༼ཁ༽༄༅། །ཛཡེནབིམལཾབྱཱཀརཎོབཛྲདྷརཱནནྡབྷདཔཱདསྱཔྲཝཙནཾདྭིཔུསྟཀོཤྲཱིཧེབཛྲསྱསཱདྷནོདཱརཾབྷཱཥནོརྤཱདཱནུ། ཀྲམམརྨསྱནྟུརསྨིནཱམབིཛཧརཏིསྨ།།
༄༅། །རྒྱལ་བས་དྲི་མེད་ལུང་གིས་བསྔགས་པའི་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞབས་ཀྱི་གསུང་རབ་གླེགས་བམ་གཉིས་པ་ལས་དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭསྟི་སིདྡྷཾ། ཤྲཱིཧེབཛྲསྱསཱདྷནོདཱརཾབྷཱཥཎོཏྤཱདཱནུཀྲམམརྨསྱེནྡུརསྨིནཱམ། ནམོབྷཊྚཱརཀསྶངྒུརཱུཎཱམྤཱདཱཡཤིརསཱབྷཀྟིནཱ།
༈ །ཨོཾ་སྭསྟི་སིདྡྷཾ། དཔལ་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ཞེས་བྱ་བ། རྗེ་བཙུན་བླ་མ་དམ་པ་རྣམས་ཀྱི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །«སྡེབ་སྦྱོར་མཉམ་པའི་བྲྀཏྟ་ཡི་གེ་བཅུ་གཉིས་པ་སྐྱེ་འགྲོ་ལ་སྤྱིར་ངོ་མཚར་རྟོགས་བྱེད་ཀྱི་རྣམ་གྲངས་སྟོང་ཕྲག་བཞི་དང་གོ་དྲུག་མཆིས་པའི་ནང་གསེལ་གཞུང་གིས་དངོས་སུ་མ་ཟིན་པ་ཉིས་བརྒྱ་དགུ་པ་ནས་རྙེད་པའི་པྲསྟཱ་རས་བཅིངས་པའོ།།»
ཡསྱཔྲཛྙཱསཧསྲདྷརེཎཱཾཤྭཱཏྨསྶརྦཱཛྙཱནཾམཏེསྟམཡནྟཀྲྀཏྭམྲ། སཾམཏྱུཏྤཱདཀཱརྻབྷཝཏྭཱལོཀོམཉྫུརྒྷོཥཱཏྨསངྒུརུནཱརཱཀྵིཏྱཿ
གང་གི་མཁྱེན་རབ་འོད་སྟོང་བདག་པོ་ཡིས། །བདག་བློའི་མི་ཤེས་མུན་པ་ཀུན་བསལ་ནས། །ཡང་དག་བློ་གྲོས་སྣང་བ་བསྐྱེད་མཛད་པ། །འཇམ་དབྱངས་བླ་མས་བདག་ཅག་སྐྱོང་གྱུར་ཅིག །གང་སྐུ་འཇིགས་རུང་ཁྲོ་བར་གནས་ཀྱང་མ་ལུས་འགྲོ་བའི་ཁྲོ་བ་འཇོམས། །དེ་གསུང་དྲེགས་པའི་ང་རོ་སྒྲོགས་ཀྱང་སྟོབས་ལྡན་བདུད་བཞིའི་དྲེགས་པ་འདུལ། །ཁྱོད་ཐུགས་སྤྲོས་པས་ཀུན་ནས་དབེན་ཡང་སྲིད་གསུམ་སྤྲོས་མེད་སྙིང་རྗེས་སྐྱོབ། །ཁྲོ་ཆགས་རྣམ་ལྔའི་རོལ་པར་བཞུགས་ཀྱང་དུག་ལྔ་འཇོམས་ལ་བདག་ཕྱག་འཚལ། །རྒྱུད་སྡེའི་དཀྱིལ་འཁོར་རིམ་གཉིས་ཆ་ཤས་རྫོགས། །སྤངས་རྟོགས་ཡོན་ཏན་དུ་མའི་འོད་དཀར་འཕྲོ། །ཕྲིན་ལས་རི་དྭགས་མཚན་མས་ཉེར་མཛེས་པ། །དཔལ་ལྡན་མི་ཐུབ་ཟླ་བའི་ཞབས་ལ་འདུད། །བདུད་རྩི་འཚོ་བྱེད་ལྷ་དབང་མིན་ཀྱང་རིམ་གཉིས་བདུད་རྩིའི་ཟས་ལ་རོལ། །འདོད་དགུའི་དཔལ་སྟེར་ནོར་བུ་མིན་ཀྱང་གདུལ་བྱའི་འདོད་དགུའི་རེ་བ་སྐང༌། །ཆུ་ཀླུང་ཀུན་འདུས་རྒྱ་མཚོ་མིན་ཀྱང་ལེགས་བཤད་ཆུ་གཏེར་ས་སྐྱ་པ། །སྣང་བའི་དཔལ་བསྐྱེད་རྟ་བདུན་མིན་ཀྱང་ཐུབ་བསྟན་སྣང་བྱེད་མཁས་རྣམས་རྒྱལ། །གང་གིས་ཐོས་ན་རྣ་བའི་དཔལ་བསྐྱེད་ཅིང༌། །བསམས་ན་ལེགས་བཤད་སྣང་བ་འཕེལ་འགྱུར་ལ། །བསྒོམས་ན་རྡོ་རྗེ་འཛིན་པ་ཐོབ་ངེས་པའི། །སྒྲུབ་ཐབས་མཆོག་འདིའི་རྣམ་བཤད་བདག་གིས་བྲི། །འདིར་སྐལ་བ་དང་ལྡན་པའི་སྐྱེས་བུ་གང་དག་གཏིང་མཐའ་ཡས་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་བརྣག་པར་དཀའ་བའི་ལས་དྲག་པོས་ཤིན་ཏུ་ཉམ་ཐག་པར་བྱས་པའི་འགྲོ་བ་འདི་རྣམས་ཚེ་འདི་ཉིད་ལ། མྱ་ངན་ལས་འདས་པའི་སྐམ་སར་བདེ་བར་ཕྱིན་པར་བྱེད་པའི་ཐབས་ཐུན་མོང་མ་ཡིན་པ་ཚོལ་བར་བྱེད་པའི་གང་ཟག་དེ་དག་གིས་དོན་དུ་གཉེར་བར་བྱ་བའི་ལམ་ནི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་སྒོར་ཞུགས་ནས། མངོན་པར་དབང་བསྐུར་བའི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་དམ་ཚིག་དང་སྡོམ་པ་ཡང་དག་པར་བཟུང་ནས། རིམ་པ་གཉིས་ཡན་ལག་དང་བཅས་པ་ལ་བརྩོན་འགྲུས་དྲག་པོས་རྣལ་འབྱོར་དུ་བྱེད་པའི་ལམ་འདི་ཁོ་ན་ཡིན་ལ། ལམ་གྱི་རིམ་པ་དེ་ཡང༌། རྡོ་རྗེ་འཆང་ཆེན་པོས་གདུལ་བྱ་སོ་སོའི་ཁམས་དང་མཐུན་པར་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་ཚུལ་མི་འདྲ་བ་དུ་མ་ཞིག་བཀའ་སྩལ་པ་ལས་འདིར་ཀུན་རྫོབ་ཏུ་ཤེས་རབ་ཀྱི་རྒྱུད་གཙོ་ཆེ་ཞིང༌། དོན་དམ་པར་ན་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་བརྟག་པ་གཉིས་པ་ལས་གསུངས་པའི་བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་འདི་བཤད་པར་བྱ་བ་ལ་སྤྱི་དོན་གསུམ་སྟེ། སྒྲུབ་ཐབས་འདི་ལམ་སྲོལ་གང་གི་ཕྱོགས་སུ་གཏོགས་ངོས་བཟུང་བ། ངོས་ཟིན་པའི་སྒྲུབ་ཐབས་ཀྱི་མཚན་གྱི་དོན། མཚན་དེ་དང་ལྡན་པའི་སྒྲུབ་ཐབས་དངོས་སོ། །དང་པོ་ལ་གསུམ། སྤྱིར་འཕགས་ཡུལ་གྱི་སྲོལ་ཇི་ཙམ་ཡོད་ཚུལ། དེ་ལས་བོད་ཀྱི་བླ་མ་རྣམས་གང་གི་རྗེས་སུ་འབྲངས་དཔྱད་པ། བྱེ་བྲག་ཏུ་སྙིང་པོར་གྱུར་པའི་ལམ་སྲོལ་ངོས་བཟུང་བའོ། །དང་པོ་ནི། ལམ་གྱི་ལུས་ཡོངས་སུ་རྫོགས་པའི་ཤིང་རྟའི་སྲོལ་ཆེན་པོ་དྲུག་ཡོད་དེ། གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེས་ཐོག་མར་སློབ་མ་སྨིན་བྱེད་ཀྱི་ལམ་སྟོན་པ་དཀྱིལ་འཁོར་གྱི་ཆོ་ག་ནས་གླིང་མར་གྲགས་པ་དང༌། གྲོལ་ལམ་བསྐྱེད་པའི་རིམ་པ་སྒྲུབ་ཐབས་མཚོ་སྐྱེས། རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག དེ་རྣམས་ཀྱི་ལམ་གྱི་ཡན་ལག་ཏུ་ཚོགས་འཁོར་དམ་ཚིག་ལྔ་པ། སྦྱིན་སྲེག་གི་ཆོ་ག བསྟོད་པ་ཉི་ཤུ་པ། དེ་ཐམས་ཅད་ཀྱི་རྒྱབ་བརྟེན་དུ་རྩ་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན་རྣམས་མཛད་ལ། དེའི་སློབ་མ་སློབ་དཔོན་ཨིནྡྲ་བྷཱུ་ཏིས། སམྦུ་ཊའི་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་དང༌། རྡོ་རྗེ་གུར་གྱི་དཀའ་འགྲེལ་ཞལ་ནས་བརྒྱུད་པ་ཞེས་བྱ་བ་མཛད། འདི་དང་གུར་བརྟག་པ་དང་པོའི་བཤད་སྦྱར་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་གཉིས་འགྱུར་ཁྱད་ཙམ་མ་གཏོགས་ཁྱད་པར་ཅུང་ཟད་ཀྱང་མི་སྣང་ངོ༌། །སྲོལ་འདི་ནི་ཕྱིས་ཀྱི་པཎྜི་ཏ་སྙན་གྲགས་བཟང་པོ་དང༌། གཉིས་མེད་རྡོ་རྗེ་ལ་སོགས་པ་རྒྱ་གར་བ་མང་པོས་ཚད་མར་བྱེད་པས་རྩོད་པ་དང་བྲལ་བའི་ལམ་དུ་སྣང་ངོ༌། །ཡང་གྲུབ་ཆེན་མི་ཐུབ་ཟླ་བས་སྨིན་བྱེད་ཀྱི་ཆོ་ག་དཀྱིལ་ཆོག་བཟང་པོ་ཡོངས་བཟུང༌། གྲོལ་ལམ་བསྐྱེད་རིམ་ལ་རིགས་ལྔ་ཆར་གྱི་སྒྲུབ་ཐབས་སྟོན་པ། གུར་རིགས་བསྡུས་ཀྱི་མངོན་རྟོགས། བྱེ་བྲག་ཏུ་མི་བསྐྱོད་པའི་རིགས་ཅན་རྣམས་ལ་ཀྱེ་རྡོ་རྗེ་ཡབ་ཀྱི་སྒྲུབ་ཐབས་ཡན་ལག་དྲུག་པ། ཡུམ་བདག་མེད་མའི་མངོན་རྟོགས། སྒྲུབ་ཐབས་གསུམ་ཆར་ལ་འཇུག་པའི་གཏོར་མའི་ཆོ་ག་རྣམས་དང༌། རྫོགས་རིམ་ལ་གཏུམ་མོའི་འགྲེལ་ཆུང་མཛད་ཅེས་རྗེ་བཙུན་ཆེན་པོས་བཤད་ལ། ད་ལྟ་ཡོད་པའི་གཏུམ་མོའི་འགྲེལ་ཆུང་གི་མཇུག་ན་རྣལ་འབྱོར་གྱི་དབང་ཕྱུག་རཏྣ་ཤྲཱི་ཛྙཱ་ནས་མཛད་ཟེར་བ་སྣང་བ་ལ། མཆན་རྙིང་པར་དོན་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ་ཡིན་པ་ལ། བླ་མ་བསོད་སྙོམས་པའི་མཚན་བཅུག་པའོ། །ཞེས་བྲིས་པ་ནི་མི་འཐད་དེ། བསོད་སྙོམས་པའི་མཚན་ནི། རྗེ་བཙུན་རྩེ་མོས། ཛ་ཡ་ཤྲཱི་ཤཱནྟི་ཞེས་བཤད་པ་དང་འགལ་ཞིང༌། ཀུ་མུ་ཏིར་བཤད་པའི་གཏུམ་མོ་དང་འདི་གཉིས་མི་མཐུན་ལ། འདི་ནས་བཤད་པའི་གཏུམ་མོ་དང༌། སློབ་དཔོན་ནག་པོ་པའི་ཨོ་ལ་པ་ཏི་གཉིས་དོན་གཅིག་ཏུ་སྣང་བས། སློབ་དཔོན་འདིས་མཛད་པ་མིན་མོད། འོན་ཀྱང་ཨོ་ལ་པ་ཏི་ཀྱེ་རྡོར་དང་བདེ་མཆོག་ཐུན་མོང་བའི་རྫོགས་རིམ་གྱི་གཞུང་ཡིན་པས། དེའི་དོན་བསྡུས་ནས་རྗེ་བཙུན་ག་ཡ་དྷ་རས་མཛད་པ་ཡིན་ལ། རཏྣ་ཤྲཱི་ཛྙཱ་ན་ཡང་ག་ཡ་དྷ་རའི་མཚན་ཡིན་ནོ། །དེ་དག་གི་རྒྱབ་བརྟེན་དུ་དཀའ་འགྲེལ་ཀུ་མུ་ཏི་རྣམས་མཛད་དོ། །ལུགས་འདི་ནི་རྗེ་བཙུན་བིརྺ་པའི་བཞེད་པ་ཡིན་པས། བརྩོན་འགྲུས་ཅན་ཚེ་འདི་ཉིད་ལ་འཚང་རྒྱ་བ་ལ་མི་དགོས་ཁ་མེད་ཀྱི་ལམ་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཡང་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ་ལྟ་བུ་སློབ་དཔོན་ཤཱནྟི་པས་བསྐྱེད་རིམ་ལ་ཡབ་ཀྱི་སྒྲུབ་ཐབས་འཁྲུལ་པ་སྤོང་བ། ཡུམ་གྱི་སྒྲུབ་ཐབས་རྒྱས་པར་བསྟན་པ། རྫོགས་རིམ་ལྷན་ཅིག་སྐྱེས་པའི་དགའ་བ་ལ་ཡང་དག་པར་སྦྱོར་བ་རྣམས་དང༌། དེ་རྣམས་ཀྱི་རྒྱབ་བརྟེན་དུ་དཀའ་འགྲེལ་མུ་ཏིག་ཕྲེང་བ་རྣམས་མཛད་ལ། སློབ་དཔོན་དེའི་དངོས་སློབ་ཉིན་མོར་བྱེད་པའི་འབྱུང་གནས་ཟླ་བས་དཀྱིལ་འཁོར་གྱི་ཆོ་ག་ཧེ་རུ་ཀ་འབྱུང་བ། སྒྲུབ་ཐབས་འཁྲུལ་སྤོང་གི་འགྲེལ་པ་ཡེ་ཤེས་སྒྲོན་མེར་མངོན་པར་བརྗོད་པ་རྣམས་མཛད་ལ། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་འགྲེལ་པ་ཞིག་ཀྱང་ཡོད་པར་བཤད་མོད། བོད་དུ་མ་འགྱུར་པ་འདྲའོ། །ཤཱནྟི་པའི་དངོས་སློབ་བྲམ་ཟེ་ཐ་ག་ནས། རྫོགས་རིམ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་འགྲེལ་པ་མཛད་ལ། གཞུང་འདི་རྣམས་ལ་བརྟེན་ནས་ཐོག་མར་སྨིན་བྱེད་ཀྱི་ཆོ་གས་སྣོད་རུང་དུ་བྱས། དེ་ནས་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་གྱིས་བསྐྱེད་རིམ་བརྟན་པར་བྱས་ནས་རྫོགས་རིམ་གཏུམ་མོ་ཅུང་ཟད་དང༌། ལས་རྒྱ་གཙོ་བོར་བསྒོམས་པས། སེམས་ཙམ་གྱི་ལྟ་བ་རྣམ་པར་དག་པ་རྟོགས་པར་བྱེད་པའི་ཐབས་ཡིན་ཞིང༌། «སློབ་དཔོན་འདི་འདོད་པ་ཡིན་མོད་ཀྱི། གཞན་ནི་གཏུམ་མོ་དང་ལས་རྒྱ་བསྒོམས་པས་དབུ་མའི་ལྟ་བ་ཁོ་ན་རྒྱུད་ལ་སྐྱེ་བ་མི་སྲིད་དོ།་་་་་»སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་དང༌། བདག་ཉིད་ཆེན་པོ་སློབ་དཔོན་ཨ་བྷ་ཡཱ་ཀ་ར་ཡང་སློབ་དཔོན་འདིའི་རྗེས་སུ་འབྲངས་ལ། དང་པོས་གུར་གྱི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་དང༌། ཕྱི་མས་སམྦུ་ཊའི་འགྲེལ་པ་མན་ངག་གི་སྙེ་མ་མཛད་དོ། །ཡང་སློབ་དཔོན་དམ་ཚིག་རྡོ་རྗེའི་དངོས་སློབ་ནག་པོ་ཤཱནྟི་བྷ་དྲས་སྨིན་བྱེད་དཀྱིལ་འཁོར་གྱི་ཆོ་ག་གཞུང་འགྲེལ། བསྐྱེད་རིམ་ལ་ལྷ་དགུའི་སྒྲུབ་ཐབས། ཡབ་རྐྱང་པའི་སྒྲུབ་ཐབས། ཡུམ་རྐྱང་གི་སྒྲུབ་ཐབས། རྫོགས་རིམ་གྱི་གཞུང་ཞིག་ཀྱང་ཡོད་པར་རྗེ་བཙུན་ཆེན་པོས་བཤད་ཀྱང་ད་ལྟ་དེའི་དཔེ་མི་སྣང་ངོ༌། །ལམ་གྱི་ཡན་ལག་ལ་ཚོགས་ཀྱི་འཁོར་ལོའི་ཆོ་ག སྦྱིན་སྲེག་གི་ཆོ་ག་འདི་དང་སྔར་གྱི་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པའི་སྦྱིན་སྲེག་གཉིས་དོན་གཅིག་པར་སྣང༌། རོ་སྲེག་གི་ཆོ་ག རབ་གནས་ཀྱི་ཆོ་ག མཆོད་རྟེན་གྱི་ཆོ་ག གཤིན་གྱི་ཆོ་ག་རྣམས་དང༌། དེ་དག་གི་རྒྱབ་བརྟེན་དུ་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེ་སྦྱོར་བའི་ཕྲེང་བ་ཞེས་བྱ་བ་རྣམས་མཛད་དོ། །སློབ་དཔོན་འདིས་བོད་དུ་བྱོན་ནས། མང་ཡུལ་ལྷ་ཁང་ཀ་རུ་ཞེས་བྱ་བར་འགོས་ལོཙྪ་བ། མཚུར་ལོཙྪ་བ། ནག་ཚོ་གསུམ་གྱིས་ཞུས་ནས། གཞུང་ཆུང་འདི་རྣམས་མཛད་ནས། དཀའ་འགྲེལ་སྦྱོར་ཕྲེང་ནི་དང་པོ་རྒྱ་གར་དུ་བརྩམས་ནས་བླ་མ་ལ་ཕུལ་བས་ལེགས་ཀྱི་མཚན་ཐོགས་ཤིག་གསུངས་ནས་མཚན་བཏགས་ཏེ། བདག་གིས་བྱས་པས་མི་འདུལ་བས་བླ་མའི་མཚན་འཇུག་པར་ཞུ་བྱས་ནས། དམ་ཚིག་རྡོ་རྗེས་མཛད་པར་བཏགས་སོ། །ཞེས་ཟེར་རོ། །ལུགས་འདི་ལྟ་བ་སེམས་ཙམ་དུ་མི་འགྲེལ་ཀྱང་བསྐྱེད་རིམ་དང་རྒྱུད་ཀྱི་བཤད་པ་གཉིས་ཆར་སློབ་དཔོན་ཤཱནྟི་པས་མཛད་པ་ལས་བྲིས་བཤུས་བྱས་པ་ལྟ་བུར་སྣང་བས་ཤཱནྟི་པའི་རྗེས་འབྲང་དུ་གོ་བར་བྱའོ། །ཡང་རྩ་རྒྱུད་ཀྱི་འགྲེལ་པ་ཁ་ཆེ་སྙན་གྲགས་བཟང་པོས་མཛད་པ། ནཱ་རོ་«་་་་་བདེ་མཆོག་པའི་ནཱ་རོ་པ་དང་འདི་མི་གཅིག་ལ། འོན་ཀྱང་བདེ་མཆོག་ནཱ་རོ་ཏ་པ་ཡང་ཁ་ཆེ་རིན་ཆེན་རྡོ་རྗེ་དང་གྲོགས་མཆེད་ཡིན་པར་བཤད་པས་ཁ་ཆེ་བ་ཡིན་པ་ཙམ་དགག་ཏུ་མེད་དོ།།» འགྲེལ་ཆེན་དུ་གྲགས་པ་དེར། སྨིན་བྱེད་ཀྱི་ཆོ་ག་ཡོངས་སུ་རྫོགས་པ་བླ་མེད་གཞན་དང་ཆ་མཐུན་པར་བཤད་ཅིང༌། གྲོལ་ལམ་བསྐྱེད་རིམ་གྲུབ་ཆེན་མཚོ་སྐྱེས་དང་ཆ་མཐུན་པ་དང༌། རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་དུས་ཀྱི་འཁོར་ལོ་དང༌། མཐུན་པར་གསུངས་ལ། དེ་དག་གི་དབང་བཀའ་བཤད་བཀའ་སྦྱོར་དྲུག་གི་མན་ངག་ནཱ་རོ་པའི་སྒྲོམ་གཏེར་གྲགས་པའི་ཁྲིད་བཀའ་རྣམས། བླ་མ་དཔྱལ་«་་་་་ཆོས་ཀྱི་བཟང་པོ་»ལོཙྪ་བ་ནས་བརྒྱུད་དེ་དེང་སང་ཡང་མ་ཆད་པར་ཡོད་དེ། ལུགས་འདི་ནི་ངེས་དོན་གྱི་བཤད་པ་ཤས་ཆེ་ཞིང་ཁྱད་པར་དུ་འཕགས་པ་ཞིག་སྣང་ངོ༌། །ཡང་མངའ་བདག་མཻ་ཏྲི་པ་ཞེས་ཀྱང་བྱ། གཉིས་མེད་རྡོ་རྗེའམ། ཨ་ཝ་དྷཱུ་ཏཱི་ཞེས་བྱ་བའི་གྲུབ་ཆེན་དེས་སྨིན་བྱེད་དབང་གི་རབ་བྱེད། བསྐྱེད་རིམ་ལ་ཡབ་ཀྱི་སྒྲུབ་ཐབས་རྣམ་པར་དག་པའི་གཏེར། ཡུམ་གྱི་སྒྲུབ་ཐབས་བདག་མེད་མ་གསལ་བ། རྫོགས་རིམ་ལ་ལྟ་བ་ངན་སེལ་རྩ་འགྲེལ་གཉིས། རིན་ཆེན་ཕྲེང་བ། དབང་གི་དགོས་པ། རྣམ་པ་ལྔ་པ། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ། སྒྱུ་མ་ངེས་བསྟན། རྨི་ལམ་ངེས་བསྟན། རབ་ཏུ་མི་གནས་པ། ཐེག་ཆེན་ཉི་ཤུ་པ། དེ་ཁོ་ན་ཉིད་ཉི་ཤུ་པ། བརྩེ་བ་ལྔ་པ། དགའ་གཅུགས་ལྔ་པ། མི་ཕྱེད་པ་ལྔ་པ། དབུ་མ་དྲུག་པ། ལྷན་སྐྱེས་དྲུག་པ། ཟུང་འཇུག་གསལ་བ། བདེ་ཆེན་གསལ་བ། གནས་པ་བསྡུས་པ་ཤེས་རབ་ཡེ་ཤེས་གསལ་བ། དབང་བསྐུར་རྣམ་ངེས་ཀྱི་དཀའ་འགྲེལ་རྣམས་མཛད་ལ། གཞུང་འདི་རྣམས་ལ་ཨ་མ་ན་སི་ཉི་ཤུ་རྩ་བཞི་ཟེར་ནས་གསང་འདུས་དང་ཐུན་མོང་གི་གདམས་ངག་ལྟ་བུར་སྣང་ཡང༌། རྗེ་བཙུན་ཆེན་པོས་ཀྱེ་རྡོ་རྗེའི་གདམས་ངག་དུ་མཛད་དོ། །དེ་ལྟར་ལུས་ཡོངས་སུ་རྫོགས་པའི་ཤིང་རྟའི་སྲོལ་ཆེན་པོ་ད་ལྟ་བོད་ན་བཞུགས་པ་ནི་དྲུག་པོ་དེ་ཙམ་དུ་ཟད་ལ། གཞན་རྡོ་རྗེ་སྙིང་འགྲེལ་ལ་སོགས་པ་རྩ་རྒྱུད་ཀྱི་འགྲེལ་པ་བདུན་ཙམ་དང༌། བྱང་ཆུབ་སྙིང་པོ་ལ་སོགས་པའི་སྒྲུབ་ཐབས་ཀྱི་གཞུང་དྲུག་ཙམ་སྣང་མོད། ལམ་ཡོངས་སུ་རྫོགས་པ་མི་སྣང་བས་མ་བྲིས་སོ། །གཉིས་པ་ནི། གངས་ཅན་གྱི་ཁྲོད་འདིར་སྔར་བྱོན་པའི་མཁས་པ། དཔྱལ་«་་་་་ལོཙྪ་བ་བསོད་ནམས་རྒྱལ་མཚན། »སེ་བ་དང༌། གཏུམ་«་་་་་བློ་གྲོས་གྲགས་»སྟོན་དང༌། རམ་«་་་་་འབྱུང་གནས་རྡོ་རྗེ་»སྡིངས་པ་རྣམས་ནི་རྒྱ་གར་བའི་མན་ངག་བརྒྱུད་པ་ལ་བརྟེན་པར་སྣང་ཞིང༌། ལམ་ཡོངས་སུ་རྫོགས་པའང་མེད་ལ། བླ་མ་«་་་་་ཆོས་ཀྱི་རྡོ་རྗེ་»རྔོག་པ་རྣམས་ནི་དཔལ་ནཱ་རོ་པའི་མན་ངག་གི་བཤད་པ་རྗེ་མར་པ་ནས་བརྒྱུད་ནས་སྨིན་ལམ་ཡོངས་སུ་རྫོགས་པ་བསྐྱེད་རིམ་ཡན་ལག་དྲུག་པ། རྫོགས་རིམ་བསྲེ་འཕོའི་མན་ངག དེའི་རྒྱབ་བརྟེན་དུ་གུར་བརྟག་གཉིས་ཀྱི་བཤད་བཀའ་དང་བཅས་པ་སྟེ། ལུགས་འདི་ཡང་ཁྱད་པར་དུ་འཕགས་པ་ཞིག་ཡིན་ནོ། །དེ་རྣམས་ཀྱི་ནང་ནས། བོད་ཡུལ་བསྟན་པའི་སྒྲོན་མེ་རྗེ་བཙུན་ས་སྐྱ་པའི་ལུགས་འདི་འཕགས་ཡུལ་གྱི་གཞུང་གང་གི་རྗེས་སུ་འབྲང་སྙམ་ན། རྗེ་བཙུན་ཆེན་པོས། སྙིང་པོ་དོན་གྱི་ཀྱེ་རྡོར་ནི། །བིརྺའི་རྗེས་འབྲང་ཌོམྦྷིའི་སྐོར། །ཡན་ལག་མེད་རྗེས་པདྨའི་སྐོར། །དམ་ཚིག་རྡོ་རྗེ་ནག་པོའི་སྐོར། །གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུ། །ལམ་སྐོར་དགུ་ནི་ཁྱད་པར་རོ། །ཞེས་གསུངས་པས་སྔར་གྱི་མཚོ་སྐྱེས་ཀྱི་ཆོས་སྐོར་དང༌། ནག་པོ་པའི་སྐོར་དང༌། རྗེ་བཙུན་བིརྺ་པའི་རྗེས་འབྲང་ལ། སློབ་དཔོན་ནག་པོ་པ་ནས་བརྒྱུད་པའི་མན་ངག་ལུགས་དང༌། མི་ཐུབ་ཟླ་བའི་ཆོས་སྐོར་འགྲེལ་པ་ལུགས་སུ་གྲགས་པ་སྟེ། འདི་གཉིས་ངོ་བོ་གཅིག་ཡིན་པས་ལུགས་གསུམ་མམ། བླ་མ་དག་གི་གསུང་སྒྲོས་ལ་འདི་གཉིས་པོ་སོ་སོར་ཕྱེ་ནས་བརྒྱུད་པའི་བཀའ་སྲོལ་བཞི་ཞེས་གསུངས་ལ། ལུགས་དེ་རྣམས་གཙོ་བོར་འཛིན་ཞིང་རྒྱ་གཞུང་གཞན་རྣམས་བར་སྐབས་སུ་ཇི་ལྟར་འཚམ་པར་གསུང་བར་བཤད་དོ། །གསུམ་པ་ནི། འདིར་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་བིརྺ་པ་ཉིད་ཀྱི་རྣམ་པར་ཕྱེ་བའི་ཤིང་རྟའི་སྲོལ་ཆེན་པོ་གང་ཡིན་པ་དེ་བཤད་པར་བྱ་བ་ལ་བཞི། མཛད་པ་པོ་སློབ་དཔོན་ངོས་བཟུང་བ། དེ་ལ་སློབ་མ་ཇི་ལྟར་བྱུང་ཚུལ། དེ་རྣམས་ཀྱིས་ལམ་ཇི་ལྟར་བཀྲལ་བ། དེ་དག་གི་དགོངས་པ་གཅིག་ཏུ་བསྡུ་བའོ། །དང་པོ་ནི། ཁ་«་་་་་ཀུ་མཱ་ར་མ་ཏི་»ཅིག་ལམ་འདིའི་མཛད་པ་པོ་བིརྺ་པ་ནི་སེམས་ཙམ་པ་ཡིན་ཏེ། དབུ་མ་ལ་འཇུག་པའི་འགྲེལ་པར། དབྱིག་གཉེན་དང༌། དཔལ་ལྡན་ཆོས་སྐྱོང་ལ་སོགས་པ་རྣམས་སེམས་ཙམ་གྱི་པཎྜི་ཏར་བཤད་ཅིང༌། རྒྱུད་གསུམ་གདམས་ངག་དང་བཅས་པའི་བིརྺ་པའི་བཤད་པ་རྣམས་སུ། གཞིའི་སྐབས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ཁས་བླངས་པ་དང༌། ལམ་གྱི་སྐབས་སུ་སྣང་བ་སེམས་སུ་འདོད་པ་དང༌། འབྲས་བུའི་སྐབས་སུ་གནས་གྱུར་ཁས་ལེན་པའི་ཕྱིར། སེམས་ཙམ་ལས་མ་འདས་ཞེས་འདོད་དོ། །དེ་ལ་ལན་འདེབས་པའི་མཁས་པ་ཁ་ཅིག དབུ་མ་པ་རྣམས་ཀྱི་ཕྱོགས་སྔར་བྱེད་པའི་ཆོས་སྐྱོང་ནི། བཞི་བརྒྱ་པའི་འགྲེལ་པར། ད་ལྟའི་སྙན་ངག་མཁན་བཙུན་པ་ཆོས་སྐྱོང་ཞེས་བཤད་པས། དཔལ་ལྡན་ཆོས་སྐྱོང་མིན་ནོ་ཞེས་འདོད་པ་ནི་མི་འཐད་དེ།«་་་་་ཕོ་རུས་ཙམ་ཡིན་མོད།» དབུ་མ་བདེན་གཉིས་ལས། བདེན་པ་གཉིས་པོ་རྣམ་ཕྱེ་ཡང༌། །ཤིང་རྟ་ཆེ་དག་རྨོངས་ཉིད་ན། །གཞན་རྣམས་སྨོས་ཀྱང་ཅི་དགོས་ཏེ། །ཞེས་དང༌། དེའི་དཀའ་འགྲེལ་སློབ་དཔོན་ཞི་བ་འཚོས་མཛད་པར་གང་དག་སློབ་དཔོན་ཆོས་སྐྱོང་ལ་སོགས་པའི་ལྟ་བའི་རྗེས་སུ་འབྲང་བས་ཞུགས་པ་དེ་དག་ནི་ཤིན་ཏུ་རྨོངས་པ་ཁོ་ན་ཡིན་པའི་ཕྱིར་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཞེས་གསུངས་ཤིང༌། དོན་དེ་ཉིད་ཐུགས་ལ་བཞག་ནས། དཔལ་ལྡན་ས་སྐྱ་པཎྜི་ཏས། འཇིག་རྟེན་ཀུན་གྱི་རྒྱན་གྱུར་ཏེ། །ཤིང་རྟ་ཆེན་པོ་ཞེས་སུ་གྲགས། །དཔལ་ལྡན་ཆོས་སྐྱོང་མཚན་ལྡན་པ། །འཇིགས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཤིང༌། ལམ་འབྲས་ཀྱི་ཟིན་བྲིས་ཁ་«་་་་་བར་རྡོ་རྗེ་རྒྱལ་མཚན་»ཅིག་ཏུ། སེམས་ཙམ་གྱི་པཎྜི་ཏར་བཤད་པ་དང་འགལ་བའི་ཕྱིར་རོ། །དེས་ན་སློབ་དཔོན་འདིས་དབུ་མ་རྩ་བའི་ཤེས་རབ་ཀྱི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་ཞེས་བྱ་བ་མཛད་ཅེས་མཁས་པ་དག་གསུངས་པ་ནི་མི་འཐད་དེ། རྩ་ཤེའི་འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་ལས། སློབ་དཔོན་དེ་བ་ཤར་མས་རང་གི་དབུ་མའི་འགྲེལ་པ་དཀར་པོ་འཆར་བ་ཞེས་བྱ་བ་ཞེས་བཤད་ཀྱི། སློབ་དཔོན་ཆོས་སྐྱོང་གིས་མཛད་པར་མ་བཤད་དོ། །དེས་ན་འགྲེལ་པ་དེ་ཉིད་ལས། གནས་བརྟན་ཆོས་སྐྱོང་གིས་ཀྱང་སློབ་དཔོན་འཕགས་པ་ལྷས་མཛད་པའི། དབུ་མའི་ཚིག་ལེའུར་བྱེད་པ་བཞི་བརྒྱ་པའི་འགྲེལ་པ་བྱས་པ་ལས་ཞེས་བཤད་པ་ལྟར་བཞི་བརྒྱ་པའི་འགྲེལ་པ་བརྩམས་པའི་དུས་སུ་སེམས་ཙམ་གྱི་པཎྜི་ཏ་ཡིན་ཀྱང༌། འཆད་ཉན་མཛད་པའི་བར་ལ། བདེ་མཆོག་གི་སྒྲུབ་པ་མཛད་པས། བདག་མེད་མས་བྱིན་གྱིས་བརླབས་ཏེ། ས་དང་པོ་ཐོབ་ནས་དབུ་མ་པར་གྱུར་པ་ཡིན་ཏེ། གཏམ་རྒྱུད་ལས། འཁོར་ལོ་བདེ་མཆོག་གི་སྒྲུབ་པ་ཡུན་རིང་དུ་མཛད་ཀྱང་གྲུབ་རྟགས་མ་བྱུང་བས་ཐུགས་སྐྱོ་སྟེ། ད་ཕན་ཆད་ཆོས་འཆད་པ་དང༌། བརྩམས་པ་དང༌། དགེ་འདུན་གྱི་བྱ་བ་ལས་ཡི་དམ་གྱི་ལྷའི་སྒྲུབ་པ་མི་བྱེད་དོ། །ཞེས་དམ་བཅས་ནས། དཔྱིད་ཟླ་ར་བ་ས་གའི་ཉི་ཤུ་གཉིས་ཀྱི་ནུབ་མོ་ཕྲེང་བ་ཆབ་ཁུང་དུ་བསྐྱུར་ནས་ཅི་བདེར་གནས་སོ། །དེའི་ནུབ་མོ་རྨི་ལམ་དུ་བདག་མེད་མ་ཐ་མལ་པའི་བུད་མེད་སྔོན་མོའི་གཟུགས་སུ་བྱོན་ཏེ། རིགས་ཀྱི་བུ་ཚུལ་བཞིན་མ་ཡིན་པའི་སྤྱོད་པ་དེ་ལྟ་བུ་བྱེད་པ་མ་ལེགས་པས། ཕྲེང་བ་ལོང་ལ་དྲི་ཞིམ་པོའི་ཆུས་ཁྲུས་ལ་བཤགས་སྡོམ་ལེགས་པར་གྱིས་ལ། སྒྲུབ་པ་ཚུལ་བཞིན་དུ་གྱིས་ཤིག ཁྱོད་ཀྱིས་ལས་བསགས་པའི་ལྷ་ང་ཡིན་པས་ངས་བྱིན་གྱིས་བརླབས་ཀྱི་ཁྱོད་ཀྱིས་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ་གསུངས་ནས་མི་སྣང་བར་གཤེགས་སོ། །དེ་ནས་མནལ་སད་དེ་འགྱོད་པ་སྐྱེས་ནས་ས་གའི་ཉི་ཤུ་གསུམ་གྱི་ཉིན་མོར་ཕྲེང་བ་བླངས་ཏེ་ལུང་བསྟན་པ་བཞིན་བྱས་པ་དང༌། དེའི་ནུབ་མོར་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་སྣང་བ་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་རྣམ་པར་བྱོན་ཏེ། དབང་བཞི་རྫོགས་པར་བསྐུར་བས། ས་དང་པོ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེས། དེ་ལྟ་བུ་ཞག་བདུན་གྱིས་མཐར་ཉི་ཤུ་དགུར་སོང་བའི་ནུབ་མོར་ས་དྲུག་གི་རྟོགས་པ་རྒྱུད་ལ་སྐྱེས་པར་བཤད་པས། བདག་མེད་མས་དབང་བསྐུར་ཕྱིན་ཆད་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུ་ཐུགས་སུ་ཆུད་ནས་དབུ་མ་པར་གྱུར་པ་ཡིན་ཏེ། སེམས་ཙམ་པ་ཡིན་ན་དེས་བདེན་པ་མཐོང་བའི་སྐབས་མེད་པར་ཐལ་རང་གཉིས་ཀྱི་པཎྜི་ཏ་རྣམས་བཞེད་དེ། སློབ་དཔོན་ཟླ་བ་གྲགས་པས། དོན་དམ་པའི་བདེན་པ་མ་རྟོགས་པར་ཉོན་མོངས་པ་སྤོང་མི་ནུས་ལ་དེ་མ་སྤངས་པར་ཐར་པ་ཐོབ་པ་མེད་པའི་ཕྱིར། རྣམ་རིག་པ་མན་ཆད་ཀྱི་ལྟ་བ་ལ་བརྟེན་ནས་ཐར་པ་ཡང་མི་ཐོབ་ན། ཐམས་ཅད་མཁྱེན་པ་ལྟ་ཅི་སྨོས་ཞེས་བཞེད་ལ། སློབ་དཔོན་ལེགས་ལྡན་བྱེད་ལ་སོགས་པ་ནི། ཉན་ཐོས་སྡེ་གཉིས་ཀྱི་ལྟ་བས་གང་ཟག་གི་བདག་མེད་རྟོགས་ནུས་པས་ཐར་པ་ཐོབ་ལ། ཤེས་སྒྲིབ་སྤོང་མི་ནུས་པས་ཐམས་ཅད་མཁྱེན་པ་མི་ཐོབ་ཅིང༌། རྣམ་རིག་པའི་ལྟ་བ་ལ་བརྟེན་ནས་ཐར་པ་ཡང་མི་ཐོབ་སྟེ། གང་ཟག་གི་བདག་འཛིན་ཙམ་སྤངས་པའི་ཐར་པ་དོན་དུ་མི་གཉེར་བའི་ཕྱིར་དང༌། རང་གི་ལྟ་བ་དེ་ཉིད་ཆོས་ཀྱི་བདག་ཏུ་འཛིན་པ་ཆེན་པོ་ཡིན་པས། བདག་འཛིན་གཉིས་ཀ་མ་སྤངས་པའི་ཐར་པ་ཐོབ་པ་མི་སྲིད་པར་བཞེད་དོ། །མདོར་ན་སེམས་ཙམ་གྱི་ལྟ་བས་བདེན་པ་མཐོང་བར་ཡང་མི་ནུས་ན། ས་དྲུག་པའི་རྟོགས་པ་རྒྱུད་ལ་བསྐྱེད་མི་ནུས་པ་ནི་ལྟ་སྨོས་ཀྱང་ཅི་དགོས་པ་ལ། གྲུབ་ཆེན་འདིས་ས་དྲུག་པ་མངོན་དུ་གྱུར་པའི་ཕྱིར་རོ། །གལ་«་་་་་རི་བོ་དགེ་ལྡན་པ་ཆེན་པོ། »ཏེ་གཏམ་རྒྱུད་ཙམ་ཁུངས་སུ་བྱེད་པ་དཀའ་ན་ཤེས་བྱེད་ཚད་མ་གཞན་ཅི་ཡོད་སྙམ་ན་རང་གི་རྟོགས་བརྗོད་ཀྱི་དོ་ཧ་ལས། ང་བདག་རྩད་ནས་ཐོན་པས་བདུད་ཀྱི་གཡུལ་ལས་རྒྱལ། །དངོས་འཛིན་རང་སར་ཞིག་པས་འཁོར་འདས་ཀུན་ལས་གྲོལ། །ཞེས་གསུངས་པས་མཐོང་ལམ་མ་སྐྱེས་བར་ལ་ངར་འཛིན་རྩད་ནས་མི་ཐོན་པ་ལ། གྲུབ་ཆེན་འདིས་ངར་འཛིན་རྩད་ནས་ཐོན་པར་ཞལ་གྱིས་བཞེས་པའི་ཕྱིར་རོ། །སྔགས་ཀྱི་གཞུང་རྣམས་ནི་ས་དྲུག་པ་བརྙེས་ཕྱིན་ཆད་མཛད་པ་ཡིན་པས་ན་དབུ་མའི་ལམ་ཁོ་ན་ཡིན་གྱི། རྣམ་པར་རིག་པའི་ཚུལ་དུ་ནམ་ཡང་བཤད་པ་མེད་དོ། །འོ་ན་སྔར་གྱི་སྐྱོན་གསུམ་པོ་ཇི་ལྟར་སྤོང་སྙམ་ན། གཞིའི་སྐབས་སུ་ཀུན་གཞིའི་རྣམ་ཤེས་ཁས་ལེན་པའི་ཕྱིར་སེམས་ཙམ་པ་ཡིན་ཞེས་པའང་དོན་མ་གོ་བ་སྟེ། དབུ་མ་པ་རྣམས་ཀྱི་དགག་བྱའི་ཀུན་གཞི་ནི། རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་ཡ་གྱལ་དུ་གྱུར་པའི་ཀུན་གཞིའི་རྣམ་ཤེས་བདེན་གྲུབ་ཏུ་འདོད་པ་དེ་ཡིན་ལ།«་་་་་ཁས་བླངས་པའི་ཕྱིར་ཟེར་ན།» གྲུབ་ཆེན་འདིས་བཤད་པའི་ཀུན་གཞི་ནི། སེམས་མྱོང་རིག་བྱེ་བྲག་ཏུ་མ་བྱེ་བའི་རིས་སམ་ཕྱོགས་སུ་མ་ཆད་པ། ཐབས་རིག་པ་གསལ་ལ་མ་འགགས་པའི་ངོ་བོ་སྟོང་པ་ཉིད་ལ་ཀུན་གཞིར་བཏགས་པར་འདོད་ལ། འདོགས་པའི་རྒྱུ་མཚན་ཡང༌། ཐབས་ཀྱིས་ཟིན་པ་དང༌། མ་ཟིན་པའི་བྱེ་བྲག་གིས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀར་གྱི་གཞི་བྱེད་པའི་ཆ་ནས་བཞག་པ་ཡིན་ལ། འདི་ཙམ་ཞིག་ཁས་བླངས་པས་རྣམ་རིག་པར་འགྱུར་ན། བྱང་ཆུབ་སེམས་འགྲེལ་ལས། དཔེར་ན་ཁབ་ལེན་མཐོང་བ་ན། །ལྕགས་ནི་མྱུར་དུ་ཡོངས་སུ་འགུལ། །འདི་ལ་སེམས་པ་ཡོད་མིན་ནའང༌། །སེམས་དང་བཅས་པ་བཞིན་དུ་སྣང༌། །དེ་བཞིན་ཀུན་གཞིའི་རྣམ་པར་ཤེས། །སེམས་མེད་སེམས་དང་བཅས་པ་བཞིན། །འགྲོ་དང་འོང་བ་རྣམ་གཡོ་ཞིང༌། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །དཔེར་ན་རྒྱ་མཚོའི་མཐའ་མ་ལས། །ངེས་པར་རླབས་ནི་རྣམ་པར་གཡོ། །དེ་བཞིན་ཀུན་གཞིའི་རྣམ་པར་ཤེས། །ལུས་ལ་བརྟེན་ཏེ་གཡོ་བར་བྱེད། །ཅེས་གསུངས་པའི་ཕྱིར་ན། ཀླུ་སྒྲུབ་ཀྱང་རྣམ་རིག་སྨྲ་བར་ཐལ་བའི་སྐྱོན་ཡོད་དོ། །སྦྱང་གཞིའི་སྐབས་སུ་ཀུན་གཞི་དབུ་མ་པ་རྣམས་ཀྱང་ཞལ་གྱིས་བཞེས་ཏེ། འཕགས་པ་ཡབ་སྲས་ཀྱིས་གསང་འདུས་ཀྱི་སྐབས་སུ་འཇམ་དབྱངས་ཀྱི་སྦྱང་གཞིར་ཀུན་གཞི་བཤད་པའི་ཕྱིར་རོ། །རྒོལ་བ་གཉིས་པ་ལམ་གྱི་སྐབས་སུ་སྣང་བ་སེམས་སུ་འདོད་པའི་ཕྱིར་སེམས་ཙམ་པ་ཡིན་ཞེས་པའང་མ་བརྟགས་པ་སྟེ། སེམས་ཙམ་པ་ནི་ཕྱི་རོལ་གྱི་དོན་བདེན་པར་མེད་ཀྱི། སྣང་བ་ཐམས་ཅད་ནི་སེམས་སུ་བདེན་པར་འདོད་ལ།«་་་་་རྟགས་མ་གྲུབ།» འདིར་ནི་སེམས་ཉིད་བག་ཆགས་ཀྱི་དབང་གིས་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་སུ་སྣང་བ་ཡིན་ཀྱང༌། དེའི་ངོ་བོ་སྟོང་པ་ཉིད་ཡིན་པའི་ཕྱིར། དེ་ལས་བྱུང་ཞིང་སྣང་བ་