ལུས་དཀྱིལ་རྩོད་སྤོང་ཆེ་ཆུང་གཉིས། རྒྱུད་གསུམ་གནོད་འཇོམས་ཀྱི་བསྟན་བཅོས་སོགས། ཀ༽

༼ཀ༽༄༅། །དཔལ་ཀྱེའི་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལ་རྩོད་པ་སྤོང་བ་སྨྲ་བ་ངན་འཇོམས་ཞེས་བྱ་བ་བཞུགས་སོ།།

དཔལ་ཀྱེའི་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལ་རྩོད་པ་སྤོང་བ་སྨྲ་བ་ངན་འཇོམས་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །གང་གི་མཁྱེན་པའི་ཉི་འོད་ཀྱིས། །ལྟ་ངན་མུན་པ་ཀུན་བསལ་ནས། །ལམ་བཟང་སྣང་བ་རྒྱས་མཛད་པ། །ཡེ་ཤེས་རྒྱལ་མཚན་བླ་མ་མཆོད། །ཟབ་ཡངས་རྒྱུད་སྡེའི་རྒྱ་མཚོ་ཆེ་ལ་གནས་བཅས་ཤིང༌། །ཕུན་ཚོགས་དངོས་གྲུབ་རིན་ཆེན་གླིང་ལ་དབང་འབྱོར་ཐོབ། །སྲིད་ཞིའི་འདབ་བཟང་བྱེ་བས་ཀུན་ནས་མ་ཕམ་པ། །ཀླུ་ཡི་དབང་པོ་རྗེ་བཙུན་མཆོག་ལ་གུས་ཕྱག་འཚལ། །མཐུ་སྟོབས་དབང་ཕྱུག་གསུང་གི་སྙིང་པོ་མཆོག །སྐྱོན་མེད་ལུང་རིག་མན་ངག་གིས་གྲུབ་པ། །ས་སྐྱའི་རྗེ་བཙུན་མཆོག་གིས་བཤད་པ་ལ། །འཁྲུལ་པར་སྣང་བའི་དྲི་ཙམ་ག་ལ་ཡོད། །དེ་ལྟ་ན་ཡང་ཐོག་མེད་འཁོར་བ་ནས། །ངན་རྟོག་མང་པོའི་བག་ཆགས་གོམས་པ་དང༌། །ཚེ་འདིར་རྡོ་རྗེ་ཐེག་པར་མ་སྦྱངས་པས། །རྟོག་གེ་འགའ་ལ་སྨྲ་ངན་འདི་ལྟར་ཤར། །དེ་དག་བཟློག་ཕྱིར་གྲུབ་ཆེན་མན་ངག་དང༌། །དཔྱད་པ་གསུམ་གྱིས་དག་པའི་ལུང་དོན་རྣམས། །རྣམ་དག་རིག་པས་བསྒྲུབས་ནས་འདིར་བཤད་ཀྱི། །ཕྱོགས་འཛིན་སྤོངས་ལ་གཟུ་བོའི་བློ་ཡིས་ཉོན། །འདིར་དཔལ་ཀྱེའི་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་སེམས་དཔའ་ཆེན་པོ་དཔལ་ལྡན་བིརྺ་པའི་མན་ངག རྒྱལ་བའི་རིང་ལུགས་པ་ཆེན་པོ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་སོགས་པ། མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་པའི་གདམས་ངག་ཁྱད་པར་ཅན་ལ། མུན་སྤྲུལ་དང་རྟོག་བརྟག་ཡིན་ནོ། །ཞེས་སྐུར་པ་འདེབས་པ་དག་བྱུང་ལ། དེ་དག་གིས་ནི་རང་དང་གཞན་གྱི་རྒྱུད་ལ་བསོད་ནམས་མ་ཡིན་པ་ཆེན་པོ་སྐྱེད་པར་བྱེད་པས་བསྟན་པ་སྤྱི་དང༌། བྱེ་བྲག་ཏུ་ལམ་འདི་ལ་སྒྲུབ་པ་སྙིང་པོར་བྱེད་པའི་བློ་གྲོས་ཅན་རྣམས་ཀྱིས། སྐྱོན་མེད་པའི་ལུང་དང་རིག་པས་ཆོས་མ་ཡིན་པའི་ལོག་རྟོག་འདི་འགོག་པར་བྱ་བར་རིགས་པ་ཡིན་ནོ། །འདི་ལ་གཉིས། རྩོད་པའི་ངག་དགོད་པ། རྩོད་པ་དེ་སྤོང་བ་དངོས་སོ། །དང་པོ་ནི། རྡོ་རྗེ་ཐེག་པའི་སྡེ་སྣོད་ལ་སྦྱང་པ་ཡུན་རིང་དུ་མ་བྱས་པའི་རྟོག་གེ་པ་དག འདི་སྐད་འཛེར་ཏེ། ཇི་སྐད་དུ། བོད་དག་གིས་མ་རྒྱུད་ཀྱི་ལུས་དཀྱིལ་མང་པོར། སྤྱི་བོ་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབ་མ་རྡོ་རྗེའི་རྭ་བ། པགས་པ་རྡོ་རྗེའི་གུར་དང་བླ་རེ། བ་སྤུ་མདའི་དྲྭ་བ། སེན་མོ་མེ་རི་རབ་ཏུ་འབར་བ། ཞེས་པ་དང༌། སྙིང་གའི་རྩ་བཞི་པོ་སྒོ་བཞི། མིག་པཉྩ་རེ་ཁའི་རྩིག་པ། སྣ་རིན་པོ་ཆེའི་ཕ་གུ། སོ་དྲྭ་བ་དྲྭ་ཕྱེད། ལྕེ་དང་མཆུ་འདོད་ཡོན་གྱི་སྣམ་བུ། ཞེས་སོགས་བྲིས་པ་ལ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས། སྡོམ་པ་བཤད་པར། གོ་རིམ་བཞིན་དུ་ལུས་སྐྱེས་ནས། །རྡོ་རྗེ་ཕུར་བུ་ལྷན་ཅིག་སྐྱེས། །བཅིངས་པ་ཐིག་སྐུད་རབ་ཏུ་ལྡན། །ཤིན་ཏུ་མཚམས་མེད་བརྟན་པར་བཅིངས། །གུར་ནི་རུས་པའི་ཕྲེང་བ་ཉིད། །ཅེས་པ་ཙམ་མ་གཏོགས་རྒྱ་གཞུང་གང་ནའང་དེ་འདྲ་བ་བཤད་པ་མི་འདུག་གོ།  །།ཞེས་གསུངས་པ་ནི་ཤིན་ཏུ་མེད་དེ། ལུས་གཞལ་ཡས་ཁང་དུ་བསྐྱེད་ཚུལ་དེ་འདྲ་བ་དང༌། ཕྱིའི་དཀྱིལ་འཁོར་ལ་ལྷ་དགུ་ལས་མེད་པ་ལ། ལུས་དཀྱིལ་གྱི་ལྷ་བརྒྱ་ལྔ་བཅུ་རྩ་བདུན་ལ་སོགས་པ་བཀོད་ཅིང༌། ལུས་དཀྱིལ་གྱི་ལྷའི་ནང་ན་ཕྱི་དཀྱིལ་ལ་དགོད་པ་དང་ཐུན་མོང་གི་ལྷ་གཅིག་ཀྱང་མེད་པ་སོགས་རྒྱུད་དང་རྒྱ་གཞུང་ཚད་ལྡན་གང་ནས་ཀྱང་མ་བཤད་ཅིང༌། དོན་ཐོབ་ལའང་མེད་ཀྱང༌། ལུས་དཀྱིལ་དང༌། ལུས་ལ་ལྷ་དགོད་པ་ཙམ་གྱིས་ཁྱད་པར་མ་ཕྱེད་པའི་བློས་བརྟག་ལ། མན་ངག་མཆོག་ཏུ་མིང་བཏགས་པའི་མུན་སྤྲུལ་དུ་མ་ཞིག བོད་ཀྱི་ལུས་དཀྱིལ་སྒྲུབ་ཚུལ་རྣམས་ལ་སྣང་སྟེ། འདིར་དགག་སྒྲུབ་རྒྱས་པར་མ་སྤྲོས་སོ། །ཞེས་བྱ་བ་བྲིས་སོ། །གཉིས་པ་ལ་གསུམ། རྟེན་གྱི་ལུས་དཀྱིལ་ལ་རྩོད་པ་སྤོང་བ། བརྟེན་པ་ལུས་དཀྱིལ་ལ་རྩོད་པ་སྤོང་བ། རྒྱུད་རྒྱ་གཞུང་ལས་མ་བཤད་པའི་རྩོད་པ་སྤོང་བའོ། །དང་པོ་ལ་གཉིས། ཚིག་ལ་སྐྱོན་ཆགས་པ་དང༌། དོན་ལ་སྐྱོན་ཞུགས་པའོ། །དང་པོ་ནི། བུ་སྟོན་ཐམས་ཅད་མཁྱེན་པས། རྣལ་འབྱོར་མ་ཀུན་སྤྱོད་དང༌། ནག་པོ་པའི་སྒྲུབ་ཐབས་ཀྱི་འགྲེལ་པར། ཚིག་ཕལ་ཆེར་དེ་ལྟར་བཤད་ཀྱང༌། གུར་ནི་རུས་པའི་ཕྲེང་བ་ཉིད། །ཅེས་པ་ཙམ་མ་གཏོགས། གཞན་བདེ་མཆོག་གི་ཆོས་སྐོར་གང་ནའང་འདུག་པ་མ་མཐོང་ངོ་ཞེས་བྱ་བ་ཡོད་ཀྱི། རྒྱ་གཞུང་གང་ནའང་དེ་འདྲ་མ་བཤད། ཅེས་པ་མེད་བཞིན་དུ་མངོན་སུམ་ལ་རྫུན་དུ་སྨྲ་བས་དགོས་པ་ཅི་ཞིག་བསྒྲུབ། ཡང༌། ལྕེ་དང་མཆུ་འདོད་ཡོན་གྱི་སྣམ་བུ་ཞེས་སོགས་བྲིས་པ་ལ། ཞེས་པའི་སོགས་ཁོང་ནས། རྐང་མཐིལ་རླུང༌། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཀྱི་ཆ། ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང༌། རྐང་བརྒྱད་ཀ་བ་རྣམས་འདོན་པ་ཡིན་ན་ནི། དེ་རྣམས་སམྦུ་ཊར་བཤད་པས་རྒྱུད་འགོག་པར་འགྱུར་ལ། དེ་ལས་གཞན་པ་ནི་ཕྱོགས་ལྔས་ཁས་མ་བླངས་པས་དགག་སྒྲུབ་མེད་པ་ཁོ་ནའོ། །གཉིས་པ་ནི། སྡོམ་པ་བཤད་པར། དེ་ཉིད་བཅུ་བཞི་ནང་ལུས་ལ་བཤད་པ་ལས། སྐབས་འདིའི་སྲུང་འཁོར་ལུས་དཀྱིལ་བསྟན་པ་ཡིན་ཏེ། གུར་ནི་རུས་པའི་ཕྲེང་བ་ཉིད། །ཅེས་ལུས་ཀྱི་རུས་པའི་ཕྲེང་བ་འབྲེལ་བ་རྣམས་ནི་རྡོ་རྗེའི་གུར་དུ་བཤད་ལ། གུར་གྱི་དོན་ནི། རྡོ་རྗེའི་ས་གཞི་ལ་སོགས་པ་སྲུང་འཁོར་ཐུན་མོང་བ་སྤྱིའི་མིང་ཡིན་ཏེ། སློབ་དཔོན་ཨ་བྷ་ཡཱ་ཀ་རས། ས་འོག་གི་མཐར་ཐུག་པར་ཇི་ལྟར་མངོན་པར་འདོད་པའི་རྒྱར་གཅིག་ཏུ་སྲ་ཞིང་མཁྲེགས་ལ། འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི་བསྐལ་པའི་མཐའི་མེ་ལྟར་འབར་བའི་འོད་ཟེར་གྱི་ཕྲེང་བས་མཚམས་བཅིངས་པ་དང༌། ས་འོག་ནས་སྟེང་གི་བར་དུ་ཤིན་ཏུ་མཐོ་བ། མཐུག་ཅིང་མཁྲེགས་པ་སྲ་ཞིང་འབར་བའི་རྡོ་རྗེའི་རྭ་བ་དང༌། རྡོ་རྗེ་རྭ་བའི་སྟེང་དུ་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་ཅིང༌། སྟེང་རྡོ་རྗེའི་མདའི་དྲྭ་བ་དང༌། འོག་ཏུ་རྡོ་རྗེའི་བླ་རེས་བརྒྱན་པའི་རྡོ་རྗེའི་གུར་འབར་བའོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །དེས་ན། ལུས་ཀྱི་སྤྱི་བོའི་རུས་པ་སྣ་ཚོགས་རྡོ་རྗེ། རྐང་མཐིལ་གྱི་རུས་པ་རྣམས་རྡོ་རྗེའི་ས་གཞི། རྩིབ་རུས་རྡོ་རྗེའི་གུར་ལ་སོགས་པར་ལུང་འདིས་བསྙོན་མེད་པར་གྲུབ་པས་བདེ་མཆོག་གི་སྐབས་སུ་སྲུང་འཁོར་ལུས་དཀྱིལ་གཏན་ནས་མ་བཤད་པ་མ་ཡིན་ནོ། །ཀྱེ་རྡོར་གྱི་སྐབས་སུ། གཞལ་ཡས་ཁང་ལུས་ལ་བསྐྱེད་ཚུལ་ཡང་དཔལ་སམྦུ་ཊའི་བརྟག་པ་དྲུག་པའི་གསུམ་པར། ལུས་ནི་དཀྱིལ་འཁོར་ཉམས་དགའ་བར། །སྒོ་བཞིར་ཇི་སྐད་གསུངས་པའོ། །རང་གི་ཡན་ལག་བརྒྱད་བྱུང་བའི། །ཀ་བ་དེ་ཡིས་བསྐོར་ནས་གནས། །དངོས་པོ་ཀུན་གྱིས་མཉམ་པའི་ཕྱིར། །གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་ངོ་བོས་ནི། །འཁོར་ལོ་གསུམ་ནི་གཅིག་ཏུ་གསུང༌། །རི་ནི་མགོ་བོའི་ཟེའུ་འབྲུ་ལ། །ཇི་ལྟར་རྩོམ་ཆེན་ལ་སོགས་རིམ། །བྲ་མའི་དུས་ཐབས་རིམ་ཉིད་ཀྱིས། །དེ་ནི་རྫོགས་པར་དཀྱིལ་འཁོར་གནས། །ཞེས་གསུངས་ལ། དེའི་དོན། ལུས་མི་མཉམ་པ་མེད་པ་གཞལ་ཡས་ཁང་གྲུ་བཞི་སོགས་དངོས་སུ་བཤད་པ་དང༌། དངོས་སུ་མ་བཤད་ཀྱང་དོན་ལ་ཐོབ་པ་རྣམས། བླ་མ་བརྒྱུད་པའི་མན་ངག་ལས་ཇི་ལྟར་འབྱུང་བ་བཞིན་ཁ་བསྐངས་ནས་བསྒོམ་དགོས་པར་བཤད་ལ། དེ་ཇི་ལྟར་ཁ་བསྐང་ཚུལ་བླ་མ་བརྒྱུད་པ་སོ་སོའི་མན་ངག་གིས་མི་འདྲ་བ་དུ་མ་ཡོད་ཀྱང༌། རྗེ་བཙུན་ས་སྐྱ་པའི་བླ་མ་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་བཞེད་པ་མན་ངག་ལས་འབྱུང་བ་འདི། སློབ་དཔོན་དགྲ་ལས་རྣམ་རྒྱལ་ཀྱི་བཞེད་པ་དང་མཐུན་པ་ཡིན་ཏེ། ཅི་སྐད་དུ། ཕྱག་རྒྱ་བཞི་ཡི་སྒྲུབ་ཐབས་ལས། །གཞན་ཡང་རྡོ་རྗེའི་ས་གཞི་ནི། །རྐང་མཐིལ་གཉིས་ཡིན་རྩིབ་རུས་རྣམས། །རྡོ་རྗེའི་རྭ་བ་རྒྱས་པ་སྟེ། །ཀུན་གཡོག་རྡོ་རྗེའི་དྲྭ་བའོ། །མེ་ནི་སེན་མོ་ཉི་ཤུ་དང༌། །ཇི་ལྟར་སྣ་ཚོགས་རྡོ་རྗེ་ནི། །མ་ལུས་བསྐྱེད་ཅིང་སྤྲོ་བྱེད་པ། །སྤྱི་བོར་གནས་པའང་དེ་བཞིན་ནོ། །ལས་ཀྱི་ཕྱག་རྒྱའོ། །གཏུམ་དྲག་བཤང་གི་དབྱིབས་ཅན་ཏེ། །གསང་བ་ཚང་ཚིང་ཁ་རུའོ། །འབར་བ་ཞེས་བྱའི་དུར་ཁྲོད་ནི། །སྣ་ཡི་བུ་ག་གཉིས་ན་གནས། །དམྱལ་སོགས་དེ་བཞིན་མི་བཟད་པ། །མིག་གཉིས་ལ་ནི་གནས་པའོ། །ཧ་ཧར་རྒོད་དང་གཡེར་ཁ་ཅན། །རྣ་བ་གཉིས་ལ་གནས་པའོ། །ཆོས་ཀྱི་ཕྱག་རྒྱའོ། །རྐང་པའི་རླུང་ནི་རླུང་ཆེན་པོ། །སུམ་མདོ་མེ་སྟེ་ལྟོ་བ་ཆུ། །བྲང་ནི་ས་རུ་ཤེས་བྱ་སྟེ། །སྒལ་ཚིགས་རི་རབ་ཏུ་བརྗོད་དོ། །ཕྱག་རྒྱ་ཆེན་པོའོ། །ལུས་ཀུན་མཉམ་པ་གྲུ་བཞི་པ། །རྩ་ཡི་བུ་ག་སྒོ་བཞི་ཡིན། །ཀ་བ་བརྒྱད་པོ་རྐང་རྣམས་དང༌། །མིག་ནི་རྩིག་པ་ལྔ་རྣམས་སོ། །རྣ་བ་རྟ་བབས་སྣ་ཕ་གུ། །ལྕེ་ནི་མཆོད་པ་མཆུ་སྣམ་བུ། །སོ་ནི་དྲྭ་བ་ལ་སོགས་རྒྱན། །མ་ལུས་པ་རུ་བསམ་པའོ། །དམ་ཚིག་གི་ཕྱག་རྒྱའོ། །ཞེས་བཤད་པའི་ཕྱིར་རོ། །མདོར་ན་རྗེ་བཙུན་གོང་མ་ལ། བུ་སྟོན་ཐམས་ཅད་མཁྱེན་པས། བདེ་མཆོག་གི་རྟེན་ལུས་དཀྱིལ་ལ་དགག་པ་མཛད་པ་མ་ཡིན་ཏེ། རྩིབ་མ་རྡོ་རྗེའི་རྭ་བ་སོགས། ཞལ་གྱིས་མི་བཞེས་པའི་ཕྱིར་རོ། །ཀྱེ་རྡོར་གྱི་སྐབས་སུ་ཞལ་གྱིས་བཞེས་ཀྱང་སྐྱོན་མེད་དེ། མན་ངག་ནས་འབྱུང་བ་བཞིན་ལུང་དུ་བཤད་པའི་ཕྱིར་རོ། །དེས་ན་ལུས་གཞལ་ཡས་ཁང་དུ་བསྐྱེད་ཚུལ་དེ་འདྲ་བ་མི་འཐད་ཅེས་པའང་དོན་མ་གོ་བར་ཟད་དོ། །གཉིས་པ་བརྟེན་པ་ལུས་དཀྱིལ་ལ་རྩོད་པ་སྤོང་བ་ལ་གསུམ། ཕྱི་དཀྱིལ་དང་ལུས་དཀྱིལ་ལྷ་གྲངས་མ་མཐུན་པའི་རྩོད་པ་སྤོང་བ། ཕྱི་ནང་ཐུན་མོང་བའི་ལྷ་མེད་པའི་རྩོད་པ་སྤོང་བ། ལུས་དཀྱིལ་དང་ལུས་ལ་ལྷ་དགོད་པའི་ཁྱད་པར་མ་ཕྱེད་པའི་རྩོད་པ་སྤོང་བའོ། །དང་པོ་ནི། ཁྱེད་ཀྱིས་ཕྱིའི་དཀྱིལ་འཁོར་ལ་ལྷ་དགུ་ལས་མེད་པ་ལ་ལུས་དཀྱིལ་གྱི་ལྷ་བརྒྱ་ལྔ་བཅུ་རྩ་བདུན་ལ་སོགས་པ་བཀོད་ཅིང༌། ཞེས་བྲིས་པའང་མི་འཐད་དེ། ཕྱི་དཀྱིལ་གྱི་ལྷ་གྲངས་བས་ནང་དཀྱིལ་མང་བ་མི་རུང་ན། གྲུབ་ཆེན་དྷ་རི་ཀ་པའི། བདེ་མཆོག་ལྷ་ལྔ་དང༌། བཅུ་གསུམ་པའི་སྒྲུབ་ཐབས་ཀྱང་མི་འཐད་པར་འགྱུར་ཏེ། ཕྱི་དཀྱིལ་ལ་ལྷ་ལྔ་དང་བཅུ་གསུམ་ལས་མེད་པ་ལ། ནང་དཀྱིལ་ལ་ལྷ་དྲུག་ཅུ་རྩ་གཉིས་བཀོད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། སྒྲུབ་ཐབས་དེ་ཁོ་ན་ཉིད་བསྡུས་པ་ལས། ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་གི་སྙིང་པོ་ལ། བཅོམ་ལྡན་འདས་སྐུ་མདོག་སྔོན་པོ་ཤིན་ཏུ་ཁྲོས་པ་དང༌། ཆགས་པ་དང༌། ཞི་བ་དང༌། མཉམ་པའི་ཞལ་སྔོན་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། སེར་པོ་མངའ་བ། ཞེས་པ་ནས། རྡོ་རྗེ་ཕག་མོ་ནི། སྐུ་མདོག་དམར་མོ། ཞལ་གཙིགས་པ། ཁྲག་ལ་དགྱེས་པ། གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་གིས་འཁྱུད་པ། ལྷན་ཅིག་སྐྱེས་པའི་བདེ་བས་དགྱེས་པ། ཕྱག་རྒྱ་ལྔ་དང༌། ཐོད་པའི་ཕྲེང་བས་བརྒྱན་པར་གནས་པའོ། །ཤར་དུ་མཁའ་འགྲོ་མ་ནག་མོ་དང༌། བྱང་དུ་ལཱ་མ་ལྗང་གུ་དང༌། ནུབ་ཏུ་དུམ་སྐྱེས་མ་དམར་མོ་དང༌། ལྷོར་གཟུགས་ཅན་མ་སེར་མོ་དང༌། མཚམས་སུ་བུམ་པ་པདྨའི་སྣོད་དང་ལྡན་པ། དྲི་ཆེན་དང༌། དྲི་ཆུ་དང༌། རང་བྱུང་དང༌། ཀླད་པ་དང༌། ཁུ་བས་གང་བའོ། །དེ་ལྟར་ལྔའི་བདག་ཉིད་དམ། ཞེས་ཕྱི་དཀྱིལ་ལྷ་ལྔ་དང༌། བསྡུས་པའི་རྣལ་འབྱོར་ཕྱི་ནང་གི་འཁོར་ལོ་གཉིས་བསྒོམ་པར་བྱ་སྟེ། ཁྭ་གདོང་ནག་མོ་དང༌། འུག་གདོང་ལྗང་གུ་དང༌། ཁྱི་གདོང་དམར་མོ་དང༌། ཕག་གདོང་སེར་མོ་དང༌། གཤིན་རྗེ་བརྟན་མ་དང༌། གཤིན་རྗེ་འཇོམས་མ་དང༌། གཤིན་རྗེ་ཕོ་ཉ་མོ་དང༌། གཤིན་རྗེ་མཆེ་བ་མ་རྣམས་གཟུགས་གཉིས་མའི་རང་བཞིན་ཅན་ཏེ། ཞེས་ཕྱི་དཀྱིལ་ལྷ་བཅུ་གསུམ་མ་གསལ་བར་བཤད་ནས། ལུས་དཀྱིལ་བསྒོམ་པ་ན། དེ་ལྟར་སྤྲུལ་པའི་སྐུའི་བསྒོམ་པ་ལ་གནས་ཏེ། ལོངས་སྤྱོད་རྫོགས་པའི་ཆོ་ག་རྫོགས་པར་བྱ་བ་གསུངས་པ། ཧེ་རུ་ཀ་ལ་སོགས་པའི་ལྷ། རྩ་ཡི་གཟུགས་ཀྱིས་ཡང་དག་གནས། །ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བའི། །ཞེས་པ་ནས། མཚོག་མ་པུལླི་ར་མ་ལ། །མི་ཕྱེད་རྩ་ནི་སོ་སེན་འབབ། །རབ་གཏུམ་ཐོད་པའི་དུམ་བུ་ཉིད། །སྤྱི་གཙུག་ཛ་ལནྡྷ་རར་ནི། །སྐྲ་འབབ་པ་དེ་ཕྲ་གཟུགས་མ། །ཞེས་སོགས་ཀྱིས། གནས་ཉེར་བཞིར། འཁོར་ལོ་གསུམ་གྱི་ལྷ་དགོད་པར་བསྟན་ནས། སྐུ་སྟེ་ས་འོག་སྤྱོད་པ་མ། མཁའ་འགྲོ་དཔལ་མོར་ཤེས་པར་བྱ། །ལྟེ་བའི་སྙིང་གའི་རྩ་བཞི་ནི། །འབྱུང་ལྔའི་རླུང་དང་བདུད་རྩི་འབབ། །བདེ་ཆེན་དགུ་ཡི་བདག་ཉིད་བསམ། །ཕྱག་བརྒྱད་དམ་ནི་སྒོ་བརྒྱད་དུ། །ལས་ཀྱི་རླུང་ངམ་བྱེད་བདག་གིས། །ཁྭ་གདོང་གཤིན་རྗེ་མ་སོགས་བརྒྱད། །མེ་ལོང་ནང་གི་གཟུགས་བཞིན་དུ། །རང་གི་ཆ་ལུགས་བརྒྱན་པའི་ཚུལ། །རོ་ཡི་གདན་ལ་ལེགས་པར་དགོད། །ཅེས་པའི་བར་གྱིས་ཕྱི་དཀྱིལ་ལྷ་བཅུ་གསུམ་མ་དང༌། ལྔ་མ་ལ། ནང་དཀྱིལ་ལྷ་དྲུག་ཅུ་རྩ་གཉིས་རྫོགས་པར་བཤད་པའི་ཕྱིར་རོ། །གཞན་ཡང་བདེ་མཆོག་སྡོམ་འབྱུང་གི་སྒྲུབ་ཐབས་ཀྱང་མི་འཐད་པར་འགྱུར་ཏེ། ཕྱི་དཀྱིལ་ལ་ལྷ་བཅུ་གསུམ་ལས་མེད་པ་ལ། ནང་དཀྱིལ་ལ་ལྷ་དྲུག་ཅུ་རྩ་གཉིས་བཀོད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། སྡོམ་པ་འབྱུང་བའི་རྒྱུད་ཀྱི་ལེའུ་བཅུ་གསུམ་པར། ཕྱི་དཀྱིལ་ལྷ་བཅུ་གསུམ་ཁོ་ན་བཤད་ནས། ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །བདེ་བ་ཆེན་པོའི་འཁོར་ལོ་སྦྱར། །ཉི་ཤུ་རྩ་བཞིའི་རྩ་རྣམས་ཀྱིས། །ཁམས་ནི་ལུས་ཀྱི་མཛེས་བྱེད་དེ། །ཉི་ཤུ་རྩ་བཞིའི་གནས་དག་གིས། །ལུས་ནི་སྡུད་ཅིང་འཛིན་པ་ཡིན། །དེ་ལྟར་གོང་བུའི་རང་བཞིན་པའོ། །འདི་དེ་སངས་རྒྱས་ཀུན་དང་མཚུངས། །ཞེས་དང༌། དེའི་འགྲེལ་པར། ཆོས་དང་ཞེས་པ་ལ་སོགས་པ་སྟེ། ཆོས་ལ་སོགས་པའི་འཁོར་ལོ་རྣམས་ལ་མཁའ་འགྲོ་མ་ལ་སོགས་པ་བསྒོམ་ཞིང༌། ཞལ་དང་སྣ་བུག་གཡོན་པ་དང༌། །བཤང་བའི་སྒོ་དང༌། སྣ་ཕུག་གཡས་པ་རྣམས་ལ་ཁྭ་གདོང་མ་ལ་སོགས་པ་རྣམས་དང༌། རྣ་བ་གཡས་པ་དང༌། གཡས་མིན་དང༌། མིག་གཡས་པ་དང༌། གཡས་མིན་རྣམས་ལ་གཤིན་རྗེ་བརྟན་པ་ལ་སོགས་པ་རྣམས་བཅུག་སྟེ། སྤྱི་བོ་ལ་སོགས་པ་རྣམས་ལ་སྔར་བཞིན་རྩ་ཉི་ཤུ་རྩ་བཞི་དང༌། དེ་དང་སྙོམས་པར་ཞུགས་པའི་སོ་དང་སེན་མོ་ལ་སོགས་པའི་ཁམས་ཀྱང་ངེས་པར་བྱ་ཞིང༌། བཅོམ་ལྡན་འདས་དང༌། བཅོམ་ལྡན་འདས་མའི་གསང་གནས་དང༌། དེའི་སྙོམས་པར་འཇུག་པ་ཡང་བླ་མའི་གདམས་ངག་ལས་ཤེས་པར་བྱས་ལ། ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ཕྱི་ནང་ཐུན་མོང་བའི་ལྷ་མེད་པའི་རྩོད་པ་སྤོང་བ་ནི། ལུས་དཀྱིལ་གྱི་ལྷའི་ནང་ན་ཕྱི་དཀྱིལ་ལ་དགོད་པ་དང་ཐུན་མོང་བའི་ལྷ་གཅིག་ཀྱང་མེད་པས་ནོར་རོ་ཞེས་སྨྲ་བ་ཡང་ཤིན་ཏུ་མི་འཐད་དེ། དེ་ལྟར་ན་གྲུབ་ཆེན་ཏི་ལོ་པའི། བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་དེ་ཡང་ནོར་པར་འགྱུར་ཏེ། ཕྱི་ནང་ཐུན་མོང་བའི་ལྷ་མེད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས། ཧེ་རུ་ཀ་དཔལ་དཀྱིལ་འཁོར་མཆོག །བྷ་གའི་དབུས་སུ་བསྒོམ་པར་བྱ། །སྣ་ཚོགས་པདྨ་མི་ཤིགས་པ། །ཞེས་པ་ནས། སྐད་ཅིག་གཅིག་གིས་སྐུ་རྫོགས་པ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །དུས་མཚན་དང་ནི་འཇིགས་བྱེད་དག །གཡས་བརྐྱང་ཞབས་ཀྱི་གནོན་མཛད་པ། །བཻཌཱུར་ནམ་མཁའི་རང་བཞིན་ཅན། །རྡོ་རྗེ་དྲིལ་བུ་འཛིན་པའི་མཆོག །ཅེས་དང༌། རྡོ་རྗེ་ཕག་མོ་སྐུ་ལ་འཁྲིལ། །ཛ་ཝ་སིནྡྷུ་ར་མདོག་མཚུངས། །ཐོད་པ་རྡོ་རྗེ་སྡིགས་མཛུབ་ཅན། །ཞེས་པ་ནས། ཆུ་སྐྱེས་ཤར་གྱི་འདབ་མ་ལ། །ཧེ་རུ་ཀ་ནི་སྐུ་མདོག་དཀར། །མཁའ་འགྲོ་མ་དང་གཉིས་མེད་འཁྲིལ། །འཁོར་ལོ་དྲིལ་བུ་ལེགས་བསྣམས་པའོ། །ཧེ་རུ་ཀ་ནི་སྐུ་མདོག་ལྗང༌། །ལཱ་མ་དང་ནི་གཉིས་སུ་མེད། །བྱང་ཕྱོགས་པད་འདབ་ལ་གནས་པ། །རྒྱ་གྲམ་དྲིལ་བུ་བསྣམས་པའོ། །ནུབ་ཕྱོགས་པདྨའི་འདབ་སྟེང་དུ། །ཧེ་རུ་ཀ་དཔལ་རཱ་གའི་མདོག །དུམ་སྐྱེས་མ་དང་གཉིས་མེད་པ། །པདྨ་དྲིལ་བུ་འཛིན་པའོ། །ལྷོ་ཕྱོགས་པདྨའི་ཕྱོགས་ལ་ཡང༌། །ཧེ་རུ་ཀ་དཔལ་གསེར་མདོག་ཅན། །གཟུགས་ཅན་མ་ཡིས་སྐུ་ལ་འཁྱུད། །རིན་ཆེན་པད་སྣོད་བསྣམས་པའོ། །དེ་དག་ཀུན་ཀྱང་ཞལ་གཅིག་པའོ། །སྤྱན་གསུམ་དར་གྱི་ཅོད་པཎ་ཅན། །འཇིགས་བྱེད་དུས་མཚན་ཞབས་ཀྱིས་མནན་པ། ཕྱག་རྒྱ་དྲུག་གིས་སྤྲས་པ་བདེ་བའི་རང་བཞིན་ཅན་ནོ། །མཚམས་ཀྱི་པདྨའི་འདབ་མ་ལ། བྱང་ཆུབ་སེམས་ཀྱི་སྣོད་ཀ་པཱ་ལ་བདུད་རྩིས་བཀང་བ་བཞིའོ། །ཞེས་གཞལ་ཡས་ཁང་གི་ནང་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཧེ་རུ་ཀ་རིགས་ལྔ་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་བཅས་པ་དང༌། ཐོད་པ་བཞི་ཙམ་ཞིག་བསྒོམ་པར་བཤད་ནས། དེའི་གཙོ་བོའི་ལུས་ལ་ལུས་དཀྱིལ་བསྒོམ་པ་ན། རང་བྱིན་བརླབ་པའི་རིམ་པ་སྟེ། ལུས་ཀྱི་དཀྱིལ་འཁོར་མཆོག་གྱུར་པ། །ཞེས་པ་ནས། སྙིང་གི་པདྨ་འདབ་བརྒྱད་པ། །གེ་སར་ལྟེ་བར་བཅས་པ་སྟེ། །ཟླ་ཉི་ཐབས་དང་ཤེས་རབ་བཅས། །ལུགས་དང་ལུགས་མིན་ས་བོན་དབུས། །བཅོམ་ལྡན་ཁྲག་འཐུང་འདས་པའོ། །ཞལ་བཞི་པ་ལ་ཕྱག་བཅུ་གཉིས། །ཞེས་དང༌། ཡང་དག་འཁྱུད་པའི་ཕག་མོ་ཡང༌། །བདེ་སྟེར་རང་བཞིན་སྐུ་མདོག་དམར། །ཞེས་དང༌། མཁའ་འགྲོ་མ་དང༌། ལཱ་མ་དང༌། དུམ་སྐྱེས་མ་དང༌། གཟུགས་ཅན་མ་རྣམས་ནི། མཐིང་ག་དང༌། ལྗང་གུ་དང༌། དམར་མོ་དང༌། སེར་མོའི་མདོག་རིམ་པ་བཞིན་དུ་ཞལ་གཅིག་ཕྱག་བཞི་པ། སྤྱན་གསུམ་པ། གཡས་གཉིས་ན་ཌཱ་མ་རུ་དང༌། གྲི་གུག་དང༌། གཡོན་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ། སྐྲ་གྲོལ་བ། གཅེར་བུ་དུམ་བུའི་སྐེ་རགས་ཀྱིས་བརྒྱན་པ། ཕྱག་རྒྱ་ལྔ་དང་ལྡན་པའོ། །དེ་དག་གི་མཚམས་རྣམས་སུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་བདུད་རྩིའི་བདག་ཉིད་ཅན་ནོ། །ཞེས་སྙིང་གའི་དབུས་སུ་གཙོ་བོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་བཅས་དང༌། རྩ་འདབ་བརྒྱད། མཁའ་འགྲོ་མ་བཞི་ཐོད་པ་དང་བཅས་པར་བསྒོམ་པར་བཤད་ནས། པུལླི་ར་མ་ལ་ཡ་མགོར། །ཐོད་པའི་དུམ་བུ་རབ་གཏུམ་མོ། །ཛ་ལནྡྷ་ར་སྤྱི་གཙུག་ཏུ། །ཀེང་རུས་ཆེན་པོ་གཏུམ་མིག་མ། །ཨུ་རྒྱན་རྣ་བ་གཡས་པ་ཡང༌། །ཀེང་རུས་ཅན་དང་འོད་ལྡན་མའོ། །ཞེས་པ་ནས། ཀུ་ལུན་ཏར་ནི་པུས་མོར་ཡང༌། །རྡོར་སེམས་བརྩོན་འགྲུས་ཆེན་མོའོ། །ཞེས་པ་ནས། མིག་གཡོན་གཤིན་རྗེ་འཇོམས་མའོ། །ཞེས་པའི་བར་གྱིས་འཁོར་གྱི་ལྷ། ཞལ་གཅིག་ཕྱག་བཞི་པ་རྫོགས་པར་ལུས་དཀྱིལ་དུ་དགོད་པར་བཤད་པའི་ཕྱིར་རོ། །གཞན་ཡང་བདེ་མཆོག་མངོན་བརྗོད་བླ་མར་གསུངས་པའི་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཡང་ནོར་བར་འགྱུར་ཏེ། ཕྱི་ནང་ཐུན་མོང་བའི་ལྷ་མེད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། རྒྱུད་དེའི་ལེའུ་ཉི་ཤུ་རྩ་དྲུག་པར་ཨཱ་ལི་ཀཱ་ལི་ལས་རང་འབྱུང༌། གཉིས་མེད་མཆོག་ཏུ་ཞི་བ་སྟེ། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །འཛམ་བུའི་མདོག་ཅན་མཉམ་པར་ཁྱབ། །ཅེས་པ་ནས། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །གཡས་པ་མི་འཇིགས་ཕྱག་རྒྱ་ཅན། །ཞེས་སོགས་ཀྱིས། གཞལ་ཡས་ཁང་གི་ནང་པདྨ་འདབ་བརྒྱད་ཀྱི་ལྟེ་བར་འཇིགས་བྱེད་དང་དུས་མཚན་གྱི་གདན་ལ། དཔལ་བདེ་མཆོག་སངས་རྒྱས་ཐོད་པ་སེར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང༌། གཡོན་ཐོད་པ་འཛིན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཅན་གྱི་གཙོ་བོ་བསྐྱེད་ཚུལ་དང༌། མཁའ་འགྲོ་མ་དང་ལཱ་མ་དང༌། །དུམ་སྐྱེས་མ་དང་གཟུགས་ཅན་མ། །པདྨའི་ཕྱོགས་ཀྱི་གནས་ལ་དགོད། །ཐོད་པ་བཞི་པོ་མཆོག་ཡིན་ཏེ། །མཁའ་འགྲོ་མ་ནི་ཁ་དོག་སེར། །ལཱ་མ་པ་ལཱ་ཤ་ཡི་མདོག །དུམ་སྐྱེས་མ་ནི་སྔོན་པོ་སྟེ། །གཟུགས་ཅན་མ་ནི་དམར་ལ་འབར། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །གཡས་པ་མི་འཇིགས་མཆོག་སྦྱིན་ཏེ། །སྒོ་རྣམས་སུ་ནི་ལྷ་མོ་བཞི། །ཁྭ་གདོང་ལ་སོགས་མཁའ་འགྲོ་མ། །སྔོ་དང་སེར་དང་དེ་བཞིན་དམར། །ལྗང་གུ་དག་པའི་གཟུགས་ཅན་ནོ། །མཚམས་སུ་གཤིན་རྗེ་བརྟན་མ་སོགས། །རབ་འཇིགས་ཤིན་ཏུ་འཇིགས་པ་སྟེ། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །མི་འཇིགས་མཆོག་ཀྱང་དེ་བཞིན་ཏེ། །ཅང་ཏེའུ་དང་ནི་གྲི་གུག་འཛིན། །བདུད་ནི་བཞི་པོའི་སྟེང་ན་བཞུགས། །ཞེས་འཁོར་བཅུ་གཉིས་བསྐྱེད་ཚུལ་དང༌། །ཐུགས་ཀྱི་འཁོར་ལོ་སྙིང་ག་རུ། །ཧེ་རུ་ཀ་ནི་རྣམ་པར་བསྒོམ། །གསུང་གི་འཁོར་ལོ་ཁ་ལ་བསྒོམ། །སྐུ་ཡི་འཁོར་ལོ་སྔ་མ་བཞིན། །སྔོ་དང་དམར་དང་དཀར་བ་དང༌། །ཕྱག་དྲུག་པ་ལ་ཞལ་གསུམ་པ། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །སྤྱན་གསུམ་པ་ལ་བཞིན་རྣམས་བསྒྱུར། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །རྩེ་གསུམ་པ་ལ་ཐོད་པ་འཆང༌། །རང་རིག་ལུས་དང་ཡང་དག་ལྡན། །བདེ་བ་ཆེན་པོའི་གོ་འཕང་གནས། །ཞེས་གཙོ་བོའི་ལུས་ཀྱི་སྙིང་གར་ཐུགས་འཁོར་གྱི་ལྷ་བརྒྱད་སྔོན་པོ། མགྲིན་པར་གསུང་འཁོར་གྱི་ལྷ་བརྒྱད་དམར་པོ་སྤྱི་བོའི་འཁོར་ལོར་སྐུ་འཁོར་གྱི་ལྷ་བརྒྱད་དཀར་པོ་རྣམས་དགོད་པར་བཤད་པ་དང༌། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཕྱི་དང་ནང་གི་ཆོས་རྣམས་ཀུན། །བྱང་ཆུབ་ཕྱོགས་ཀྱིས་རྣམ་པར་དག །ཅེས་ཕྱི་དཀྱིལ་ལྷ་བཅུ་གསུམ་དང༌། ནང་དཀྱིལ་ཉེར་བཞི་པོ་གཉིས་ཆར་བསྡོམས་ནས། བྱང་ཕྱོགས་སོ་བདུན་དང་སྦྱར་བའི་དག་པ་གསུངས་པའི་ཕྱིར་རོ། །སྤྱི་དོན་གསུམ་པ་ནི། ལུས་དཀྱིལ་དང་ལུས་ལ་ལྷ་དགོད་པ་ཙམ་གྱི་ཁྱད་པར་མ་ཕྱེད་དོ་ཞེས་སྨྲ་བ་ཡང༌། ཤིན་ཏུ་མི་འཐད་དེ། རྣལ་འབྱོར་བླ་མེད་གཞིར་བཞག་ལ། ལུས་ལ་ལྷ་དགོད་པ་ལ་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཕྱིར་དགོད་པ་ནི། མིག་སོགས་སྟོང་ཉིད་དུ་སྦྱངས་པའི་ངང་ལས། གནས་དེ་དང་དེ་དག་ཏུ་ཆོ་ག་གསུམ་མམ། ས་བོན་ཙམ་མམ། སྐད་ཅིག་གིས་ལྷར་སྐྱེད་པ་ཡིན་ཏེ། གདོང་དྲུག་གི་རྒྱུད་ལས། མིག་སོགས་བྱིན་གྱིས་བརླབས་པ་ལ། །གཏི་མུག་རྡོ་རྗེ་སོགས་ཀྱིས་བསྲུང༌། །དབང་སྦུབས་སྟོང་པ་ཉིད་བྱས་ཏེ། །སྙིང་པོའམ་མིང་གི་ཡི་གེ་ཡིས། །རིགས་ཀྱི་ཕྱག་མཚན་ལྡན་པ་ཡི། །སྐུ་རྣམས་ངེས་པར་བསྐྱེད་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །ལུས་དཀྱིལ་ནི། རྣལ་འབྱོར་པ་རང་གི་ལུས་ལ་གནས་པའི་རྩ་ཐིག་རླུང་གསུམ་སོགས་ལུས་ཀྱི་ཆ་ཤས་གང་ཡང་རུང་བ་ཅིག་རྒྱུར་བྱས་པ་དགོས་ཏེ། རྡོ་རྗེ་དྲིལ་བུ་པས། འདི་དག་གནས་སུ་རྣལ་འབྱོར་མ། །རྩ་ཡིན་དཔའ་བོ་ཉི་ཤུ་བཞི། །ལུས་ཀྱི་ཁམས་སུ་བརྟག་པར་བྱ། །ཞེས་གསུངས་ལ། ལུས་ཀྱི་ཆ་ཤས་ལས་གྲུབ་པའི་ལྷ་དེ་ལུས་ཀྱི་ནང་གི་གནས་རྣམས་སུ་བཀོད་པ་ཞིག་དགོས་ཏེ། སློབ་དཔོན་པྲཛྙཱ་རཀྵི་ཏས། བདེ་མཆོག་གི་སྐབས་སུ་འུག་གདོང་མ་རྣ་བའི་བུག་པའི་ནང་དུ་བསྒོམས་པར་བཤད་ཅིང༌། སློབ་དཔོན་སྒྲོན་མ་ཅན་གྱི་སྡེས། ཀྱེ་རྡོར་ལུས་དཀྱིལ་འཆད་པའི་སྐབས་སུ། ཇི་སྲིད་རྡུལ་ཕྲ་རབ་དང་མཉམ་པ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་དེའི་བདག་ཉིད་ལས་སྐྱེས་པའི་དཔའ་བོ་དེ་རྣམས་ཐམས་ཅད་སྒྲུབ་པ་པོ་རང་གི་ལུས་ཀྱི་ནང་དུ་བསྒོམ་མོ། །གང་དཔའ་མོའི་དབང་ཕྱུག་མ་དེ་རྣམས་ཐམས་ཅད་དེ་ཉིད་ཀྱི་ནང་དུ་བསྒོམ། ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ཡིན་པ་དེའི་ཕྱིར། ཤིན་ཏུ་ཟབ་པའི་ལུས་དཀྱིལ་འདིའི་བསྐྱེད་ཚུལ་རྣམས། ལུས་དཀྱིལ་དུ་མི་འགྱུར་བའི་སྐྱོན་གཏན་ནས་མེད་དེ། རྩ་འཁོར་ལོ་ལྔ་རྡོ་རྗེའི་ལུས་ལ་རང་གྲུབ་ཏུ་ཡོད་པ་དེ། ལྷ་མོ་རྣམས་དང་འཁོར་ལོ་ལྔའི་དབུས་ཀྱི་ཐིག་ལེ་ཕྱི་ཤུན་གྱི་རྩ་དང་བཅས་པ་གཙོ་བོ་ཡབ་ཡུམ་ལྔར་བསྐྱེད་ནས། ལུས་ཀྱི་ནང་སོ་སོའི་གནས་སུ་བསྒོམས་པས་བློས་བརྟག་པ་མ་ཡིན་ནོ། །ཡུལ་ཡུལ་ཅན་གྱི་ལྷ་བཅུ་གཉིས་དང༌། ཁྲོ་བོ་བཅུ་ནི། དཔལ་གསང་བ་འདུས་པ་འཕགས་སྐོར་གྱི་ལུས་དཀྱིལ་གྱི་སྐབས་སུ་བཤད་པ་དང༌། མན་ངག་འདིར་བཤད་པ་གཉིས། དགོད་པ་དང་བསྐྱེད་གཞི་སྤྱི་ཙམ་ལ་ཁྱད་པར་མེད་པས། འདི་དག་ལུས་དཀྱིལ་དུ་མ་སོང་བའི་སྐྱོན་མེད་དོ། །སྤྱི་དོན་གསུམ་པ་རྒྱུད་རྒྱ་གཞུང་ལས་མ་བཤད་པའི་རྩོད་པ་སྤང་པ་བརྗོད་པར་བྱ་སྟེ། དེ་ལ་ཁྱེད་ཀྱིས་རྒྱུད་དང་རྒྱ་གཞུང་ཚད་ལྡན་གང་ནས་ཀྱང་མ་བཤད་ཅིང༌། དོན་ཐོབ་ལ་ཡང་མེད་དོ་ཞེས་སྨྲ་བ་ཡང་རང་གིས་གཞུང་ལུགས་རྒྱ་ཆེན་པོ་ནི་ལྟ་ཞོག་གི་ཕྱོགས་རེ་ཙམ་ཡང་མ་མཐོང་ངོ་ཞེས་པའི་ཚིག་ཡིན་ལ། རིག་པའི་དབང་ཕྱུག་གིས། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་བཤད་པ་ལྟར། ཁོ་བོས་ལེགས་པར་བཤད་ཀྱིས། མང་དུ་ཐོས་པ་དང་བྲལ་བ་དག་རྣ་བ་བླགས་ཏེ་ཉོན་ཅིག འདི་ལ་གཉིས། ཀྱེ་རྡོ་རྗེའི་རྒྱུད་འགྲེལ་ལས་བཤད་ཚུལ་དང༌། རྒྱུད་འགྲེལ་གཞན་ལས་བཤད་ཚུལ་ལོ། །དང་པོ་ལ་གཉིས། རྒྱུད་དང་གདམས་ངག་ལས་གསུང་ཚུལ་དང༌། གྲུབ་ཆེན་གཞན་གྱིས་བཀྲལ་ཚུལ་ལོ། །དང་པོ་ནི་རྩ་བའི་རྒྱུད་ལས། ཨེ་ཡི་རྣམ་པས་ལྷ་མོ་སྤྱན། །ཝཾ་གི་རྣམ་པས་བདག་མར་བརྗོད། །མ་ནི་ལྷ་མོ་གོས་དཀར་མོ། །ཡ་ཡི་རྣམ་པས་སྒྲོལ་མར་བརྗོད། །ཅེས་ཡི་གེ་བཞིའི་དབྱིབས་ཀྱི་འཁོར་ལོ་བཞི་དང༌། དེ་དག་ལྷ་མོ་བཞིའི་རང་བཞིན་དུ་གསུངས་ལ། དོན་ལྷག་མ་རྣམས་རྒྱུད་ཀྱི་དབུ་ཞབས་རྣམས་སུ་དོན་ཐོབ་ལ་གསལ་བར་འབྱུང་ཡང༌། ཚིག་དངོས་སུ་གསལ་པོར་མ་གསུངས་སོ། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར། བཤད་པའི་རྒྱུད་དཔལ་སམྦུ་ཊིར། རྟེན་དང་བརྟེན་པའི་ལུས་དཀྱིལ་བསྒྲུབ་ཚུལ་རྣམས་གསལ་བར་གསུངས་ཏེ། དྲུག་པའི་རབ་བྱེད་གསུམ་པར། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་བྱུང༌། །ལུས་ནི་དཀྱིལ་འཁོར་ཉམས་དགའ་བར། །ཞེས་པ་ནས། དེ་ནི་རྫོགས་པར་དཀྱིལ་འཁོར་གནས། །རྐང་པའི་མཐིལ་དུ་རྩོམ་ཆེན་རླུང༌། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ཟླུམ་པོའི་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ནི་ལྟོ་བར་རྣམ་པར་གནས། །སྙིང་གར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །སྒལ་ཚིགས་དབྱིགས་གུའི་གཟུགས་ཀྱིས་ནི། །རི་རབ་རི་རྒྱལ་དེ་བཞིན་ནོ། །ཞེས་རྟེན་ལུས་དཀྱིལ་ཀྱེ་རྡོར་དང་བདེ་མཆོག་གཉིས་ཀ་ཐུན་མོང་དུ་གསུངས་པ་དང༌། བརྟེན་པ་ལུས་དཀྱིལ་ཡང༌། དང་པོའི་རབ་བྱེད་བཞི་པར། ཡང་དག་སྦྱོར་ཚུལ་མཚན་ཉིད་ནི། །དེ་ནས་མཆོག་ཏུ་རབ་བཤད་བྱ། །ཨེ་ནི་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །སྙིང་རྗེ་ཆེན་མོ་ཐབས་ཆེན་མོ། །རང་བཞིན་སྣ་ཚོགས་སྤྱོད་ཡུལ་མ། །ལྟེ་བར་སྣ་ཚོགས་འདམ་སྐྱེས་ལ། །སྤྲུལ་པའི་འཁོར་ལོ་རྣམ་པར་གནས། །ཝཾ་ནི་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི །བྱམས་པ་དང་ནི་སྨོན་ལམ་ཚུལ། །ལྷ་མོ་རྡོ་རྗེའི་རིགས་གཙོ་མ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོ་ཡང་དག་གནས། །མ་ནི་མེ་རུ་བརྗོད་པ་སྟེ། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །དགའ་དང་སྟོབས་ཀྱི་རྣལ་འབྱོར་གྱིས། །ལྷ་མོ་པདྨའི་རིགས་འབྱུང་མ། །ལྐོག་མར་ཆུ་སྐྱེས་འདབ་བརྒྱད་གཉིས། །ལོངས་སྤྱོད་འཁོར་ལོར་ཡང་དག་གནས། །ཡ་ནི་རླུང་གི་རང་བཞིན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་བྱེད། །དམ་ཚིག་ཕྱག་རྒྱ་ཆེན་མོར་ངེས། །ལྷ་མོ་ལས་ཀྱི་རིགས་གཙོ་མ། །བཏང་སྙོམས་ཡེ་ཤེས་རྣལ་འབྱོར་གྱི། །སྒྲོལ་མ་འཁོར་བ་སྒྲོལ་བ་མོ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །བདེ་ཆེན་འཁོར་ལོ་ཆེན་པོར་གནས། །ཞེས་འཁོར་ལོ་དེ་དག་ལ་ལྷ་མོ་འདི་རྣམས་དགོད་པར་གསུང་ཞིང༌། སྙེ་མ་བཞི་པར། དེ་ལྟར་འདི་རྣམས་ཁམས་དང་ཕྱག་རྒྱ་དང་ཚད་མེད་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ངོ་བོ་རྣམས་ཏེ། སྟོང་པ་ཉིད་དང་སྙིང་རྗེའི་ངོ་བོ་ཉིད་ཀྱིས་ན་ཤེས་རབ་དང་ཐབས་ཀྱི་རང་བཞིན་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་སྤྲུལ་པ་ལ་སོགས་པའི་འཁོར་ལོ་རྣམས་ལ་མོས་པ་བྱའོ། །ཨེ་ཝཾ་མ་ཡའི་ཡི་གེ་བརྗོད་པར་བྱའོ། །ཞེས་པ་བརྗོད་པར་བྱ་བ་དང༌། རྗོད་བྱེད་དག་དབྱེར་མེད་པར་མོས་པས་བསྐྱེད་པའི་རིམ་པ་ལ་ཁ་ཅིག་ཏུ་ཨེ་ཝཾ་མ་ཡའི་ཡི་གེ་རང་གི་ངོ་བོ་རྣམས་དང༌། ཁ་ཅིག་ཏུ་ཕྱག་ལ་སོགས་པའི་ངོ་བོ་རྣམས་ཀྱང་བསྒོམ་པར་བྱའོ། །ཞེས་གསུངས་པར་འགྱུར་རོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །འོ་ན་འདིར་འཁོར་ལོ་བཞི་ལས་མ་བསྟན་ནོ་སྙམ་ན་མ་ཡིན་ཏེ། བདེ་ཆེན་འཁོར་ལོ་ཆེན་པོར་གནས། །ཞེས་པའི་དོན། བདེ་བའི་རྟེན་བྱང་སེམས་ཀྱི་གཙོ་བོ་སྤྱི་བོར་གནས་པས་སྤྱི་བོ་ལ་བདེ་ཆེན་དང༌། དེ་ལས་བྱུང་བའི་བྱང་སེམས་གསང་འཁོར་དུ་བབས་པས། དེར་བདེ་བ་ཆེན་པོ་སྐྱེད་པར་བྱེད་པས་གསང་གནས་ལའང་བདེ་ཆེན་དུ་བཏགས་པར་འགྲེལ་པ་དག་ལས་འབྱུང་བས། ཚིག་གཅིག་གི་སྟེང་འོག་གི་འཁོར་ལོ་གཉིས་ཆར་བསྟན་པ་ཡིན་ནོ། །དེ་ལྟ་བུའི་འཁོར་ལོའི་དབུས་སུ་གཙོ་བོ་རིགས་ལྔ་ཐིག་ལེ་ལས་བསྐྱེད་པ་ནི། བརྟག་པ་དྲུག་པའི་བཞི་པར། རྟག་ཏུ་བཞུགས་པར་འདོད་པ་འདི། །སངས་རྒྱས་ཀུན་གྱི་སྡོམ་པ་དག །ཡང་ན་མེ་ལོང་ལྟ་བུའི་ཚུལ། །དེ་བཞིན་དུ་ཡང་མཉམ་པ་ཉིད། །སོ་སོར་རྟོག་པའི་ཆོ་ག་བཞིན། །དེ་བཞིན་བྱ་བ་ནན་ཏན་ལ། །རྟག་ཏུ་བཞུགས་པར་བརྗོད་པ་འདི། །ཤིན་ཏུ་རྣམ་དག་རང་བཞིན་ཅན། །དེ་ནི་རྣམ་པར་སྣང་མཛད་ཉིད། །གཞན་ཡང་མི་བསྐྱོད་པ་ཉིད་དང༌། །ཡང་ན་རིན་ཆེན་འབྱུང་གནས་ལ། །ཡང་ན་འོད་དཔག་མེད་པ་ཡི། །གང་ཚེ་རྟག་བཞུགས་དོན་ཡོད་ལ། །བདུད་རྩི་ལྔ་ཡི་གོང་བུའི་དངོས། །ཐིག་ལེའི་གཟུགས་ཏེ་ཡིད་ལྟ་བུ། །ཤིན་ཏུ་རྣམ་དག་ཡེ་ཤེས་ཆེར། །ལྷ་མོ་ཀུན་གྱི་རང་བཞིན་ཅན། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །བདེ་བ་དམ་པ་རུ་ནི་བརྗོད། །ཅེས་དང༌། དེའི་འགྲེལ་པ་སྙེ་མར། ལྷ་མོ་ཀུན་གྱི་སྟེ། སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་དང༌། རྡོ་རྗེ་སྙེམས་མ་རྣམས་ཀྱི་རང་བཞིན་ནོ། །ཞེས་རིགས་ལྔའི་ཡུམ་རྣམས་གསལ་བར་བཤད་ལ། རྡོ་རྗེ་སྙེམས་མ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་དོན་གཅིག་ལ། ཚིག་རྐང་ཐ་མ་གཉིས་ཀྱིས་ནི། རིགས་ལྔ་ལ་རྡོ་རྗེ་སེམས་དཔས་རྒྱས་འདེབས་པ་ཟིན་པ་ཡིན་ནོ། །ཡན་ལག་གི་ལྷ་རྣམས་ལུས་ལ་བསྐྱེད་ཚུལ་ཡང༌། བརྟག་པ་དང་པོའི་བཞི་པར། དེ་ལྟར་རིགས་ནི་ལྔ་རྣམས་དང༌། །ཡེ་ཤེས་ལྔ་དང་སངས་རྒྱས་ལྔ། །འདི་ལས་རྡོ་རྗེ་སྙིང་པོ་དང༌། །ཁྲོ་བོ་ཁམས་གསུམ་སེམས་ཅན་བསྐྱེད། །ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་རྙེད་པར་འགྱུར། །ཞེས་གསུངས་ལ། དེའི་དོན་སྙེ་མར། གང་ཡང་དེ་བཞིན་གཤེགས་པ་ལྔ་རྣམས་ལས་སྐྱེས་པ་རྣམས་ནི་སེམས་དཔའ་ཞེས་པར་རང་རང་གི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་སོགས་པ་མིག་ནི་གཏི་མུག་རྡོ་རྗེའོ། །ཞེས་པ་ལ་སོགས་པས་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་རྣམ་པར་དག་པའི་རང་བཞིན་དུ་འཆད་པར་འགྱུར་བ་རྣམས་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པ་ཕྱིའི་སྐྱེ་མཆེད་གཟུགས་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་རྣམས་དང༌། ས་ལ་སོགས་པའི་ཁམས་རྣམ་པར་དག་པའི་རང་བཞིན་སྤྱན་མ་ལ་སོགས་པ་རྣམས་སོ། །ཁྲོ་བོ་རྣམས་ཀྱང་སྟེ་གཤིན་རྗེའི་གཤེད་ལ་སོགས་པ་དད་པ་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་རྣམས་སོ། །ཞེས་གསལ་བར་གསུངས་སོ། །གལ་ཏེ་འདིས་རིགས་ལྔ་ལས་བྱང་སེམས་སོགས་སྤྲོ་ཚུལ་སྟོན་གྱི། ལུས་དཀྱིལ་གྱི་ལྷ་མི་སྟོན་ནོ་སྙམ་ན། ལུང་དེའི་རྗེས་ཁོ་ན་ལ། སེམས་ཅན་གྱི་ཕུང་པོ་ཡང་དེ་བཞིན་ཁོ་ནར་རྒྱུའི་རྒྱུད་ཀྱི་རྡོ་རྗེ་འཛིན་པའི་རང་བཞིན་ཁོ་ནའོ། །ཞེས་སྒྲུབ་བྱེད་དུ་མ་དང་བཅས་ནས་ལུས་དཀྱིལ་དུ་བསྒྲུབ་པའི་ཕྱིར་རོ། །མདོར་ན་རྩ་རྒྱུད་དུ་ལུས་དཀྱིལ་གྱི་རྣལ་འབྱོར་དངོས་སུ་ཅུང་ཟད་གསུངས་ཤིང་རྒྱས་པར་དོན་ཐོབ་ལ་ཡོད་པ་དེ་ཉིད་བཤད་པའི་རྒྱུད་ཀྱི་རྒྱལ་པོ་འདིས་གསལ་བར་གསུངས་པ། བླ་མ་དམ་པའི་གདམས་ངག་གིས་འཆད་ཚུལ་འདི་ལྟ་བུའི་སྒོ་ནས་རྣལ་འབྱོར་གསལ་བར་རྟོགས་ནུས་པ་ཡང་གནད་ཀྱི་དོན་དུ་ཤེས་པར་བྱའོ། །བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་གླེང་གཞིའི་སྐབས་སུ་ལུས་དཀྱིལ་མདོར་བསྟན་ཙམ་འབྱུང་ལ། ལེའུ་བདུན་པར། སེན་མོ་བ་སྤུ་དེ་བཞིན་ཁམས། །ཁུ་བ་ལ་ནི་རྣམ་པར་གཟིགས། །ཞེས་སོགས་རིགས་ལྔ་ཡབ་ཡུམ་གྱི་ལུས་ཀྱི་ཁམས་དག་ཚུལ་དང༌། ལེའུ་བརྒྱད་པར། ནང་གི་སྐྱེ་མཆེད་ལ་ལྷ་དགོད་ཚུལ་ཅུང་ཟད་དང་བཅས་པ་གསུངས་ཤིང༌། ཕྱི་དཀྱིལ་གྱི་སྐབས་ནས་རིགས་ལྔའི་ཞལ་ཕྱག་རྣམས་གསུངས་པས་ཕན་འདོགས་པ་ཡིན་ནོ། །དེ་ལྟར་དཔལ་ཀྱེ་རྡོ་རྗེའི་རྒྱུད་གསུམ་ནས་ལུས་དཀྱིལ་བསྒོམ་ཚུལ་གསལ་བར་གསུངས་པ་དེ། ས་དྲུག་པ་ལ་གནས་པའི་སེམས་དཔའ་ཆེན་པོ་དཔལ་ལྡན་བིརྺ་པའི་ཞབས་ཀྱི་གདམས་ངག་ཏུ། ལུས་ཀྱི་དཀྱིལ་འཁོར་མཐོང་ནས་རྟགས་བསྟན་པ་ཞེས་སོགས་དང༌། ལམ་བསྡུས་པར། དཀྱིལ་འཁོར་ལྔ་ལ་བཏུད་དེ་བསྐྲུན། །ཞེས་སོགས་སུ་དོན་བསྡུས་ནས་བསྟན་ཞིང༌། མན་ངག་མ་ཉམས་པར་གྲུབ་ཆེན་རྣམས་ཀྱིས་སྙན་བརྒྱུད་དུ་གཏན་ལ་ཕབ་པ་ཡིན་ནོ། །གཉིས་པ་ལ་བཞི། ནག་པོ་པ་སོགས་ཀྱི་བཞེད་པ། དགྲ་ལས་རྣམ་རྒྱལ་གྱི་བཞེད་པ། ཨིནྡྲ་བྷཱུ་ཏིའི་བཞེད་པ། རྡོ་རྗེ་སྙིང་འགྲེལ་གྱི་བཞེད་པའོ། །དང་པོ་ནི། གྲུབ་པའི་སློབ་དཔོན་ནག་པོ་པས། །བདག་ཉིད་ཆེན་པོ་རྒྱལ་བའི་སྐུ། །ཕྱི་རོལ་དེ་བཞིན་ནང་དེ་བཞིན། །དེ་བཞིན་གསང་བ་ཤེས་པར་བྱ། །རྐང་པ་བསྐྱོད་པ་མདོར་དྲོད་ཤེས། །ལྟེ་བ་རྟག་ཏུ་ཆུར་བརྟེན་པས། །སྟོད་དུ་དབྱིབས་ཀྱི་གཞིར་ཤེས་བྱ། །འཁོར་ལོ་བདེ་བ་དེ་བཞིན་གནས། །བྷ་ག་ནམ་མཁའ་ཡིན་པའོ། །བཤང་ལམ་དྲག་གཏུམ་དུར་ཁྲོད་ཆ། །གསང་གནས་དབྱིབས་ཅན་དེ་བཞིན་དུ། །རྣ་བ་དགོད་དང་གཡེར་ཁ་བརྗོད། །ཁ་ནི་ཚང་ཚིང་འབར་བ་སྣ། །མི་ཟད་དམྱལ་ཚོགས་མིག་ཏུ་བསྟན། །ཤི་རི་ཤིང་ནི་དངོས་པོ་སྟེ། །མེ་ཏོག་དབང་པོ་འབྲས་བུར་བཅས། །ཀ་བ་གཅིག་དང་སྒོ་དགུར་ལྡན། །བདག་མེད་ཧེ་རུ་ཀ་བདེ་བ། །ཐབས་དང་ཤེས་རབ་ཡེ་ནས་འབྲེལ། །ཉི་ཟླ་གཡས་དང་གཡོན་གྱི་སྟེང༌། །གཉིས་མེད་འབྲེལ་པས་རྟག་ཏུ་འཕྲད། །ཅེས་རྟེན་གཞལ་ཡས་ཁང་ལུས་དཀྱིལ་དང༌། སྐུ་དང་ཕྱག་རྒྱ་ཡུམ་གྱི་ཚོགས། །འབྲས་བུ་བདེ་བ་སྐད་ཅིག་དགའ། །རང་བཞིན་ཉིད་དུ་རྟག་པར་གནས། །བཞི་གཉིས་ལས་བརྩམས་དྲུག་ཅུའི་བར། །དེ་སོགས་སྟོང་ཕྲག་བདུན་ཅུ་གཉིས། །དེ་ལས་རྒྱས་པར་བརྗོད་མི་ལང༌། །རང་བཞིན་སྤྲུལ་པར་རྒྱལ་བས་གསུངས། །ཞེས་འབྱུང་ལ། དེའི་དོན། སྐུ་ནི་རིགས་ལྔ། ཕྱག་རྒྱ་ནི་ཡུམ་ལྔ། ཡུམ་གྱི་ཚོགས་ནི་རྩ་འདབ་ལ་གནས་པའི་ལྷ་མོ་བརྒྱ་ལྔ་བཅུ་རྩ་གཉིས་བསྟན་ལ། དེ་རྣམས་གང་དུ་དགོད་ན། བཞི་གཉིས་ཏེ་སྙིང་ག་ཆོས་འཁོར་རྩ་འདབ་བརྒྱད་དང༌། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་དང༌། དེ་གཉིས་ཀྱི་བར་ནས་མགྲིན་པར་བཅུ་དྲུག སྤྱི་བོ་དང་གསང་གནས་སུ་སོ་གཉིས་རེ་སྟེ། ཕོ་བྲང་ལྔ་ལ་སྔར་གྱི་ལྷ་རྣམས་དགོད་པར་བཤད་པ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེའི་གླུའི་འགྲེལ་པར། མ་ལ་ཨ་ཛེ་ཞེས་བྱ་བ་ནི། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ཐམས་ཅད་འདུ་བའོ། །དཔའ་བོ་ཐམས་ཅད་ཀྱི་སྒྲས་ནི་རྟག་པ་ལ་སོགས་པ་འཁོར་ལོས་སྒྱུར་བ་དྲུག་གོ །དཔའ་མོའི་དབང་ཕྱུག་མ་ཐམས་ཅད་ཀྱི་སྒྲས་ནི་གཏི་མུག་རྡོ་རྗེ་མ་ལ་སོགས་པ་འཁོར་ལོས་སྒྱུར་མ་དྲུག་གོ །ཅི་སྲིད་རྡུལ་ཕྲ་རབ་དང་མཉམ་པའི་དཔའ་བོ་དང་དཔའ་མོ་དབང་ཕྱུག་མ་དེའི་བདག་ཉིད་ལས་སྐྱེས་པ་དཔའ་བོ་དེ་ཐམས་ཅད་སྒྲུབ་པ་པོ་རང་གི་ལུས་ཀྱི་ནང་དུ་བསྒོམ་མོ། །ཞེས་འབྱུང་ལ་དེའི་དོན་འཁོར་ལོས་སྒྱུར་བ་དྲུག་ནི། ཕོ་བྲང་ལྔའི་དབུས་ཀྱི་རིགས་ལྔ་དེ་རྣམས་ཀྱི་དབུ་རྒྱན་རྡོ་རྗེ་སེམས་དཔའ་དང་དྲུག་ཡིན་ལ། རྡུལ་ཕྲ་རབ་དང་མཉམ་པ་ནི། རྩ་རྒྱུད་ཕྱི་མར། རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣལ་འབྱོར་མ་ཞེས་བཤད་པའི་དོན་ལྟར། ལུས་ཀྱི་རྩ་རྣམས་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་སུ་བསྐྱེད་པ་ཟིན་པ་ཡིན་ལ། དེ་རྣམས་ཀྱང་སྒྲུབ་པ་པོ་པི་ཙུ་བཛྲ་བསྐྱེད་པའི་ལུས་ལ་དགོད་པ་འགྲེལ་པ་དེ་ཉིད་དུ་བཤད་དོ། །ནཱ་རོ་འགྲེལ་ཆེན་དུ་ཡང༌། ཨོཾ་ཡིག་གིས་རྣམ་པར་སྣང་མཛད་སྤྱི་བོར་རོ། །ཨཾ་ཡིག་གིས་རིན་ཆེན་འབྱུང་ལྡན་ཏེ་ལྟེ་བར་རོ། །ཧྲཱིཿཡིག་གིས་འོད་དཔག་མེད་དེ་མགྲིན་པར་རོ། །གསང་བར་ཁཾ་ཡིག་གིས་དོན་ཡོད་གྲུབ་པའོ། །ཧཱུྃ་ཡིག་གིས་མི་བསྐྱོད་པ་སྟེ་སྙིང་གར་རོ། །དེ་ལྟར་པི་ཙུ་བཛྲ་གྱི་ལུས་ལ་དགོད་པ་བྱས་ནས་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་ངེས་པའོ། །ཞེས་བཤད་དོ། །གཉིས་པ་ལ་གཉིས། གཞུང་ལས་བཤད་ཚུལ་དང༌། དེ་ལ་དོགས་པ་དཔྱད་པའོ། །དང་པོ་ནི། གྲུབ་པའི་སློབ་དཔོན་ཆེན་པོ་དགྲ་ལས་རྣམ་རྒྱལ་གྱིས། བཅུ་དྲུག་ཕྱག་ཅན་ཧེ་རུ་ཀ །དཀྱིལ་འཁོར་པ་དང་བཅས་པ་བསྒོམ། །ཞེས་ཕྱི་དཀྱིལ་ལྷ་དགུར་གསུངས་ནས་དེའི་གཙོ་བོའི་ལུས་ལ་ལུས་དཀྱིལ་དགོད་པ་ན། རྣལ་འབྱོར་ཆེ་མཆོག་རང་གི་ལུས། །གྲུབ་པའི་དཀྱིལ་འཁོར་སྐད་ཅིག་ལྟ། །ལྟེ་བར་དྲུག་ཅུ་རྩ་བཞིའི་རྩ། །ས་ཡི་རང་བཞིན་སྤྱན་མ་སེར། །ལས་ཀྱི་ཕྱག་རྒྱའོ། །སྙིང་གར་བརྒྱད་ཀྱི་རྩ་རྣམས་ལས། །རྡོ་རྗེ་བཙུན་མོ་མཱ་མ་ཀི །མདོག་སྔོ་གྲི་གུག་ཐོད་པ་འཛིན། །གར་གྱིས་ལེགས་རོལ་ཆུ་ཡི་ཁམས། །ཆོས་ཀྱི་ཕྱག་རྒྱའོ། །མགྲིན་པའི་འཁོར་ལོ་ལོངས་སྤྱོད་ཆེར། །བཅུ་དྲུག་རྩ་ལས་གོས་དཀར་མོ། །མེ་ཁམས་རྣམ་དག་ཁ་དོག་དམར། །ཞལ་གཅིག་ཕྱག་གཉིས་མཛེས་པ་མ། ཕྱག་རྒྱ་ཆེན་པོའོ། །གསང་བར་པདྨ་སུམ་ཅུ་གཉིས། །སྒྲོལ་མ་ལྗང་སྔོན་རླུང་གི་ཁམས། །སྟེང་གི་བདེ་ཆེན་འཁོར་ལོ་ལ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །སུམ་ཅུ་གཉིས་ལྡན་ཁ་དོག་དཀར། །བདེ་ཆེན་ནམ་མཁའ་ཉིད་དུ་བརྗོད། །དམ་ཚིག་གི་ཕྱག་རྒྱའོ། །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །འཁོར་ལོའི་དབུས་སུ་རོལ་ཞིང་གནས། །ཞལ་མདོག་མཚན་མ་ལ་སོགས་པ། །ཇི་ལྟར་རྒྱུད་ལས་གསུངས་བཞིན་བསྒོམ། །བསམ་གཏན་མི་ནུས་རྣལ་འབྱོར་གང༌། །རྒྱལ་ཆེན་འཁོར་ལོས་སྒྱུར་བ་ལྔ། །བདེ་བ་དམ་པའི་ཡུམ་དང་བཅས། །གཡས་བརྐྱང་པ་ཡིས་རོལ་པའི་སྐུ། །འཁོར་ལོའི་མདོག་མཚུངས་ཞལ་གཅིག་པ། །འཁོར་ལོ་པདྨ་རྡོ་རྗེ་དང༌། །རིན་ཆེན་རལ་གྲི་གཡས་ན་སྟེ། །གཡས་མིན་པར་ནི་དྲིལ་བུའོ། །ཀུན་གྱི་དབང་བསྐུར་གནས་སུ་ནི། །རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །ཤེས་རབ་མ་དང་མཉམ་སྦྱོར་བ། །རྡོ་རྗེ་དྲིལ་བུ་འཛིན་པར་བསྒོམ། །མིག་དང་རྣ་བ་སྣ་དང་ནི། །ལྕེ་ལུས་ཡིད་ལ་ས་སྙིང་པོ། །རྡོ་རྗེ་འཛིན་དང་ནམ་མཁའི་སྙིང༌། །འཇིག་རྟེན་དབང་ཕྱུག་སྒྲིབ་སེལ་དང༌། །ཀུན་ཏུ་བཟང་རྣམས་རིགས་དྲུག་གི །མདོག་དང་མཚན་མ་ཇི་བཞིན་སྐུ། །ལྔ་པ་སྣ་ཚོགས་རྡོ་རྗེ་སྟེ། །རལ་གྲི་དག་ནི་སྤངས་པའོ། །ལས་ཀྱི་ཕྱག་རྒྱའོ། །དེ་བཞིན་གཟུགས་སྒྲ་དྲི་དང་རོ། །རིག་དང་ཆོས་ཀྱི་ཁམས་རྣམས་ལ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག །བདག་པོའི་མདོག་ཅན་ཕྱག་གཉིས་མ། །མེ་ལོང་པི་ཝང་དྲི་ཡི་སྣོད། །ན་བཟའ་ཆོས་འབྱུང་འཛིན་པའོ། །ཆོས་ཀྱི་ཕྱག་རྒྱའོ། །ལག་པ་གཡས་པར་གཤིན་རྗེའི་གཤེད། །གཡོན་ལ་ཤེས་རབ་མཐར་བྱེད་དོ། །བཤང་སྒོར་པདྨ་མཐར་བྱེད་དེ། །བགེགས་མཐར་བྱེད་པ་གསང་གནས་སུའོ། །དཔུང་གཡས་མི་གཡོ་གཡོན་འདོད་རྒྱལ། །པུས་མོ་གཡས་ནི་དབྱུང་སྔོན་ཅན། །གཡོན་པ་ལ་ནི་སྟོབས་པོ་ཆེ། །གཙུག་ཏོར་ཅན་ནི་སྤྱི་བོར་ཏེ། །རྐང་མཐིལ་དག་ནི་གནོད་མཛེས་སོ། །ཀུན་ཀྱང་ཁ་དོག་ནག་པོ་སྟེ། །གཉིས་དང་གསུམ་པ་དཀར་དམར་པོ། །ཐོ་བ་བེ་ཅོན་པད་བཟང་པོ། །རྡོ་རྗེ་རལ་གྲི་ལྕགས་ཀྱུ་དང༌། །དབྱིག་པ་རྩེ་གསུམ་ཆོས་འཁོར་ལོ། །གཏུན་ཤིང་རྣམས་ནི་གཡས་ན་སྟེ། །གཡོན་ཀུན་སྡིགས་མཛུབ་མཛད་པའོ། །ཕྱག་རྒྱ་ཆེན་པོའོ། །ཁྲོ་བོ་རྣམས་ལ་འཁྱུད་པའི་ཡུམ། །བདེ་བའི་རང་བཞིན་ཁྲོ་མོ་བཅུ། །རང་གི་ཡབ་དང་འདྲ་བ་སྟེ། །ལྷ་མོའི་ཆ་ལུགས་འཛིན་པ་མ། །དམ་ཚིག་གི་ཕྱག་རྒྱའོ། །ཐམས་ཅད་རྩ་ལས་སྐྱེས་པའི་དངོས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཆོག །མཁས་པས་རང་གི་ལུས་ཉིད་ལ། །དངོས་གྲུབ་རྒྱུར་ནི་འབད་པས་བསྒོམ། །ཞེས་དཔལ་བིརྺ་པའི་གདམས་ངག་དང་མཐུན་པར་གསུངས་སོ། །གཉིས་པ་ནི། དེ་ལྟར་ཕྱག་རྒྱ་བཞིའི་གཞུང་དང༌། གསུང་ངག་རིན་པོ་ཆེའི་གདམས་ངག་གཉིས་མཐུན་པར་འདོད་ན། གཞུང་དེར་བརྟེན་པ་ལུས་དཀྱིལ་ཐོག་མར་བསྒོམས་ནས། རྟེན་ལུས་དཀྱིལ་རྗེས་ལ་བསྒོམ་པ་འབྱུང་ལ། མན་ངག་ཏུ་དེ་ཉིད་གོ་བཟློག་ཏུ་འབྱུང་བས། གོ་རིམ་མ་མཐུན་ནོ་སྙམ་ན་མི་འགལ་ཏེ། དཔེར་ན་བདེ་མཆོག་ལོ་ཧི་པའི་སྐབས་སུ། སློབ་དཔོན་དྷ་རི་ཀ་པས། རྟེན་ལུས་དཀྱིལ་ཐོག་མར་བསྒོམ་ཞིང༌། བརྟེན་པ་ལུས་དཀྱིལ་རྗེས་ལ་བསྒོམ་པར་བཤད་ལ། སློབ་དཔོན་དེ་བཞིན་གཤེགས་པའི་རྡོ་རྗེས། ཐོག་མར་བརྟེན་པ་ལུས་དཀྱིལ་དང༌། རྗེས་ལ་རྟེན་ལུས་དཀྱིལ་བསྒོམ་པར་བཤད་པ་གཉིས་དོན་ལ་འགལ་བ་མེད་པས། གང་བྱས་ཀྱང་རུང་བར་བཞེད་པ་བཞིན་ནོ། །ཡང་གཞུང་དུ། བུ་ག་དགུ་ལ་དུར་ཁྲོད་བརྒྱད་དགོད་པར་བཤད་ལ། གདམས་ངག་ཏུ་མ་བྱུང་བས་འགལ་ལོ་སྙམ་ན་མི་འགལ་ཏེ། དུར་ཁྲོད་བརྒྱད་ལུས་ཀྱི་བུ་ག་དགུ་ལས་བསྐྱེད་ཚུལ་གསུང་ངག་རིན་པོ་ཆེའི་གཞུང་བཤད་དུ་མར་བཤད་པའི་ཕྱིར་རོ། །ཡང་གཞུང་དུ་གཙོ་བོ་ལྔ་རྒྱུད་ལས་གསུངས་པ་བཞིན་བསྒོམ་པར་བཤད་ལ། གདམས་ངག་ཏུ་ཞལ་གཅིག་ཕྱག་གཉིས་པར་བཤད་པས་འགལ་ལོ་ཞེ་ན་མི་འགལ་ཏེ། གཞུང་གི་དོན་དམིགས་པ་མང་པོ་བསྒོམ་ནུས་ན་རྡོ་རྗེ་གུར་ལས་བཤད་པའི་རིགས་ལྔ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་རྣམས་ཕོ་བྲང་ལྔའི་དབུས་སུ་བསྒོམ་པར་སྟོན་ལ། དེ་བཞིན་དུ་གསུང་ངག་རིན་པོ་ཆེའི་བླ་མའི་རྣལ་འབྱོར་གྱི་སྐབས་དང་སྐབས་གཞན་དུ་ཡང་འབྱུང་ངོ༌། །རྒྱུན་གྱི་ཉམས་ལེན་ལ་དམིགས་པ་ཉུང་བའི་དབང་དུ་བྱས་ནས། ཞལ་གཅིག་ཕྱག་གཉིས་པར་བསྒོམ་པར་གཞུང་ནས་དངོས་སུ་འབྱུང་བས་འགལ་བ་ཅི་ཡང་མེད་པ་ཡིན་ནོ། །ཡང་གཞུང་དུ་མིག་སོགས་ལ་སེམས་དཔའ་དྲུག་དགོད་པར་བཤད་ལ། གདམས་ངག་ཏུ་མིག་ཏུ་གཏི་མུག་རྡོ་རྗེ་སོགས་དགོད་པས་འགལ་ལོ་སྙམ་ན་མི་འགལ་ཏེ། གདམས་ངག་ཏུ་འདི་གཉིས་གདམ་ག་ཅན་དུ་བཤད་ཅིང༌། རྡོ་རྗེ་གུར་ལེའུ་བརྒྱད་པར། གཏི་མུག་རྡོ་རྗེ་རབ་སྦྱོར་བས། །མིག་གི་རྣམ་པར་ཤེས་པ་སྦྱོང༌། །ཞེ་སྡང་རྡོ་རྗེ་བསམ་པ་ཡི། །སྒྲ་ཡི་སྒོ་ཡི་བསམ་པའོ། །སྣ་ནི་སེར་སྣ་རྡོ་རྗེ་ཡི། །རོ་དྲུག་འདོད་ཆགས་རྡོ་རྗེ་ཡི། །ལུས་ནི་ཕྲག་དོག་རྡོ་རྗེ་ཡི། །ཡིད་ལ་ཀུན་ཏུ་བཟང་པོ་ཡི། །དེ་ཉིད་མཁའ་འགྲོ་བདག་མེད་མ། །འདི་རྣམས་ཀྱིས་ནི་ཐམས་ཅད་སྦྱོང༌། །ཞེས་ཀུན་བཟང་དང་བདག་མེད་མ་གཅིག་པར་བཤད་པའི་རིགས་པས་གཞན་རྣམས་ལུགས་གཉིས་གང་བཀོད་ཀྱང་འགལ་བ་མེད་དོ། །ཡང་གཞུང་དེར་རང་གི་ཡུལ་དྲུག་ལ་གཟུགས་རྡོ་རྗེ་མ་སོགས་དགོད་པར་བཤད་ལ། གདམས་ངག་ཏུ་གཽ་རཱི་སོགས་དྲུག་དགོད་པར་བཤད་པས་འགལ་ལོ་སྙམ་ན་མི་འགལ་ཏེ། འདི་གཉིས་ཀྱང་གདམ་ག་ཅན་དུ་གདམས་ངག་ཏུ་གསུང་ཞིང༌། བླ་མ་མཁས་པ་ཕྱི་མ་དག་གིས་ཀྱང༌། གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་འཛིན་པ་སོགས་བཤད་པས་འགལ་བ་མེད་དོ། །ཡང་གཞུང་དུ་ཁྲོ་བོ་བཅུ་ལ་རང་འདྲའི་ཡུམ་ཡོད་པར་བཤད་ལ། གདམས་ངག་ཏུ་ཡུམ་མ་བཤད་པས་འགལ་ལོ་སྙམ་ན་མི་འགལ་ཏེ། རྒྱུན་གྱི་ཉམས་ལེན་ལ་དམིགས་པ་ཉུང་བ་དང༌། ཀྱེ་རྡོར་གྱི་ཁྲོ་བཅུའི་རྒྱ་གཞུང་ཕལ་ཆེ་བ་ནས་ཡུམ་དངོས་སུ་གསལ་པོར་མ་བཤད་པས། དེ་དང་མཐུན་པར་བྱས་པ་ཡིན་ལ། ཡུམ་དང་བཅས་པར་བསྒོམ་ནུས་ན་རྗེ་བཙུན་རིན་པོ་ཆེ་རྡོ་རྗེ་འཆང་གཉིས་པས། ཁྲོ་བཅུ་ཡུམ་དང་བཅས་པར་ཡང་གུར་རྒྱན་དུ་གསུངས་པས་འགལ་བ་མེད་དོ། །གསུམ་པ་ནི། མིའི་དབང་པོ་ཨིནྡྲ་བྷཱུ་ཏིའི་ཞབས་ཀྱི། སམྦུ་ཊའི་འགྲེལ་ཆེན་དུའང་འདི་དང་ཆ་འདྲ་བའི་ལུས་དཀྱིལ་གསུངས་ཏེ། ཇི་སྐད་དུ། འདིར་ལྟེ་བར་འདབ་མ་དྲུག་ཅུ་རྩ་བཞི་པ། སྤྲུལ་པའི་འཁོར་ལོ་ཁ་དོག་སེར་པོའོ། །དེའི་དབུས་ཀྱི་ལྟེ་བར་ཨ་འོད་ཟེར་ལྔའི་རང་བཞིན་འཕྲོ་བའོ། །སྙིང་གར་འདབ་མ་བརྒྱད་པ་ཆོས་ཀྱི་འཁོར་ལོ་ཁ་དོག་སྔོན་པོ་འཕྲོ་བའོ། །དེའི་ལྟེ་བར་ཧཱུྃ་སྔོན་པོ་ཁ་འོག་ཏུ་བསྟན་པའོ། །དེ་བཞིན་དུ་མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོ་འདབ་མ་བཅུ་དྲུག་པ་ཁ་དོག་དམར་པོ་འཕྲོ་བའོ། །དེའི་དབུས་ཀྱི་ལྟེ་བར་ཨོཾ་ཁ་དོག་དམར་པོ་ཁ་སྟེང་དུ་བསྟན་པའོ། །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་ཁ་དོག་དཀར་པོ་འཕྲོ་བའོ། །དེའི་དབུས་ཀྱི་ལྟེ་བར་མི་ཤིགས་པ་ཟླ་བའི་འོད་འཕྲོ་བ་ཁ་འོག་ཏུ་བསྟན་པའོ། །སྤྱི་གཙུག་ནམ་མཁའི་འཁོར་ལོ་འདབ་མ་ལྔ་པ་ལྗང་གུའོ། །དེའི་དབུས་ཀྱི་ལྟེ་བར་ཁཾ་གི་ས་བོན་ལྗང་སྔོན་ནོ། །དེ་བཞིན་དུ་གསང་བར་ཡེ་ཤེས་ཀྱི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་ཁ་དོག་སྣ་ཚོགས་པའོ། །དེའི་དབུས་སུ་ཧོ་དཀར་པོ་དང་དམར་པོར་སྣང་བའོ། །དེ་ལྟར་འཁོར་ལོ་དྲུག་ལ་རིམ་པ་བཞིན། རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་དང༌། རིན་ཆེན་དབང་དང༌། རྡོ་རྗེ་སེམས་དཔའ་འོ། །དེ་བཞིན་དུ་ཁམས་ཀྱི་དབྱེ་བས། སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། བདག་མེད་མའོ། །དེ་རྣམས་ཀྱི་དབུས་སུ་རྩ་གསུམ་སྟེ། ལ་ལ་ནཱ་དང༌། ར་ས་ནཱ་དང༌། ཨ་ཝ་དྷཱུ་ཏཱི་རྣམས་སོ། །ཞེས་འཁོར་ལོ་དྲུག་གི་ལུས་དཀྱིལ་གསལ་བར་བཤད་ཅིང༌། སྒྲ་ལྔ་ཡི་གེ་ལྔ་རྣམས་ཉིད། །རིགས་ནི་ལྔ་རུ་གསུངས་པ་ཡིན། །དེ་ལྟར་རྩ་ནི་ལྔ་རྣམས་ལ། །འཁོར་ལོ་རྣམ་པ་ལྔ་ནི་གནས། །རྩ་ཡི་དངོས་པོའི་རང་བཞིན་ཉིད། །ཡི་གེ་ཡི་ནི་ནང་དུ་འདུས། །རྩ་ནི་ལྔ་པོ་རེ་རེ་ལ། །འཁོར་ལོ་ལྔ་ནི་རིམ་པ་བཞིན། །འཁོར་ལོ་ལྔ་རྣམས་གནས་པ་ནི། །ཡེ་ཤེས་ལྔ་ཡི་རྣམ་དག་ཉིད། །དེ་ལྟར་བདེ་བ་བླ་མེད་པ། །འཁོར་ལོའི་རྣམ་པ་ཉིད་དུ་གནས། །ཞེས་འཁོར་ལོ་ལྔའི་ལུས་དཀྱིལ་ཀྱང་བཤད་པ་ཡིན་ནོ། །བཞི་པ་ནི། བྱང་ཆུབ་སེམས་དཔའི་རྡོ་རྗེ་སྙིང་པོའི་འགྲེལ་པར། ཕྱི་དཀྱིལ་ཧེ་རུ་ཀ་བཞི་གང་གཙོ་བོར་བསྒོམས་ཀྱང༌། འཁོར་གཽ་རཱི་ལ་སོགས་པ་བརྒྱད་ཀྱིས་བསྐོར་བའི་ལྷ་དགུ་ལས་མེད་པ་ལ། ནང་གི་ལུས་ཀྱི་དཀྱིལ་འཁོར་དུ། །སྟེང་འོག་གནས་པའི་དཔའ་བོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོའི་གཙོ། །རྩ་ནི་རྣམ་པ་བཞི་རྣམས་ཀྱིས། །སྤྱི་བོར་འཁོར་ལོ་བརྗོད་པར་བྱ། །དཔྲལ་བར་བཅུ་དྲུག་རྣམས་ཀྱིས་ཏེ། །མགྲིན་པར་སུམ་ཅུ་གཉིས་རྣམས་ཀྱིས། །སྙིང་གར་འཁོར་ལོ་བརྒྱད་རྣམས་ཀྱིས། །དྲུག་ཅུ་རྩ་བཞི་རྣམས་ཉིད་ཀྱིས། །ལྟེ་བའི་འཁོར་ལོ་ཡང་དག་བཤད། །གསང་བར་སུམ་ཅུ་གཉིས་རྣམས་ཀྱིས། །རྩ་རྣམས་འཁོར་ལོའི་རྩིབས་བཤད་པའམ། །ཡང་ན་པདྨའི་འདབ་མ་རྣམས། །རྣལ་འབྱོར་མ་རྣམས་དེ་བསྟན་པ། །བྱ་བ་རྣམ་པ་དུ་མ་བྱེད། །ཅེས་ལུས་ཀྱི་སྤྱི་གཙུག་ཏུ་རྩ་འདབ་མ་བཞི། དཔྲལ་བར་བཅུ་དྲུག མགྲིན་པར་སོ་གཉིས། སྙིང་གར་བརྒྱད། ལྟེ་བར་རེ་བཞི། གསང་གནས་སུ་སོ་གཉིས་རྣམས་བསྒོམས་ནས། དེ་དག་འཁོར་ལོའི་རྩིབས་སམ་པདྨའི་འདབ་མར་བསྒོམ་པའི་སྟེང་དུ། ལྷ་མོ་རྣམས་བསྒོམ་པར་བཤད་པ་དང༌། འཁོར་ལོ་དྲུག་ལ་ལྷ་མོ་རྣམས། །ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱའོ། །ཞེས་རྩ་འདབ་ཀྱི་ལྷ་མོའི་གྲངས་དང༌། །མཁའ་འགྲོ་མ་རྣམས་ཁམས་ལྔ་རྣམས། །འདི་རྣམས་འཁོར་ལོ་ལྔ་ལ་གནས། །དྲུག་པ་གསང་བར་བདག་པོ་ཆེ། །མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༌། །ལྷན་ཅིག་ཁམས་གསུམ་དབང་ཕྱུག་གོ །ཞེས་འཁོར་ལོའི་ལྷ་མོ་རྣམས་རང་རང་གི་དེ་བཞིན་གཤེགས་པའི་ཡུམ་གྱི་རྣམ་པར་བསྒོམ་པ་དང༌། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ནི། །ཡང་དག་རྫོགས་ལ་སྐུ་གནས་སོ། །མགྲིན་པའི་ཕྱོགས་སུ་གསུང་རྡོ་རྗེ། །ཉི་མའི་དཀྱིལ་འཁོར་གང་བ་ལའོ། །སྒྲ་གཅན་དཀྱིལ་འཁོར་དབུས་གནས་པ། །ལུས་ཅན་ཀུན་གྱི་རྣམ་ཤེས་སོ། །སྒྲ་གཅན་མཇུག་མ་ས་ལ་ནི། །རིན་ཆེན་ལེགས་གནས་ཐེ་ཚོམ་མེད། །དོན་ཡོད་དུས་མེའི་དཀྱིལ་འཁོར་ལ། །སྣ་ཚོགས་རྡོ་རྗེའི་སྟེང་ན་གནས། །འཁོར་ལོ་པདྨ་རྡོ་རྗེ་དང༌། །རིན་ཆེན་རལ་གྲི་ལྔ་པ་སྟེ། །སྐྱེས་བུའི་རྡོ་རྗེ་ནོར་བུ་དང༌། །སངས་རྒྱས་དབུ་མ་དྲུག་པར་བཤད། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི། །རིགས་དྲུག་འདི་རྣམས་སྟོབས་ཆེན་ཡིན། །ཞེས་འཁོར་ལོ་དྲུག་གི་དབུས་སུ་དེ་བཞིན་གཤེགས་པ་དྲུག་པ་སྒོམ་ཚུལ་དང༌། མིག་གཉིས་དེ་བཞིན་རྣ་བ་དག །སྣ་དག་ལྕེ་དང་འཕྱང་བའོ། །གཽ་རཱི་ལ་སོགས་ལྷ་མོ་ནི། །གཟུགས་སོགས་དང་ནི་ས་སོ་རྣམས། །ཞེས་ནང་གི་སྐྱེ་མཆེད་ལྷ་མོར་བསྒོམ་ཚུལ་དང༌། ས་ཡིས་དྲི་ནི་བསྐྱེད་བྱ་སྟེ། །རོ་ནི་མེ་ཡིས་སྨིན་ལས་འགྱུར། །ཆུ་ལས་མྱུ་གུ་ལ་སོགས་འགྱུར། །རེག་བྱ་འདི་ནི་རླུང་ལས་འགྱུར། །སྲོག་གི་རླུང་ལས་སྒྲ་འབྱུང་སྟེ། །ཐུར་སེལ་ལས་ནི་ཆོས་ཀྱི་ཁམས། །ཡིད་ཀྱི་དབང་པོ་དེ་ཉིད་ལའོ། །ཞེས་ཁམས་རྣམས་རྡོ་རྗེ་མར་བསྒོམ་ཚུལ་དང༌། གཤིན་རྗེ་མཐར་བྱེད་རུས་པ་སྐྱེད། །ཁྲག་ལས་ཤེས་རབ་མཐར་བྱེད་བཤད། །པདྨ་མཐར་བྱེད་རྩ་རྣམས་ལ། །ཤ་ལས་བགེགས་མཐར་བྱེད་པར་བཤད། །རྐང་ལས་ཀྱང་ནི་མིག་ཡོར་བརྗོད། །ཊ་ཀི་རྒྱལ་པོ་པགས་པ་ལས། །དབྱུག་པ་སྔོ་འགྱུར་བ་སྤུ་ལས། །སེན་མོ་ལས་ཀྱང་སྟོབས་པོ་ཆེ། །སྐྲ་ལས་གཙུག་ཏོར་འཁོར་ལོ་ཅན། །འོག་གི་སྐྲ་ལས་གནོད་མཛེས་རྒྱལ། །ཞེས་ཁྲོ་བོ་བཅུ་ལུས་ལ། བསྐྱེད་ཚུལ་རྣམས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་འཁོར་ལོ་ལྔ་དང༌། བཞི་དང༌། གསུམ་གྱི་ལུས་དཀྱིལ་ཡང་གསལ་བར་བཤད་དེ། དེ་ཉིད་དུ། །ཇི་ལྟར་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྒྱུད་ནི་རྒྱུད་གཞན་དུ་གསུངས་པའི་རྣམ་པས་རིགས་དྲུག་གི་དབྱེ་བས་འཁོར་ལོ་དྲུག་ཏུ་སྡོམ་པའོ། །རིགས་ལྔའི་དབྱེ་བས་འཁོར་ལོ་ལྔ་རྣམས་སུ་སྡོམ་པའོ། །རིགས་བཞིའི་དབྱེ་བས་འཁོར་ལོ་བཞི་རྣམས་སུ་སྡོམ་པའོ། །རིགས་གསུམ་གྱི་དབྱེ་བས་འཁོར་ལོ་གསུམ་རྣམས་སུ་དབྱེ་བའོ། །ཞེས་བཤད་པའི་ཕྱིར་རོ། །དེས་ན་རང་གིས་མ་མཐོང་བ་ཁོ་ན་རྒྱུ་མཚན་དུ་བྱས་ནས། གྲུབ་ཆེན་གྱི་གདམས་ངག་ཟབ་མོ་ལ་སྐུར་པ་འདེབས་པ་ནི། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བདེ་མཆོག་བསྟོད་འགྲེལ་དུ་ལུང་བསྟན་ཏེ། ཇི་སྐད་དུ། འདིར་ལོག་པའི་ཐོས་པས་མངོན་པར་ཁེངས་པ་དང་ལྡན་པ་རྣམས་ཀྱིས་སྔགས་ཀྱི་ཚུལ་ལ་མ་མཐོང་བའི་ཆོས་ཀྱི་སྐྱོན་བཟུང་བ་ལས་རྩ་བའི་ལྟུང་བར་འགྱུར་རོ། །རྩ་བའི་ལྟུང་བ་ལས་མནར་མེད་པར་འགྲོ་བར་འགྱུར་རོ་ཞེས་པའོ། །ཞེས་གསུངས་སོ། །གཉིས་པ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ལེའུ་དྲུག་ཅུ་རྩ་བདུན་པར། ཡུལ་ཉི་ཤུ་རྩ་བཞི་ནང་གི་གནས་ཉི་ཤུ་རྩ་བཞི་དང་སྦྱར་བ་བདེ་མཆོག་གི་ལུས་དཀྱིལ་ལྟ་བུ་ཡང་བཤད་ལ། ལེའུ་དྲུག་ཅུ་རྩ་གསུམ་པར། གསང་བ་འདུས་པ་ཉིད་ཀྱི་ལུས་དཀྱིལ་གསལ་བར་བཤད་དོ། །ལེའུ་བཅུ་བདུན་པར་ཀྱེ་རྡོ་རྗེའི་ལུས་དཀྱིལ་འདི་དང་ཆ་འདྲ་བར་གསུངས་ཏེ། ཇི་སྐད་དུ། འཁོར་ལོའི་གྲངས་ཀྱིས་དབྱེ་བ་ཡི། །ཇི་བཞིན་རྨད་དུ་བྱུང་བའི་མཆོག །འཁོར་ལོ་དྲུག་ལ་རྟེན་བཅུ་དྲུག །ལུས་ལ་ལྷ་ཡི་གཞལ་ཡས་ཁང༌། །རྣལ་འབྱོར་ཇི་བཞིན་གནས་ཇི་བཞིན། །ཞེས་ལུས་གཞལ་ཡས་ཁང་དུ་བསྐྱེད་ཚུལ་མདོ་ཙམ་དང༌། རླུང་གི་འཁོར་ལོ་རྟེན་པའི་རྩ། །འདབ་དྲུག་རླུང་གི་མཁའ་ལ་སྤྱོད། །འདབ་གསུམ་མེ་ཡི་འཁོར་ལོར་བཤད། །རྩ་གསུམ་གནས་ནས་རིམ་གྱིས་འཆར། །དེ་བཞིན་ལོངས་སྤྱོད་འཁོར་ལོ་ཡང༌། །རྩ་ནི་བཅུ་དྲུག་ཡང་དག་བརྗོད། །ཆོས་ཀྱི་འཁོར་ལོར་གནས་པའི་རྩ། །བརྒྱད་ནི་ཀུན་ལ་ཁྱབ་པའོ། །དེ་བཞིན་སྤྲུལ་པའི་འཁོར་ལོར་ཡང༌། །དྲུག་ཅུ་རྩ་བཞིར་འཆར་བར་བཤད། །བདེ་བ་ཆེན་པོའི་འཁོར་ལོ་ཆེར། །རྩ་ནི་སུམ་ཅུ་རྩ་གཉིས་སུ། །དེ་ལྟར་མདོར་བསྡུས་རིམ་པ་ཡང༌། །བརྒྱ་དང་སུམ་ཅུ་གཅིག་ལྷག་པ། །རྩ་རྣམས་སུ་ནི་ཡང་དག་བཤད། །ཅེས་རླུང་འཁོར་ལ་འདབ་མ་དྲུག མེ་འཁོར་ལ་གསུམ། སྤྲུལ་འཁོར་ལོ་རེ་བཞི། ཆོས་འཁོར་ལ་བརྒྱད། ལོངས་སྤྱོད་འཁོར་ལོ་ལ་བཅུ་དྲུག བདེ་ཆེན་འཁོར་ལོ་ལ་སོ་གཉིས་«་་་་་རའདིར་གོང་གི་བརྒྱ་སོ་གཅིག་མ་འགྲིགས་པར་དཔྱད་»རྣམས་རྩའི་མིང་དང་བཅས་པ་བཤད་ནས། ཕུང་པོ་ལྔ་ཡི་བདག་ཉིད་ལུས། །མཁའ་འགྲོ་ལྔར་ནི་རབ་ཏུ་གྲགས། །དེ་ཉིད་འབྱུང་བ་ལྔ་ཡི་ནི། །ཡེ་ཤེས་ལྔར་ནི་རྣམ་པར་གནས། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །རྩ་ཡི་འཁོར་ལོར་ཤེས་པར་བྱ། །ཇི་ལྟར་ཆུ་ཡི་དབུས་ཀྱི་ཤིང༌། །མྱུར་དུ་ཡང་ནི་འཕེལ་ནས་འགྲོ། །དེ་ལས་འབྲས་བུ་སོགས་ལྡན་པ། །སྟེར་བར་འདི་ལ་ཐེ་ཚོམ་མེད། །དེ་བཞིན་ཕུང་པོའི་ཤིང་ཞེས་བྱ། །རྩ་ཡི་ཆུ་ཡིས་འཕེལ་ནས་ནི། །འཕེལ་བས་ཡང་དག་འབྲས་བུ་ནི། །ཐམས་ཅད་མཁྱེན་པ་ཉིད་སྟེར་བྱེད། །ལྷ་ཡི་རྣམ་པའི་ངོ་བོ་ཡིས། །རྩ་རྣམས་རང་བཞིན་སྒོམ་པར་བྱེད། །ཅེས་སོ། །དེ་ལ་ཚིག་རྐང་དང་པོ་གཉིས་ཀྱི་དོན་ནི། འཁོར་ལོ་ལྔའི་དབུས་སུ་མཁའ་འགྲོ་ལྔ་བསྒོམ་པ་དང༌། ཚིག་རྐང་ཕྱི་མ་གཉིས་ཀྱིས་རྩ་འདབ་རྣམས་ལ་ལྷ་མོ་བརྒྱ་དང་སུམ་ཅུ་སོ་གཅིག་དགོད་པར་བསྟན་ཏེ། རྒྱས་པར་སློབ་དཔོན་ཨ་ལཾ་ཀ་ཀ་ལ་ཤའི་འགྲེལ་པར་ཤེས་སོ། །ཡན་ལག་གི་ལྷ་བསྐྱེད་ཚུལ་ཡང༌། ལེའུ་དེ་ཉིད་ལས། ལུས་ཀྱི་གཞལ་ཡས་ཁང་དུ་ཡང༌། །དེ་ཉིད་ཀྱི་ནི་ནང་བཞུགས་པ། །དེ་བཞིན་གཤེགས་དང་ལྷ་མོ་དང༌། །གཟུགས་ལ་སོགས་དང་སངས་རྒྱས་སྲས། །ཁྲོ་བོ་བཅུ་ཞེས་བྱ་བ་ནི། །དེ་ཉིད་མཆོག་ནི་ཡང་དག་བཞུགས། །ཞེས་ཀྱེ་རྡོར་ལུས་དཀྱིལ་དང་ཆ་འདྲ་བའི་ལུས་དཀྱིལ་གསལ་བར་གསུངས་པ་ཡིན་ནོ། །དེས་ན་རྒྱུད་དང་ཚད་ལྡན་གྱི་རྒྱ་གཞུང་རྣམས་ལས་དངོས་སུ་བཤད་ཅིང་དོན་ཐོབ་ལ་ཡོད་བཞིན་དུ་དེ་ལས་བཟློག་སྟེ་སྨྲ་བ་ནི། མངོན་སུམ་ལ་བསྙོན་པ་ཁོ་ནར་ཟད་ལ། ཐུན་བཞིའི་རྣལ་འབྱོར་བསྒོམ་པར་འདོད་པའི་གང་ཟག་རྣམས་ཉམས་ལེན་ལ་ལྷོད་པར་འགྱུར་བ་སོགས་བསོད་ནམས་ཀྱི་བར་ཆད་མང་དུ་བྱེད་པས་དགག་བྱ་ཆེ་ལ་དགོས་པ་ཆུང་བའི་གྲུབ་མཐའ་འདི་ལྟ་བུ་ལྟ་བའི་སྙིགས་མ་ཁོ་ནར་རིགས་པར་བྱའོ། །དེ་བས་ན་བློ་གྲོས་ཅན་བདག་ལེགས་སུ་འདོད་པ་རྣམས། ས་དྲུག་གི་དབང་ཕྱུག་དཔལ་བིརྺ་པ་ནས་དེང་དུས་ཀྱི་རྡོ་རྗེ་སློབ་དཔོན་རྣམས་ཀྱི་བར་དུ་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་དང་དབང་ལེན་པའི་བརྒྱུད་པ་ཆུ་བོའི་རྒྱུན་ལྟར་བར་མ་ཆད་ཅིང༌། ཚད་མ་བཞིས་གྲུབ་པའི་གདམས་ངག་འདི་ལྟ་བུ་ལ་ཐུན་བཞིའི་རྣལ་འབྱོར་གྱིས་ཉམས་ལེན་ལ་བརྩོན་པར་གྱིས་ཤིག་དང༌། སྔོན་གྱི་གྲུབ་པའི་སློབ་དཔོན་རྣམས་ཇི་ལྟར་ཐབས་འདིས་མངོན་པར་བྱང་ཆུབ་པ་དེ་བཞིན་དུ། བདག་ཉིད་ཀྱང་རྡོ་རྗེ་འཆང་ཆེན་པོས་བཅུ་གསུམ་གྱི་གོ་འཕང་ཐོབ་པར་འགྱུར་རོ།།  །།རྒྱལ་བས་བསྔགས་གཞུང་ཇི་སྙེད་གསུང་རྣམས་ལས། །ཟབ་ཅིང་རྟོགས་དཀའ་ལྷན་ཅིག་སྐྱེས་པའི་དོན། །གསལ་བར་སྟོན་པ་ཀྱེ་རྡོར་མཆོག་གོ་ཞེས། །བདེ་གཤེགས་ཉིད་དང་འཕགས་ཡུལ་མཁས་རྣམས་སྒྲོགས། །གཞུང་དེའི་སྙིང་པོ་སྨིན་བྱེད་སྔོན་སོང་ནས། །རྣམ་དག་དམ་ཚིག་སྡོམ་བཟང་དང་ལྡན་པས། །ཐུན་བཞིར་རིམ་གཉིས་རྣལ་འབྱོར་བསྒོམ་པ་ལས། །ཚེ་འདིར་སངས་རྒྱས་འགྲུབ་པའི་ལམ་དེར་ངེས། །རྫོགས་རིམ་བདེ་བའི་ཡེ་ཤེས་བསྐྱེད་པ་ལ། །རྩ་རླུང་རྒྱལ་བས་བྱིན་གྱིས་བརླབས་པ་དགོས། །དེ་ཉིད་སྒྲུབ་ལ་ལུས་ཀྱི་དཀྱིལ་འཁོར་ལས། །གཞན་པའི་མྱུར་ལམ་ཟབ་མོ་ཡོད་མ་ཡིན། །དེ་ཕྱིར་རྒྱུད་དང་འཕགས་ཡུལ་གཞུང་མང་དང༌། །བོད་ཡུལ་མཁས་ཤིང་གྲུབ་པའི་དབང་ཕྱུག་གིས། །རྒྱ་ཆེར་བསྔགས་ཤིང་གཏན་ལ་ཕབ་པ་དང༌། །ཐུན་བཞིར་ཉམས་སུ་ལེན་པའང་འདི་ལ་དགོངས། །དེང་དུས་མི་མཁས་དེད་དཔོན་འགའ་ཞིག་གིས། །ནོར་བུ་སྤངས་ཏེ་མཆིང་བུ་ལེན་པ་ལྟར། །སྡང་ཞེན་དབང་གིས་མན་ངག་མཆོག་དོར་ནས། །སྣ་ཚོགས་སྦུན་པའི་ཉེས་བཤད་སྨྲ་བ་མཐོང༌། །ལོག་པའི་ལྟ་ངན་དེ་དག་གཞོམ་པ་དང༌། །གཟུར་གནས་མཁས་གཞན་དགེས་པ་བསྐྱེད་པ་དང༌། །ཐུབ་དབང་བསྟན་པའི་པད་ཚལ་རྒྱས་ཕྱིར་དུ། །ལེགས་བཤད་ཉིན་མོར་བྱེད་འདི་ཁོ་བོས་བསྒྲུབས། །ཡོངས་འཛིན་མཁས་པའི་ཚོགས་ཀྱིས་རྗེས་བཟུང་ཞིང༌། །རྡོ་རྗེ་ཐེག་པའི་གཞུང་རྒྱ་མཐོང་བ་དང༌། །རིང་དུ་སྦྱངས་པའི་བློ་གྲོས་མི་དམན་ཕྱིར། །ལེགས་བཤད་འདི་ལ་བློ་ལྡན་སུ་ཞིག་རྒོལ། །གང་གིས་རྣོ་བའི་མཚོན་ཆ་མ་བཟུང་ཞིང༌། །སྲ་བའི་གོ་ཆ་ལུས་ལ་བཏགས་མིན་ཀྱང༌། །སྐྱོན་མེད་ལུང་དང་རིགས་པའི་དཔུང་ཚོགས་ཀྱིས། །ཕྱིར་རྒོལ་ཕམ་པར་བྱས་པ་མིན་ནམ་ཅི། །དེ་ལྟར་བཤད་འདི་བློ་གྲོས་ལུས་རྒྱས་ཤིང༌། །ཐོས་བསམ་བཞིན་མཛེས་སྒོམ་པའི་མིག་ཡངས་ཅན། །མདོ་དང་སྔགས་ཀྱི་གཞུང་ལ་རབ་སྦྱངས་པ། །སྡེ་སྣོད་འཛིན་པ་མང་པོས་བསྐུལ་བའི་ངོར། །བྱ་སྤྱོད་རྣལ་འབྱོར་རྒྱུད་དང་བླ་མེད་ཀྱི། །སྔགས་གཞུང་རྒྱ་མཚོའི་ཕ་རོལ་མཐར་སོན་ཅིང༌། །མང་ཐོས་དོན་ལ་བརྟེན་པའི་བློ་གྲོས་ཅན། །ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར། །འདིར་འབད་དགེ་བ་ལེགས་བཤད་མེ་འོད་དེས། །ཉེས་བཤད་མུན་པའི་ཚང་ཚིང་ཀུན་བསྲེགས་ནས། །ཟབ་ཡངས་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་དང༌། །ཚུལ་བཞིན་འཆད་པའི་སྣང་བ་རྒྱས་གྱུར་ཅིག །མ་ལུས་འགྲོ་ལ་ཕན་བདེ་འབྱུང་བའི་སྒོ། །སྟོན་པའི་བསྟན་པ་ཡུན་དུ་གནས་པ་དང༌། །བྱེ་བྲག་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞིའི། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་གྱུར་ཅིག །བདག་ཀྱང་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཚུལ་ཁྲིམས་དག་ཅིང་རིག་པའི་གནས་ལ་མཁས། །བསམ་གཏན་ལྷུར་ལེན་འགྲོ་ལ་ཕན་སེམས་ལྡན། །གཅིག་ཏུ་བསྟན་པའི་བྱ་བ་ལྷུར་ལེན་ཤོག །དཔལ་ཀྱེ་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཟབ་མོ་ལ་རྟོག་བཏགས་དང༌། མུན་སྤྲུལ་དུ་འདོད་པའི་ཤེས་བྱེད་ལྟར་སྣང་རྣམས་བཀག་ནས་ཡང་དག་པའི་ལུང་དང་རིག་པས་མན་ངག་མཆོག་ཏུ་སྒྲུབ་པའི་བསྟན་བཅོས་སྨྲ་བ་ངན་འཇོམས་ཞེས་བྱ་བ་འདི་ནི། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་བདེ་བར་གཤེགས་པའི་རིང་ལུགས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་རྗེ་བཙུན་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པས། སྔགས་གཞུང་རབ་འབྱམས་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་རྒྱས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་ཟིལ་གནོན་གྱི་ལོ་སངས་རྒྱས་དབང་བསྐུར་བའི་ཟླ་བའི་ཡར་ཚེས་གསུམ་ལ་མཁས་པའི་ཆོས་གྲྭ་དཔལ་ས་སྐྱ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་སུ་ལེགས་པར་སྦྱར་བའོ། །འདིས་བདུད་དང་ཕྱིར་རྒོལ་བ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར་ཅིག།  །། ༄། །དཔལ་ཀྱེ་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལ་རྩོད་པ་སྤོང་བ་ལྟ་བ་ངན་སེལ་བཞུགས་སོ།།  ༈ །དཔལ་ཀྱེ་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལ་རྩོད་པ་སྤོང་བ་ལྟ་བ་ངན་སེལ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །གང་གི་མཁྱེན་པའི་ཉི་འོད་ཀྱིས། །ལྟ་ངན་མུན་པ་ཀུན་བསལ་ནས། །ལམ་བཟང་སྣང་བ་རྒྱས་མཛད་པ། །ཡེ་ཤེས་རྒྱལ་མཚན་བླ་མ་རྒྱལ། །སྐུ་བཞིའི་ངོ་བོ་ཁྱབ་བདག་འཁོར་ལོའི་མགོན། །ལམ་བཞིའི་ཡེ་ཤེས་བདེ་སྟོང་དྲྭ་བ་སྡོམ། །དབང་བཞིའི་སར་བཞུགས་གྲུབ་པའི་དབང་ཕྱུག་རྣམས། །རིགས་བཞིའི་འགྲོ་ལ་རྟག་ཏུ་དགེ་ལེགས་མཛོད། །རྡོ་རྗེ་བཙུན་མོས་རྗེས་བཟུང་སྙན་བརྒྱུད་བཞིས། །བྱིན་རླབས་དྲུག་པའི་ས་བརྙེས་རྣམ་འཕྲུལ་བརྒྱས། །བླ་མེད་རྡོ་རྗེ་ཐེག་པ་ཕྱོགས་ཀུན་ཏུ། །གསལ་མཛད་མཐུ་སྟོབས་མགོན་པོ་ལ་ཕྱག་འཚལ། །ཟབ་ཡངས་རྒྱུད་སྡེའི་རྒྱ་མཚོར་གནས་བཅས་ཤིང༌། །དངོས་གྲུབ་རིན་ཆེན་གླིང་ལ་དབང་འབྱོར་ཐོབ། །སྲིད་ཞི་འདབ་བཟང་སྟོང་གིས་མ་ཕམ་པ། །ཀླུ་དབང་བརྩེ་བ་ཆེན་པོ་རྒྱལ་གྱུར་ཅིག །གསུང་རབ་མཁའ་ལ་མཁྱེན་པའི་འོད་སྟོང་ཅན། །ལོག་སྨྲ་མུན་པའི་དྲྭ་བ་མཐར་བྱེད་ཅིང༌། །ཐུབ་བསྟན་པདྨོའི་ཚལ་བརྒྱ་ལེགས་འབྱེད་པ། །བསོད་ནམས་ཉིན་མོའི་རྩེ་མོས་རྟག་ཏུ་སྐྱོངས། །མ་ནོར་རིམ་གཉིས་རྟོགས་པའི་ཆ་ཤས་རྫོགས། །ཟབ་ལམ་རྡོ་རྗེ་ཐེག་པའི་བསིལ་ཟེར་རྒྱས། །སྐལ་བཟང་ཀུནྡ་འཕེལ་བའི་དཔལ་ཡོན་ཅན། །གྲགས་དཀར་ཟླ་བའི་རྒྱལ་མཚན་གུས་པས་མཆོད། །རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་བསྡུས་པ། །ས་འཛིན་ལྔ་པའི་རྩེ་ན་འཇམ་པའི་དབྱངས། །ཁ་བ་ཅན་ན་ས་སྐྱ་པཎ་ཆེན་ཞེས། །གྲགས་པའི་གདུགས་དཀར་འཛིན་པ་དེ་ལ་འདུད། །ཆོས་རབ་འབྱེད་པའི་བློ་གྲོས་རྒྱ་ཆེ་བས། །གངས་ཅན་བསྟན་འཛིན་ཀུན་གྱི་གཙུག་རྒྱན་མཆོག །ཆོས་རྒྱལ་འགྲོ་བའི་བླ་མ་སྐྱེ་དགུའི་གཉེན། །བློ་གྲོས་ཆེན་པོ་འཕགས་པའི་ཞབས་ལ་འདུད། །མཐུ་སྟོབས་དབང་ཕྱུག་གསུང་གི་སྙིང་པོ་མཆོག །སྐྱོན་མེད་ལུང་རིག་མན་ངག་གིས་གྲུབ་པ། །ས་སྐྱའི་རྗེ་བཙུན་མཆོག་གིས་བཤད་པ་ལ། །འཁྲུལ་པར་སྣང་བའི་དྲི་ཙམ་ག་ལ་ཡོད། །དེ་ལྟ་ན་ཡང་ཐོག་མེད་འཁོར་བ་ནས། །ངན་རྟོག་མང་པོའི་བག་ཆགས་གོམས་པ་དང༌། །ཚེ་འདིར་རྡོ་རྗེ་ཐེག་ལ་མ་སྦྱངས་པས། །རྟོག་གེ་འགའ་ལ་ལྟ་ངན་འདི་ལྟར་ཤར། །དེ་དག་བཟློག་ཕྱིར་གྲུབ་ཆེན་མན་ངག་དང༌། །དཔྱད་པ་གསུམ་གྱིས་དག་པའི་ལུང་དོན་རྣམས། །རྣམ་དག་རིགས་པས་བསྒྲུབས་ནས་འདིར་བཤད་ཀྱིས། །ཕྱོགས་འཛིན་སྤོངས་ལ་གཟུ་བོའི་བློ་ཡིས་ཉོན། །འདི་ལ་གཉིས། རྩོད་པའི་ངག་དགོད་པ། རྩོད་པ་དེ་སྤང་བ་དངོས་སོ། །དང་པོ་ནི། རྡོ་རྗེ་ཐེག་པའི་སྡེ་སྣོད་ལ་སྦྱངས་པ་ཡུན་རིང་དུ་མ་བྱས་པའི་རྟོག་གེ་པ་དག འདི་སྐད་འཛེར་ཏེ། ཇི་སྐད་དུ། བོད་དག་གིས་མ་རྒྱུད་ཀྱི་ལུས་དཀྱིལ་མང་པོར། སྤྱི་བོ་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབས་ལོགས་རྡོ་རྗེའི་རྭ་བ། པགས་པ་རྡོ་རྗེའི་གུར་དང་བླ་རེ། བ་སྤུ་མདའི་དྲྭ་བ། སེན་མོ་མེ་རི་རབ་ཏུ་འབར་བ། ཞེས་པ་དང༌། སྙིང་གའི་རྩ་བཞི་པོ་སྒོ་བཞི། མིག་པཉྩ་རེ་ཁའི་རྩིག་པ། སྣ་རིན་ཆེན་ཕ་གུ། སོ་དྲྭ་བ་དྲྭ་ཕྱེད། ལྕེ་དང་མཆུ་འདོད་པའི་ཡོན་ཏན། ཞེས་སོགས་བྲིས་པ་ལ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས། སྡོམ་པ་བཤད་པར། གོ་རིམ་བཞིན་དུ་ལུས་སྐྱེས་ནས། །རྡོ་རྗེ་ཕུར་བུ་ལྷན་ཅིག་སྐྱེས། །བཅིངས་པ་ཐིག་སྐུད་རབ་ཏུ་ལྡན། །ཤིན་ཏུ་མཚམས་མེད་བརྟན་པར་བཅིངས། །གུར་ནི་རུས་པའི་ཕྲེང་བ་ཉིད། །ཅེས་པ་ཙམ་མ་གཏོགས་རྒྱ་གཞུང་གང་ནའང་དེ་འདྲ་བ་བཤད་པ་མི་འདུག་གོ །ཞེས་གསུངས་པ་ནི་ཤིན་ཏུ་མེད་དེ། ལུས་གཞལ་ཡས་ཁང་དུ་བསྐྱེད་ཚུལ་དེ་འདྲ་བ་དང༌། ཕྱིའི་དཀྱིལ་འཁོར་ལྷ་དགུ་ལས་མེད་པ་ལ། ལུས་དཀྱིལ་གྱི་ལྷ་བརྒྱ་ལྔ་བཅུ་རྩ་བདུན་ལ་སོགས་པ་བཀོད་ཅིང༌། ལུས་དཀྱིལ་གྱི་ལྷའི་ནང་ན་ཕྱི་དཀྱིལ་ལ་དགོད་པ་དང་ཐུན་མོང་གི་ལྷ་གཅིག་ཀྱང་མེད་པ་སོགས། རྒྱུད་དང་རྒྱ་གཞུང་ཚད་ལྡན་གང་ནས་ཀྱང་མ་བཤད་ཅིང་དོན་ཐོབ་ལའང་མེད་ཀྱང་ལུས་དཀྱིལ་དང༌། ལུས་ལ་ལྷ་དགོད་པ་ཙམ་གྱི་ཁྱད་པར་མ་ཕྱེད་པའི་བློས་བརྟགས་ལ། མན་ངག་མཆོག་ཏུ་མིང་བཏགས་པའི་མུན་སྤྲུལ་དུ་མ་ཞིག བོད་ཀྱི་ལུས་དཀྱིལ་སྒྲུབ་ཚུལ་རྣམས་ལ་སྣང་སྟེ། འདིར་དགག་སྒྲུབ་རྒྱས་པར་མ་སྤྲོས་སོ། །ཞེས་བྱ་བ་བྲིས་སོ། །གཉིས་པ་ལ་གསུམ། རྟེན་གྱི་ལུས་དཀྱིལ་ལ་རྩོད་པ་སྤོང་བ། བརྟེན་པ་ལུས་དཀྱིལ་ལ་རྩོད་པ་སྤོང་བ། རྒྱུད་རྒྱ་གཞུང་ལས་མ་བཤད་པའི་རྩོད་པ་སྤོང་བའོ། །དང་པོ་ནི། ལུས་གཞལ་ཡས་ཁང་དུ་བསྐྱེད་ཚུལ་ཀྱེ་རྡོར་དུ་བཤད་པ་རྣམས། བུ་སྟོན་ཐམས་ཅད་མཁྱེན་པས་བཀག་གོ་ཞེས་འདོད་པ་ཡང༌། རྣམ་པར་མ་བརྟགས་པ་སྟེ། དེ་ཉིད་ཀྱིས་མཛད་པའི་རྣལ་འབྱོར་མ་ཀུན་སྤྱོད་དང༌། ནག་པོ་པའི་སྒྲུབ་ཐབས་ཀྱི་འགྲེལ་པར། ཁ་ཅིག