་ཀ ནི་ལ་ཕཊ། མོ་ན་ཐི་བྷ་ཡ། ཞེས་པ་ལན་གསུམ་མམ་བདུན་བརྗོད་པའི་མཐར་སོར་མོ་གཡོན་པ་གསུམ་གན་རྐྱལ་བྱས་པའི་སྟེང་དུ། གཡས་པ་ལན་གསུམ་བརྡབ་ཅིང་སྔགས་བཟླས། དེ་ནས་སྲིན་ལག་མཐེ་བོས་མནན་པ་མ་ཤོར་བར་ཕྱིར་ལན་གསུམ་དཀྲུག ཡང་མཐེ་བོས་སྲིན་ལག་མནན་པ་མ་ཤོར་བར་གཡོན་པའི་སྲིན་ལག་གིས་སྣ་བུག་གཡས་པ་བཀག་ལ། སྣ་གཡོན་ནས་རླུང་ལན་གསུམ་འབུད་པར་བྱའོ། །བདུན་པ་དམིགས་པས་སྲུང་བ་ནི། སྤྱི་གཙུག་གི་ཧཾ་མགོ་ཐུར་ལ་བསྟན་པས་དབུ་མའི་ཡར་རྩེ་བཀག ལྟེ་བའི་ཨཾ་མགོ་གྱེན་ལ་ལྟ་བས། མས་སྣ་བཀག་པ་ལ་དམིགས་པ་གཏད་དོ། །བརྒྱད་པ་ཐབས་ཤེས་རབ་གཉིས་མེད་ཀྱིས་སྲུང་བ་ནི། རང་གི་སྤྱི་བོར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཐབས་ཀྱི་རང་བཞིན་ཧོ་དམར་པོ་མགོ་ཐུར་དུ་བསྟན་པ། ལྟེ་བར་ཉི་མའི་སྟེང་དུ་ཤེས་རབ་ཀྱི་རང་བཞིན་ཧོ་དམར་པོ་མགོ་གྱེན་དུ་བསྟན་པར་བསྒོམ། དེ་ནས་ལག་པ་གཡས་པའི་སོར་མོ་གཤིབས་པས་ལྕེའི་བུད་བཞར་གཡོན་པས་ཀྱང་བུད་བཞར་ལ། ལག་པ་གཡས་པས་སྤྱི་གཙུག་ནས་མནན། གཡོན་པས་ལྟེ་བ་བཏེག་ལ། ཡར་མར་ནས་གཟིར་ལ། ཐབས་ཤེས་རབ་གཉིས་སུ་མེད་པ་ལ་བློ་གཞག་པར་བྱའོ། །དགུ་པ་འགྲོ་བའི་ཚེ་སྲུང་བ་ནི། རང་གི་བཤང་ལམ་དུ་ཀྵམརཡུཾདཀར་པོ་མགོ་གྱེན་ལ་བསྟན་པ། རྡོ་རྗེ་ལ་སམརཡུཾ་སེར་པོ་མགོ་གྱེན་དུ་བསྟེན། ལྟེ་བར་ཀྵུཾ་དམར་པོ་མགོ་སྤྲད་པ། ཁར་སུཾ་དཀར་པོ། སྣ་གཉིས་ལ་ཡུཾ་སེར་པོ་རེ་རེ། མིག་གཉིས་སུ་ཧཱུྃ་སྔོན་པོ་རེ་རེ། རྣ་བ་གཉིས་སུ་ཡུཾ་དམར་པོ་རེ་རེ། མཛོད་སྤུར་སམརཡུཾདཀར་པོ་མགོན་ཐུར་ལ་བསྟན་པ། སྤྱི་གཙུག་ཏུ་ཧམརཡུཾདཀར་པོ་མགོ་ཐུར་ལ་བསྟན་པ། ཐམས་ཅད་ཟླ་བའི་གདན་ལ་གནས་པར་བསམས་ནས། ཕྱོགས་རྣམ་པར་གནོན་པའི་ཕྱིར་རླུང་མི་རྒྱུ་བ་ངོས་ཀྱི་རྐང་པ་མནན། རྒྱུ་བ་ངོས་ཀྱི་ལག་པ་ཐལ་མོ་ཕྱར་ནས་གོམ་པ་བདུན་དུ་འཕགས་ཤིང༌། ངག་ཏུ་ཧཱུྃ་ཞེས་བརྗོད་པའོ། །བཅུ་པ་ཉལ་བའི་ཚེ་སྲུང་བ་ནི། གཞོགས་གཡས་པ་འོག་ཏུ་བཅུག་ལ། གཡས་པའི་མཐེའུ་ཆུང་གིས་སྣ་བུག་གཡས་པ་བཀག་ནས་ཉལ་བར་བྱའོ། །བཅུ་གཅིག་པ་གཟའ་རིགས་སྲུང་བ་ནི། རང་ཉི་མ་སྟེང་གནོན་གྱི་ཕྱག་རྒྱ་བྱས་པའི་སྡིགས་མཛུབ་ཀྱིས་སྤྱི་བོའི་ཐད་དུ་ཐོག་རིས་རྩེ་ལྔ་པ་ཅིག་བྲིས་པའི་དབུས་སུ་ཨོཾ། ཟུར་ལྔ་ལ་གཡོན་སྐོར་དུ། ན སྭ བྷོ ཧཱུྃ ཕཊ། རྣམས་སེར་པོ་མགོ་ཕྱིར་བསྟན་དུ་དམིགས་ལ། ཨོཾ་ན་སྭ་བྷོ་ཧཱུྃ་ཕཊ། ཅེས་སྟོང་ཕྲག་གཅིག་བཟླས་ལ་འཁོར་ལོ་སྤྱི་བོར་ཐིམ་པར་བསྒོམ། ཡང་སྡིགས་མཛུབ་ཀྱི་རྩེ་མོས་རིན་པོ་ཆེ་ཟུར་བརྒྱད་པ་བྲིས་པའི་ཟུར་རྣམས་སུ། ཧཱུྃ་ཧཱུྃ་ཧ་ཧི་ཧུ་ཧེ་ཧོ་ཧཿ ཅེས་པ་མགོ་ནང་བསྟན་ཁ་དོག་སེར་པོར་བསྒོམས་ལ། སྔགས་དེ་ཉིད་སྟོང་ཕྲག་གཅིག་བཟླས་ཏེ། དཔུང་པ་གཡས་ལ་ཐིམ་པར་བསམ། འཁོར་ལོ་དེ་གཉིས་དར་དམར་པོ་ལ་གསེར་གྱིས་བྲིས་ནས་སྤྱི་བོར་བཅིང་བར་བྱའོ། །བཅུ་གཉིས་པ་འཁོར་ལོས་སྲུང་བ་ནི། རྒྱ་ཤོག་ལ་གི་ཝཾ་གིས་འཁོར་ལོ་རྩིབས་བཞི་པ་མུ་ཁྱུད་དང་བཅས་པ་བྲིས་ལ་ལྟེ་བར་ཨཀྵེ་བི་མ། རྩིབས་བཞི་ལ། ཤར་དུ་པ་ཚེ་ཨུ་པ་མ། ལྷོར་ཤི་ལ་པ་ཐཱར། ནུབ་ཏུ་ཧ་ཨུ། བྱང་དུ་ཨ་ཚེ་ཨུ། མུ་ཁྱུད་ལ་ཝ་པ་བིརྺ་པ་པྲ་ས་དྷེཾ་སྭཱ་ཧཱ། ཞེས་པ་རྣམས་བྲིས་པའམ། ཡང་ན་འཁོར་ལོའི་ལྟེ་བར་བསྒྲུབ་བྱ་བྲིས་ལ། དེའི་གནས་ལྔར་སྔགས་ལྔ་བྲིས་ལ། སྤྱི་གཙུག་ཏུ་རིན་པོ་ཆེ་འབར་བ་ཆ་དགུ་པ་བྲིས་ལ། ཆ་རེ་ལ། ཝ་པ། བིརྺ་པ། པྲ་ས་དྷེཾ་སྭཱ་ཧཱ། ཞེས་པ་རྣམས་བྲི། རྩིབས་བཞི་དང་མུ་ཁྱུད་སོགས་ལ་སྔར་བཞིན་བྲིས་ལ། རབ་གནས་བྱས་ལ་མགུལ་དུ་བཅང་བར་བྱའོ། །སྲུང་བ་འདི་ཐམས་ཅད་ལ་རང་རྣལ་འབྱོར་དབང་ཕྱུག་ཏུ་བསྒོམས་ལ། དེའི་ང་རྒྱལ་དང་མ་བྲལ་བར་སྲུང་བ་རྣམས་བྱ་བ་ནི་གལ་ཆེའོ། །ཟབ་མོ་སྦས་པའི་མན་ངག་ཁྱད་པར་ཅན། །གསལ་བར་བྲིས་ལ་ཉེས་གང་བླ་མ་དང༌། །མཁའ་འགྲོའི་ཚོགས་ཀྱིས་བརྩེ་བས་བཟོད་མཛོད་ལ། །ཐུགས་རྗེ་ཆེན་པོས་བདག་ལ་བྱིན་གྱིས་རློབས། །འདིར་འབད་དགེ་བ་བདག་གིས་གང་ཐོབ་དེས། །དེང་ནས་བཟུང་སྟེ་སྐུ་གསུམ་མ་ཐོབ་པར། །མཐུ་སྟོབས་དབང་ཕྱུག་གསུང་གི་མཛོད་འཛིན་ཞིང༌། །ལམ་གྱི་བར་ཆད་མ་ལུས་ཞི་བར་ཤོག །ཅེས་པ་འདི་ཡང་རྨད་དུ་བྱུང་བའི་ཡོན་ཏན་གྱི་ཚོགས་ལ་དབང་འབྱོར་པ། བླ་མ་ཀུན་དགའ་ལེགས་པའི་བཀས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། རྗེ་བཙུན་གོང་མའི་ཡི་གེ་ཐོར་བུ་པ་རྣམས་དང༌། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དང་དཀར་ཤཱཀྱ་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས་རྣམས་ལས་མན་ངག་རྣམས་ཚང་པར་བསྡུས་ཤིང༌། བླ་མ་དམ་པའི་ཕྱག་ལེན་ཁྱད་པར་ཅན་གྱིས་བརྒྱན་ནས། རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་རྟོག་མེད་ཞབས་ལ་སོགས་པ་བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་ལས་གསུང་ངག་རིན་པོ་ཆེ་མན་ངག་དང་བཅས་པ་རྣམས་ཀྱི་མཛོད་འཛིན་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ། །ཐུན་མོང་མ་ཡིན་པའི་མན་ངག་གཅིག་བརྒྱུད་མ་དང་བིར་སྲུང་གསར་པའི་མན་ངག་ནི་ཟུར་དུ་ཤེས་པར་བྱའོ།། །། ༄། །སྐུའི་རྣམ་འགྱུར་དྲུག་གི་ཟིན་བྲིས་བཞུགས།། ༈ །ཨོཾ་སྭ་སྟི། དཔལ་ལྡན་བིརྺ་པའི་སྐུའི་རྣམ་འགྱུར་ལ་དྲུག་སྟེ། ཉི་མ་གཏེང་པར་འཛུད་པ། གངྒཱ་བཟློག་པ། ཆོས་འཆད་པ། གསེར་འགྱུར། ལྷ་རྟེན་དགས་པ། མུ་སྟེགས་ཀྱི་ལྷ་མནན་པའོ། །དང་པོ་ནི་སྐུ་མདོག་དམར་ནག་གཡས་སྡིགས་མཛུབ་ཅན། གཡོན་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའོ། །གཉིས་པ་ནི་སྐུ་མདོག་སྔོ་ནག་ཕྱག་གཡས་པའི་མཐིལ་གདན་སྟེང་དུ་མནན་ཅིང༌། གཡོན་སྡིགས་མཛུབ་གྱེན་དུ་བསྟན་པ། སེམས་དཔའི་སྐྱིལ་ཀྲུང་ཅན་ནོ། །གསུམ་པ་ནི། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །བཞི་པ་ནི། གཡས་གདན་སྟེང་དུ་མནན་ཅིང༌། གཡོན་ཁུ་ཚུར་བཅངས་ནས་པུས་མོ་གཡོན་པའི་སྟེང་དུ་བཞག་པ། ཞབས་གཉིས་སྐྱིལ་ཀྲུང་ཅུང་ཟད་ཀྲོང་ངེ་བར་བྱས་པའོ། །ལྔ་པ་ནི། གཡས་དཔྲལ་བར་ཐལ་མོ་སྦྱར། གཡོན་གདན་ལ་བརྟེན་པ་སེམས་དཔའི་སྐྱིལ་ཀྲུང་ཅན་ནོ། །དྲུག་པ་ནི། ཕྱག་གཉིས་ཀྱི་མཐེ་བོས་མཐེའུ་ཆུང་མནན་པ། རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་བྱས་ལ། དེ་གཉིས་ཐུགས་ཀར་སྦྱར་བ། ཞབས་གཡོན་གྱི་སྲིན་མཛུབ་གཡས་ཀྱི་སྲིན་མཛུབ་ཀྱིས་མནན་པའོ། །གོང་མ་མིན་པ་ཐམས་ཅད་ཀྱི་སྐུ་མདོག་སྔོ་ནག་གམ་སྔོ་སྐྱ་གང་རུང་དུ་བསམ་མོ། །དེ་ལྟར་སྐུའི་རྣམ་འགྱུར་དྲུག་པོ་རང་གང་མོས་པར་བསྒོམས་ལ་སྔགས་བཟླས་པ་དང་སྲུང་བ་རྣམས་བྱ་བ་གསུངས་སོ། །ཞེས་པ་རྣལ་འབྱོར་པ་རིན་ཆེན་རྡོ་རྗེས་གོང་མའི་གསུང་ཐོར་བུ་པ་རྣམས་ལས་བཏུས་པའོ།། །། ༄། །བྱིན་རླབས་བྱ་ཚུལ་བཞུགས།། ༈ །ཨོཾ་སྭ་སྟི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་རྫུ་འཕྲུལ་གཅིག་བསྡུས་པ། །རྣལ་འབྱོར་དབང་ཕྱུག་ལ་བཏུད་ནས། །དེ་ཡི་བྱིན་རླབས་མན་ངག་བྲི། །འབྱུང་པོའི་ཉི་མ་གང་རུང་ལ། །དབེན་པར་རིམ་གཉིས་རྣལ་འབྱོར་བསྒོམ། །ཁྱད་པར་འདི་ཡི་བསྒོམ་བཟླས་དང༌། །ཚོགས་ཀྱི་འཁོར་ལོ་ཚུལ་བཞིན་བྱ། །དབང་གིས་སྨིན་པའི་སློབ་མ་ཀུན། །ཁྲུས་བྱས་ཕྱག་དང་མཎྜལ་དབུལ། །ཀུན་མཁྱེན་ཡེ་ཤེས་ཕུང་སོགས་ཀྱིས། །གསོལ་བ་གདབ་ཅིང་རྒྱུན་བཤགས་དང༌། །སྡོམ་པ་གཟུང་བ་རྣམས་ཀྱང་བྱ། །སློབ་དཔོན་རྣལ་འབྱོར་དབང་ཕྱུག་ཏུ། །བསྒོམས་པའི་དཔྲལ་མགྲིན་སྙིང་ག་དང༌། །ལྟེ་གསང་རྣམས་སུ་ཨོཾ་ཨཱཿཧཱུྃ། །ཨཾ་དང་ཧ་སྟེ་འབྲུ་ལྔ་བསྒོམ། །གུས་འདུད་དྲག་པོས་གསོལ་བཏབ་པས། །དཔྲལ་བའི་ཨོཾ་ལས་འོད་དཀར་འཕྲོས། །སློབ་མའི་དཔྲལ་བར་ཐིམ་པའི་མཐུས། །བུམ་པའི་དབང་བསྐུར་ཐོབ་པར་བསྒོམ། །ངག་དང་སེམས་ལའང་དེ་འགྲེས་སྦྱར། །ལྟེ་གསང་ཡི་གེའི་འོད་ཟེར་དག །སློབ་མའི་ལྟེ་གསང་དུ་ཐིམ་པས། །བཞི་པའི་དབང་མཆོག་ཐོབ་པར་བསམ། །དེ་རྗེས་སློབ་དཔོན་རང་ཉིད་ལ། །ཐིམ་པར་བསྒོམ་ཞིང་ང་རྒྱལ་བྱ། །འཁོར་ལོ་ལྔ་དང་རྩ་གསུམ་གྱི། །བསྲུང་བ་མན་ངག་བཞིན་དུ་སྦྱིན། །དམ་བཅའ་ཁས་བླང་ཡོན་དབུལ་སོགས། །རྗེས་ཀྱི་བྱ་བ་གཞན་དང་མཐུན། །འདི་ཡང་སློབ་མས་གསོལ་བཏབ་ནས། །གསུང་ངག་ཟབ་མོའི་མཛོད་འཛིན་པ། །དགེ་སློང་ཀུན་དགའ་བཟང་པོས་བྲིས། །དགེ་དེས་འགྲོ་ཀུན་ལམ་བསྒོམ་ཤོག །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། །། ༄། དེའི་ཉམས་ལེན་བཞུགས།། ༈ །རྗེ་བཙུན་མཐུ་སྟོབས་ཀྱི་མགོན་པོ་ལ་ཕྱག་འཚལ་ལོ། །འདིའི་མན་ངག་ལ་གཉིས། རང་གཞན་སྲུང་བ་དང༌། བྱད་བཟློག་པའོ། །དང་པོ་ལ་ཁྱོར་ཆུས་སྲུང་བ་དང༌། སྲུང་སྐུད་ཀྱི་སྲུང་བ་གཉིས་ཀྱི་དང་པོ་ནི། མན་ངག་ཐོབ་པའི་རྣལ་འབྱོར་པས་ཐོ་རངས་སམ་ཟས་མ་ཟོས་པའི་གོང་དུ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་རྗེ་བཙུན་བིརྺ་པ་མན་ངག་བཞིན་བསྒོམས་ལ། ལག་པ་གཡས་པའི་མཐིལ་དུ་ཆུ་གཙང་མ་ཉུང་ཟད་བླུགས་པ་དེ་ལ་དམིགས་ལ། འདི་སྐོར་གྱི་སྔགས་འདི་རྣམས་སླར་དཔེ་དག་ངེས་རྙེད་ན་བསྡུར་དགོས། གྷོ་ཊོ། གྷོ་ཊོ། གྷོ་ཊོ། པི་ཡི་ཐ། རྦརྨ། པིཾ་ཏུ། མོ་སི་པར། ཏེན་དྷེའུ། མོ་ཧུར། ཧརྟི། རྦོ་ཡི་ཐ། ནོ་ཡི་ཏ། ཧརྐ་ཐེ། ནེཡི། བྷེ་ཐུ། ཕུ་ཊ། ཀུ་གྱན། བི་གྱན། པུ་ལུ། པགས་རྫག་དྷ་ན། ན་ལ་ཀེ མོ་ཧུར། མིང་འཇུག ཨཾ་གྷེ། སརྦ་གྷོ་ཊོ་ཀ་རོ། མུ་ཧུར་ཏི་ནོ། རྦ་ར་ཊ་ཡི་ཡི་ནི། ཛུ་གི་ནི། ན་ཡིན་པོ་ཤ་ཀ་ར། ན་རོ་པ་ཨ། རྒྱང་ཨེ་ཀེའི་ས། ས་ལི་ཡ། ཨ་ནུ་ཁ་ཡད་ཛ་ཙདྡྷུ། པུ་རུ་རྫུ། ཏུ་ཤ་ཁ་ཧིའོ། །ཤུ་རུ་ཀུ་རུ་པ། ཞེས་པའི་མོ་ཧུར་ཞེས་པའི་སྐབས་སུ་རང་གི་མིང་བཅུག་ལ། ལན་བདུན་ནམ་བཅུ་ལ་སོགས་པ་བཟླས་ཏེ། མཆིལ་མ་ཆུ་ལ་བཏབ་ནས་འཐུངས་ན་ཉིན་ཞག་དེ་ལ་ནད་གདོན་གྱི་གནོད་པ་མི་འབྱུང་ངོ༌། །ནད་དང་གདོན་གྱིས་ཟིན་པ་སོགས་གཞན་བསྲུང་ན་ཡང༌། ཆུ་གཙང་མ་དེ་ལ། སྔགས་བསྲུང་བྱའི་མིང་དང་སྤེལ་བ་བཟླས་ནས་མཆིལ་མ་བཏབ་སྟེ་བྱིན་ན། ནད་གདོན་གྱི་གནོད་པ་ལས་གྲོལ་བར་འགྱུར་རོ། །གཉིས་པ་སྲུང་སྐུད་ནི། རང་རྗེ་བཙུན་དུ་བསྒོམས་ནས། སྲད་བུ་སུམ་བསྒྲིལ་ལ་རྡོ་རྗེའི་མདུད་པ་གསུམ་བྱས་ནས། མདུད་པ་རེ་རེ་ལའང༌། ཨ་ཀརྦ། ཨིཎྜ། རྦ་ཐ་ལི། རྦ་ར་པུ་ལེ། ར་ག་ཁེ། རྦནྡྷུ། ཏི་ནི། རྦོ་འུ་ནོ། ཙ་པ་པི། རྦ་པུ་པིར། ནརྴི་གྷརྦེ། བུ་ཧུ་ལུ་རྦེ་ཐ། རོ་ཧི་ལ་ཙར་ཙིར། ཨ་རེཀྵ་ཙ་ཏུར། ཛ་དང༌། ད་ཡིཀྵ་ས་ནུ། དྷུར་ཕོ་ལྱེ། ཨི་པ་སོ། ཨ་རྒྱང༌། ཧོ་ས་དྱུ་རུ་པ། གྷུ་རུ་པ། ཞེས་པའི་སྔགས་ལན་གསུམ་གསུམ་སྟེ་དགུ་བཟླས་ནས། རང་གཞན་གྱི་མགུལ་པར་བཅིངས་ན་གནོད་པ་ལས་བསྲུང་བའི་མཆོག་ཏུ་འགྱུར་རོ། །གཉིས་པ་བྱད་བཟློག་པ་ནི། ཉི་མ་གསུམ་རང་གི་གོས་ནང་མ་ཕྱི་ནང་བཟློག་པར་གྱོན་ནས། རང་ཐུན་མོང་གི་སྲུང་འཁོར་གྱི་དབུས་ན་གནས་པའི་རྗེ་བཙུན་དུ་བསྒོམས་ལ། ཆུ་གཙང་ཁྱོར་བ་གང་ལ། སི་བི་རུ་པ་ཨ་རྒྱང༌། ཨུ་ལུ་ཌི་ལི་རྦེད། ར་ཁ་ཐ་སད་ཐི་ཡུད་ཐི། ཛི་ཀ་ར་ན་ཏཱི། ཏཱི་མོ་རོན་ཏཱི། དྷོ་ས་ཏི་པ་ལ། དྷོ་མི་ནར་ཁི། ཙནྡྷུ། སུ་རུ་རྫུ། ཏུ་མི་ཤ་ལཱི། སི་བི་རུ་པ་ལ་རྒྱང༌། ཨུ་ལུ་ཌི་ལི་རྦེད། ར་ཁ་ཐ་སད་ཐི། ཡུད་ཐི། ཛི་ཀ་རན་ཏཱྀ། སརྦ་སིད་ཏཱི། རྦི་དྷུ་ཀུ་རྒྱང་ན་ཧི། མོ་ཧུར། ཧརྟི་རྦོ་ཡི་ཐ། ཨྃ་གེ ཨེ་ཧཾ། ས་ལི་ཡ། ཨ་ནང་གི་ཛ། བཛྲ་ཛུ་གི་ནི། ཨ་ལི་ཏུ་ཤ་ཏུ་ནུ། ཞེས་ལན་གསུམ་བཟླས་པ་བཏབ་ནས་འཐུང༌། ཡང་ཆུ་ཁྱོར་བ་གང་ལ་གོང་གི་སྔགས་ལན་བདུན་བཏབ་སྟེ། གོས་ཕྱི་ནང་བསྒྱུར་བ་ལ་བྱུག