ཐམས་ཅད་ཀྱང་སྟོང་པ་ཉིད་ཡིན་ཏེ། ཡེ་ཤེས་ཐིག་ལེ་ལས། ཕྱི་ཡི་ཐམས་ཅད་སྐད་ཅིག་མ། །དགའ་མོ་སེམས་ཀྱི་ཆོ་འཕྲུལ་ཡིན། །དེ་ལྟ་སེམས་ལས་གཞན་པ་མིན། །སེམས་ཉིད་ནམ་མཁའ་ལྟ་བུའོ། །ཞེས་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། འགྲོ་དང་མི་འགྲོ་གང་ཞིག་ནི། །དེ་ནི་ཐམས་ཅད་སེམས་ཡིན་ནོ། །དེ་ཡི་གཟུགས་དྲུག་སེམས་མ་ཡིན། །སེམས་ནི་སྟོང་པའི་རང་བཞིན་ནོ། །ངོ་བོ་ཉིད་བྲལ་སྟོང་པ་སྟེ། །དེ་བས་འགྲོ་བ་སེམས་སུ་གྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་སེམས་ཙམ་པས་ཕྱི་རོལ་གྱི་དོན་མི་བདེན་པའི་སེམས་བདེན་པར་འདོད་པ་དང༌། འདིར་སྒྱུ་མ་ཙམ་གྱི་ཕྱི་རོལ་གྱི་དོན་ནི་འདོད་ལ་སེམས་ཉིད་ནི་སྤྲོས་པ་དང་བྲལ་བར་འདོད་པ་འདི་གཉིས་དུས་ཐམས་ཅད་དུ་ག་ལ་མཚུངས། དེས་ན་གྲུབ་ཆེན་འདིའི་གདམས་ངག་ཏུ། སྣང་བ་སེམས་སུ་སྒྲུབ་པ་ལ། རྨི་ལམ་སོགས་རྩ་བའི་དཔེ་བཞི་དང༌། མིག་ཡོར་སོགས་ཡན་ལག་གི་དཔེ་བཞི་སྟེ་བརྒྱད་གསུངས་ནས། དཔེ་འདི་རྣམས་དང་སྣང་བ་འདི་རྣམས་ལ་ཁྱད་པར་མེད་དེ། ཉམས་སུ་ནི་དཔེ་འདི་རྣམས་ཀྱང་མྱོང་ལ། བདེན་པར་ནི་སྣང་བ་འདི་དག་ཀྱང་མ་གྲུབ་པའོ། །ཞེས་སྣང་བ་རྣམས་བདེན་མེད་དུ་བཤད་པའི་ཕྱིར་རོ། །དོན་འདི་ཉིད་དཔལ་ལྡན་ཟླ་བ་གྲགས་པའང་བཞེད་དེ། འགྲེལ་ཆེན་སྒྲོན་མ་གསལ་བའི་ལེའུ་བཅོ་ལྔ་པར། ཆོས་ཐམས་ཅད་རྨི་ལམ་མཐོང་བའི་དུས་སུ་སེམས་ལས་ཕྱི་རོལ་ན་མི་གནས་ཏེ། མིག་ཡོར་ཙམ་དུ་སྣང་བ་གང་ཡིན་པ་དེ་ཐམས་ཅད་ནི་རང་གི་སེམས་ཏེ། རང་གི་སེམས་ཉིད་ལས་གཞན་ན་ཅི་ཡང་མེད་དོ། །སེམས་དེ་གང་ན་གནས་ཞེ་ན། ནམ་མཁའ་རྡོ་རྗེའི་གནས་སེམས་འདི། །ཞེས་བྱ་བ་སྟེ། ནམ་མཁའ་རྡོ་རྗེ་ནི་འོད་གསལ་བའོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །གཞན་ཡང༌། དབུ་མ་པའི་ལུགས་ལ་ཆོས་ཐམས་ཅད་རྟེན་འབྲེལ་ཙམ་ལས་དཔྱད་པར་བྱར་མེད་པ་ཡིན་པ་ལ། ཁྱོད་ཀྱིས་རྟེན་འབྲེལ་བརྗོད་བྲལ་དུ་བསྒྲུབས་པའི་ཕྱིར། དབུ་མའི་ལུགས་ལས་ཉམས་སོ་ཞེས་སྨྲ་བ་ཡང་མི་འཐད་དེ། གྲུབ་ཆེན་འདིའི་གདམས་ངག་ཏུ། ཆོས་ཐམས་ཅད་སེམས་སུ་སྒྲུབ་པ། སེམས་སྒྱུ་མར་སྒྲུབ་པ། སྒྱུ་མ་རང་བཞིན་མེད་པར་སྒྲུབ་པ་གསུམ་གསུངས་ནས་ཕྱི་མ་འདི་ལ། རྟེན་འབྲེལ་དུ་སྒྲུབ་པ་དང༌། བརྗོད་བྲལ་དུ་སྒྲུབ་པ་གཉིས་ཀྱི་དང་པོ་ནི། ཁ་ཏོན་དང་མར་མེ་ལ་སོགས་པ་དབུ་མ་ནས་བཤད་པའི་རྟེན་འབྲེལ་གྱི་རྟགས་ཀྱིས་སྔར་གྱི་སྒྱུ་མར་འཛིན་པའི་བློ་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་སྒྲུབ་པ་ཡིན་ལ། རྟེན་འབྲེལ་གྱི་དོན་ནི་སྟོང་པ་ཉིད་ལ་བྱ་སྟེ། དབུ་མ་རྩ་བར། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་འདོད།«་་་་་རྣམ་པ་གཅིག་ཏུ་ན་རྟེན་འབྲེལ་བསྒྲུབ་པར་བྱས་ནས་བརྗོད་བྲལ་ཡིན་པའི་ཕྱིར་གྱི་གཏན་ཚིགས་འགོད་པ་མིན་ཀྱང༌། རྟེན་འབྲེལ་གྱི་དོན་ཡང་བརྗོད་པ་དང་བྲལ་བ་ཞིག་ལ་བྱའོ། །ཞེས་སྟོན་ལ་དེ་ཙམ་སྨྲས་པས་དབུ་མ་པ་ལས་ཉམས་ན། ཀླུ་སྒྲུབ་ཀྱིས་ཀྱང་རྟེན་འབྲེལ་གྱི་དོན་སྟོང་ཉིད་ལ་བྱ་བར་གསུངས་པས་ཀླུ་སྒྲུབ་ཀྱང་དབུ་མ་པ་མ་ཡིན་པར་འགྱུར་རོ། །དེ་འདོད་ན་གྲུབ་ཆེན་འདི་དབུ་མ་པ་ཡིན་ཟེར་ནའང་ངན་རྒྱུ་མེད་དོ།» །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། གསང་བའི་སྙོམས་འཇུག་ལ་སོགས་པ་རྣལ་འབྱོར་བླ་མེད་ནས་བཤད་པའི་བརྗོད་བྲལ་གྱི་དཔེས་སྔར་གྱི་སྒྱུ་མར་འཛིན་པའི་བློ་དེ་བརྗོད་བྲལ་ཙམ་དུ་སྒྲུབ་པ་ཡིན་ལ། བརྗོད་བྲལ་གྱི་དོན་ཡང༌། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བྱ་སྟེ། གྲུབ་ཆེན་ཌོམྦི་པས། ལྷན་ཅིག་སྐྱེས་པའི་དངོས་རང་བཞིན། །རྟགས་ཉིད་གྲུབ་པར་བརྗོད་པ་ཉིད། །ལྷན་ཅིག་སྐྱེས་གྱུར་དེ་ཡི་ཕྱིར། །བརྗོད་བྲལ་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་སྒྱུ་མ་དེ་རྟེན་འབྲེལ་དང༌། བརྗོད་བྲལ་གྱི་དཔེས་རང་བཞིན་མེད་པར་སྒྲུབ་པ་ཡིན་གྱི། རྟེན་འབྲེལ་བརྗོད་བྲལ་དུ་སྒྲུབ་པ་ནི། ནམ་ཡང་མིན་པར་ཤེས་པར་བྱའོ། །རྒོལ་བ་གསུམ་པ་འབྲས་བུའི་སྐབས་སུ་གནས་གྱུར་ཁས་ལེན་པའི་ཕྱིར་སེམས་ཙམ་པ་ཡིན། ཞེས་པའང་རྣམ་པར་མ་དཔྱད་པ་སྟེ། གྲུབ་ཆེན་འདིས་རང་བཞིན་རྒྱུའི་ངོས་ནས་ལྷུན་གྲུབ་ཡིན་པའི་ཕྱིར། གནས་གྱུར་མི་བཞེད་ལ། ཡོན་ཏན་ལ་ལྟོས་ནས་རྟེན་དཀྱིལ་འཁོར་བཞི་གནས་གྱུར་པ་ལས་འབྲས་བུ་སྐུ་བཞི་འབྱུང་བར་བཞེད་དོ། །འདི་ཇི་ལྟ་བ་བཞིན་དུ་འཕགས་པ་ཡབ་སྲས་སོགས་དབུ་མ་པ་རྣམས་ཀྱང་བཞེད་དེ། ངོ་བོ་ཉིད་དམ་ཆོས་ཉིད་ལ་ལྟོས་ནས་གནས་གྱུར་པ་མེད་དེ། ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །དེ་ལ་དགོངས་ནས་འཕགས་པ་ཀླུ་སྒྲུབ་ཀྱིས། རྩ་བའི་ཤེས་རབ་ལ་སོགས་པ་རྣམས་ལས་གནས་གྱུར་པ་མེད་པར་བཤད་དོ། །ཡོན་ཏན་ལ་ལྟོས་ནས་གནས་གྱུར་པ་ཡོད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཕྱིར་རོ། །དེ་ལ་དགོངས་ནས་འཕགས་པས་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་གནས་གྱུར་པ་ཡོད་པར་བཤད་དོ། །དེས་ན་འཕགས་པའི་གསུང་གཉིས་པོ་དེ་ཡང་འདི་ལྟར་རྟོགས་ན་མི་འགལ་བར་འགྱུར་གྱི། གནས་གྱུར་མི་འདོད་པ་ཁོ་ན་འཕགས་པའི་དགོངས་པ་ཡིན་ན། ཆོས་དབྱིངས་བསྟོད་པ་ལས། གནས་འདི་ཡོངས་སུ་གྱུར་པ་ན། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བཤད་པ་དང་ནང་འགལ་བར་ཐལ་བའི་སྐྱོན་ཡོད་དོ། །མདོར་ན་ཀླན་ཀ་འདི་གསུམ་གྱི་སྐྱོན་སྤོང་ལེགས་པར་ཤེས་ན། རྒྱུད་གསུམ་མན་ངག་དང་བཅས་པའི་བཤད་པ་རྣམས་དབུ་མར་བསྙོན་མེད་དུ་གྲུབ་པ་ཡིན་ནོ། །མདོར་ན་ལམ་འདི་གསལ་བར་མཛད་པ་པོ་ནི། སེམས་ཙམ་གྱི་པཎྜི་ཏ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་གནས་གྱུར་པའི་དབུ་མ་པའི་གྲུབ་ཆེན་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བིརྺ་པ་ཞེས་བྱ་བ་ལམ་འབྲས་དང༌། ཤིན་ཏུ་སྤྲོས་མེད་དང༌། དོ་ཧ་སེངྒེ་ལ་སོགས་པ་མཛད་མཁན་དེ་ཡིན་ཏེ། ལམ་འབྲས་དང་ཤིན་ཏུ་སྤྲོས་མེད་གཉིས་པོ་གདམས་ངག་གི་གནད་ཤིན་ཏུ་མཐུན་པའི་ཕྱིར་དང༌། ཤིན་ཏུ་སྤྲོས་མེད་ལས། སློབ་དཔོན་དཔལ་ལྡན་མཐུ་སྟོབས་ཀྱི་མགོན་པོ། ཐུགས་སྤྲོས་པ་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ། སྐུའི་སྤྲོས་པ་དཔག་ཏུ་མེད་པས་གདུག་པ་ཅན་ཚར་གཅོད་ཅིང༌། བཅོམ་ལྡན་འདས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པས་མཛད་པ་ཞེས་མཐུ་སྟོབས་དབང་ཕྱུག་ཏུ་གསལ་བར་བཤད་པའི་ཕྱིར་རོ། །དེ་ལ་ཁ་«་་་་་ཤངས་པ་ཀུན་མཁྱེན་པ། »ཅིག་ན་རེ། ལམ་འབྲས་དང་སྤྲོས་མེད་གཉིས་མཛད་པ་པོ་གཅིག་ན། དེ་དག་གི་དགོངས་པ་སེམས་ཙམ་དུ་གནས་ཏེ། སྤྲོས་མེད་ལས། འདི་ཉིད་གསལ་ཞིང་སྟོང་པ་དང༌། །རིག་པ་དེ་ཉིད་མ་འགགས་པ། །རང་རིག་ཡེ་ཤེས་སྐད་ཅིག་མ། །ཞེས་བཤད་པའི་ཕྱིར་རོ། །ཞེས་སྨྲའོ། །འདི་ནི་ཤིན་ཏུ་མི་འཐད་དེ། གཞུང་དེར། ཁམས་མེད་ཀུན་གཞིའི་རྣམ་ཤེས་མེད། །ཅེས་ཀུན་གཞི་བདེན་པར་གྲུབ་པ་འགོག་པར་བྱེད་པས་ན། ཀུན་གཞི་བདེན་པར་གྲུབ་པ་འགོག་པའི་སེམས་ཙམ་གྱི་གཞུང་ནི་ཤིན་ཏུ་ངོ་མཚར་བ་ཞིག་གོ །རང་རིག་ཙམ་ཞིག་ཁས་བླངས་པས་སེམས་ཙམ་པར་འགྱུར་ན། སློབ་དཔོན་འཕགས་པ་ཡབ་སྲས་ཀྱང་སེམས་ཙམ་པར་འགྱུར་ཏེ། རང་རིག་ཙམ་ཞིག་ཞལ་གྱིས་བཞེས་པའི་ཕྱིར་རོ། །རྟགས་གྲུབ་སྟེ། གསང་འདུས་རིམ་ལྔ་ལས། རང་རིག་ཙམ་གྱི་ཡེ་ཤེས་ལས། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །ཅེས་དང༌། སློབ་དཔོན་འཕགས་པ་ལྷའི་སྤྱོད་བསྡུས་སྒྲོན་མེ་ལས། དེ་ལྟར་ན་རྣམ་པར་ཤེས་པ་ནི་ཁ་དོག་མེད་པ་དང༌། མཚན་མ་མེད་པ་དང༌། དབྱིབས་མེད་པའི་བདག་ཉིད་ཅན། རང་རིག་ཙམ་དུ་ཐེག་པ་ཆེན་པོའི་མདོ་སྡེ་ལས་བསྟན་ནོ། །ཞེས་དང༌། འདི་ན་ལུས་ཀྱི་ནང་ན་གནས་པའི་རྣམ་པར་ཤེས་པ་རྣམ་པ་གསུམ་པོ་དེ་ནི་ཡིད་ཀྱི་དབང་པོ་སྟེ། དབང་པོ་ཐམས་ཅད་ཀྱི་བདག་པོ་ཡིན་ཞིང་སོ་སོ་རང་རིག་པ་ཡིན་པས། ཞེས་དང༌། འགྲོ་བ་མེད་པ་འོང་བ་མེད། །འགག་མེད་རབ་ཏུ་ཞི་བ་མེད། །རྟག་དང་ཆད་པ་རྣམ་སྤངས་པ། །དུས་གསུམ་མཁྱེན་པས་མ་བྱས་པའི། །སོ་སོ་རང་རིག་མཚན་ཉིད་དོ། །ཞེས་དང༌། དོན་དམ་པའི་བདེན་པ་ནི་ལུས་མེད་པ། དཔེ་མེད་པ། རྩོལ་བ་ཐམས་ཅད་དང་བྲལ་བ་སོ་སོ་རང་གིས་རིག་པ་སྟེ། ཞེས་བྱ་བ་ལ་སོགས་པ། རང་རིག་སྟོན་པའི་གཞུང་དུ་མར་གསལ་བར་བཤད་པའི་ཕྱིར་རོ། །དེས་ན་གྲུབ་ཆེན་བརྒྱད་ཅུའི་བསྟོད་པར། ཆུ་བོ་ཆེན་པོ་གྱེན་ལ་བཟློག །ཆང་ལ་ཉི་མ་གཏེང་པར་བཅུག །བིརྺ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བཤད་པ་ལྟར་གྱི་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་དེ་ཡིན་གྱི། ཕག་མོ་དབུ་བཅད་མ་དང༌། འཆི་མེད་འཁྲུལ་འཁོར་སོགས་ཀྱི་གདམས་ངག་མཛད་མཁན་གྱི་སློབ་དཔོན། རྒྱལ་རིགས་དམན་པའི་སྤྱོད་པ་མཛད། །དུར་ཁྲོད་ཉུལ་ཞིང་ཤ་ཆེན་གསོལ། །བིརྺ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་གཉིས་འཁྲུལ་བར་མི་བྱའོ། །གཉིས་པ་ནི། དང་པོ་ན་ལེནྡྲའི་མཁན་པོ་མཛད་པའི་དུས། སློབ་མ་གྲངས་མེད་པ་ཞིག་ཡོད་པ་ནི་གཙོ་བོར་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒོ་ནས་སྨིན་པར་བྱས་པ་ཡིན་ལ། ཕྱིས་གྲུབ་པ་ཐོབ་ནས། སྔགས་ཀྱི་སྒོ་ནས་སྨིན་པར་བྱས་པའི་སློབ་མ་ནི། ཀོ་མཁན་ཕྱི་བཞིན་དུ་འབྲངས་པ་གྲུབ་ཆེན་ཌོམྦི་ཧེ་རུ་ཀ་དང༌། བི་མེ་ཧ་སའི་ཡུལ་གྱི་རལ་པ་ཅན་ལྔ་བརྒྱའི་ནང་ནས་གཅིག་ཕྱིར་འབྲངས་པ་སློབ་དཔོན་ནག་པོ་པ་སྟེ། གཉིས་པོ་འདི་ཁོ་«་་་་་བཤད་སྒྲུབ་ཀྱི་བརྒྱུད་པ་འཛིན་པ་འདི་གཉིས་ལས་མ་བྱུང་བས་དེ་སྐད་སྨོས་ལ། གཞན་དུ་མཐུ་སྟོབས་ཀྱིས་ཕྱི་ནང་མེད་པ་དབང་དུ་གྱུར་པས་ཆོས་འབྲེལ་ཡོད་པ་བསམ་གྱིས་མི་ཁྱབ་པའོ།།» ན་ཡིན་ནོ། །གསུམ་པ་ལ་གཉིས། སློབ་དཔོན་གཉིས་ཀྱིས་ལམ་རྒྱས་བསྡུས་གཉིས་བཤད་ཚུལ། དེ་གཉིས་བཤད་དགོས་པའི་རྒྱུ་མཚན་ནོ། །དང་པོ་ནི། སློབ་དཔོན་ཌོམྦི་ཧེ་རུ་ཀས། བསྐྱེད་རིམ་ལ་བདག་མེད་མའི་སྒྲུབ་ཐབས་བདུད་རྩི་འོད། རྫོགས་རིམ་ལ་ལྷན་ཅིག་སྐྱེས་གྲུབ། ལམ་གྱི་ཡན་ལག་ལ་ཚོགས་ཀྱི་འཁོར་«་་་་་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ་ཞེས་གསུངས། »ལོ་འདུ་བ་བསྒྲགས་པ་དང་བཅས་པ་དེ་ཉིད་བཅུ་པ་རྣམས་མཛད་དོ། །ཀྱེ་རྡོ་རྗེ་ལྷ་དགུའི་སྒྲུབ་ཐབས། དཔའ་བོ་གཅིག་པའི་སྒྲུབ་ཐབས། སློང་མོ་པའི་འགྲེལ་པ་དང་གསུམ་ནི། ནཱ་རོ་པའི་སློབ་མ་དཔལ་མཆོག་ཌོམྦྷི་པས་མཛད་ཀྱི། སློབ་དཔོན་འདིས་མཛད་པ་མ་ཡིན་ནོ། །དེའི་སློབ་མ་གྲུབ་ཆེན་ཨ་ལ་ལ་བཛྲས། སྐུ་རྡོ་རྗེ་ལྷ་དགུའི་མངོན་རྟོགས། ཕྱག་གཉིས་པའི་སྒྲུབ་ཐབས་«་་་་་འདིས་གསུང་དང་ཐུགས་རྡོ་རྗེའི་མངོན་རྟོགས་ཀྱང་རིགས་འགྲེ་ཞེས་མཁན་པོ་ཆོས་རྗེས་གསུངས། ཞེས་བྱ་བ་མཛད། དེའི་སློབ་མ་ནགས་ཁྲོད་པས་གཞུང་མཛད་པ་མི་སྣང་ལ། དེའི་སློབ་མ་སློབ་དཔོན་གརྦྷ་རི་པས་སྐུ་རྡོ་རྗེ་དཔའ་བོ་གཅིག་པའི་མངོན་»་་་་་འདིས་ཆོ་ག་གསུམ་བསྐྱེད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་མངོན་རྟོགས་འབྲིང་པོ་གསུམ་བསྐྱེད་ཀྱི་དྲན་པ་གཅིག་པ་ཐམས་ཅད་རིགས་འགྲེ་གསུངས། «རྟོགས་དྲན་པ་གཅིག་པ་ཞེས་པ་མཛད། དེའི་སློབ་མ་སློབ་དཔོན་བསོད་སྙོམས་པས། བདག་མེད་མ་དཔའ་མོ་གཅིག་པའི་སྒྲུབ་ཐབས་མཛད་ཅིང༌། གོང་མ་རྣམས་ལས་རིམ་པར་བརྒྱུད་པའི་གདམས་ངག་ལ་བརྟེན་ནས། སློབ་དཔོན་མི་ཐུབ་ཟླ་བས། སྔར་སྨོས་པའི་གཞུང་བདུན་པོ་མཛད་དོ། །དེའི་སློབ་མ་དགེ་སློང་དཔའ་བོ་རྡོ་རྗེས། དཀྱིལ་ཆོག བསྐྱེད་རིམ། རྫོགས་རིམ། རབ་གནས། སྦྱིན་སྲེག རོ་སྲེག ཚོགས་འཁོར། གཏོར་མ། མཆོད་པའི་ཆོ་ག་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ། དཀྱིལ་འཁོར་»་་་་་ཀྱེ་རྡོ་རྗེའི་བྱ་བའི་རིམ་པ་ཞེས་གསུངས།« གྱི་ཆོ་ག་རིན་ཆེན་འབར་བ་ཞེས་བྱ་བ་མཛད་དོ། །སློབ་དཔོན་དེས་རྗེ་བཙུན་འབྲོག་ལ་གདམས་སོ། །གཞུང་དེ་རྣམས་ཀྱི་གཙོ་བོ་ནི་འགྲེལ་པ་ཀུ་མུ་ཏི་ཡིན་པས་གཙོ་ཆེ་བ་ལ་མིང་དུ་བཏགས་ནས། ལུགས་འདི་ལ་འགྲེལ་པ་ལུགས་སམ། ཌོམྦྷི་ལུགས་ཞེས་བྱའོ། །གཞུང་དེ་རྣམས་ཀྱི་དགོངས་པ་ཕྱོགས་གཅིག་ཏུ་བྱས་པའི་ལམ་གྱི་རིམ་པ་ནི། དང་པོར་བཟང་པོ་ཡོངས་བཟུང་ལས་འབྱུང་བ་ལྟར་དབང་བསྐུར་བའི་ཆོ་གས་རྒྱུད་སྨིན་པར་བྱས། དེའི་འོག་ཏུ་སྒྲུབ་ཐབས་ཡན་ལག་དྲུག་པ་ལྟར་བསྐྱེད་རིམ་བསྒོམས་པས་ཐ་ལམ་གྱི་སྣང་ཞེན་བཟློག་པར་བྱས་ནས། དེའི་འོག་ཏུ་ལྷན་ཅིག་སྐྱེས་གྲུབ་ནས་འབྱུང་བ་ལྟར། རྫོགས་རིམ་རང་བྱིན་བརླབ་དང༌། དཀྱིལ་འཁོར་འཁོར་ལོ་གཉིས་བསྒོམས་པས། བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་བསྐྱེད་ནས། འབྲས་བུ་ལ་མཚམས་སྦྱོར་བར་བཞེད་དེ། ལུགས་འདི་སྨིན་གྲོལ་གྱི་ལམ་ཐམས་ཅད་ཤིན་ཏུ་བསྡུས་ལ། རྒྱུད་ཀྱི་བཤད་པ་ནི་ཤིན་ཏུ་རྒྱས་པ་ཞིག་སྣང་ངོ༌། །ཡང་སློབ་དཔོན་ནག་པོ་པ་དེའི་སློབ་མ་ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ། རྗེ་བཙུན་ག་ཡ་དྷ་ར། བླ་ཆེན་འབྲོག་མིའི་བར་དུ། བླ་མ་སྔ་མ་སྔ་མའི་སྙན་བརྒྱུད་ཕྱི་མ་ཕྱི་མ་རྣམས་ལ་བཤད་ཅིང༌། ཉམས་སུ་ལེན་པ་མ་གཏོགས་གཞུང་ཡི་གེར་བཀོད་པ་མེད་པས་མན་ངག་ལུགས་སམ། ནག་པོ་པའི་ལུགས་ཞེས་གྲགས་ལ། འདི་དག་གི་གདམས་ངག་སྙན་བརྒྱུད་རྣམས་ཡི་གེར་བཀོད་པ་ནི། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་མཛད་པའི་ལམ་འབྲས་གླེགས་བམ། རྗེ་བཙུན་ཆེན་པོའི་དཀར་ཆག་ཏུ་བཀོད་པ་རྣམས་ཡིན་པས་ལུགས་འདི་ལ་གཞུང་འདི་རྣམས་རྒྱ་གཞུང་ལྟ་བུར་ཁས་བླངས་དགོས་པ་ཡིན་ནོ། །ཚུལ་འདིའི་ལམ་གྱི་རིམ་པ་ནི་གང་ཟག་གི་བཀྲི་ཚུལ་མང་པོ་ཞིག་ཡོད་ཀྱང༌། འདིར་གང་ཟག་སྔར་ལམ་ལ་གཏན་འཇུག་མ་མྱོང་བ་བློ་དམན་པ་ཞིག་གི་དབང་དུ་བྱས་ནས། ཐོག་མར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ཐུན་མོང་དུ་སྣང་བ་གསུམ་གྱི་ལམ་ལ་བློ་སྦྱངས། དེའི་འོག་ཏུ་དབང་བསྐུར་བའི་ཆོ་གས་རྒྱུད་སྨིན་པར་བྱས། དེའི་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང༌། དེའི་འོག་ཏུ་ཀུན་གཞི་རྒྱུ་རྒྱུད་ཀྱི་ལམ་གྱིས་ཕྱི་ནང་གི་ཆོས་ཐམས་ཅད་སྐྱེ་མེད་ཏུ་གཏན་ལ་མ་ཕེབས་ཀྱི་བར་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཅིང་སྒོམ། དེའི་འོག་ཏུ་ཕྱི་བསྐྱེད་རིམ་རྒྱས་འབྲིང་བསྡུས་གསུམ་གྱི་སྒོ་ནས་སྣང་བའི་དངོས་པོ་ལྷར་མ་ཤར་གྱི་བར་དུ་བསྒོམ། དེ་ནས་ནང་བསྐྱེད་པའི་རིམ་པ་ལུས་དཀྱིལ་གྱི་རྣལ་འབྱོར་གྱིས་ཕྱི་རོལ་གྱི་སྤྲོས་པ་ནང་དུ་མ་ཆོད་ཀྱི་བར་དུ་སྒོམ། དེ་ནས་རླུང་དང༌། གཏུམ་མོ་དང༌། ཕྱག་རྒྱའི་ལམ་དང༌། རྦ་རླབས་ཀྱི་རྣལ་འབྱོར་གྱིས་རྫོགས་རིམ་གྱི་ཡེ་ཤེས་རྒྱུད་ལ་བསྐྱེད་ནས། ཚེ་འདི་ཉིད་ལ་འབྲས་བུ་མངོན་དུ་བྱེད་ལ། གལ་ཏེ་མ་གྲུབ་ན་བར་དོ་དང༌། དེས་མ་གྲུབ་ན་འཕོ་བ་ལ་སོགས་པའི་གདམས་ངག་གིས་ཀྱང་འབྲས་བུ་མངོན་དུ་བྱེད་ཅིང༌། ཏིང་ངེ་འཛིན་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་བོགས་འབྱིན་པ། ལམ་གྱི་གེགས་སེལ་ཚུལ་སོགས། རྣལ་འབྱོར་ཉམས་སུ་བླང་བའི་རིམ་པ་ཤིན་ཏུ་རྒྱས་ཤིང་རྒྱུད་ཀྱི་བཤད་པ་ནི་མན་ངག་དང་སྦྱར་ཏེ་འབྲུ་གཉེར་བ་ཙམ་དང༌། དཀའ་གནས་འགའ་ཞིག་གི་བཤད་པ་ཙམ་མ་གཏོགས་པ་རྒྱས་པ་མི་སྣང་ངོ༌། །གཉིས་པ་ནི། སློབ་དཔོན་གཉིས་ཆར་གྲུབ་ཆེན་བིརྺ་པའི་སློབ་མ་ཡིན་པ་ལ་ལམ་གཉིས་འབྱུང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། རྗེ་བཙུན་བིརྺ་པ་ཉིད་ཀྱིས་ཌོམྦི་པ་ལ་ལམ་བསྡུས་པ་དང༌། ནག་པོ་པ་ལ་ལམ་རྒྱས་པས་བཀྲིས་པས་ན། རང་ཇི་ལྟར་བཀྲིས་པ་བཞིན་སློབ་མ་རྣམས་ལའང་བཤད་པས། ལམ་གཉིས་བྱུང་བ་ཡིན་ནོ། །འོ་ན་སློབ་དཔོན་གཉིས་ལ་ལམ་རྒྱས་བསྡུས་གཉིས་གསུང་དགོས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། སྤྱིར་ཆོས་ཐམས་ཅད་གདུལ་བྱ་སོ་སོའི་བློ་དང་འཚམ་པར་བསྟན་དགོས་པ་ཡིན་ལ། གདུལ་བྱའི་གང་ཟག་ཀྱང་གསང་སྔགས་པའི་ལུགས་ཀྱི་སྐལ་ལྡན་ཅིག་ཅར་དུ་འཇུག་པ་དང༌། སྐལ་དམན་རིམ་གྱིས་འཇུག་པ་གཉིས་སུ་ངེས་སོ། །དེ་ལ་དང་པོ་ནི། དང་པོ་ཉིད་ནས་ལམ་གཞན་ལ་སློབ་མི་དགོས་པར་སྨིན་བྱེད་ནས་བརྩམས་ཏེ། རྫོགས་རིམ་གྱི་བར་ལམ་གྱི་གཙོ་བོ་རྣམས་ཉམས་སུ་བླངས་པས་གྲོལ་བའི་གང་ཟག་གཅིག་ལ་དེ་དང་མཐུན་པར་ལམ་སྟོན་པ་ལ་བྱ་ལ། གཉིས་པ་ནི། དང་པོ་ཉིད་དུ་གསང་སྔགས་ལ་མི་མོས་ཤིང༌། བློ་ཐ་མལ་པར་གནས་པས་དལ་འབྱོར་རྙེད་པར་དཀའ་བ་དང༌། འཆི་བ་མི་རྟག་པ་ལ་སོགས་པའི་སྒོ་ནས་ཡིད་སྐྱོ་བར་བྱེད་དགོས་ལ། སྐྱབས་འགྲོ་ལ་སོགས་པ་ཐེག་པ་ཐུན་མོང་བའི་ལམ་ལ་བློ་སྦྱངས་ནས། སྔགས་ཀྱི་ལམ་ལའང་རིམ་གྱིས་སློབ་དགོས་པའི་གང་ཟག་གཅིག་ལ་དེ་དང་མཐུན་པར་ལམ་སྟོན་པ་ལ་བྱའོ། །དེས་ན་དང་པོར་ལམ་ལ་འཇུག་པའི་དུས་སུ་ཌོམྦྷི་པ་བློ་རབ་དང༌། ནག་པོ་པ་བློ་ཐ་མ་ཞིག་ཡོད་པར་སྣང་བས། དེ་དང་མཐུན་པར་ཆོས་བསྟན་པ་ཡིན་ཏེ། གདུལ་བྱ་དབང་པོ་རྣོན་པོ་ལ་མདོར་བསྡུས་པ་དང༌། དབང་པོ་རྟུལ་པོ་ལ་རྒྱས་པར་བཤད་དགོས་པ་གསུང་རབ་ཐམས་ཅད་ལས་བཤད་པའི་ཕྱིར་རོ། །བཞི་པ་ནི། དེ་ལྟར་ལམ་གཉིས་ཀྱང་རང་གི་ངོ་བོ་གཅིག་ཡིན་ཏེ། སྐལ་དམན་རིམ་གྱིས་འཇུག་པའི་གང་ཟག་ཅིག་ཌོམྦྷི་པའི་ལམ་གྱིས་བཀྲི་དགོས་ན། ནག་པོ་པས་བཤད་པ་ལྟར་བཀྲི་བ་ལས་གཞན་པའི་ཐབས་མེད་ཅིང༌། སྐལ་ལྡན་ཅིག་ཅར་བ་ཞིག ནག་པོ་པའི་ལམ་གྱིས་བཀྲི་ན། ཌོམྦི་པས་ཇི་སྐད་བཤད་པ་ལས་གཞན་དུ་བཤད་དུ་མེད་པའི་ཕྱིར་རོ། །དེས་ན་གདུལ་བྱ་གང་ཟག་གི་ངོས་ནས་གཉིས་སུ་ཕྱེ་བ་ཡིན་གྱི། རང་གི་ངོ་བོའི་སྒོ་ནས་ཕྱེ་བ་མ་ཡིན་པས། ལམ་གཉིས་ཀྱི་དོན་གཅིག་ཏུ་ཤེས་པར་བྱའོ། །གཞན་ཡང་རྒྱས་པའི་ནང་དུ་བསྡུས་པ་ཚང་བ་ཆོས་ཉིད་ཡིན་པས་ན། མན་ངག་ལུགས་ཀྱི་ནང་དུ་འགྲེལ་པ་ལུགས་ཀྱི་ལམ་ཐམས་ཅད་ཚང་བ་ཡིན་ནོ། །གལ་ཏེ་ལམ་འདི་གཉིས་དོན་གཅིག་ན། མི་འདྲ་བ་མི་རིགས་པ་ལ་སྨིན་བྱེད་དང༌། བསྐྱེད་རིམ་གྱི་སྐབས་ན་མི་འདྲ་བ་དུ་མ་སྣང་བའི་ཕྱིར་རོ་སྙམ་ན། བཤད་པར་བྱ་སྟེ། སྨིན་བྱེད་ཀྱི་སྐབས་སུ་བཟང་པོ་ཡོངས་བཟུང་གི་ས་ཆོག་ཡན་ཆད་ལ་མི་འདྲ་བ་ཡོད་པ་ནི། སློབ་དཔོན་དེས་རྡོ་རྗེ་གདན་བཞི་ལ་སོགས་པའི་རྒྱུད་གཞན་ནས་ཁ་བསྐང་སྟེ། སྤྲོས་པ་ལ་དགའ་བའི་ངོར་མཛད་པ་ཡིན་གྱི། དང་པོ་ནས་བྱུང་བའི་ཉམས་ལེན་མ་ཡིན་ལ། རིན་ཆེན་འབར་བའི་ས་ཆོག་ཡན་ཆད་ནི་མན་ངག་ལུགས་ཀྱི་དབང་གི་ཆུ་བོ་དང་མཐུན་ཞིང༌། དང་པོ་ནས་བྱུང་བའི་ཉམས་ལེན་ཡིན་པས། གཉིས་པོ་གང་བྱས་ཀྱང་འདྲ་ལ། གཞན་དུ་ན་འགྲེལ་པ་ལུགས་ལའང༌། སྨིན་བྱེད་ཀྱི་ལམ་གཉིས་ཡོད་པར་ཐལ་བའི་སྐྱོན་ཡོད་དོ། །ཆོ་ག་ལྷག་མ་རྣམས་ལ་རྒྱས་བསྡུས་མ་གཏོགས་དོན་ལ་ཁྱད་པར་ཅི་ཡང་མེད་དོ། །དེ་བཞིན་དུ་བསྐྱེད་རིམ་གྱི་སྐབས་སུའང་ཡན་ལག་བདུན་པའི་ཚིག་མི་འདྲ་བ་ཙམ་དང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་པའི་རྗེས་ལ། གནས་གསུམ་བྱིན་བརླབ་སོགས་བྱ་བར་བཤད་པས་ནི། ལམ་གྱི་སྤྱི་མི་འདྲ་བར་འབྱེད་མི་ནུས་ཏེ། གལ་ཏེ་ནུས་ན་མན་ངག་ལུགས་ལའང་ལམ་གཉིས་སུ་ཐལ་བའི་སྐྱོན་ཡོད་དེ། ཡན་ལག་དྲུག་པ་དང་བཞི་པ་རྒྱུན་བཤགས་ཀྱི་ཚིག་མི་འདྲ་བའི་ཕྱིར་དང༌། དག་པ་དྲན་པའི་རྗེས་ལ་བཟླས་པ་བྱ་བ་དང༌། བཟླས་པ་བྱས་ནས་དག་པ་དྲན་པ་སོགས་གོ་རིམ་མི་འདྲ་བ་བཤད་པའི་ཕྱིར་རོ། །མདོར་ན་ནང་གསེལ་གྱི་དབྱེ་བ་ཕྲ་མོས་ལམ་གྱི་སྤྱི་མི་འདྲ་བ་འབྱེད་མི་ནུས་པས་ན། འགྲེལ་པ་ལུགས་དང་མན་ངག་ལུགས་གཉིས་ཀ རྗེ་བཙུན་བིརྺ་པའི་ལུགས་ཞེས་སྤྱི་གཅིག་ཏུ་ཤེས་པར་བྱ་སྟེ། དཔེར་ན། སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་དེ་ཉིད་སྣང་བར་བཤད་པའི་རྡོར་དབྱིངས་འགྲེལ་པ་ལུགས་དང༌། རྡོ་རྗེ་འབྱུང་བར་བཤད་པའི་དཀྱིལ་ཆོག་ལུགས་གཉིས། ལུགས་སོ་སོར་གྲགས་ཤིང་ནང་གསེལ་མི་འདྲ་བ་དུ་མ་ཡོད་ཀྱང་གཉིས་ཆར་སློབ་དཔོན་ཀུན་དགའ་སྙིང་པོའི་ལུགས་སུ་གཅིག་པ་བཞིན་ནོ། །དེས་ན་འདིར་བཤད་པ་དང་ཉམས་སུ་བླང་བར་བྱ་བའི་ལམ་ནི། དཔལ་བིརྺ་པ་ཡབ་སྲས་གསུམ་གྱིས་ལེགས་པར་བཀྲལ་བའི་ཤིང་རྟའི་སྲོལ་ཆེན་པོ་དེ་ཡིན་ནོ། །ཞེས་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ལ་གསུམ། མཚན་བསྒྱུར་བ། མཚན་བཤད་པ། ཞར་བྱུང་ལོ་ཙཱ་བས་ཕྱག་འཚལ་བའོ། །དང་པོ་ནི། རྒྱ་གར་འཕགས་པའི་ཡུལ་ན། སཾ་སྐྲྀ་ཏ། པྲ་ཀྲི་ཏ། ཨ་བ་བྷྲཾ་ཤ་ཏ། པི་ཤ་ཙི་ཀ་སྟེ། སྐད་རིགས་བཞི་ལས། ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་དུ། སྒྲུབ་ཐབས་འདི་ལ། ཥཊ་ཨྃ་ག་སཱ་དྷ་ནྃ་ན་མ། ཞེས་བྱ་ལ་དེ་བོད་ཁ་བ་ཅན་པའི་སྐད་དུ་བསྒྱུར་ན། ཡན་ལག་དྲུག་པ་ཞེས་བྱ་བའི་སྒྲུབ་ཐབས་ཞེས་བྱ་བ་སྟེ། དེ་ཡང་ཥཊ་ནི་དྲུག ཨཾ་ག་ནི་ཡན་ལག སཱ་དྷ་ནཾ་ནི་སྒྲུབ་པའི་ཐབས། ནཱ་མ་ནི་ཞེས་བྱ་བའོ། །གཉིས་པ་ནི། རྡོ་རྗེ་གུར་ལེའུ་བཞི་པར་བཤད་པ་ལྟར། བསྐྱེད་རིམ་ཡན་ལག་དྲུག་བསྒོམས་པས་འབྲས་བུ་རྒྱལ་བ་རིགས་ལྔ། རྡོ་རྗེ་འཆང་དང་དྲུག་སྒྲུབ་པར་བྱེད་པའི་ཐབས་ཐུན་མོང་མ་ཡིན་པ་སྟོན་པས་དེ་སྐད་ཅེས་བྱ་སྟེ། བརྗོད་»་་་་་ཞེས་པ་ནི་བརྗོད་བྱ་བསྐྱེད་རིམ་ཡིན་ལ། དེའི་སྒྲུབ་ཐབས་ཀྱི་མིང་ལ་མི་འདྲ་བ་དུ་མ་བྱུང་བ་ལས། འདིར་ཡན་ལག་དྲུག་གི་འཆིང་བ་ལས་མཚན་དེ་ལ་བཏགས་སོ།།« བྱ་ལ་མཚན་དུ་བཏགས་པའོ། །ཡང་གཞུང་གཞན་དང་བོད་ཀྱི་བླ་མ་རྣམས་ཀྱིས། དཔལ་ཀྱེ་རྡོ་རྗེའི་མངོན་པར་རྟོགས་པ་ཞེས་འབྱུང་བ་ལྟར་ན། ཀྱེ་རྡོ་རྗེ་ནི་ཐབས་ཤེས་གཉིས་སུ་མེད་པ་སྟེ། བསྒྲུབ་བྱའི་འབྲས་བུའོ། །མངོན་པར་ནི་འབྲས་བུའི་ཀྱེ་རྡོ་རྗེ་ལ་མངོན་དུ་ཕྱོགས་ཏེ་འགྲོ་བའི་ལམ་མོ། །རྟོགས་པ་ནི་འབྲས་བུ་དང་ལམ་གྱི་དོན་རྒྱུད་ལ་སྐྱེ་བའི་རིམ་པ་ལུང་དང་རྟོགས་པ་ཞེས་གཉིས་སུ་གྲགས་པ་རྟོགས་པའི་ཡོན་ཏན་ལ་བྱའི། ཡུལ་ཁོང་དུ་ཆུད་པའི་དོན་ལ་སྐབས་འདིར་མི་བཤད་དོ། །གསུམ་པ་ནི། ཕྱག་འཚལ་བའི་ཡུལ་ངེས་དོན་དང་དྲང་དོན་གཉིས་ལས་དང་པོ་ལྟར་ན། དཔལ་ཞེས་པ་གཞུང་ན་མེད་ཀྱང༌། རྟེན་འབྲེལ་གྱི་»་་་་་འདི་ལ་སྤྱིར་གྱི་ས་སྐྱ་པས། རྩ་རྒྱུད་དུ་ཤྲཱི་ཧེ་བཛྲ་ཏནྟྲ་རཱ་ཛཱ་ཞེས་དང༌། ཡིག་བརྒྱའི་དབུར་ཤྲཱི་ཧེ་རུ་ཀ་ཞེས་དང༌། གུར་མགོན་གྱི་རྩ་སྔགས་ཀྱི་དབུར། ཤྲཱི་མཧཱ་ཀ་ལ་ཞེས་དཔལ་གསུམ་བཅུག་པས་རྟེན་འབྲེལ་ལེགས་ཞེས་པའང་ཡིན་མོད། དེ་རྣམས་དང་འདིར་ཡང་དཔལ་བཅུག་པ་ནི། ཧེ་བཛྲ་ཞེས་པས་སྙིང་རྗེ་དང༌། སྟོང་པ་གཉིས་སྟོན་པ་ལས། དེ་གཉིས་དབྱེར་མེད་དུ་རྟོགས་ཤིང་འཆད་པ་ལ་ཤྲཱི་ངེས་པར་དགོས་པས། སྟོང་ཉིད་སྙིང་རྗེ་དབྱེར་མེད་དེ་ཉིད་ངེས་དོན་གྱི་ཀྱེ་རྡོ་རྗེར་བཤད་པའི་བཤད་གཞིར་རྟོགས་པའོ།།« ཆེ་བས་བཅུག་སྟེ་བཤད་ན། དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྩ་རྒྱུད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་སོ། །གང་གཉིས་སུ་མེད་ན་ཐབས་དང་ཤེས་རབ་སྟེ། དེ་ལ་ཐབས་ནི། ཀྱེ་ཞེས་བྱ་བས་སྙིང་རྗེ་བསྟན་ཏེ། སེམས་ཅན་དང༌། ཆོས་དང༌། དམིགས་པ་མེད་པ་ལ་དམིགས་པའི་སྙིང་རྗེ་གསུམ་ལས་འདིར་བརྗོད་བྱའི་གཙོ་བོ་སེམས་ཅན་དང་ཆོས་སུ་རྣམ་པར་མི་རྟོག་པའི་དམིགས་མེད་ཀྱི་སྙིང་རྗེ་མཐར་ཐུག་པ་སྟེ། དེས་ཞི་བ་མྱང་འདས་ཀྱི་མཐའ་ལ་མི་གནས་སོ། །ཤེས་རབ་ནི་རྡོ་རྗེ་ཞེས་པས་བསྟན་ཏེ། དེའང་དཔེར་ན། རྫས་ཀྱི་རྡོ་རྗེ་ཕ་ལམ། ཚུར་གང་གིས་ཀྱང་གཞིག་པར་མི་ནུས་ལ་ཕར་དངོས་པོ་ཐམས་ཅད་འཇོམས་པ་ལྟར། ཤེས་རབ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་མཐར་ཐུག་པ་འདིས་ཀྱང༌། ཕར་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་འཇོམས་ལ་ཚུར་གང་གིས་ཀྱང་གཞིག་པར་མི་ནུས་ཏེ། རྡོ་རྗེ་རྩེ་མོར། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པ། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །འདིས་སྲིད་པ་འཁོར་བའི་མཐའ་ལ་མི་གནས་པའོ། །ཐབས་ཤེས་རབ་དེ་གཉིས་ཀྱང་ཟག་པ་མེད་པའི་དབྱིངས་སུ། དཔེར་ན། མར་མེའི་སྣང་བ་དང༌། དྲོ་མདོག་སོ་སོ་མ་ཡིན་ཞིང༌། རྣམ་པ་དབྱེར་མེད་པར་གྱུར་བ་ནི་གཉིས་སུ་མེད་པར་གྱུར་པ་སྟེ། རྒྱུད་བླ་མར། དྲི་མེད་གནས་ལ་མངོན་ཤེས་དང༌། །ཡེ་ཤེས་དྲི་མེད་དེ་ཉིད་ནི། །རྣམ་དབྱེར་མེད་ཕྱིར་མར་མེ་ཡི། །སྣང་དང་དྲོ་མདོག་ཆོས་མཚུངས་ཅན། །ཞེས་པ་ལྟར་རོ། །དེ་ལྟ་བུའི་ཐབས་ཤེས་དབྱེར་མེད་དེ་ཉིད་ལ། ངེས་དོན་གྱི་དཔལ་ཀྱེ་རྡོ་རྗེ་ཞེས་བྱ་སྟེ། སློབ་དཔོན་མཚོ་སྐྱེས་ཀྱིས། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཀྱེ་ཡི་རྡོ་རྗེར་བདག་ཕྱག་འཚལ། །ཞེས་སོ། །གཉིས་པ་ལྟར་ན། ལོངས་སྤྱོད་རྫོགས་པའི་སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཞབས་བཞི་པའི་རྣམ་པ་ཅན་ནི་དྲང་དོན་གྱི་དཔལ་ཀྱེ་རྡོ་རྗེ་སྟེ། ཡུལ་དེ་དག་ལ། སྔོན་རྗེ་བཙུན་འབྲོག་མི་ལོཙྪ་བ་ལ་སོགས་པའི་འགྱུར་བྱེད་རྣམས་དང༌། རྗེས་འཇུག་བཤད་སྒྲུབ་བྱེད་པ་རྣམས་ཀྱིས་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །ཞེས་སོ། །གསུམ་པ་སྒྲུབ་ཐབས་དངོས་ལ་གསུམ། སྒྲུབ་ཐབས་ལ་འཇུག་པའི་ཡན་ལག