སྤྱི་བོ་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབས་ལོགས་རྡོ་རྗེའི་རྭ་བ། པགས་པ་རྡོ་རྗེའི་གུར་དང་བླ་རེ། བ་སྤུ་མདའི་དྲྭ་བ། སྐྲ་དང་སེན་མོ་ཡེ་ཤེས་ཀྱི་མེ་འབར་བ་སྟེ་སྲུང་འཁོར་རོ། མིག་པཉྩ་རེ་ཁ། སྣ་རིན་ཆེན་ཕ་གུ། ལྕེ་དང་མཆུ་འདོད་ཡོན་ཀྱི་སྣམ་བུ། སོ་དྲྭ་བ་དྲྭ་ཕྱེད། རྣ་བ་རྟ་བབས། ཞེས་གསུངས་པ་ནི། སྡོམ་པ་བཤད་པར་གོ་རིམ་བཞིན་དུ་ལུས་སྐྱེས་ནི། རྡོ་རྗེ་ཕུར་བུ་ལྷན་ཅིག་སྐྱེས། །བཅིངས་པ་ཐིག་སྐུད་རབ་ཏུ་ལྡན། །ཤིན་ཏུ་མཚམས་མེད་བརྟན་པར་བཅིངས། །གུར་ནི་རུས་པའི་ཕྲེང་བ་ཉིད། །ཅེས་པ་ཙམ་མ་གཏོགས་གཞན་བདེ་མཆོག་གི་ཆོས་སྐོར་གང་ནའང་འདུག་པ་མ་མཐོང་ངོ༌། །ཞེས་བདེ་མཆོག་གི་སྐོར་ནས་མ་བཤད་ཅེས་བྲིས་ཀྱི། རྒྱ་གཞུང་གང་ནའང་དེ་འདྲ་བ་མ་བཤད་ཅེས་གང་དུ་ཡང་མ་བྲིས་པས། འདི་ལྟ་བུའི་མངོན་སུམ་ལ་རྫུན་དུ་སྨྲ་བ་མི་མཛད་དུ་གསོལ། དེས་ན། བུ་སྟོན་ཐམས་ཅད་མཁྱེན་པས། བདེ་མཆོག་གི་སྐབས་སུ་དེ་ལྟར་འདོད་པ་ལ་དགག་པ་མཛད་པ་ཡིན་ཀྱང༌། དོན་ལ་གནས་པའི་སྐྱོན་མེད་དེ། །སྲུང་འཁོར་ལུས་ལ་བསྐྱེད་ཚུལ་ནི། །སྔར་དྲངས་པའི་སྡོམ་པ་བཤད་པར། །གུར་ནི་རུས་པའི་ཕྲེང་བ་ཉིད། །ཅེས་ལུས་ཀྱི་རུས་པའི་ཕྲེང་བ་འབྲེལ་པ་རྣམས་ནི་རྡོ་རྗེའི་གུར་དུ་བཤད་ལ། གུར་གྱི་དོན་ནི་རྡོ་རྗེའི་ས་གཞི་ལ་སོགས་པ་སྲུང་འཁོར་ཐུན་མོང་བ་སྤྱིའི་མིང་ཡིན་ཏེ། སློབ་དཔོན་ཨ་བྷ་ཡཱ་ཀ་རས། ས་འོག་གི་མཐར་ཐུག་པ་ཇི་ལྟར་མངོན་པར་འདོད་པའི་རྒྱར་གཅིག་ཏུ་སྲ་ཞིང་མཁྲེགས་ལ། འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི་བསྐལ་པའི་མཐའི་མེ་ལྟར་འབར་བའི་ཕྲེང་བས་མཚམས་བཅིངས་པ་དང༌། ས་འོག་ནས་སྟེང་གི་བར་ཤིན་ཏུ་མཐོ་བ། མཐུག་ཅིང་མཁྲེགས་པ། སྲ་ཞིང་འབར་བའི་རྡོ་རྗེའི་རྭ་བ་དང༌། རྡོ་རྗེའི་རྭ་བའི་སྟེང་དུ་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་ཅིང༌། སྟེང་རྡོ་རྗེའི་མདའི་དྲྭ་བ་དང་འོག་ཏུ་རྡོ་རྗེའི་བླ་རེས་བརྒྱན་པའི་རྡོ་རྗེའི་གུར་འབར་བའོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །དེས་ན། ལུས་ཀྱི་སྤྱི་བོའི་རུས་པ་སྣ་ཚོགས་རྡོ་རྗེ། རྐང་མཐིལ་གྱི་རུས་པ་རྣམས་རྡོ་རྗེའི་ས་གཞི། རྩིབས་རུས་རྡོ་རྗེའི་གུར་ལ་སོགས་པ་ལུང་འདིས་བསྙོན་མེད་པ་འགྲུབ་པ་ཡིན་ནོ། །གཞལ་ཡས་ཁང་ལུས་ལ་བསྐྱེད་ཚུལ་ཡང༌། དཔལ་སམྦུ་ཊའི་བརྟག་པ་དྲུག་པའི་གསུམ་པར། ལུས་ནི་དཀྱིལ་འཁོར་ཉམས་དགའ་བར། །སྒོ་བཞིར་ཇི་སྐད་གསུངས་པའོ། །རང་གི་ཡན་ལག་བརྒྱད་བྱུང་བས། །ཀ་བ་དེ་ཡིས་བསྐོར་ནས་གནས། །དངོས་པོ་ཀུན་གྱིས་མཉམ་པའི་ཕྱིར། །གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་ངོ་བོས་ནི། །འཁོར་ལོ་གསུམ་ནི་གཅིག་ཏུ་གསུང༌། །རི་ནི་མགོ་བོའི་ཟེ་འབྲུ་ལ། །ཇི་ལྟར་རྩོམ་ཆེན་ལ་སོགས་རིམ། །བླ་མའི་དུས་ཐབས་རིམ་ཉིད་ཀྱིས། །དེ་ནི་རྫོགས་པར་དཀྱིལ་འཁོར་གནས། །ཞེས་གསུངས་ལ། དེའི་དོན། ལུས་མི་མཉམ་པ་མེད་པ་གཞལ་ཡས་ཁང་གྲུ་བཞི་སོགས་དངོས་སུ་བཤད་པ་དང༌། དངོས་སུ་མ་བཤད་ཀྱང་དོན་ལ་ཐོབ་པ་རྣམས་བླ་མ་བརྒྱུད་པའི་མན་ངག་ལས་ཇི་ལྟར་འབྱུང་བ་བཞིན་ཁ་བསྐངས་ནས་བསྒོམ་དགོས་པར་བཤད་ལ། དེ་ཇི་ལྟར་ཁ་བསྐང་ཚུལ་བླ་མ་བརྒྱུད་པ་སོ་སོའི་མན་ངག་གིས་མི་འདྲ་བ་དུ་མ་ཡོད་ཀྱང་རྗེ་བཙུན་ས་སྐྱ་པའི་བླ་མ་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་བཞེད་པ་འདི། སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས་ཀྱེ་རྡོ་རྗེའི་གཞུང་དུ་བཤད་པ་བཞིན། བདེ་མཆོག་གི་སྐབས་སུའང་ཁ་བསྐངས་པ་ཡིན་པས་འདི་ལ་འགལ་བ་ཅི་ཡོད། གལ་ཏེ་བདེ་མཆོག་གི་གཞུང་དུ་མ་བཤད་པ། ཀྱེ་རྡོ་རྗེ་ནས་ཁ་བསྐང་དུ་མི་རུང་ངོ་སྙམ་ན། དེ་ལྟར་ན་ཁྱེད་རང་གིས་བདེ་མཆོག་གི་ལུས་དཀྱིལ་གྱི་སྐབས་ཐམས་ཅད་དུ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ནས་བཤད་པ་ལྟར། ལུས་ནི་གཞལ་ཡས་ཁང་དུ་འགྱུར། །སངས་རྒྱས་ཀུན་གྱི་ཡང་དག་བརྟེན། །ཟུར་བཞི་པ་ནི་མདུན་རྒྱབ་དང༌། །གཡས་དང་གཡོན་གྱི་དབྱེ་བས་སོ། །སྟེང་འོག་སྒོ་ཡི་དབྱེ་བ་ཡིས། །སྒོ་བཞི་ཞེས་ནི་བཤད་པ་ཡིན། །སྣ་ཡི་རྩེ་མོའི་དབྱིབས་ཀྱིས་ནི། །རྟ་བབས་བཞིར་ནི་བརྗོད་པ་བྱ། །དྲྭ་བ་སྒྱུ་མར་ཡང་དག་བཤད། །རྒྱུས་པར་གྱུར་པ་དྲྭ་བ་ཕྱེད། །ཆ་ནི་ཟླ་བ་ཕྱེད་པ་དང༌། །བུམ་པར་ལྟོ་བ་ཡང་དག་བཤད། །རྗེ་ངར་བརླ་དཔུང་ལག་ངར་ནི། །ཀ་བ་བརྒྱད་དུ་རྣམ་པར་བཤད། །མིག་གི་རྣམ་ཤེས་མེ་ལོང་སོགས། །སྒྲ་ཡི་རྣམ་ཤེས་བ་དན་དང༌། །སྣ་ཡི་རྣམ་ཤེས་མེ་ཏོག་ཕྲེང༌། །རིན་ཆེན་ཕ་གུ་ལྕེ་རྣམ་ཤེས། །ལུས་ཀྱི་རྣམ་ཤེས་དར་འཕེན་དང༌། །ཡིད་ཀྱི་རྣམ་ཤེས་རི་དྭགས་སོ། །མིག་ནི་འཁོར་ལོའི་མཚན་མ་དང༌། །རྣ་བ་ཀུན་ནས་རྡོ་རྗེ་རྣམས། །སྣ་ནི་བ་དན་དུ་ནི་བཤད། །ལྕེ་ནི་དྲིལ་བུ་རུ་ནི་གསུང༌། །རྔ་ཡབ་ལ་སོགས་རྣམ་དག་པ། །ལུས་ཀྱི་ཚོགས་ཞེས་བྱ་བར་བཤད། །ཡིད་ནི་དབུས་ཀྱི་པདྨར་གསུང༌། །རྣམ་རྟོག་རླུང་ནི་ཡང་དག་རྟེན། །ཡེ་ཤེས་ལྔ་ནི་རྣམ་དག་པ། །རེ་ཁཱ་ལྔ་ནི་ཡང་དག་བརྗོད། །ཕུང་པོ་ལྔ་ནི་ཡང་དག་ལྔ། །རྣམ་དག་ཁ་དོག་ལྔར་ནི་དབྱེ། །དེ་དག་གཞལ་ཡས་ཁང་དུ་བསྒོམ། །ཞེས་པ་ཅི་རིགས་པས་ཁ་བསྐང་ལ་གསལ་གདབ། ཅེས་བྲིས་པ་ཡང་མི་འཐད་པར་འགྱུར་ཏེ། བདེ་མཆོག་གི་གཞུང་དུ་དངོས་སུ་མ་བཤད་པ། གསང་འདུས་ཀྱི་བཤད་རྒྱུད་ནས་ཁ་བསྐངས་པའི་ཕྱིར་རོ། །བདེ་མཆོག་ལུས་དཀྱིལ་གྱི་སྐབས་སུ་བཤད་རྒྱུད་རྡོ་རྗེ་ཕྲེང་བས་ཁ་བསྐང་བ་ཡང་མི་འཐད་དེ། བདེ་མཆོག་གི་སྐབས་སུ་ནི། ལུས་འདོམ་གང་གྲུ་བཞི་མཉམ་པ་གཞལ་ཡས་ཁང་གྲུ་བཞི་ཡིན་པར་སྔར་གྱི་སམྦུ་ཊའི་ལུང་གིས་ཤེས་ཤིང༌། འགྲེལ་པ་མན་ངག་གི་སྙེ་མར། དངོས་པོ་ཀུན་གྱིས་ནི་ཆུ་དང་ཞེང་དུའོ་ཞེས་སོགས་པའི་དོན་ཏོ། །ཞེས་དང༌། གྲུབ་ཆེན་དྷ་རི་ཀ་པས། ཆུ་ཞེང་ཀུན་ཏུ་མཉམ་པ་ཡི། །གྲུ་བཞི་པར་ནི་རབ་ཏུ་གྲགས། །ཞེས་གསུངས་ལ། རྒྱུད་རྡོར་ཕྲེང་དུ། ལུས་ཀྱི་གཡས་གཡོན་དང་མདུན་རྒྱབ་བཞི། གཞལ་ཡས་ཁང་གྲུ་བཞིར་གསུངས་པའི་ཕྱིར་དང༌། བདེ་མཆོག་ཏུ། འབྱུང་བཞིའི་རླུང་སྒོ་བཞིར་བཤད་དེ། གྲུབ་ཆེན་དྲིལ་བུ་ཞབས་ཀྱིས། ལུས་ནི་མཉམ་པ་སྒོ་བཞི་རླུང༌། །རྒྱན་རྣམས་རབ་མཛེས་ཧེ་རུ་ཀའི། །ལུས་ནི་དཀྱིལ་འཁོར་དུ་འདོད་དོ། །ཅེས་གསུངས་ལ། རྒྱུད་རྡོར་ཕྲེང་དུ། ཁ་དང་སྣ་བུག་གཡས་གཡོན་འོག་སྒོ་སྟེ། སྟེང་འོག་གི་སྒོ་བཞི་དཀྱིལ་འཁོར་གྱི་སྒོ་བཞིར་བཤད་པའི་ཕྱིར་རོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར། བདེ་མཆོག་གི་སྐབས་སུ་རྒྱུད་རྡོར་ཕྲེང་གིས་ཁ་བསྐང་བ་མི་འཐད་པར་གྲུབ་ལ། མ་རྒྱུད་ནང་མཐུན་པའི་ཕྱིར། ཀྱེ་རྡོར་གྱི་ཆོས་སྐོར་ནས་ཁ་བསྐང་བ་ཤིན་ཏུ་འཐད་པར་གྲུབ་པ་ཡིན་ནོ། །ལུང་ལས་ཇི་ལྟར་གསུང་ཚུལ་ཡང་འོག་ནས་རྒྱས་པར་འཆད་པར་འགྱུར་རོ། །གཉིས་པ་བརྟེན་པ་ལུས་དཀྱིལ་ལ་རྩོད་པ་སྤོང་བ་ལ་གསུམ། ཕྱི་དཀྱིལ་དང་ལུས་དཀྱིལ་ལྷ་གྲངས་མི་མཐུན་པའི་རྩོད་པ་སྤོང་བ། ཕྱི་ནང་ཐུན་མོང་བའི་ལྷ་མེད་པའི་རྩོད་པ་སྤོང་བ། ལུས་དཀྱིལ་དང་ལུས་ལ་ལྷ་འགོད་པའི་ཁྱད་པར་མ་བྱེད་པའི་རྩོད་པ་སྤོང་བའོ། །དང་པོ་ནི། ཁྱེད་ཀྱིས་ཕྱིའི་དཀྱིལ་འཁོར་ལ་ལྷ་དགུ་ལས་མེད་པ་ལ་ལུས་དཀྱིལ་གྱི་ལྷ་བརྒྱ་ལྔ་བཅུ་རྩ་བདུན་ལ་སོགས་པ་བཀོད་ཅིང༌། ཞེས་བྲིས་པ་ཡང༌། རྡོ་རྗེ་ཐེག་པའི་གཞུང་ལུགས་རྒྱ་ཆེན་པོ་མ་མཐོང་བཞིན་དུ། སྤྱི་བརྟོལ་གྱི་སྨྲ་བ་ཙམ་དུ་ཟད་དེ། འདི་འཁྲུལ་པར་བསྟན་པ་ལ་གསུམ། རྣལ་འབྱོར་བླ་མེད་སྤྱི་དང་འགལ་བ། ཀྱེ་རྡོ་རྗེའི་གཞུང་དང་འགལ་བ། རང་གི་ཁས་བླངས་དང་འགལ་བའོ། །དང་པོ་ནི། ཕྱི་དཀྱིལ་གྱི་ལྷ་གྲངས་པས་ནང་དཀྱིལ་མང་བ་མི་རུང་ན། གྲུབ་ཆེན་དྷ་རི་ཀ་པའི། བདེ་མཆོག་ལྷ་ལྔ་དང༌། བཅུ་གསུམ་མའི་སྒྲུབ་ཐབས་ཀྱང་མི་འཐད་པར་འགྱུར་ཏེ། ཕྱི་དཀྱིལ་ལ་ལྷ་ལྔ་དང་བཅུ་གསུམ་ལས་མེད་པ་ལ། ནང་དཀྱིལ་ལ་ལྷ་དྲུག་ཅུ་རྩ་གཉིས་བཤད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། སྒྲུབ་ཐབས་དེ་ཁོ་ན་ཉིད་བསྡུས་པ་ལས། ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་གི་སྙིང་པོ་ལ། བཅོམ་ལྡན་འདས་སྐུ་མདོག་སྔོན་པོ་ཤིན་ཏུ་ཁྲོས་པ་དང༌། ཆགས་པ་དང༌། ཞི་བ་དང༌། མཉམ་པའི་ཞལ་སྔོན་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། སེར་པོ་མངའ་བ། ཞེས་པ་ནས། རྡོ་རྗེ་ཕག་མོ་ནི་སྐུ་མདོག་དམར་མོ། ཞལ་གཙིགས་པ་ཁྲག་ལ་དགྱེས་པ། གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་གིས་འཁྱུད་པ། ལྷན་ཅིག་སྐྱེས་པའི་བདེ་བས་དགྱེས་པ། ཕྱག་རྒྱ་ལྔ་དང་ཐོད་པའི་ཕྲེང་བས་བརྒྱན་པར་གནས་པའོ། །ཤར་དུ་མཁའ་འགྲོ་མ་ནག་མོ་དང༌། བྱང་དུ་ལཱ་མ་ལྗང་གུ་དང༌། ནུབ་ཏུ་དུམ་སྐྱེས་མ་དམར་མོ་དང༌། ལྷོར་གཟུགས་ཅན་མ་སེར་མོ་དང༌། མཚམས་སུ་བུམ་པ་པདྨའི་སྣོད་དང་ལྡན་པ། དྲི་ཆེན་དང༌། དྲི་ཆུ་དང༌། རང་བྱུང་དང༌། ཀླད་པ་དང༌། ཁུ་བས་གང་བའོ། །དེ་ལྟར་ལྔའི་བདག་ཉིད་དམ། ཞེས་ཕྱི་དཀྱིལ་ལ་ལྷ་ལྔ་གསལ་བར་གསུངས་ཤིང༌། བསྡུས་པའི་རྣལ་འབྱོར་ཕྱི་ནང་གི་འཁོར་ལོ་གཉིས་བསྒོམ་པར་བྱ་སྟེ། ཁྭ་གདོང་ནག་མོ་དང༌། འུག་གདོང་ལྗང་གུ་དང༌། ཁྱི་གདོང་དམར་མོ་དང༌། ཕག་གདོང་སེར་མོ་དང༌། གཤིན་རྗེ་བརྟན་མ་དང༌། གཤིན་རྗེ་འཇོམས་མ་དང༌། གཤིན་རྗེ་ཕོ་ཉ་མོ་དང༌། གཤིན་རྗེ་མཆེ་བ་མ་རྣམས་གཟུགས་གཉིས་མའི་རང་བཞིན་ཅན་ཏེ། ཞལ་གཅིག་མ། ཕྱག་བཞི་མ། གྲི་གུག་དང༌། ཐོད་པ་དང༌། ཌཱ་མ་རུ་དང༌། ཁ་ཊྭཱཾ་ག་བསྣམས་པ། ཞབས་གཡས་བརྐྱངས་པས་རོ་མནན་པ་ཕྱག་རྒྱ་ལྔས་བརྒྱན་པ། མི་མགོའི་དོ་ཤལ་ཅན་སྒེག་པའི་ཞལ་དང་འཇིགས་སུ་རུང་བར་གནས་པའོ། །དེ་ལྟར་སྤྲུལ་པའི་སྐུའི་བསྒོམ་པ་ལ་གནས་ཏེ། ལོངས་སྤྱོད་རྫོགས་པའི་ཆོ་ག་རྫོགས་པར་བྱ་བར་གསུངས་པ། ཧེ་རུ་ཀ་ལ་སོགས་པའི་ལྷ། རྩ་ཡི་གཟུགས་ཀྱིས་ཡང་དག་གནས། །ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བའི། །ཞེས་པ་ནས། མཚོག་མ་པུལླི་ར་མཱ་ལར། །མི་ཕྱེད་རྩ་ནི་སོ་སེན་འབབ། །རབ་གཏུམ་ཐོད་པའི་དུམ་བུ་ཉིད། །སྤྱི་གཙུག་ཛ་ལནྡྷ་རར་ནི། །སྐྲ་འབབ་དེ་ནི་ཕྲ་གཟུགས་མ། །ཞེས་སོགས་ཀྱིས་གནས་ཉེར་བཞིར། འཁོར་ལོ་གསུམ་གྱི་ལྷ་དགོད་པ་བསྟན་ནས། སྐུ་སྟེ་ས་འོག་སྤྱོད་པ་མ། །མཁའ་འགྲོ་དཔའ་མོར་ཤེས་པར་བྱ། །ལྟེ་བ་སྙིང་གའི་རྩ་བཞི་ནི། །འབྱུང་ལྔའི་རླུང་དང་བདུད་རྩི་འབབ། །བདེ་ཆེན་དགུ་ཡི་བདག་ཉིད་བསམ། །ཕྱག་བརྒྱད་དམ་ནི་སྒོ་བརྒྱད་དུ། །ལས་ཀྱི་རླུང་ངམ་བྱེད་བདག་གིས། །ཁྭ་གདོང་གཤིན་རྗེ་མ་སོགས་བརྒྱད། །མེ་ལོང་ནང་གི་གཟུགས་བཞིན་དུ། །རང་གི་ཆ་ལུགས་བརྒྱན་པའི་ཚུལ། །རོ་ཡི་གདན་ལ་ལེགས་པར་དགོད། །ཅེས་པའི་བར་གྱིས་ཕྱི་དཀྱིལ་ལྷ་བཅུ་གསུམ་དང༌། ལྔ་མ་ལ་ནང་དཀྱིལ་ལྷ་དྲུག་ཅུ་རྩ་གཉིས་རྫོགས་པར་བཤད་པའི་ཕྱིར་རོ། །གཞན་ཡང༌། སློབ་དཔོན་ཨ་བྷ་ཡས། ཀྱེ་རྡོ་རྗེ་ལྷ་དགུ། བདག་མེད་མ་ལྷ་མོ་བཅོ་ལྔ། ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ། སངས་རྒྱས་མཉམ་སྦྱོར་ལྷ་ཉི་ཤུ་རྩ་གཅིག རྡོ་རྗེ་བདུད་རྩི་ལྷ་དགུ་རྣམས་ལ། ནང་དཀྱིལ་ལ་ལྷ་ཉི་ཤུ་རྩ་བཞི་དང་རྩ་དགུ་བཀོད་པ་རྣམས་ཀྱང་མི་འཐད་པར་འགྱུར་ཏེ། ཕྱི་ནང་གི་ལྷ་གྲངས་མ་མཐུན་པའི་ཕྱིར་རོ། །རྟགས་གྲུབ་སྟེ། སྙེ་མ་ཉེར་གཉིས་པར། འདིར་མ་ལ་ཡ་ལ་སོགས་པའི་གནས་བརྒྱད་རྣམས་ནི་ཐུགས་ཀྱི་འཁོར་ལོ། ཀཱ་མ་རཱུ་པ་ལ་སོགས་པ་བརྒྱད་རྣམས་གསུང་གི་འཁོར་ལོའོ། །ཡི་དྭགས་གནས་པ་ལ་སོགས་པ་བརྒྱད་རྣམས་སྐུའི་འཁོར་ལོའོ། །འཁོར་ལོ་འདི་རྣམས་སུ་གང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རྡོ་རྗེ་དྲག་མོ་ལ་སོགས་པའི་ལྷ་མོ་རྣམས་དང༌། གང་ཡང་རིག་པའི་རྒྱལ་པོའི་དཀྱིལ་འཁོར་དུ་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་དང༌། གང་ཡང་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དང་བདག་མེད་མའི་དཀྱིལ་འཁོར་དུ་གཽ་རཱི་ལ་སོགས་པ་རྣམས་དང༌། གང་ཡང་ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་དུ་སེང་གེ་མ་ལ་སོགས་པ་རྣམས་དང༌། གང་ཡང་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲྭ་བ་སྡོམ་པར། སྡོམ་པ་མོ་དང༌། ཀཱི་ལི་ཀཱི་ལ་ལ་སོགས་པ་རྣམས་དང༌། གང་ཡང་རྡོ་རྗེ་བདུད་རྩིར་ཟླ་བའི་རི་མོ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཐམས་ཅད་ཉི་ཤུ་རྩ་བཞིའི་རང་བཞིན་དུ་གནས་མ་རྣམས་སོ། །གང་སྤྱན་མ་ལ་སོགས་པ་རྣམས་དང༌། མཁའ་འགྲོ་མ་ལ་སོགས་པ་དང༌། རྡོ་རྗེ་མ་ལ་སོགས་པ་དང༌། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཏེ། དེ་རྣམས་ནི་སུམ་སྐོར་མ་ལ་སོགས་པ་ཉི་ཤུ་རྩ་བཞིའི་རང་བཞིན་ནོ། །རྐྱང་མ་དང༌། རོ་མ་དང༌། ཀུན་འདར་མ་རྣམས་ནི། རྡོ་རྗེ་སྙེམས་མ་དང༌། ཕག་མོ་དང༌། བདག་མེད་མ་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མའི་རང་བཞིན་རྣམས་སོ། །ཡང་ན་འདིས་ཅི་སྟེ། གདུལ་བྱའི་བསམ་པའི་དབང་ལས་ལྷ་མོའི་ཁྱད་པར་རྣམ་པར་གཞག་པ་ལས་གང་ཅི་ཡང་རུང༌། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་སུ་རྡོ་རྗེ་ལྷ་མོ་གསུངས་པ་དཔག་ཏུ་མེད་པ་དེ་རྣམས་ཐམས་ཅད་ཀྱང་སོ་སོ་འཁོར་ལོ་དང་བཅས་པའི་རྩ་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་རྣམས་སུ་ཤེས་པར་བྱའོ། །ཞེས་བཤད་པའི་ཕྱིར་རོ། །ཀྱེ་དགེ་སྦྱོང་དག ལུས་འདིའི་དོན་ལ་ཞིབ་ཏུ་དཔྱོད་ཅིག་དང༌། ཁྱེད་ཀྱི་བློ་གྲོས་ཀྱི་མཚང་དེ་གདོད་རྟོགས་པར་འགྱུར་རོ། །སྐྱོན་གཞན་ཡང༌། བདེ་མཆོག་སྡོམ་འབྱུང་གི་སྒྲུབ་ཐབས་ཀྱང་མི་འཐད་པར་འགྱུར་ཏེ། ཕྱི་དཀྱིལ་ལ་ལྷ་བཅུ་གསུམ་ལས་མེད་པ་ལ་ནང་དཀྱིལ་ལ་ལྷ་དྲུག་ཅུ་རྩ་གཉིས་བཀོད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། སྡོམ་པ་འབྱུང་བའི་རྒྱུད་ཀྱི་ལེའུ་བཅུ་གསུམ་པར་ཕྱི་དཀྱིལ་ལྷ་བཅུ་གསུམ་ཁོ་ན་བཤད་ནས། ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །བདེ་བ་ཆེན་པོའི་འཁོར་ལོ་སྦྱར། །ཉི་ཤུ་རྩ་བཞིའི་རྩ་རྣམས་ཀྱི། །ཁམས་ནི་ལུས་ཀྱི་མཛེས་བྱེད་དེ། །ཉི་ཤུ་རྩ་བཞིའི་གནས་དག་གིས། །ལུས་ནི་སྡུད་ཅིང་འཛིན་པ་ཡིན། །དེ་ལྟར་གོང་བུའི་རང་བཞིན་པའོ། །འདི་དེ་སངས་རྒྱས་ཀུན་དང་མཚུངས། །ཞེས་དང༌། དེའི་འགྲེལ་པར། ཆོས་དང་ཞེས་པ་ལ་སོགས་པ་ནས། ཆོས་ལ་སོགས་པའི་འཁོར་ལོ་རྣམས་ལ་མཁའ་འགྲོ་མ་ལ་སོགས་པ་བསྒོམ་ཞིང༌། ཞལ་དང་སྣ་བུག་གཡོན་པ་དང༌། བཤང་བའི་སྒོ་དང༌། སྣ་བུག་གཡས་པ་རྣམས་ལ་ཁྭ་གདོང་མ་ལ་སོགས་པ་རྣམས་དང༌། རྣ་བ་གཡས་པ་དང༌། གཡས་མིན་དང༌། མིག་གཡས་པ་དང་གཡས་མིན་རྣམས་ལ་གཤིན་རྗེ་བརྟན་མ་ལ་སོགས་པ་རྣམས་བཅུག་སྟེ། སྤྱི་བོ་ལ་སོགས་པ་རྣམས་ལ་སྔར་བཞིན་རྩ་ཉི་ཤུ་རྩ་བཞི་དང༌། དེ་དང་སྙོམས་པར་ཞུགས་པའི་སོ་དང་སེན་མོ་ལ་སོགས་པའི་ཁམས་ཀྱང་ངེས་པར་བྱ་ཞིང༌། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་གསང་གནས་དང༌། དེའི་སྙོམས་པར་འཇུག་པ་ཡང་བླ་མའི་གདམས་ངག་ལས་ཤེས་པར་བྱས་ལ། བདག་ཉིད་དང་སྣ་ཚོགས་པ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་བལྟས་ཏེ། ཇི་ལྟར་བདེ་བར་རྣམ་པར་དཔྱད་པར་བྱའོ། །ཞེས་པའོ། །དེ་དག་ཉིད་ཉེ་བར་སྡུད་པ་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་གསུངས་པའི་ལུས་ཀྱི་རང་བཞིན་ནི་དཔའ་བོ་སྟེ་སངས་རྒྱས་ཐམས་ཅད་དང་མཚུངས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཕྱི་དཀྱིལ་ལ་ལྷ་དགུ་ལས་མེད་པ་ལ། ནང་དཀྱིལ་ལ་ལྷ་བརྒྱ་ལྔ་བཅུ་རྩ་བདུན་ལ་སོགས་པ་བཀོད་པ་མི་འཐད་ན། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་བཤད་པའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱང་མི་འཐད་པར་འགྱུར་ཏེ། ཕྱི་དཀྱིལ་ལ་ལྷ་དགུ་ལས་མེད་པ་ལ། ནང་དཀྱིལ་ལ་ལྷ་བརྒྱ་ལྔ་བཅུ་རྩ་དྲུག་སོགས་བཀོད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། རྡོ་རྗེ་སྙིང་འགྲེལ་དུ་ཕྱི་དཀྱིལ་ཧེ་རུ་ཀ་བཞི་གང་གཙོ་བོར་བསྒོམ་ཡང༌། འཁོར་གཽ་རཱི་ལ་སོགས་པ་བརྒྱད་ཀྱིས་བསྐོར་བའི་ལྷ་དགུ་ལས་མེད་པ་ལ། ནང་ལུས་ཀྱི་དཀྱིལ་འཁོར་དུ། །སྟེང་འོག་གནས་པའི་དཔའ་བོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོའི་གཙོ། །རྩ་ནི་རྣམ་པ་བཞི་རྣམས་ཀྱིས། །སྤྱི་བོར་འཁོར་ལོ་བརྗོད་པར་བྱ། །དཔྲལ་བར་བཅུ་དྲུག་རྣམས་ཀྱིས་ཏེ། །མགྲིན་པར་སུམ་ཅུ་གཉིས་རྣམས་ཀྱིས། །སྙིང་གར་འཁོར་ལོ་བརྒྱད་རྣམས་ཀྱིས། །དྲུག་ཅུ་རྩ་བཞི་རྣམས་ཉིད་ཀྱིས། །ལྟེ་བའི་འཁོར་ལོར་ཡང་དག་བཤད། །གསང་བར་སུམ་ཅུ་རྩ་གཉིས་རྣམས་ཀྱིས། །རྩ་རྣམས་འཁོར་ལོའི་རྩིབས་བཤད་པའམ། །ཡང་ན་པདྨའི་འདབ་མ་རྣམས། །རྣལ་འབྱོར་མ་རྣམས་དེ་བསྟན་པ། །བྱ་བ་རྣམ་པ་དུ་མ་བྱེད། །ཅེས་ལུས་ཀྱི་སྤྱི་གཙུག་ཏུ་རྩ་འདབ་མ་བཞི། དཔྲལ་བར་བཅུ་དྲུག མགྲིན་པར་སོ་གཉིས། སྙིང་གར་བརྒྱད། ལྟེ་བར་རེ་བཞི། གསང་གནས་སུ་སོ་གཉིས་རྣམས་བསྒོམས་ནས། དེ་དག་འཁོར་ལོའི་རྩིབས་སམ། པདྨའི་འདབ་མར་བསྒོམས་པའི་སྟེང་དུ་ལྷ་མོ་རྣམས་བསྒོམ་པར་བཤད་པ་དང༌། འཁོར་ལོ་དྲུག་ལ་ལྷ་མོ་རྣམས་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱའོ། །ཞེས་རྩ་འདབ་ཀྱི་ལྷ་མོའི་གྲངས་དང༌། མཁའ་འགྲོ་མ་རྣམས་ཁམས་ལྔ་རྣམས། །འདི་རྣམས་འཁོར་ལོ་ལྔ་ལ་གནས། །དྲུག་པ་གསང་བ་བདག་པོ་ཆེ། །མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༌། །ལྷན་ཅིག་ཁམས་གསུམ་དབང་ཕྱུག་གོ །ཞེས་འཁོར་ལོའི་ལྷ་མོ་རྣམས་རང་རང་གི་དེ་བཞིན་གཤེགས་པའི་ཡུམ་གྱི་རྣམ་པར་བསྒོམ་པ་དང༌། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ནི། །ཡང་དག་རྫོགས་ལ་སྐུ་གནས་སོ། །མགྲིན་པའི་ཕྱོགས་སུ་གསུང་རྡོ་རྗེ། །ཉི་མའི་དཀྱིལ་འཁོར་གང་བ་ལའོ། །སྒྲ་གཅན་དཀྱིལ་འཁོར་དབུས་གནས་པ། །ལུས་ཅན་ཀུན་གྱི་རྣམ་ཤེས་སོ། །སྒྲ་གཅན་མཇུག་མ་ས་ལ་ནི། །རིན་ཆེན་ལེགས་གནས་ཐེ་ཚོམ་མེད། །དོན་ཡོད་དུས་མེའི་དཀྱིལ་འཁོར་ལ། །སྣ་ཚོགས་རྡོ་རྗེའི་སྟེང་ན་གནས། །འཁོར་ལོ་པདྨ་རྡོ་རྗེ་དང༌། །རིན་ཆེན་རལ་གྲི་ལྔ་པ་སྟེ། །སྐྱེས་བུའི་རྡོ་རྗེ་ནོར་བུ་དང༌། །སངས་རྒྱས་དབུ་ལ་དྲུག་པར་བཤད། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི། །རིགས་དྲུག་འདི་རྣམས་སྟོབས་ཆེན་ཡིན། །ཞེས་འཁོར་ལོ་དྲུག་གི་དབུས་སུ་དེ་བཞིན་གཤེགས་པ་དྲུག་བསྒོམ་ཚུལ་དང༌། མིག་གཉིས་དེ་བཞིན་རྣ་བ་དག །སྣ་དག་ལྕེ་དང་འཕྱང་བའོ། །གཽ་རཱི་ལ་སོགས་ལྷ་མོ་ནི། །གཟུགས་སོགས་དང་ནི་ས་སོགས་རྣམས། །ཞེས་ནང་གི་སྐྱེ་མཆེད་ལྷ་མོར་བསྒོམ་ཚུལ་དང༌། ས་ཡིས་དྲི་ནི་བསྐྱེད་བྱ་སྟེ། །རོ་ནི་མེ་ཡིས་སྨིན་ལས་འགྱུར། །ཆུ་ལས་མྱུ་གུ་ལ་སོགས་འགྱུར། །རེག་བྱ་འདི་ནི་རླུང་ལས་འགྱུར། །སྲོག་གི་རླུང་ལས་སྒྲ་འབྱུང་སྟེ། །ཐུར་སེལ་ལ་ནི་ཆོས་ཀྱི་ཁམས། །ཡིད་ཀྱི་དབང་པོ་དེ་ཉིད་ལའོ། །ཞེས་ཁམས་རྣམས་རྡོ་རྗེ་མར་བསྒོམ་ཚུལ་དང༌། གཤིན་རྗེ་མཐར་བྱེད་རུས་པས་བསྐྱེད། །ཁྲག་ལ་ཤེས་རབ་མཐར་བྱེད་བཤད། །པདྨ་མཐར་བྱེད་རྩ་རྣམས་ལ། །ཤ་ལས་བགེགས་མཐར་བྱེད་པར་བཤད། །རྐང་ལས་ཀྱང་ནི་མི་གཡོར་བརྗོད། །ཊཀྐིའི་རྒྱལ་པོ་པགས་པ་ལས། །དབྱུག་པ་སྔོ་འགྱུར་བ་སྤུ་ལས། །སེན་མོ་ལས་ཀྱང་སྟོབས་པོ་ཆེ། །སྐྲ་ལས་གཙུག་ཏོར་འཁོར་ལོ་ཅན། །འོག་གི་སྐྲ་ལས་གནོད་མཛེས་རྒྱལ། །ཞེས་ཁྲོ་བོ་བཅུ་ལུས་ལ་བསྐྱེད་ཚུལ་རྣམས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་རོ། །གལ་ཏེ་འདིར་འཁོར་ལོ་དྲུག་གི་ལུས་དཀྱིལ་བཤད་ལ། ལམ་འབྲས་ཀྱི་གདམས་ངག་ཏུ་འཁོར་ལོ་ལྔའི་ལུས་དཀྱིལ་ལས་མ་བཤད་པས་འགལ་ལོ་སྙམ་ན། མི་འགལ་ཏེ་དེ་ཉིད་དུ། ཇི་ལྟར་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྒྱུད་ནི་རྒྱུད་གཞན་དུ་གསུངས་པའི་རྣམ་པས་རིགས་དྲུག་གིས་དབྱེ་བས་འཁོར་ལོ་དྲུག་ཏུ་སྡོམ་པའོ། །རིགས་ལྔའི་དབྱེ་བས་འཁོར་ལོ་ལྔ་རྣམས་སུ་སྡོམ་པའོ། །རིགས་བཞིའི་དབྱེ་བས་འཁོར་ལོ་བཞི་རྣམས་སུ་སྡོམ་པའོ། །རིགས་གསུམ་གྱི་དབྱེ་བས་འཁོར་ལོ་གསུམ་རྣམས་སུ་དབྱེ་བའོ། །ཞེས་པ་ངེས་པའོ། །ཞེས་འཁོར་ལོ་ལྔའི་ལུས་དཀྱིལ་ཡང་གསལ་བར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཕྱི་ནང་གི་དཀྱིལ་འཁོར་ལྷ་གྲངས་མི་མཐུན་པ་སྐྱོན་དུ་འདོད་པ་ནི། རང་གི་ཁས་ཅི་བླངས་མ་དྲན་པར་ཅི་རུང་རུང་དུ་སྨྲ་བའི་བབ་ཅོལ་ཏེ། དེ་ལྟར་ན། ཁྱེད་རང་གི་གསང་འདུས་འཕགས་ལུགས་ཀྱི་སྒྲུབ་ཐབས་ཀྱི་ཊཱི་ཀ་དེའང་མི་འཐད་པར་འགྱུར་ཏེ། ཕྱི་དཀྱིལ་ལ་ལྷ་སོ་གཉིས་ལས་མེད་པ་ལས། ནང་དཀྱིལ་ལ་ལྷ་བཞི་བཅུ་ཞེ་དགུ་བཀོད་པའི་ཕྱིར་རོ། །རྟགས་ཁྱེད་རང་གིས་ཁས་བླངས་ཏེ། དོན་ཡོད་གྲུབ་པ་བརླ་རྩ་གཉིས་དང༌། ས་སྙིང་མིག་གཉིས་དང༌། ཕྱག་རྡོར་རྣ་བ་གཉིས་དང༌། གཟུགས་རྡོ་རྗེ་མ་མིག་གི་སྒོ་གཉིས་དང༌། སྒྲ་རྡོ་རྗེ་མ་རྣ་བའི་སྒོ་གཉིས་དང༌། ཀུན་བཟང་ཚིགས་བཅུ་གཉིས་དང༌། གནོད་མཛེས་རྐང་མཐིལ་གཉིས་ལ་བཀོད་པ་རྒྱུ་མཚན་དང་བཅས་ཏེ་བྲིས་པ་དེ། དེ་དྲན་པར་གྱིས་ཤིག གཉིས་པ་ཕྱི་ནང་ཐུན་མོང་བའི་ལྷ་མེད་པའི་རྩོད་པ་སྤོང་བ་ནི། ལུས་དཀྱིལ་གྱི་ལྷའི་ནང་ན་ཕྱི་དཀྱིལ་ལ་དགོད་པ་དང་ཐུན་མོང་གི་ལྷ་གཅིག་ཀྱང་མེད་པས་ནོར་ཞེས་པ་ཡང་མ་མཐོང་བཞིན་དུ་སྡང་སྨྲས་བྱེད་པ་ཁོ་ན་ཟད་དེ། འདི་མི་རིགས་པར་བསྟན་པ་ལ་གསུམ། རྣལ་འབྱོར་བླ་མེད་སྤྱི་དང་འགལ་བ། ཀྱེ་རྡོ་རྗེའི་གཞུང་དང་འགལ་བ། རང་གིས་ཁས་ལེན་པའི་གྲུབ་མཐའ་དང་འགལ་བའོ། །དང་པོ་ནི། དེ་ལྟར་ན། བདེ་མཆོག་མངོན་བརྗོད་བླ་མར་གསུངས་པའི་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཡང་ནོར་བར་འགྱུར་ཏེ། ཕྱི་ནང་ཐུན་མོང་བའི་ལྷ་མེད་པའི་ཕྱིར་རོ། རྟགས་གྲུབ་སྟེ། རྒྱུད་དེའི་ལེའུ་ཉི་ཤུ་རྩ་དྲུག་པར། ཨཱ་ལི་ཀཱ་ལི་ལས་རང་བྱུང༌། །གཉིས་མེད་མཆོག་ཏུ་ཞི་བ་སྟེ། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །འཛམ་བུའི་མདོག་ཅན་མཉམ་པར་ཁྱབ། །ཅེས་པ་ནས། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །གཡས་པས་མི་འཇིགས་ཕྱག་རྒྱ་ཅན། །ཞེས་སོགས་ཀྱིས། གཞལ་ཡས་ཁང་གི་ནང་པདྨ་འདབ་བརྒྱད་ཀྱི་ལྟེ་བར་འཇིགས་བྱེད་དང་དུས་མཚན་གྱི་གདན་ལ། དཔལ་བདེ་མཆོག་སངས་རྒྱས་ཐོད་པ་སེར་པོ་ཞལ་གཅིག ཕྱག་གཉིས་པ། གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང༌། གཡོན་ཐོད་པ་འཛིན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཅན་གྱིས་གཙོ་བོ་བསྐྱེད་ཚུལ་དང༌། མཁའ་འགྲོ་མ་དང་ལཱ་མ་དང༌། །དུམ་སྐྱེས་མ་དང་གཟུགས་ཅན་མ། །པདྨའིཕྱོགས་ཀྱི་གནས་ལ་དགོད། །ཐོད་པ་བཞི་པོ་མཆོག་ཡིན་ཏེ། །མཁའ་འགྲོ་མ་ནི་ཁ་དོག་སེར། །ལཱ་མ་པ་ལཱ་ཤ་ཡི་མདོག །དུམ་སྐྱེས་མ་ནི་སྔོན་པོ་སྟེ། །གཟུགས་ཅན་མ་ནི་དམར་ལ་འབར། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །གཡས་པ་མི་འཇིགས་མཆོག་ཡིན་ཏེ། །སྒོ་རྣམས་སུ་ནི་ལྷ་མོ་བཞི། །ཁྭ་གདོང་ལ་སོགས་མཁའ་འགྲོ་མ། །སྔོ་དང་སེར་དང་དེ་བཞིན་དམར། །ལྗང་གུ་དག་པའི་གཟུགས་ཅན་ནོ། །མཚམས་སུ་གཤིན་རྗེ་བརྟན་མ་སོགས། །རབ་འཇིགས་ཤིན་ཏུ་འཇིགས་པ་སྟེ། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །མི་འཇིགས་མཆོག་ཀྱང་དེ་བཞིན་ཏེ། །ཅང་ཏེའུ་དང་ནི་གྲི་གུག་འཛིན། །བདུད་ནི་བཞི་པོའི་སྟེང་ན་བཞུགས། །ཞེས་འཁོར་བཅུ་གཉིས་བསྐྱེད་ཚུལ་དང༌། ཐུགས་ཀྱི་འཁོར་ལོ་སྙིང་ག་རུ། །ཧེ་རུ་ཀ་ནི་རྣམ་པར་བསྒོམ། གསུང་གི་འཁོར་ལོ་ཁ་ལ་བསྒོམ། །སྐུ་ཡི་འཁོར་ལོ་སྔ་མ་བཞིན། །སྔོ་དང་དམར་དང་དཀར་བ་དང༌། །ཕྱག་དྲུག་པ་ལ་ཞལ་གསུམ་པ། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །སྤྱན་གསུམ་པ་ལ་བཞིན་རྣམས་བསྒྱུར། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །རྩེ་གསུམ་པ་དང་ཐོད་པ་འཆང༌། །རང་རིགས་ལུས་དང་ཡང་དག་ལྡན། །བདེ་བ་ཆེན་པོའི་གོ་འཕང་གནས། །ཞེས་གཙོ་བོའི་ལུས་ཀྱི་སྙིང་གར་ཐུགས་འཁོར་གྱི་ལྷ་བརྒྱད་སྔོན་པོ། །མགྲིན་པར་གསུང་འཁོར་གྱི་ལྷ་བརྒྱད་དམར་པོ། སྤྱི་བོའི་འཁོར་ལོ་རྩ་འཁོར་གྱི་ལྷ་བརྒྱད་དཀར་པོ་རྣམས་དགོད་པར་བཤད་པ་དང༌། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཕྱི་དང་ནང་གི་ཆོས་རྣམས་ཀུན། །བྱང་ཆུབ་ཕྱོགས་ཀྱི་རྣམ་པར་དག །ཅེས་ཕྱི་དཀྱིལ་ལྷ་བཅུ་གསུམ་དང༌། ནང་དཀྱིལ་ཉེར་བཞི་པོ་གཉིས་ཆར་བསྡོམས་ནས། བྱང་ཕྱོགས་སོ་བདུན་དང་སྦྱར་བའི་དག་པ་གསུངས་པའི་ཕྱིར་རོ། །ཀྱེ་དགེ་སྦྱོང་དག རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གསུང་རབ་འདི་ལ་ཡང༌། ལུས་དཀྱིལ་གྱི་ལྷའི་ནང་ན། ཕྱི་དཀྱིལ་ལ་བཀོད་པ་དང་ཐུན་མོང་གི་ལྷ་གཅིག་ཀྱང་མེད་པས་མུན་སྤྲུལ་ཡིན་ནོ་ཞེས། ཐན་སྐད་ཀྱི་ང་རོ་ཆེན་པོ་སྒྲོག་པར་བྱེད་དམ། དེ་ལྟ་ན་ནི་ཁྱེད་ཀྱི་ལུས་ཀྱི་ནང་ན་རྣམ་པར་ཤེས་པ་མི་གནས་པའམ། གལ་ཏེ་གནས་ན་དྲན་པ་མྱོས་སམ། འབྱུང་པོས་ཟིན་ཏམ། མུ་སྟེགས་བྱེད་ཀྱི་གྲུབ་མཐའ་ལ་ཞུགས་སམ། གསུམ་པོ་གང་ཡང་རུང་བ་ཞིག་ལས་གཞན་དུ་མ་འདས་པ་ཉིད་དོ། །སྐྱོན་གཞན་ཡང༌། མངོན་བརྗོད་བླ་མར་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་གསུངས་པ་དེ་ཡང་ནོར་བར་འགྱུར་ཏེ། ཕྱི་ནང་ཐུན་མོང་བའི་ལྷ་གཅིག་ཀྱང་མེད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། རྒྱུད་དེ་ཉིད་ཀྱི་ལེའུ་ཉི་ཤུ་རྩ་བདུན་པར། ཨ་ཡི་ཡེ་ཤེས་ལས་བྱུང་བའི། །རྡོ་རྗེ་སེམས་དཔའི་བདེ་བ་ཆེ། །ཞལ་གསུམ་ཕྱག་དྲུག་ཞི་བ་སྟེ། །ཞེས་སོགས་ཀྱིས་གཞལ་ཡས་ཁང་གི་ནང་པདྨ་འདབ་བརྒྱད་ཀྱི་ལྟེ་བར་གཙོ་བོར་རྡོ་རྗེ་སེམས་དཔའ་དང༌། འདབ་མ་བཞི་ལ། ལྀ་ལས་ལྷ་མོ་སྤྱན་ཡིན་ཏེ། །རྀ་ལས་དམ་ཚིག་སྒྲོལ་མ་ཡིན། །ལཱྀ་ལས་ལྷ་མོ་གོས་དཀར་མོ། །རཱྀ་ལས་རིན་ཆེན་ཡང་དག་འབྱུང༌། །ཞེས་ཡུམ་བཞི་དང༌། ཟུར་ལ་མཆོད་པ་རྣམ་པ་བཞི། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །སྤྱན་གསུམ་ཐོད་པའི་ཕྲེང་བ་ཅན། །མེ་ལོང་དང་ནི་པི་ཝང་མ། །དྲི་དང་དུང་དང་བཅུད་ཀྱིས་ལེན། །ཆང་གི་བཏུང་བས་ལས་ལ་མཆོད། །ཅེས་ཕྱི་དཀྱིལ་ལྷ་དགུ་གསུངས་ནས། དེའི་གཙོ་བོ་ལ་ལུས་དཀྱིལ་དགོད་པ་ནི། ཡེ་ཤེས་སེམས་དཔའི་སྙིང་ག་རུ། །འཁོར་ལོ་གསུམ་གྱི་མཆོག་ཀྱང་བསྒོམ། །ཧཱུྃ་ལས་ཐུགས་ཀྱི་འཁོར་ལོ་སྟེ། །དེ་ཡི་ཕྱག་མཚན་སྔོ་བ་དང༌། །ཨ་ལས་གསུང་གི་འཁོར་ལོ་སྟེ། །དེ་ཡི་ཕྱག་མཚན་དམར་པོའོ། །ཨོཾ་ལས་སྐུ་ཡི་འཁོར་ལོ་སྟེ། །དེ་ཡི་ཕྱག་མཚན་དཀར་པོ་ཡིན། །དཔའ་བོ་རྣལ་འབྱོར་མ་དང་མཉམ། །སྐུ་གསུང་ཐུགས་ནི་དྲི་མ་མེད། །ཅེས་འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་ཉེར་བཞི་དགོད་པར་གསུངས་ལ། ཕྱི་དཀྱིལ་གྱི་ལྷ་དགུ་པོ་ལུས་ལ་བཀོད་པ་མ་བཤད་པའི་ཕྱིར་རོ། །ཀྱེ་དགེ་སྦྱོང་དག ཁྱོད་ནི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བདེ་མཆོག་བསྟོད་འགྲེལ་དུ་ལུང་བསྟན་སྟེ། ཇི་སྐད་དུ། འདིར་ལོག་པའི་ཐོས་པས་མངོན་པར་ཁེངས་པ་དང་ལྡན་པ་རྣམས་ཀྱིས་སྔགས་ཀྱི་ཚུལ་ལ་མ་མཐོང་བའི་ཆོས་ཀྱི་སྐྱོན་གཟུང་བ་ལས་རྩ་བའི་ལྟུང་བར་འགྱུར་རོ། །རྩ་བའི་ལྟུང་བ་ལས་མནར་མེད་པར་འགྲོ་བར་འགྱུར་རོ། །ཞེས་པའོ། །ཞེས་གསུངས་སོ། །སྐྱོན་གཞན་ཡང༌། བདེ་མཆོག་རྩ་བའི་རྒྱུད་ཀྱི་འགྲེལ་པ། གྲུབ་ཆེན་ལ་བ་པའི་ཞབས་ཀྱིས་མཛད་པར། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྐབས་སུ། ཕྱི་དཀྱིལ་ལ་ཧེ་རུ་ཀ་ལྔ་དང༌། ནང་དཀྱིལ་ལ། པུ་ལ་སོགས་དང་ཡང་དག་སྦྱར། །ཞེས་དཔའ་བོ་དང་རྣལ་འབྱོར་མ་ཉེར་བཞི་དགོད་པར་བཤད་པ་རྣམས་ཀྱང་མི་འཐད་པར་འགྱུར་རོ། །མདོར་ན། བདེ་མཆོག་རྩ་བཤད་ཀྱི་རྒྱུད་འགྲེལ་རྣམས་སུ། ཕྱི་ནང་ལྷ་གྲངས་མི་མཐུན་པ་དང༌། ཕྱི་དཀྱིལ་གྱི་ལྷ་ནང་དཀྱིལ་ལ་མ་བཀོད་པ་དུ་མ་ཞིག་བཤད་པས། མི་སྨྲ་བའི་བརྟུལ་ཞུགས་གཟུང་བར་རིགས་སོ། །གཉིས་པ་ནི། ཕྱི་ནང་ཐུན་མོང་བའི་ལྷ་གཅིག་ཀྱང་མེད་པས་མུན་སྤྲུལ་དུ་འགྱུར་ན། གྲུབ་པའི་སློབ་དཔོན་ཆེན་པོ་དགྲ་ལས་རྣམ་རྒྱལ་གྱི། ཕྱག་རྒྱ་བཞིའི་སྒྲུབ་ཐབས་ཀྱི་གཞུང་ཡང་མི་འཐད་པར་འགྱུར་ཏེ། ཕྱི་ནང་ཐུན་མོང་བའི་ལྷ་གཅིག་ཀྱང་མེད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། བཅུ་དྲུག་ཕྱག་ཅན་ཧེ་རུ་ཀ །དཀྱིལ་འཁོར་པ་དང་བཅས་པ་བསྒོམ། །ཞེས་པས་ཕྱི་དཀྱིལ་ལྷ་དགུར་གྲུབ་ལ། ལྟེ་བ་དྲུག་ཅུ་བཞི་ཡི་རྩ། །ས་ཡི་རང་བཞིན་སྤྱན་མ་སེར། །ཞེས་སོགས་ཀྱིས་ཕོ་བྲང་ལྔའི་འཁོར་རྣམས་དང༌། རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །ཞེས་སོགས་ཀྱིས་གཙོ་བོ་ལྔ་ཡབ་ཡུམ་དང༌། ལྕེ་ལུས་ཡིད་ལས་སྙིང་པོ། །ཞེས་སོགས་ཀྱིས་ནང་གི་སྐྱེ་མཆེད་སེམས་དཔའ་དྲུག་ཏུ་བསྒོམ་ཚུལ་དང༌། གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག་ཅེས་སོགས་ཀྱིས་རང་གི་ཡུལ་དྲུག རྡོ་རྗེ་མ་དྲུག་ཏུ་བསྒོམ་པ་དང༌། ལག་པ་གཡས་པ་གཤིན་རྗེ་གཤེད། ཅེས་སོགས་ཀྱིས་ཡན་ལག་རྣམས་ཁྲོ་བོ་བཅུར་བསྒོམ་ཚུལ་གསལ་བར་བཤད་ནས། ལྷ་དགུ་ལུས་ལ་དགོད་པ་མ་བཤད་པའི་ཕྱིར་རོ། །གསུམ་པ་ནི། ཕྱི་ནང་ཐུན་མོང་བའི་ལྷ་མེད་པ་སྐྱོན་དུ་འདོད་པ་ནི། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་བའི་ལམ་སྲོལ། དཔལ་གསང་བ་འདུས་པའི་གྲུབ་མཐའ་དང་འགལ་ཏེ། དེ་ལྟར་ན། གྲུབ་ཆེན་ཨརྻ་དེ་ཝས་བཤད་པའི་སྤྲོས་བཅས་ཀྱི་སྤྱོད་པ་དེའང་མུན་སྤྲུལ་དུ་འགྱུར་ཏེ། ཕྱི་ནང་ཐུན་མོང་བའི་ལྷ་གཅིག་ཀྱང་མེད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། སྤྱོད་པ་བསྡུས་པའི་སྒྲོན་མེར། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་མཛེས་པར་བྱས། །རྡོ་རྗེ་རིན་ཆེན་པདྨ་སོགས། །སྒོ་སྲུང་དང་ནི་ལྡན་པར་བྱ། །རང་གི་ལྷ་དང་ལྡན་པ་ཡིས། །བུད་མེད་དག་ནི་ལེགས་བསྒྲུབ་པ། །སྐལ་བཟང་རང་གི་ཕྱག་རྒྱས་མཚན། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། །ཞེས་གཞལ་ཡས་ཁང་གི་ནང་དུ་བུད་མེད་ཉི་ཤུའི་ཚོགས་དང་ལྷན་ཅིག་ཏུ་གནས་པར་བཤད་པ་དང༌། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བུད་མེད་སྒྱུ་མ་ལྟ་བུར་རབ་ཏུ་བསྟན་པར་བྱ་བའི་ཕྱིར། ལ་ལ་ནི་བདེ་མཆོག་སྒྱུ་མ་ལྟ་བུས་འདོད་ཆགས་ཀྱི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ལ། ལ་ལ་ནི་ཨེ་མ་ཧོ་བདེ་བ་ལྟ་བུས་རབ་ཏུ་དགའ་བའི་རྒྱུད་ཀྱིས་ངོ་བོ་ཉིད་ཀྱིས་གཡས་ཕྱོགས་སུ་གནས་སོ། །ལ་ལ་ནི་སྒྲོན་མ་ལྟ་བུས་དྲག་པོའི་རྒྱུད་ཀྱིས་ངོ་བོ་ཉིད་ཀྱིས་ནུབ་ཕྱོགས་སུ་གནས་སོ། །ལ་ལ་ནི་ཤ་ཤི་ལྟ་བུས་སྲོག་གི་རྒྱུད་ཀྱིས་ངོ་བོ་ཉིད་ཀྱིས་བྱང་ཕྱོགས་སུ་གནས་ཏེ། འདི་དག་ནི་ལྷན་ཅིག་ཏུ་སྤྱོད་པའོ། །ལ་ལ་ནི་སངས་རྒྱས་ཀྱི་བྱང་ཆུབ་ལྟ་བུས་གཏི་མུག་རྣམ་པར་སྦྱོང་བའི་ཕྱིར་ཤར་ལྷོའི་མཚམས་སུ་གནས་སོ། །ལ་ལ་ནི་ཆོས་ཀྱི་འཁོར་ལོ་མ་ལྟ་བུས་ཁམས་གསུམ་བརྒལ་ཞིང་གནོད་པའི་གནས་རྣམ་པར་སྦྱོང་བས་ལྷོ་ནུབ་མཚམས་སུ་གནས་སོ། །ལ་ལ་ནི་ཁམས་གསུམ་རྣམ་པར་རྒྱལ་བ་ལྟ་བུས་ཞེ་སྡང་རྣམ་པར་བསལ་བའི་ཕྱིར་ནུབ་བྱང་མཚམས་སུ་གནས་སོ། །ལ་ལ་ནི་འདོད་པའི་ལྕུག་མ་ལྟ་བུས་འདོད་ཆགས་ཀྱི་མུན་པ་ལྟ་བུ་བསལ་བའི་ཕྱིར་བྱང་ཤར་མཚམས་སུ་གནས་སོ། །ལ་ལ་ནི་གླིང་བུ་མ་ལྟ་བུས་ཕྱི་རོལ་གྱི་མེའི་མཚམས་སུ་གནས་སོ། །ལ་ལ་ནི་རྒྱུད་མངས་ལྟ་བུས་སྒེག་ཅིང་པི་ཝང་ལེན་པས་ཁམས་གསུམ་དབང་དུ་བྱེད་ཅིང་ཕྱི་རོལ་གྱི་བདེན་བྲལ་གྱི་ཕྱོགས་སུ་གནས་སོ། །ལ་ལ་ནི་རྒྱུད་གཅིག་པུས་རྔ་བོ་ཆེ་བརྡུང་ཞིང་དུག་དང་རིམས་རྣམ་པར་སེལ་བས་ཕྱི་རོལ་གྱི་རླུང་གི་ཕྱོགས་སུ་གནས་སོ། །ལ་ལ་ནི་སྟུག་པོ་ལྟ་བུས་རྫ་རྔ་རྡུང་ཞིང་ཕྱི་རོལ་གྱི་དབང་ལྡན་གྱི་ཕྱོགས་སུ་གནས་སོ། །ལ་ལ་ནི་རྡོ་རྗེ་མེ་ཏོག་མ་ལྟ་བུས་ལག་ན་མེ་ཏོག་ཐོགས་ཏེ་ཕྱི་རོལ་གྱི་ཤར་ལྷོའི་མཚམས་སུ་གནས་སོ། །ལ་ལ་ནི་རྡོ་རྗེ་བདུག་པ་མ་ལྟ་བུས་སྤོས་ཁང་ཐོགས་ནས་ལྷོ་ནུབ་ཀྱི་མཚམས་སུ་གནས་སོ། །ལ་ལ་ནི་རྡོ་རྗེ་མར་མེ་མ་ལྟ་བུས་མར་མེ་ཆེན་པོ་ཐོགས་ནས་ནུབ་བྱང་གི་མཚམས་སུ་གནས་སོ། །ལ་ལ་ནི་རྡོ་རྗེ་བྱུག་པ་མ་ལྟ་བུས་དྲིས་ཡོངས་སུ་གང་བའི་དུང་ཕོར་ཐོགས་ནས་ཕྱི་རོལ་གྱི་སྣམ་བུའི་བྱང་ཤར་མཚམས་སུ་གནས་སོ། །ལ་ལ་ནི་རྟ་གདོང་མ་ལྟ་བུས་རྟ་མཆོག་གི་ཁ་ནས་འབྱུང་བའི་དབུགས་ཀྱིས་སྲིད་པ་གསུམ་སྐེམས་ཤིང་ཤར་ཕྱོགས་ཀྱི་སྒོ་སྲུང་བྱེད་པར་གནས་སོ། །ལ་ལ་ནི་ཞལ་རབ་ཏུ་གདངས་པ་ལྟ་བུས་ཁམས་གསུམ་ཐམས་ཅད་སྡུད་ཅིང་ལྷོ་ཕྱོགས་ཀྱི་སྒོ་སྲུང་བྱེད་པར་གནས་སོ། །ལ་ལ་ནི་རྡོ་རྗེ་སྣང་བའི་གཟུགས་ཀྱིས་ཁམས་གསུམ་ལ་བལྟ་ཞིང་ནུབ་ཕྱོགས་ཀྱི་སྒོ་སྲུང་བྱེད་པར་གནས་སོ། །ལ་ལ་ནི་ཐལ་བ་རབ་ཏུ་འཇིགས་པའི་རོ་ལངས་མ་ལྟ་བུས་ས་འོག་དང་ས་སྟེང་ན་མཐོ་རིས་སུ་དབུགས་འབྱིན་ཅིང་ཐལ་བར་གྱུར་པ་ཡང་འཚོ་བར་བྱེད་དེ་བྱང་ཕྱོགས་ཀྱི་སྒོ་སྲུང་བྱེད་པར་གནས་སོ། །ཞེས་ཕྱི་དཀྱིལ་འཁོར་ཉི་ཤུ་གཙོ་བོ་ཉིད་དང་ཉི་ཤུ་རྩ་གཅིག་དགོད་པར་བཤད་ཀྱིས། རྣམ་སྣང་ནས་གནོད་མཛེས་ཀྱི་བར་གྱི་གསང་བ་འདུས་པའི་ལྷ་ཚོགས་རྣམས་བཀོད་པར་མ་བཤད་ལ། གཙོ་བོའི་ལུས་ལ་སྐུ་ཡི་དཀྱིལ་འཁོར་ལྷ་སོ་གཉིས་པོ་ཐམས་ཅད་འགོད་པར་བཤད་དེ། གཞུང་དེ་ཉིད་ལས། དེ་ལ་བཅོམ་ལྡན་འདས་བདེ་བ་ཆེན་པོའི་འཁོར་ལོ་སྒྱུར་བ་ནི། སྔོན་བྱུང་བའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ལ་དགོངས་པ་སྔོན་དུ་འགྲོ་བས་རང་གི་སྐུའི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ། །ཞེས་ཁྱད་པར་གྱི་ང་རྒྱལ་བསྐྱེད་ལ། ཞེས་གསུངས་པའི་ཕྱིར་དང༌། དང་པོ་སྦྱོར་བ་ཡན་ཆད་ཀྱི་རྣལ་འབྱོར་བསྒོམ་པའི་ཕྱིར་རོ། །མདོར་ན་གཞུང་འདིར་ཕྱི་དཀྱིལ་ལ་ལྷ་མོ་ཉི་ཤུ་བཤད་པ་དེ་ནང་དཀྱིལ་ལ་མ་བཀོད་ནང་དཀྱིལ་གྱི་ལྷ་སོ་གཉིས་པོ་དེ་ཕྱི་དཀྱིལ་ལ་མ་བཀོད་པས། ཕྱི་ནང་ཐུན་མོང་བའི་ལྷ་གཅིག་ཀྱང་མེད་པས། མཆོག་ཏུ་གྱུར་པའི་གཞུང་འདི་ཡང་འགོག་པར་བྱེད་དམ། གལ་ཏེ་ལུགས་འདི་ལ་ཕྱི་ནང་ཐུན་མོང་བའི་ལྷ་གཅིག་ཀྱང་མེད་པ་མ་གྲུབ་སྟེ། གཙོ་བོ་ལུས་ལ་བཀོད་པའི་ཕྱིར་རོ་སྙམ་ན་མ་ཡིན་ཏེ། ཕྱི་དཀྱིལ་གྱི་གཙོ་བོ་ནི་ཡབ་ཡུམ་ཞལ་སྦྱོར་ཡིན་ལ། ནང་དཀྱིལ་ལ་གཙོ་བོ་སྙིང་ག་དང༌། ཡུམ་རྡོ་སྒོར་དགོད་པའི་ཕྱིར་རོ། །ཀྱེ་དགེ་སྦྱོང་དག འཕགས་སྐོར་གྱི་གཞུང་ཤེས་པར་ཁས་ལེན་བཞིན་དུ། གྲུབ་ཆེན་ཨཱརྻ་དེ་བའི་གཞུང་མ་དྲན་པར་བབ་ཅོལ་དུ་སྨྲ་བ་འདི་ཆོས་དང་གང་ཟག་ལ་ཞེ་སྡང་བར་གྱུར་པ་ལས་གཞན་ཅི་ཞིག སྤྱི་དོན་གསུམ་པ་ནི། ལུས་དཀྱིལ་དང་ལུས་ལ་ལྷ་དགོད་པ་ཙམ་གྱི་ཁྱད་པར་མ་ཕྱེད་དོ་ཞེས་སྨྲ་བ་ཡང༌། ཤིན་ཏུ་མི་འཐད་དེ། རྣལ་འབྱོར་བླ་མེད་གཞིར་བཞག་ལ། ལུས་ལ་ལྷ་དགོད་པ་ལ་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཕྱིར་དགོད་པ་ནི། མིག་སོགས་སྟོང་ཉིད་དུ་སྦྱངས་པའི་ངང་ལས། གནས་དེ་དང་དེ་དག་ཏུ་ཆོ་ག་གསུམ་མམ། ས་བོན་ཙམ་མམ་སྐད་ཅིག་གིས་ལྷར་བསྐྱེད་པ་ཡན་ཏེ། གདོང་དྲུག་གི་རྒྱུད་ལས། མིག་སོགས་བྱིན་གྱིས་བརླབས་པ་ལ། །གཏི་མུག་རྡོ་རྗེ་སོགས་ཀྱིས་བསྲུང༌། །དབང་སྦུབས་སྟོང་པ་ཉིད་བྱས་ཏེ། །སྙིང་པོའམ་མིང་གི་ཡི་གེ་ཡིས། །རིགས་ཀྱི་ཕྱག་མཚན་ལྡན་པ་ཡི། །སྐུ་རྣམས་ངེས་པར་བསྐྱེད་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །ལུས་དཀྱིལ་ནི། རྣལ་འབྱོར་པ་རང་གི་ལུས་ལ་གནས་པའི་རྩ་ཐིག་རླུང་གསུམ་སོགས་ལུས་ཀྱི་ཆ་ཤས་གང་ཡང་རུང་བ་གཅིག་རྒྱུར་བྱས་པ་དགོས་ཏེ། རྡོ་རྗེ་དྲིལ་བུ་པས། འདི་དག་གནས་སུ་རྣལ་འབྱོར་མ། །རྩ་ཡིན་དཔའ་བོ་ཉི་ཤུ་བཞི། །ལུས་ཀྱི་ཁམས་སུ་བརྟག་པར་བྱ། །ཞེས་གསུངས་ལ། ལུས་ཀྱི་ཆ་ཤས་ལས་གྲུབ་པའི་ལྷ་དེ་ལུས་ཀྱི་ནང་གི་གནས་རྣམས་སུ་བཀོད་པ་ཞིག་དགོས་ཏེ། སློབ་དཔོན་པྲཛྙཱ་རཀྵི་ཏས། བདེ་མཆོག་གི་སྐབས་སུ། འུག་གདོང་མ་རྣ་བའི་བུག་པའི་ནང་དུ་བསྒོམ་པར་བཤད་ཅིང༌། སློབ་དཔོན་སྒྲོན་མ་ཅན་གྱི་སྡེས། ཀྱེ་རྡོ་རྗེའི་ལུས་དཀྱིལ་འཆད་པའི་སྐབས་སུ། ཇི་སྲིད་རྡུལ་ཕྲ་རབ་དང་མཉམ་པ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་དེའི་བདག་ཉིད་ལས་སྐྱེས་པའི་དཔའ་བོ་དེ་རྣམས་ཐམས་ཅད་སྒྲུབ་པ་པོ་རང་གི་ལུས་ཀྱི་ནང་དུ་བསྒོམ་མོ། །གང་དཔའ་མོའི་དབང་ཕྱུག་མ་དེ་རྣམས་ཐམས་ཅད་དེ་ཉིད་ཀྱི་ནང་དུ་བསྒོམ་མོ་ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ཡིན་པ་དེའི་ཕྱིར་ཤིན་ཏུ་ཟབ་པའི་ལུས་དཀྱིལ་འདིའི་བསྐྱེད་ཚུལ་རྣམས། ལུས་དཀྱིལ་དུ་མི་འགྱུར་བའི་སྐྱོན་གཏན་ནས་མེད་དོ། །རྩ་འཁོར་ལ་ལྔ་རྡོ་རྗེའི་ལུས་ལ་རང་གྲུབ་ཏུ་ཡོད་པ་དེ། ལྷ་མོ་རྣམས་དང་འཁོར་ལོ་ལྔའི་དབུས་ཀྱི་ཐིག་ལེ་ཕྱི་ཤུན་གྱི་རྩ་དང་བཅས་པ་གཙོ་བོ་ཡབ་ཡུམ་ལྔར་བསྐྱེད་ནས་ལུས་ཀྱི་ནང་སོ་སོའི་གནས་སུ་བསྒོམས་པས་བློས་བརྟགས་པ་མ་ཡིན་ནོ། །ཡུལ་ཡུལ་ཅན་གྱི་ལྷ་བཅུ་གཉིས་དང༌། ཁྲོ་བོ་བཅུ་ནི། དཔལ་གསང་བ་འདུས་པ་འཕགས་སྐོར་གྱི་ལུས་དཀྱིལ་གྱི་སྐབས་སུ་བཤད་པ་དང་མན་ངག་འདིར་བཤད་པ་གཉིས། དགོད་པ་དང་བསྐྱེད་གཞི་ལ་ཁྱད་པར་མེད་པས། འདི་དག་ཇི་ལྟར་ལུས་དཀྱིལ་དུ་མི་འགྱུར། སེམས་རྣལ་དུ་ཕོབ་ལ་སྨྲོས་ཤིག ད་ནི་སྤྱི་དོན་གསུམ་པ་རྒྱུད་རྒྱ་གཞུང་ལས་མ་བཤད་པའི་རྩོད་པ་སྤོང་བ་བརྗོད་པར་བྱ་སྟེ། དེ་ལ་ཁྱེད་ཀྱིས་རྒྱུད་དང་རྒྱ་གཞུང་ཚད་ལྡན་གང་ནས་ཀྱང་མ་བཤད་ཅིང་དོན་ཐོབ་ལ་ཡང་མེད་དོ་ཞེས་སྨྲ་བ་ཡང་རང་གི་ཕྱོགས་རྒྱ་ཆེན་པོ་ནི་ལྟ་ཞོག་གི ཕྱོགས་རེ་ཙམ་ཡང་མ་མཐོང་ངོ་ཞེས་པའི་ཚིག་ཡིན་ལ། རིག་པའི་དབང་ཕྱུག་གིས། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་བཤད་པ་ལྟར། ཁོ་བོས་ལེགས་པར་བཤད་ཀྱིས། མང་དུ་ཐོས་དང་བྲལ་བ་ཁྱོད་རྣ་བ་ལྷགས་ཏེ་ཉོན་ཅིག འདི་ལ་གསུམ། རྣལ་འབྱོར་བླ་མེད་སྤྱི་ལས་བཤད་ཚུལ། ཀྱེ་རྡོ་རྗེའི་རྒྱུད་འགྲེལ་ལས་བཤད་ཚུལ། རང་གིས་ཁས་བླངས་པའི་གྲུབ་མཐའ་ལས་བཤད་ཚུལ་ལོ། །དང་པོ་ནི། དཔལ་ཡེ་ཤེས་ཐིག་ལེའི་སྒྲུབ་ཐབས་སློབ་དཔོན་ཤེས་རབ་གསང་བས་མཛད་པར། ཕྱི་དང་ནང་གི་གནས་གཉིས་ཆར་ལ་ལྷ་མཐུན་པར་དགོད་པ་བདེ་མཆོག་གི་ལུས་དཀྱིལ་ལྟ་བུ་བཤད་ནས། ཡང་ན་རྒྱུད་ཀྱི་མན་ངག་བསྒོམ། །འདི་ན་འཁོར་ལོ་དྲུག་ཀྱང་ཡོད། །བདེ་བ་ཆེན་པོ་ལ་སོགས་ལྔ། །མེ་ཡི་འཁོར་ལོ་ཡོད་པས་སོ། །སྒོ་མཚམས་ལ་ནི་མཉམ་ལྡན་པས། །དེ་ནི་རླུང་འཁོར་དྲུག་པའོ། །འཁོར་ལོར་གཏོགས་པའི་ལྷ་མོ་ཀུན། །རྩ་རེ་རྣམ་པར་དག་པའོ། །བདེ་ཆེན་རྣམ་དག་འཁོར་ལོ་བཞི། །གཞན་མ་གཉིས་ནི་རང་རང་ངོ༌། །བདེ་ཆེན་འཁོར་ལོ་ཀུན་དག་ལ། །བསྐྱེད་པའི་གནས་སུ་བསྟེན་པའོ། །དེ་བས་བདེ་ཆེན་འཁོར་ལོ་སྟེ། །འཁོར་ལོ་རྣམ་དག་གཞུང་ཡིན་ནོ། །དེ་ནས་ཕུང་པོ་རྣམ་དག་འདི། །རྣལ་འབྱོར་པས་ནི་རྩེ་གཅིག་གིས། །གཟུགས་ནི་ལོངས་སྤྱོད་རྡོར་ཤེས་བྱ། །ཚོར་བ་ཡེ་ཤེས་རྡོ་རྗེ་སྟེ། །འདུ་ཤེས་སྣང་བ་རྡོ་རྗེ་སྟེ། །འདུ་བྱེད་འོད་ཀྱི་རྡོ་རྗེ་དང༌། །རྣམ་ཤེས་ཕུང་པོའི་ངོ་བོ་ནི། །རྡོ་རྗེ་སེམས་དཔར་རྟག་ཏུ་བཞུགས། །མིག་གཉིས་རྡོ་རྗེ་མཁའ་འགྲོ་མ། །རྣ་བ་སྤྲིན་གྱི་རྡོ་རྗེ་མ། །སྣ་ལ་སྲོག་གི་རྡོ་རྗེ་མ། །ཁ་ལ་རོ་ཡི་རྡོ་རྗེ་མ། །རེག་པ་དགའ་བའི་རྡོ་རྗེ་མ། །ཡིད་ནི་ཡེ་ཤེས་དབང་ཕྱུག་མ། །ཤེས་རབ་ཐབས་ཀྱིས་སྦྱོར་བ་ཡིས། །གཉིས་སུ་མེད་པའི་དངོས་པོའི་གཟུགས། །ཧེ་རུ་ཀ་དཔལ་བཅོམ་ལྡན་འདས། །དེ་བཞིན་གཤེགས་པ་ཉིད་དུ་བཞུགས། །ས་ནི་དག་པ་རྡོ་རྗེ་མ། །ཆུ་ཡི་ཁམས་ནི་སྟོབས་མར་བཤད། །མེ་ནི་འབྱུང་བ་རྡོ་རྗེ་མ། །རླུང་ནི་ལྕགས་སྒྲོག་རྡོ་རྗེ་མ། །ནམ་མཁའི་ཁམས་ནི་རྣལ་འབྱོར་མ། །པདྨའི་ལྟེ་བར་ཡིན་པར་བཤད། །ཅེས་གསུངས་པ་འདིས་ཀྱང་ཀྱེ་རྡོར་ལུས་དཀྱིལ་དང་ཆ་འདྲ་བའི་ལུས་དཀྱིལ་གཅིག་མ་བསྟན་ནམ། དེ་བཞིན་དུ། བདེ་མཆོག་སྡོམ་པ་འབྱུང་བའི་ལེའུ་བཞི་པར། རྣམ་པ་ལྔ་ཡི་ལྷ་རྣམས་ནི། །གཟུགས་དང་ཚོར་བ་འདུ་ཤེས་དང༌། །འདུ་བྱེད་རྣམ་ཤེས་ཉིད་ཀྱང་སྟེ། །མེ་ལོང་མཉམ་པ་ཉིད་ཀྱང་ནི། །སོ་སོར་ཀུན་རྟོག་བྱ་གྲུབ་ཉིད། །ཆོས་དབྱིངས་ཤིན་ཏུ་རྣམ་དག་སྟེ། །ཡེ་ཤེས་འདི་རྣམས་རབ་ཏུ་གནས། །རྣམ་པར་སྣང་མཛད་རིན་ཆེན་འབྱུང༌། །སྣང་མཐའ་དོན་ཡོད་མི་བསྐྱོད་ཉིད། །རྣམ་ལྔ་གཅིག་ཏུ་རྫོགས་བྱང་ཆུབ། །ཡུལ་ནི་དྲུག་ཏུ་དྲན་པ་སྟེ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཆོས་ཉིད་ཀྱང༌། །འདི་རྣམས་རྣམ་པར་དག་པར་བཤད། །ཁམས་ནི་བཅོ་བརྒྱད་དག་ཏུ་དྲན། །ཕུང་པོ་རང་བཞིན་འདི་རྣམས་ལས། །འགྱུར་མེད་མཆོག་ནི་བསྒོམ་པར་བྱ། །སངས་རྒྱས་ཉིད་འབྲས་རྒྱུ་རུ་འགྱུར། །མིག་སོགས་རྣམས་ལ་བསྒོམ་བྱ་སྟེ། །མིག་གི་དབང་པོའི་རྣམ་ཤེས་ནི། །ཐུགས་ཀྱི་རྡོ་རྗེའི་རྣམ་འཕྲུལ་ཡིན། །གསུམ་གྱི་རང་བཞིན་རྣམ་དག་དོན། །འོད་གསལ་གྱི་ནི་གོ་འཕང་འགྱུར། །རྣམ་ཤེས་རྣ་བ་སྒྲ་ཡི་ནི། །དམིགས་པ་མེད་པའི་རང་བཞིན་ལས། །སྣོམ་བྱེད་དྲི་དང་རྣམ་ཤེས་ཀྱི། །རྣམ་དག་དེ་བཞིན་ཉིད་དུ་དྲན། །རོ་དང་ལྕེ་དང་རྣམ་པར་ཤེས། །རྣམ་དག་ཉིད་ལས་དམ་པའི་དོན། །ལུས་དང་རེག་བྱ་ལུས་རྣམ་ཤེས། །སྒྱུ་མའི་རང་བཞིན་ལས་སྐྱེས་པ། །ཡིད་དང་ཆོས་དང་ཡིད་རྣམ་ཤེས། །སྙིང་ག་ཞེས་པ་རྣམ་པར་དག །དྲུག་ནི་འཇུག་པའི་རྣམ་པར་ཤེས། །ཀུན་གཞིར་དེ་བཞིན་གཤེགས་པ་རྣམས། །དཔལ་ཧེ་རུ་ཀའི་ཏིང་འཛིན་གནས། །འོད་གསལ་གོ་འཕང་ཐོབ་པར་འགྱུར། །ཞེས་གསུངས་ལ། དེའི་འགྲེལ་པར། འདི་དག་ཀྱང་རིམ་པ་ཇི་ལྟར་བར་མེ་ལོང་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་རྣམས་ཏེ། གཙོ་བོར་ས་ལ་སོགས་པའི་ཁམས་ལ་བརྟེན་པའོ། །དེ་རྣམས་ཀྱང་སྤྱན་མ་ལ་སོགས་པའི་ལྷ་མོའི་རང་བཞིན་རྣམས་སོ། །ཞེས་ཡུམ་བཞི་བསྐྱེད་པར་གསུངས་ལ། གང་དུ་བསྐྱེད་ཚུལ་ཡང༌། འགྲེལ་པ་དེ་ཉིད་དུ་གཞན་གྱི་ལུང་དྲངས་པར། ཨེ་ཡིག་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་ལས་སྤྱན་མ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །འདབ་མ་དྲུག་ཅུ་རྩ་གཞིར་གནས། །ཝཾ་ཡིག་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །སྙིང་ག་ཆོས་ཀྱི་འཁོར་ལོ་ལ། །ཆུ་སྐྱེས་འདབ་མ་བརྒྱད་པར་གནས། །ཡ་ཡིག་རླུང་དུ་རབ་ཏུ་བརྗོད། །དམ་ཚིག་ཕྱག་རྒྱ་སྒྲོལ་མ་སྟེ། །བདེ་བ་ཆེན་པོའི་འཁོར་ལོར་གནས། །ཆུ་སྐྱེས་འདབ་མ་སུམ་ཅུ་གཉིས། །ཞེས་གསུངས་སོ། །གལ་ཏེ་འདི་རྣམས་ལུས་ལ་ལྷ་དགོད་པ་ཡིན་གྱི། ལུས་དཀྱིལ་མ་ཡིན་ནོ་སྙམ་ན་མ་ཡིན་ཏེ། དེ་ཉིད་ལས། སངས་རྒྱས་ཉིད་འབྲས་རྒྱུ་རུ་འགྱུར། །ཞེས་པ་དེ་ཉིད་སངས་རྒྱས་ཉིད་ཀྱི་མཚན་ཉིད་འབྲས་བུ་དང་དེའི་རྒྱུར་ཡང་འགྱུར་རོ། །ཇི་ལྟར་འགྱུར་ཞེ་ན། གསུངས་པ། མིག་སོགས་རྣམས་ལ་བསྒོམ་བྱ་སྟེ། །ཞེས་པ་རང་ཉིད་རྡོ་རྗེ་སེམས་དཔར་གྱུར་ནས་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ལ་བཅོམ་ལྡན་འདས་དེ་ཉིད་འབྲས་བུ་དང་དེའི་རྒྱུར་ཡང་འགྱུར་རོ། །གཟུགས་ཀྱི་རྡོ་རྗེ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །དེ་གསུངས་པ། བཅོམ་ལྡན་འདས་དེ་ཉིད་སའི་སྙིང་པོའི་རྣམ་པས་མིག་གི་སྐྱེ་མཆེད་ལ་གནས་ནས་གཟུགས་གསུམ་རྣམ་པར་སྦྱངས་ཏེ། རྡོ་རྗེའི་མིག་གི་སྐྱེ་མཆེད་སྟེར་བར་མཛད་དོ། །ཞེས་རྒྱས་པར་རོ། །ཞེས་བཤད་ལ། དེའི་དོན་ཡང༌། སྡོམ་འབྱུང་གི་རྒྱུད་ཚིག་འདི་རྣམས་ཀྱི་དོན་ལུས་དཀྱིལ་སྟོན་བྱེད་དུ་གྲུབ་ཆེན་ཀླུའི་བྱང་ཆུབ་ཀྱིས། གསང་འདུས་ལུས་དཀྱིལ་གྱི་སྐབས་སུ་ལུང་དུ་དྲངས་ནས་བཤད་པ་བྱས་པའི་ཕྱིར་རོ། །དེས་ན་སྡོམ་འབྱུང་རྩ་འགྲེལ་ལས། ཀྱེ་རྡོར་ལུས་དཀྱིལ་དང་ཆ་འདྲ་བའི་ལུས་དཀྱིལ་གྱི་རྣལ་འབྱོར་ཞིག་ཀྱང་བསྟན་པར་ཤེས་པར་བྱའོ། །གཉིས་པ་ཀྱེ་རྡོ་རྗེའི་རྒྱུད་ལས་གསུང་ཚུལ་ལ་གསུམ། རྒྱུད་ལས་ཇི་ལྟར་གསུངས་པ། དེ་གྲུབ་ཆེན་གྱིས་ཇི་ལྟར་བཀྲལ་ཚུལ། དེ་ལ་དོགས་པ་དཔྱད་པའོ། །དང་པོ་ནི། རྩ་བའི་རྒྱུད་ལས། ཨེ་ཡི་རྣམ་པ་ལྷ་མོ་སྤྱན། །ཝཾ་གྱི་རྣམ་པ་བདག་མར་བརྗོད། །མ་ནི་ལྷ་མོ་གོས་དཀར་མོ། །ཡ་ཡི་རྣམ་པ་སྒྲོལ་མར་བརྗོད། །ཅེས་ཡི་གེ་བཞིའི་དབྱིབས་ཀྱི་འཁོར་ལོ་བཞི་དང༌། དེ་དག་ལྷ་མོ་བཞིའི་རང་བཞིན་དུ་གསུངས་ལ། དོན་ལྷག་མ་རྣམས་རྒྱུད་ཀྱི་དབུ་ཞབས་རྣམས་སུ་དོན་ཐོབ་ལ་གསལ་བར་འབྱུང་ཡང་ཚིག་དངོས་སུ་གསལ་པོར་མ་གསུངས་སོ། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར། བཤད་པའི་རྒྱུད་དཔལ་སམྦུ་ཊར། རྟེན་དང་བརྟེན་པའི་ལུས་དཀྱིལ་བསྒྲུབ་ཚུལ་རྣམས་གསལ་བར་གསུངས་ཏེ། དྲུག་པའི་རབ་བྱེད་གསུམ་པར། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་བྱུང༌། །ལུས་ནི་དཀྱིལ་འཁོར་ཉམས་དགའ་བར། །སྒོ་བཞིར་ཇི་སྐད་གསུངས་པའོ། །རང་གི་ཡན་ལག་བརྒྱད་བྱུང་བས། །ཀ་བ་དེ་ཡི་བསྐོར་ནས་གནས། །དངོས་པོ་ཀུན་གྱིས་མཉམ་པའི་ཕྱིར། །གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་ངོ་བོས་ནི། །འཁོར་ལོ་གསུམ་ནི་གཅིག་ཏུ་གསུངས། །རི་ནི་མགོ་བོའི་ཟེའུ་འབྲུ་ལ། །ཇི་ལྟར་རྩོམ་ཆེན་ལ་སོགས་རིམ། །བླ་མའི་དུས་ཐབས་རིམ་ཉིད་ཀྱིས། །དེ་ནི་རྫོགས་པར་དཀྱིལ་འཁོར་གནས། །རྐང་པའི་མཐིལ་དུ་རྩོམ་ཆེན་རླུང༌། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ཟླུམ་པོའི་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ནི་ལྟོ་བར་རྣམ་པར་གནས། །སྙིང་གར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །སྒལ་ཚིགས་དབྱིག་གུའི་གཟུགས་ཀྱི་ནི། །རི་རབ་རི་རྒྱལ་དེ་བཞིན་ནོ། །ཞེས་རྟེན་ལུས་དཀྱིལ་ཀྱེ་རྡོ་རྗེ་དང་བདེ་མཆོག་གཉིས་ཀ་ཐུན་མོང་དུ་གསུངས་པ་དང༌། བརྟེན་པ་ལུས་དཀྱིལ་ཡང་དང་པོའི་རབ་བྱེད་བཞི་པར། ཡང་དག་སྦྱོར་བྱུང་མཚན་ཉིད་ནི། །དེ་ནས་མཆོག་ཏུ་རབ་བཤད་བྱ། །ཨེ་ནི་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །སྙིང་རྗེ་ཆེན་མོ་ཐབས་ཆེན་མོ། །རང་བཞིན་སྣ་ཚོགས་སྤྱོད་ཡུལ་མ། །ལྟེ་བར་སྣ་ཚོགས་འདམ་སྐྱེས་ལ། །སྤྲུལ་པའི་འཁོར་ལོ་རྣམ་པར་གནས། །ཝཾ་ནི་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི །བྱམས་པ་དང་ནི་སྨོན་ལམ་ཚུལ། །ལྷ་མོ་རྡོ་རྗེའི་རིགས་གཙོ་མ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོར་ཡང་དག་གནས། །མ་ནི་མེ་རུ་བརྗོད་པ་སྟེ། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །དགའ་དང་སྟོབས་ཀྱི་རྣལ་འབྱོར་གྱིས། །ལྷ་མོ་པདྨའི་རིགས་འབྱུང་མ། །ལྐོག་མར་ཆུ་སྐྱེས་འདབ་བརྒྱད་གཉིས། །ལོངས་སྤྱོད་འཁོར་ལོ་ཡང་དག་གནས། །ཡ་ནི་རླུང་གི་རང་བཞིན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་བྱེད། །དམ་ཚིག་ཕྱག་རྒྱ་ཆེན་མོར་ངེས། །ལྷ་མོ་ལས་ཀྱི་རིགས་གཙོ་མ། །བཏང་སྙོམས་ཡེ་ཤེས་རྣལ་འབྱོར་གྱིས། །སྒྲོལ་མ་འཁོར་བ་སྒྲོལ་བ་མོ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །བདེ་ཆེན་འཁོར་ལོ་ཆེན་པོར་གནས། །ཞེས་འཁོར་ལོ་དེ་དག་ལ་ལྷ་མོ་འདི་རྣམས་དགོད་པར་གསུང་ཞིང༌། སྙེ་མ་བཞི་པར། དེ་ལྟར་འདི་རྣམས་ཁམས་དང་ཕྱག་རྒྱ་དང་ཚད་མེད་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ངོ་བོ་རྣམས་ཏེ། སྟོང་པ་ཉིད་དང་སྙིང་རྗེའི་ངོ་བོ་ཉིད་ཀྱིས་ན་ཤེས་རབ་དང་ཐབས་ཀྱི་རང་བཞིན་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་སྤྲུལ་པ་ལ་སོགས་པའི་འཁོར་ལོ་རྣམས་ལ་མོས་པར་བྱའོ། །ཨེ་ཝཾ་མ་ཡའི་ཡི་གེ་བརྗོད་པར་བྱའོ། །ཞེས་པ་བརྗོད་པར་བྱ་བ་དང་རྗོད་བྱེད་དག་དབྱེར་མེད་པར་མོས་པས་བསྐྱེད་པའི་རིམ་པ་ལ་ཁ་ཅིག་ཏུ་ཨེ་ཝཾ་མ་ཡའི་ཡི་གེའི་ངོ་བོ་རྣམས་དང༌། ཁ་ཅིག་ཏུ་ཕྱག་ལ་སོགས་པའི་ངོ་བོ་ཅན་རྣམས་ཀྱང་བསྒོམ་པར་བྱའོ། །ཞེས་གསུངས་པར་འགྱུར་རོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །འོ་ན་འདིར་འཁོར་ལོ་བཞི་ལས་མ་བསྟན་ནོ་སྙམ་ན་མ་ཡིན་ཏེ། བདེ་ཆེན་འཁོར་ལོ་ཆེན་པོར་གནས། །ཞེས་པའི་དོན། བདེ་བའི་རྟེན་བྱང་སེམས་ཀྱི་གཙོ་བོ་སྤྱི་བོར་གནས་པས་སྤྱི་བོ་ལ་བདེ་ཆེན་དང༌། དེ་ལས་བྱུང་བའི་བྱང་སེམས་གསང་འཁོར་དུ་བབས་པས། དེར་བདེ་བ་ཆེན་པོར་སྐྱེད་པར་བྱེད་པས་གསང་གནས་ལའང་བདེ་ཆེན་དུ་བརྟག་པར་འགྲེལ་པ་དག་ལས་འབྱུང་བས། ཚིག་གཅིག་གིས་སྟེང་འོག་གི་འཁོར་ལོ་གཉིས་ཆར་བསྟན་པ་ཡིན་ནོ། །སྙེ་མ་དང་པོར་ཡང༌། འོན་ཀྱང་གཙུག་ཏོར་དང་སྤྱི་བོ་དང་མགྲིན་པ་དང་སྙིང་ག་དང༌། ལྟེ་བ་དང་གསང་བ་དང་ནོར་བུའི་དབུས་སུ་བཅུག་པའི་རིམ་པ་ཇི་ལྟ་བར། བཞི་དང་སུམ་ཅུ་རྩ་གཉིས་དང༌། བཅུ་དྲུག་དང་བརྒྱད་དང་དྲུག་ཅུ་རྩ་བཞི་དང་སུམ་ཅུ་རྩ་གཉིས་དང༌། བརྒྱད་ཀྱི་གྲངས་ཅན་པདྨ་ཉིད་དང༌། བྷ་ག་ཉིད་དང་འཁོར་ལོ་ཉིད་དུ་བསྟན་པར་བྱ་བ་རྣམས་ཀྱི་དབུས་སུ་མདུད་པའི་གཟུགས་སོ། །ཞེས་འཁོར་ལོ་ལྔ་དང་དྲུག་དང་བདུན་གྱི་རྩ་འདབ་ཀྱི་གྲངས་གསལ་བར་གསུངས་སོ། །དེ་ལྟ་བུའི་འཁོར་ལོ་ལྔའི་དབུས་སུ་གཙོ་བོ་རིགས་ལྔ་ཐིག་ལེ་ལས་བསྐྱེད་པ་ནི། བརྟག་པ་དྲུག་པའི་བཞི་པར། རྟག་ཏུ་བཞུགས་པར་འདོད་པ་ཡི། །སངས་རྒྱས་ཀུན་གྱི་སྡོམ་པ་དག །ཡང་དག་མེ་ལོང་ལྟ་བུའི་ཚུལ། །དེ་བཞིན་དུ་ཡང་མཉམ་པ་ཉིད། །སོ་སོར་རྟོག་པའི་ཆོ་ག་བཞིན། །དེ་བཞིན་བྱ་བ་ནན་ཏན་ལ། །རྟག་ཏུ་བཞུགས་པར་བརྗོད་པ་འདི། །ཤིན་ཏུ་རྣམ་དག་རང་བཞིན་ཅན། །དེ་བཞིན་རྣམ་པར་སྣང་མཛད་ཉིད། །གཞན་ཡང་མི་བསྐྱོད་པ་ཉིད་དང༌། །ཡང་ན་རིན་ཆེན་འབྱུང་ལྡན་ལ། །ཡང་ན་འོད་དཔག་མེད་པ་ཡིས། །གང་ཚེ་རྟག་བཞུགས་དོན་ཡོད་ལ། །བདུད་རྩི་ལྔ་ཡི་གོང་བུའི་དངོས། །ཐིག་ལེའི་གཟུགས་དེ་ཡིད་ལྟ་བུ། །ཤིན་ཏུ་རྣམ་དག་ཡེ་ཤེས་ཆེར། །ལྷ་མོ་ཀུན་གྱི་རང་བཞིན་ཅན། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །བདེ་བ་དམ་པ་རུ་ནི་བརྗོད། །ཅེས་དང༌། དེའི་འགྲེལ་པ་སྙེ་མར། ལྷ་མོ་ཀུན་གྱི་སྟེ། སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་དང་རྡོ་རྗེ་སྙེམས་མ་རྣམས་ཀྱི་རང་བཞིན་ནོ། །ཞེས་རིགས་ལྔའི་ཡུམ་རྣམས་གསལ་བར་བཤད་ལ། རྡོ་རྗེ་སྙེམས་མ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་དོན་གཅིག་ལ། ཚིག་རྐང་ཐ་མ་གཉིས་ཀྱིས་ནི། རིགས་ལྔ་ལ་རྡོ་རྗེ་སེམས་དཔས་རྒྱས་འདེབས་པ་ཟིན་པ་ཡིན་ནོ། །ཡན་ལག་གི་ལྷ་རྣམས་ལུས་ལ་བསྐྱེད་ཚུལ་ཡང༌། བརྟག་པ་དང་པོའི་བཞི་པར། དེ་ལྟར་རིགས་ནི་ལྔ་རྣམས་དང༌། །ཡེ་ཤེས་ལྔ་དང་སངས་རྒྱས་ལྔ། །འདི་ལས་རྡོ་རྗེ་སྙིང་པོ་དང༌། །ཁྲོ་བོ་ཁམས་གསུམ་སེམས་ཅན་བསྐྱེད། །ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་རྙེད་པར་འགྱུར། །ཞེས་གསུངས་ལ། དེའི་དོན་སྙེ་མར། གང་ཡང་དེ་བཞིན་གཤེགས་པ་ལྔ་རྣམས་ལས། སྐྱེས་པ་རྣམས་ནི་སེམས་དཔའ་ཞེས་པ་རང་རང་གི་རིགས་ཅན་གྱིས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་སོགས་པ། མིག་ནི་གཏི་མུག་རྡོ་རྗེའོ། །ཞེས་པ་ལ་སོགས་པས་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་རྣམ་པར་དག་པའི་རང་བཞིན་དུ་འཆད་པར་འགྱུར་བ་རྣམས་དང༌། གཟུགས་རྡོ་རྗེ་ལ་སོགས་པ་ཕྱིའི་སྐྱེ་མཆེད་གཟུགས་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་རྣམས་དང༌། ས་ལ་སོགས་པའི་ཁམས་རྣམ་པར་དག་པའི་རང་བཞིན་སྤྱན་མ་ལ་སོགས་པ་རྣམས་སོ། །ཁྲོ་བོ་རྣམས་ཀྱང་སྟེ་གཤིན་རྗེ་གཤེད་ལ་སོགས་པ་དད་པ་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་རྣམས་སོ། །ཞེས་གསལ་བར་གསུངས་སོ། །གལ་ཏེ་འདིས་རིགས་ལྔ་ལས་བྱང་སེམས་སོགས་སྤྲོ་ཚུལ་སྟོན་གྱི། ལུས་དཀྱིལ་གྱི་ལྷ་མི་སྟོན་ནོ་སྙམ་ན། ལུང་དེའི་རྗེས་ཁོ་ན་ལ། སེམས་ཅན་གྱི་ཕུང་པོ་ཡང་དེ་བཞིན་ཁོ་ནར་རྒྱུའི་རྒྱུད་ཀྱི་རྡོ་རྗེ་འཛིན་པའི་རང་བཞིན་ཁོ་ནའོ། །ཞེས་སྒྲུབ་བྱེད་དུ་མ་དང་བཅས་ནས་ལུས་དཀྱིལ་དུ་བསྒྲུབ་པའི་ཕྱིར་རོ། །མདོར་ན་རྩ་རྒྱུད་དུ་ལུས་དཀྱིལ་གྱི་རྣལ་འབྱོར་དོན་ཐོབ་ལ་ཡོད་པ་དེ་ཉིད་བཤད་པའི་རྒྱུད་ཀྱི་རྒྱལ་པོ་འདིས་གསལ་བར་གསུངས་པ། བླ་མ་དམ་པའི་གདམས་ངག་གིས་འཆད་ཚུལ་འདི་ལྟ་བུའི་སྒོ་ནས་རྣལ་འབྱོར་གསལ་བར་རྟོགས་ནུས་པ་ཡང་གནད་ཀྱི་དོན་དུ་ཤེས་པར་བྱའོ། །བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་གླེང་གཞིའི་སྐབས་སུ་ལུས་དཀྱིལ་མདོར་བསྟན་ཙམ་འབྱུང་ལ། ལེའུ་བདུན་པར། སེན་མོ་བ་སྤུ་དེ་བཞིན་ཁམས། །ཁུ་བ་ལ་ནི་རྣམ་པར་གཟིགས། །ལྤགས་དང་ཁྲག་ལ་གཟི་བརྗིད་ཆེ། །ཚིལ་དང་རྐང་ལ་རྡོ་རྗེ་འཛིན། །ཐམས་ཅད་མགོན་པོ་རྣམ་སྣང་མཛད། །རྩ་དང་ཤ་ལ་བདུན་རྒྱལ་པོ། །འདི་རྣམས་ལྔ་ནི་སངས་རྒྱས་ལྔར། །རྡོ་རྗེ་མཁའ་འགྲོ་རྣམ་པར་བཤད། །ས་ཡི་ཁམས་ནི་རྣམ་དག་པ། །སྤྱན་ནི་འཁོར་ལོ་མཛེས་པར་ཉིད། །རྡོ་རྗེའི་བཙུན་མོ་དང་པོ་སྟེ། །པདྨའི་བུ་མོ་ཚ་བ་ཉིད། །སྒྲོལ་མ་རླུང་ནི་རྣམ་དག་པ། །ཞེས་རིགས་ལྔ་ཡབ་ཡུམ་གྱི་ལུས་ཀྱི་ཁམས་དག་ཚུལ་དང༌། ལེའུ་བརྒྱད་པར། ནང་གི་སྐྱེ་མཆེད་ལ་ལྷ་དགོད་ཚུལ་ཅུང་ཟད་དང་བཅས་པ་གསུངས་ཤིང༌། ཕྱི་དཀྱིལ་གྱི་སྐབས་ནས་རིགས་ལྔའི་ཞལ་ཕྱག་རྣམས་གསུངས་པས་ཕན་འདོགས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་དཔལ་ཀྱེ་རྡོ་རྗེའི་རྒྱུད་གསུམ་ནས་ལུས་དཀྱིལ་གྱི་བསྒོམ་ཚུལ་གསལ་བར་གསུངས་པ་དེ། ས་དྲུག་པ་ལ་གནས་པའི་སེམས་དཔའ་ཆེན་པོ་དཔལ་བིརྺ་པའི་ཞབས་ཀྱི་གདམས་ངག་ཏུ། ལུས་ཀྱི་དཀྱིལ་འཁོར་མཐོང་ནས་རྟགས་བསྟན་པ་ཞེས་སོགས་དང༌། ལམ་བསྡུས་པར། དཀྱིལ་འཁོར་ལྔ་ལ་བཏུད་དེ་བསྐྲུན། །ཞེས་སོགས་སུ་དོན་བསྡུས་ནས་བསྟན་ཞིང༌། མན་ངག་མ་ཉམས་པར་གྲུབ་ཆེན་རྣམས་ཀྱི་སྙན་བརྒྱུད་དུ་གཏན་ལ་ཕབ་པ་ཡིན་ནོ། །མན་ངག་འདི་ཉིད་འཕགས་ཡུལ་གྱི་གྲུབ་ཆེན་ཕྱི་མ་རྣམས་ཀྱིས་ཇི་ལྟར་བཀྲལ་ན། གྲུབ་པའི་སློབ་དཔོན་ནག་པོ་པས། །བདག་ཉིད་ཆེན་པོ་རྒྱལ་བའི་སྐུ། །ཕྱི་རོལ་དེ་བཞིན་ནང་དེ་བཞིན། །དེ་བཞིན་གསང་བ་ཤེས་པར་བྱ། །རྐང་པ་བསྐྱོད་པ་མདོར་དྲོད་ཤེས། །ལྟོ་བ་རྟག་ཏུ་ཆུར་བསྟན་པས། །སྟོད་དུ་དབྱིབས་ཀྱི་གཞིར་ཤེས་བྱ། །འཁོར་ལོ་བདེ་བ་དེ་བཞིན་གནས། །བྷ་ག་ནམ་མཁའ་ཡིན་པའོ། །བཤང་ལམ་དྲག་གཏུམ་དུར་ཁྲོད་ཆེར། །གསང་གནས་དབྱིབས་ཅན་དེ་བཞིན་དུ། །རྣ་བ་དགོད་དང་གཡེར་ཁར་བརྗོད། །ཁ་ནི་ཚང་ཚིང་འབར་བ་སྣ། །མི་ཟད་དམྱལ་ཚོགས་མིག་ཏུ་བསྟན། །ཤི་རི་ཤིང་གི་དངོས་པོ་སྟེ། །མེ་ཏོག་དབང་པོ་འབྲས་བུར་བཅས། །ཀ་བ་གཅིག་དང་སྒོ་དགུར་ལྡན། །བདག་མེད་ཧེ་རུ་ཀ་བདེ་བ། །ཐབས་དང་ཤེས་རབ་ཡེ་ནས་འབྲེལ། །ཉི་ཟླ་གཡས་དང་གཡོན་གྱི་སྟེང༌། །གཉིས་མེད་འབྲེལ་པས་རྟག་ཏུ་ཕྲ། །ཞེས་རྟེན་གཞལ་ཡས་ཁང་ལུས་དཀྱིལ་དང༌། སྐུ་དང་ཕྱག་རྒྱ་ཡུམ་གྱི་ཚོགས། །འབྲས་བུ་སྡེ་པ་སྐད་ཅིག་དགའ། །རང་བཞིན་ཉིད་དུ་རྟག་པར་གནས། །བཞི་གཉིས་ནས་བརྩམས་དྲུག་ཅུའི་བར། །དེ་སོགས་སྟོང་ཕྲག་བདུན་ཅུ་གཉིས། །དེ་ལས་རྒྱས་པར་བརྗོད་མི་ལང༌། །རང་བཞིན་སྤྲུལ་པར་རྒྱལ་བས་གསུང༌། །ཞེས་འབྱུང་ལ། དེའི་དོན་སྐུ་ནི་རིགས་ལྔ། ཕྱག་རྒྱ་ནི་ཡུམ་ལྔ། ཡུམ་གྱི་ཚོགས་ནི་རྩ་འདབ་ལ་གནས་པའི་ལྷ་མོ་བརྒྱ་ལྔ་བཅུ་རྩ་གཉིས་བསྟན་ལ། དེ་རྣམས་གང་དུ་དགོད་ན། གཞི་གཉིས་ཏེ་སྙིང་ག་ཆོས་འཁོར་རྩ་འདབ་བརྒྱད་དང༌། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་དང༌། དེ་གཉིས་ཀྱི་བར་ནས་མགྲིན་པར་བཅུ་དྲུག སྤྱི་བོ་དང་གསང་གནས་སུ་སོ་གཉིས་རེ་སྟེ། །ཕོ་བྲང་ལྔ་ལ་སྔར་གྱི་ལྷ་རྣམས་དགོད་པར་བཤད་པ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེའི་གླུའི་འགྲེལ་པར། མ་ལ་ཨ་ཛེ་ཞེས་བྱ་བ་ནི། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ཐམས་ཅད་འདུ་བའོ། །དཔའ་བོ་ཐམས་ཅད་ཀྱི་སྒྲས་ནི་རྟག་པ་ལ་སོགས་པ་འཁོར་ལོས་སྒྱུར་བ་དྲུག་གོ །དཔའ་མོའི་དབང་ཕྱུག་མ་ཐམས་ཅད་ཀྱི་སྒྲས་ནི་གཏི་མུག་རྡོ་རྗེ་མ་ལ་སོགས་པ་འཁོར་ལོས་སྒྱུར་མ་དྲུག་གོ །ཇི་སྲིད་རྡུལ་ཕྲ་རབ་དང་མཉམ་པ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་དེའི་བདག་ཉིད་ལས་སྐྱེས་པ་དཔའ་བོ་དེ་རྣམས་ཐམས་ཅད་སྒྲུབ་པ་པོ་རང་གི་ལུས་ཀྱི་ནང་དུ་བསྒོམ་མོ། །ཞེས་འབྱུང་ལ། དེའི་དོན། འཁོར་ལོས་སྒྱུར་བ་དྲུག་ནི། ཕོ་བྲང་ལྔའི་དབུས་ཀྱི་རིགས་ལྔ་དེ་རྣམས་ཀྱི་དབུ་རྒྱན་རྡོ་རྗེ་སེམས་དཔའ་དང་དྲུག་ཡིན་ལ། རྡུལ་ཕྲ་རབ་དང་མཉམ་པ་ནི། རྩ་རྒྱུད་ཕྱི་མར། རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣལ་འབྱོར་མ་ཞེས་བཤད་པའི་དོན་ལྟར། ལུས་ཀྱི་རྩ་རྣམས་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་སུ་བསྐྱེད་པ་ཟིན་པ་ཡིན་ལ། དེ་རྣམས་ཀྱང་སྒྲུབ་པ་པོ་པི་ཙུ་བཛྲ་བསྐྱེད་པའི་ལུས་ལ་དགོད་པར་འགྲེལ་པ་དེ་ཉིད་དུ་བཤད་དོ། །དེ་བཞིན་དུ་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་ངག་དབང་གྲགས་པ་དང༌། རྒྱལ་བ་མངའ་བདག་མཻ་ཏྲི་པ་གཉིས་ཀྱི་མན་ངག་བརྒྱུད་པ་ལས་ཀྱང་མན་ངག་འདི་དང་ཕལ་ཆེར་འདྲ་བའི་ཀྱེ་རྡོ་རྗེའི་ལུས་དཀྱིལ་འབྱུང་བ་དང༌། རྗེ་ཞྭ་མ་ལྕམ་སྲིང༌། མཁས་པ་མང་ལམ་པ། བླ་མ་ཀོ་བྲག་པ་ལ་སོགས་པ་མཁས་པ་དང་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་རབ་ཏུ་མང་པོ་རྣམས་ཀྱིས་ཐོས་བསམ་གྱིས་གཏན་ལ་ཕབ་ཅིང་ཡི་གེར་བཀོད་པའི་བསྟན་བཅོས་མང་དུ་མཛད་པ་ཡིན་ནོ། །བྱེ་བྲག་ཏུ་ས་དྲུག་གི་དབང་ཕྱུག་དཔལ་བིརྺ་པའི་སྲོལ་འཛིན་གྲུབ་ཆེན་དགྲ་ལས་རྣམ་རྒྱལ་གྱིས་གསལ་བར་བཤད་དེ། ཇི་སྐད་དུ། རྣལ་འབྱོར་ཆེ་མཆོག་རང་གི་ལུས། །གྲུབ་པའི་དཀྱིལ་འཁོར་སྐད་ཅིག་ལྟ། །ལྟེ་བར་དྲུག་ཅུ་བཞི་ཡི་རྩ། །ས་ཡི་རང་བཞིན་སྤྱན་མ་སེར། །ལས་ཀྱི་ཕྱག་རྒྱའོ། །སྙིང་གར་བརྒྱད་ཀྱི་རྩ་རྣམས་ལས། །རྡོ་རྗེ་བཙུན་མོ་མཱ་མ་ཀཱི། །མདོག་སྔོ་གྲི་གུག་ཐོད་པ་འཛིན། །གར་གྱིས་ལེགས་རོལ་ཆུ་ཡི་ཁམས། །ཆོས་ཀྱི་ཕྱག་རྒྱའོ། །མགྲིན་པའི་འཁོར་ལོ་ལོངས་སྤྱོད་ཆེ། །བཅུ་དྲུག་རྩ་ལས་གོས་དཀར་མོ། །མེ་ཁམས་རྣམ་དག་ཁ་དོག་དམར། །ཞལ་གཅིག་ཕྱག་གཉིས་མཛེས་པ་མ། །ཕྱག་རྒྱ་ཆེན་པོའོ། །གསང་བར་པདྨ་སུམ་ཅུ་གཉིས། །སྒྲོལ་མ་ལྗང་སྔོ་རླུང་གི་ཁམས། །སྟེང་གི་བདེ་ཆེན་འཁོར་ལོ་ལ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །སུམ་ཅུ་གཉིས་ལྡན་ཁ་དོག་དཀར། །བདེ་ཆེན་ནམ་མཁའ་ཉིད་དུ་བརྗོད། །དམ་ཚིག་གི་ཕྱག་རྒྱའོ། །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །འཁོར་ལོའི་དབུས་སུ་རོལ་ཞིང་གནས། །ཞལ་མདོག་མཚན་མ་ལ་སོགས་པ། །ཇི་ལྟར་རྒྱུད་ལས་གསུངས་བཞིན་བསྒོམ། །རྒྱལ་ཆེན་འཁོར་ལོས་སྒྱུར་བ་ལྔ། །བདེ་བ་དམ་པའི་ཡུམ་དང་བཅས། །གཡས་བརྐྱངས་པ་ཡི་རོལ་པའི་སྐུ། །འཁོར་ལོ་མདོག་མཚུངས་ཞལ་གཅིག་པ། །འཁོར་ལོ་པདྨ་རྡོ་རྗེ་དང༌། །རིན་ཆེན་རལ་གྲི་གཡས་ན་སྟེ། །གཡས་མིན་པར་ནི་དྲིལ་བུའོ། །ཀུན་གྱི་དབང་བསྐུར་གནས་སུ་ནི། །རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །ཤེས་རབ་མ་དང་མཉམ་སྦྱོར་བ། །རྡོ་རྗེ་དྲིལ་བུ་འཛིན་པ་བསྒོམ། །མིག་དང་རྣ་བ་སྣ་དང་ནི། །ལྕེ་ལུས་ཡིད་ལ་ས་སྙིང་པོ། །རྡོ་རྗེ་འཛིན་དང་མཁའ་ཡི་སྙིང༌། །འཇིག་རྟེན་དབང་ཕྱུག་སྒྲིབ་སེལ་དང༌། །ཀུན་ཏུ་བཟང་རྣམས་རིགས་དྲུག་གི །མདོག་དང་མཚན་མ་ཇི་བཞིན་དུ། །ལྔ་པ་སྣ་ཚོགས་རྡོ་རྗེ་སྟེ། །རལ་གྲི་དག་ནི་སྤངས་པའོ། །ལས་ཀྱི་ཕྱག་རྒྱའོ། །དེ་བཞིན་གཟུགས་སྒྲ་དྲི་དང་རོ། །རེག་དང་ཆོས་ཀྱི་ཁམས་རྣམས་ལ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག །བདག་པོའི་མདོག་ཅན་ཕྱག་གཉིས་མ། །མེ་ལོང་པི་ཝང་དྲི་རོའི་སྣོད། །ན་བཟའ་ཆོས་འབྱུང་འཛིན་པའོ། །ཆོས་ཀྱི་ཕྱག་རྒྱའོ། །ལག་པ་གཡས་པ་གཤིན་རྗེའི་གཤེད། །གཡོན་པ་ཤེས་རབ་མཐར་བྱེད་དོ། །བཤང་སྒོར་པདྨ་མཐར་བྱེད་དོ། །བགེགས་མཐར་བྱེད་པ་གསང་གནས་སུའོ། །དཔུང་གཡས་མི་གཡོ་གཡོན་འདོད་རྒྱལ། །པུས་མོ་གཡས་ནི་དབྱུག་སྔོན་ཅན། །གཡོན་པ་ལ་ནི་སྟོབས་པོ་ཆེ། །གཙུག་ཏོར་ཅན་ནི་སྤྱི་བོར་སྟེ། །རྐང་མཐིལ་དག་ལ་གནོད་མཛེས་སོ། །ཀུན་ཀྱང་ཁ་དོག་ནག་པོ་སྟེ། །གཉིས་དང་གསུམ་པ་དཀར་དམར་པོ། །ཐོ་བ་བེ་ཅོན་པད་བཟང་པོ། །རྡོ་རྗེ་རལ་གྲི་ལྕགས་ཀྱུ་དང༌། །དབྱིག་པ་རྩེ་གསུམ་ཆོས་འཁོར་ལོ། །གཏུན་ཤིང་རྣམས་ནི་གཡས་ན་སྟེ། །གཡོན་ཀུན་སྡིགས་མཛུབ་མཛད་པའོ། །ཕྱག་རྒྱ་ཆེན་པོའོ། །ཁྲོ་བོ་རྣམས་ལ་འཁྱུད་པའི་ཡུམ། །བདེ་བའི་རང་བཞིན་ཁྲོ་མོ་བཅུ། །རང་གི་ཡབ་དང་འདྲ་བ་སྟེ། །ལྷ་མོའི་ཆ་ལུགས་འཛིན་པ་མ། །དམ་ཚིག་གི་ཕྱག་རྒྱའོ། །ཐམས་ཅད་རྩ་ལས་སྐྱེས་པའི་དངོས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཆོག །མཁས་པས་རང་གི་ལུས་ཉིད་ལ། །དངོས་གྲུབ་རྒྱུར་ནི་འབད་པས་བསྒོམ། །གཞན་ཡང་རྡོ་རྗེའི་ས་གཞི་ནི། །རྐང་མཐིལ་གཉིས་ཡིན་རྩིབས་རུས་རྣམས། །རྡོ་རྗེའི་རྭ་བ་རྒྱས་པ་སྟེ། །ཀུན་གཡོགས་རྡོ་རྗེའི་དྲྭ་བའོ། །མེ་ནི་སེན་མོ་ཉི་ཤུ་དང༌། །ཇི་ལྟར་སྣ་ཚོགས་རྡོ་རྗེ་ནི། །མ་ལུས་བསྐྱེད་ཅིང་སྤྲོ་བྱེད་པ། །སྤྱི་བོར་གནས་པའང་དེ་བཞིན་ནོ། །ལས་ཀྱི་ཕྱག་རྒྱའོ། །གཏུམ་དྲག་བཤང་གི་དབྱིབས་ཅན་ཏེ། །གསང་བ་ཚང་ཚིང་ཁ་རུའོ། །འབར་བ་ཞེས་བྱའི་དུར་ཁྲོད་ནི། །སྣ་ཡི་བུ་ག་གཉིས་ན་གནས། །དམྱལ་ཚོགས་དེ་བཞིན་མི་བཟད་པའོ། །མིག་གཉིས་ལ་ནི་གནས་པའོ། །ཧ་ཧར་རྒོད་དང་གཡེར་ཁ་ཅན། །རྣ་བ་གཉིས་ན་གནས་པའོ། །ཆོས་ཀྱི་ཕྱག་རྒྱའོ། །རྐང་པའི་རླུང་ནི་རླུང་ཆེན་པོ། །སུམ་མདོ་མེ་སྟེ་ལྟོ་བ་ཆུ། །བྲང་ནི་ས་རུ་ཤེས་བྱ་སྟེ། །སྒལ་ཚིགས་རི་རབ་ཏུ་བརྗོད་དོ། །ཕྱག་རྒྱ་ཆེན་པོའོ། །ལུས་ཀུན་མཉམ་པ་གྲུ་བཞི་པ། །རྩ་ཡི་བུ་ག་སྒོ་བཞི་ཡིན། །ཀ་བ་བརྒྱད་པོ་རྐང་རྣམས་དང༌། །མིག་ནི་རྩིག་པ་ལྔ་རྣམས་སོ། །རྣ་བ་རྟ་བབས་སྣ་ཕ་གུ། །ལྕེ་ནི་མཆོད་པ་མཆུ་སྣམ་བུ། །སོ་ནི་དྲྭ་བ་ལ་སོགས་བརྒྱན། །མ་ལུས་པ་རུ་བསམ་པའོ། །དམ་ཚིག་གི་ཕྱག་རྒྱའོ། །ཞེས་རྟེན་དང་བརྟེན་པའི་ལུས་དཀྱིལ་ཐམས་ཅད་ཕྱག་རྒྱ་བཞིར་བསྡུས་ནས་གསལ་བར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་ཕྱག་རྒྱ་བཞིའི་གཞུང་དང༌། གསུང་ངག་རིན་པོ་ཆེའི་གདམས་ངག་གཉིས་གཅིག་ཏུ་འདོད་ན། གཞུང་དེར་བརྟེན་པ་ལུས་དཀྱིལ་ཐོག་མར་བསྒོམས་ནས། རྟེན་ལུས་དཀྱིལ་རྗེས་ལ་བསྒོམ་པ་འབྱུང་ལ། མན་ངག་ཏུ་དེ་གཉིས་གོ་བཟློག་ཏུ་འབྱུང་བས་གོ་རིམ་མི་མཐུན་ནོ་སྙམ་ན། མི་འགལ་ཏེ། དཔེར་ན་བདེ་མཆོག་ལོ་ཧི་པའི་སྐབས་སུ། སློབ་དཔོན་དཱ་རི་ཀ་པས། རྟེན་ལུས་དཀྱིལ་ཐོག་མར་བསྒོམ་ཞིང༌། བརྟེན་པ་ལུས་དཀྱིལ་རྗེས་ལ་བསྒོམ་པར་བཤད་ལ། སློབ་དཔོན་དེ་བཞིན་གཤེགས་པའི་རྡོ་རྗེས་ཐོག་མར་བརྟེན་པ་ལུས་དཀྱིལ་དང༌། རྗེས་ལ་རྟེན་ལུས་དཀྱིལ་བསྒོམ་པར་བཤད་པ་གཉིས་དོན་ལ་འགལ་བ་མེད་པས། གང་བྱས་ཀྱང་རུང་བར་བཞེད་པ་བཞིན། འདིར་ཡང་གོ་རིམ་གང་བྱས་ཀྱང་དོན་ལ་འགལ་བ་ཅུང་ཟད་ཀྱང་མེད་པར་ཤེས་པར་བྱའོ། །ཡང་གཞུང་དུ་གཙོ་བོ་ལྔ་རྒྱུད་ལས་གསུངས་པ་བཞིན་བསྒོམ་པར་བཤད་ལ། གདམས་ངག་ཏུ་ཞལ་གཅིག་ཕྱག་གཉིས་པར་བཤད་པས་འགལ་ལོ་ཞེ་ན་མི་འགལ་ཏེ། གཞུང་གི་དོན་དམིགས་པ་མང་པོ་བསྒོམ་ནུས་ན། རྡོ་རྗེ་གུར་ལས་བཤད་པའི་རིགས་ལྔ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་རྣམས་ཕོ་བྲང་ལྔའི་དབུས་སུ་བསྒོམ་པར་སྟོན་ལ། དེ་བཞིན་དུ་གསུང་ངག་རིན་པོ་ཆེའི་བླ་མའི་རྣལ་འབྱོར་གྱི་སྐབས་དང་སྐབས་གཞན་དུ་ཡང་འབྱུང་ངོ༌། །རྒྱུན་གྱི་ཉམས་ལེན་ལ་དམིགས་པ་ཉུང་བའི་དབང་དུ་བྱས་ནས། ཞལ་གཅིག་ཕྱག་གཉིས་པ་བསྒོམ་པར་གཞུང་ནས་དངོས་སུ་འབྱུང་བས་འགལ་བ་ཅི་ཡང་མེད་པ་ཡིན་ནོ། །ཡང་གཞུང་དུ་མིག་ལ་སོགས་ལ་སེམས་དཔའ་དྲུག་དགོད་པར་བཤད་ལ། གདམས་ངག་ཏུ་མིག་ཏུ་གཏི་མུག་རྡོ་རྗེ་སོགས་དགོད་པས་འགལ་ལོ་སྙམ་ན་མི་འགལ་ཏེ། གདམས་ངག་ཏུ་འདི་གཉིས་འདམ་ག་ཅན་དུ་བཤད་ཅིང༌། རྡོ་རྗེ་གུར་ལེའུ་བརྒྱད་པར། གཏི་མུག་རྡོ་རྗེ་རབ་སྦྱོར་བས། །མིག་གི་རྣམ་པར་ཤེས་པ་སྦྱོང༌། །ཞེ་སྡང་རྡོ་རྗེ་བསམ་པ་ཡིས། །སྒྲ་ཡི་སྒོ་ཡི་བསམ་པའོ། །སྣ་ནི་སེར་སྣ་རྡོ་རྗེ་ཡིས། །རོ་དྲུག་འདོད་ཆགས་རྡོ་རྗེ་ཡིས། །ལུས་ནི་ཕྲག་དོག་རྡོ་རྗེ་ཡིས། །ཡིད་ལ་ཀུན་ཏུ་བཟང་པོ་ཡིས། །དེ་ཉིད་མཁའ་འགྲོ་བདག་མེད་མ། །འདི་རྣམས་ཀྱིས་ནི་ཐམས་ཅད་སྦྱོང༌། །ཞེས་ཀུན་བཟང་དང་བདག་མེད་མ་གཉིས་གཅིག་པར་བཤད་པའི་རིགས་པས་གཞན་རྣམས་ལུགས་གཉིས་གང་བཀོད་ཀྱང་འགལ་བ་མེད་དོ། །ཡང་གཞུང་དེར་རང་གི་ཡུལ་དྲུག་ལ་གཟུགས་རྡོ་རྗེ་མ་སོགས་དགོད་པར་བཤད་ལ། གདམས་ངག་ཏུ་གཽ་རཱི་སོགས་དྲུག་དགོད་པར་བཤད་པས་འགལ་ལོ་སྙམ་ན་མི་འགལ་ཏེ། འདི་གཉིས་ཀྱང་གདམ་ག་ཅན་དུ་གདམས་ངག་ཏུ་གསུང་ཞིང༌། བླ་མ་མཁས་པ་ཕྱི་མ་དག་གིས་ཀྱང༌། གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་འཛིན་པ་སོགས་བཤད་པས་འགལ་བ་མེད་དོ། །ཡང་གཞུང་དུ་ཁྲོ་བོ་བཅུ་ལ་རང་འདྲའི་ཡུམ་ཡོད་པར་བཤད་ལ། གདམས་ངག་ཏུ་ཡུམ་མ་བཤད་པས་འགལ་ལོ་སྙམ་ན་མི་འགལ་ཏེ། རྒྱུན་གྱི་ཉམས་ལེན་ལ་དམིགས་པ་ཉུང་བ་དང༌། ཁྲོ་བོ་བཅུར་ཀྱེ་རྡོར་གྱི་གཞུང་ཕལ་ཆེ་བ་ནས་ཡུམ་དངོས་སུ་གསལ་པོར་མ་བཤད་པས་དེ་དང་མཐུན་པར་བྱས་པ་ཡིན་ལ། ཡུམ་དང་བཅས་པར་སྒོམ་ནུས་ན། རྗེ་བཙུན་རིན་པོ་ཆེ་རྡོ་རྗེ་འཆང་གཉིས་པས། ཁྲོ་བཅུ་ཡུམ་དང་བཅས་པར་ཡང་གུར་རྒྱན་དུ་གསུངས་པས་འགལ་བ་མེད་དོ། །ཡང་གཞུང་དུ། བུ་ག་དགུ་ལ་དུར་ཁྲོད་བརྒྱད་དགོད་པར་བཤད་ལ། གདམས་ངག་ཏུ་མ་བྱུང་བས་འགལ་ལོ་སྙམ་ན་མི་འགལ་ཏེ། དུར་ཁྲོད་བརྒྱད་ལུས་ཀྱི་བུ་ག་དགུ་ལས་བསྐྱེད་ཚུལ་གསུང་ངག་རིན་པོ་ཆེའི་གཞུང་བཤད་དུ་མར་བཤད་པའི་ཕྱིར་རོ། །དེས་ན་ས་དྲུག་གི་དབང་ཕྱུག་དཔལ་བིརྺ་པའི་གདམས་ངག་ཏུ་བཤད་པའི་ལུས་དཀྱིལ་དང་ཕྱག་རྒྱ་བཞིའི་གཞུང་ལས་བཤད་པ་གཉིས་མི་མཐུན་པ་ཅུང་ཟད་ཀྱང་མེད་ཅིང༌། དེ་དག་ཀྱང་དཔལ་སམྦུ་ཊའི་རྒྱུད་དོན་དུ་སྣང་བས། རྒྱུད་གཞུང་མན་ངག་གསུམ་དོན་གཅིག་ཏུ་ལེགས་པར་འཆད་ཤེས་པ་དང༌། རྣལ་འབྱོར་འདི་ལྟ་བུ་ལ་ཐུན་བཞིའི་ཚུལ་དུ་ཉམས་སུ་ལེན་པ་ནི་དལ་འབྱོར་གྱི་རྟེན་དོན་ཡོད་པ་འབའ་ཞིག་ཏུ་ངེས་པས། སྐལ་བཟང་རྣམས་དགའ་བ་བསྐྱེད་པར་མཛད་དུ་གསོལ། གསུམ་པ་ནི། ཕྱི་རྒོལ་ཁྱེད། འདུས་པ་འཕགས་ལུགས་ཀྱི་ཆོས་སྐོར་ཤེས་པར་ཁས་ལེན་མོད། འོན་ཀྱང་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བའི་ལེའུ་དྲུག་ཅུ་རྩ་བདུན་པར། ཡུལ་ཉི་ཤུ་རྩ་བཞི་དང་ནང་གི་གནས་ཉི་ཤུ་རྩ་བཞི་སྦྱར་བ་བདེ་མཆོག་གི་ལུས་དཀྱིལ་ལྟ་བུ་ཡང་བཤད་ལ། ལེའུ་དྲུག་ཅུ་རྩ་གསུམ་པར་གསང་བ་འདུས་པ་ཉིད་ཀྱི་ལུས་དཀྱིལ་གསལ་བར་བཤད་དོ། །ལེའུ་བཅུ་བདུན་པར་ཀྱེ་རྡོ་རྗེའི་ལུས་དཀྱིལ་འདི་དང་ཆ་འདྲ་བར་གསུངས་ཏེ། ཇི་སྐད་དུ། འཁོར་ལོའི་གྲངས་ཀྱི་དབྱེ་བ་ཡིས། །ཇི་བཞིན་རྨད་དུ་བྱུང་བའི་མཆོག །འཁོར་ལོ་དྲུག་པ་རྟེན་བཅུ་དྲུག །ལུས་ལ་ལྷ་ཡི་གཞལ་ཡས་ཁང༌། །རྣལ་འབྱོར་ཇི་བཞིན་གནས་ཇི་བཞིན། །ཞེས་ལུས་གཞལ་ཡས་ཁང་དུ་བསྐྱེད་ཚུལ་མདོ་ཙམ་དང༌། །རླུང་གི་འཁོར་ལོ་གནས་པའི་རྩ། །འདབ་དྲུག་རླུང་གི་མཁའ་ལ་སྤྱོད། །འདབ་གསུམ་མེ་ཡི་འཁོར་ལོར་བཤད། །རྩ་གསུམ་ནས་ནི་རིམ་གྱིས་འཆར། །དེ་བཞིན་ལོངས་སྤྱོད་འཁོར་ལོ་ཡང༌། །རྩ་ནི་བཅུ་དྲུག་ཡང་དག་བརྗོད། །ཆོས་ཀྱི་འཁོར་ལོར་གནས་པའི་རྩ། །བརྒྱད་ནི་ཀུན་ལ་ཁྱབ་པའོ། །དེ་བཞིན་སྤྲུལ་པའི་འཁོར་ལོ་ཡང༌། །དྲུག་ཅུ་རྩ་བཞིར་འཆར་བར་བཤད། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །རྩ་ནི་སུམ་ཅུ་རྩ་གཉིས་སུ། །དེ་ལྟར་མདོར་བསྡུས་རིམ་པ་ཡང༌། །བརྒྱ་དང་སུམ་ཅུ་གཅིག་ལྷག་པ། །རྩ་རྣམས་སུ་ནི་ཡང་དག་བཤད། །ཅེས་གསང་གནས་སུ་རླུང་འཁོར་ལ་འདབ་མ་དྲུག སུམ་མདོར་མེ་འཁོར་ལ་གསུམ། ལྟེ་བར་སྤྲུལ་འཁོར་ལ་རེ་བཞི། སྙིང་གར་ཆོས་འཁོར་ལ་བརྒྱད། མགྲིན་པར་ལོངས་སྤྱོད་འཁོར་ལོ་ལ་བཅུ་དྲུག སྤྱི་བོར་བདེ་ཆེན་འཁོར་ལོ་ལ་སོ་གཉིས་རྣམས་རྩའི་མིང་དང་བཅས་པ་བཤད་ནས།    རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*