དེ་ནས་རང་རྗེ་བཙུན་དུ་གསལ་བའི་ཐུགས་ཀ་ནས་མེ་སྟག་ཚ་ཞིང་རྩུབ་པ་དཔག་ཏུ་མེད་པ་འཕྲོས་པས། བྱད་སྟེམས་དང༌། ངན་སྔགས་ཀྱི་འཁྲུལ་འཁོར་སོགས་གནོད་པ་ཐམས་ཅད་བསྲེག་པར་བསམས་ལ། བི་རཱུ་པ་ཞེས་སོགས་དྲག་ཏུ་བཟླས་ནས། ཉི་མ་གསུམ་སོང་བ་དང༌། གོས་ཅི་བདེར་གྱོན་ན་བྱད་བཟློག་པའི་མཆོག་ཏུ་འགྱུར་རོ། །རྗེ་བཙན་བིརྺ་པ། རྣལ་འབྱོར་པ་ཛྙཱ་ན་དྷྭ་ཛ་དང༌། བུདྡྷ་ཤྲཱི་བྷ་དྲ་རྣམས་ལས་བརྒྱུད་པའི་མན་ངག་ཟབ་མོ་འདི་བླ་མའི་གསུང་བཞིན་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་ཡི་གེར་བཀོད་པའོ། །སྣོད་མིན་རྣམས་ལ་གསང་ངོ༌།། །། ༄། །ཡང་དེ་དང་ལམ་འབྲས་མཚན་མཚོན་སྦྱར་བ་བཞུགས།། ༈ །ཨོཾ་སྭ་སྟི། དཔལ་ལྡན་ཆོས་སྐྱོང་བིརྺ་པའི། །ཞབས་ལ་གུས་པས་ཕྱག་འཚལ་ནས། །དེ་ཡི་མན་ངག་ཁྱད་པར་ཅན། །ཞལ་ཤེས་རིམ་པ་གསལ་བར་བྲི། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པའི་མན་ངག་ཐུན་མོང་མ་ཡིན་པ་སྙན་བརྒྱུད་གཅིག་བརྒྱུད་མ་འདིས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་མན་ངག་རྣམས་མཚོན་པར་ནུས་ཏེ། འདི་ལ་གཉིས། སྣང་བ་གསུམ་གྱི་བཀྲི་བ་དང༌། རྒྱུད་གསུམ་གྱིས་བཀྲི་བའོ། །དང་པོ་ལ་གསུམ་ལས། མ་དག་པའི་སྣང་བ་ནི། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྟན་ཏེ། དེར་གནས་པའི་སེམས་ཅན་ངན་སོང་གསུམ་ལ་སོགས་པའི་རྣམ་པར་གནས་པ་རྣམས་ཀྱི་ཁམས་ལ་བརྟགས་པས་འཁོར་བའི་ཉེས་དམིགས་ཤེས་པས། ཐོག་མར་འཁོར་བའི་ཉེས་དམིགས་བསམ་པ་དང༌། དེ་དག་ཀྱང་རྒྱུ་མི་དགེ་བ་སྤྱད་པ་ལས་འབྲས་བུ་སྡུག་བསྔལ་དེ་ལྟ་བུ་འབྱུང་བར་ཤེས་པས། ལས་རྒྱུ་འབྲས་བསམ་པ་དང༌། སྡུག་བསྔལ་དེ་དག་ལས་ཐར་པའི་དལ་འབྱོར་གྱི་ལུས་རྙེད་པར་དཀའ་བར་ཤེས་ནས། དལ་འབྱོར་རྙེད་དཀའ་བསམ་པ་རྣམས་འབྱུང་བས་སོ། །གཉིས་པ་ཉམས་ཀྱི་སྣང་བ་ལ་གཉིས། ཐུན་མོང་གི་ཉམས་ཀྱི་སྣང་བ་དང༌། ཐུན་མོང་མ་ཡིན་པའི་ཉམས་ཀྱི་སྣང་བའོ། །དང་པོ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གྱི་དང་པོ་ནི། རི་དྭགས་ཀྲྀཥྞ་སཱ་རའི་པགས་པའི་གདན་གྱིས་བསྟན་ཏེ། བྱམས་པའི་སེམས་ཀྱིས་བདུད་དང་མུ་སྟེགས་དང་ཕྱིར་རྒོལ་བ་རྣམས་བཏུལ་ནས་བསྟན་པའི་སྒོར་འཇུག་པར་མཛད་པས་སོ། །གཉིས་པ་ནི། པདྨས་བསྟན་ཏེ། པདྨ་འདམ་ན་གནས་ཀྱང་དེས་མ་གོས་པ་ལྟར། །སེམས་ཅན་ལ་དམིགས་པའི་སྙིང་རྗེའང་རང་དོན་ཡིད་བྱེད་ཀྱི་དྲི་མས་མ་གོས་པའོ། །གསུམ་པ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི། ཟླ་བས་བསྟན་ཏེ། དེ་གཉིས་ཆོས་མཚུངས་པར་རྒྱུད་འགྲེལ་ལས་བཤད་པའི་ཕྱིར་རོ། །དོན་དམ་བྱང་ཆུབ་སེམས་ནི་ཉི་མས་བསྟན་ཏེ། དེ་གཉིས་ཀ་རང་བཞིན་གྱིས་འོད་གསལ་བས་སོ། །གཉིས་པ་ནི། རྗེ་བཙུན་གྱི་སྐུར་བསྒོམས་པས་བསྟན་ཏེ། མཐུ་སྟོབས་ཀྱི་མགོན་པོ་རྣལ་འབྱོར་དབང་ཕྱུག་བིརྺ་པ། སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པས་སྐུ་མདོག་དམར་ནག ཆོས་ཐམས་ཅད་དེ་བཞིན་ཉིད་དུ་གཅིག་པས་ཞལ་གཅིག བདེན་པ་གཉིས་ཀྱི་རང་བཞིན་གྱི་ཕྱག་གཉིས། ཀཱ་ལི་དང་ཐབས་དང༌། བསྐྱེད་རིམ་ཀྱི་རང་བཞིན་ཕྱག་གཡས་པས་རོ་མ་འཛིན་རྟོག་རཀྟ་རྣམས་ཐུར་ལ་མནན་པའི་ཕྱིར་སྡིགས་མཛུབ་མཛད་པའི་རྩེ་མོ་གུག་པས་ཉི་མ་སྟོད་ལ་མནན་ཏེ་ཆང་གཏེང་བཅུག་པ། ཨཱ་ལི་དང་ཤེས་རབ་དང༌། རྫོགས་རིམ་གྱི་རང་བཞིན་ཕྱག་གཡོན་པས་རྐྱང་མ་གཟུང་རྟོག་ག་པུར་མནན་ཅིང་རླུང་སེམས་གྱེན་དུ་བསྐྱོད་དེ་གངྒཱ་ལན་གསུམ་བཟློག་པས་ཐོད་པ་བདུད་རྩིས་གང་བ་འཛིན་པ། རྩ་སྣ་ཚོགས་མདུད་པ་ཟུང་འཇུག་བཞིའི་སྦྱོར་བས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། རླུང་སེམས་སྤྱི་བོར་འདྲེན་པས་ལུས་སྒྲིམ། ཞལ་སྤྱན་བགྲད་པ། ལྗགས་འདྲིལ་བ། རླུང་དང་བྱང་སེམས་ཀྱིས་ལུས་ཐམས་ཅད་ཁྱབ་པས་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཉི་ཟླ་ཧཾ་ལ་ཐིམ་པས་མེ་ཏོག་སྣ་ཚོགས་ཀྱིས་ཐོད་བཅིངས་པའོ། །གསུམ་པ་ནི། སྨིན་མཚམས་ཀྱི་ཐད་ཀའི་སྲུང་འཁོར་གཞལ་ཡས་ཁང་དང་བཅས་པའི་ནང་ན་ཀྱེ་རྡོར་ལྷ་དགུ་བཞུགས་པས་བསྟན་ཏེ། དེ་དག་འབྲས་བུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡིན་པས་སོ། །གསུམ་པ་རྒྱུད་གསུམ་གྱིས་བཀྲི་བ་ལ་གསུམ། སྦྱང་གཞི་རྒྱུའི་རྒྱུད། སྦྱོང་བྱེད་ཐབས་ཀྱི་རྒྱུད། གྲུབ་པ་འབྲས་བུའི་རྒྱུད་དོ། །དང་པོ་ནི། རྒྱབ་ཀྱི་དཔག་བསམ་གྱི་ཤིང་གིས་བསྟན་ཏེ། ཇི་ལྟར་དཔག་བསམ་གྱི་ཤིང་བཟང་པོ་སྨོན་ལམ་གྱི་རྐྱེན་དང་ཕྲད་ན་ཅི་འདོད་པའི་དོན་རྣམས་བསམ་པ་ཙམ་གྱིས་འབྱུང་བ་ལྟར། ཀུན་གཞི་རྒྱུའི་རྒྱུད་ཉིད་ཀྱང་དག་པའི་རྐྱེན་དང་ཕྲད་ན་འབྲས་བུ་སངས་རྒྱས་འབྱུང་བས་སོ། །གཉིས་པ་ལ་གཉིས། ཤེས་རབ་ལྟ་བས་ཐག་བཅད་པ་དང༌། ཐབས་ཉམས་སུ་བླངས་པའོ། །དང་པོ་ནི། མདུན་གྱི་ཌཱ་མ་རུས་བསྟན་ཏེ། ཇི་ལྟར་ཌཱ་མ་རུའི་ཁོག་པའི་ཤིང་དང༌། པགས་པ་དང༌། སྟེང་གཡོགས་དང༌། སྐྱེས་བུའི་ལག་པའི་རྩོལ་བ་རྣམས་ཚོགས་པ་ལས་གློ་བུར་དུ་སྒྲ་སྐད་འབྱུང་ལ། དཔྱད་ན་ཁོག་པ་དང༌། པགས་པ་ལ་སོགས་པ་རེ་རེ་ལ་ཡང་མི་གནས་པ་ལྟར། ཆོས་ཐམས་ཅད་ཀྱང་ཀུན་རྫོབ་ཏུ་རྒྱུ་རྐྱེན་ཚོགས་པ་ཙམ་དང༌། དོན་དམ་པར་དཔྱད་ན་རང་བཞིན་མི་དམིགས་པ་ཤེས་རབ་ཌཱ་མ་རུའི་སྒྲ། ཞེས་པས་སོ། །གཉིས་པ་ལ་བཞི་ལས། དང་པོ་བུམ་དབང་དང་དེའི་ལམ་བསྐྱེད་རིམ་སོགས་ནི། གཡས་ཀྱི་བུམ་པ་བདུད་རྩིས་གང་བས་བསྟན་ཏེ། ཇི་ལྟར་བུམ་པའི་ནང་གི་ཆུས་སྐྱེས་བུའི་ལུས་ཀྱི་དྲི་མ་འཁྲུད་པ་ལྟར། བུམ་དབང་དང་བསྐྱེད་པའི་རིམ་པས་ཀྱང་ལུས་ཀྱི་དྲི་མ་འཁྲུད་ཅིང་སྒྲིབ་པ་སྦྱོང་བས་སོ། །གཉིས་པ་གསང་དབང་དང་དེའི་ལམ་རང་བྱིན་རླབས་སོགས་ནི། བུམ་པའི་སྟེང་གི་ཐོད་