ཡན་ལག་ཅན་གྱི་སྒྲུབ་ཐབས་དངོས། སྒྲུབ་ཐབས་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ། བཤད་པར་དམ་བཅའ་བའོ། །དང་པོ་ལ་གཉིས། ཡི་དམ་ལྷ་དང༌། བླ་མ་ལ་མཆོད་པར་བརྗོད་པའོ། །དང་པོ་ནི། བཞུགས་ཞེས་དྲངས་ནས། གནས་གང་དུ་ན། དཀྱིལ་འཁོར་སྒྱུ་མ་སོགས་ཏེ། དེ་ལ་སྤྱིར་དཀྱིལ་འཁོར་ལ་གཉིས་ལས། དོན་དམ་པའི་དཀྱིལ་འཁོར་ནི། སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས། དངོས་པོ་ཐམས་ཅད་ཀྱི་གནས་ལུགས་དེ་ནི་སྙིང་པོ་ཡིན་ལ། དེ་དགའ་བ་དང༌། སྐད་ཅིག་མ་བཞི་ལ་སོགས་པའི་ཐབས་ཀྱིས་ལེན་པར་བྱེད་པས་ན། དཀྱིལ་འཁོར་ཏེ། རྩ་རྒྱུད་ལས། དཀྱིལ་ནི་སྙིང་པོ་ཞེས་བྱ་སྟེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་སོ། །ཀུན་རྫོབ་ཀྱི་དཀྱིལ་འཁོར་ནི། ལྷ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ནི་སྙིང་པོ་ཡིན་ལ། དེ་ཡན་ལག་དྲུག་ལ་སོགས་པའི་བསྐྱེད་རིམ་གྱི་སྒོ་ནས་ལེན་པར་བྱེད་པས་ན། དཀྱིལ་འཁོར་ཞེས་བྱ་བའོ། །སྔ་»་་་་་ཀྲེ་ཞིང་སྣ་ར་བ་ཨ་སང་ཀཱིརྟི། «རབས་པ་ཁ་»་་་་་ཡོ་ག་པ་«ཅིག དཀྱིལ་གཙོ་བོ་དང༌། འཁོར་ལྷ་མོ་དང༌། ཡང་ཁ་ཅིག་དཀྱིལ་ལྷ་དང༌། འཁོར་གཞལ་ཡས་ཁང་དུ་འདོད་པ་རྣམས་ནི་སྔར་གྱི་ལུང་དང་འགལ་ལོ། །དེ་ལྟར་དཀྱིལ་འཁོར་གཉིས་ལས། སྐབས་འདིར་ཀུན་རྫོབ་ཀྱི་དཀྱིལ་འཁོར་སྟོན་ཏེ། དེ་ལ་སྒྱུ་མ་ནི། སྔགས་དང་སྨན་ལ་སོགས་པ་ལས་བྱུང་བས་སྣང་ཡང་བདེན་པ་མེད་པ་ལྟར། རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་པ་ཡང༌། རྒྱུ་འབྱུང་བཞི་ལ་སོགས་པ་ལས་བྱུང་བས་དེ་ལྟར་སྣང་ཡང༌། དཔྱད་ན་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་ལ་བཞུགས་ཞེས་པའོ། །གྲོགས་སུ་དང་ལྷན་ཅིག་ཏུ་ན། ཆུ་ཟླ་དང་མཚུངས་སོགས་ཏེ། ཇི་ལྟར་ཆུ་ནང་གི་ཟླ་བས་ཟླ་བའི་དོན་བྱེད་མི་ནུས་པས་བདེན་པ་མིན་ལ། སྣང་ཚོད་དུ་སྣང་བས་བརྫུན་པ་མ་ཡིན་པ་ལྟར་བརྟེན་པ་ལྷ་རྣམས་ཀྱང༌། རྣལ་འབྱོར་པའི་ཤེས་པ་ལ་སྣང་བའི་ཆ་ནས་བརྫུན་པ་མ་ཡིན་ལ། དེ་ཉིད་བརྟགས་ན་མ་གྲུབ་པས་བདེན་པ་མིན་པ་ཆུ་ཟླ་དང་མཚུངས་པའི་ལྷ་མོ་བརྒྱད་དང་ལྷན་ཅིག་ཏུའོ། །ངོ་བོ་གང་བཞུགས་ན། གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་བདག་པོ་དཔལ་ཀྱེ་རྡོ་རྗེ་དོན་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་རྣམ་པར་ཐར་པ་བརྒྱད་དང་བསྡུ་བའི་དངོས་པོ་བཞི་དང༌། དེ་བཞིན་ཉིད་དེ་སྟོང་པ་ཉིད་བཅུ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དེ་ཉིད་གཟུགས་ཀྱི་སྐུ་རྣམ་ཐར་བརྒྱད་དག་པའི་ཞལ་དང༌། བསྡུ་བའི་དངོས་པོ་བཞི་དག་པས་ཞབས་དང༌། དེ་བཞིན་ཉིད་བཅུ་དྲུག་དག་པས་ཕྱག་བཅུ་དྲུག་དག་པའི་རྣམ་པ་ཅན་གྱི་ལྷ་དེའོ། །དེ་ཉིད་གཞལ་ཡས་ཁང་པའི་ནང་གི་གང་དུ་བཞུགས་ཞེ་ན། བདུད་ཀྱི་སྙིང་ག་ཉམས་དགའ་བ་སྟེ། ངེས་དོན་དུ་ཕུང་པོ་ལ་སོགས་པའི་བདུད་བཞི་དམིགས་པ་མེད་པའི་ཐུགས་རྗེས་བཅོམ་པ་དེ་ཉིད། དྲང་དོན་དུ་གཞལ་ཡས་ཁང་པའི་དབུས་ཀྱི་པདྨའི་ལྟེ་བར་བདུད་བཞི་བརྩེགས་པའི་སྙིང་ག་ཉམས་དགའ་བའི་གནས་སུའོ། །ཚུལ་ཇི་ལྟར་ན་དམིགས་མེད་ཀྱི་སྙིང་རྗེས་འཁོར་བ་ཇི་སྲིད་ཀྱི་བར་དུ། སེམས་ཅན་གྱི་དོན་མཛད་པ་ལ། དགྱེས་པར་གྱུར་པའི་ཚུལ་གྱིས་སོ། །རྣམ་པ་ཇི་ལྟ་བུར་བཞུགས་ན། གར་མཁན་ལྟར་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང༌། ཆོས་ཀྱི་དབྱིངས་ལས་མི་འགྱུར་བས་སྐུ་མདོག་ནམ་མཁའ་ལྟ་བུར་སྔོ་བ་སྟེ། དཀྱིལ་འཁོར་གྱི་གཙོ་བོ་འབྲས་བུ་རྡོ་རྗེ་འཛིན་པའི་དབང་དུ་བྱས་པ་ཡིན་ལ། ང་རྒྱལ་ཅན་རྣམས་སྤ་བཀོང་བའི་ཕྱིར་དྲེགས་པར་མཛད་པའི་རྣམ་པས་སོ། །དེ་ལྟར་ན་གཙོ་བོ་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཕྱག་འཚལ་གྱི། འགྲོ་བ་གསུམ་པོ་རྣམས་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྲུངས་ཤིག་ཅེས་པའོ། །གཉིས་པ་ནི། དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་དང༌། དེ་དག་གི་སྤྲུལ་པའི་སྐུ་ནི་ཀྱེ་རྡོ་རྗེ་ཡིན་ལ། དེ་དང་འདྲ་བ་ནི་ཡི་དམ་དང་ཐ་མི་དད་ཅིང༌། འགྲོ་བ་རྣམས་སྐྱེ་བ་དང༌། རྒ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་ལས་སྒྲོལ་བར་བྱེད་པའི་ཐེག་པ་གཅིག་པ་སྟེ། བཞོན་པའམ། གྲུའམ། གཟིངས་སུ་གྱུར་པ་ནི། བླ་མ་ཛ་ཡ་ཤྲཱི་ཤཱནྟི་སྟེ། དེ་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞེས་པའོ། །གཉིས་པ་ནི། དེ་ལྟར་ཕྱག་འཚལ་ནས་ཅི་བྱེད་ཅེ་ན། བརྩམ་པར་བྱ། ཞེས་སྦྲེལ་ལོ། །གང་བརྩམས་ན་ཐུར་མ་ལྟ་བུ་འདི་ནི་བརྩམ་པར་བྱ་བའོ། །ཅིའི་ཕྱིར་ཐུར་མ་ཡིན་ཞེ་ན། མི་ཤེས་པའི་སྒྲིབ་གཡོགས་མུན་པ་དང་འདྲ་བ་དེ་འདྲལ་བ་ཡིས་ཏེ་སེལ་བར་བྱེད་པའི་ཕྱིར་རོ། །དེ་ཡང་དཔེར་ན་གཟུགས་ལ་སོགས་པའི་དངོས་པོ་གསལ་བར་བྱེད་པ་ནི། མིག་གི་དབང་པོ་ཡིན་ལ། དེ་རབ་རིབ་མཐུག་པོས་གཡོགས་ཏེ། མུན་པར་གྱུར་ནས་གསལ་བར་མི་ནུས་པ་དེ། གསེར་གྱི་ཐུར་མས་རབ་རིབ་བསལ་བའི་དུས་ན། གཟུགས་སོགས་གསལ་བར་བལྟ་ནུས་པ་བཞིན། སེམས་ཅན་གྱི་རྒྱུད་ལ་རང་བཞིན་གྱིས་སངས་རྒྱས་ཀྱི་རྒྱུ་ཡོད་ཀྱང༌། སྒྲིབ་གཉིས་ཀྱིས་གཡོགས་པས་མུན་པ་ལྟ་བུར་གྱུར་པ་དེ། སྒྲུབ་ཐབས་ཀྱི་ཐུར་མ་འདིས་སེལ་བར་བྱེད་ཅེས་པའི་དོན་ཏོ། །འོ་ན་ཐུར་མ་ལྟ་བུ་དེའི་མིང་ཅི་ཞེ་ན། ཀྱེ་རྡོ་རྗེ་དཔལ་གྱི་སྒྲུབ་པའི་ཐབས་ཡན་ལག་དྲུག་པ་ཞེས་བྱའོ། །འོ་ན་དེ་རང་བཟོར་བརྩམས་སམ་ཞེ་ན། མ་ཡིན་ཏེ། གྲུབ་ཆེན་ཌོམྦྷི་པའི་ཞལ་སྔ་ནས་ཀྱི་མན་ངག་རྣམས་སློབ་དཔོན་ཨ་ལ་ལ་བཛྲ། དཔལ་ལྡན་ནགས་ཁྲོད་པ། གྲུབ་ཐོབ་གརྦྷ་རི་པ། རྗེ་བཙུན་བསོད་སྙོམས་པ་རྣམས་ལས་རིམ་པ་བཞིན་དུ་བརྒྱུད་པའི་གདམས་ངག་ཁྱད་པར་ཅན་རྙེད་པས་དེ་ལ་བརྟེན་ནས་སོ། །ཁ་»་་་་་རི་བོ་དགའ་ལྡན་པ།« ཅིག་སློབ་དཔོན་འདི་ཌོམྦྷི་ཧེ་རུ་ཀའི་དངོས་སློབ་དུ་འདོད་པ་ནི་བླ་མ་བརྒྱུད་པའི་རིམ་པ་ཙམ་ཡང་མ་མཐོང་ཞིང༌། གཞུང་འདིར་ཌོམྦྷིའི་ཞལ་སྔ་ནས་ཀྱི་»་་་་་འདི་ལ་རྒོལ་བ་དེ་དག་ན་རེ། རིམ་ཞེས་པ་བསྐྱེད་རིམ་རྙེད་ཅེས་འབྲུ་གནོན་ཏེ། དེ་ལྟར་ན་རྫོགས་རིམ་རྙེད་ཅེས་ཀྱང་བརྗོད་དུ་རུང་སྟེ་ཚིག་ལ་འཁྲི་བར་ཟད་དོ།། «རིམ་རྙེད་པ། ཞེས་པའི་ཚིག་ལའང་དཔྱད་པ་མ་ཞུགས་པར་ཟད་དོ། །འོ་ན་བླ་མ་བརྒྱུད་པའི་གདམས་ངག་དེའང་རང་བཟོ་མིན་ནམ་ཞེ་ན། ཀྱེ་རྡོ་རྗེའི་རྒྱུད་ཆེན་པོ་རྒྱ་མཚོ་ལྟ་བུ་ལ་བརྟེན་ནས་བརྩམས་པའོ། །དེའི་ཕྱིར་རྟོགས་པའི་ཞེས་སྦྲེལ་ཏེ། ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པའི་གདམས་ངག བར་མ་ཆད་པ་རྟོགས་ཤིང་ཁོང་དུ་ཆུད་པ་ལ་བརྟེན་ནས་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས། ཐུར་མ་ལྟ་བུ་འདི་བརྩམ་ཞེས་པའི་དོན་ཏོ། །གཉིས་པ་སྒྲུབ་ཐབས་དངོས་ལ་གཉིས། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། སྒྲུབ་ཐབས་འདིས་བརྗོད་བྱའི་དོན་ཅི་ཞིག་སྟོན་སྙམ་ན། བསྐྱེད་རིམ་གཙོ་བོར་གྱུར་པའི་རིམ་པ་གཉིས་སྟོན་ཅིང༌། དེར་རྣལ་འབྱོར་བླ་མེད་ཀྱི་ཉམས་ལེན་ཐམས་ཅད་ཀྱང་འདུས་པ་ཡིན་ཏེ། རྩ་རྒྱུད་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་དང༌། གསང་འདུས་རྒྱུད་ཕྱི་མར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང༌། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་བཤད་པའི་ཕྱིར་རོ། །གལ་ཏེ་རྡོ་རྗེ་ཅན་གྱི་ཆོས་ཐམས་ཅད་རིམ་གཉིས་སུ་འདུ་ན། རྒྱུ་རྒྱུད་དང་འབྲས་རྒྱུད་གཉིས་དེར་ཇི་ལྟར་འདུ་སྙམ་ན། དེ་ལ་རྒྱུ་རྒྱུད་ནི། རིམ་གཉིས་ཀྱི་སྦྱང་གཞི་ཡིན་ལ། དབང་བསྐུར་ནི་སྔོན་འགྲོ་དང༌། འབྲས་བུ་སྐུ་གཉིས་ནི་ཐོབ་བྱ་ཡིན་པས་དེར་འདུའོ། །དེས་ན་རིམ་གཉིས་སྤྱིའི་དོན་བཤད་པར་བྱ་བ་ལ་དྲུག རིམ་གཉིས་ཀྱི་ངོ་བོ། དབྱེ་བ། ངེས་ཚིག གྲངས་ངེས་པ། གྲོལ་བའི་རྒྱུ་མཚན། གོ་རིམ་ངེས་པ་བསྟན་པའོ། །དང་པོ་ནི། ཐབས་ཁྱད་པར་ཅན་གྱིས་མཚན་རྟོག་ལས་ཡིད་སྐྱོབ་པའོ། །གཉིས་པ་ནི་བསྐྱེད་རྫོགས་གཉིས་སོ། །གསུམ་པ་ལ་གསུམ། གཙོ་བོར་སྦྱང་གཞི་ལ་དང༌། གཙོ་བོར་འབྲས་བུ་ལ་དང༌། གཙོ་བོར་ལམ་ལ་མིང་དུ་བཏགས་པའོ། །དང་པོ་ནི། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཞེད་པས་སྦྱང་གཞི་དང་སྦྱོང་བྱེད་ཀྱི་རིམ་པ་གཉིས་ཏེ། དེ་ལ་སྦྱང་གཞི་བསྐྱེད་རིམ་ལ། བསྐྱེད་པ་ནི་ཐ་མལ་གྱི་ལུས་གྲུབ་པ་ཡིན་ལ། རིམ་པ་ནི། སྐྱེ་བའི་རིམ་པ་སྐྱེ་གནས་བཞི་དང༌། བྱེ་བྲག་ཏུ་མངལ་སྐྱེས་ལྟར་ན། མངལ་གྱི་གནས་སྐབས་ལྔའོ། །དེ་སྦྱོང་བྱེད་ཀྱི་བསྐྱེད་རིམ་ནི་ལྷའི་རྣམ་པའོ། །སྦྱང་གཞི་རྫོགས་པ་ནི། ཐ་མལ་གྱི་སེམས་ཅན་ཚེ་ཟད་ནས་འཆི་བ་ཡིན་ལ། རིམ་པ་ནི། ས་ཆུ་ལ་ཐིམ་པ་སོགས་འཆི་བའི་རིམ་པའོ། །དེ་སྦྱོང་བྱེད་ཀྱི་ཐབས་རྡོར་བཟླས་དང༌། འོད་གསལ་སོགས་ནི་སྦྱོང་བྱེད་རྫོགས་རིམ་ཡིན་ནོ། །ཞེས་བཞེད་དོ། །གཉིས་པ་ནི། སེམས་འགྲེལ་རྣམས་ཀྱི་དགོངས་པས་བསྐྱེད་པ་ནི། མཆོག་གི་དངོས་གྲུབ་ལ་བྲོད་པ་བསྐྱེད་པའི་ཕྱིར་ཐུན་མོང་གི་དངོས་གྲུབ་ཡིན་ལ། དེ་སྒྲུབ་བྱེད་ཀྱི་ཐབས་ལྷའི་རྣམ་པ་བསྒོམ་པ་ལ་རིམ་པ་ཞེས་བྱའོ། །རྫོགས་པ་ནི། དེ་ལས་འབྲས་བུ་གོང་ན་མེད་པས་མཆོག་གི་དངོས་གྲུབ་ཡིན་ལ། རིམ་པ་ནི་དེ་སྒྲུབ་བྱེད་ཀྱི་ཐབས་སྦྱོར་བ་ཡན་ལག་དྲུག་ཡིན་ནོ། །ཞེས་བཞེད་དོ། །གསུམ་པ་ནི། གྲུབ་ཆེན་བིརྺ་པ་རྗེས་འབྲང་དང་བཅས་པས་ལམ་ལ་མིང་གཙོ་བོར་བཏགས་ཏེ། བློས་ཀུན་ཏུ་ལྷའི་རྣམ་པ་བསྐྱེད་པ་ནི། བསྐྱེད་པ་ཡིན་ལ། དེ་རིམ་གྱིས་གསལ་འདེབས་པ་ནི་རིམ་པ་ཡིན་ནོ། །རྫོགས་པ་ནི་ལུས་ངག་ཡིད་གསུམ་རྫོགས་པར་གསལ་འདེབས་པ་སྟེ། རང་བྱིན་བརླབ་དང་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ཡིན་ལ། རིམ་པ་ནི་དེ་ཉིད་རིམ་གྱིས་བསྒོམ་པའོ། །དེ་ལྟར་ན་རྒྱུ་སྦྱང་གཞི་དང༌། འབྲས་བུའང་རིམ་གཉིས་སུ་ཤེས་པར་བྱའོ། །བཞི་པ་ནི། དེ་ལྟ་བུའི་ལམ་དེ་གཉིས་ཆར་བསྒོམ་མམ། གང་རུང་ཞིག་བསྒོམས་པས་ཆོག་སྙམ་ན། གཉིས་ཀ་བསྒོམ་དགོས་ཏེ། འདིའི་འཐད་པ་ལ་གསུམ། སྤང་བྱ་གཉིས་ཡིན་པའི་ཕྱིར་དང༌། ཐོབ་བྱ་གཉིས་ཡིན་པའི་ཕྱིར་དང༌། རང་གི་ངོ་བོ་རྟེན་དང་བརྟེན་པ་ཡིན་པའི་ཕྱིར་རིམ་པ་གཉིས་ཀ་བསྒོམ་དགོས་པའོ། །དང་པོ་ལ་གཉིས། ཐ་མལ་གྱི་རྣམ་རྟོག་དང༌། གྱ་ནོམ་ལྷར་ཞེན་པའོ། །དང་པོ་ནི། སྤང་བྱ་ཐ་མལ་གྱི་རྣམ་རྟོག་སྦྱོང་བའི་ཕྱིར་བསྐྱེད་རིམ་དང༌། གྱ་ནོམ་ལྷར་ཞེན་གྱི་རྟོག་པ་སྦྱོང་བའི་ཕྱིར་རྫོགས་རིམ་བསྒོམ་པ་ཡིན་ཏེ། རྡོ་རྗེ་གུར་ལས། ཕལ་པའི་གནས་སྐབས་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་གྲགས། །རང་བཞིན་གནས་སྐབས་བསྒོམ་པ་ལས། །བསྒོམ་པ་མ་ཡིན་མི་བསྒོམ་མིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པ་དེ་བཞིན་ཏེ། འོན་ཀྱང་མི་གཙང་བའི་ཚད་མཉམ་པར་སྦྱོང་བའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་གཟུགས་རབ་ཏུ་བསྒོམ་པར་བྱའོ། །ཞེས་བཤད་དོ། །དེ་ལ་མི་གཙང་བའི་ཚད་ཐ་མལ་གྱི་རྣམ་རྟོག་ལ་གཉིས། རྒྱུ་ལས་དང་ཉོན་མོངས་པ་དང༌། འབྲས་བུ་བདག་དང་བདག་གིར་འཛིན་པའོ། །དང་པོ་སྦྱོང་བ་ནི། ཚོགས་གཉིས་བསགས་པ་ཡིན་ལ། གཉིས་པ་བདག་དང་བདག་གིར་འཛིན་པ་ནི། སྣོད་བཅུད་གཉིས་ཏེ། དེ་ལ་སྣོད་སྦྱོང་བ་ནི། འབྱུང་བཞི་ལས་གྲུབ་པའི་གཞལ་ཡས་ཁང་དང༌། ལྷ་དཔའ་བོ་གཅིག་པ་ལྟར་ན་གདན་ནོ། །བཅུད་སྦྱོང་བ་ལ་གཉིས། བསྐྱེད་ཆོག་གིས་སྐྱེ་གནས་བཞི་སྦྱོང་ཚུལ་དང༌། ལྷའི་རྣམ་པས་དུག་གསུམ་སྦྱོང་ཚུལ་ལོ། །དང་པོ་ནི། འཁོར་བར་སྐྱེ་བའི་གནས་ནི། སྐྱེ་གནས་བཞི་ཡིན་ལ། དེ་སྦྱོང་བྱེད་བསྐྱེད་ཆོག་ཀྱང་བཞི་སྟེ། དེའང་དཀྱིལ་འཁོར་གཅིག་ལ་སྦྱར་ན། མངོན་བྱང་ལྔ་ལས། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའི་ཉི་མ་དྲོད། ཟླ་བ་གཤེར་ཏེ། དྲོད་གཤེར་སྐྱེས་སམ་ཉི་ཟླ་གཉིས་ཀྱིས་ཁུ་ཁྲག་གཉིས་མཚོན་པས་མངལ་སྐྱེས་ཀྱི་བློ་སྦྱོང་ངོ༌། །འཁོར་རྣམས་མངལ་ནས་འབྱིན་པས་མངལ་སྐྱེས་དང༌། འབྲས་བུ་རྡོར་འཛིན་ཐིག་ལེའི་གོང་བུ་ལས་བཞེངས་པས་སྒོང་སྐྱེས་དང༌། སྐྱེ་མཆེད་ཀྱི་ལྷ་སྐད་ཅིག་གམ་ས་བོན་ལས་བསྐྱེད་པས་རྫུས་སྐྱེས་དང༌། མཐར་དཀྱིལ་འཁོར་བསྡུ་བས་ནི་སྣོད་བཅུད་འཇིག་པ་སྦྱོང་ངོ༌། །ལྷ་སོ་སོའི་བསྐྱེད་ཆོག་ལ་སྦྱར་ན། མངོན་བྱང་ལྔ་ལས་བསྐྱེད་པ་ནི། དྲོད་གཤེར་སྐྱེས་དང་མངལ་སྐྱེས་སྦྱོང༌། རྡོ་རྗེ་ཆོ་ག་གསུམ་དང་བཞི་དང༌། ཐིག་ལེ་ལས་བཞེངས་པས་སྒོང་སྐྱེས་དང༌། དབུགས་འབྱུང་རྔུབ་དང་སྙིང་པོ་ཚིག་ཙམ་གྱིས་བསྐྱེད་པས་རྫུས་སྐྱེས་དང༌། འཁོར་གྱི་ལྷ་མངལ་འབྱིན་རྣམས་ཀྱིས་མངལ་སྐྱེས་ཀྱི་བློ་སྦྱོང་སྟེ། དེ་ལྟར་སྐྱེ་གནས་བཞི་སྦྱོང་ཞིང་ཚོགས་གཉིས་བསགས་ནས་ལྷའི་སྐུ་བསྒོམས་པས་འབྲས་བུ་འགྲུབ་པའི་ལམ་འདི་ནི་སྦྱང་གཞི་སྦྱོང་ཞིང་འབྲས་བུ་འགྲུབ་པའི་ལམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ནི། ཤིན་ཏུ་ཟབ་པའི་བསྐྱེད་རིམ་ཁྲོ་ཆགས་ཀྱི་རྣམ་པ་ཅན་གྱིས་ཉོན་མོངས་པ་དུག་གསུམ་སྦྱོང་སྟེ། དེ་ཡང་ཁྲོ་བོའི་སྐུར་བཞུགས་པས་ཞེ་སྡང་དང༌། བཙུན་མོའི་འཁོར་གྱི་དབུས་ན་བཞུགས་པས་འདོད་ཆགས་དང༌། མཚན་དཔེས་སྤྲས་པའི་གཟུགས་ཀྱི་སྐུར་བསྒོམས་པས་གཏི་མུག་སྦྱོང་སྟེ། རྡོ་རྗེ་གུར་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་སེར་སྣའི་སྐྱེ་བོ་རྣམས། །བསྡུ་ཕྱིར་རང་གི་འཁོར་ལོ་ལ། །རྡོ་རྗེའི་གཟུགས་ནི་དུ་མ་འཛིན། །ཞེས་སོ། །དེ་ལྟར་ཁྲོ་ཆགས་ཀྱི་སྐུར་བསྒོམས་པས། རྩ་བའི་ཉོན་མོངས་གསུམ་ཞི་བར་བྱས་ནས། གཞན་རྣམས་ཤུགས་ལ་ཞི་བར་བྱེད་པ་ཡིན་ལ། ཁྲོ་ཆགས་ཀྱི་རྣམ་པ་མེད་པའི་བསྐྱེད་རིམ་རྣམས་ནི་ཅུང་ཟད་མི་ཟབ་པ་ཡིན་ནོ། །གཉིས་པ་ནི། གྱ་ནོམ་ལྷར་ཞེན་པའི་རྣམ་རྟོག་ནི་རྫོགས་རིམ་གྱིས་སྦྱོང་སྟེ། རྩ་རྒྱུད་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །ཅེས་སོ། །གཞན་ཡང་རྫོགས་རིམ་འདིས་ནི། སྦྱང་གཞི་ཐ་མལ་པ་མཐའ་དག་སྦྱོང་སྟེ། སམྦུ་ཊ་ལས། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་སོ། །ཡང་རང་བྱིན་རླབས་དང་དཀྱིལ་འཁོར་འཁོར་ལོའི་ཡེ་ཤེས་སྐྱེ་བའི་རྟེན་འབྱུང་བཞི་ལས་གྲུབ་པའི་རྩ་ལ་སོགས་པ་རྣམས་ཀྱིས་ནི་མ་དག་པའི་སྣོད་བཅུད་སྦྱོང་ལ། དེ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ཀྱིས་ནི་བརྟེན་པ་ཡིད་སྦྱོང་ངོ༌། །ཡང་རྫོགས་རིམ་གྱི་ཡེ་ཤེས་ཀྱིས་ནི་སྦྱང་གཞི་རྟེན་དང་བརྟེན་པ་འཇིག་པའི་ཚུལ་སྦྱོང་སྟེ། འཆི་བའི་དུས་སུ་ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་ནམ་མཁའ་ལ་ཐིམ། ནམ་མཁའ་རྣམ་པར་ཤེས་པ་ལ་ཐིམ་པའི་རྟགས་རྣམས་རྣལ་འབྱོར་པས་རྫོགས་རིམ་སྒོམ་པའི་སྐབས་སུའང་འབྱུང་སྟེ། རྡོ་རྗེ་གུར་ལས། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་སྟེ། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །ཅེས་སོ། །མདོར་ན་བསྐྱེད་པས་ཀུན་རྟོག་སྦྱོང་ལ། དེ་ཉིད་རྫོགས་པས་སྦྱོང་བ་དང༌། བསྐྱེད་པས་སྐྱེ་བ་སྦྱོང་ལ། རྫོགས་པས་འཆི་བ་སྦྱོང་བ་དང༌། བསྐྱེད་རྫོགས་རེ་རེས་ཀྱང་སྐྱེ་འཆི་དང༌། སྣང་སྟོང་དང༌། རྣམ་རྟོག་མཐའ་དག་སྦྱོང་བ་ཡིན་ནོ། །གཉིས་པ་ནི། བསྐྱེད་རིམ་གྱིས་གཟུགས་ཀྱི་སྐུ་ཐོབ་པར་བྱེད་ལ། རྫོགས་རིམ་གྱིས་ཆོས་སྐུ་ཐོབ་པར་བྱེད་དེ། དང་པོའང༌། རྡོ་རྗེ་གུར་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་མྱུར་བར་འགྲུབ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ནི་ཐབས་ཀྱི་གཟུགས་ཅན་ནོ། །ཞེས་གསུངས་པས། ལྷའི་སྐུ་སྒོམ་པའི་རྣལ་འབྱོར་དེ་དག་དེ་བཞིན་གཤེགས་པ་སངས་རྒྱས་པ་དང་མཐུན་ཏེ། ཚོགས་གཉིས་བསགས་པ་ནི་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་འདྲ། དེ་བཞིན་དུ་བསྲུང་བའི་འཁོར་ལོ་ནི་སྲོད་ལ་བདུད་བཏུལ་བ། གཞལ་ཡས་ཁང་ནི་མ་དག་པའི་སྣོད་སྦྱངས་ཏེ། འོག་མིན་དུ་བྱིན་གྱིས་བརླབས་པ། མངོན་བྱང་ལྔས་ལྷའི་རྣམ་པར་གྲུབ་པ་ནི། འོག་མིན་ནམ་རྡོ་རྗེ་གདན་གྱི་སྟེང་དུ་ཐོ་རངས་སངས་རྒྱས་པ། དབང་བསྐུར་བ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ། འོད་ཟེར་གྱི་སྤྲོ་བསྡུ་ནི་སེམས་ཅན་གྱི་དོན་བྱེད་པ། བཟླས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ། བསྐྱེད་རིམ་བསྡུས་ཏེ་སྟོང་ཉིད་བསྒོམ་པ་ནི། མྱ་ངན་ལས་འདས་པ་དང་འདྲ་སྟེ་དེ་ལྟར་མཛད་པ་བཅུ་གཉིས་དང་འདྲ་བར་སངས་རྒྱས་ཀྱི་ཕྲིན་ལས་མཛད་ནས། སླར་ཡང་མཛད་པ་རྒྱུན་མི་ཆད་པ་དང་འདྲ་བར་སྟོང་ཉིད་ཀྱི་ངང་ལས། ལྷའི་སྐུར་ལངས་ནས་སྤྱོད་ལམ་གྱི་རྣལ་འབྱོར་གྱི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ། །གཉིས་པ་རྫོགས་རིམ་བསྒོམས་པས་ནི། ཆོས་སྐུ་ཐོབ་པར་བྱེད་དེ། སམྦུ་ཊ་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་དང༌། གུར་ལས། ཆོས་ཀྱི་དབྱིངས་ནི་འོད་གསལ་བ། །གང་ཞིག་གནས་པ་དེ་བས་ན། །སེམས་ཅན་སངས་རྒྱས་མཉམ་པར་འགྱུར། །ཞེས་ཏེ། རྫོགས་རིམ་གྱི་ཉམས་ཟུང་འཇུག་ངོ་བོ་ཉིད་དང་མཐུན་པ་རྣམས་ཆོས་སྐུ་དང་མཐུན་པར་མོས་ཤིང་བསྲེས་ལ་བསྒོམས་པས་ཆོས་སྐུ་ལམ་དུ་བྱེད་པའོ། །དེ་ལྟར་རིམ་གཉིས་བསྒོམས་པས་འབྲས་བུ་སྐུ་གཉིས་འགྲུབ་པ་དེའང༌། ལན་ཅིག་དེ་ལྟ་བུ་འགྲུབ་པ་ལ་ད་ལྟ་ནས་དེ་ལྟ་བུ་གོམས་པས་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ། དེའང་འབྲས་བུའི་རྣམ་པ་ཙམ་ཡིན་པས་རྣམ་པ་ལམ་དུ་བྱེད་པ་ཞེས་བྱ་སྟེ། རྒྱས་པར་འོག་ཏུ་འཆད་དོ། །གསུམ་པ་ནི། རྩ་རྒྱུད་ལས། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དེ་ཡི་བདེ་བ་བདེ་ཆེན་བརྗོད། །རྫོགས་པ་སྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ། །ཞེས་གསུངས་པའི་དོན་ནི། རྫོགས་རིམ་གྱིས་བསྐྱེད་རིམ་ཉིད་ཀྱང་སྦྱོང་ཞིང༌། འབྲས་བུ་ཆོས་སྐུ་འགྲུབ་ན་དེ་ཁོ་ནས་ཆོག་པས་བསྐྱེད་རིམ་བསྒོམ་པ་དོན་མེད་དོ་སྙམ་ནས་ཞུས་པའོ། །དེའི་ལན་དུ་རྫོགས་རིམ་དེ་ལྟར་བཟང་ཡང་དེ་ལ་བསྐྱེད་རིམ་མེད་ན་དེ་ཉིད་ཀྱང་མི་འབྱུང་ཞེས་དཔེ་དང་བཅས་ཏེ་སྟོན་པ་ནི། ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་ན། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་གསུངས་ཏེ། རྒྱུའི་གནས་སྐབས་སུ། ཞུ་བ་མེད་ན་བདེ་མི་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བ་གཟུགས་མེད་པ། །ཞེས་འབྱུང་ལ། འབྲས་བུའི་སྐབས་སུ། རྡོ་རྗེ་གུར་ལས། རྡོ་རྗེ་སྙིང་པོ་རྣམ་པ་མེད་པའི་བྱང་ཆུབ་དེ་སྐད་མི་སྨྲ་ཞིག ང་ཉིད་དངོས་པོ་དངོས་མེད་ང༌། །དངོས་པོ་དེ་བཞིན་གཤེགས་པས་བརྗོད། །གཟུགས་མེད་གཟུགས་དང་ལྡན་པའི་མཆོག །ཟབ་མོ་ཞི་བའི་གཟུགས་དང་ལྡན། །ཞེས་སོ། །དེ་བཞིན་དུ་ལམ་རིམ་པ་གཉིས་ཀྱང་རྟེན་དང་བརྟེན་པ་ཡིན་པས་ཟུང་འབྲེལ་དུ་ཉམས་སུ་བླང་བར་བྱའོ། །ལྔ་པ་ལ་གསུམ། རིགས་སམ་རྒྱུ་ཡིན་པའི་ཕྱིར་དང༌། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་དང༌། དག་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་གྲོལ་བར་འཐད་པའོ། །དང་པོ་ནི། དེ་ལྟར་རིམ་གཉིས་བསྒོམས་པས་གྲོལ་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། རིགས་ཡིན་པའི་ཕྱིར་ཏེ། འབྲས་བུ་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །རྒྱུ་ཇི་ལྟར་ཡིན་སྙམ་ན། ཐམས་ཅད་གསང་བ་ལས། རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང༌། །འབྲས་བུ་ལའང་རྒྱུས་རྒྱས་གདབ། །ཅེས་གསུངས་པས། སྤྱིར་རྒྱུ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་རིགས་ཡིན་ལ། འབྲས་བུ་དེ་བཞིན་གཤེགས་པའང་རྒྱུའི་རིགས་ཡིན་ནོ། །དེ་བཞིན་དུ་ལམ་ཡང་དེ་གཉིས་ཀྱི་རིགས་ཡིན་ལ། དེ་གཉིས་ཀྱང་ལམ་གྱི་རིགས་ཡིན་ཏེ། རྩ་རྒྱུད་ལས། རིགས་དང་འབྱུང་བ་ལྔ་རྣམས་དང༌། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་སོ། །དེ་ལ་ལམ་གྱི་སྐབས་འདིར། འབྲས་བུ་ནི་རིགས་བདག་ཡིན་ལ། ལམ་དང་རྒྱུ་ནི་རིགས་ཡིན་པས། །རིགས་དང་རིགས་ཀྱི་བདག་པོ་མི་འབྲལ་ཞིང༌། །འབྲེལ་བ་ཅན་དུ་གྲུབ་པའི་ཕྱིར། །རིམ་པ་གཉིས་པོ་འདིས་གྲོལ་བར་འགྱུར་རོ། །གཉིས་པ་ནི། རྩ་རྒྱུད་ལས། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་པོ་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འབིགས་བར་བྱེད། །ཅེས་གསུངས་ཏེ། དུག་གིས་དུག་ལ་བསྣུན་པ་རིགས་འདྲ་གཉེན་པོར་ཆེ་བ་དང༌། རླུང་གིས་རླུང་ལ་བསྣུན་པ་ལྡོག་པ་དང༌། ཆུ་ཡིས་ཆུ་འགུགས་པ་སྦོམ་པ་དང༌། ཚིག་པ་མེས་གདུང་བ་ལ་བསྣན་པ་གཉེན་པོར་ཆེ་བ་བཞིན་དུ། དྲི་མས་དྲི་མ་འཁྲུད་པའམ། རྟོག་པས་རྟོག་པ་ཟློག་པར་བྱེད་དེ། རྩ་རྒྱུད་ལས། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་ཏེ། གོང་གི་དཔེ་བཞིས། སྤང་བྱ་དེ་ཉིད་ཐབས་ཀྱིས་ཟིན་ན་དེ་ཉིད་ཀྱིས་གྲོལ་ཏེ། སྲིད་པའི་འཆིང་བ་ལས་གྲོལ་ནས་སངས་རྒྱས་ཀྱི་འབྲས་བུར་འགྱུར་ཞེས་རྟོགས་པར་བྱའོ། །གསུམ་པ་ནི། རྩ་རྒྱུད་ལས། །ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཅེས་ཏེ། རང་བཞིན་གྱིས་དག་པའི་ཕྱིར་གྲོལ་ལོ། །འོ་ན་བསྒོམས་པས་ཅི་བྱ་སྙམ་ན། ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཞེས་ཏེ། དྲི་མ་གློ་བུར་བ་རྣམས་སྦྱང་ཞེས་པའི་དོན་ཏོ། །དེ་ལ་རང་བཞིན་གྱིས་ཇི་ལྟར་དག