པ་བདུད་རྩིས་གང་བས་བསྟན་ཏེ། ཇི་ལྟར་བདུད་རྩི་ནི་ཨ་མྲྀ་ཏ་སྟེ་འཆི་བ་མེད་པ་ཡིན་པ་ལྟར། རླུང་གི་སྦྱོར་བ་བདུན་གྱིས་ཀྱང་འཆི་མེད་སྒྲུབ་པས་སོ། །ཐོད་པ་ནི་ཀ་པཱ་ལ་སྟེ། བདེ་བ་སྐྱོང་བ་ཡིན་པ་ལྟར། གཏུམ་མོ་དང་ཐིག་ལེའི་རྣལ་འབྱོར་ལ་བརྟེན་ནས་བདེ་བ་སྐྱོང་བས་སོ། །གསུམ་པ་ཤེས་རབ་ཡེ་ཤེས་དང༌། དེའི་ལམ་དཀྱིལ་འཁོར་འཁོར་ལོ་སོགས་ནི། གཡོན་གྱི་རིག་མ་གདུགས་འཛིན་པས་བསྟན་ཏེ། དངོས་སམ་ཡེ་ཤེས་ཀྱི་རིག་མ་ལ་བརྟེན་ནས། ཉོན་མོངས་པའི་ཚད་པ་ལས་སྐྱོབ་པས་སོ། །བཞི་པ་དབང་བཞི་པ་དང་དེའི་ལམ་རྡོ་རྗེ་རྦ་རླབས་སོགས་ནི། མདུན་གྱི་ཏྲི་ཤཱུ་ལས་བསྟན་ཏེ། རྦ་རླབས་གསུམ་གྱིས་དུག་གསུམ་བཅོམ་པས་སོ། །གསུམ་པ་ནི། རྣལ་འབྱོར་དབང་ཕྱུག་ཉིད་ཀྱི་སྐུ་ལུས་ལ་རྩ་གསུམ་དང་འཁོར་ལོ་ལྔ་གསལ་གདབ་པས་བསྟེན་ཏེ། རྩ་དབུ་མ་ཆོས་སྐུ། རོ་མ་ལོངས་སྐུ། རྐྱང་མ་སྤྲུལ་སྐུ་སྟེ་སྐུ་གསུམ་དང༌། སྤྱི་བོའི་འཁོར་ལོ་མེ་ལོང་ལྟ་བུའི་ཡེ་ཤེས། དེ་བཞིན་དུ་མགྲིན་པར་སོ་སོར་རྟོག་པ། སྙིང་གར་ཆོས་དབྱིངས། ལྟེ་བར་མཉམ་པ་ཉིད། གསང་གནས་སུ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། ཡེ་ཤེས་ལྔ་དག་པས་སོ། དེ་ལྟར་ན་མཚོན་བྱེད་རྣལ་འབྱོར་དབང་ཕྱུག་གི་མན་ངག་འདིས་མཚོན་བྱ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཐམས་ཅད་ཤེས་པར་ནུས་པ་འདི་ནི། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་མན་ངག་ཡིན་ནོ། །ཚུལ་འདི་དམ་པའི་ཞལ་ཤེས་ལྟར། །དགེ་སློང་ཀུན་དགའ་བཟང་པོས་བྲིས། །དགེ་བས་སེམས་ཅན་མ་ལུས་ཀུན། །མཐུ་སྟོབས་དབང་ཕྱུག་ཉིད་གྱུར་ཅིག །དབང་ཐོབ་དམ་ཚིག་སྡོམ་པར་ལྡན། །གསུང་ངག་ཁྲིད་ཀྱིས་སྨིན་བྱས་པའི། །སྣོད་ལྡན་གཅིག་བརྒྱུད་མ་གཏོགས་པ། །གཞན་ལ་མ་སྤེལ་ས་མ་ཡཱ།། །། ༄། །ཡང་བིར་སྲུང་གསར་མ་བཞུགས།། ༈ །ཨོཾ་སྭ་སྟི། དཔལ་ལྡན་མཐུ་སྟོབས་དབང་ཕྱུག་དང༌། །དབྱེར་མེད་རྗེ་བཙུན་ས་སྐྱ་པ། །ཡབ་སྲས་རྣམས་ལ་གུས་བཏུད་ནས། །གསང་བའི་ཞལ་གདམས་ཡི་གེ་བྲི། །བྱིན་རླབས་དང་མན་ངག་ཐོབ་པའི་རྣལ་འབྱོར་པས། སྐྱབས་འགྲོ་དང་སེམས་བསྐྱེད་དང་ཚད་མེད་པ་བཞི་བསྒོམ་སྔོན་དུ་སོང་ནས། ཨོཾ་སྭ་བྷཱ་ཝས་སྟོང་པར་བསམས་པའི་ངང་ལས་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ། རི་དྭགས་ཀྲྀཥྞ་སཱ་རའི་པགས་པའི་གདན་གྱི་སྟེང་དུ། པདྨ་དང༌། ཟླ་བ་དང༌། ཉི་མའི་དཀྱིལ་འཁོར་ལ། རང་སྐད་ཅིག་གིས་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པས་སྡིགས་མཛུབ་མཛད་པའི་རྩེ་མོ་ཅུང་ཟད་གུག་པ། གཡོན་པས་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། རྒྱབ་ཀྱིས་དཔག་བསམ་གྱི་ཤིང་ལ་སྐུ་ལུས་བརྟེན་པ། རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་ཤིང་སྐུ་ལུས་སྒྲིམ་པ། ཞལ་དང་སྤྱན་བགྲད་ཅིང་ལྗགས་འདྲིལ་བ། རུས་པའི་རྒྱན་དྲུག་གིས་བརྒྱན་ཞིང༌། མེ་ཏོག་སྣ་ཚོགས་ཀྱིས་ཐོད་བཅིངས་པ། དེའི་རྒྱབ་ཏུ་དཔག་བསམ་གྱི་ཤིང་བཟང་པོ། མདུན་དུ་ཏྲི་ཤཱུ་ལ་གྱེན་དུ་འགྲེང་བ་ལ་ཌཱ་མ་རུ་དཔྱངས་པ། གཡས་སུ་བུམ་པ་བདུད་རྩིས་གང་བའི་སྟེང་དུ་ཐོད་པ་བདུད་རྩིས་གང་བས་བརྒྱན་པ། གཡོན་དུ་རིག་མ་མཚན་ལྡན་གྱིས་གདུགས་འཛིན་པ། སྨིན་མཚམས་ཀྱི་ཐད་ཀར་སྲུང་འཁོར་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་དང་བཅས་པ་བསྒོམས་ནས། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཆོས་བཞི་ལྡན། གཡས་སུ་རོ་མ། གཡོན་རྐྱང་མ་སྟེ་རྩ་གསུམ་བསམ་པའི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་ཕོ་བྲང་ལྔའི་ལྷའི་ས་བོན་བསམས་ཏེ། དཀྱིལ་འཁོར་ལྔ་ལ་བཏུད་དེ་བསྐྲུན། །ཅེས་པའི་དོན་ཏོ། །དེ་ནས་རླུང་ཁ་སྦྱར་དུ་བྱ་བ་ནི། སྲོག་རྩོལ་འགོག་པའི་སྦྱོར་བ་ཡི། །ཞེས་པའི་དོན་ཏོ། །དེ་ནས་བཤང་སྒོའི་རླུང་གིས་ལྟེ་བའི་མེ་སྦར། གཡས་རོ་མའི་ནང་ནས་ཞུགས། འཁོར་ལོ་རྣམས་མས་རིམ་གྱིས་གསལ་གདབ། མེ་དེ་སྤྱི་བོའི་ཧཾ་ལ་རེག་པས། དེ་ལས་བྱང་ཆུབ་ཀྱི་སེམས་གཡོན་རྐྱང་མ་ནས་འབབ་འཁོར་ལོ་རྣམས་ཡས་རིམ་གྱིས་གསལ་བཏབ་པའི་མཐར་རོ་རྐྱང་གཉིས་ཀྱི་རླུང་དང་བྱང་ཆུབ་ཀྱི་སེམས་རྣམས་དབུ་མའི་མར་སྣ་ནས་ཞུགས་ཏེ། རླུང་སེམས་ཐིག་ལེ་ཐམས་ཅད་དབུ་མར་ཐིམ་པར་བསྒོམས་ལ་བུམ་པ་ཅན་ཐུབ་ཚད་དུ་བྱས་ཏེ། འབར་གཡོ་བརྟན་པ་ལ་བརྟེན་ནས། །ཞེས་པའི་དོན་ཏོ། །དེ་ལྟར་རླུང་སེམས་དབུ་མར་ཞུགས་པས་བདེ་སྟོང་ཟུང་འཇུག་གི་ཉམས་སྐྱེ་བར་འགྱུར་ཏེ། བདེ་ཆེན་ཆོས་སྐུའི་ནམ་མཁའ་མཐོང༌། །ཞེས་པའི་དོན་ཏོ། །དེ་ལྟར་རླུང་ཁ་སྦྱོར་མང་དུ་བྱས་པའི་མཐར་སྲུང་བ་རྣམས་བྱས་ལ། དེ་ལས་བྱུང་བའི་དགེ་བ་སངས་རྒྱས་ཀྱི་སར་བསྔོ་བར་བྱ་ཞིང་ལྟ་བས་རྒྱས་གདབ་པར་བྱའོ། །རྗེ་བཙུན་གསུང་རབ་ཉི་འོད་ཀྱིས་གསུང་ངག་པད་ཚལ་ཁ་ཕྱེས་ནས། །བདག་བློ་བུང་བས་ལེགས་འཐུངས་པས། །མན་ངག་སྦྲང་རྩིའི་རོ་འདི་བྱུང༌། །འདི་ཡང་དགེ་སློང་བསམ་གཏན་པ། །ཀུན་དགའ་བཟང་པོས་མན་ངག་རྣམས། །བརྗེད་པས་སྐྲག་ནས་ཡི་གེར་བཀོད། །དགེ་དེས་འགྲོ་ཀུན་སངས་རྒྱས་ཤོག །འདིའི་བརྒྱུད་པ་ནི། རྗེ་བཙུན་བིརྺ་པ་ཆེན་པོ། དཔལ་ལྡན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་ཐམས་ཅད་མཁྱེན་པ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ། བླ་མ་ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། ཆོས་རྗེ་བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་རིན་པོ་ཆེ་དཔལ་ལྡན་ཚུལ་ཁྲིམས། གྲུབ་པའི་དབང་ཕྱུག་བུདྡྷ་ཤྲཱི་རྣམས་སོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།