དེ་སྦྱོང་བྱེད་ཀྱི་གཉེན་པོ་ནི་གང༌། དེའི་འབྲས་བུ་ནི་ཇི་ལྟར་འགྱུར་སྙམ་ན། དང་པོ་ནི། དག་པ་གསུམ་དང་ལྡན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་དེ་བཞིན་ཉིད་ནི། དེ་བཞིན་ཉིད་ཀྱི་དག་པ། སེམས་ཅན་རྣམས་ཀྱི་ལུས་རང་བཞིན་གྱིས་དག་པ། ཞལ་ཕྱག་གི་རྣམ་པར་གྲུབ་པ་ནི། ལྷ་སོ་སོའི་དག་པ། ཞལ་ཕྱག་གི་རྣམ་པ་དེ་ཉིད་རང་གི་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པ་རང་རིག་པའི་དག་པའོ། །གཉིས་པ་ནི། དེ་ལྟར་རང་བཞིན་གྱིས་དག་ཀྱང༌། གློ་བུར་དུ་གཟུང་འཛིན་དུ་སྣང་བའི་དྲི་མ་སྦྱོང་བ་ལ། ཐབས་རྒྱུད་ཀྱི་དག་པ་གསུམ་དགོས་པས། དེས་ན་ལམ་བསྒོམ་པར་རིགས་སོ། །དེ་ལ་དེ་བཞིན་ཉིད་ཀྱི་དག་པ་ནི། རྟོགས་པའི་ལྟ་བ་སྟེ། དེ་བཞིན་ཉིད་དེ་ལ་མོས་པར་བྱེད་པའི་ཕྱིར་རོ། །ལྷ་སོ་སོ་ནི་རྣམ་པ་གཟུགས་ཅན་སྦྱོང་བར་བྱེད་པ་བསྐྱེད་པའི་རིམ་པའོ། །རང་རིག་པ་ནི་ཐམས་ཅད་སེམས་ཡིན་པ་དེ་རྟོགས་པར་བྱེད་པའི་ཐབས་རྫོགས་པའི་རིམ་པའོ། །གསུམ་པ་ནི། དེ་ལྟར་ལམ་རིམ་པ་གཉིས་དག་པ་གསུམ་ལྡན་དུ་བསྒོམས་པས་འབྲས་བུ་དེ་བཞིན་ཉིད་ཀྱི་དག་པ་མཐར་ཕྱིན་པ་ཆོས་ཀྱི་སྐུ་ཡིན་ལ། ལྷ་སོ་སོའི་དག་པ་མཐར་ཕྱིན་པ་ནི་གཟུགས་ཀྱི་སྐུ་དང༌། རང་རིག་པའི་དག་པ་མཐར་ཕྱིན་པ་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །མདོར་ན་རྒྱུ་ལམ་འབྲས་བུ་ཐམས་ཅད་དག་པ་གསུམ་ཡིན་པའི་ཕྱིར། རིམ་པ་གཉིས་ཀྱིས་གྲོལ་བར་རིགས་ཞེས་བྱ་བའི་དོན་ཏོ། །དྲུག་པ་ནི། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ནི། བསྐྱེད་རིམ་བརྟན་ནས་རྫོགས་རིམ་སྒོམ་པར་བཞེད་དེ། རིམ་ལྔ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་གསུངས། །ཞེས་བཤད་དོ། །དེ་བཞིན་དུ། སློབ་དཔོན་ཌོམྦི་པའི་བདུད་རྩི་འོད་ལས་ཀྱང༌། བསྐྱེད་རིམ་བརྟན་ནས་རྫོགས་རིམ་བསྒོམ་པར་གསུངས་སོ། །སེམས་འགྲེལ་པ་རྣམས་ནི། བསྐྱེད་རིམ་བརྟན་རུང་མི་བརྟན་རུང༌། བསྐྱེད་རིམ་ལོ་བཅུ་གཉིས་བསྒོམས་ནས་གདོད་རྫོགས་རིམ་བསྒོམ་པར་འདོད་དོ། །སློབ་དཔོན་ཁ་ཅིག་ནི། བསྐྱེད་རིམ་ལ་རྫོགས་རིམ་གྱིས་རྒྱས་བཏབ་ནས་བསྒོམ་པར་འདོད་དེ། ལེགས་པར་མ་རྟོགས་ཞེས་རྗེ་བཙུན་གསུངས་སོ། །རྗེ་ག་ཡ་དྷ་རའི་བཞེད་པས། རྩ་རྒྱུད་ལས། རིམ་གཉིས་མཉམ་པར་གནས་ནས་ནི། །ཞེས་གསུངས་པས། གདན་ཐོག་གཅིག་ཏུ་རིམ་པ་གཉིས་ཀ་བསྒོམ་སྟེ། ཐུན་སྟོད་ལ་བསྐྱེད་རིམ་བསྒོམས་ནས་ཐུན་སྨད་ལ་རྫོགས་རིམ་བསྒོམ་པར་བཞེད་དོ། །དེ་ལྟར་རིམ་གཉིས་སྤྱིའི་རྣམ་པར་གཞག་པ་འདིའི་མཐའ་དཔྱོད་པའི་ལུང་དང་རིགས་པ་དུ་མ་ཞིག་མི་དགོས་ཁ་མེད་དུ་ཡོད་པ་རྣམས་ནི་མངས་པས་འཇིགས་པས་མ་བྲིས་ལ། རང་གི་ངོ་བོ་རྗེ་བཙུན་ཆེན་པོས་ཇི་ལྟར་བཤད་པའི་དོན་བསྡུས་ཏེ་བྲིས་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་ལྔ། གང་གིས་སྒོམ་པའི་གང་ཟག ནམ་བསྒོམ་པའི་དུས། གང་དུ་བསྒོམ་པའི་གནས་ཇི་ལྟ་བུས་བསྒོམ་པའི་བསམ་པ། གང་བསྒོམ་པའི་རྣལ་འབྱོར་རོ། །དང་པོ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་གྱིས་རྒྱུད་སྦྱངས་ཤིང༌། ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་ནས། དབང་བསྐུར་བ་ཐོབ་པ་དམ་ཚིག་དང་སྡོམ་པར་ལྡན་པའི་གང་ཟག་རང་དང་གཞན་གྱི་དོན་དུ་མཆོག་གི་དངོས་གྲུབ་འགྲུབ་པར་འདོད་པའི་སེམས་དང་ལྡན་པའི་རྣལ་འབྱོར་པས་འདི་ཡི་འོག་ནས་འབྱུང་བའི་ལམ་རྣམས་བསྒོམ་པར་བྱ་སྟེ། སློབ་དཔོན་ནག་པོ་པས། དང་པོར་རེ་ཞིག་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་གནོད་པས་སྐྱོ་བར་གྱུར་པའི་སེམས་ཅན་གྱི་ཁམས་ལ་དམིགས་ལ། སྙིང་རྗེ་ཕུལ་དུ་བྱུང་བའི་རོས་གང་བའི་དབང་དུ་གྱུར་པའི་སེམས་ཀྱིས། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གོམས་པར་བྱས་པས་དག་པར་གྱུར་པའི་སེམས་ཀྱི་རྒྱུན་དང་ལྡན་པ་དཔལ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པ། དམ་ཚིག་དང་སྤྱོད་པ་ལ་མཁས་པའི་རྣལ་འབྱོར་པས་ཞེས་དང༌། སྒྲུབ་ཐབས་མཚོ་སྐྱེས་ལས། རྣལ་འབྱོར་པས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་བློས་ཞེས་བཤད་དོ། །གཉིས་པ་ནི། ལས་དང་པོ་པས་བསྒོམ་པའི་དུས་ནི། རྣམ་རྟོག་གི་འཕྲོ་འདུ་ཉུང་བའི་རྟེན་འབྲེལ་ཡིན་པས། མཚན་མོའི་དུས་སུ་བསྒོམ་སྟེ། རྩ་རྒྱུད་ལས། མཚན་དུས་སུ་ཞེས་སོ། །འོ་ན་ཤཱནྟི་པ་དང༌། ཉིན་འབྱུང་ཟླ་བས། ནང་པར་སྔ་བར་ལངས་ལ་ཞེས་དང༌། ནག་པོ་པ་དང༌། མར་མེ་མཛད་ཀྱིས་ཐོ་རངས་ལངས་ལ། ཞེས་སྔ་དྲོ་དང་ཐོ་རངས་ནས་བསྒོམ་པར་བཤད་པ་དང་མི་འགལ་ལམ་སྙམ་ན། དེ་ལྟར་བྲིས་པ་ནི་བཤད་བདེ་བའི་དབང་དུ་བྱས་པ་ཡིན་ལ། འདིར་ལས་དང་པོ་པ་བསྐྱེད་རིམ་ལ་སེམས་འཛིན་པའི་ཐོག་མར་ངེས་པར་མཚན་མོའི་དུས་ནས་བསྒོམ་དགོས་པ་ཡིན་ཏེ། ཤཱནྟི་པའི་བརྟག་གཉིས་ཀྱི་འགྲེལ་པར་མཚན་མོའི་དུས་ལ་ཞེས་པ་ནི། སྐྱེ་བོ་རྣམས་ཉལ་བའི་དུས་སུའོ། །ཞེས་དང༌། ནག་པོ་པའི་འགྲེལ་པར་མཚན་མོ་ཞེས་བྱ་བ་ནི། མཚན་མོའི་ཆ་ལས་ཏེ། གཞན་དུ་ནི་མི་མཐུན་པའི་ཕྱོགས་ཀྱིས་འཚེ་བའི་ཕྱིར་རོ། །ཞེས་དང༌། བྷ་ཝ་བྷ་དྲའི་འགྲེལ་པར། མཚན་དུས་སུ་ཞེས་པ་ནི། མཚན་མོ་ཉིད་ལ་དངོས་གྲུབ་མང་བར་འགྱུར་བས་སོ། །ཞེས་གསུངས་པས། རྟོག་པ་ཉུང་བ་དང༌། བར་ཆད་ཉུང་བ་དང༌། དངོས་གྲུབ་མང་བའི་ཕྱིར་ན་མཚན་མོར་བསྒོམ་དགོས་སོ། །ཅུང་ཟད་བརྟན་པས་ནི་ཐུན་བཞིའི་ཚུལ་གྱིས་བསྒོམ་སྟེ། སྒྲུབ་ཐབས་མཚོ་སྐྱེས་ལས། དེ་ལྟར་ཐུན་ཚོད་བཞིའི་རིམ་པས་ཞེས་དང༌། དེའི་འགྲེལ་པར། ཛ་ལནྡྷ་རི་པས། ཐུན་བཞིར་བྱིན་གྱིས་བརླབ་པའི་རིམ་པས་ཞེས་པ་ནི། ཐོ་རངས་དང༌། ཉི་མའི་གུང་དང༌། ཕྱི་དྲོ་དང༌། མཚན་མོ་སྟེ་བསྒོམ་པའི་རིམ་པའོ། །ཞེས་སོ། །རྩ་རྒྱུད་ལས། ཐུན་གསུམ་དུ་བཤད་པའི་དོན་ནི། སློབ་དཔོན་ནག་པོ་པའི་སྒྲུབ་ཐབས་ལས། ཐོ་རངས་དང༌། གུང་གི་ཐུན་དང༌། ཕྱི་དྲོའི་ཐུན་ལ་བཤད་དོ། །འདི་དག་ཀྱང་གང་ཟག་གི་ནུས་མི་ནུས་ཀྱི་བྱེ་བྲག་གིས་ཐུན་བཞི་དང་གསུམ་གཉིས་ཀ་མི་འགལ་ལོ། །བརྟན་པ་ཆེར་ཐོབ་པས་ནི་དུས་ཐམས་ཅད་དུ་བསྒོམ་སྟེ། རྩ་རྒྱུད་ལས། རྐང་པ་འཁྲུད་དང་ཟ་བ་དང༌། །འཐོར་འཐུང་སོ་རྩི་ཟ་བ་དང༌། །ཙནྡན་གྱིས་ནི་ལག་ཉེད་དང༌། །སྨད་གཡོགས་ཀྱིས་ནི་རྐེད་འགེབས་དང༌། །འབྱུང་དང་སྨྲ་དང་འགྲོ་བ་དང༌། །འདུག་དང་ཁྲོ་དང་ཉལ་བ་དང༌། །བཅོམ་ལྡན་འདས་མ་བསྟེན་པ་དང༌། །ཤེས་རབ་བརྟུལ་ཞུགས་ཅན་ཉིད་ཀྱིས། །རྣལ་འབྱོར་མ་ནི་རྣམ་པར་བསྒོམ། །ཞེས་གསུངས་སོ། །ཤཱནྟི་པས། གལ་ཏེ་འཇིག་རྟེན་ལས་འདས་པའི་ལམ་བླ་ན་མེད་པ་ཇི་ལྟར་ན་མྱུར་དུ་སྐྱེ་སྙམ་པ་ལ། སྦྱོར་བའི་ཁྱད་པར་ལས་ཏེ་དེ་ལ་རྣལ་འབྱོར་ལ་དམིགས་པའི་ཁྱད་པར་བདག་ཉིད་བདག་མེད་རྣལ་འབྱོར་མའི་ཁྱད་པར་རམ། དགེས་པའི་རྡོ་རྗེ་བསྒོམ་པའི་ཁྱད་པར་སྐད་ཅིག་མ་རྒྱུན་མི་ཆད་པར་རོ། །ཞེས་བཤད་དོ། །གསུམ་པ་ལ་གཉིས། གནས་དངོས་དང༌། དེར་སྤྱོད་ལམ་ཇི་ལྟ་བུས་བསྒོམ་པའོ། །དང་པོ་ནི། ལས་དང་པོ་པས་བསྒོམ་པའི་གནས་ནི། རྩ་རྒྱུད་ལས། དང་པོ་གོམས་པར་བྱེད་དུས་ཀྱི། །གནས་ནི་གང་དུ་བསྔགས་པའི་སེམས། །གཅིག་ཏུ་མཉམ་གཞག་འགྲུབ་འགྱུར་བའི། །གནས་ནི་བཟང་པོར་ངེས་པར་བརྟག །རང་གི་ཁྱིམ་དུ་ཞེས་གསུངས་པས། །དབེན་ཞིང་རང་དབང་དུ་གྱུར་པའི་རང་གི་ཁྱིམ་དང༌། རྡོ་རྗེ་གུར་ལས། མེ་ཏོག་འབྲས་བུས་བརྒྱན་པ་དང༌། །རི་ཁྲོད་དང་ནི་སྨན་ལྗོངས་སུ། །ཞེས་བཤད་པས་དབེན་ཞིང་ཡིད་དགའ་བའི་གནས་སུ་བཤད་དོ། །སེམས་ཅུང་ཟད་བརྟན་པས་ནི། དུར་ཁྲོད་ཁོ་ནར་བསྒོམ་སྟེ། དེ་ལ་དགོངས་ནས་སློབ་དཔོན་མཚོ་སྐྱེས། གཉིས་མེད་རྡོ་རྗེ། མར་མེ་མཛད། ཀཾ་པ་ལ་རྣམས་ཀྱིས་དུར་ཁྲོད་དུ་བསྒོམ་པར་བཤད་དོ། །བརྟན་པ་ཆེར་ཐོབ་པའི་གནས་ནི་གཉིས་ཏེ། རྣལ་འབྱོར་པའི་ངོས་ནས་བཤད་པ་དང༌། ལྷའི་ངོས་ནས་བཤད་པའོ། །དང་པོ་ནི། རྩ་རྒྱུད་ལས། ཤིང་གཅིག་དང་ནི་དུར་ཁྲོད་དང༌། །མ་མོའི་ཁྱིམ་དང་མཚན་མོ་དང༌། །ཡང་ན་དབེན་པའམ་བས་མཐའ་རུ། །ཞེས་སོགས་དང༌། ཡུལ་ཉི་ཤུ་རྩ་བཞི་དང༌། གནས་སུམ་ཅུ་སོ་གཉིས་སོགས་སུ་བསྒོམ་མོ། །གཉིས་པ་ནི། དུར་ཁྲོད་དང་ཆུ་འགྲམ་ལ་སོགས་པའི་རིགས་དང་རྗེས་སུ་མཐུན་པའི་གནས་དེ་དག་ཏུ་བསྒོམ་སྟེ། རྡོ་རྗེ་གུར་ལས། སྙིང་རྗེ་ཆེན་པོ་ཀྱེ་རྡོ་རྗེ། །ང་ནི་དུར་ཁྲོད་ཆུ་འགྲམ་དང༌། །ནགས་ཚལ་སྐྱེ་བོ་མེད་གྲོང་དུ། །བསྙེན་བཀུར་ཅན་ལ་དངོས་གྲུབ་སྟེར། །མཚོ་སྐྱེས་རྣམ་པའི་འགྲམ་ཡིད་འོང༌། །སྐུ་གདུང་ཟབ་མོའི་མཆོད་རྟེན་དང༌། །རྐང་འཐུང་རློན་པའི་འོག་ཏུ་ནི། །ང་ནི་སངས་རྒྱས་དངོས་གྲུབ་སྟེར། །ཚོང་དུས་གྲོང་རྡལ་ཉིད་དང་ནི། །ཡང་ཐོག་རྣམ་པའི་ཁྱིམ་དུ་ནི། །རྡོ་རྗེ་ཉི་མ་བརྟན་པ་ང༌། །བསྙེན་བཀུར་ཅན་ལ་དངོས་གྲུབ་སྟེར། །གླུ་གར་རབ་ཏུ་འཆིང་བ་དང༌། །ཆང་ཚོང་མ་ཡི་ཁྱིམ་དུ་ནི། །འདི་ལྟར་པདྨ་གར་མཁན་ང༌། །བསྙེན་བཀུར་ཅན་ལ་དངོས་གྲུབ་སྟེར། །རྟག་ཏུ་མགྱོགས་འགྲོ་ཞོན་གྱུར་ཏེ། །རེས་འགའ་ལམ་དུ་འགྲོ་བ་ན། །རྟ་ནི་དོན་ཡོད་བརྟན་པ་ང༌། །དངོས་གྲུབ་རྡོ་རྗེ་རྣམས་སྟེར་རོ། །ཞེས་གསུངས་སོ། །གནས་དེ་དག་ཀྱང་ལས་དང་པོ་པའི་གནས་ནི། རྗེ་བཙུན་རྩེ་མོས། གནས་འགའ་ཞིག་དུ་གནས་ན་ནད་གཞི་མི་སྐྱེ། ཁ་ཅིག་ཏུ་གདོན་གྱི་བར་ཆད་མི་འབྱུང༌། ཁ་ཅིག་ཏུ་ཏིང་ངེ་འཛིན་སྐྱེ་བར་འགྱུར་བ་ནི་ཡིད་དུ་འོང་བ་སྟེ་ཤིས་པའི་གནས་སོ། །ཞེས་པ་ལྟར། ཡིད་དང་མཐུན་པ་དང༌། དབེན་པ་དང༌། བཀྲ་ཤིས་པའི་གནས་དང༌། རང་གི་ཁྱིམ་སྟེ་བཞིར་བཤད། སེམས་ཅུང་ཟད་བརྟན་པས་ནི། དུར་ཁྲོད་ལ་སོགས་པར་བསྒོམ་སྟེ། རྗེ་བཙུན་རྩེ་མོས། ཁྱད་པར་དུ་དུར་ཁྲོད་སྨོས་པ་ནི། ལས་དང་པོ་པས་བརྩོན་འགྲུས་མྱུར་དུ་བརྩམ་པར་འགྱུར་བ་དང༌། ཁྱད་པར་དུ་བསྔགས་པའི་གནས་ཏེ། ཞེས་གསུངས་སོ། །བརྟན་པ་ཆེར་ཐོབ་པའི་གནས་ལ་ནི་ངེས་པ་མེད་དོ། །གཉིས་པ་ནི། སྒྲུབ་ཐབས་མཚོ་སྐྱེས་ལས། ཡིད་དུ་འོང་བའི་གནས་སུ་གནས་པ་རིག་མ་དང་བཅས་པ། བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་པ། མཆོད་པ་དང་གཏོར་མ་བྱས་པས་ཞེས་གསུངས་པ་ལ་བརྟེན་ནས། རྗེ་བཙུན་ས་སྐྱ་པ་རྣམས་མདུན་དུ་མཎྜལ་དང་མཆོད་གཏོར་བཤམས་ནས་དེར་མཎྜལ་ལ། ཀྱེ་རྡོ་རྗེ་ལྷ་དགུ་བསྐྱེད་ཅིང་མཆོད་པ་དང༌། དམ་ཚིག་དང་སྡོམ་པ་བཟུང་བ་དང༌། གཏོར་མ་འབུལ་བ་ལ་སོགས་པ་ལས་དང་པོ་པའི་བྱ་བ་ལྟར་བྱེད་པ་ནི་ཐུན་མཚམས་ཐམས་ཅད་དུ་དེ་ལྟར་བྱ་བ་ཡིན་པས་ཐུན་མཚམས་ཀྱི་བྱ་བ་ཞེས་ཀྱང་བྱ། མཆོད་པ་དང་གཏོར་མའི་རྣལ་འབྱོར་ཞེས་ཀྱང་བྱ། ཕྱི་རོལ་ཚོགས་སོག་གི་རྣལ་འབྱོར་ཞེས་ཀྱང་བྱ། འདི་སྔོན་དུ་སོང་ནས་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ་པར་བཞེད་པ་ལ། མཁས་པ་ཁ་ཅིག མཚོ་སྐྱེས་ཀྱི་གཞུང་དེའི་དོན་སྔོན་འགྲོའི་གཏོར་མ་ལ་འཆད་པ་ནི་ཤིན་ཏུ་མི་འཐད་དེ། གཞུང་དེའི་རྒྱ་འགྲེལ་ལས། དེའི་རྗེས་ལ་ཡིད་དུ་འོང་བའི་གནས་སུ་སྦས་པའི་རྣལ་འབྱོར་གྱིས་འཆད་པར་འགྱུར་བའི་གཏོར་མ་དང་མཆོད་པ་བྱས་ནས། ཞེས་མཆོད་པ་དང་གཏོར་མ་གཉིས་ཀ་བྱ་བར་བཤད་པ་དང༌། མཚོ་སྐྱེས་ཉིད་ཀྱིས་ཀྱང་དེ་ལྟར་ཐུན་ཚོད་བཞིའི་རིམ་པས། བསྟོད་པ་དང༌། མཆོད་པ་དང༌། གཏོར་མའི་མཆོད་པ་སྔོན་དུ་འགྲོ་བ་ཅན་བསྒོམ་མོ། །ཞེས་བཤད་པ་དང་འགལ་བའི་ཕྱིར་རོ། །དེས་ན་རྣལ་འབྱོར་བསྒོམ་པའི་དང་པོར་མཆོད་གཏོར་གྱི་རྣལ་འབྱོར་བྱེད་པ་འདི་ནི་གྲུབ་ཆེན་བིརྺ་པ་ཡབ་སྲས་གསུམ་གྱི་བཞེད་པའང་ཡིན་ཏེ། རྗེ་བཙུན་རྩེ་མོས། ཡན་ལག་བཞི་པར། ཆོ་གའི་རིམ་པ་དང་བཅས་པ་རྒྱས་པར་གསུངས་ཤིང༌། རྗེ་བཙུན་ཆེན་པོས་ཡན་ལག་དྲུག་པར། སྔོན་དུ་འགྲོ་བ་མཆོད་པ་དང་གཏོར་མ་སྔོན་དུ་སོང་ནས་སྟན་བདེ་བ་ལ་འདུག་སྟེ་ཞེས་གསུངས་པས་མན་ངག་ལུགས་ལའང་བྱ་དགོས་ཤིང༌། སློབ་དཔོན་གརྦྷ་རི་པས། དབེན་དང་རང་དགའི་རང་ཁྱིམ་དུ། །མཚན་དུས་མཎྜལ་ཁྲུ་གང་པར། །དྲི་དང་མེ་ཏོག་ཚོམ་བུ་དགྲམ། །གཏོར་མའང་འབྱོར་པའི་ཚད་བྱས་ལ། །དད་པས་ངེས་པར་བསྒོམ་བྱ་སྟེ། །ཞེས་གསུངས་པས། ཌོམྦི་པའི་ལུགས་ལའང་ངེས་པར་བྱ་དགོས་པར་སྣང་ངོ༌། །སློབ་དཔོན་ནག་པོ་པས། ཀྱེ་རྡོ་རྗེ་དཔའ་བོ་གཅིག་པ་དང༌། བདག་མེད་མ་རྐྱང་པའི་སྒྲུབ་ཐབས་སུ། མཎྜལ་གྱི་མཆོད་པ་དང༌། གཏོར་མ་ཕུལ་ཞིང་གཤེགས་སུ་གསོལ་བའི་རྗེས་ལ་ཚད་མེད་བཞི་བསྒོམ་པ་མན་ཆད་ཀྱི་བསྐྱེད་རིམ་བསྒོམ་པར་ཡང་བཤད་དོ། །དེ་ལྟར་མཆོད་གཏོར་གྱི་རྣལ་འབྱོར་སྔོན་དུ་སོང་ནས་གནས་དེའམ། བསམ་གཏན་གྱི་ཁང་པ་གཞན་དུའང་རུང་སྟེ། རིན་ཆེན་འབར་བར། བསྐྱེད་པའི་རིམ་ལ་ལེགས་གནས་ཕྱིར། །ས་ཕྱོགས་ཉམས་དགའ་ཡིད་འོང་བར། །དྲི་ཞིམ་བྱུགས་ཤིང་མེ་ཏོག་དགྲམ། །བདེ་བའི་སྟན་ལ་དེར་གནས་ལ། །ཞེས་གསུངས་པས། ས་ཕྱོགས་དྲིས་བྱུགས་པར་མེ་ཏོག་གཅལ་དུ་བཀྲམ་སྟེ། ཤཱནྟི་པ་སོགས་ཀྱིས་སྟན་བདེ་བ་ལ་འདུག་ཅེས་པ་ཙམ་ལས་མ་བཤད་ལ། སློབ་དཔོན་གཉིས་མེད་རྡོ་རྗེའི་སྒྲུབ་ཐབས་ལས་སྣ་ཚོགས་རྡོ་རྗེས་མཚན་པའི་བདེ་བའི་གདན་ལ་ཞེས་དང༌། ཀཾ་པ་ལས་ཀྱང༌། སྣ་ཚོགས་རྡོ་རྗེའི་སྟན་ལ་ལེགས་གནས་པས། །ཞེས་སྣ་ཚོགས་རྡོ་རྗེ་དང༌། མར་མེ་མཛད་ཀྱི་སྒྲུབ་ཐབས་ལས། རྡོ་རྗེས་མཚན་པའི་སྟན་ལ་བསྡད། །ཅེས་བཤད་པ་ནི། ཕྱི་མ་ཅུང་ཟད་བདེ་སྟེ། འདི་མི་བསྐྱོད་པའི་རིགས་ཀྱི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ་སྙམ་མོ། །དེ་ལྟ་བུའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་གནས་ནས་བསྐྱེད་རིམ་བསྒོམ་དགོས་ཏེ། རྡོ་རྗེ་གུར་ལས། རྡོ་རྗེའི་སྐྱིལ་ཀྲུང་བཅས་ནས་ནི། །བླ་མ་སངས་རྒྱས་མཆོད་པར་བྱ། །ཞེས་དང༌། གུར་དང་བདག་མེད་མའི་སྒྲུབ་ཐབས་སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་ཀྱིས་མཛད་པར། བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་སྟེ། ཕྱག་གི་ལོ་མ་ཏིང་ངེ་འཛིན་གྱི་ཕྱག་རྒྱར་བྱས་ལ་ཞེས་བཤད་ཅིང༌། མིག་སྣ་རྩེར་དབབ་ལ། སོ་ཅུང་ཟད་མ་འབྱར་བ། ལུས་མི་ཡོ་བར་གནས་ནས་བསྐྱེད་རིམ་བསྒོམ་པར་བྲམ་ཟེ་བྷྲྀང་གི་རས་བདེ་མཆོག་གི་སྒྲུབ་ཐབས་སུ་བཤད་དོ། །དེས་ན་དགུག་གཞུག་དང་མཆོད་པ་ལ་སོགས་པའི་ཕྱག་རྒྱ་དམིགས་བསལ་དུ་བཤད་པ་མ་གཏོགས་དུས་ཐམས་ཅད་དུ་ལུས་གནད་འདི་ལྟ་བུས་བསྐྱེད་རིམ་བསྒོམ་མོ། །སློབ་དཔོན་བསོད་སྙོམས་པས། སེམས་དཔའི་སྐྱིལ་ཀྲུང་གིས་གནས་པར་བཤད་པ་ནི་རྡོ་རྗེ་སྐྱིལ་ཀྲུང་མི་ནུས་པའི་དབང་དུ་བྱས་ཀྱི། གཞན་དུ་ན་གུར་གྱི་རྒྱུད་དང་འགལ་བར་འགྱུར་རོ། །བཞི་པ་ནི། རྩ་རྒྱུད་ལས། དོགས་པ་མེད་པའི་སེམས་ཀྱིས་ནི། །འདིས་ཡིས་ལས་རྣམས་ཐམས་ཅད་བྱེད། །ཅེས་པ་ལྟར། འགྲུབ་པའམ་མི་འགྲུབ་སྙམ་པའི་དོགས་པའམ། བར་ཆད་དང་གནོད་པ་འབྱུང་ངམ་སྙམ་པའི་འཇིགས་པའི་སེམས་མེད་པར་དལ་འབྱོར་རྙེད་པར་དཀའ་བ་ལ་སོགས་པའི་བློས་བསྐུལ་ནས། ཐབས་ཤེས་ཀྱི་ལམ་ཁྱད་པར་ཅན་གྱིས་བསམ་གཏན་བསྒོམ་པར་བྱ་སྟེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། དལ་འབྱོར་འདི་ནི་ཤིན་ཏུ་གཡོ་བ་དང༌། །འཇིག་རྟེན་སྐྱེ་བོ་དམ་པ་ཕྲད་རྙེད་དཀའ། །དེ་བས་ཤེས་རབ་ཐབས་ལ་གཞོལ་བ་ཡིས། །ཡིད་ལ་བྱེད་པའི་མཆོག་དེ་བསྒྲུབ་པར་བྱ། །ཞེས་པ་ལྟར་རོ། །ལྔ་པ་ནི། རྗེ་བཙུན་གྱིས་མངོན་རྟོགས་ལྗོན་ཤིང་དུ། སྔོན་དུ་འགྲོ་བའི་ཆོ་ག དངོས་གཞིའི་རྣལ་འབྱོར། རྫོགས་པར་བྱེད་པ་ལམ་གྱི་ཡན་ལག་དང་གསུམ་གྱིས། རྒྱུད་གསུམ་ནས་བཤད་པའི་བསྐྱེད་རིམ་མཐའ་དག་སྡུད་པར་བཤད་པས་དེ་ལྟར་བྱས་ཀྱང་རུང་མོད། འདིར་རྗེ་བཙུན་རྩེ་མོས་ཡན་ལག་བཞི་པ་དང་རྗེ་བཙུན་གྱིས་ཡན་ལག་དྲུག་པར། མཉམ་པར་བཞག་པའི་རྣལ་འབྱོར་དང༌། མཉམ་པར་མ་བཞག་པའི་རྣལ་འབྱོར་གཉིས་ཀྱིས་བསྡུས་པར་བཤད་པ་འདི་ཤིན་ཏུ་ལེགས་ཤིང༌། རྗེ་ས་ཆེན་གྱིས་ཀྱང༌། དེ་ལ་མངོན་རྟོགས་རྣམ་གཉིས་ཏེ། །མཉམ་པར་བཞག་པའི་རྣལ་འབྱོར་དང༌། །མཉམ་པར་མ་བཞག་རྣལ་འབྱོར་རོ། །མཉམ་བཞག་བསྐྱེད་རྫོགས་རྣམ་གཉིས་དང༌། །མ་བཞག་རྣམ་པ་བརྒྱད་ཡིན་ཏེ། །ཉལ་དང་ལྡང་དང་བཟླས་པ་དང༌། །ཁྲུས་དང་ཁ་ཟས་གཏོར་མ་དང༌། །སྤྱོད་ལམ་རྗེས་ཆགས་རྣལ་འབྱོར་བརྒྱད། །ཅེས་པ་དང་མཐུན་པས། དེ་ལྟར་དུ་བཤད་པར་བྱ་བ་ལ་གཉིས། མཉམ་པར་བཞག་པའི་རྣལ་འབྱོར་དང༌། མཉམ་པར་མ་བཞག་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས། གཞུང་ནས་དངོས་སུ་བཤད་པའི་ཆོ་གའི་རྣལ་འབྱོར་རྣམས་བཤད་པ་དང༌། མ་བཤད་པའི་གནད་ཀྱི་དོན་ཁ་བསྐང་སྟེ་བཤད་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང་གཞུང་གི་དོན་ནོ། །དང་པོ་ལ་གསུམ། བསྒྲུབ་བྱ་ལྷའི་རྣམ་གཞག སྒྲུབ་བྱེད་མངོན་རྟོགས་ཀྱི་རྣམ་དབྱེ། དེས་དེ་ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ལ་གསུམ། སྤྱིར་རྒྱུད་གསུམ་ནས་གསུངས་པའི་དཀྱིལ་འཁོར་གྱི་དབྱེ་བ། དེ་ལས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ངོས་བཟུང་བ། དེ་ལས་ཕྱག་བཅུ་དྲུག་པ་གཙོ་བོར་བྱེད་པའི་རྒྱུ་མཚན་ནོ། །དང་པོ་ནི། རྩ་བའི་རྒྱུད་ལས། ཧེ་རུ་ཀ་བཞི། བདག་མེད་མ་དང་ལྔ། རྒྱུ་རྡོ་རྗེ་འཛིན་པ་དང་དྲུག་འབྱུང་ངོ༌། །རྡོ་རྗེ་གུར་ལས། རིགས་བསྡུས་དང༌། རིགས་རྐྱང་གཉིས། དང་པོ་ལ་རྒྱས་པ་ལྷ་བཞི་བཅུ་ཞེ་དགུ་དང༌། བསྡུས་པ་ལྷ་ཉེར་ལྔ་མ་གཉིས་འབྱུང་སྟེ། ལེའུ་ལྔ་པར། དཀྱིལ་འཁོར་རེ་རེ་བསྒོམ་པའམ། །ཡང་ན་བསྡུས་པའི་དཀྱིལ་འཁོར་རོ། །བརྒྱད་བརྒྱད་དབུས་སུ་གནས་པའམ། །ཡང་ན་ཉི་ཤུ་རྩ་ལྔའི་བར། །གང་ཚེ་དཀྱིལ་འཁོར་བསྡུས་པ་ཡི། །སྒོར་ནི་ལྕགས་ཀྱུ་ཞགས་པ་དང༌། །ལྕགས་སྒྲོག་དེ་བཞིན་དྲིལ་བུ་ཉིད། །འཇུག་པའི་སྒོ་སྲུང་དགོད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །རིགས་བསྡུས་འདི་གཉིས་ཀྱང༌། གཙོ་བོ་འཕོ་བའི་གནད་ཀྱིས་དཀྱིལ་འཁོར་ལྔ་ལྔར་འགྱུར་ཏེ། གུར་ལས། སངས་རྒྱས་མགོན་པོ་གང་ཉིད་ཀྱི། །དབུས་སུ་དཀྱིལ་འཁོར་གང་གྱུར་པ། །དེ་ཉིད་ཀྱི་ནི་དཀྱིལ་འཁོར་བརྗོད། །སྙིང་པོ་ཡོངས་བཟུང་དཀྱིལ་འཁོར་རོ། །ཞེས་སོ། །དེས་ན་རྒྱུད་འདིར་དངོས་སུ་རིགས་རྐྱང་གི་དཀྱིལ་འཁོར་ལྷ་དགུ་མ་ལྔ། རིགས་བསྡུས་ཀྱི་དཀྱིལ་འཁོར་རྒྱས་པ་ལྔ། བསྡུས་པ་ལྔ་སྟེ་བཅོ་ལྔ། བདག་མེད་མ་བཅུ་གསུམ་མ་དང༌། བཅོ་ལྔ་མ་གཉིས་ཏེ། བཅུ་བདུན་གསུངས་ལ། ཧེ་རུ་ཀ་གསུམ་ལ་རྒྱུད་འདི་ན་དཔའ་བོ་གཅིག་པ་ལས་དཀྱིལ་འཁོར་མ་གསུངས་ཀྱང༌། རྩ་རྒྱུད་ཀྱི་འཁོར་ཁ་བསྐངས་ནས་དཀྱིལ་འཁོར་གསུམ་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་ཉི་ཤུ་འབྱུང་ངོ༌། །དེ་ལ་བླ་མའི་མན་ངག་གིས། དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་སུ་དབྱེ་སྟེ། མི་བསྐྱོད་པ་ལ་ཧེ་རུ་ཀ་བཞི་ཡོད་པ་བཞིན། རིགས་གཞན་ལའང་བཞི་བཞི་ཡོད་པས། རིགས་རྐྱང་གི་དཀྱིལ་འཁོར་ཉི་ཤུ། རིགས་བསྡུས་རྒྱས་པ་ཉི་ཤུ། བསྡུས་པ་ཉི་ཤུ། བདག་མེད་མའི་གཉིས་ཏེ་དྲུག་ཅུ་རྩ་གཉིས་སུ་བཞེད་པར་མངོན་རྟོགས་ལྗོན་ཤིང་ལས་བཤད་ལ། དེའི་སྟེང་དུ་གུར་རྒྱན་ལས། ཡང་འདིར་རིགས་བསྡུས་པ་ལ་བརྒྱད་དང་བཞིའི་དབུས་ན་བཞུགས་པ་ཡོད་པ་བཞིན་དུ། རིགས་རྐྱང་པ་ལའང་བཞིའི་དབུས་ན་བཞུགས་པ་དང༌། བརྒྱད་ཀྱི་དབུས་ན་བཞུགས་པ་ཡོད་དོ། །ཞེས་སྦྱར་ན། བརྒྱད་ཀྱི་དབུས་ན་བཞུགས་པ་ཉི་ཤུ་ཐམ་པ་ཡོད་པས་ན། བཞིའི་དབུས་ན་བཞུགས་པའང་ཉི་ཤུ་ཐམ་པ་འབྱུང་བས་དཀྱིལ་འཁོར་བརྒྱད་ཅུ་རྩ་གཉིས་འབྱུང་བ་ཡིན་ནོ། །ཞེས་བརྗོད་ཀྱང་འགལ་བ་མེད་དོ་ཞེས་བཤད་པས། རིགས་རྐྱང་བསྡུས་པའི་དཀྱིལ་འཁོར་ལྷ་སྔ་མ་ལྔ་ལ་ཧེ་རུ་ཀ་བཞིའི་དབྱེ་བས་ཉི་ཤུ་འབྱུང་ལ། དེ་ལྟར་ན་གུར་ལས་བརྒྱད་ཅུ་རྩ་གཉིས་བཤད་དོ། །སམྦུ་ཊ་ལས། ཧེ་རུ་ཀ་བཞི། བདག་མེད་མ། ཡེ་ཤེས་མཁའ་འགྲོ་མ། བསྡུས་པའི་དཀྱིལ་འཁོར་རྡོ་རྗེ་དབྱིངས། དྲག་པོ་གདན་ཅན་ཏེ། དངོས་སུ་དཀྱིལ་འཁོར་བརྒྱད་འབྱུང་ལ། བརྟག་པ་དང་པོ་ལས། གང་གི་གང་ཡང་ལྷའི་འཁོར་ལོའི་དབུས་སུ་བཅུག་པ་དེའི་མཚན་དུ་བསྟན་པར་གྱུར་པའི་རྡོ་རྗེའི་དཀྱིལ་འཁོར་ནི་མཁས་པས་བསྔགས་སོ། །ཞེས་གསུངས་པས། རྡོར་དབྱིངས་ཀྱི་དཀྱིལ་འཁོར་ལ་གཙོ་བོ་འཕོ་བའི་དབྱེ་བས་དཀྱིལ་འཁོར་ལྔར་འགྱུར་ཏེ། དེ་ལྟར་ན། མཆོག་སྒྲུབ་པའི་དཀྱིལ་འཁོར་བཅུ་གཉིས་སོ། །འོ་ན་གཙོ་བོ་དུ་མ་འཕོ་བས་དཀྱིལ་འཁོར་དེ་བས་མང་བར་འགྱུར་རོ་སྙམ་ན། རིགས་ལྔ་ཁོ་ན་གོ་འཕོ་བ་ཡིན་གྱི་ཡུམ་བཞི་མན་ཆད་ཀྱི་དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་གཙོ་བོར་འགྱུར་བ་མེད་དེ། དེ་དག་ནི་ལས་རྒྱས་པའི་ལྷ་ཡིན་པའི་ཕྱིར་རོ། །དེའང་སམྦུ་ཊ་ལས། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་ཀྱི་ལས་རྣམས་ལ། འཁོར་ལོའི་རྒྱལ་མོ་རྣམ་པར་སྒོམ་པར་བྱེད་དོ། །ཞེས་སོ། །འོ་ན་སམྦུ་ཊའི་བདག་མེད་མའི་སྐབས་ཀྱི་རྒྱུ་རྡོ་རྗེ་འཆང་མི་བགྲང་ངམ་སྙམ་ན། དེ་ནི་རྡོ་རྗེ་དབྱིངས་ཀྱི་ཁོངས་སུ་བསྡུས་པས་མི་བགྲང་ངོ༌། །ཞེས་མངོན་རྟོགས་ལྗོན་ཤིང་དུ་བཤད་དོ། །དེ་ལྟར་རྩ་བརྒྱུད་ལས་དཀྱིལ་འཁོར་དྲུག རྡོ་རྗེ་གུར་ལས་བརྒྱད་ཅུ་རྩ་གཉིས། སམྦུ་ཊ་ལས་བཅུ་གཉིས་ཏེ། ཐམས་ཅད་དྲིལ་བས་མཆོག་སྒྲུབ་པའི་དཀྱིལ་འཁོར་བརྒྱ་ཐམ་པ་འབྱུང་སྟེ། འདི་ནི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་བཞེད་པ་ཡིན་ནོ། །ཡང་སློབ་དཔོན་གཞན་གྱི་བཞེད་པ་ལྟར་ན། རྩ་རྒྱུད་ཕྱི་མའི་ལྔ་པར། སྙིང་པོ་ཀྱེ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ལ་མི་མཐུན་པ་མེད་པས་དཀྱིལ་འཁོར་གཅིག་ཡིན་ལ། སློབ་དཔོན་ནག་པོ་པ་སོགས་ཀྱིས་གཞལ་ཡས་ཁང་གི་ནང་དུ་ཕྱག་བཅུ་དྲུག་པ་ཡབ་ཡུམ་དཔའ་བོ་གཅིག་པའི་དཀྱིལ་འཁོར་ཡང་གསུངས་པས། དེ་ལྟར་ན་དཀྱིལ་འཁོར་གཉིས་སོ། །དང་པོའི་ལེའུ་གསུམ་པར་ཧེ་རུ་ཀ་གསུམ་གྱི་དཀྱིལ་འཁོར་གསུངས་པ་ལ་མི་མཐུན་པ་མང་སྟེ། འདི་ལ་གཉིས། འཁོར་མེད་པ་དཔའ་བོ་གཅིག་པའི་དཀྱིལ་འཁོར་དང༌། འཁོར་དང་བཅས་པའི་དཀྱིལ་འཁོར་རོ། །དང་པོ་ནི། སློབ་དཔོན་ཨཱ་ནནྡ་བཛྲས། གཞལ་ཡས་ཁང་གི་ནང་དུ་གཙོ་བོ་རྐྱང་པ་བསྒོམ་པར་བཤད་པས། དཔའ་བོ་གཅིག་པའི་དཀྱིལ་འཁོར་གསུམ་ཡིན་ལ། འདིའི་སྐུ་རྡོ་རྗེ་ལ་ཡུམ་ཡོད་དོ། །གཉིས་པ་ནི་རྩ་རྒྱུད་ལས། སྐུ་རྡོ་རྗེའི་སྐབས་སུ། རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་ནས། ཞེས་བཤད་པའི་འཁོར་གསུང་དང་ཐུགས་རྡོ་རྗེ་གཉིས་ཀ་ལའང་ཁ་བསྐངས་ནས་དཀྱིལ་འཁོར་དུ་བྱེད་པ་ལ། སློབ་དཔོན་མཚོ་སྐྱེས། ཛ་ལནྡྷ་རི་པ། ནག་པོ་པ། བདེ་བའི་རྡོ་རྗེ། ཨ་བྷ་ཡ་སོགས་ཀྱིས་ཕྱག་བཅུ་དྲུག་པའི་འཁོར་དུ་གྱུར་པའི་གཽ་རཱི་ནག་མོ་གྲི་གུག་དང་ཉ་རོ་ཧི་ཏ་འཛིན་པ་སོགས་ལྷ་མོ་བརྒྱད་ཀྱིས་བསྐོར་བར་བཞེད། བྱང་ཆུབ་སྙིང་པོས་གཽ་རཱི་ནག་མོ་སོགས་ཁ་དོག་ཕྱག་བཅུ་དྲུག་པ་བཞིན་ལ་ཕྱག་མཚན་གཡས་ཀྱི་གྲི་གུག་དང་གཡོན་ཐོད་པ། གཡོན་གྱི་གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་པར་འདོད་དེ། དེས་མཛད་པའི་སྒྲུབ་ཐབས་གསུང་བསྡུས་པར། གཽ་རཱི་ཁ་དོག་ནག་པོར་འགྱུར། །ཙཽ་རཱི་བཙོད་ཀྱི་ཁ་དོག་ལྡན། །བེ་ཏཱ་ལཱི་ནི་བཙོ་མའི་མདོག །མརྒད་མདོག་འདྲ་གྷསྨ་རཱི། །ཨིནྡྲ་ནཱི་མདོག་པུཀྐ་སཱི། །ཤ་བ་རཱི་ནི་ཆུ་ཤེལ་བཞིན། །ཙཎྜ་ལཱི་ནི་མཁའ་བཞིན་སྔོ། །ཌོམྦི་ནཱི་ནི་སྣ་ཚོགས་མདོག །རོ་ཡི་སྟེང་ན་འོད་འབར་ཞིང༌། །ཕྱག་གཉིས་དབུ་སྐྲ་གྱེན་དུ་བརྫེས། །སྤྱན་དམར་ཞལ་ནི་གཅིག་དང་ལྡན། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཕྱག་ནི་གཅིག་ན་ཀ་པཱ་ལ། །གཡས་ཀྱི་ཕྱག་ན་གྲི་གུག་གོ །ཁ་ཊྭཱཾ་ག་ཡང་ཕྱག་གཡོན་ན། །རྐེད་པ་སྟག་གི་པགས་པས་གཡོགས། །ཞེས་བཤད་དོ། །སློབ་དཔོན་བྷ་ཝ་བྷ་དྲས། གཽ་རཱི་ལ་སོགས་པའི་སྐུ་མདོག་ཕྱག་བཅུ་དྲུག་པ་དང་འདྲ་བ་ལ། ཕྱག་མཚན་མཆོད་རྫས་རྣམས་འཛིན་པར་འདོད་དེ། དེས་མཛད་པའི་བརྟག་གཉིས་འགྲེལ་པར། དེ་རྣམས་ཀྱི་སྐུ་མདོག་དང་གདན་ལ་སོགས་པ་ནི། ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་ལས་འཆད་པར་འགྱུར་ལ། ཁྱད་པར་གྱི་དབྱེ་བ་ནི་ཕྱག་མཚན་ཙམ་མོ་ཞེས་བཤད་དོ། །དེ་ལ་ཕྱག་མཚན་ནི། དཀར་མོས་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང༌། །པུཀྐ་སཱི་ནི་རྡོ་རྗེའི་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང༌། །ཞེས་དང༌། གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་པའི་འགྲེལ་པར། རོ་ལངས་མས་ཆུས་གང་བའི་བུམ་པ་དང༌། གྷསྨ་རཱི་བདུད་རྩི་ལྔས་གང་བའི་ཐོད་པ་དང༌། རི་ཁྲོད་མ་རོ་དྲུག་གིས་གང་བའི་ཐོད་པ་འཛིན་ཅིང༌། གཡུང་མོ་རླུང་གི་གྲྭ་ནས་འཁྱུད་པའི་ཕྱག་རྒྱ་དང་ལྡན་པར་བཤད་ལ། ལྷག་མ་རྣམས་ཀྱི་ཕྱག་མཚན་མི་གསལ་ཡང༌། གཽ་རཱི་ཟླ་བའི་དཀྱིལ་འཁོར་དང༌། །ཙཽ་རཱི་ཉི་མའི་དཀྱིལ་འཁོར་དང༌། །པུཀྐ་སཱི་ནི་རྡོ་རྗེ་དང༌། །གདོལ་པ་མོ་ཌཱ་མ་རུ་འཛིན་པར་གསལ་ལོ། །སློབ་དཔོན་དེ་ཐམས་ཅད་ཀྱང་གཞལ་ཡས་ཁང་པ་དང་བཅས་པའི་དཀྱིལ་འཁོར་དུ་བཞེད་དོ། །གྲུབ་ཆེན་ཨ་ལ་ལ་བཛྲ་ལྟར་ན། གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱང་སྐུ་མདོག་ནག་མོ། གཡས་རང་རང་གི་ཕྱག་མཚན་དང༌། གཡོན་ཁ་ཊྭཱཾ་ག་འཛིན་པར་བཞེད་དེ། དེས་མཛད་པའི་ཕྱག་གཉིས་པའི་སྒྲུབ་ཐབས་ལས། ཤར་གྱི་འདབ་མར་གཽ་རཱི་ནི། །མི་མགོ་པར་བུ་ལག་ན་འཛིན། །ལྷོར་ནི་ཙཽ་རཱི་ལྷ་མོ་ཡིན། །ལག་པར་ཉི་མ་ཐོགས་པར་གནས། །ནུབ་ན་ལྷ་མོ་བེ་ཏཱ་ལཱི། །ལག་པ་ཆུ་ཡི་པར་བུ་འཛིན། །བྱང་དུ་གྷསྨ་རཱི་ཞེས་བྱ། །སྨན་གྱི་བདུད་རྩི་འཛིན་པ་ཡིན། །དབང་ལྡན་མཚམས་སུ་པུཀྐ་སཱི། །ལག་པར་རྡོ་རྗེ་འཛིན་པར་གནས། །མེ་ཡི་མཚམས་སུ་ཤ་བ་རཱི། །རོ་ཡི་པར་བུ་ལག་ན་འཛིན། །ཙཎྜ་སྲིན་པོའི་མཚམས་སུ་གནས། །ཅང་ཏེའུའི་སྒྲ་ནི་དག་པར་བྱེད། །རླུང་མཚམས་ཌོམྦི་ནི་ནི་གནས། །འཁྱུད་པར་དེ་ཉིད་རབ་ཏུ་དགའ། །ཐམས་ཅད་ཁ་དོག་ནག་པོ་ཡིན། །མེ་འོད་སེར་སྐྱ་གྱེན་དུ་འཁྱིལ། །རོ་དང་ལྡན་པ་སྤྱན་གསུམ་པ། །ཕྱག་རྒྱ་ལྔ་ནི་ཡང་དག་ལྡན། །གར་བྱེད་པ་ནི་གནས་པ་ཡིན། །ཁ་ཊྭཱཾ་ག་ནི་གཡོན་ན་འཛིན། །ཕྱག་གཉིས་པ་ལ་ཞལ་གཅིག་ཡིན། །ཞེས་སོ། །འདི་ནི་རྒྱུད་ཀྱི་དོན་ལ་ཞུགས་པས། སློབ་དཔོན་གཞན་གྱི་འདོད་པ་ལས་ཁྱད་པར་འཕགས་ཏེ། ལེའུ་གསུམ་པ་ཉིད་ལས། ལྷ་མོ་བརྒྱད་ཀྱི་ཕྱག་མཚན་དེ་ལྟར་དུ་གསུངས་པའི་ཕྱིར་དང༌། འཁོར་སྤྲོ་བའི་སྐབས་སུ་རང་གི་ལུས་མཚུངས་རྣམ་པར་སྤྲོ། ཞེས་སྤྲོ་བ་པོ་གཙོ་བོའི་ཁ་དོག་སྔོན་པོར་ཡོད་པ་བཞིན་འཁོར་རྣམས་ཀྱང་རང་དང་འདྲ་བར་གསུངས་པས་ཁ་དོག་ནག་པོར་གྲུབ་བོ། །དེའི་རྗེས་འབྲང་སློབ་དཔོན་མི་ཐུབ་ཟླ་བ་སོགས་དང༌། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱང་འདི་བཞིན་ཞལ་གྱིས་བཞེས་པར་མངོན་ནོ། །ཚུལ་འདི་ལ་ཨ་ལ་ལ་བཛྲ་དང༌། མི་ཐུབ་ཟླ་བས་ཀུ་མུ་ཏི་ལས། སྲུང་འཁོར་དུར་ཁྲོད་དང་བཅས་པ་མ་གཏོགས་གཞལ་ཡས་ཁང་མ་བཤད་ལ། རྗེ་བཙུན་སྐུ་མཆེད་ཀྱིས་ཀྱང་ལུགས་འདིའི་སྐབས་སུ་གཞལ་ཡས་ཁང་མི་བཞེད་ཅིང༌། མན་ངག་ལུགས་ལ་རྗེ་བཙུན་རྩེ་མོས། གཞལ་ཡས་ཁང་ཡོད་པ་དང༌། རྗེ་བཙུན་གྱིས་མེད་པར་གསུངས་པ་གཉིས་ཀ་འདམ་ཀ་ཅན་ཡིན་པས་ཕྱོགས་གཉིས་ཀར་ཁས་བླང་ངོ༌། །དེ་ལྟར་ན་སློབ་དཔོན་སོ་སོའི་བཞེད་པ་མི་འདྲ་བ་བཞིས་ཕྱེ་བས་དཀྱིལ་འཁོར་བཅུ་གཉིས་སོ། །རྒྱུ་རྡོ་རྗེ་འཆང་ལ་རྗེ་བཙུན་གྱིས་དཀྱིལ་འཁོར་གཅིག་ཏུ་བགྲངས་པ་ནི། ཀུ་མུ་ཏིའི་དགོངས་པ་ལྟར་སྣང་བས་ལེའུ་བརྒྱད་པར་བཤད་པ་ལྟར། གཙོ་བོ་མཉམ་སྦྱོར་དང༌། འཁོར་མི་མཉམ་སྦྱོར་ལས་གཙོ་འཁོར་དུས་གཅིག་ལ་བསྐྱེད་པ་བདག་མེད་མའི་མངོན་རྟོགས་དང་ཆ་མཐུན་པར་ཉམས་སུ་ལེན་དགོས་ལ་ཆོ་ག་དེས་བསྐྱེད་པའི་ལྷ་གཙོ་བོ་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། འཁོར་རྣམས་སྙིང་པོ་ཀྱེ་རྡོ་རྗེ་དང་མཚུངས་པ། འཁོར་དང་བཅས་པའི་དཀྱིལ་འཁོར་གཅིག་དང༌། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། གཞལ་ཡས་ཁང་གི་དབུས་སུ་ཡུམ་དང་བཅས་པའི་དཔའ་བོ་གཅིག་པའི་དཀྱིལ་འཁོར་བཤད་པས་རྒྱུ་རྡོ་རྗེ་འཆང་གི་དཀྱིལ་འཁོར་གཉིས་ཡིན་ལ། བླ་མ་ཁ་ཅིག དྲིལ་བུ་པའི་གཞུང་འདི་རྣམ་སྣང་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཡིན་གསུངས་པ་ནི་མི་འཐད་དེ། སྐུ་མདོག་ཙམ་འདྲ་ཡང༌། རྣམ་སྣང་ལ་ནི་རྨ་བྱ་དང་མ་ཧེ་ལ་སོགས་པའི་ཕྱག་མཚན་ཡོད་ལ། འདིར་ནི་གླང་པོ་དང༌། རྟ་ལ་སོགས་པ་མི་བསྐྱོད་པ་ཀྱེ་རྡོ་རྗེ་བཞིན་བཤད་པའི་ཕྱིར་རོ། །ལེའུ་བརྒྱད་པའི་བདག་མེད་མ་ལ་ནཱ་རོ་པའི་ཞལ་ལུང་དུ། ལྷ་མོ་བཅོ་ལྔ་མ་དང༌། དེའི་སྟེང་འོག་གི་ལྷ་མོ་གཉིས་དོར་བས་བཅུ་གསུམ་མ་དང༌། དེའི་ནང་མ་བཞི་དོར་བས་ལྷ་དགུ་མ་དང༌། བཅུ་གསུམ་མའི་ཕྱི་མ་བརྒྱད་དོར་བས་ལྷ་ལྔ་མ་དང༌། གཞལ་ཡས་ཁང་གི་ནང་དུ་གཙོ་མོ་རྐྱང་པ་བཞུགས་པ་སྟེ་དཀྱིལ་འཁོར་ལྔར་བཤད་ལ། དེ་ཐམས་ཅད་དྲིལ་བས་དཀྱིལ་འཁོར་ཉི་ཤུ་རྩ་བཞི། ཨ་ལ་ལ་བཛྲའི་ལུགས་དེ་ལ། གཞལ་ཡས་ཁང་ཡོད་མེད་གཉིས་ཀྱིས་ཕྱེ་ན་ཉི་ཤུ་རྩ་བདུན་འབྱུང་ངོ༌། །རྡོ་རྗེ་གུར་ལས། ལྷའི་རིགས་ཀྱི་བློ་གྲོས་ཀྱི་འགྲེལ་པ་དང་སྒྲུབ་ཐབས་ལས་རིགས་རྐྱང་ལྷ་དགུ་མ་ལྔ། གཙོ་བོ་འཕོ་བའི་བྱེ་བྲག་གིས་རིགས་བསྡུས་རྒྱས་པའི་དཀྱིལ་འཁོར་ལྔ་རིགས་བསྡུས་བསྡུས་པ་ལྔ། བདག་མེད་མ་ལྷ་མོ་བཅོ་ལྔ་མ་སྟེ། བཅུ་དྲུག་བཤད་ལ། ནག་པོ་པའི་བཤད་སྦྱར་དུའང༌། སྔར་བཤད་པ་དང་འདྲ་བ་ལ་བདག་མེད་མ་བཅུ་གསུམ་མ་ཡང་བཤད་པས། དེ་ལྟར་ན་དཀྱིལ་འཁོར་བཅུ་བདུན་ནོ། །སམྦུ་ཊ་ལ། འགྲེལ་པ་མན་ངག་གི་སྙེ་མར། ཧེ་རུ་ཀ་གསུམ་ལ་ལྷ་མོ་བཅུ་དྲུག་གིས་བསྐོར་བའི་དཀྱིལ་འཁོར་གཞལ་ཡས་ཁང་དང་བཅས་པ་དང༌། བསྲུང་འཁོར་དུར་ཁྲོད་དང་བཅས་པ་གཞལ་ཡས་ཁང་མེད་པ་དང༌། གཙོ་བོ་རྐྱང་པ་གཞལ་ཡས་ཁང་གི་དབུས་ན་གནས་པ་སྟེ་ཚུལ་གསུམ་གསུངས་ལ། ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ལ་གཞལ་ཡས་ཁང་གི་དབུས་སུ་ལྷ་མོ་བཅུ་དྲུག་གིས་བསྐོར་བའི་དཀྱིལ་འཁོར་གཅིག་དང༌། བདག་མེད་མ་ལ་ལྷ་མོ་ཉི་ཤུ་རྩ་གསུམ་གྱིས་བསྐོར་བའི་དཀྱིལ་འཁོར་གཅིག་དང༌། ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དང༌། རྡོ་རྗེ་དབྱིངས་སྒོ་རྐྱང་ལྷ་སོ་བདུན་མའི་དཀྱིལ་འཁོར་དང༌། དཀྱིལ་འཁོར་དེའི་བཞད་མ། སྒེག་མོ། གླུ་མ། གར་མ། མེ་ལོང་མ། རོ་མ། རེག་བྱ་མ། ཆོས་མ་སྟེ། ལྷ་མོ་བརྒྱད་བོར་ནས། དེ་རྣམས་ཀྱི་ཚབ་ཏུ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད། རིམ་པ་གསུམ་པའི་ལྷ་སྣམ་ལ་འགོད་པ་ལྷ་སོ་བདུན་མའི་ལུགས་གཅིག་དང༌། དེ་གཉིས་ཀ་སྤངས་པ་ལྷ་ཉི་ཤུ་རྩ་དགུ་མའི་དཀྱིལ་འཁོར་གཅིག་སྟེ། ཚུལ་གསུམ་དང༌། དྲག་པོ་གདན་ཅན་ལྷ་བཅུ་བདུན་མ་གཞལ་ཡས་ཁང་དང་བཅས་པ་སྟེ་འདི་ལ་ཡུམ་ཡོད་མེད་ལུགས་གཉིས་ཏེ། དེས་ན་མན་སྙེའི་ལུགས་ཀྱི་དཀྱིལ་འཁོར་བཅུ་བདུན་བཤད་དོ། །སློབ་དཔོན་ཀཾ་པ་ལས། སྔར་གྱི་ཧེ་རུ་ཀ་ལྷ་བཅུ་བདུན་མ་དེ་ལ་གླིང་བུ་མ་ལ་སོགས་པའི་མཚམས་མ་བཞི་བོར་ནས་དེའི་ཕྱག་མཚན་རྣམས་སྒོ་མ་བཞིས་བཟུང་བའི་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་འདོད་དེ། རྒྱུད་ལས། གླིང་བུ་དང་ནི་པི་ཝང་དང༌། །མུ་ཀུནྡ་དང་རྫ་རྔ་སྟེ། །ཕྱག་གཉིས་མ་ལ་ཞལ་གཅིག་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཞེས་བཤད་པ་དང་འགལ་ལམ་སྙམ་མོ། །འདི་ལ་ཁྱུང་པོ་རྣལ་འབྱོར་གྱིས། ཀྱེ་རྡོ་རྗེ་མཚོན་ཆ་ཅན་ཞེས་ཟེར་མོད། རྒྱུད་འགྲེལ་རྣམས་ནས་དེའི་ཐ་སྙད་མ་བཤད་དོ། །བདག་མེད་མ་ལྷ་ཉེར་བཞི་མ་ནི། རྗེ་བཙུན་རྩེ་མོའི་བཞེད་པས། གླིང་བུ་མ་ལ་སོགས་མཚམས་མ་བཞི་དང༌། རྟ་གདོང་མ་ལ་སོགས་ཕྱོགས་མ་བཞི་བོར་ནས། ལྷག་མ་ལྷ་མོ་བཅོ་ལྔར་བཞེད་དེ། རྒྱུད་ཀྱི་དགོངས་པ་ནི་དེ་ཁོ་ན་བཞིན་དུ་སྣང་ངོ༌། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལའང༌། རྗེ་བཙུན་རྩེ་མོས་ནི། བྱང་ཆུབ་སེམས་དཔའ་བརྒྱད་དང་བཅས་པའི་ལྷ་སོ་བདུན་གྱི་དཀྱིལ་འཁོར་སྒོ་གསུམ་སྦྲག་ཅན་དུ་བཤད་པས་སློབ་དཔོན་འདིའི་ལུགས་དང་མི་མཐུན་པ་ཤིན་ཏུ་ཆེ་མོད། རྒྱུད་ཕྱི་མ་ལྟར་ན། རྗེ་བཙུན་རྩེ་མོའི་བཞེད་པ་ཉིད་ལེགས་པར་རྟོགས་སོ། །གཉིས་པ་ནི། འོ་ན་དེ་ལྟར་བཤད་པའི་དཀྱིལ་འཁོར་ཐམས་ཅད་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ཡིན་ནམ་སྙམ་ན། དེའི་ངེས་པ་མེད་དེ། འདིར་བཤད་པའི་གུར་བརྟག་གཉིས་ནས་འབྱུང་བའི་དཀྱིལ་འཁོར་སྔར་སྨོས་པ་རྣམས་ནི། ཀྱེ་རྡོ་རྗེ་དང་བདག་མེད་མར་རྒྱ་བོད་ཀྱི་མཁས་པ་མང་པོས་བཤད་ལ། སམྦུ་ཊའི་ཧེ་རུ་ཀ་དང་པོ་གསུམ་ལ་རྗེ་བཙུན་རྩེ་མོས་ཕྱག་གཉིས་པ་རྩ་རྒྱུད་དང་ཆ་མཐུན། ཕྱག་བཞི་པ་གསལ་བར་བྱེད། ཕྱག་དྲུག་པ་ཚུལ་མི་འདྲ་བས་བཤད་པའི་རྒྱུད་ཅེས་པ་ཙམ་དང༌། ཧེ་རུ་ཀ་བཞི་པ་ལ་བརྟག་གཉིས་ཕྱི་མའི་ལྔ་པར་ཚུལ་མི་འདྲ་བས་བཤད་རྒྱུད་དང༌། མཉམ་སྦྱོར་རྟོག་པ་ལྔ་པར། མི་བསྐྱོད་པའི་དཀྱིལ་འཁོར་དུ་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ཞེས་པ་ཙམ་ལས་གཞན་གསལ་ཁ་མི་སྣང་ཡང༌། འདི་བཞི་ཀྱེ་རྡོ་རྗེར་ཁས་ལེན་དགོས་པར་སྣང་སྟེ། སློབ་དཔོན་ཨ་བྷ་ཡས་འདི་གསུམ་གྱི་སྒྲུབ་ཐབས་ཀྱི་སྐབས་སུ། ཐོད་པའི་སྟེང་དུ་ཉི་མ་ལ་དགྱེས་པའི་རྡོ་རྗེ་རྣམ་པ་གསུམ་མོ་ཞེས་དང༌། དགྱེས་པའི་རྡོ་རྗེ་བཞི་པ་ནི་ཕྱག་བཅུ་དྲུག་པ་ཞེས་གསལ་བར་བཤད་པའི་ཕྱིར་རོ། །དེས་ན་རྒྱུད་འདིར་བཤད་པའི་ཧེ་རུ་ཀ་བཞི། བདག་མེད་མ་དང་ལྔ་པོ་ཙམ་ཞིག་ཀྱེ་རྡོ་རྗེར་སྣང་ལ། ལྷག་མ་རྡོ་རྗེ་དབྱིངས་ནི་རྗེ་བཙུན་རྩེ་མོ་ལྟར་ན། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཅེས་གསུངས་པས་རྒྱུད་འདི་ནས་བཤད་པའི་དཀྱིལ་འཁོར་རྣམས་ཀྱི་གཙོ་བོ་རྒྱུད་གསུང་བ་པོ་སྟོན་པའི་དཀྱིལ་འཁོར་དུ་བཞེད་ལ། ཆོ་གའི་སྐབས་རྣམས་དེ་ཉིད་བསྡུས་པ་དང༌། རྡོ་རྗེ་རྩེ་མོ། སྒྱུ་འཕྲུལ་དྲ་བ། རྡོ་རྗེ་མཁའ་འགྲོ་རྣམས་ཀྱི་བཤད་རྒྱུད་དུ་བཤད་ཀྱི། ཀྱེ་རྡོ་རྗེའི་བཤད་རྒྱུད་དུའང་མ་བཤད་པས། ཀྱེ་རྡོ་རྗེ་ཡིན་དོན་མེད་དོ། །གལ་ཏེ་འདིའི་དཀྱིལ་འཁོར་གྱི་གཙོ་བོ་དང༌། ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་རྒྱུ་རྡོ་རྗེ་འཛིན་པ་གཉིས་དོན་གཅིག་པར་རྗེ་བཙུན་གྱིས་བཤད་ཅིང༌། ཕྱག་བཅུ་དྲུག་པ་ཀྱེ་རྡོར་དུ་ཁས་བླངས་པས་སོ་སྙམ་ན། འབྲས་བུ་རྡོར་འཛིན་ཀྱེ་རྡོར་ཡིན་པས་དེའི་རྒྱུ་རྡོར་འཛིན་ཡང་ཀྱེ་རྡོར་ཡིན་མི་དགོས་ཏེ། དཔེར་ན་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུ་རྡོ་རྗེ་འཛིན་པ་འཇམ་དབྱངས་ཡིན་ཀྱང་འཇམ་དབྱངས་འཇིགས་བྱེད་མ་ཡིན་པ་བཞིན་ནོ། །ཨ་བྷ་ཡས་ནི། འདིའི་དཀྱིལ་འཁོར་རྡོ་རྗེ་མཁའ་འགྲོ་ནས་འབྱུང་བའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བའི་ཕྱིར་བདེ་མཆོག་གི་དཀྱིལ་འཁོར་དུ་བཞེད་ལ། ཡེ་ཤེས་མཁའ་འགྲོ་ནི་རྗེ་བཙུན་རྩེ་མོ་དང༌། ཨ་བྷ་ཡ་གཉིས་ཀས་གདན་བཞིའི་དཀྱིལ་འཁོར་དུ་བཤད་དོ། །དྲག་པོ་གདན་ཅན་ལ་རྗེ་བཙུན་རྩེ་མོས། བརྟག་གཉིས་ཀྱི་དང་པོའི་གསུམ་པར། ཕྱག་གཉིས་པའི་སྒྲུབ་ཐབས་གསུངས་པ་ཡིན་ཀྱང༌། དེ་ཉིད་འདིར་དྲག་པོའི་གདན་ཅན་དུ་གསུངས་པ་དང༌། ཞེས་པའི་དོན་ནི། བརྟག་གཉིས་སུ་བཤད་པའི་སྐུ་རྡོ་རྗེ་དང་འདི་གཉིས་དྲག་པོའི་གདན་ཡོད་མེད་མ་གཏོགས་ལྷའི་སྐུའི་རྣམ་པ་ལ་ཁྱད་པར་མེད་པ་ཙམ་ལ་དགོངས་ནས་དེ་སྐད་གསུངས་ཀྱི། འདི་ཀྱེ་རྡོ་རྗེར་བཞེད་པ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན། དེ་ཉིད་ལས་མཉམ་སྦྱོར་དུ་དཀྱིལ་འཁོར་དང་ལྷའི་ས་བོན་སོགས་དང༌། དུར་ཁྲོད་བརྒྱད་མ་གསུངས་པ་འདིར་ཁ་བསྐང་བར་བཤད་པས་མཉམ་སྦྱོར་དུ་བཞེད་པ་དང་ནང་འགལ་བར་འགྱུར་བའི་ཕྱིར་རོ། །ལྷའི་ཞལ་ཕྱག་སོགས་འདྲ་བས་གཅིག་ཏུ་བཤད་དུ་མི་རུང་སྟེ། བདག་མེད་མ་ལྷ་མོ་བཅོ་ལྔའི་འཁོར་རྣམས་ཞལ་ཕྱག་སོགས་བདག་མེད་མ་དང་འདྲ་ཡང༌། དེ་རྣམས་བདག་མེད་མ་མ་ཡིན་པ་ལྟར་རོ། །སློབ་དཔོན་ཨ་བྷ་ཡས་ནི་བདེ་མཆོག་ཏུ་བཞེད་དེ། མན་སྙེར། གཞལ་ཡས་ཁང་གི་ནང་དུ་ལྷ་བཅུ་བདུན་གྱིས་ཡོངས་སུ་བསྐོར་བའི་བཅོམ་ལྡན་འདས་བདེ་མཆོག་སྐུ་མདོག་སྔོན་པོ་ཞེས་སོགས། འདིའི་མངོན་རྟོགས་ཀྱི་སྐབས་ནས་བཤད་པའི་ཕྱིར་རོ། །མདོར་ན་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པས་རྒྱུད་གསུམ་ནས་བཤད་པའི་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དགུ་བཅུ་གོ་གསུམ་ཡོད་དོ། །གསུམ་པ་ལ་གཉིས། ཕྱག་བཅུ་དྲུག་པ་གཙོ་བོར་བསྟན་པ། དེའི་ནང་ནས་མི་བསྐྱོད་པ་གཙོ་བོར་བྱེད་པའི་རྒྱུ་མཚན་ནོ། །དང་པོ་ནི། འོ་ན་དཀྱིལ་འཁོར་དེ་ཙམ་ཞིག་གི་ནང་ནས་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་ལ་གཙོ་བོར་བྱེད་པ་ཅི་ཡིན་སྙམ་ན། རྩ་རྒྱུད་ལས། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང༌། །དངོས་གྲུབ་འདོད་པས་མི་གནས་སོ། །ཞེས་བཤད་ལ། དེའི་དོན་རྣམ་བཤད་དག་ལྡན་ལས། བདག་ནི་གང་ཟག་གི་བདག་དང་ཆོས་ཀྱི་བདག་གོ །མེད་པ་ནི་དེས་སྟོང་པ་སྟེ། ང་མེད་ན་ང་ཡིར་འཛིན་པ་ཡང་མེད་པས། བདག་གཉིས་ཀྱིས་སྟོང་པའོ། །དེ་ནི་ལྟ་བའི་ཡེ་ཤེས་སོ། །དེའི་རྣམ་པ་གང་ལ་ཡོད་པ་ནི་བདག་མེད་རྣལ་འབྱོར་ཏེ། ལེའུ་བརྒྱད་པར་བསྟན་པ་གང་ཡིན་པའོ། །ཡང་ན་དཔལ་ཧེ་རུ་ཀ་ཞེས་བྱ་བ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་བྱ་བའོ། །དེའང་ལྟ་བའམ་ཡེ་ཤེས་སོ། །དེའི་རྣམ་པ་ནི་ཞལ་བརྒྱད་པ་ཕྱག་བཅུ་དྲུག་པ། ཞབས་བཞི་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །གཞན་པའི་སེམས་ཀྱིས་ཞེས་བྱ་བ་ནི། བདག་མེད་གཉིས་དང་ཡེ་ཤེས་དང་བྲལ་བའི་ལྷ་གཞན་ཀུ་རུ་ཀུལླེ་ལ་སོགས་པ་ཤེས་རབ་ཀྱི་རྣལ་འབྱོར་གཞན་དང༌། ཕྱག་གཉིས་པ་ལ་སོགས་པའི་ཐབས་ཀྱི་རྣལ་འབྱོར་གཞན་ལ་གནས་པར་མི་བྱའོ། །ཇི་ལྟར་ཞེ་ན། འབྲས་བུ་འབྱུང་བ་མེད་པའི་ཕྱིར་དང༌། དཔལ་གྱི་འོས་མ་ཡིན་པའི་ཕྱིར་རོ། །དེ་ལ་འབྲས་བུ་འབྱུང་བ་མེད་པ་ནི། སྤྱིར་གསང་སྔགས་པ་འབྲས་བུ་ལམ་དུ་བྱེད་པས་རྒྱུ་འདྲ་བ་བས་འབྲས་བུ་འདྲ་བ་སྒྲུབ་པར་བྱེད་པ་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡིན་ལ། དེ་རྣམ་པ་གཞན་གྱིས་ཐོབ་པར་ག་ལ་འགྱུར། ལོངས་སྤྱོད་རྫོགས་པའི་སྐུ་དེ་ལྟར་བཞུགས་པར་ཅིས་ཤེས་སྙམ་ན། ཆོས་ཀྱི་སྐུའི་དབང་དུ་བྱས་ནས་རྣམ་པ་གཞན་དཔལ་གྱི་འོས་མ་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་སྐུ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཡིན་ལ། སྟོང་པ་ཉིད་ནི་ཕྱག་བཅུ་དྲུག་དང༌། རྟོགས་པའི་ཁྱད་པར་ནི་ཞལ་བརྒྱད་སྤྲུལ་ལ། སྙིང་རྗེའི་སྤྱོད་པ་ནི་བསྡུ་བའི་དངོས་པོ་བཞིས་ཞབས་བཞིར་སྤྲུལ་ལོ། །དེ་བས་ན་རྣམ་པ་འདིར་རིགས་སོ། །གལ་ཏེ་རྣམ་པ་དེ་ལྟ་བུ་གཞན་ལའང་སྦྱར་དུ་རུང་མོད་སྙམ་ན་བདེན་མོད་ཀྱི། བཅོམ་ལྡན་འདས་ཀྱི་ཆོས་རྣམས་ནི་གདུལ་བྱ་གང་དང་གང་གིས་འདུལ་བ་ལ་དེ་དང་དེའི་རྣམ་པར་གཙོ་བོར་སྟོན་པ་ཡིན་པས། རྒྱུད་འདིར་སྟོན་པས་དེ་ལྟ་བུའི་རྣམ་པར་འཕྲུལ་པ་གཙོ་བོར་གྱུར་པ་མཛད་ནས་ཆོས་གསུངས་སོ། །དེ་བས་ན་གཙོ་བོ་ཡིན་པའི་ཕྱིར། འདི་ཁོ་ན་བསྒོམ་པར་རིགས་སོ། །ཞེས་གསུངས་ལ། དེའི་དོན་ཡང༌། ཆོས་སྐུའི་ཡོན་ཏན་ཕྱོགས་རེ་བ་ཙམ་ཕྱག་གཉིས་པ་ལ་སོགས་པའི་རྣམ་པ་གཞན་གྱིས་ཀྱང་མཚོན་པར་ནུས་ཀྱང༌། ཡོན་ཏན་ཡོངས་སུ་རྫོགས་པའི་གཟུགས་ཀྱི་སྐུའི་རྣམ་པས་མཚོན་ནུས་པ་ནི། རྒྱུད་འདིའི་ལུགས་ཀྱི་ཞལ་བརྒྱད། ཕྱག་བཅུ་དྲུག་པ་ཁོ་ན་ཡིན་པའི་ཕྱིར། གཙོ་བོར་བྱེད་ཅེས་པའི་དོན་ཏོ། །འོ་ན་རྒྱུ་འབྲས་ཀྱི་ཧེ་རུ་ཀ་གཉིས་ལས་གང་གཙོ་བོ་ཡིན་སྙམ་ན། འབྲས་བུའི་རྡོ་རྗེ་འཛིན་པ་ཉིད་ཡིན་ཏེ། དཀའ་འགྲེལ་ཀུ་མུ་ཏི་ལས། དེ་ཡང་དཔལ་ཧེ་རུ་ཀ་སྟེ། ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་པ་འབྲས་བུ་རྡོ་རྗེ་འཛིན་པ། ཀྱེ་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཉིད་འབྱུང་བ་མེད་པའི་ཕྱིར་དང༌། དཔལ་གྱི་འོས་མ་ཡིན་པའི་ཕྱིར་ཡང་ཧེ་རུ་ཀ་གཞན་བཟློག་གོ །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི་དེ་ལྟར་ཕྱག་བཅུ་དྲུག་པའང་དུ་མ་སྣང་ན། མི་བསྐྱོད་པ་ཁོ་ན་འདིར་དཀྱིལ་འཁོར་གྱི་གཙོ་བོར་འཇོག་པ་ཅི་ཡིན་ཞེ་ན། གཞིའི་སྐབས་སུ་སེམས་ཅན་གྱི་རྒྱུད་འདིར་ཕུང་པོ་ལྔའི་ནང་ནས་སེམས་ཉིད་གཙོ་ཆེ་སྟེ། སློབ་དཔོན་ཨཱརྻ་དེ་བས། ཆོས་རྣམས་སྔོན་དུ་ཡིད་འགྲོ་སྟེ། །ཡིད་གཙོ་ཡིད་ཀྱི་འགྲོས་ཅན་ཡིན། །ཞེས་གསུངས་པ་ལྟར། སྒོ་གསུམ་གྱི་ལས་ཐམས་ཅད་སེམས་སྔོན་དུ་འགྲོ་ཞིང༌། སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དང༌། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱང་སེམས་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྒྱུད་དུ། རྣམ་པར་ཤེས་པ་ཉིད་ཀྱི་རང་བཞིན་གྱི་མི་བསྐྱོད་པ་ཉིད། དཀྱིལ་འཁོར་གྱི་གཙོ་བོར་བཞག་སྟེ། གུར་གྱི་དཀའ་འགྲེལ་ལས། འདིར་སེམས་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར། བསྡུས་པའི་དཀྱིལ་འཁོར་གྱི་གཙོ་བོ་ཧེ་བཛྲ་ཉིད་ཡིན་པར་ཉེ་བར་བསྟན་མོད་ཀྱི། གཞན་དག་ཀྱང་དགག་པ་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། སློབ་དཔོན་གཞན་གྱིས་བཤད་པའི་མངོན་པར་རྟོགས་པའི་དབྱེ་བ་དང༌། རྗེ་བཙུན་བིརྺ་པ་ཡབ་སྲས་ཀྱིས་བཤད་པའི་མན་ངག་ལུགས་ཀྱི་མངོན་པར་རྟོགས་པའི་དབྱེ་བའོ། །དང་པོ་ལ་བདུན། ཏིང་ངེ་འཛིན་གསུམ་གྱི། ཡན་ལག་དྲུག་གི དེ་གཉིས་ཀས་འཆིང་བའི། གནས་པ་བཞིའི། ཡན་ལག་བཞིའི། རྣལ་འབྱོར་བཞིའི། རྫོགས་པའི་རྣལ་འབྱོར་གྱི་སྒྲུབ་ཐབས་སོ། །དང་པོ་ནི། སློབ་དཔོན་ཆེན་པོ་ཤཱནྟི་པས་མཛད་པའི་སྒྲུབ་ཐབས་འཁྲུལ་པ་སྤོང་བ་དང༌། དེའི་སློབ་མ་པཎྜི་ཏ་ཉིན་མོའི་འབྱུང་གནས་ཟླ་བས་མཛད་པའི་འཁྲུལ་སྤོང་གི་འགྲེལ་པ་ཡེ་ཤེས་སྒྲོན་མེར་མངོན་པར་བརྗོད་པ་ཞེས་བྱ་བ་དང༌། སློབ་དཔོན་བྲམ་ཟེ་ནག་པོ་པས་མཛད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བར་བྱེད་པ་སྟེ། གསུམ་པོ་ལྟར་ན། སྦྱོར་བ་ཚོགས་གཉིས་བསགས་པ་བྱས་ནས། སྲུང་འཁོར་ཐུན་མོང་བ་ཙམ་ཞིག་བསྒོམས་པའི་དབུས་སུ་ཆོས་འབྱུང་དཀར་པོ་དེའི་ནང་དུ་ཤཱནྟི་པ་དང༌། ཡེ་ཤེས་སྒྲོན་མེ་ལྟར་ན། མས་རིམ་གྱིས། ས་དང༌། ཆུ་དང༌། མེ་དང༌། རླུང་གི་དཀྱིལ་འཁོར་བཞི་གོང་ནས་གོང་དུ་བརྩེགས་པར་འདོད་ལ། ནག་པོ་པ་ལྟར་ན། རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་གོང་ནས་གོང་དུ་བརྩེགས་པར་འདོད་དོ། །དེ་ལ་རང་གི་སེམས་ཉིད་བསྲེ་བར་འདོད་དེ། སྒྲུབ་ཐབས་གསུམ་ཀ་ལས་བདག་ཉིད་ཀྱང་དེའི་ཚེ་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཚུལ་གྱིས་དེ་དག་ཐམས་ཅད་ལ་མངོན་པར་གནས་པར་རིག་པར་བྱའོ། །ཞེས་བཤད་པའི་ཕྱིར་རོ། །དེ་ནས་འབྱུང་བཞི་ཡོངས་སུ་གྱུར་པ་ལས། སྣ་ཚོགས་པདྨ་དང༌། སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་པ་དུར་ཁྲོད་དང་བཅས་པའི་དབུས་དང་ཕྱོགས་མཚམས་བརྒྱད་དུ་པདྨ་འདབ་བརྒྱད་རེ་རེ་བསམས་པའི་དབུས་སུ་བདུད་བཞི་བརྩེགས་པའི་གདན་དང༌། ཕྱོགས་མཚམས་སུ་རང་རང་གི་གདན་བཀོད་ནས། གདན་དབུས་མའི་སྟེང་དུ་དབྱངས་བཅོ་ལྔ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་གསལ་བྱེད་སོ་བཞི་ལས་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཨྃ་དང་ཧཱུྃ་ལས་གྲི་གུག་དང་ཐོད་པ་དེ་དག་གིས་མཚན་པ། དེ་ལས་ལྷའི་ཚོགས་སྤྲོས་བསྡུས་ནས་དེ་དག་དང་གཅིག་ཏུ་གྱུར་པ། དེ་ནས་ཟླ་ཉི་མཚན་མ་ས་བོན་རྣམས་ཡོངས་སུ་གྱུར་པ་ལས། རྒྱུ་རྡོ་རྗེ་འཛིན་པ་ཡུམ་དང་བཅས་པ་ཁ་དོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་བསྒོམ་སྟེ། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དེ་ནས་སྔར་འབྱུང་བཞི་ལ་ཁྱབ་པར་གནས་པའི་སྒོམ་པ་པོའི་སེམས་དེ་ཧོ་དམར་པོ་གཉིས་ཀྱི་བར་དུ་ཆུད་པའི་ཨྃ་དང་ཧཱུྃ་སྟེ། ཡིག་འབྲུ་བཞི་བར་སྣང་དུ་བལྟས་ལ། དེ་དགའ་བའི་སྒྲས་བཀུག་ནས་ཡབ་ཀྱི་ཞལ་དུ་ཞུགས་ཤིང༌། ཡུམ་གྱི་པདྨར་ལྷུང་བས་གཉིས་ཀ་འདོད་ཆགས་ཀྱི་མེས་ཞུ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བའི་གཟུགས་ཀྱི་དཀྱིལ་འཁོར་དུ་བལྟའོ། །དེ་ནས་བསླང་བའི་ཕྱིར་རང་རང་གི་ཕྱོགས་ནས་འོངས་པའི་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞིས་རང་རང་གི་མཚམས་ཀྱི་པད་འདབ་ཀྱི་ལྟེ་བར་འདུག་ནས། རྗེ་བཙུན་སྙིང་རྗེས་ཡིད་བཞེངས་ཤིག །ཅེས་སོགས་ཀྱིས་བསྐུལ་བས། འབྲས་བུ་རྡོར་འཛིན་དུ་བཞེངས་ཏེ། འཁྲུལ་སྤོང་དང་ཡེ་ཤེས་སྒྲོན་མེ་ལྟར་ན། ཐིག་ལེ་དེ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཨྃ་དང་ཧཱུྃ་གཉིས་སུ་གྱུར། དེ་གཉིས་ལས་གྲི་གུག་དང༌། ཐོད་པ་ཨྃ་དང་ཧཱུྃ་གིས་མཚན་པ་དེ་ལས་ལྷའི་ཚོགས་སྤྲོས་ཤིང་བསྡུས། ཉི་མ་དང༌། ཕྱག་མཚན་དང༌། ས་བོན་རྣམས་ཡོངས་སུ་གྱུར་པ་ལས། འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་བཞེངས་པར་བཞེད་དོ། །ནག་པོ་པ་ལྟར་ན། གླུས་བསྐུལ་མ་ཐག་ཐིག་ལེ་དེ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དུ་གྱུར་ཅིང༌། དེའི་སྟེང་དུ་ཕྱག་མཚན་དགོད་པ་སོགས་སྔར་དང་འདྲ་ལ། མཐར་ཟླ་བ་དང་ཉི་མ་ཕྱག་མཚན་སོགས་ཡོངས་སུ་གྱུར་པ་ལས་གཙོ་བོ་བསྐྱེད་པ་སོགས་སྔར་དང་འདྲའོ། །དེ་ནས་ཡབ་ཀྱི་ཐུགས་ཀར་ཉི་མ་ལ་ཐོད་པ་དཀར་པོ་ཉི་མ་ལ་ཧཱུྃ་གནས་པས་མཚན་པ་དང༌། ཡུམ་གྱི་ཐུགས་ཀར་ཟླ་བ་ལ་གནས་པའི་གྲི་གུག་གི་འཆང་ཟུང་ཟླ་བ་ལ་གནས་པའི་ཨྃ་གིས་མཚན་པར་བསམ་མོ། །དེ་ནས་ནག་པོ་པ་ལྟར་ན་མགོ་བོར་པདྨ་དཀར་པོ་དང་ཟླ་བ་ལ་ཨོཾ། མགྲིན་པར་པདྨ་དམར་པོ་དང་ཆོས་འབྱུང་ལ་ཨཱཿ སྙིང་གར་སྣ་ཚོགས་པདྨ་དང་ཉི་མ་ལ་ཧཱུྃ་བསྒོམ་པར་འདོད་ལ། ཤཱནྟི་པ་དང་ཉིན་འབྱུང་གཉིས་ནི་མི་བཞེད་དོ། །དེ་ནས་མིག་གཉིས་སུ་ཟླ་བ་དང་འཁོར་ལོའི་སྟེང་དུ་ཨཱ་ལས་རྡོ་རྗེ་མ་དཀར་མོ། རྣ་བ་གཉིས་སུ་ཉི་མ་དང་རྡོ་རྗེའི་སྟེང་དུ་ཨྃ་ལས་བདག་མེད་མ་སྔོན་མོ། སྣར་ཉི་མ་དང་རིན་པོ་ཆེའི་སྟེང་དུ་ཨཱི་ལས་གསང་བའི་གཽ་རཱི་མ་སེར་མོ། ལྕེར་པདྨ་དང་ཉི་མའི་སྟེང་དུ་ཨཱི་ལས་ཆུའི་རྣལ་འབྱོར་མ་དམར་མོ། སྤྱི་གཙུག་ཏུ་སྣ་ཚོགས་རྡོ་རྗེ་དང་ཉི་མའི་སྟེང་དུ་ཨུ་ལས་རྡོ་རྗེ་མཁའ་འགྲོ་མ་ལྗང་གུ། སྙིང་གར་སྣ་ཚོགས་པདྨ་དང་རྡོ་རྗེའི་སྟེང་དུ་ཨྃ་ལས་བདག་མེད་མ་དཀར་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་དང་གཡོན་ཐོད་པ། དེའི་གྲུ་མོར་ཁ་ཊྭཱཾ་ག་འཛིན་པ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན་དུ་ནག་པོ་པས་བཤད་ལ། ཤཱནྟི་པས་དེའི་སྙན་ལ་ནི་བདག་མེད་མའོ། །སྤྱན་ལ་ནི་རྡོ་རྗེ་མའོ། །ཞེས་སོགས་ལས་སྐུ་མདོག་སོགས་མི་གསལ་ལ། ཉིན་འབྱུང་ཟླ་བས་རྡོ་རྗེ་མ་དྲུག་བཤད་པའི་རྗེས་ལ། མཁའ་སྤྱོད་ས་སྤྱོད་ལྷ་མོ་ནི། །ལུས་དང་ངག་དང་ཡིད་རྣམས་ཉིད། །བདག་མེད་མ་མཚུངས་དེ་རྣམས་ནི། །རོ་ཡི་སྙིང་གར་ཟླ་བར་གནས། །ཅི་རིགས་པ་རུ་དབྱངས་ལས་སྐྱེས། །སྟག་གི་པགས་པས་ན་བཟའ་མཛད། །ཅེས་བཤད་པས་རྡོ་རྗེ་མ་དེ་རྣམས་རོ་ཡི་སྙིང་གར་ཟླ་བ་ལ་དབྱངས་ཡིག་ལས་སྐྱེས་པའི་ཁ་དོག་ནག་མོ་བདག་མེད་མ་ལྟ་བུར་བཞེད་དོ། །སློབ་དཔོན་འདི་གཉིས་ཀྱི་དགོངས་པ་ནི་ལུས་ལ་མོས་པའི་ཚུལ་གྱིས་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ལུས་དཀྱིལ་དུ་འགོད་པར་མངོན་ཏེ། གཟུགས་སོགས་ཕུང་པོ་ལྔ་དང༌། ཞེ་སྡང་སོགས་ཉོན་མོངས་པ་ལྔ་ནི་ནང་གི་རྣལ་འབྱོར་མ་ལྔར་མོས་པ་བྱ། གཟུགས་སྒྲ་སོགས་ཡུལ་ལྔ་དང༌། ཆོས་ཀྱི་སྐྱེ་མཆེད་དེ་རྣམས་ལ་ཕྱིའི་གཽ་རཱི་ལ་སོགས་པ་བཞི་དང༌། མཁའ་སྤྱོད་མ་དང་ས་སྤྱོད་མ་རྣམས་སུ་མོས་པ་བྱ། ས་སོགས་འབྱུང་བ་བཞི་དང༌། ཤ་དང༌། ཁྲག་དང༌། ཁུ་བ་དང༌། རྐང་དང་ཚིལ་བུ་གཉིས་གཅིག་ཏུ་བསྡོམས་པས་བཞི་ནི་པུཀྐ་སཱི་སོགས་ཕྱིའི་མཚམས་མ་བཞིར་མོས་པ་བྱ། ལུས་ངག་ཡིད་གསུམ་ནི་སྟེང་འོག་གི་ལྷ་མོ་གཉིས་བདག་མེད་མ་དང་གསུམ་དུ་མོས་པར་བྱས་ནས་ལྷའི་རྣམ་པ་རྣམས་དྲན་པའི་ཚུལ་གྱིས། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །ཞེས་པ་ནས། རུས་པ་བདེན་པ་བཞི་པོ་ཉིད། །ཅེས་པའི་བར་གྱི་དག་པ་དྲན་པར་བཞེད་དོ། །དེ་ནས་ཤཱནྟི་པས། མགྲིན་སྙིང་བྷ་ག་སྤྱི་བོ་ལ། །འཁོར་ལོ་བཞི་ནི་གོ་རིམ་བཞིན། །ལོངས་སྤྱོད་རྫོགས་དང་ཆོས་སྤྲུལ་དང༌། །བདེ་བ་ཆེན་པོ་ཞེས་བྱའོ། །ཆུ་སྐྱེས་འདབ་མ་བཅུ་དྲུག་བརྒྱད། །དྲུག་ཅུ་རྩ་བཞི་སུམ་ཅུ་གཉིས། །ཨོཾ་དང་ཧཱུྃ་དང་ཨྃ་དང་ནི། །ཧཾ་རྣམས་ཀྱིས་ནི་དབུས་སུ་བརྒྱན། །ཞེས་ལུས་ལ་འཁོར་ལོ་བཞི་བཀོད་པའི་དབུས་སུ་ཡིག་འབྲུ་དེ་རྣམས་སྒོམ་པར་བཤད་ཅིང༌། ཡིག་འབྲུ་དེ་དག་གི་ཁ་དོག་ནི་ཉིན་འབྱུང་ཟླ་བས། ཧཾ་དཀར་པོ། ཨོཾ་དམར་པོ། ཧཱུྃ་ལྗང་གུ། ཨྃ་ཁ་དོག་ལྔ་ཀར་དུ་བཞེད་ལ། ནག་པོ་པས་ནི་ལྟེ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པའི་དབུས་སུ་ཟླ་བ་ལ་ཨ་དཀར་པོ། ནང་སྐོར་འདབ་མ་བརྒྱད་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་འགོད། སྙིང་གར་རྩ་འདབ་མ་བརྒྱད་ལ་ཁ་ཐུར་དུ་བལྟས་པའི་དབུས་སུ་ཧཱུྃ། ཕྱོགས་བཞིར་ཨ་ཨི་ཨེ་ཨོ་སྟེ་ཐུང་ངུ་བཞི། མཚམས་བཞིར་ཡ་ར་ལ་ཝ། མགྲིན་པའི་འཁོར་ལོ་དམར་པོ་རྩ་འདབ་བཅུ་དྲུག་པའི་ལྟེ་བར་ཨོཾ། འདབ་མ་བཞི་ལ་གཡོན་སྐོར་དུ། ཨཱ་ཨཱི་ཨཱུ་ཨཻ་སྟེ་རིང་པོ་བཞི། སྤྱི་བོའི་འཁོར་ལོ་དཀར་པོ་རྩ་འདབ་སོ་གཉིས་པའི་ལྟེ་བར་ཧཾ་དཀར་པོ་མགོ་ཐུར་དུ་བལྟས་པ་རྣམས་བསྒོམ་པར་འདོད་དོ། །དེ་ནས་སྙིང་གའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་པ། ལྷ་མོ་བརྒྱད་ཀྱིས་མཆོད་ཅིང་གསོལ་བ་བཏབ་པས། བུམ་པས་དབང་བསྐུར་ཏེ་མི་བསྐྱོད་པས་དབུར་བརྒྱན་པ་ནི། དང་པོ་སྦྱོར་བ་སྟེ། སློབ་དཔོན་ཉིན་འབྱུང་ཟླ་བས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད། དང་པོའི་རྣལ་འབྱོར་ཞེས་བྱ་བ་ཏིང་ངེ་འཛིན་དང་པོའོ། །ཞེས་བཤད་དོ། །དེ་ནས་མཁའ་གསང་བྱིན་གྱིས་བརླབས་ཏེ། དེ་ཡང་ཤཱནྟི་པ་དང༌། ཉིན་འབྱུང་ལྟར་ན། པདྨ་སུ་ཁ་སོགས་སྔགས་གཉིས་ཀྱིས་མཁའ་གསང་བྱིན་གྱིས་བརླབས་ནས། ཨོཾ་ཤི་ཤི་ཤི་ཧ་སྭཱ་ཧཱ། ཞེས་བརྗོད་ཅིང་སྙོམས་པར་ཞུགས་པས། རྡོ་རྗེ་ལས་བྱང་ཆུབ་ཀྱི་སེམས་ལྷ་མོའི་པདྨར་ལྷུང་བས་ས་བོན་བརྒྱད་དུ་གྱུར་པར་བལྟའོ། །ནག་པོ་པ་ལྟར་ན། དང་པོ་སྦྱོར་བ་ཚར་བའི་རྗེས་ལ་ཡུམ་གྱི་སྤྱི་བོར་ཨོཾ། སྙིང་གར་ཧཱུྃ། ཟེ་འབྲུ་ལ་ཨཱཿབསམས་ལ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་དང༌། དགའ་བའི་སྒྲས་སྙོམས་པར་ཞུགས་པས་དེའི་སྒྲས་བསྐུལ་ནས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས་ཐུགས་ཀར་ཞུ་བར་གྱུར་པ་ཡི་གེ་བརྒྱད་དང༌། དེ་ལྷ་མོ་བརྒྱད་དུ་གྱུར་ནས་ཤེས་རབ་ཀྱི་ཐུགས་ཀ་ནས་ཕྱིར་ཕྱུང༌། འགྲོ་བའི་དོན་བྱས་ཏེ། སླར་འདུས་ནས་རང་རང་གི་གདན་ལ་འཁོད་པར་བཞེད་དོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཞལ་བརྒྱད་ནས་ཧཱུྃ་གི་སྒྲས་བགེགས་བསྐྲད། མཆོད་ཡོན་ཕུལ་ནས་དགུག་གཞུག་བྱས་པས་དམ་ཚིག་པ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་གཅིག་ཏུ་གྱུར་པར་བསྒོམ་མོ། །ཡང་དབང་བསྐུར་གྱི་ལྷ་སྤྱན་དྲངས་ལ་མཆོད་ཅིང་གསོལ་བ་གདབ། དེ་རྣམས་ཀྱིས་དབང་བསྐུར་བས་ལྷ་མོ་བརྒྱད་ལ་རང་རང་གི་རིགས་བདག་གི་རྒྱས་གདབ། དེ་ནས་ཤཱནྟི་པ་དང་ཉིན་འབྱུང་ལྟར་ན། ལྷའི་དེ་ཁོ་ན་ཉིད་བསྒོམ་སྟེ། སྒྲུབ་ཐབས་འཁྲུལ་སྤོང་ལས། འདིར་ཆོས་ཐམས་ཅད་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ལས་བསྡུས་པ་སྐུ་ལ་སོགས་པ་དེ་དག་གི་ཆོས་ཉིད་ནི། རྣམ་པར་རིག་པ་ཙམ་གཉིས་སུ་མེད་པའི་སྟོང་པ་ཉིད་དེ་ལྟ་བུ་སོ་སོར་བརྟགས་ཏེ་ཅི་རིགས་པར་སྒོ་སྲུང་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན་ནོ། །སྟོང་པ་ཉིད་དེ་ཉིད་ཀྱི་ཡང་དག་པའི་ཤེས་པ་སྤྲོས་པ་དང་བྲལ་བ་ཟག་པ་མེད་པའི་ཤེས་རབ་ནི་རྡོ་རྗེ་ཐེག་པ་བླ་ན་མེད་པ་ཡིན་ཏེ། ཅི་རིགས་པར་པུཀྐ་སཱི་ལ་སོགས་པ་བཞིའི་དེ་ཁོ་ན་ཉིད་ཡིན་ནོ། །རྡོ་རྗེ་ཐེག་པ་དེ་ཉིད་ཀྱི་འབྲས་བུ་ནི། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བླ་ན་མེད་པའི་བྱང་ཆུབ་ནི་དཀྱིལ་འཁོར་གྱི་བདག་པོའི་དེ་ཁོ་ན་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟར་བསྒོམ་མོ། །ནག་པོ་པས་ནི་འདི་མི་བཞེད་དོ། །དེ་ནས་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ། བསྐྱེད་རིམ་ལ་སེམས་འཛིན་པ་ནི་དཀྱིལ་འཁོར་རྒྱལ་མཆོག་སྟེ། ཉིན་འབྱུང་ཟླ་བས། དེ་ནས་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་གཞན་གྱིས་མི་རིག་པ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་དཀྱིལ་འཁོར་གྱི་བདག་པོ་ནི་བདག་ཉིད་དོ། །དེའི་རྒྱུ་མཐུན་པར་གྱུར་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལོངས་སྤྱོད་རྫོགས་པའི་གཟུགས་དཀྱིལ་འཁོར་ཆེན་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་པའི་གཟུགས་རྣལ་འབྱོར་མ་བརྒྱད་ཡང་དག་པར་འདུས་པ་བདེ་བ་ཆེན་པོས་མྱོས་ཤིང་དབང་དུ་གྱུར་པར་ཇི་སྲིད་འདོད་པར་བསྒོམ་པར་བྱའོ། །ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བ་གཉིས་པའི་ཏིང་ངེ་འཛིན་ཏོ་ཞེས་བཤད་དོ། །དེ་ནས་ཤཱནྟི་པ་དང་ཉིན་འབྱུང་ལྟར་ན། ལྷ་མོ་བརྒྱད་དང་གཙོ་བོའི་སྐུ་དཔག་ཏུ་མེད་པ་སྤྲོས། རང་རང་གི་རིགས་དང་མཐུན་པའི་སེམས་ཅན་གྱི་དོན་བྱས། སླར་བསྡུས་ནས་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་སྟེ། ནག་དང་དམར་དང་དེ་བཞིན་སེར། །ལྗང་དང་སྔོ་དཀར་དེ་དག་རིམ། །ལྷན་ཅིག་སྐྱེས་དགའ་ཙམ་དུ་ཡང༌། །གཙོར་བྱས་འཁོར་ལོ་བསྒོམ་པར་བྱ། །ཞེས་པའི་དོན་ཇི་སྲིད་འདོད་ཀྱི་བར་ལ་མཉམ་པར་བཞག་གོ །ནག་པོ་པ་ལྟར་ན་ལས་རྒྱལ་མཆོག་འདི་དང་མི་མཐུན་ཏེ་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཧེ་རུ་ཀར་བྱས། སླར་འདུས་ཏེ་དཀྱིལ་འཁོར་ལ་ཐིམ། དེ་བདག་ལ། བདག་ཡེ་ཤེས་སེམས་དཔའ་ལ། དེ་ཕྱག་མཚན་ལ། དེ་ས་བོན་ལ། དེ་ཐིག་ལེར་གྱུར་པར་བསྒོམས་ལ། ཐིག་ལེ་དེ་ཉིད་སྐད་ཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམས་ལ། དེ་ཡང་ཡང་སྤྲོ་བསྡུ་བྱ་བ་ནི། ཐིག་ལེའི་རྣལ་འབྱོར་རོ། །དེ་ནས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཐམས་ཅད་ལུས་ལ་བཅུག ཤེས་རབ་ཀྱི་པདྨའི་ཟེའུ་འབྲུར་རང་གི་ས་བོན་གྱི་དཀྱིལ་དུ་ཐིག་ལེ་ཡུངས་ཀར་ཙམ་གྱི་ནང་དུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྒོམ་པ་ལ་སེམས་བཟུང་བས་མཚན་མ་ལྔ་འབྱུང་ལ། དེ་ནས་རྗེས་དྲན་གྱི་རྣལ་འབྱོར་གྱིས་སྤྲོ་བ་ནི་ཕྲ་མོའི་རྣལ་འབྱོར་རོ། །བསྒོམས་པས་སྐྱོ་ན་སྔགས་བཟླས་ཏེ། དེ་ཡང་ཁམས་ཕྲ་བ་ལ་སེམས་སྦྱར་ཏེ་སྣ་རྩེར་སེམས་བཟུང་ནས་འཇུག་པ་དང༌། གནས་པ་དང༌། འབྱུང་བའི་རིམ་པས་ཡི་གེ་གསུམ་དང་སྦྱར་ཏེ་བཟླའོ། །ཡང་ན་ཡི་གེ་བཅུ་གསུམ་པའི་སྔགས་ཀྱི་བཟླས་པ་བྱ་སྟེ་ལས་རྒྱལ་མཆོག་ཏུ་འདོད་དོ། །དེ་ལྟར་བྱ་བ་ནི་སྤྲུལ་པའི་སྐུའི་བདག་ཉིད་དེ། ལས་རྒྱལ་མཆོག་ཅེས་བྱ་བ་གསུམ་པའི་ཏིང་ངེ་འཛིན་ཏོ། །དེ་ནས་ཤཱནྟི་པ་དང་ཉིན་འབྱུང་ལྟར་ན། བསྒོམ་པ་དང་བཟླས་པས་སྐྱོ་ན། བདག་ཉིད་དཀྱིལ་འཁོར་དང་བཅས་པའི་ལྷའི་སྐུར་དམིགས་ལ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གསང་སྔགས་ཡི་གེ་བཅུ་གསུམ་པ་མགོ་གྱེན་དུ་བསྟན་ནས་ལངས་པ་མར་མེ་ལྟར་འབར་བ་ཟླུམ་པོར་ཡིད་ཀྱིས་བྲིས་ལ། དེ་ཀློག་པར་བསྒོམས་ནས་རྡོ་རྗེའམ་ཁྲོ་བོའི་ཚིག་གིས་བཟླས་ནས་རྗེས་བསྔོ་བ་བྱ་བར་འདོད་དོ། །ནག་པོ་པ་ལྟར་ན་ཕྲེང་སྔགས་བཟླས་ནས་དཀྱིལ་འཁོར་བསྡུས་ལ་བསྔོ་བ་བྱ་བར་འདོད་དོ། །དེ་ནས་ཤཱནྟི་པ་དང་ཉིན་འབྱུང་ལྟར་ན། དཀྱིལ་འཁོར་ལ་མཆོད་ནས་ལྷ་མོ་རྣམས་སྙིང་གར་བསྡུས་ཏེ། ཀྱེ་རྡོ་རྗེའི་ང་རྒྱལ་གྱིས་སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །སྒྲུབ་ཐབས་ཀྱི་ཚུལ་འདི་གཞུང་འོག་མ་རྣམས་དང་མི་མཐུན་པ་མང་བས་འདིར་ཞིབ་ཏུ་བཤད་ལ། འདི་གསུམ་གྱི་ནང་གསེལ་ཅུང་ཟད་མི་འདྲ་བ་རྣམས་ནི། ཤཱནྟི་པ་དཔོན་སློབ་ཀྱི་ལུགས་གཙོ་བོར་བཟུང་སྟེ། ནག་པོ་པ་ནི་ཤཱནྟི་པའི་རྗེས་འབྲང་དུ་སྣང་བའི་ཕྱིར་རོ། །འདི་གསང་འདུས་ཡེ་ཤེས་ཞབས་ལུགས་པ་རྣམས་དང་མཐུན་ཤས་ཆེ་བས་སྦྱང་གཞི་སྦྱོང་བ་ལ་ཤིན་ཏུ་ཟབ་ཅིང༌། ལྷའི་རིགས་ཀྱི་བློ་གྲོས་ཀྱི་གུར་གྱི་སྒྲུབ་ཐབས་ཀྱང་དོན་འདི་དང་འདྲའོ། །སློབ་དཔོན་ཨ་བྷ་ཡས་མན་ངག་སྙེ་མར། ཏིང་ངེ་འཛིན་གསུམ་སྒོམ་པའི་ཚུལ་འདི་དང་མི་འདྲ་བ་གསུམ་བཤད་མོད། རྩ་རྒྱུད་ཀྱི་དཀྱིལ་འཁོར་ལ་སྦྱར་བ་མི་སྣང་བས་འདིར་མ་བྲིས་སོ། །གཉིས་པ་ནི། སློབ་དཔོན་མི་ཐུབ་ཟླ་བས་དཀའ་འགྲེལ་ཀུ་མུ་ཏིའི་ཕྱི་མའི་ལེའུ་ལྔ་པ་དང༌། སྒྲུབ་ཐབས་ཡན་ལག་དྲུག་པ་དང༌། དེའི་སློབ་མ་སློབ་དཔོན་དཔའ་བོ་རྡོ་རྗེས་རིན་ཆེན་འབར་བའི་ལེའུ་དྲུག་པ་དང༌། ཀྱེ་རྡོ་རྗེའི་མངོན་པར་རྟོགས་པ་དོན་གསལ་བ་ཞེས་བྱ་བ་མཛད་བྱང་མེད་པའི་རྒྱ་གཞུང་བཟང་པོ་ཞིག་རྣམས་ལས། རྡོ་རྗེ་གུར་གྱི་རྗེས་སུ་འབྲངས་ནས་ཡན་ལག་དྲུག་གིས་བསྡུས་པར་འདོད་དེ། གུར་ལས། སངས་རྒྱས་གནས་ནི་རྫོགས་པ་དང༌། །ཀུན་ཏུ་བཟང་པོའི་རང་བཞིན་དང༌། །རང་གི་ལྷག་པའི་ལྷར་སྒྲུབ་དང༌། །མཆོད་བསྟོད་བདུད་རྩི་མྱང་ལ་སོགས། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་སོ། །དེ་ལས་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་ནི། གུར་ལས། ཆོས་ཀྱི་འབྱུང་གནས་རྣམ་པར་སྒོམ། །དེ་ལ་སངས་རྒྱས་གནས་བསམས་ནས། །ཞེས་བཤད་པས། ཆོས་འབྱུང་བསྒོམས་པ་ནས་ང་རྒྱལ་བསྐྱེད་པའི་སྔགས་ཀྱི་བར་ནི་ཕོ་བྲང་རྣམ་སྣང་གི་ཡན་ལག་ཡིན་ལ། སྔ་རབས་པ་ཁ་ཅིག་སྲུང་འཁོར་ནས་ང་རྒྱལ་བསྐྱེད་པའི་བར་ལ་འདོད་པ་ནི་གུར་དང་མི་མཐུན་ནོ། །གཉིས་པ་རྗེས་ཆགས་རྡོར་སེམས་ཀྱི་ཡན་ལག་ནི། རྒྱུ་རྡོར་འཛིན་བསྐྱེད་པ། དེས་འཁོར་གྱི་ལྷ་མོ་དབྱུང་བ། འབྲས་བུ་རྡོར་འཛིན་བཞེངས་པ། ཡེ་ཤེས་པ་བཀུག་པ། སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། གུར་ལས། རྣམ་པ་ལྔ་པོ་བསྒོམ་པར་བྱ། །དང་པོ་སྐྱེས་བུ་བསམས་དེས་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །དྲི་ཟ་སྙོམས་པར་ཞུགས་ནས་ནི། །ཁུ་བ་རྗེས་སུ་དྲན་པར་བྱ། །མཚམས་ཀྱི་ལྷ་མོས་བསྐུལ་ནས་ནི། །འཁོར་ལོ་འདྲེན་པས་བསྟོད་པའོ། །མིག་ལ་སོགས་པར་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །ཕྱི་ནས་རྗེས་ཆགས་རྡོ་རྗེ་སྟེ། །ཡེ་ཤེས་རྣམ་པ་གཞུག་པའོ། །ཞེས་སོ། །དབང་བསྐུར་བ་མི་བསྐྱོད་པ་དང༌། བདུད་རྩི་མྱང་བ་འོད་དཔག་མེད་དང༌། མཆོད་པ་དོན་གྲུབ་དང༌། བསྟོད་པ་རིན་འབྱུང་གི་ཡན་ལག་རྣམས་ནི། གུར་ལས། དབང་ནི་རིག་མ་བརྒྱད་རྣམས་ཀྱིས། །ཡང་ན་བདུད་རྩི་མྱང་བ་དང༌། །ལྷ་མོ་བརྒྱད་ཀྱིས་མཆོད་པ་ཉིད། །འཁོར་ལོ་འདྲེན་པས་བསྟོད་པའོ། །ཞེས་སོ། །དེ་ལྟར་ཡན་ལག་དྲུག་གིས་བསྡུས་པའི་མངོན་པར་རྟོགས་པ་འདི་ནི། འོག་གཞུང་དོན་གྱི་སྐབས་སུ་ཞིབ་ཏུ་འཆད་པར་འགྱུར་ལ། དཔལ་མཆོག་ཌོམྦྷི་བ་དང༌། སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པའི་སྒྲུབ་ཐབས་ལས། ཡན་ལག་དྲུག་གིས་འཆིང་བ་དངོས་སུ་མི་གསལ་ཡང༌། རང་གི་ངོ་བོ་ཡན་ལག་དྲུག་པ་ཁོ་ནར་སྣང་བས། སྒྲུབ་ཐབས་འདི་གཉིས་ཀྱང་སློབ་དཔོན་མི་ཐུབ་ཟླ་བའི་ལུགས་དང་སྤྱི་གཅིག་ཏུ་གོ་བར་བྱ་ལ། སྦྱང་དཀའ་ཟླ་བས་མཛད་པའི་གུར་རིགས་བསྡུས་པའི་སྒྲུབ་ཐབས་ཀྱང་འདི་རྣམས་དང་ཚུལ་མཚུངས་པར་ཤེས་པར་བྱའོ། །གསུམ་པ་ནི། སློབ་དཔོན་གཉིས་མེད་རྡོ་རྗེ་དང༌། དཔལ་མར་མེ་མཛད་གཉིས་ཀྱི་སྒྲུབ་ཐབས་ལྟར་ན། ཉམས་ལེན་གྱི་རིམ་པ་སྔར་གྱི་ཡན་ལག་དྲུག་པ་དང་སྤྱི་འདྲ་བ་ལས་ཏིང་ངེ་འཛིན་གསུམ་གྱིས་ཀྱང་བསྡུས་པར་འདོད་དེ། མངོན་བྱང་ལྔ་ལས། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ནས་མཁའ་གསང་བྱིན་གྱིས་བརླབ་པའི་བར་དང་པོ་སྦྱོར་བ་སྙོམས་པར་ཞུགས་པ་ནས་འཁོར་གྱི་ལྷ་མོ་དབྱུང་བ། རྒྱུ་རྡོ་རྗེ་འཛིན་པ་ཞུ་བ། དེ་གླུས་བསྐུལ་བ། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པའི་བར་ནི་དཀྱིལ་འཁོར་རྒྱལ་མཆོག ཡེ་ཤེས་པ་དགུག་པ། མིག་སོགས་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བའི་ཡན་ལག་མཆོད་བསྟོད་བདུད་རྩི་མྱང་བ་ནས་དཀྱིལ་འཁོར་བསྡུ་བའི་བར་ནི་ལས་རྒྱལ་མཆོག་ཏུ་བཞེད་དེ། འདི་ནི་ཏིང་ངེ་འཛིན་གསུམ་དང་ཡན་ལག་དྲུག་གཉིས་ཆར་གྱིས་བསྡུས་པའི་ལུགས་ཡིན་ལ། སློབ་དཔོན་ཀཾ་ པ་ལས་མཛད་པའི་ཀྱེ་རྡོ་རྗེ་མཚོན་ཆ་ཅན་གྱི་སྒྲུབ་ཐབས་ཀྱང་སྤྱི་འདི་གཉིས་དང་འདྲ་བར་སྣང་ངོ༌། །བཞི་པ་ནི། གྲུབ་ཆེན་མཚོ་སྐྱེས་ཀྱི་སྒྲུབ་ཐབས་ལས། ཆིངས་འདིས་སྡུད་གསལ་བ་མི་སྣང་ཡང༌། སྒྲུབ་ཐབས་དེའི་རྗེས་སུ་འབྲངས་ནས་དཔལ་ས་སྐྱ་པ་ཡབ་སྲས་དག གོང་བུ་ཆུ་དང་གཟུགས་སུ་གནས། །གཟུགས་ལས་འདས་པ་བཞིས་རྟོགས་བྱ། །ཞེས་གནས་པ་བཞིས་སྡུད་པར་བཞེད་དེ། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ནས་འཁོར་གྱི་ལྷ་མོ་དབྱུང་བའི་བར་ནི་གོང་བུར་གནས་པ། ཡབ་ཡུམ་སྙོམས་པར་ཞུགས་པས་ཁུ་བའི་རྣམ་པར་གྱུར་པ་ནི་ཆུར་གནས་པ། དེ་ལ་གླུས་བསྐུལ་ཏེ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ནས་དབང་བསྐུར་རྒྱས་གདབ་ཀྱི་བར་ནི་གཟུགས་སུ་གནས་པ། དེ་ནས་མར་མེའི་རྩེ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་བསྡུ་བའི་བར་ནི། གཟུགས་ལས་འདས་པར་གནས་པ་སྟེ། གནས་པ་བཞིས་འཆིང་བར་འདོད་ལ། འབྲོག་མིའི་རྗེས་འབྲངས་གཞན་མང་པོས་ཀྱང་འདི་བཞིན་དུ་བྱས་སོ། །ལྔ་པ་ནི། དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་རྒྱ་གཞུང་བསྙེན་སྒྲུབ་ཡན་ལག་བཞིས་བསྡུས་པ་མ་མཐོང་ཡང༌། བརྟག་གཉིས་ཀྱི་འགྲེལ་པ་སློབ་དཔོན་བྷ་ཝ་བྷ་དྲས་མཛད་པར། འདིས་ནི་ཞེས་པ་ནི་ཧེ་རུ་ཀའི་སྟེ་རྣམ་པར་དབྱེ་བ་མ་བྱས་པར་རོ། །རྫོགས་པ་ཉིད་ནི་ཡན་ལག་བཞིའི་རྣལ་འབྱོར་གྱིས་རྫོགས་པའི་དོན་ཏོ། །དེ་ལ་བསྙེན་པའི་ཡན་ལག་ནི་ཧེ་རུ་ཀ་བསྐྱེད་པ་ཙམ་མོ། །ཉེ་བར་སྒྲུབ་པ་ནི། མིག་ལ་སོགས་པ་བྱིན་གྱིས་བརླབ་པའོ། །སྒྲུབ་པ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའོ། །སྒྲུབ་པ་ཆེན་པོ་ནི་དབང་བསྐུར་བའོ། །ཞེས་གསུངས་ལ། དེའི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་སྒྲུབ་པར་བཤད་པའི་དོན་རང་གི་སྐུ་དམ་ཚིག་པར་བསྐྱེད་པ་ལ་ཡེ་ཤེས་པའི་སྐུ་མང་པོ་བསྟིམས་ནས་རང་གི་ལུས་བྱིན་གྱིས་རློབ་པ་ལ་བྱ་ཡི། གནས་གསུམ་བྱིན་གྱིས་རློབ་པ་ལ་མི་བཟུང་སྟེ། དེ་ཉིད་ལས། ད་ནི་འཆད་པར་འགྱུར་བའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང༌། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་རྗེས་ལ་སྒྲིབ་པ་ཐམས་ཅད་གཞོམ་པའི་དོན་དུ་དབང་བསྐུར་བ་རྫོགས་པའི་ལྷའི་གཟུགས་ཀྱི་རྣལ་འབྱོར་རིགས་སོ། །ཞེས་ལྷ་དབང་བསྐུར་བའི་ལེའུ་གསུངས་པ། ཞེས་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་རློབ་པ་གཉིས་ཡན་ལག་སོ་སོར་བྱས་པའི་རྗེས་ལ་སྒྲུབ་པ་ཆེན་པོ་དབང་བསྐུར་བའི་ཡན་ལག་བཤད་པའི་ཕྱིར་རོ། །འདི་དང་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པ་ནི་ཤིན་ཏུ་མཐུན་ནོ། །དྲུག་པ་ནི། སྒྲུབ་ཐབས་མཚོ་སྐྱེས་ཀྱིས་མདོར་བཤད་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཛ་ལནྡྷ་རི་པས་མཛད་པ་ལས། རྣལ་འབྱོར་བཞིས་བསྡུས་པར་འདོད་དེ། མངོན་བྱང་ལྔ་ལས། རྒྱུ་རྡོར་འཛིན་བསྐྱེད་པ་ནས། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པའི་བར་ནི་རྣལ་འབྱོར། དེ་ལས་ལྷན་ཅིག་སྐྱེས་པའི་སྐུ་མང་པོ་སྤྲོས་ནས་སེམས་ཅན་གྱི་དོན་བྱས་པར་སྒོམ་པ་ནི་རྗེས་སུ་རྣལ་འབྱོར་རོ། །ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་རློབ་པ་ནི་ཤིན་ཏུ་རྣལ་འབྱོར། འཁོར་ལོ་བཞི་ལུས་ལ་བཀོད་པ་ནི་རྣལ་འབྱོར་ཆེན་པོར་བཞེད་ལ། འདི་དགྲ་ནག་གི་རྒྱུད་ལས་བཤད་པའི་རྣལ་འབྱོར་བཞི་དང་ཅུང་ཟད་མི་འདྲ་བར་སྣང་ཡང་སྒྲུབ་ཐབས་ཀྱི་གཞུང་ཁྱད་པར་དུ་འཕགས་པ་ཞིག་འདུག་གོ །བདུན་པ་ནི། སློབ་དཔོན་ཨ་བྷ་ཡཱ་ཀ་རས། གང་ཟག་མཆོག་གི་དབང་དུ་བྱས་ནས། རྡོ་རྗེ་ཕྲེང་བར་བསྡུས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྫོགས་པའི་རྣལ་འབྱོར་གྱི་བསྐྱེད་ཆོག་ཏུ་མཛད་དེ། རྣལ་འབྱོར་རྫོགས་ཕྲེང་ལས། འདིར་གང་གི་ཕྱིར་ཆུང་ངུ་དང་འབྲིང་པོའི་རིམ་པ་དག་གིས་ཏིང་ངེ་འཛིན་ལེགས་པར་བསྒོམས་པ་ལས་ཤེས་རབ་མཆོག་ཏུ་གྱུར་པ་ལ་བཅོམ་ལྡན་འདས་ཀྱིས། སྤྲོ་དང་སྡུད་པའི་བྱེད་པའོ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡེ་ཤེས་སྐད་ཅིག་གིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་གསུངས་ཏེ། དེའི་ཕྱིར་བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པའི་སྤྲོ་བ་དང་ལྡན་པས། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་གཟུགས་བརྙན་གྱི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པར་ངེས་པར་བྱས་ནས། འོད་གསལ་བར་རབ་ཏུ་ཞུགས་པ་ལས། སྐད་ཅིག་གིས་ཡན་ལག་དང་བཅས་པའི་གཞལ་ཡས་ཁང་གི་དབུས་སུ་དཀྱིལ་འཁོར་པས་ཡོངས་སུ་བསྐོར་བའི་དཔལ་རྡོ་རྗེ་སེམས་དཔའ་དང༌། འཇམ་པའི་རྡོ་རྗེ་ལ་སོགས་པའི་སྐུ་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པས་བདེ་བ་ཆེན་པོའི་རང་བཞིན་གྱི་རིགས་ཀྱི་བདག་པོས་དབུར་བརྒྱན་ཞིང་ཐུགས་ཀའི་ས་བོན་དང་ལྡན་པ། དེ་བཞིན་གཤེགས་པ་དང༌། ལྷ་མོ་དང༌། བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། སྐལ་བ་ཇི་ལྟ་བར་ཆོས་སྟོན་པ་ལ་སོགས་པས་གཞན་ལ་ཕན་པ་རྣམས་མཛད་དེ། བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་འཇོག་ཅིང་སྡུད་པ་བསམ་གྱིས་མི་ཁྱབ་པའི་སྐུར་འཆར་བར་བྱའོ། །ཞེས་བཤད་དོ། །འདི་ལ་གཉིས། གང་གིས་སྒོམ་པའི་གང་ཟག་དང༌། གང་བསྒོམ་པའི་རྣལ་འབྱོར་རོ། །དང་པོ་ནི། འདིར་གང་གི་ཞེས་པ་ནས་གྱུར་པ་ལ་ཞེས་པའི་བར་ཏེ། བསྐྱེད་རིམ་བསྒོམས་པས་རགས་པ་དང༌། ཕྲ་བའི་ལྷ་སྐུ་རྣམས་ཡུད་ཙམ་རེས་བསྒོམ་པར་ནུས་པའི་གང་ཟག་ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པ་དེས་བསྒོམ་པར་བྱ་བའི་རྣལ་འབྱོར་ནི། རྫོགས་པའི་རྣལ་འབྱོར་ཡིན་ཏེ། སྡོམ་འབྱུང་ལས། བསྐྱེད་པའི་རིམ་པའི་དཀྱིལ་འཁོར་བསྒོམ། །རྟུལ་འབྲིང་དག་གིས་བསམ་པར་བྱ། །རྣོན་པོས་སྐད་ཅིག་རྣམ་པ་ཡི། །བསམ་གཏན་ཉིད་ཀྱི་དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས། ཤེས་བྱེད་ཀྱི་ལུང་དགོད་པ། དེའི་དོན་ཉམས་སུ་བླང་བའོ། །དང་པོ་ནི་བཅོམ་ལྡན་འདས་ཀྱིས་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སྤྲོ་དང་སོགས་སོ། །གཉིས་པ་ལ་གསུམ། སྟོང་ཉིད་འོད་གསལ་བསྒོམ་པ། དེ་ལས་ཟུང་འཇུག་གི་དཀྱིལ་འཁོར་དུ་ལྡང་བ། དེ་ལས་སྤྲུལ་པའི་ཚོགས་སྤྲོ་ཞིང་བསྡུ་བའོ། །དང་པོ་ནི། དེའི་ཕྱིར་སོགས་ཏེ་བསྒོམ་པ་ལ་སྤྲོ་བ་དང་ལྡན་པའི་གང་ཟག་གིས། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། ཕུང་སོགས་ཕྱི་ནང་གི་ཆོས་ཐམས་ཅད་འོད་གསལ་བར་རབ་ཏུ་ཞུགས་པར་བསམས་ལ་ཤཱུ་ནྱ་ཏཱ་ལ་སོགས་པའི་སྔགས་བརྗོད་དོ། །གཉིས་པ་ནི། སྐད་ཅིག་གིས་སོགས་ཏེ་སྟོང་པའི་ངང་ལས་རྡོ་རྗེའི་གུར་གྱི་ནང་དུ་ཆོས་ཀྱི་འབྱུང་གནས་ལ་གནས་པའི་སྣ་ཚོགས་པདྨའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་རིན་པོ་ཆེ་ཁ་དོག་ལྔ་ལས་ཡོངས་སུ་རྫོགས་པ་ཐུབ་པའི་དབང་པོའི་དཀྱིལ་འཁོར་འོད་གསལ་བ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཀྱིས་ཁྱབ་པའི་གཞལ་ཡས་ཁང་དེའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་བདུད་བཞིའི་སྙིང་གར་ཉི་མ་ལ་གནས་པའི་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་དང་བཅས་པར་བསྒོམ་ཞིང༌། ཕྱོགས་ཀྱི་པདྨ་རྣམས་ལ་ཚངས་པ་ལ་སོགས་པ་སོ་སོའི་གདན་གྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་བསྐྱེད་ནས་རང་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་ལ། གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མ་ལ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་དང༌། འཁོར་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་རང་རང་གི་ས་བོན་བཀོད་དོ། །གསུམ་པ་ནི། དེ་བཞིན་གཤེགས་པ་དང་སོགས་ཏེ་དེ་རྣམས་ལས། དེ་བཞིན་གཤེགས་པའི་སྐུ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་གྱི་དོན་བྱས་ནས་སླར་རང་ལ་ཐིམ་པར་བསམ་ཞིང༌། གཙོ་བོའི་བཟླས་པ་བྱས་ལ་མཐར་སྣང་བའི་དངོས་པོ་ཐམས་ཅད་འོད་གསལ་དུ་བསྡུས་ནས་དེ་ལས་རང་ཐུན་མཚམས་ཀྱི་ལྷར་ལངས་ལ་སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །འདིར་བོད་ཀྱི་ཕྲེང་བ་མཁན་པོ་རྣམས་ཀྱིས་གནས་གསུམ་བྱིན་རླབས་དང་ཡེ་ཤེས་པ་གཞུག་པ་ཁ་བསྐང་ནས། ཡན་ལག་བཞི་རྫོགས་སུ་བྱེད་པ་ནི་ཤིན་ཏུ་མི་འཐད་དེ། རྣལ་འབྱོར་རྫོགས་ཕྲེང་ལས། འདིར་རྫོགས་པའི་རྣལ་འབྱོར་ལ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་སེམས་དཔའ་དགུག་གཞུག་ལ་སོགས་པ་ནི་མ་བཤད་དོ། །དེའི་རྗེས་ལ་མིག་གི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པས་མཛེས་པར་བྱས་པའི་ཡི་དམ་གྱི་ལྷའི་སྐུ་ལེགས་པར་ཡོངས་སུ་དག་ཅིང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་རྒྱུན་དུ་ཡང་དང་ཡང་དུ་ལྷག་པར་མོས་པ་བརྟན་པར་བྱའོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །གོང་གི་ཡན་ལག་དྲུག་པ་ནས་འདིའི་བར་གྱི་གཞུང་རྣམས་ཀྱི་ནང་གསེལ་གྱི་དབྱེ་བ་ཕྲ་མོ་རྣམས་ནི་འོག་གཞུང་དོན་གྱི་སྐབས་སུ་ཕྱོགས་གཅིག་ཏུ་འཆད་པར་འགྱུར་བས་འདིར་མ་བྲིས་སོ། །གཉིས་པ་ནི། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་བིརྺ་པ་ཡབ་སྲས་ཀྱི་གདམས་ངག་མངོན་པར་རྟོགས་པ་ཚུལ་བཅུ་བཞི་ཞེས་གྲགས་པ་དེ་བཤད་ན། དེ་ལ་གསུམ། སྒོམ་བྱེད་གང་ཟག་གི་དབྱེ་བ། བསྒོམ་བྱ་མངོན་རྟོགས་ཀྱི་དབྱེ་བ། དེ་ལྟར་བསྒོམ་དགོས་པའི་རྒྱུ་མཚན་ནོ། །དང་པོ་ནི། དཔལ་བིརྺ་པ་ལྟར་ན། ལས་དང་པོ་པ་དང༌། བདེ་བ་ཅུང་ཟད་སྐྱེས་པ་དང༌། བདེ་སྟོང་གི་ཉམས་སྐྱེས་པ་དང༌། བདེ་སྟོང་གི་ཉམས་ཆེར་སྐྱེས་པའི་རྟེན་གྱི་གང་ཟག་སྟེ་བཞིར་བཞེད་ལ། དེ་ཉིད་ལ་མཚོ་སྐྱེས་ཀྱིས། ཉོན་མོངས་པའི་འཆིང་བ་མཐའ་དག་དང་ལྡན་པའི་གང་ཟག་ཐ་མའི་ཐ་མ་དང༌། ཐ་མ་དང༌། འབྲིང་དང༌། རབ་ཅེས་བྱའོ། །ཡང་དེ་ཉིད་ལ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། ལས་དང་པོ་པ་དང༌། ཅུང་ཟད་ཡེ་ཤེས་ལ་དབང་བ་དང༌། ཡེ་ཤེས་ལ་དབང་བ་དང༌། ཡང་དག་པའི་ཡེ་ཤེས་ལ་དབང་བ་ཞེས་གསུངས་ཏེ། གྲུབ་ཆེན་དེ་རྣམས་ཀྱིས་ཐ་སྙད་སོ་སོར་མཛད་པ་ཙམ་ལས་དོན་མི་གཅིག་པ་མེད་དོ། །གཉིས་པ་ལ་གཉིས། མངོན་རྟོགས་ཀྱི་དབྱེ་བ་དངོས། དེ་གཞུང་དང་མཐུན་ཚུལ་ལོ། །དང་པོ་ལ་བཞི། ལས་དང་པོ་པའི་གང་ཟག་གི་ཉམས་ལེན། བདེ་བ་ཅུང་ཟད་སྐྱེས་པའི། བདེ་སྟོང་གི་ཉམས་སྐྱེས་པའི། ཉམས་ཆེར་སྐྱེས་པའི་གང་ཟག་གི་ཉམས་ལེན་ནོ། །དང་པོ་ལ་གཉིས། ཡན་ལག་བཞི་པ་དང༌། ཡན་ལག་དྲུག་པའོ། །དང་པོ་ལ་གཉིས། མི་མཉམ་སྦྱོར་དང་མཉམ་སྦྱོར་རོ། །དང་པོ་ནི། ཚོགས་གཉིས་བསགས་པ་ནས་གཞལ་ཡས་ཁང་བསྐྱེད་པའི་བར། ཁྱད་པར་ཕྲ་མོ་ཙམ་མ་གཏོགས་ཐམས་ཅད་འདྲ་ལ། འདིར་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའི་སྐབས་སུ། གདན་རྣམས་ཀྱི་སྟེང་དུ་ཨཱ་ལི་ལས་ཟླ་བའི་དཀྱིལ་འཁོར་དགུར་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེ་རྣམས་ཀྱི་སྟེང་དུ་ཀཱ་ལི་ལས་ཉི་མའི་དཀྱིལ་འཁོར་དགུར་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། རེ་ཞིག་ཕྱོགས་མཚམས་ཀྱི་ཉི་ཟླ་བློས་དོར་ལ། དབུས་ཀྱི་ཉི་ཟླའི་བར་དུ་ཧཱུྃ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ། དཔྲལ་བར་སྣ་ཚོགས་རྡོ་རྗེ་གནས་པའི་ལྟེ་བར་ཧཱུྃ་གིས་མཚན་པ་གཡོན་དུ་ཨཾ་ལས་གྲི་གུག་ཡུ་བ་ལ་ཨཾ་གིས་མཚན་པ་རྣམས་སོར་རྟོག་ཡེ་ཤེས། དེ་རྣམས་གཅིག་ཏུ་འདྲེས་པ་བྱ་གྲུབ་ཡེ་ཤེས། དེ་ལས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཁ་དོག་ནག་པོར་བསྐྱེད་པ་ཆོས་དབྱིངས་ཡེ་ཤེས་སོ། །དེ་ནས་མཁའ་གསང་བྱིན་གྱིས་བརླབས་ནས་ཡུམ་གྱི་མཁར་ཐིག་ལེར་གྱུར་པའི་བར་ནི་ཐམས་ཅད་ལ་འདྲ་ལ། འདིར་ཐིག་ལེ་ལས་ས་བོན་བརྒྱད་དུ་གྱུར། དེ་རྣམས་ཕྱོགས་མཚམས་ཀྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་སོང་བས་ཤར་གྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་གཾ་ལས་གྲི་གུག་སྔོ་ནག་གི་ཡུ་བར་གཾ་གིས་མཚན་པ་ནས་ནུབ་བྱང་གི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་ཌཾ་ལས་རྡོ་རྗེ་ཁྲ་བོ་ཌཾ་གིས་མཚན་པའི་བར་བསྒོམ་པ་སོར་རྟོག དེ་ཐམས་ཅད་གཅིག་ཏུ་འདྲེས་པ་བྱ་གྲུབ། དེ་ལས་ལྷ་མོ་བརྒྱད་ཀྱི་སྐུར་གྱུར་པ་ཆོས་དབྱིངས་ཡེ་ཤེས་སུ་བསྒོམ་མོ། །དེ་ནས་རྒྱུ་རྡོར་འཛིན་སྙོམས་པར་ཞུགས་པས་ཐིག་ལེར་ཞུ་བ་ནས་གླུས་བསྐུལ་བའི་བར་ཐམས་ཅད་ལ་འདྲ་ལ། འདིར་གླུས་བསྐུལ་བས་ཐིག་ལེ་དུམ་བུ་གསུམ་དུ་གྱུར་པའི་འོག་གི་ཐིག་ལེ་ཨཱ་ལི་ལས་ཟླ་བ། སྟེང་གི་ཐིག་ལེ་ཀཱ་ལི་ལས་ཉི་མ། བར་གྱི་ཐིག་ལེ་ས་བོན་ལས་ཕྱག་མཚན། དེ་རྣམས་རོ་གཅིག་ཏུ་འདྲེས་པ་ལས་འབྲས་བུ་རྡོ་རྗེ་འཆང་དུ་བསྒོམས་ལ། འདི་མན་ཆད་ཀྱི་ཆོ་ག་རྣམས་ནི་ཡན་ལག་བཞི་དྲུག་གི་ཁྱད་པར་མ་གཏོགས་ཐམས་ཅད་འདྲའོ། །གཉིས་པ་ནི། གདན་དགུའི་སྟེང་དུ་ཨཱ་ལི་ལས་དབུས་སུ་ཟླ་བའི་དཀྱིལ་འཁོར་གྲུ་གསུམ་དང༌། ཕྱོགས་མཚམས་སུ་ཟླ་བའི་དཀྱིལ་འཁོར་ཟླུམ་པོ་རེ་རེར་གྱུར་པ་མེ་ལོང་ལྟ་བུ། དེ་རྣམས་ཀྱི་སྟེང་དུ་ཀཱ་ལི་ལས་དབུས་སུ་ཟླ་བའི་དཀྱིལ་འཁོར་གྲུ་གསུམ་དང༌། ཕྱོགས་མཚམས་སུ་ཉི་མའི་དཀྱིལ་འཁོར་ཟླུམ་པོ་རེ་རེར་གྱུར་པ་མཉམ་ཉིད། ཕྱོགས་མཚམས་ཀྱི་ཉི་ཟླ་བློས་དོར་ལ། དབུས་ཀྱི་ཟླ་བ་གཉིས་ཀྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་སོར་རྟོག དེ་ལས་འོད་འཕྲོས་འགྲོ་བ་རྣམས་ཀྱེ་རྡོ་རྗེའི་གོ་འཕང་ལ་བཀོད། ཚུར་འདུས་ཟླ་བ་རྡོ་རྗེ་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་བྱ་གྲུབ། དེ་ལས་རྒྱུ་རྡོར་འཛིན་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལ་བདག་མེད་མ་ནག་མོས་འཁྱུད་པར་བསྒོམ་པ་ཆོས་དབྱིངས་ཡེ་ཤེས་སོ། །དེ་ནས་མཁའ་གསང་བྱིན་བརླབ་སོགས་བྱས་ནས་ཡུམ་གྱི་མཁར་ཐིག་ལེ་བརྒྱད་དུ་གྱུར། དེ་ས་བོན་བརྒྱད་དུ་གྱུར་ནས། ཕྱོགས་མཚམས་ཀྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་སོང་བས་ཞེས་པ་ནས། འབྲས་བུ་རྡོ་རྗེ་འཆང་དུ་བསྒོམ་པའི་བར་གོང་མ་བཞིན་བྱ་སྟེ། གཙོ་བོ་མཉམ་སྦྱོར་དང་འཁོར་མི་མཉམ་སྦྱོར་ལས་བསྐྱེད་པ་ཞེས་བླ་མ་དག་གསུངས་སོ། །ཡང་མངོན་རྟོགས་འདི་གཉིས་ལ་མངལ་དུ་ཐིག་ལེ་བརྒྱད་དུ་གྱུར་པ་རྣམས་ཕྱོགས་མཚམས་ཀྱི་ཉི་ཟླའི་བར་དུ་སོང་བ་སོགས་སྔར་བཞིན་ཏེ། འཁོར་གྱི་ལྷ་མོ་དབྱུང་ལུགས་མི་འདྲ་བ་གཉིས་ཀྱི་དབང་གིས་མངོན་རྟོགས་བཞིར་འགྱུར་རོ། །གཉིས་པ་ཡན་ལག་དྲུག་པ་ལ་གཉིས། མི་མཉམ་སྦྱོར་དང་མཉམ་སྦྱོར་རོ། །དང་པོ་ནི། གདན་དབུས་མ་ཁོ་ནའི་སྟེང་དུ་ཨཱ་ལི་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུ། དེའི་སྟེང་དུ་ཀཱ་ལི་ལས་ཉི་མའི་དཀྱིལ་འཁོར་མཉམ་ཉིད། དེ་དག་གི་བར་དུ་ཧཱུྃ་ལས་ཐོད་པ་ལ་སྣ་ཚོགས་རྡོ་རྗེ་གནས་པའི་ལྟེ་བར་ཧཱུྃ་གིས་མཚན་པ། གཡོན་དུ་ཨཾ་ལས་གྲི་གུག་ཨཾ་གིས་མཚན་པ་རྣམས་སོར་རྟོག དེ་རྣམས་རོ་གཅིག་ཏུ་འདྲེས་པ་བྱ་གྲུབ། དེ་ལས་རྒྱུ་རྡོ་རྗེ་འཛིན་པ་དཀར་པོ་ལ་ཡུམ་ནག་མོས་འཁྱུད་པར་བསྐྱེད་པ་ཆོས་དབྱིངས་ཡེ་ཤེས་སོ། །དེ་ནས་མངལ་དུ་ཐིག་ལེ་ལས་ས་བོན་བརྒྱད་དུ་གྱུར། དེ་རྣམས་ལྷ་མོ་བརྒྱད་དུ་གྱུར་ནས་ཡུམ་གྱི་མཁའ་ནས་ཕྱོགས་མཚམས་ཀྱི་གདན་གྱི་སྟེང་དུ། གཽ་རཱི་སོགས་ལྷ་མོ་བརྒྱད་ཀྱི་སྐུར་བསྒོམ། དེ་ནས་རྒྱུ་རྡོར་འཛིན་སྙོམས་པར་ཞུགས་པའི་ཞལ་དུ་ནམ་མཁའི་ཡི་གེ་ལྔ་པོ་ཞུགས་པས། ཡབ་ཡུམ་ཐིག་ལེར་ཞུ་བ་ལ་གླུས་བསྐུལ་བས། ཐིག་ལེ་ཨཾ་ཧཱུྃ་སྔོན་པོ་འོད་འབར་བར་གྱུར། དེ་ལས་འབྲས་བུ་རྡོ་རྗེ་འཆང་ཡབ་ཡུམ་ཁ་དོག་ནག་པོར་བསྒོམ་མོ། །གཉིས་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་ཨཱ་ལི་ལས་ཟླ་བའི་དཀྱིལ་འཁོར་ཟུར་གསུམ་པ་ཨཱ་ལིས་མཚན་པ་མེ་ལོང་ལྟ་བུ། དེའི་སྟེང་དུ་ཀཱ་ལི་ལས་ཟླ་བའི་དཀྱིལ་འཁོར་ཟུར་གསུམ་པ་ཀཱ་ལིས་མཚན་པ་མཉམ་པ་ཉིད། དེ་གཉིས་ཀྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་སོར་རྟོག དེ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱེ་རྡོ་རྗེའི་གོ་འཕང་ལ་བཀོད། ཚུར་འདུས་ཟླ་བ་རྡོ་རྗེ་དང་བཅས་པ་གཅིག་ཏུ་འདྲེས་པ་བྱ་གྲུབ། དེ་ལས་རྒྱུ་རྡོར་འཛིན་དཀར་པོ་བསྐྱེད་པ་ཆོས་དབྱིངས་ཡེ་ཤེས་སོ། །དེ་ནས་མཁའ་གསང་བྱིན་གྱིས་བརླབ་པ་ནས་འབྲས་བུ་རྡོ་རྗེ་འཆང་དུ་བསྒོམ་པའི་བར་ཡན་ལག་དྲུག་པ་སྔ་མ་དང་འདྲའོ། །འདི་གཉིས་ལ་མངལ་དུ་ཐིག་ལེ་ལས་ས་བོན་དུ་གྱུར། དེ་རྣམས་ཕྱོགས་མཚམས་ཀྱི་གདན་གྱི་སྟེང་དུ་སྤྲོས་པས་ས་བོན་ལས་ལྷ་མོ་བརྒྱད་དུ་བསྐྱེད་དེ། འཁོར་གྱི་ལྷ་མོ་དབྱུང་ལུགས་མི་འདྲ་བ་གཉིས་ཀྱི་དབང་གིས་མངོན་རྟོགས་བཞི་ཡིན་ནོ། །དེ་ལྟར་ཡན་ལག་བཞི་པའམ་དྲུག་པ་གཉིས་པོ་གང་ཡང་རུང་བའི་མངོན་པར་རྟོགས་པ་ཐུན་བཞིར་བསྒོམས་པས་དུ་བ་ལ་སོགས་པའི་རྟགས་ལྔ་པོ་མཉམ་རྗེས་གང་རུང་ལ་མཐོང་བར་འགྱུར་ལ། དེ་མཐོང་ནས་ལས་དང་པོ་པའི་གང་ཟག་དེ་གང་ཟག་གཉིས་པར་ན་འཕོས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་བདེ་བ་ཅུང་ཟད་སྐྱེས་པའི་གང་ཟག་གིས་བསྒོམ་པར་བྱ་བའི་རྣལ་འབྱོར་ནི་གཉིས་ཏེ། ཡན་ལག་བཞི་པ་དང་དྲུག་པའོ། །དང་པོ་ནི། གོང་འོག་གི་ཆོ་ག་ཐམས་ཅད་སྔར་གྱི་མི་མཉམ་སྦྱོར་དང་འདྲ་བ་ལས། བསྐྱེད་ཆོག་ཆ་དབྲི་སྟེ། རྒྱུ་རྡོ་རྗེ་འཆང་བསྐྱེད་པའི་སྐབས་སུ། གདན་དགུའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དགུར་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེ་རྣམས་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་དགུར་གྱུར་པ་མཉམ་ཉིད། དབུས་ཀྱི་ཉི་ཟླའི་བར་དུ་ཧཱུྃ་ལས་ཐོད་པ་བསྐྱེད་པ་ནས་གླུས་བསྐུལ་བའི་བར་སྔར་དང་འདྲ་བ་ལ། འདིར་གླུས་བསྐུལ་བས་ཐིག་ལེ་དུམ་བུ་གསུམ་དུ་གྱུར་པའི་འོག་གི་ཐིག་ལེ་ཟླ་བ། སྟེང་གི་ཐིག་ལེ་ཉི་མ། བར་གྱི་ཐིག་ལེ་མན་ཆད་སྔར་གྱི་ཡན་ལག་བཞི་པ་བཞིན་བསྒོམ་པ་ནི། མངོན་བྱང་དང་པོ་གཉིས་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པ་ཡིན་ནོ། །འདི་ལ་ཡང་འཁོར་གྱི་ལྷ་མོ་མངལ་དུ་ཐིག་ལེར་གྱུར་ནས་ཕྱོགས་མཚམས་ཀྱི་ཉི་ཟླའི་བར་དུ་སྤྲོ་བ་དང༌། ཐིག་ལེ་ལས་ས་བོན་བརྒྱད་དུ་གྱུར་ཏེ། ས་བོན་རྣམས་ཉི་ཟླའི་བར་དུ་སྤྲོ་བ་སྟེ། ཚུལ་གཉིས་སོ། །གཉིས་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་དུ་ཧཱུྃ་ལས་ཐོད་པ་བསྒོམ་པ་ནས་རྒྱུ་རྡོ་རྗེ་འཆང་དཀར་པོར་བསྐྱེད་ཅིང༌། འཁོར་ལ་མངོན་བྱང་མེད་ལ། གླུས་བསྐུལ་བ་ལས་ས་བོན་ཙམ་ལས་འབྲས་བུ་རྡོ་རྗེ་འཆང་ཡབ་ཡུམ་ཁ་དོག་ནག་པོར་བསྒོམ་པའི་བར་སྔར་གྱི་ཡན་ལག་དྲུག་པ་དང་འདྲའོ། །འདི་ལ་ཡང་མངལ་དུ་ཐིག་ལེ་ལས་ས་བོན་བརྒྱད་དུ་གྱུར་ནས་གདན་གྱི་སྟེང་དུ་སྤྲོ་བ་དང༌། ཐིག་ལེ་ས་བོན་བརྒྱད་དང༌། དེ་ལྷ་མོ་བརྒྱད་དུ་གྱུར་ནས་སྤྲོ་བ་སྟེ་ཚུལ་གཉིས་ཡིན་ནོ། །དེ་ལྟར་བསྒོམས་པས་སེམས་ཆེར་བརྟན་ཅིང༌། རླུང་སེམས་ཀྱི་འཕྲོ་འདུ་འཕེལ་བའི་སྟོབས་ཀྱིས། བསོད་ནམས་ཀྱི་ཚོགས་ཀྱི་དུས་སུ་ལུས་ལ་བདེ་བ་འབར། ཡེ་ཤེས་ཀྱི་ཚོགས་ཀྱི་དུས་སུ་སེམས་ལ་སྟོང་ཤས་ཆེ། དངོས་གཞིའི་དུས་སུ་བདེ་སྟོང་ཟུང་དུ་ཆུག བར་སྐབས་སུ་ལྷའི་སྣང་བ་སྟོང་ཞིང་འགྲོ། རྨི་ལམ་མངོན་ཤེས་དང་འདྲ་བ་འབྱུང་སྟེ། བདེ་བ་ཅུང་ཟད་སྐྱེས་པའི་གང་ཟག་དེ་གང་ཟག་གསུམ་པར་ན་འཕོས་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་བདེ་སྟོང་གི་ཉམས་སྐྱེས་པའི་གང་ཟག་གིས་བསྒོམ་པར་བྱ་བའི་རྣལ་འབྱོར་ནི། ཚོགས་གཉིས་བསགས་པ་ནས་གཞལ་ཡས་ཁང་གདན་བཅས་བསྐྱེད་པའི་བར་སྔར་བཞིན་ལས། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུྃ་ལས་རྒྱུ་རྡོ་རྗེ་འཆང་དང༌། ཨཾ་ལས་བདག་མེད་མར་བསྐྱེད། མཁའ་གསང་བྱིན་བརླབ་ནས། ཐིག་ལེར་གྱུར་པའི་བར་སྔར་དང་འདྲ་བ་ལས། ཐིག་ལེ་ལས་ས་བོན་དུ་གྱུར། དེ་ལས་ལྷ་མོར་གྱུར་ཏེ། ཕྱིར་སྤྲོ་བ་ནས་ས་བོན་ཙམ་ལས་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པའི་བར་སྔར་དང་འདྲའོ། །འདི་ལ་བླ་མ་དག་རྒྱུ་རྡོ་རྗེ་འཛིན་པ་ནག་པོར་བྱས་ནས་ཡན་ལག་བཞིས་འཆིང་བར་བཞེད་པ་ནི། མཚོ་སྐྱེས་རྩ་འགྲེལ་གྱི་ལུགས་ལ་དེ་ལྟར་དུ་ཁས་ལེན་དགོས་ཀྱང༌། འདིར་ནི་འཁོར་གྱི་ལྷ་མོ་དབྱུང་བའི་སྐབས་སུ། རྗེ་བཙུན་གྱིས་ཐིག་ལེ་ལས་ས་བོན་བརྒྱད་དུ་གྱུར་ནས་ས་བོན་ལས་ལྷ་མོ་བརྒྱད་དུ་གྱུར་ཏེ་ཕྱིར་སྤྲོ་བ་ནི་ཞེས་དང༌། འཁོར་རྣམས་མངལ་དུ་ས་བོན་ལས་སྐུར་གྱུར་ཏེ། ཕྱོགས་མཚམས་སུ་སྤྲོ་བ་དེའི་ཚེ་རྒྱུ་རྡོ་རྗེ་འཛིན་པ་དཀར་པོར་བྱ་སྟེ། ཞེས་གསུངས་པས། ཡན་ལག་དྲུག་གིས་བཅིངས་ནས་རྒྱུ་རྡོ་རྗེ་འཆང་དཀར་པོར་བྱའོ། །དེ་ལྟར་གོམས་པ་ན་ལྷའི་སྣང་བ་བས་ཀྱང་རྫོགས་རིམ་ཤས་ཆེ། སྐབས་སུ་ལྷའི་རྣམ་པ་མི་གསལ། དགྱེས་པའི་རྡོ་རྗེ་བསྒོམས་ཀྱང་བདེ་མཆོག་ལ་སོགས་པ་སྣང་བ་དུ་མ་འགྱུར་ཞིང་མཐོང་བ་ཡོད། རིགས་དྲུག་གི་གྲོང་ཁྱེར་ལ་སོགས་པ་འཁྲུལ་སྣང་སྣ་ཚོགས་ཀྱང་མཐོང༌། དཀྱིལ་འཁོར་ཡང་དུ་སོགས་བཞིན་ཡལ་གྱིན་འགྲོ་བ་འབྱུང་སྟེ། བདེ་སྟོང་གི་ཉམས་སྐྱེས་པའི་གང་ཟག་དེ་གང་ཟག་བཞི་པར་ན་འཕོས་པ་ཡིན་ནོ། །བཞི་པ་ནི། བདེ་སྟོང་གི་ཉམས་ཆེར་སྐྱེས་པའི་གང་ཟག་གིས་ཉམས་ལེན་ནི་སྔོན་འགྲོ་སྔར་དང་འདྲ་ལ། དབུས་ཀྱི་གདན་གྱི་སྟེང་དུ། སྐད་ཅིག་ཙམ་གྱིས་རྒྱུ་རྡོ་རྗེ་འཛིན་པ་ནག་པོར་བསྐྱེད་པ་ནས། ཡུམ་གྱི་མཁར་ཐིག་ལེ་བརྒྱད་དང༌། དེ་ལྷ་མོ་བརྒྱད་དུ་གྱུར་ནས་ཕྱིར་སྤྲོས་ལ་གསལ་གདབ། དེ་ནས་ཐིག་ལེར་ཞུ་བ་ལ་གླུས་བསྐུལ་བས་ཐིག་ལེ་ལས་སྐད་ཅིག་གིས་འབྲས་བུ་རྡོ་རྗེ་འཆང་དུ་བསྐྱེད་དོ། །འདི་ནི་ཡན་ལག་བཞིས་སྡུད་པར་རྗེ་བཙུན་གྱིས་བཤད་དོ། །དེ་ལྟར་ཐུན་བཞིའི་རིམ་པས་བསྒོམ་ཞིང་སེམས་འཛིན་པའི་མན་ངག་ལ་ནན་ཏན་དུ་བྱས་པའི་སྟོབས་ཀྱིས་འགྲོ་བ་རིགས་དྲུག་དང༌། མྱང་འདས་སྤྲུལ་སྐུའི་ཞིང་ཁམས་རྣམས་ཀྱང་ཉམས་ཀྱི་སྣང་བ་ལ་མཐོང༌། ཏིང་ངེ་འཛིན་ལ་མཉམ་རྗེས་མེད། ལུས་སེམས་ལ་བདེ་སྟོང་བརྟན་པར་ཟུང་དུ་ཆུག དེ་ཙམ་ན་མཁའ་འགྲོ་མའི་བར་ཆད་ཀྱི་རྩོལ་བ་མང་དུ་བྱུང་ན་ཡང་བརྡ་བསྟན་པས་བཟློག གལ་ཏེ་བརྡ་ཤེས་ཤིང་མཁའ་འགྲོ་མཚན་ལྡན་གྱིས་རང་གཟུགས་སྟོན་ན། དེ་དང་སྙོམས་པར་ཞུགས་པས་སྐད་ཅིག་ལ་བདེན་པ་མཐོང་བར་འགྱུར་རོ། །དེ་ལྟར་བསྒོམས་པས་གོམས་པའི་སྟོབས་ཀྱིས་སྐད་ཅིག་ཙམ་ལ་ལྷའི་འཁོར་ལོ་ཡོངས་སུ་རྫོགས་པར་བསྒོམ་ནུས་པ་འབྱུང་ལ། དེའི་ཚེ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སོགས་བསྒོམ་མི་དགོས་ཏེ། རང་གི་ངང་གིས་ཆོ་ག་མི་དམིགས་པར་འགྱུར་བའི་ཕྱིར་དང༌། སྣང་བ་ལྷའི་འཁོར་ལོར་ཤར་བས་བསྐྱེད་ཆོག་རྣམས་བསྒོམ་རྒྱུ་མེད་པར་འགྲོ་བའི་ཕྱིར་རོ། །དེའི་སྐད་ཅིག་ལ་ལུས་རྩའི་དཀྱིལ་འཁོར་མངོན་དུ་གྱུར་ཏེ་ལུས་ཀྱི་རྩ་རྣམས་ལྷར་མཐོང༌། ལུས་ཀྱི་དཀྱིལ་འཁོར་ལ་ཡང་ཡང་དུ་བརྟག་ཅིང་བསྒོམས་པས་སྔོན་བླ་མས་བསྟན་པའི་ལུས་དཀྱིལ་གྱི་དོན་མངོན་དུ་འགྱུར། དངོས་གྲུབ་ཐོབ་ཅེས་མིང་ཐོབ་བོ། །གཉིས་པ་ནི། འོ་ན་དཔལ་བིརྺ་པ་ཁོ་ནའི་ལུགས་ལ་མངོན་རྟོགས་འདི་ཙམ་ཞིག་འབྱུང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། རྒྱུད་ལས་གསུངས་པ་བཞིན་བཤད་པ་ཡིན་ཏེ། དེ་ལ་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་ནི། རྩ་རྒྱུད་ལས། ཨཱ་ལི་ཟླ་བའི་གཟུགས་ཀྱི་གནས། །ཀཱ་ལིའི་གཟུགས་ཀྱི་སྣང་བྱེད་དོ། །ཟླ་བ་ཉི་མ་འདུས་པ་ལས། །དཀར་མོ་ལ་སོགས་རབ་ཏུ་བསྒྲགས། །ཞེས་གཽ་རཱི་ལ་སོགས་པའི་འཁོར་རྣམས་ཀྱང་མངོན་བྱང་ལས་བསྐྱེད་པར་བཤད་ཅིང༌། རྒྱུ་རྡོར་འཛིན་མངོན་བྱང་ལས་བསྐྱེད་པའི་རིགས་པས་འབྲས་བུ་རྡོ་རྗེ་འཆང་ཡང་མངོན་བྱང་ལས་བསྐྱེད་ལ། སློབ་དཔོན་མཚོ་སྐྱེས། གཉིས་མེད་རྡོ་རྗེ། མར་མེ་མཛད་སོགས་ཀྱང་འདི་བཞིན་དུ་བཞེད་དོ། །མཉམ་སྦྱོར་ནི། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཞེས་པ་ནས། ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་པའི་བར་གྱིས་གཙོ་བོ་མཉམ་སྦྱོར་ལས་བསྐྱེད་པའི་རྗེས་ཁོ་ན་ལ། ཐབས་དང་ཤེས་རབ་རང་བཞིན་ལས། །འདི་ལྟར་ཐམས་ཅད་རྫོགས་པ་ཉིད། །ཟླ་བ་ཉི་མ་རབ་དབྱེ་ལས། །ཨཱ་ལི་ཤེས་རབ་ཀཱ་ལི་ཐབས། །འདི་ལས་དཀར་མོ་ལ་སོགས་པ། །ཁ་དོག་དབྱེ་བ་ལྷ་མོ་ཡིན། །ཞེས་འཁོར་ཐམས་ཅད་མི་མཉམ་སྦྱོར་གྱི་མངོན་བྱང་ལས་བསྐྱེད་པར་གསུངས་སོ། །དེའི་འབྲས་བུ་རྡོ་རྗེ་འཆང་ཡང་མངོན་བྱང་ལྔ་ལས་བསྐྱེད་པ་སྔར་གྱི་རིགས་པས་སྦྱར་བར་སྣང་ལ། མར་མེ་མཛད་ཀྱིས། རྡོ་རྗེའི་གླུ་ནི་སྒྲ་སྙན་གྱིས། །རྨི་ལམ་ལྟ་བུར་གཙོ་བོ་བཞེངས། །མངོན་བྱང་ལྔ་ཡི་ཡེ་ཤེས་ལ། །བཅོམ་ལྡན་དགྱེས་པའི་རྡོ་རྗེ་ཉིད། །ཅེས་སོ། །འདི་གཉིས་ཀྱི་འཁོར་རྣམས་ཐིག་ལེ་ལས་ས་བོན་དུ་གྱུར་པ་སྤྲོ་བ་ནི། རྩ་རྒྱུད་ལས། འདི་ཡི་ས་བོན་ཕྱུང་བ་དང༌། །ཞེས་པའི་དོན་ཡིན་ལ། ཀཾ་པ་ལས། གྃ་ཙྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ། བརྒྱད་ཕྱོགས་དང་མཚམས་རྣམས་སུ་ལྷའི་གདན་སྟེང་དུ་སྤྲོས་པས། མངོན་བྱང་ལྔ་ལས་ལྷ་མོ་བསྐྱེད། ཅེས་སོ། །ཡང་ཐིག་ལེ་རྐྱང་པ་སྤྲོ་བ་ནི། རྒྱུད་ཀྱི་དོན་དུ་སྣང་ཞིང༌། གཉིས་མེད་རྡོ་རྗེས། ཚངས་པ་ལ་སོགས་པའི་གདན་གནས་པའི་སྟེང་དུ་ཟླ་བ་དང༌། ཉི་མ་ཁ་སྦྱར་བ། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཞུ་ནས་ཕྱིར་སྤྲོས་པ་དང་རིམ་པ་ཇི་ལྟ་བར་ཞེས་སོ། །ཨཱ་ལི་ཀཱ་ལི་ལ་མ་ལྟོས་པ་ནི། རྩ་རྒྱུད་ལས། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ལས་བདེ་ཆེན་པོ། །ཞེས་གསུངས་ཤིང༌། མཚོ་སྐྱེས་ལས། ཟླ་བ་དང་ཉི་མ་མཉམ་པར་ཁ་སྦྱར་བའི་དབུས་སུ། ཧཱུྃ་དང་ཨཾ་གི་ས་བོན་གཉིས་ལས་ཡང་དག་པར་གྱུར་པའི་ཐོད་པ་དང་གྲི་གུག་གོ །ཞེས་ཉི་ཟླ་གཉིས་ལ་ས་བོན་དང་བྲལ་བར་བཤད་ལ། འཁོར་གྱི་ལྷ་མོ་དབྱུང་ལུགས་གཉིས་དང༌། འབྲས་བུ་རྡོར་འཛིན་བསྐྱེད་ལུགས་ནི། སྔར་གྱི་ལུང་རྣམས་དང་སྦྱར་རོ། །འདི་ལ་མཉམ་སྦྱོར་མི་བྱེད་པ་ནི། མཉམ་སྦྱོར་ནི། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་ས་བོན་དང་བཅས་པར་གསུངས་ཀྱི། ས་བོན་དང་བྲལ་བར་མ་གསུངས་པས། དེ་ལ་དགོངས་པའོ། །དེ་ལྟར་མངོན་རྟོགས་དྲུག་ལ། ཡན་ལག་བཞི་པས་བཅིངས་པ་རེ་དང༌། དྲུག་པས་བཅིངས་པ་རེ་བྱས་པས་བཅུ་གཉིས་སུ་འགྱུར་ལ། དེའི་ཡན་ལག་བཞི་པ་རྣམས་ལ་རྒྱས་པ་དང༌། དྲུག་པ་རྣམས་ལ་འབྲིང་པོ་ཞེས་རྗེ་བཙུན་གསུངས་ལ། རྒྱས་པ་རྣམས་ལ་རྒྱུ་འབྲས་ཀྱི་རྡོ་རྗེ་འཆང་གཉིས་དང༌། འཁོར་རྣམས་མངོན་བྱང་ཁོ་ན་ལས་བསྐྱེད་པ་དང༌། མངལ་ནས་ཐིག་ལེ་རྐྱང་པའམ། དེ་ཉིད་ས་བོན་དུ་གྱུར་ཏེ་སྤྲོ་བ་གང་རུང་བྱེད་པ་དང༌། ལྷ་མོ་མི་སྤྲོ་བ་རྣམས་ཀྱིས་ཁྱབ་ལ། རྒྱུ་རྡོ་རྗེ་འཆང་ནི་ཁ་དོག་ནག་པོ་ཁོ་ནར་མ་ངེས་ཏེ། མཉམ་སྦྱོར་གཉིས་ཀྱི་ཚེ་དཀར་པོར་འདོད་པའི་ཕྱིར་རོ། །འབྲིང་པོ་རྣམས་ལ་འཁོར་དང་འབྲས་བུའི་རྡོར་འཛིན་མངོན་བྱང་ལས་མི་བསྐྱེད་པ་དང༌། རྒྱུ་རྡོ་རྗེ་འཛིན་པ་ནག་པོར་མི་བྱེད་པ་དང༌། མངལ་ནས་ཐིག་ལེ་རྐྱང་པ་མི་སྤྲོ་བ་རྣམས་ཀྱིས་ཁྱབ་ལ། དེའི་ཟླས་དྲངས་པའི་འབྲིང་པོ་ཡིན་ན། རྒྱུ་རྡོར་འཛིན་དཀར་པོ་དང༌། འཁོར་གྱི་ལྷ་མོ་མངལ་གྱི་ཐིག་ལེ་ལས་ས་བོན་དུ་གྱུར་ཏེ། ས་བོན་དེ་སྤྲོ་བའམ། ས་བོན་ལྷ་མོར་གྱུར་ཏེ་སྤྲོ་བ་གང་རུང་དང༌། འབྲས་བུ་རྡོ་རྗེ་འཛིན་པ་ས་བོན་ལས་བསྐྱེད་པས་ཁྱབ་བོ། །བསྡུས་པ་ས་བོན་ལས་བསྐྱེད་པ་ནི། རྩ་རྒྱུད་ལས། ཨཾ་དང་ཧཱུྃ་གི་རྡོ་རྗེ་ཆེ། །ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞབས་རྣམས་ས་ལ་བརྡེགས་པ་དང༌། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །གྃ་ཙྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ། །འདི་ཡི་ས་བོན་ཕྱུང་བ་དང༌། །བདག་པོའི་ས་བོན་དག་གིས་ནི། །ཨཾ་ཧཱུྃ་སྔོན་པོ་འབར་འཇིགས་པས། །མ་མོའི་འཁོར་ལོ་གྲོང་ཉམས་དགར། །ཁ་དོག་ནག་པོ་འཇིགས་ཆེན་པོ། །བདག་མེད་བདེ་བ་སྦྱིན་པ་པོ། །གཙོ་བོ་འདི་ལྟར་བསྒོམ་པ་ཉིད། །ཅེས་གསུངས་ལ། དེའི་ཚིགས་བཅད་དང་པོས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། དེ་ནས་སྔགས་དང་བཅས་པའི་རྐང་པ་གཉིས་ཀྱིས་འཁོར་གྱི་ལྷ་མོ་དབྱུང་བ་དང༌། དེ་ནས་ཤླཽ་ཀ་ཕྱེད་དང་གཉིས་ཀྱིས་འབྲས་བུ་རྡོར་འཛིན་བཞེངས་པ་རྗེ་བཙུན་གྱིས་བཤད་ལ། ཁ་ཅིག་གཞུང་འདི་མས་རིམ་གྱིས་བཟློག་ནས། ཕྱི་མས་རྒྱུ་རྡོར་འཛིན་བསྐྱེད་པ། བར་པས་འཁོར་དབྱུང་བ། དང་པོས་འབྲས་བུ་རྡོ་རྗེ་འཛིན་བསྐྱེད་པ་ཡིན་ཏེ། ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞེས་བཤད་པའི་ཕྱིར་རོ། །ཞེས་འདོད་པ་ནི་རྟོག་པས་བཏགས་པ་ཙམ་དུ་ཟད་དེ། དེ་ལ་ཁུ་བ་དང་ཞུ་བ་གཉིས་ཀ་ལ་ཤུ་ཀྲན་ཞེས་པ་ཡིན་ལ། འདིར་སྐབས་ཐོབ་ཀྱིས་ཞུ་བ་ཡིན་ཏེ། ཨཾ་ཧཱུྃ་ཞུ་བ་ལས་རྡོ་རྗེ་ཅན་གྱི་གཟུགས་སུ་བཞེངས་ནས་ཞེས་པའི་དོན་ཡིན་ལ། དཔང་ལོའི་འགྱུར་གསར་ལས། ཨཾ་ཧཱུྃ་དག་ལས་རྡོ་རྗེ་ཆེ། །ཞུ་བའི་གཟུགས་ལས་བཞེངས་ནས་ནི། །ཞེས་བཤད་པའི་ཕྱིར་རོ། །བསྡུས་པ་གཉིས་པ་སྐད་ཅིག་གིས་བསྐྱེད་པ་ལ་རྒྱུ་རྡོ་རྗེ་འཆང་བསྒོམ་པ་ནི། རྩ་རྒྱུད་ལས། འདོད་ཆགས་ཆེན་པོ་རྗེས་ཆགས་པས། །ཞེས་སོགས་ཤླཽ་ཀ་དྲུག་གིས་བསྟན་ལ། དེའང༌། ཁྱོད་དང་ལྷན་ཅིག་བཞིན་བཟང་མ། །དེ་ལ་དབུས་སུ་ང་ཡོད་དེ། །ཞེས་གཞལ་ཡས་ཁང་གི་དབུས་སུ་བསྐྱེད་ཆོག་གང་ཡང་མ་བཤད་པར། ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཞེས་སོགས་སྐུའི་རྣམ་པ་རྒྱས་པར་གསུངས་པའི་ཕྱིར། སྐད་ཅིག་གིས་བསྐྱེད་པར་བཞེད་དོ། །འཁོར་གྱི་ལྷ་མོ་དབྱུང་བ་ནི། གྲོང་ཁྱེར་ཉམས་དགར་ཁྱོད་དང་ང༌། །དགའ་བས་ཤིན་ཏུ་རོལ་པ་ལས། །དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། །ཞེས་སོགས་ཤླཽ་ཀ་དྲུག་གསུངས་པས། ཡུམ་གྱི་མཁའ་ནས་སྙོམས་འཇུག་གི་རོལ་པས་ལྷ་མོ་ཁོ་ན་དབྱུང་བ་བསྟན་ཏོ། །འབྲས་བུ་རྡོར་འཛིན་བཞེངས་པ་ནི། གླང་པོ་རྟ་བོང་གླང་རྔ་མོ། །ཞེས་སོགས་ཤླཽ་ཀ་གསུམ་གྱིས་གསལ་བར་བསྟན་ཏོ། །མདོར་ན་མངོན་པར་རྟོགས་པ་དེ་ཐམས་ཅད་རྒྱུད་ཀྱི་དོན་དུ་ཤེས་པར་བྱས་ལ། དཔལ་བིརྺ་པའི་བཞེད་པས་སྙིང་པོ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ལ་བཅུ་བཞི་པོ་འདི་ཁོ་ནར་ངེས་སོ། །འོ་ན་རྗེ་བཙུན་གྱིས་མངོན་པར་རྟོགས་པ་བཅུ་བཞིའམ་བཅོ་ལྔ་སྣང་མོད་ཀྱི་རྒྱུད་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །ཞེས་པ་དེ་ཇི་ལྟར་དྲང་ཞེ་ན། འདི་ལ་བླ་མ་དག་གི་གསུང་སྒྲོས་ལ། སྔར་གྱི་མངོན་རྟོགས་བཅུ་བཞིའི་སྟེང་དུ་རྡོ་རྗེའི་ཆོ་ག་གསུམ་ལས་བསྐྱེད་པ་བསྣན་པས་བཅོ་ལྔར་འདོད་པ་ནི་མི་འཐད་དེ། ཆོ་ག་གསུམ་ནི་ཧེ་རུ་ཀ་གཞན་གསུམ་གྱི་བསྐྱེད་ཆོག་ཏུ་བཤད་ཀྱི། འདིའི་བསྐྱེད་ཆོག་ཏུ་མ་གསུངས་པའི་ཕྱིར་དང༌། ཆོ་ག་གསུམ་གྱིས་འདིར་ཁ་བསྐང་ན། དེར་བཤད་པའི་དཀྲོངས་བསྐྱེད་དང་ས་བོན་ལས་བསྐྱེད་པ་དང་གཉིས་ཀྱིས་ཀྱང་ཁ་བསྐང་དགོས་པར་འགྱུར་ལ། དེ་ལྟར་ན་མངོན་རྟོགས་བཅུ་བདུན་དུ་ཐལ་པའི་སྐྱོན་ཡོད་དོ། །གལ་ཏེ་དེ་གཉིས་ཀྱིས་འདིར་ཁ་མི་བསྐང་སྟེ་སྔར་གྱི་མངོན་རྟོགས་བཅུ་བཞིའི་ནང་དུ་ས་བོན་ལས་བསྐྱེད་པ་དང༌། མངོན་བྱང་ལྔ་ལས་བསྐྱེད་པ་གཉིས་ཡོད་པའི་ཕྱིར་རོ་ཞེ་ན། འདི་ནི་ཤིན་ཏུ་མི་འཐད་དེ། ཧེ་རུ་ཀ་གསུམ་གྱི་མངོན་རྟོགས་རྣམས་ནི་མན་ངག་ལུགས་དང༌། འགྲེལ་པ་ལུགས་གཉིས་ཆར་ལ། རྒྱུ་རྡོར་འཛིན་བསྐྱེད་པ། འཁོར་གྱི་ལྷ་མོ་དབྱུང་བ། ཞུ་བ་གླུས་བསྐུལ་བ་རྣམས་བཤད་པ་མེད་ལ། འདིར་ནི་དེ་རྣམས་ཡོད་པས་དེ་དག་ཇི་ལྟར་མཚུངས། གཞན་ཡང་ཧེ་རུ་ཀ་གསུམ་གྱི་འཁོར་རྣམས་ནི་ཐུགས་ཀ་ནས་སྤྲོ་ལ། འདིར་ནི་མངལ་ནས་འབྱིན་ཏེ། རྣམ་བཤད་དག་ལྡན་ལས། ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གིས། འདིར་བླ་མ་རྣམས་ཀྱི་བཞེད་པས་སྙིང་གའི་ཧཱུྃ་ལས་འཁོར་གྱི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ནས་བརྒྱད་ཀྱི་རྣམ་པར་བསྡུས་ཏེ་གདན་རྣམས་ཀྱི་ཐུགས་ཀར་འགོད་པར་བཞེད་ལ། སློབ་དཔོན་ཤཱནྟི་པ་ནི་མངོན་བྱང་གསུམ་པའི་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་འཕྲོས་པས་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གྱི་དོན་བྱས་ཏེ། ཚུར་འདུས་པ་རྡོ་རྗེའི་ལྟེ་བའི་ས་བོན་ལ་ཐིམ་སྟེ་ཉི་ཟླ་དང་གཅིག་ཏུ་འདྲེས་པར་གྱུར་པས་སྐུ་ཡོངས་སུ་རྫོགས་པར་བཞེད་དོ། །ཞེས་སྙིང་ག་ནས་སྤྲོ་བ་གསལ་བར་བཤད་དོ། །འདི་སྐུ་རྡོ་རྗེ་རྐྱང་པའི་ཁྱད་ཆོས་ཀྱང་མ་ཡིན་ཏེ། ཀུ་མུ་ཏི་ལས། འདིར་ཕྱག་གཉིས་པ་བཞེངས་པ་ཇི་ལྟ་བར། ཕྱག་བཞི་པ་དང་ཕྱག་དྲུག་པ་ཡང་དེ་བཞིན་ཏེ་ཁྱད་པར་ནི་འདིར་ཤེས་རབ་མ་དང་བཅས་པའོ། །ཞེས་སྐུ་རྡོ་རྗེའི་ཆོ་ག་བཞིན་གཞན་གཉིས་ལའང་འདྲ་བར་བཤད་པའི་ཕྱིར་རོ། །རྗེ་བཙུན་རྩེ་མོས། གཙོ་བོ་བསྐྱེད་ནས་འཁོར་སྤྲོ་བ་ཡང་བཤད་པའི་རྒྱུད་ལས། དང་པོར་སྐྱེས་བུ་བསམ་དེ་ནས། །རྣལ་འབྱོར་མ་ཡི་འཁོར་ལོ་སྤྲོ། །ཞེས་འབྱུང་བས་ན། ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །ཞེས་སོགས་ཚིགས་བཅད་གཅིག་དང༌། རྣལ་འབྱོར་མ་བརྒྱད་ཅེས་པའི་ཚིགས་བཅད་ཀྱིས་བསྟན་ཏོ། །ཞེས་གསུངས་པའི་དོན་ཡང༌། གཙོ་བོས་འཁོར་སྤྲོ་ཞེས་པའི་ཤེས་བྱེད་དུ་དྲངས་པ་ཡིན་གྱི། གུར་ལྟར་མངལ་ནས་སྤྲོ་བ་ནི་མིན་ཏེ། གལ་ཏེ་ཡིན་ན་རྗེ་བཙུན་རྩེ་མོ་ཉིད་ཀྱིས། གཙོ་བོ་ཧེ་རུ་ཀ་གསུམ་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་ཅིང་འཁོར་གྱི་ལྷ་མོ་བརྒྱད་ཐུགས་ཀའི་ཧཱུྃ་ལས་སྤྲོས་ལ་བཀོད་དེ། དམ་ཚིག་པ་བསྐྱེད་ལ། ཡེ་ཤེས་པ་དང༌། སྐྱེ་མཆེད་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཆོ་ག་ཡན་ལག་གཉིས་ཀྱང་བྱས་ལ། ལེའུ་བཞི་པའི་ཚུལ་གྱིས་དབང་བསྐུར་བའང་བླང་ངོ༌། །ཞེས་བཤད་པ་དང་ནང་འགལ་དུ་འགྱུར་བའི་ཕྱིར་རོ། །དེས་ན་ཧེ་རུ་ཀ་གསུམ་གྱི་མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ་དང༌། ཧེ་རུ་ཀ་བཞི་པའི་མངོན་རྟོགས་བཅུ་བཞི་པོ་རྣམས་ལ་མི་འདྲ་བའི་ཁྱད་པར་ཤིན་ཏུ་ཆེ་བས་དེ་དག་བསྲེ་བར་མི་བྱའོ། །འོ་ན་མངོན་རྟོགས་བཅོ་ལྔ་པ་གང་ཡིན་སྙམ་ན། རྩ་རྒྱུད་ཕྱི་མའི་ལྔ་པར། མངོན་རྟོགས་ཀྱི་གཞུང་གསུངས་པ་རྣམས་རྗེ་བཙུན་གྱི་རྣམ་བཤད་དག་ལྡན་དུ་གཞུང་འཁྲུགས་ཅན་དུ་བྱས་ཏེ། སློབ་དཔོན་མི་ཐུབ་ཟླ་བའི་ལུགས་ལྟར་མངོན་རྟོགས་གཅིག་ཏུ་བྱ་བ་དང༌། གཞུང་འཁྲུགས་མེད་པར་ལེའུ་བརྒྱད་པ་དང་སྦྱར་ནས་མངོན་རྟོགས་བཅུ་བཞིར་བྱ་བ་སྟེ། ལུགས་གཉིས་བཤད་པའི་དང་པོ་འཁྲུགས་ཅན་ལ་ཟེར་བ་ཡིན་ལ། དེ་སྙིང་པོ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱང་ཡིན་པའི་ཕྱིར་རོ། །གསུམ་པ་ནི། རྒྱུད་ལས་མངོན་རྟོགས་མི་འདྲ་བ་དེ་ཙམ་ཞིག་གསུངས་པའི་རྒྱུ་མཚན་ཅི་སྙམ་ན། དེ་ནི་གདུལ་བྱ་གང་ཟག་གི་དབང་དུ་བྱས་པ་ཡིན་ཏེ། སྔར་བཤད་པ་ལྟར་གང་ཟག་བཞི་པོ་དེས་ལམ་བསྒོམ་པའི་གནས་སྐབས་ཀྱི། དང་པོའི་སྐབས་སུ་རྒྱས་པ་དང༌། ཕྱིས་ཏིང་ངེ་འཛིན་བསྒོམ་པ་ལ་སྤྲོ་བ་ཞུགས་ནས། ཇེ་བསྡུས་ཇེ་བསྡུས་ལ་གཏོང་ལ། ལྷའི་རྣམ་པ་ལ་སེམས་འཛིན་པ། དང་པོའི་སྐབས་སུ་དུས་ཐུང་ངུ་དང༌། ཕྱི་ནས་དུས་ཇེ་རིང་ཇེ་རིང་གཏོང་བ་འདི་ནི། བསྐྱེད་རིམ་གྱི་ཉམས་ལེན་དབྲི་བསྐྱེད་ཀྱི་གདམས་ངག་ཅེས་པ་ཡིན་པས། གང་ཟག་དེ་དག་གི་ལམ་གྱི་རིམ་པ་ལ་དགོངས་ནས་གསུངས་པ་ཡིན་ལ། ཡན་ལག་བཞི་དྲུག་གཉིས་པོ་ནི། གདུལ་བྱ་སྤྲོས་པ་ལ་དགའ་ན་བཞི་པ་དང༌། མི་དགའ་ན་དྲུག་པ་བསྒོམས་པས་ཆོག་གི གཉིས་ཅར་བསྒོམ་དགོས་པ་ནི་མ་ཡིན་ནོ། །འོ་ན་གང་ཟག་དེ་དག་གིས་མངོན་རྟོགས་དེ་དག་ས་མཚམས་གང་གི་བར་དུ་བསྒོམ་སྙམ་ན། སློབ་དཔོན་མར་མེ་མཛད་ཀྱིས། ནང་པར་ལངས་ནས་སྔར་བཞིན་ནི། །ལེགས་ཟློས་དང་པོའི་ལས་ཅན་ཡིན། །ཡེ་ཤེས་ཅུང་ཟད་བབས་གྱུར་པས། །སྔགས་ཀྱི་ཚུལ་ཁྲིམས་བརྟུལ་ཞུགས་བརྟན། །མིག་དང་སྐུ་སོགས་བྱིན་གྱིས་བརླབ། །ཐུན་མཚམས་སུ་ནི་རབ་བསྒྲིམ་བཟླས། །རྣམ་པ་ཀུན་ཏུ་རབ་རྫོགས་པར། །སྤྲོ་དང་སྡུད་པར་བྱེད་པའོ། །ཡེ་ཤེས་དབང་བ་ཅུང་ཟད་ཐོབ། །ཉིན་མཚན་རྣལ་འབྱོར་ཡང་དག་བརྟན། །ཡང་དག་ཡེ་ཤེས་དབང་ཐོབ་བསྒོམ། །ཁམས་ཀྱི་རྡུལ་གང་འཁོར་གསུམ་མཆོག །གཟུགས་བརྙན་བདག་ཉིད་སྐུ་ཅན་གྱིས། །འགྲོ་བའི་དོན་གྱི་བྱ་བ་བྱེད། །ཅེས་གསུངས་པའི་དོན་སྔར་བཤད་པ་ལྟར། ལས་དང་པོ་པ་དང༌། ཡེ་ཤེས་ཅུང་ཟད་བབས་པ་དང༌། ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པ་དང༌། ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་དང་བཞི་ཡིན་ལ། དེ་ལ་གང་ཟག་ལས་དང་པོ་པས་ནི། བསྐྱེད་རིམ་གྱི་ཆོ་ག་རྫོགས་པར་བསྒོམ་དགོས་པ་ཡིན་ཏེ། སློབ་དཔོན་ཤཱནྟི་པས། ལེགས་བཟླས་དང་པོའི་ལས་ཅན་ཡིན། །ཞེས་བྱ་བ་ནི། ལས་དང་པོ་པས་ཆོ་ག་མ་ལུས་པ་ཡང་དག་པར་བཟླ་བར་བྱ་སྟེ། ཞེས་དང༌། མན་ངག་སྙེ་མར། དེ་ལྟ་ཁོ་ནར་མ་ཚང་བ་མེད་པར་ལས་དང་པོ་པས་བྱའོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཇི་ཙམ་ཞིག་གི་བར་དུ་ལས་དང་པོ་པ་ཡིན་སྙམ་ན། དགྲ་ནག་གི་འགྲེལ་པ་རིན་ཆེན་སྒྲོན་མེར། དེ་ཡང་ལས་དང་པོ་པའི་རྣལ་འབྱོར་པ། ཇི་སྲིད་ལྷའི་ཡན་ལག་རགས་པར་སྣང་བ་ཙམ་མངོན་སུམ་ལྟར་གྱུར་གྱི་བར་དུ་ནི་ཐུན་མཚམས་གསུམ་དུ་རྣལ་འབྱོར་བཞི་ཆར་བསྒོམ་སྟེ། ཞེས་བཤད་པས། དང་པོ་བསྒོམ་པ་ནས་བཟུང་སྟེ་རགས་པའི་དཀྱིལ་འཁོར་ཡུད་ཙམ་རེས་འཆར་མི་ནུས་པའི་བར་ཐམས་ཅད་ལས་དང་པོ་པར་འཇོག་གོ །གང་ཟག་གཉིས་པ་ནི། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར། གང་རགས་པའི་དཀྱིལ་འཁོར་ནི་ཡུད་ཙམ་གྱིས་མངོན་དུ་བྱེད་ནུས་ལ། ཕྲ་བའི་སའི་སྙིང་པོ་ལ་སོགས་པ་དང༌། སྐུ་རྡོ་རྗེ་ལ་སོགས་མངོན་དུ་བྱེད་མི་ནུས་པ། སྔགས་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ཡང་ལྡན་པ་དག་ནི་དེའི་མཐུ་ཐོབ་པས་དེ་ནི། ཡེ་ཤེས་ལ་ཅུང་ཟད་དབང་བ་ཞེས་བྱ་སྟེ། ཞེས་གསུངས་པ་དང༌། རྩ་བར། ཡེ་ཤེས་བབས་པ་ཅེས་པ་དོན་གཅིག་པས། རགས་པ་དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་ཡུད་ཙམ་རེས་མངོན་དུ་བྱེད་ནུས་ཤིང༌། ཕྲ་བ་མིག་ལ་སོགས་པར་བཀོད་པའི་ལྷ་རྣམས་མི་གསལ་བ་སྟེ། དེ་ལ་རགས་པའི་དཀྱིལ་འཁོར་རྣམས་ཡུད་ཙམ་དུ་དང༌། ཕྲ་བ་རྣམས་དལ་བུས་གསལ་བཏབ་ལ་བསྒོམ་མོ། །དེ་ཡང་ལས་དང་པོ་པའི་སྐབས་སུ། རགས་པའི་དཀྱིལ་འཁོར་གསལ་འདེབས་པ་ན། རིམ་པ་བཞིན་གསལ་བཏབ་ན་འཆར་གྱི། དེ་ལྟར་མ་བྱས་ན་གསལ་བར་འཆར་མི་ནུས་པ་ལྟ་བུ་མ་ཡིན་གྱི། དཀྱིལ་འཁོར་དེ་ནམ་གསལ་བཏབ་པ་ན། ཡན་ལག་དང་ཉིང་ལག་ཐམས་ཅད་དུས་གཅིག་ལ་གསལ་བར་འཆར་ཐུབ་པ་ལ་བྱའོ། །དེའང་ལན་རེ་ཙམ་འོང་བས་མི་ཆོག་གི་བརྟན་པ་དགོས་ཏེ། མན་ངག་སྙེ་མར། ཇི་སྐད་བཤད་པའི་མཚན་མ་ཐོབ་པ། དང་པོའི་རྣལ་འབྱོར་ལ་སེམས་བརྟན་པ་དེ་དག་ནི་ཅུང་ཟད་ཡེ་ཤེས་ལ་དབང་བས་ཡུད་ཙམ་གྱིས་དཀྱིལ་འཁོར་སྤྲུལ་ཏེ་བསྒོམ་ཞེས་སོ། །གང་ཟག་གསུམ་པ་ནི། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར། གང་རྣམ་པ་ཐམས་ཅད་དུ་རབ་ཏུ་སྤྲོ་བ་དང་སྡུད་པར་བྱེད་པའི་སྦྱོར་བས་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱེད་པར་ནུས་པ་དེ་ཉིད་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱ་སྟེ། དེ་ཡང་ཡེ་ཤེས་བབས་པས་ཐོབ་པ་ཉིད་ལ་འགྱུར་གྱི། མ་ཐོབ་པ་ལ་ནི་མ་ཡིན་ཏེ། དེ་ཉིད་ཀྱིས་ཅུང་ཟད་ཅེས་སྨོས་པ་ཡིན་ནོ། །ཞེས་པ་ལྟར་ཕྲ་བའི་ལྷ་རྣམས་ཀྱི་ཡན་ལག་དང་ཉིང་ལག་སོགས་ཡུད་ཙམ་རེས་མངོན་དུ་བྱེད་ནུས་པ་ནས་བཟུང་སྟེ། ཡེ་ཤེས་ལ་ཡང་དག་པར་དབང་མ་ཐོབ་ཀྱི་བར་ལ་བྱའོ། །འདི་ལའང་ཕྲ་བའི་ལྷ་རྣམས་ཀྱི་ཡན་ལག་སོགས་ཡུད་ཙམ་རེས་སྣང་ནུས་ཀྱང་མི་བརྟན་ན་གང་ཟག་གཉིས་པ་ཡིན་ལ། བརྟན་ན་གསུམ་པར་འཇོག་སྟེ། མན་ངག་སྙེ་མར། གང་ཡང་གོམས་པའི་དཀྱིལ་འཁོར་མཐའ་དག་ལ་སེམས་བརྟན་པ་དེ་ནི། ཡེ་ཤེས་ལ་དབང་བ་ཅན་ཏེ། སྤྲོ་བ་དང་སྡུད་པ་ལས་གྲོལ་བའི་དོན་རྒྱས་པར་བྱེད་ཅིང༌། ཞེས་དང༌། དགྲ་ནག་གི་འགྲེལ་པར། དེས་སྐུ་རྡོ་རྗེ་ལ་སོགས་པ་ལག་མཐིལ་གྱི་ཤིང་ཐོག་ལྟར་རང་དབང་དུ་མཐོང་བ་ན་དེ་ཡེ་ཤེས་ལ་དབང་ཐོབ་པ་ཡིན་པས། ཐུན་མཚམས་ངེས་པ་མེད་པར་བྱས་ལ། འཆད་པར་བྱེད་པའི་རྫོགས་པའི་རིམ་པ་བསྒོམ་པར་བྱེད་དོ། །ཞེས་སོ། །འདིར་སླེབ་ནས་ཐུན་བཞིའི་རྣལ་འབྱོར་བྱ་མི་དགོས་ཀྱི། ཉིན་ཞག་རེ་ལ་བསྐྱེད་ཐེངས་རེས་ཆོག་གོ །འདིར་སླེབ་པ་ཙམ་གྱིས་བསྐྱེད་རིམ་མཐར་ཕྱིན་པ་མ་ཡིན་པས་ད་རུང་བསྐྱེད་རིམ་མཐར་དབྱུང་དགོས་སོ། །གང་ཟག་བཞི་པ་ནི། མན་ངག་སྙེ་མར། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྟོགས་ནས། མུ་མཐའ་མེད་པའི་གཞན་གྱི་དོན་བསྒྲུབ་ནུས་པ་ལ་བཤད་ལ། དེའི་དོན་དགྲ་ནག་འགྲེལ་པར། དེ་ནས་དེས་སྟོང་པ་ཉིད་ལ་ངེས་པར་གནས་ཤིང་ལངས་པ་ན་ཇི་ལྟར་འདོད་པ་སྣང་བར་བྱིན་གྱིས་བརླབ་པར་ནུས་པ་ན་དེ་ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ཞེས་བྱ་བ་སྟེ། བྱ་བ་ལས་ངེས་པར་གྲོལ་བ་རང་དབང་དུ་གྱུར་པ་གྲུབ་པའི་སྐྱེས་བུ་ཞེས་བྱ་བར་གནས་པའོ། །ཞེས་གསུངས་པ་ལྟར་ཡིན་ནོ། །མདོར་ན་དང་པོ་བསྒོམ་པ་ནས་བཟུང་སྟེ། ལྷ་དགུ་གཞལ་ཡས་ཁང་དང་བཅས་པ་རྣམས་ཡུད་ཙམ་རེས་གསལ་བར་ནུས་ཀྱི་བར་ནི་ལས་དང་པོ་པ་ཡིན་པས་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མངོན་རྟོགས་རྣམས་བསྒོམ། གང་རགས་པའི་དཀྱིལ་འཁོར་དེ་ཡུད་ཙམ་གྱིས་མངོན་དུ་བྱེད་ནུས་ལ། མིག་ཏུ་གཏི་མུག་རྡོ་རྗེ་ལ་སོགས་བཀོད་པ་རྣམས་ཡུད་ཙམ་གྱིས་འཆར་མི་ནུས་ཀྱང༌། རིམ་པ་བཞིན་གསལ་བཏབ་ན་འཆར་ནུས་ཀྱི་བར་ནི་ཡེ་ཤེས་ཅུང་ཟད་བབས་པའི་གང་ཟག་སྟེ། འདིས་ཨཱ་ལི་ཀཱ་ལི་སྤངས་པའི་མངོན་རྟོགས་རྣམས་བསྒོམ། ཕྲ་བ་མིག་སོགས་ལ་བཀོད་པའི་ལྷ་རྣམས་ཡུད་ཙམ་རེས་མངོན་དུ་བྱེད་ནུས་པ་ནས་བཟུང་སྟེ། སྣང་བ་ལྷའི་འཁོར་ལོ་བསྒོམ་མི་ནུས་ཀྱི་བར་ནི། ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པ་སྟེ། འདིས་ས་བོན་ལས་བསྐྱེད་པའི་མངོན་པར་རྟོགས་པ་བསྒོམ། སྣང་བ་ལྷའི་འཁོར་ལོར་བསྒོམ་ནུས་པའི་གང་ཟག་དེ་ནི་ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་སྟེ། འདིས་སྐད་ཅིག་གིས་བསྐྱེད་པའི་མངོན་རྟོགས་བསྒོམ། གང་ཟག་འདིས་ཀྱང་གཟུགས་ཀྱི་སྐུ་མ་ཐོབ་ཀྱི་བར་དུ་བསྐྱེད་རིམ་བསྒོམ་དགོས་ཀྱང༌། གང་ཟག་འོག་མ་རྣམས་ཀྱི་སྐབས་བཞིན། བསྐྱེད་ཆོག་གི་སྒོ་ནས་སྒྲུབ་མི་དགོས་ཀྱི་སྐད་ཅིག་གིས་བསྐྱེད་པས་ཆོག་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་སྔར་གྱི་བསྒྲུབ་བྱ་དཀྱིལ་འཁོར་གྱི་ལྷ་དེ་རྣམས། སྒྲུབ་བྱེད་མངོན་རྟོགས་འདི་རྣམས་ཀྱིས་ཚུལ་ཇི་ལྟར་དུ་བསྒྲུབ་སྙམ་ན། ཟབ་གསལ་གཉིས་སུ་མེད་པའི་ཚུལ་དུ་བསྒོམ་དགོས་ཏེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། དེས་ན་ཟབ་གསལ་དཀྱིལ་འཁོར་བས། །ང་ནི་རྟག་ཏུ་མྱ་ངན་འདས། །དེ་དོན་སྐྱེ་བོས་མ་ཤེས་པས། །སྲིད་པའི་སྡུག་བསྔལ་གྱིས་གཟིར་རོ། །དེས་ན་ཟབ་གསལ་བྱང་ཆུབ་ནི། །གཉིས་མེད་རྟོགས་པས་དེ་གྲོལ་ལོ། །ཞེས་གསུངས་སོ། །དེ་ལ་གསལ་བ་ནི། སྣང་ཕྱོགས་ལྷའི་འཁོར་ལོ་སྒྱུ་མ་ལྟ་བུ་དང༌། ཟབ་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའི་དབྱིངས་ལྟ་བུ་དང༌། དེ་གཉིས་ཟུང་དུ་འཇུག་པ་ནི་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། ཡེ་ཤེས་ཞབས་ཀྱིས། རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟག་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བས། །ཡང་དག་གསལ་བ་ཅེས་བྱའོ། །དེ་གཉིས་མེད་པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བས་རབ་ཏུ་མ་ཟིན་པས། །ཆོས་ཀྱི་དབྱིངས་ཞེས་བཤད་པའོ། །ཞེས་སོ། །དེས་ན་སྟོང་ཉིད་སྤངས་པའི་ལྷའི་རྣལ་འབྱོར་གྱིས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་ནུས་ཀྱང༌། གཟུགས་ཀྱི་སྐུ་བསྒྲུབ་མི་ནུས་ལ། སྟོང་ཉིད་ཁོ་ནས་ཀྱང་ཆོས་ཀྱི་སྐུ་བསྒྲུབ་པར་མི་ནུས་པས། ཟུང་འཇུག་ཏུ་ཉམས་སུ་བླང་དགོས་ཏེ། ཡེ་ཤེས་ཞབས་ཀྱིས། ཟབ་མོ་ཁོ་ན་རྟོགས་པས་མིན། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་ཕྱིར་ཐལ་བྱུང་ཟབ་མོ་ཡིས། །གྲོལ་འདོད་དེ་ལ་ང་མ་དད། །དེ་བས་གཉིས་མེད་རང་བཞིན་དུ། །རྟོགས་པས་ཚེ་འདིར་འབྲས་ཐོབ་ངེས། །ཞེས་གསུངས་སོ། །འོ་ན་བསྐྱེད་རིམ་གྱི་ལམ་གྱི་སྐབས་སུ་ཡང་སྟོང་པ་ཉིད་བསྒོམ་དགོས་པར་འགྱུར་རོ་སྙམ་ན། དེ་ནི་ཤིན་ཏུ་ཡང་དགོས་ཏེ། མངོན་པར་རྟོགས་པའི་གཞུང་ཐམས་ཅད་དུ། ཡེ་ཤེས་ཀྱི་ཚོགས་བསགས་སྟོང་པ་ཉིད་བསྒོམ་པ་གསལ་བར་བཤད་པའི་ཕྱིར་དང༌། སྟོང་ཉིད་དེ་ཉིད་ལྷའི་ཚུལ་དུ་བསྒོམ་དགོས་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཛྙཱ་ནཱ་ཀ་རས། རང་སྔགས་ཆོས་དབྱིངས་ཐུགས་ཆུད་ཅིང༌། །ནམ་མཁའི་ངོས་ལྟར་གྱུར་པ་ལས། །ཀླུ་རྣམས་ཀྱི་ནི་བྱིན་རླབས་ཀྱིས། །མདོག་དང་དབྱིབས་ནི་ཐ་དད་པའི། །སྤྲིན་རྣམས་ནམ་མཁར་འབྱུང་བ་ལྟར། །ལྷ་ཡི་སྐུ་ནི་འབྱུང་བ་ཡིན། །ཞེས་བྱ་བ་ལ་ལྷའི་དེ་ཁོ་ན་ཉིད་ནི་སྔར་བསྟན་པའི་སྔགས་བརྗོད་ཅིང༌། དེའི་དོན་ལ་མོས་པའི་མཐུས། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རྟོགས་ཤིང་ཁོང་དུ་ཆུད་པ་ལས་སྔོན་དུ་བསོད་ནམས་ཀྱི་ཚོགས་བསགས་པ་དང༌། སྨོན་ལམ་ཁྱད་པར་ཅན་གྱི་མཐུས། ལྷའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་འབྱུང་བར་འགྱུར་ཏེ། དཔེར་ན། ཀླུ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་རྣམ་པར་རྟོག་པ་མེད་བཞིན་དུ་ནམ་མཁའི་དཀྱིལ་དུ། མདོག་དང་དབྱིབས་ཐ་དད་པའི་སྤྲིན་གྱི་ཕུང་པོ་འབྱུང་བ་བཞིན་ནོ། །ཞེས་གསུངས་སོ། །གཞན་ཡང་བསྐྱེད་རིམ་གྱི་སྦྱང་གཞི། སྐྱེ་འཆི་བར་དོ་གསུམ་ཀ་སྦྱང་དགོས་པ་ལ། འཆི་བ་སྦྱོང་བ་ལ་སྟོང་ཉིད་བསྒོམ་དགོས་པའི་ཕྱིར་དང༌། བསྐྱེད་རིམ་ནི་རྫོགས་རིམ་གྱི་རྟོགས་པ་ཡོངས་རྫོགས་སྐྱེ་བའི་ཐབས་ཡིན་ལ། དེར་སྟོང་ཉིད་མ་བསྒོམ་ན་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་མི་ནུས་པའི་ཕྱིར་དང༌། བསྐྱེད་རིམ་གྱིས་སྐུ་གསུམ་ལམ་དུ་བྱེད་དགོས་པས། ཆོས་སྐུ་ལམ་དུ་བྱེད་པ་ལ་སྟོང་ཉིད་བསྒོམ་དགོས་པའི་ཕྱིར་རོ། །གཞན་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས། སྔགས་དང་ཕྱག་རྒྱའི་སྦྱོར་བ་དང༌། །དཀྱིལ་འཁོར་ལ་སོགས་རྣམ་རྟོག་དང༌། །སྦྱིན་སྲེག་གཏོར་མའི་བྱ་བ་ཀུན། །རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞི་བ་དང་ནི་རྒྱས་པ་སྟེ། །དེ་བཞིན་དབང་དང་མངོན་སྤྱོད་དང༌། །དགུག་སོགས་གང་ཡང་རུང་བ་ཀུན། །དབང་པོའི་གཞུ་དང་མཚུངས་པར་བྱ། །སྒེག་སོགས་ཉེ་བར་སྤྱོད་པ་དང༌། །ཀླུ་དང་རོལ་མོ་སོགས་བརྟེན་དང༌། །སྒྱུ་རྩལ་རྣམས་ལ་རབ་འཇུག་པ། །ཆུ་ཟླ་བཞིན་དུ་རབ་ཏུ་བྱ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་རབ་འཇུག་པ། །སྒྱུ་མ་ལྟ་བུར་ཉེ་བར་བརྟག །འདིར་ནི་མང་དུ་བཤད་ཅི་དགོས། །རྡོ་རྗེ་ཐེག་པར་རྣལ་འབྱོར་པས། །དེ་ཉིད་གང་ཡང་དམིགས་བྱ་བ། །དེ་དེར་སྒྱུ་མ་ལྟ་བུར་གསུངས། །ཞེས་སྔགས་ཀྱི་ཀུན་སྤྱོད་ཐམས་ཅད་སྒྱུ་མ་ལྟ་བུའི་ངང་ནས་བྱ་དགོས་པར་བཤད་ལ། ལམ་འདིར་ཞུགས་པའི་རྣལ་འབྱོར་པས་ལྟ་བ་རྙེད་ན་རྒྱུན་ལྡན་དུ་མ་བསྐྱངས་ན་ཐུགས་ཀྱི་དམ་ཚིག་ཉམས་པར་བཤད་པས། ངེས་པ་སྟོང་ཉིད་ལ་དྲང་ཞིང༌། གཟུགས་རྣམས་ལྷར་ཤར་བའི་བསྐྱེད་པའི་རིམ་པ་བསྒོམ་པ་འདི་ནི་རྨད་དུ་བྱུང་བའི་སྲོལ་དུ་ཤེས་པར་བྱའོ། །གལ་ཏེ་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་སྣང་བ་དང༌། བདག་མེད་རྟོགས་པའི་ཤེས་རབ་གཉིས་དབྱེར་མེད་པར་སྦྱར་བའི་ལམ་དེས་འཁོར་བའི་རྩ་བ་བདག་འཛིན་ཇི་ལྟར་འགོག་སྙམ་ན། སྒྲུབ་ཐབས་ཀུན་བཟང་ལས། ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་པའི་སེམས། །འདི་ནི་མངོན་སུམ་དུ་ནི་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེར་ནི་ཀུན་རྟོག་སྣང་མི་འགྱུར། །ཞེས་གསུངས་ལ། དེའི་དོན་སློབ་དཔོན་ཐ་ག་ནས། བསྐྱེད་རིམ་གྱི་ལམ་ལ་འབད་པ་བྱས་པ་ཐམས་ཅད་འཁོར་བ་ལས་གྲོལ་བའི་ཆེད་ཡིན་ན། ལམ་འདིས་འཁོར་བ་ལས་གྲོལ་བར་མི་འགྱུར་ཏེ། བདག་མེད་བསྒོམ་པར་མི་འདུག་པའི་ཕྱིར་རོ། །ཞེས་རྒོལ་བའི་ལན་དུ། གཞུང་འདིས་བསྐྱེད་རིམ་གྱིས་འཁོར་བའི་རྩ་བ་དང་འགལ་བར་བཤད་ལ། སྨན་ཞབས་དང༌། དཔལ་འབྲས་རྡོ་རྗེས་ཀྱང༌། སྲིད་པའི་སྡུག་བསྔལ་གྱི་གཉེན་པོར་བསྐྱེད་རིམ་གསུངས་པར་བཤད་དོ། །དེ་ལ་ཐ་མལ་གྱི་རྣམ་རྟོག་ཅེས་པའི་དོན་ནི། ལྷའི་རྣམ་པ་དང་བྲལ་བའི་སྣང་བ་རང་དགའི་རྟོག་པ་ཙམ་ལ་འཆད་པ་ནི་ཡེ་ཤེས་ཞབས་ཀྱི་བཞེད་པ་མ་ཡིན་ཏེ། འགྲེལ་པ་ཐ་ག་ནར། ཐ་མལ་པའི་རྣམ་པར་རྟོག་པ་ནི་བདག་དང་བདག་གིར་རྣམ་པར་རྟོག་པའོ། །ཞེས་དང༌། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར། ཤཱནྟི་པས་ཀྱང༌། འདིར་ཐ་མལ་གྱི་ཀུན་ཏུ་རྟོག་པ་ཞེས་བྱ་བ་ནི། བདག་དང་བདག་གི་བ་དང་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་ཡིད་ཀྱི་བརྗོད་པ་ལ་བྱ་བར་བཤད་ན་སྲིད་པའི་བདག་ཉིད་ཅན་གྱི་སྡུག་བསྔལ་ཞེས་བྱ་བར་ཉེ་བར་གདགས་པས་སྲིད་པའི་བདག་ཉིད་ཅན་གྱི་སྡུག་བསྔལ་གྱི་རྒྱུའི་གཙོ་བོ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བདག་འཛིན་ནི་ཐ་མལ་གྱི་རྣམ་རྟོག་ཡིན་ཞིང༌། དེ་སྲིད་པའི་སྡུག་བསྔལ་གྱི་རྩ་བ་ཡིན་པས་དེ་སྐད་ཅེས་བཏགས་སོ། །དེ་དང་འགལ་བའི་སེམས་ནི། དཔལ་འབྲས་རྡོ་རྗེས། དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་དེ་ལ་མངོན་སུམ་གྱིས་འགལ་བར་རྟོགས་པར་འགྱུར་རོ། །ཞེས་ལྷའི་རྣམ་པ་ཅན་གྱི་སེམས་ལ་བཤད་ལ། འགལ་ལུགས་ནི་རྣམ་པ་འགལ་བ་སྟེ། འཛིན་སྟངས་གཉིས་དངོས་སུ་འགལ་བར་དགོས་སོ། །འཁོར་ལོའི་རྣམ་པ་ཅན་གྱི་སེམས་དེ་ཡང་སྒོམ་པ་པོ་རང་ཉིད་ཀྱིས་མངོན་སུམ་དུ་རྟོགས་པར་འགྱུར་རོ། །དེ་དང་བདག་འཛིན་འགལ་བའི་རྒྱུ་མཚན་ནི། ལྷའི་རྣམ་པ་ཅན་གྱི་སེམས་དེ་སྐྱེས་པའི་དུས་ན་ཐ་མལ་གྱི་རྣམ་རྟོག་སྟེ་བདག་འཛིན་དེ་གཏན་ནས་མི་སྣང་བའི་ཕྱིར་རོ། །གལ་ཏེ་དེ་སྐྱེས་པའི་ཚེ་བདག་འཛིན་མ་མཐོང་བས་དེ་འགོག་མི་ནུས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒོམས་པས་ཀྱང་ལྡོག་པར་འགྱུར་རོ། །ཞེས་པའི་ལན་དུ། ཤཱནྟི་པས། དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་སེམས་ནི་མི་བདེན་པའི་རྣམ་པར་རྟོག་པ་ཐམས་ཅད་བསལ་བ་ལ་འཇུག་པ་ཡིན་པའི་ཕྱིར་རོ། །དེ་ཡང་ལྷན་ཅིག་མི་སྣང་བ་ཙམ་གྱིས་མ་ཡིན་ནོ། །ཞེས་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ནི། བདག་མེད་པའི་རྣམ་པར་འཇུག་པ་མ་ཡིན་ཏེ། དེ་བདག་ཏུ་ལྟ་བ་ལས་མི་ལྡོག་པའི་ཕྱིར། དེའི་རྒྱུ་ཅན་སྡུག་བསྔལ་ཡང་ལྡོག་པ་མ་ཡིན་ནོ། །དེ་ཡང་འདི་ན་སྐྱེ་བ་ནས་སྐྱེ་བར་བརྒྱུད་པའི་རྒ་བ་དང་འཆི་བ་ལ་སོགས་པ་ནི་སྡུག་བསྔལ་གྱི་བདེན་པའོ། །དེའི་རྒྱུར་གྱུར་པ་བདག་ཏུ་ལྟ་བ་ལ་སོགས་པ་ནི་ཀུན་འབྱུང་གི་བདེན་པའོ། །དེའི་གཉེན་པོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནི་ལམ་གྱི་བདེན་པའོ། །སྡུག་བསྔལ་འབྱུང་བ་ཤིན་ཏུ་མེད་པར་བྱ་བའི་ཕྱིར་སེམས་ཀྱི་རྒྱུན་གྱི་མཚན་ཉིད་ཅན་གནས་ཡོངས་སུ་གྱུར་པ་ནི་འགོག་པའི་བདེན་པ་སྟེ། འདི་ནི་མདོར་དོན་དམ་པའོ། །ཞེས་ནམ་མཁའ་མཐའ་ཡས་ནི་བདག་མེད་ལ་བློ་ཁ་མ་ཕྱོགས་པས་དེ་བསྒོམས་པས་བདག་འཛིན་ལ་མི་གནོད་པའི་ཕྱིར། དེ་བསྒོམས་ཀྱང་སྲིད་པ་ལས་མི་གྲོལ་བ་དང༌། འཁོར་ལོའི་རྣམ་པ་ཅན་གྱི་སེམས་ནི་བདག་ཏུ་འཛིན་པའི་ཡུལ་བཀག་པའི་བདག་མེད་ལ་འཇུག་པས། དེས་བདག་འཛིན་ལྡོག་ནུས་པའི་ཚུལ་ལེགས་པར་ཕྱེ་ནས་གསུངས་སོ། །དེ་ལྟར་གནོད་བྱ་གནོད་བྱེད་དུ་ལན་ཅིག་མཐོང་བ་དེ་ནི། གཉེན་པོ་ཇི་ལྟར་འཕེལ་བ་བཞིན་མི་མཐུན་ཕྱོགས་རིམ་གྱིས་འགགས་ནས་མཐར་སྤང་བྱ་རྩ་བ་ནས་སྤང་བར་ནུས་ཏེ། སྒྲུབ་ཐབས་ཀུན་བཟང་ལས། གང་ཞིག་གང་དང་མི་མཐུན་པ་དག་ཏུ། །ལན་ཅིག་གྱུར་པའང་དེ་བགྲོད་རྒྱས་འགྱུར་བར། །མཐོང་དང་བསླབ་པ་རྣམ་པར་འཕེལ་བ་དག །རང་གི་མི་མཐུན་ཤིན་ཏུ་འགག་པར་འགྱུར། །ཞེས་སོ། །མདོར་ན་དམིགས་པ་ལྷ་ལ་དམིགས་ནས། རྣམ་པ་རང་བཞིན་མེད་པའི་དོན་ངེས་པའི་བློ་ངེས་ཤེས་ཀྱི་འཛིན་སྟངས་སྟོང་ཉིད་ལ་ཞུགས་ཤིང༌། གཟུགས་རྣམས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་རྣམ་པར་ཤར་བའི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་འདི་ལྟ་བུ་བསྒོམས་པས་བདག་འཛིན་རྒྱུ་དང་བཅས་པ་ཞི་བར་འགྱུར་གྱི། ཟབ་གསལ་གཉིས་མེད་དུ་མ་ཤེས་པའི་ལྷ་བསྒོམ་པ་རྣམས་ནི་བདག་འཛིན་འགོག་མི་ནུས་ལ། དེ་བཞིན་དུ་ཞེ་སྡང་དང་ཁྲོ་བོའི་རྣལ་འབྱོར་སྦྲགས་ཏེ་སྒོམ་པ་ནི། ཕྱི་མར་སུས་ཀྱང་ཐུལ་བར་མི་ནུས་པའི་འབྱུང་པོར་སྐྱེས་ནས་ལས་སོགས་པའི་རྒྱུ་ཡིན་པས། དེ་དག་སྤངས་ལ་ཚུལ་འདི་ལ་རྣལ་འབྱོར་དུ་བྱས་ན་འབྲས་བུ་མངོན་དུ་བྱེད་པར་འགྱུར་ཞིང༌། འདི་ལྟ་བུ་འཆད་པ་ཡང་སྐལ་བ་བཟང་བར་ཤེས་པར་བྱའོ། །གཉིས་པ་གཞུང་དོན་ལ་གཉིས། སྔོན་འགྲོ་དང་དངོས་གཞིའོ། །དང་པོ་ལ་གཉིས། སྤྱིའི་སྔོན་འགྲོ་ཁ་བསྐང་བ་དང༌། ཁྱད་པར་གྱི་སྔོན་འགྲོ་བཤད་པའོ། །དང་པོ་ནི། སྒྲུབ་ཐབས་ཀྱི་གཞུང་རྣམས་དང༌། རྗེ་བཙུན་ཡབ་སྲས་ཀྱི་སྒྲུབ་ཐབས་ཀྱི་གཞུང་རྣམས་སུ། སྔོན་འགྲོ་འདི་རྣམས་བྱེད་པའི་གསལ་ཁ་མེད་ཀྱང༌། བླ་ཆེན་འཕགས་པས། སྐྱབས་འགྲོ་སེམས་བསྐྱེད། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་གསུམ་སྐབས་འདིར་གསལ་བར་བཤད་པ་ནི་སྔོན་གྱི་གདམས་ངག་ཇི་ལྟ་བ་བཞིན་དུ་བྲིས་པར་སྣང་བས་ལེགས་པ་ཡིན་ལ། རྭ་པ་དང་དཔྱལ་བ་ལ་སོགས་པ་བོད་ཀྱི་སྔགས་པ་གཞན་རྣམས་ཀྱི་ཕྱག་ལེན་ལ་ཡང་ཡོད་དོ། །འདི་བཤད་པ་ལ་གསུམ། སྔོན་འགྲོ་གསུམ་བྱ་དགོས་པའི་རྒྱུ་མཚན། ཇི་ལྟར་བྱ་བའི་ཚུལ། དེ་ལྟར་བྱས་པའི་དགོས་པའོ། །དང་པོ་ནི། སློབ་དཔོན་འཇམ་དཔལ་གྲགས་པས། སྡོམ་གསུམ་ཆོ་ག་མི་ལྡན་པར། །སྔགས་པའི་བདག་ཉིད་མི་འགྱུར་ཏེ། །ཞེས་གསུངས་པས། སྒྲུབ་པ་པོའི་རྒྱུད་སྡོམ་པ་གསུམ་དང་མི་ལྡན་པར་བསྐྱེད་རྫོགས་ཀྱི་ལམ་བསྒོམས་ཀྱང་ཡེ་ཤེས་མི་སྐྱེ་བས། རྒྱུད་དེ་གསུམ་དང་ལྡན་པ་ནི་མི་དགོས་ཁ་མེད་ཀྱི་ལམ་གྱི་གཞི་ཆེན་པོ་ཡིན་ནོ། །སྡོམ་པ་གསུམ་ལྡན་གྱི་གང་ཟག་དེས་བསྐྱེད་རིམ་ཉམས་སུ་ལེན་པའི་ཚེ་རང་རྒྱུད་ཀྱི་སྡོམ་པ་གསུམ་ལ་ཉེས་པ་མེད་པར་བྱས་ནས་བསྒོམ་དགོས་ལ། དེ་ལ་ཉེས་པ་ཆེན་པོ་རྣམས་ནི་སླར་བླང་བ་དང༌། ཕྱིར་འཆོས་པ་ལ་སོགས་པའི་ཐབས་ཀྱིས་སྦྱོང་དགོས་ལ། ཐུན་བར་གྱི་ཉེས་པ་ཆུང་ངུ་རྣམས་སྦྱོང་བའི་ཕྱིར་དུ་ཐབས་འདི་གསུམ་བྱ་སྟེ། སློབ་དཔོན་འཇམ་དཔལ་གྲགས་པས། དང་པོར་སོ་སོ་ཐར་པ་ཡི། །སྡོམ་པ་ལེགས་པར་མ་བཟུང་བར། །གསང་བ་སོགས་ཚུལ་གནས་བྱེད་པ། །ཐ་བ་ལས་འབྲས་བསྐྱེད་བཞིན་ནོ། །རྩ་བ་རྙེད་པར་མི་འགྱུར་བས། །དང་པོར་སྐྱབས་འགྲོ་ནས་བརྩམས་ཏེ། །སྡོམ་གསུམ་ཆོ་ག་རབ་ཏུ་བརྟག །ཅེས་གསུངས་པའི་ཕྱིར་རོ། །དེས་ན་སོ་ཐར་གྱི་སྡོམ་པ་ཡར་ལྡན་དུ་བྱ་བའི་ཕྱིར་དུ་སྐྱབས་འགྲོ་དང༌། བྱང་སེམས་ཀྱི་སྡོམ་པ་འཕེལ་བར་བྱ་བའི་ཕྱིར་སེམས་བསྐྱེད་དང༌། རིག་འཛིན་གྱི་སྡོམ་པའི་ཉེས་ལྟུང་རྣམས་བྱིན་གྱིས་བརླབས་ཤིང་ལྟུང་བ་འཕེལ་དུ་མི་གཞུག་པའི་ཕྱིར། རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་བྱས་པས། རང་རྒྱུད་ཀྱི་སྡོམ་པ་གསུམ་པོ་ཡོངས་སུ་དག་པར་བྱས་ནས་ལམ་བསྒོམ་པ་ཡིན་ནོ། །གཉིས་པ་ལ་གསུམ། སྐྱབས་འགྲོའི་རྣལ་འབྱོར། སེམས་བསྐྱེད་ཀྱི་རྣལ་འབྱོར། རྡོ་རྗེ་སེམས་དཔའི་རྣལ་འབྱོར་རོ། །དང་པོ་ནི། སྐྱབས་སུ་འགྲོ་བའི་གང་ཟག་ནི། མཐའ་ཡས་པའི་འགྲོ་བ་དྲིན་ཅན་གྱི་མར་གྱུར་པ་རྣམས་དང༌། རང་ཉིད་དོ། །དུས་ནི་སྙིང་པོ་བྱང་ཆུབ་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུའོ། །ཡུལ་ལ་མི་འདྲ་བ་དུ་མ་ཡོད་པ་རྣམས་ནི། རྒྱུན་བཤགས་ཀྱི་སྐབས་སུ་འཆད་ལ། འདིར་ནི་དཀྱིལ་འཁོར་གྱི་གཙོ་བོ་བླ་མ་དང་ཐ་མི་དད་པ་ནི་སངས་རྒྱས་དཀོན་མཆོག དེའི་ཐུགས་རྒྱུད་ལ་བཞུགས་པའི་རིམ་གཉིས་ཀྱིས་བསྡུས་པའི་རྟོགས་པ་མཐར་ཐུག་པ་ཆོས་དཀོན་མཆོག རྟོགས་པ་དེ་དཔེའི་ཡེ་ཤེས་ཀྱི་ཚུལ་གྱིས་རྒྱུད་ལ་ཞུགས་ཤིང༌། དབང་བསྐུར་གྱི་བསླབ་པ་རང་བས་རྒན་པར་གྱུར་པའི་གང་ཟག་དང༌། དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་ནི་དགེ་འདུན་དཀོན་མཆོག་སྟེ། དེ་རྣམས་ལའོ། །ཚུལ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རང་ཉིད་དཀོན་མཆོག་གསུམ་གྱི་གོ་འཕང་ཐོབ་པར་འདོད་པའི་ཚུལ་གྱིས་སོ། །དེ་ལྟར་སྐྱབས་སུ་འགྲོ་བའི་རྒྱུ་ནི། འདིར་སྙིང་རྗེ་ཆེན་པོ་དང༌། དད་པ་གཉིས་སུ་ཤེས་པར་བྱའོ། །དེ་དག་རྒྱས་པར་རྟོགས་པར་འདོད་ན། མངོན་རྟོགས་ལྗོན་ཤིང་དུ་བལྟའོ། །གལ་ཏེ་འདིར་སྐྱབས་འགྲོ་བྱེད་པ་སོ་ཐར་གྱི་སྡོམ་པ་འཕེལ་བའི་དོན་ཡིན་ན། དེ་ལ་ཉན་ཐོས་ཀྱི་ལྟུང་བཤགས་ལ་སོགས་པ་བྱས་པས་ཆོག་མོད། སྐྱབས་འགྲོ་བྱ་དགོས་པ་ཅི་ཡིན་སྙམ་ན། སྐྱབས་གསུམ་བདུན་ཅུ་པ་ལས། གསུམ་ལ་སྐྱབས་འགྲོའི་དགེ་བསྙེན་ནི། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་པ་ལྟར། སོ་ཐར་རིགས་བརྒྱད་པོ་གང་ཡིན་ཀྱང༌། སྐྱབས་འགྲོ་རྩ་བར་བྱས་ནས་ལེན་དགོས་པའི་ཕྱིར། འདིར་སོ་ཐར་གྱི་རྩ་བའི་ཆོས་ཉམས་སུ་ལེན་པ་ཡིན་གྱི། སོ་ཐར་གྱི་ཉམས་ལེན་གང་ཡིན་ཐམས་ཅད་བསྐྱེད་རིམ་གྱི་སྐབས་འདིར་ཉམས་སུ་ལེན་མི་ནུས་པའི་ཕྱིར་རོ། །སྤྱིར་ནི་སྔགས་པས་རང་གང་གི་སྒོར་ཞུགས་པའི་སོ་སོ་ཐར་པ་དེའི་ཉམས་ལེན་རྣམས། འཁྲུལ་མེད་དུ་ཉམས་སུ་ལེན་ཅིང༌། ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་བྱ་བ་འདི་ནི་གནད་ཀྱི་དོན་དུ་ཤེས་པར་བྱའོ། །གཉིས་པ་ནི། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་བྱ་སྟེ། དེ་ཡང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ལ་ཕ་མ་ནམ་བྱས་རེས་ཀྱི་ཕན་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་པས། དྲིན་ཅན་འདི་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་མཐའ་ཡས་པའི་སྡུག་བསྔལ་གྱིས་གཟིར་བ་རྣམས་སྙིང་རེ་རྗེ་སྙམ་དུ་ཡང་ནས་ཡང་དུ་བསྒོམ་པར་བྱ་སྟེ། འདི་སྔོན་དུ་མ་སོང་ན་སེམས་བསྐྱེད་རྣལ་མ་མི་སྐྱེའོ། །དེ་ལྟར་རྒྱུ་སྙིང་རྗེ་སྔོན་དུ་སོང་ནས། དེའི་འོག་ཏུ་འབྲས་བུ་སེམས་བསྐྱེད་པ་ནི། སེམས་ཅན་དེ་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡང་དང་ཡང་དུ་ཡིད་ལ་བྱའོ། །འདི་ནི་ཐེག་ཆེན་གྱི་ལམ་གྱི་རྩ་བ་ཡིན་པས། བཤད་པ་རྒྱས་པར་ཤེས་དགོས་ཏེ། ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་སེམས་བསྐྱེད་ཀྱི་ཆོ་གར་བལྟའོ། །གསུམ་པ་ལ་གཉིས། སྤྱིར་བཤད་པ་དང༌། བྱེ་བྲག་ཕྱེ་སྟེ་བཤད་པའོ། །དང་པོ་ནི། སྔགས་ཀྱི་ཡན་ལག་མ་ཚང་བའི་ལྟུང་བ་བྱུང་ན། དེ་བྱིན་གྱིས་བརླབ་པའི་ཐབས་ལ། དམ་ཚིག་རྡོ་རྗེའི་བསྒོམ་བཟླས་དང༌། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་གཉིས་གསུངས་པས་གང་བྱས་ཀྱང་འདྲ་མོད། འདིར་བླ་མ་དག་ཕྱི་མ་མཛད་པ་ནི། སློབ་དཔོན་འཇམ་དཔལ་གྲགས་པས། གལ་ཏེ་ལྟུང་སོགས་བྱུང་གྱུར་ན། །ཡི་གེ་བརྒྱ་པས་བྱིན་གྱིས་བརླབ། །ཇི་སྲིད་དུས་ལས་མ་འདས་པར། །དག་པའི་ལས་ལ་ཉེར་གནས་བྱ། །འགྱོད་བཅས་ཉེས་པ་འཕེལ་མི་འགྱུར། །ཞེས་གསུངས་པ་དང་མཐུན་ནོ། །དེ་ཇི་ལྟར་བྱ་བ་ཡང༌། རྒྱུད་སྡེ་རྣམས་ལས་མི་འདྲ་བ་མང་པོ་ཞིག་གསུངས་ཀྱང༌། འདིར་རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས། བདེ་མཆོག་གི་བཤད་རྒྱུད་ཨ་བྷི་དྷ་ན་ལ་བརྟེན་པར་སྣང་བས། དེ་ལྟར་དུ་བཤད་ན། རྒྱུད་དེའི་ལེའུ་ཉི་ཤུ་རྩ་ལྔ་པར། ཡིག་བརྒྱ་ལྷ་ཐམས་ཅད་ཀྱི་གསང་སྔགས་ཡིན་ཚུལ། ཡིག་བརྒྱའི་སྔགས་དངོས། དེའི་འཁྲུལ་འཁོར་གྱིས་ཕྱིར་བཟློག་རྣམས་གསུངས་ལ། ལེའུ་ཉི་ཤུ་རྩ་དྲུག་པར། གང་དུ་དམ་ཚིག་ཉམས་པ་ལ། །སྦྱོང་བ་འདི་ནི་སྦྱིན་པར་བྱ། །ཞི་བར་གྱུར་ནས་བླ་མེད་པ། །རྣལ་འབྱོར་མ་ཡི་དབང་ཡང་བསྐུར། །དུས་བཞི་དག་ཏུ་རིམ་པ་ཡིས། །ཕྱི་དང་ནང་གི་ཆུས་ཁྲུས་བྱ། །ཡང་ན་དམ་ཚིག་སྡོམ་པ་བླང༌། །བླ་མ་ལ་ནི་གསོལ་བ་གདབ། །བདག་ནི་མི་ཤེས་རྨོངས་པ་སྟེ། །ཞེས་སོགས་ནས། རྗེས་མ།>>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply