བསྐྱེད་རིམ་གནད་ཀྱི་ཟླ་ཟེར། ག༽

རྗེའི་ཕྲེང་བ་ཆ་ཕྲན་གཅིག་འཇོག་པ་གང་རུང་བྱའོ། །འདིར་ལེ་ཚེ་དགུ་འདོད་པ་དང༌། མི་འདོད་པའི་ལུགས་གཉིས། དང་པོ་ནི། སློབ་དཔོན་ཉིན་འབྱུང་གི་དཀྱིལ་ཆོག་ལས། ཤར་ཕྱོགས་ཀྱི་ཆའི་འཁོར་ལོའི་ཀ་བ་གདབ་པ་ལ་ནི། ལྷོ་ཕྱོགས་ཀྱི་ཆ་རུ་འདུག་ཅིང་བྱང་དུ་ཁ་ཕྱོགས་པས་གདབ་པར་བྱའོ། །ནུབ་ཕྱོགས་ཀྱི་ཆའི་པདྨའི་ཀ་བའི་ཐིག་ནི་བྱང་ཕྱོགས་ཀྱི་ཆ་རུ་འདུག་ལ་ཁ་ལྷོར་ཕྱོགས་ཏེའོ། །བྱང་ཕྱོགས་ཀྱི་ཆའི་རལ་གྲིའི་ཀ་བའི་ཐིག་ནི་ནུབ་ཀྱི་ཕྱོགས་ཀྱི་ཆར་འདུག་ཅིང་ཁ་ཤར་དུ་ཕྱོགས་པས་སོ། །ལྷོ་ཕྱོགས་ཀྱི་ཆའི་རིན་པོ་ཆེའི་ཀ་བའི་ཐིག་ནི་ཤར་ཕྱོགས་ཀྱི་ཆར་འདུག་ཅིང་ཁ་ནུབ་ཏུ་ཕྱོགས་པས་གདབ་པར་བྱའོ། །ཞེས་བྲི་བྱ་ལ་ཀ་བ་བརྒྱད་བཤད་པས་དབུས་ནས་རྩ་ཐིག་ལ་ཐུག་གི་བར་དུ། རྡོ་རྗེ་ཕྲེང་བས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ་བརྒྱད་ཀྱིས་ལེ་ཚེ་དགུར་བྱས་པའི་དབུས་དང༌། ཕྱོགས་མཚམས་བརྒྱད་ཀྱི་ལེ་ཚེ་ལ་པདྨ་འདབ་བརྒྱད་རེ་རེ་བྱས་ནས། དེ་དག་གི་ལྟེ་བ་ལ་ལྷ་དགུ་པོ་རེ་རེ་དགོད་པ་ཡིན་ལ། སློབ་དཔོན་ཤཱནྟི་པ་ཡང་འདི་བཞིན་བཞེད་དེ། སྒྲུབ་ཐབས་འཁྲུལ་སྤོང་ལས། དེ་ཡི་དབུས་སུ་པདྨ་ནི། །འདབ་མ་བརྒྱད་པ་ལྟེ་བ་དང༌། །སྒོ་བཞི་དང་ནི་ཟུར་བཞིའོ། །ཞེས་དང༌། ཉིན་འབྱུང་གིས། ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་གི་སྒོ་དང༌། དབང་ལྡན་དང༌། མེ་དང༌། བདེན་བྲལ་དང༌། རླུང་གི་མཚམས་སུ་ནི། པདྨའི་ཟེའུ་འབྲུ་ལ་གདན་ཚངས་པ་ལ་སོགས་པ་རིམ་པ་བཞིན་དུ་བརྟག་པར་བྱ་སྟེ། ཞེས་སོ། །གཉིས་པ་ལ་དགུ་མི་འདོད་པ་ལ་ཡང༌། ལྷ་སྣམ་ཡོད་པ་དང༌། མེད་པ་གཉིས་ལས། དང་པོ་ལྟར་ན། རིན་ཆེན་འབར་བར། གསུམ་པའི་ཕྱེད་རྒྱབ་དེ་ཕྱེད་ནང༌། །རྡོར་ཕྲེང་བཞི་པ་ལྷ་སྣམ་ཡིན། །ཞེས་ཆ་ཆེན་གསུམ་པའི་མཐའ་ཐིག་ཡན་ཆད་ཟླུམ་པོར་བསྐོར་བ། གཙོ་བོའི་པདྨ་རྡོར་ཕྲེང་དང་བཅས་པ་དང༌། ཆ་ཆེན་བཞི་པ་ལྷ་སྣམ་དུ་བཤད་ལ། ནག་པོ་པའི་དཀྱིལ་ཆོག་ལས། ལྷ་ཡི་གནས་ཀྱི་སྐུད་པ་ནི། །མཚམས་སུ་སྒོ་དང་མཚུངས་པར་གདབ། །ཅེས་ལྷ་སྣམ་ཆ་ཆེན་གཅིག་བཤད་ཅིང༌། ཡང་དེར། རྡོ་རྗེ་ཕྲེང་བས་བསྐོར་བའི་སྙིང་པོའི་དཀྱིལ་འཁོར་གྱི་ས་གཞི་ནི། སྔོན་པོར་བྱས་ལ་ཞེས་དང༌། དབང་ལྡན་གྱི་མཚམས་ཀྱི་ལྷ་སྣམ་ལ་སྣ་ཚོགས་པདྨའི་སྟེང་དུ་སེངྒེ་ནག་པོ་བྲིའོ། །ཞེས་སོགས་བཤད་པས་སློབ་དཔོན་དེ་རྣམས་ཀྱི་ལུགས་ནི་དབུས་ཀྱི་པདྨ་རྡོར་ཕྲེང་གིས་བསྐོར་བ་གཙོ་བོའི་གནས་དང༌། ལྷ་སྣམ་གྱི་ཕྱོགས་མཚམས་བརྒྱད་དུ་པདྨ་ཆུང་ངུ་རེ་ལ་ལྷ་མོ་བརྒྱད་དགོད་པར་བཞེད་དོ། །གཉིས་པ་ལྷ་སྣམ་མེད་པའི་ལུགས་ལ་གཉིས། རྡོར་ཕྲེང་ཡོད་པ་དང༌། མེད་པའོ། །དང་པོ་ནི། མར་མེ་མཛད་ཀྱིས། གཞལ་ཡས་དབུས་ནི་མཐིང་ག་འབར། །རྡོ་རྗེ་རྭ་བ་པདྨར་ལྡན། །ཞེས་དང༌། ཀཾ་པ་ལས། གཞལ་ཡས་ནང་དུ་པད་འདབ་བརྒྱད། །རྡོ་རྗེ་ཕྲེང་བ་ནག་པོས་བསྐོར། །ཞེས་གསུངས་པས་སློབ་དཔོན་དེ་རྣམས་ཀྱིས་གཞལ་ཡས་ཁང་གི་དབུས་སུ། རྡོར་ཕྲེང་ཆ་ཕྲན་གཅིག་པས་བསྐོར་བའི་དབུས་སུ་པདྨ་འདབ་བརྒྱད་ལ། ལྷ་དགུ་དགོད་པར་བཞེད་ཅིང༌། ཨ་བྷ་ཡས་དགུའི་བདག་ཉིད་ཅན་དགྱེས་པ་རྡོ་རྗེ་བཞིའི་ཚངས་ཐིག་ལས་ཕྱི་ངོས་སུ་ལྟེ་བའི་དོན་དུ་ཆ་ཆུང་ལྔ་དོར་ནས་གེ་སར་གྱི་ཐིག་ཟླུམ་པོ་གཅིག་གོ །དེའི་ཕྱི་ངོས་སུ་འདབ་མའི་དོན་དུ་ཆ་ཆུང་བཅུ་སྤངས་པར་གཅིག་གོ །ཞེས་པ་ཁྱད་པར་རོ། །དེའི་ཕྱི་ངོས་སུ་ཆ་ཆུང་གཅིག་ལ་བུམ་པ་རྣམས་སམ། དེ་ལ་རྡོ་རྗེའི་ཕྲེང་བའམ་ཞེས་པ་ནི་ཁ་ཅིག་གོ །ཞེས་བཤད་དོ། །གཉིས་པ་ནི། དཔལ་མཆོག་ཌོམྦྷི་པས། དེ་ཡི་དབུས་སུ་འདབ་བརྒྱད་པའི། །པདྨ་དམར་པོ་རྣམ་པར་བསམ། །ཞེས་པདྨ་རྐྱང་པ་བསྒོམ་པར་བཤད་ལ། གཉིས་མེད་རྡོ་རྗེ། ཛ་ལནྡྷ་རི་པ་རྣམས་ཀྱང་དེ་བཞིན་དུ་འདོད་དོ། །རྗེ་བཙུན་སྐུ་མཆེད་ཀྱིས་སྒྲུབ་ཐབས་གཉིས་ལས། པདྨ་རྐྱང་པ་ལས་རྡོར་ཕྲེང་སོགས་བྱ་བར་མ་གསུངས་ཤིང༌། དབང་གི་ཆུ་བོར་པདྨའི་མཐར་རྡོ་རྭ་མེ་རིས་བསྐོར་ཞིང༌། དེ་དང་རྩིག་པ་གཉིས་ཀྱི་བར་ན་ལྷ་སྣམ་ཆ་ཆེན་གཅིག་ཡོད་པ་འཕར་མ་གཉིས་པའི་ལུགས་དང༌། དེ་བར་ན་མེད་པ་འཕར་མ་གཅིག་པའི་ལུགས་ཏེ་གཉིས་གསུངས་ལ། དང་པོ་ནི། བདག་མེད་མ་དང་ཐུན་མོང་གི་དབང་དུ་བྱས་ལ། ཕྱི་མ་ནི་ཡབ་ཀྱི་དཀྱིལ་འཁོར་ཁོ་ནའི་དབང་དུ་བྱས་པ་འདྲའོ། །གསུམ་པ་ནི། དབུས་ཀྱི་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་བདུད་བཞིའི་གདན་བསམ་སྟེ། མི་གཡོ་བའི་རྒྱུད་ལས། ཕུང་པོའི་བདུད་ཚངས་པ། ཉོན་མོངས་པའི་བདུད་དབང་ཕྱུག འཆི་བདག་གི་བདུད་ཁྱབ་འཇུག ལྷའི་བུའི་བདུད་ལྷའི་དབང་པོ་ཞེས་སོ། །བདུད་དེ་དག་གི་ངོ་བོ་ནི། དག་པ་རྡོ་རྗེའི་སྒྲོན་མེར། ཕུང་པོ་ལ་བརྟེན་པའི་ནད་ནི་ཕུང་པོའི་བདུད་དང༌། ཕུང་པོ་རྣམས་ཀྱི་ཕུང་པོར་གྱུར་པ་ནི་འཆི་བའི་བདུད་དང༌། སེམས་ཅན་ལ་གནོད་པ་བྱེད་པ་ནི་ཉོན་མོངས་པའི་བདུད་དང༌། དེ་བཞིན་དུ་བུད་མེད་ལ་གཡོ་བ་ནི་ལྷའི་བུའི་བདུད་དུ་བརྗོད་དོ། །ཞེས་པ་ལྟར་རོ། །བདུད་བཞི་པོ་དེ་དག་གཅིག་སྟེང་དུ་གཅིག་བརྩེགས་མར་གནས་པ་ཡིན་ཏེ། རྗེ་བཙུན་སྐུ་མཆེད་ཀྱིས། བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ། ཅེས་དང༌། སློབ་དཔོན་ཤཱནྟི་པས། དབུས་སུ་བདུད་ནི་བཞི་པ་སྟེ། །གོང་ནས་གོང་དུ་བཀན་པའོ། །ཞེས་དང༌། ཉིན་འབྱུང་གིས། ཚངས་པ་དང༌། ཁྱབ་འཇུག་དང༌། དབང་ཕྱུག་དང༌། དབང་པོའི་གཟུགས་གོང་ནས་གོང་དུ་བཀན་པ་འཇིགས་པ་དང་ལྡན་པ་ཞེས་བཤད་པའི་ཕྱིར་རོ། །དེ་ལྟ་བུའི་བདུད་བཞི་པོ་ཡིས་ནི་པདྨའི་ལྟེ་བར་རྣམ་པར་སྤྲས་པ་བསྒོམ་ཞིང༌། འདབ་མ་བརྒྱད་ལ། རྗེ་བཙུན་རྩེ་མོས། ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་དཀར་པོ། ནུབ་ཏུ་ཉེ་དབང་སྔོན་པོའམ་དམར་པོ། བྱང་དུ་དྲག་པོ་ནག་པོ། བྱང་ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་ནོར་ལྷ་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ། ནུབ་བྱང་དུ་ཐག་ཟངས་རིས་ལྗང་གུའམ་དུད་ཁའོ། །ཞེས་དང༌། མངོན་རྟོགས་དོན་གསལ་ལས། ཕྱོགས་བཞིར་ཚངས་པ་དང༌། དབང་པོ་དང༌། ཉེ་དབང་དང༌། དྲག་པོ་བཞི་དགོད་པར་བྱའོ། །མཚམས་བཞིར་གཤིན་རྗེ་དང༌། ནོར་སྦྱིན་དང༌། བདེན་བྲལ་དང༌། ཐག་ཟངས་རིས་རྣམས་བཀོད་ལ། ཞེས་པ་ལྟར་འཁོར་གྱི་ལྷ་མོ་རྣམས་ཀྱི་གདན་སྒོམ་མོ། །དེ་ལ་དབུས་ཀྱི་གདན་གྱི་ཁ་དོག་ནི། གཞུང་གཞན་རྣམས་ན་མི་གསལ་ཡང༌། སློབ་དཔོན་ཨ་བྷ་ཡས། དེ་ལ་ཕུང་པོའི་བདུད་ཀྱི་རང་བཞིན་ཚངས་པ་སེར་པོ། ཉོན་མོངས་པའི་བདུད་ཁྱབ་འཇུག་ནག་པོ། འཆི་བདག་གི་བདུད་དབང་ཕྱུག་ཆེན་པོ་དཀར་པོ། ལྷའི་བུའི་བདུད་ནི་བརྒྱ་བྱིན་ཁམ་སེར་རོ་ཞེས་བཤད་ལ། འདིར་བླ་མ་དག ཕྱོགས་མ་བཞིའི་གདན་དང་ཁ་དོག་མཐུན་པར་བཞེད་དོ། །ཕྱག་མཚན་ནི། གཞུང་གཞན་རྣམས་སུ་མི་གསལ་ཡང༌། རྗེ་བཙུན་གྱིས། གདོང་བཞི་དང་ནི་དབང་པོ་དང་བཅས་འཇུག་སེལ་དག་དང་དྲག་པོ་རྣམས་ནི་རྟབས་ཤིང་འགྱེལ་ལ་ལག་ཆ་ཤོར་ནས་ཐལ་མོ་སྦྱར་ཞིང་གདོང་གིས་གྱེན་དུ་བལྟ། །ཞེས་ལག་པ་གཉིས་ཐལ་མོ་སྦྱར་བར་བཤད་པ་ལྟར་བྱའོ། །ལྷ་མོ་བརྒྱད་ཀྱི་གདན་ལ་ཉིན་འབྱུང་ཟླ་བས། དེ་ལ་ཚངས་པ་ནི་གཏི་མུག་སྟེ། ཁ་དོག་སེར་ལ་གདོང་བཞི་པ། གཡས་ཀྱི་ཕྱག་གཉིས་ན་ནི། བགྲང་ཕྲེང་དང་རིལ་བ་སྤྱི་བླུགས་འཛིན་པའོ། །གཡོན་གྱི་ཕྱག་གཉིས་ན་ནི་པདྨ་དང་ཤིང་གི་དབྱུག་པ་འཛིན་པའོ། །དབང་པོ་ནི་ང་རྒྱལ་ཏེ་ཁ་དོག་སེར་པོ་ཕྱག་གཉིས་པ་རྡོ་རྗེ་འཛིན་པའོ། །ཁྱབ་འཇུག་ནི་ཞེ་སྡང་སྟེ་ཁ་དོག་ནག་པོ་ཕྱག་བཞི་པ། འཁོར་ལོ་དང༌། བེ་ཅོན་དང༌། དུང་དང༌། ཞགས་པ་འཛིན་པའོ། །དབང་ཕྱུག་ཆེན་པོ་ནི་འདོད་ཆགས་ཏེ་ཁ་དོག་དཀར་པོ་སྐྲའི་ཐོར་ཚུགས་ལ་ཟླ་བས་བརྒྱན་པ་རྩེ་གསུམ་དང་ཐོད་པ་འཛིན་པའོ། །གཤིན་རྗེ་ནི་འཆི་བདག་སྟེ་ཁ་དོག་ནག་པོ་དབྱུག་པ་དང་མདུང་འཛིན་པའོ། །གནོད་སྦྱིན་གྱི་རྒྱལ་པོ་ནི་ཞེན་པ་སྟེ་གསེར་གྱི་མདོག་ཅན་ལྕགས་ཀྱུ་དང་བེ་ཅོན་འཛིན་པའོ། །བདེན་བྲལ་ནི་ཁྲོ་བོ་སྟེ་ཁ་དོག་སྔོན་པོ་རལ་གྲི་དང་ཕུབ་འཛིན་པའོ། །ཐག་ཟངས་རིས་ནི་དྲེགས་པ་སྟེ་ཁ་དོག་ནག་པོ་ཡ་ལད་བགོས་པ་བྲེལ་བས་རལ་གྲི་དང་ཕུབ་འཛིན་པའོ། །ཞེས་གསུངས་ལ། འདིར་སྐུ་མདོག་ནི་རྗེ་བཙུན་རྩེ་མོས་བཤད་པ་བཞིན་དང༌། ཕྱག་མཚན་ནི་བདུད་བཞིའི་རིགས་པས་ཐལ་སྦྱར་དུ་བྱའོ། །འདིར་རྗེ་བཙུན་རྩེ་མོས། དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་བཞི་དང༌། འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཚངས་པ་སོགས་ཀྱི་གདན་འགོད་པར་བཞེད་ལ། སྒྲུབ་ཐབས་འདི་དང་མངོན་རྟོགས་དོན་གསལ་གྱི་དགོངས་པའང་དེ་བཞིན་དུ་ཤེས་པར་བྱའོ། །ཤཱནྟི་པས། འཇིགས་ལྡན་བདུད་ནི་བཞི་པོ་ཡི། །སྙིང་ག་དག་ཏུ་ཉི་མས་མནན། །འདབ་མའི་ལྷ་བརྒྱད་ཟླ་བས་མནན། །འཇིགས་བྱེད་གཞན་ཡང་ཟླ་བས་སོ། །ཞེས་དང༌། ཉིན་འབྱུང་ཟླ་བ། ནག་པོ་པ། གཉིས་མེད་རྡོ་རྗེ། མར་མེ་མཛད་རྣམས་ཀྱང་དེ་བཞིན་བཞེད་ལ། ཀཾ་པ་ལས་ཀྱང༌། དབུས་སུ་བདུད་བཞི་ཉི་མས་མནན། །འདབ་མའི་ལྷ་བརྒྱད་ཟླ་བས་མནན། །ཞེས་སོ། །གལ་ཏེ་རྗེ་བཙུན་སྐུ་མཆེད་ཀྱི་ལུགས་ལ། ལྷ་མོ་རྣམས་ལ་ཟླ་གདན་དུ་བྱེད་པ་མི་འཐད་དེ། སློབ་དཔོན་ཤཱནྟི་པ་སོགས་ཀྱིས། བདག་མེད་མ་ལ་ཟླ་གདན་བྱས་པ་ལ། རྗེ་བཙུན་གྱིས། ཟླ་བའི་གདན་ཡང་མི་རིགས་ཏེ། འདི་དག་ནི་ཁྲོ་མོ་ཡིན་ལ། ཁྲོ་བོ་ཁྲོ་མོ་རྣམས་ནི་འབར་བའི་ཕྲེང་བ་འཁྲིགས་པའི་འོད། ཅེས་བྱ་བ་ཉི་མར་བཤད་པ་དང་འགལ་བའི་ཕྱིར་རོ། །ཞེས་དགག་པ་མཛད་པའི་ཕྱིར་རོ་སྙམ་ན། དེ་ནི་བདག་མེད་ལྷ་མོ་བཅོ་ལྔ་ལ་ཟླ་གདན་བྱེད་པ་བཀག་པ་ཡིན་གྱི། ཡབ་ཀྱི་འཁོར་རྣམས་ལ་ཟླ་གདན་བྱེད་པ་བཀག་པ་མ་ཡིན་ནོ། །འོ་ན་དེ་གཉིས་ལ་ཁྱད་པར་ཅི་ཡོད་སྙམ་ན། བདག་མེད་མ་གཙོ་འཁོར་རྣམས་ནི། རྩ་རྒྱུད་ལས། ལྷ་མོ་ཐམས་ཅད་ཁ་དོག་ནག །དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཞེས་ཐམས་ཅད་དྲག་མོར་བཤད་ལ། གུར་ལས་ཀྱང༌། ཐམས་ཅད་ཁ་དོག་ནག་པོ་མཚུངས་པ། རབ་ཏུ་སོན་པའི་སྟེང་དུ་གར་དང་བཅས་པ། ཁྲོ་མོ་ཆེན་མོ། དཔའ་མོ། གཡོན་ན་ཁ་ཊྭཱཾ་ག་འཛིན་པ་མའོ། །ཞེས་ཁྲོ་མོར་བཤད་པས། དེ་དག་ཁྲོ་མོར་འདོད་དགོས་ལ། འདི་ནི་ཁྲོ་མོ་ཡིན་པའི་དམིགས་བསལ་མ་གསུངས་པའི་ཕྱིར་རོ། །དེས་ན་ཁྲོ་མོ་དང་ཅུང་ཟད་ཞི་བའི་ཁྱད་པར་ཡོད་པས། གདན་གཉིས་ཀྱང་དེ་བཞིན་དུ་བྱ་བ་ཡིན་ཏེ། དཔེར་ན་དགྲ་ནག་གི་དཀྱིལ་འཁོར་དུ། ཁྲོ་བོ་གཞན་རྣམས་ལ་ཉི་གདན་དང༌། གཏི་མུག་གཤིན་རྗེའི་གཤེད་ལ་ཟླ་གདན་དུ་བཤད་པ་ལྟར་རོ། །གདན་དེ་དག་བསྒོམ་པའི་དགོས་པ་ནི། རྗེ་བཙུན་རྩེ་མོས། གདན་བརྒྱད་བསྒོམ་པ་བདུད་བཞི་དང༌། །འབྱུང་བཞིའི་རྣམ་རྟོག་སྤངས་རྟགས་ཡིན། །ཞེས་བཤད་པ་ལྟར་རོ། །གདན་འདི་དག་ཀྱང་གཞལ་ཡས་ཁང་པ་གྲུབ་པ་དང་དུས་གཅིག་ཏུ་གྲུབ་པར་གཉིས་མེད་རྡོ་རྗེས་བཤད་པ་ལྟར་བྱའོ། །གཉིས་པ་ནི། དེ་ལྟར་རྟེན་གཞལ་ཡས་ཁང་པ་བསྐྱེད་པའི་དམིགས་པ་རྣམས་གསལ་པོར་བསྒོམས་པའི་རྗེས་ལ། རང་ཉིད་ངོ་བོ་རྣམ་པར་སྣང་མཛད། གཟུགས་རྣམས་གཞལ་ཡས་ཁང་པའི་རྣམ་པར་ཤར་བའི་ང་རྒྱལ་ལ་སེམས་བཞག་ནས་གུར་ནས་གསུངས་པའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད། ནཱི་ལ་ཡ་ཕོ་བྲང༌། བཛྲ་རྡོ་རྗེ། སྭ་བྷཱ་ཝ་རང་བཞིན། ཨཱཏྨ་ཀ་བདག ཨ་ཧྃ་ངའོ་ཞེས་པ་སྟེ། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞུགས་གནས་གཞལ་ཡས་ཁང་པ་འདི་ནི་བདག་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །ཞེས་དེའི་སྟེང་དུ་ང་རྒྱལ་འཛིན་པ་སྟེ། དེ་དག་གིས་ནི་སངས་རྒྱས་ཏེ་རྣམ་སྣང་གི་བྱེ་བྲག་གོ །དེའི་ཡན་ལག་ཕོ་བྲང་བསྒོམ་པའི་ཆོ་ག་རྣམས་རྫོགས་པར་བསྟན་ཟིན་ཏོ། །གཉིས་པ་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་ལ་གསུམ། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་གཞུག་པ། མིག་སོགས་བྱིན་གྱིས་བརླབ་པའོ། །དང་པོ་ལ་གཉིས། མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ། ཞུ་བ་གླུས་བསྐུལ་བ་ལས་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དང་པོ་ལ་གསུམ། རྒྱུ་རྡོ་རྗེ་འཆང་བསྐྱེད་པ། བསྐྱེད་ནས་འཁོར་སྤྲོ་བ། སྤྲོས་ནས་ཐིག་ལེར་ཞུ་བའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གསུམ། མི་མཉམ་སྦྱོར་གྱི་དོན་བཤད། མཉམ་སྦྱོར་གྱི་དོན་བཤད། དེ་གཉིས་མི་འདྲ་བའི་རྒྱུ་མཚན་བཤད་པའོ། །དང་པོ་ལ་གསུམ། གང་བསྒོམ་པའི་དོན་དང༌། ཇི་ལྟར་བསྒོམ་པའི་ཚུལ་དང༌། དེ་ལྟར་བསྒོམ་པའི་འཐད་པའོ། །དང་པོ་ནི། མངོན་པར་བྱང་ཆུབ་པ་ལྔ་སྟེ། དེ་ཡང་གདན་གྱི་སྟེང་དུ་ཨཱ་ལི་ཕྲག་གཉིས་སྐར་མ་ལྟ་བུ་བསམ་སྟེ། སུམ་ཅུ་རྩ་གཉིས་པོ་དེ་ནི་མཚན་སུམ་ཅུ་རྩ་གཉིས་སུ་མོས་པ་བྱའོ། །དེ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་དེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡང་ཟླ་བའི་སྟེང་དུ་ཀཱ་ལི་སོ་བཞི། ཡ་ར་ལ་ཝ་ཌ་ཌྷ་ཞེས་པ་དྲུག་བསྣན་པ་ནི་བཞི་བཅུ། དེ་ཕྲག་གཉིས་མར་མེའི་རྣམ་པ་དང་འདྲ་བ་བརྒྱད་ཅུ་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །དེ་ལས་ཉི་མ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་དག་གི་བར་རྣམས་སུ་ཧཱུྃ་ལ་སོགས་པའི་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །སོ་སོར་ས་བོན་ཕྱག་མཚན་དང༌། ཟླ་བ་ཉི་མ་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ལས་ལྷའི་སྐུ་བསྐྱེད་པར་བྱ་སྟེ། ཆོས་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སུ་མོས་པ་བྱའོ། །གཉིས་པ་ཇི་ལྟར་སྒོམ་པའི་ཚུལ་ནི། ཁ་ཅིག་འདི་སྐད་དུ། གལ་ཏེ་ཟླ་བ་ལ་སོགས་པ་འདི་དག་མེ་ལོང་ལྟ་བུ་ལ་སོགས་པ་ཡིན་ནས་སྒོམ་མམ། མིན་ཡང་སྒོམ། དང་པོ་ལྟར་ན་གྲུབ་ཟིན་པ་བསྒྲུབ་པར་འགྱུར་ལ། གཉིས་པ་ལྟར་ན་སྤྲང་པོ་རྒྱལ་པོར་རློམ་པ་ལྟར་བསྒོམས་ཀྱང་མི་འགྲུབ་བོ་སྙམ་ན། ཡིན་ནས་བསྒོམ་པ་འདི་ལ་ཡང༌། འབྲས་བུ་དངོས་ཡིན་པ་དང༌། ཆོས་ཉིད་དམ་རྣམ་པ་ཡིན་པ་གཉིས་ལས། འདི་ནི་ཆོས་ཉིད་དམ་རྣམ་པ་ཡིན་ལ། དེའང་ཚུལ་འདི་ལྟར་བསྒོམ་སྟེ། རྣམ་པ་ཟླ་བར་བསྒོམས་པས་བསྒོམ་སླ་བས་རྣམ་པ་ལམ་དུ་བྱེད་པ་ཞེས་བྱ། རྣམ་པ་དེ་ཉིད་ལ་དོན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པར་མོས་པ་བྱས་པས་ལན་གཅིག་དེ་ཐོབ་པར་འགྱུར་བས་མོས་པ་ལམ་དུ་བྱེད་པ་སྟེ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །ཞེས་འབྱུང་ངོ༌། །དེ་ཡང་སངས་རྒྱས་ལ་མངའ་བའི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་འདི་ཉིད་ཡིན་སྙམ་དུ་འབྲས་བུ་ད་ལྟ་ཉིད་ནས་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པའོ། །དེས་བདག་གི་རྒྱུད་ལ་ཚོགས་གསོག་ཅིང༌། སྒྲིབ་པ་དག་པའི་རྟེན་འབྲེལ་དུ་འགྱུར་བས་ན་བྱིན་རླབས་ལམ་དུ་བྱེད་པའོ། །དེ་བས་ན་རྣམ་པ་དེ་ལ་ངོ་བོར་ཞེན་པས་ན་ཞེན་པས་འཇུག་པའི་ལམ། ཐབས་དེས་དེ་བཞིན་གཤེགས་པའི་ཐུགས་རྗེས་མི་བསླུ་བས་འབྲེལ་པས་མི་བསླུ་བའི་ལམ་ཞེས་བྱའོ། །གསུམ་པ་དེ་ལྟར་བསྒོམ་པའི་འཐད་པ་ནི། མངོན་པར་བྱང་ཆུབ་པ་ལྔ་ལས་མངོན་བྱང་དང་པོའི་དབང་དུ་བྱས་ན། ཅིའི་ཕྱིར་མེ་ལོང་ལྟ་བུ་ཞེས་བྱ། ཅིའི་ཕྱིར་རྣམ་པ་ཟླ་བར་བསྒོམ། ཅིའི་ཕྱིར་རྒྱུ་ཨཱ་ལི་ལས་བསྐྱེད་ཅེ་ན། དང་པོ་ནི། ཆོས་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་སྣང་བས་མེ་ལོང་དང་འདྲ་བས་མེ་ལོང་ལྟ་བུ་སྟེ། ཡེ་ཤེས་གྲུབ་པ་ལས། ཅི་ལྟར་གཟུགས་བརྙན་མེ་ལོང་ལ། །རང་ཉིད་ངེས་པར་སྣང་བ་བཞིན། །དེ་བཞིན་ཆོས་སྐུའི་ཡེ་ཤེས་ནི། །སྣང་བས་མེ་ལོང་ཞེས་བྱའོ། །དེ་ཉིད་གཟུགས་ཀྱི་ཕུང་པོ་དང༌། །ཀུན་གཞི་དག་པའི་བདག་ཉིད་དོ། །ཞེས་སོ། །གཉིས་པ་དེ་ཟླ་བ་ལྟ་བུར་བསྒོམ་པ་ནི། ཟླ་བ་དང་འདྲ་བའི་ཕྱིར་ཏེ། རྡོ་རྗེ་རྩེ་མོ་དང་ཁ་སྦྱོར་ལས། ཡིད་གཉིས་ཀུན་ལས་རྣམ་གྲོལ་བ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག །ཉོན་མོངས་དྲི་མ་ཀུན་ལས་འདས། །ཟླ་མཚུངས་སེམས་ནི་ཟླ་བ་ཉིད། །ཅེས་དྲི་མ་དང་བྲལ་བར་འདྲ་བས་སོ། །གསུམ་པ་དེ་ཨཱ་ལི་ལས་བསྐྱེད་པ་ནི། དེ་ཉིད་སྐུའི་རྣམ་པར་འབྱུང་བ་ན་མཚན་གྱི་རྣམ་པར་འབྱུང་བ་ཡིན་ཏེ། སངས་རྒྱས་ཀུན་གྱི་ཡོན་ཏན་འདིར། །ཨ་སོགས་གཟུགས་ཀྱིས་འཇུག་པར་འགྱུར། །ཞེས་སོ། །ཡང༌། མངོན་བྱང་གཉིས་པ་འདི་ལ་བཞི་ལས། དང་པོ་ཅིའི་ཕྱིར་མཉམ་པ་ཉིད་ཡིན་ཞེ་ན། ཡེ་ཤེས་གང་གིས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་སྟེ། དེ་བཞིན་གཤེགས་ཀུན་ཡེ་ཤེས་ཏེ། །རང་གི་དང་ནི་འགྲོ་བ་ཡི། །དངོས་ཉིད་གཅིག་པར་ཐུགས་ཆུད་པས། །མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །ཞེས་སོ། །ཡེ་ཤེས་དེ་ནི་ཚོར་བའི་ཕུང་པོ་དང༌། ཉོན་མོངས་པ་ཅན་གྱི་ཡིད་དག་པའི་བདག་ཉིད་ཀྱི་ཕྱིར་རོ། །གཉིས་པ་དེ་ཉི་མར་བསྒོམ་པ་ནི། ཉི་མ་དང་འདྲ་བའི་ཕྱིར་ཏེ། ཉི་མས་མུན་པ་ཐམས་ཅད་མཉམ་པར་འཇོམས་པས་སམ། ཡང་ན་ཡེ་ཤེས་དེ་སེམས་ཅན་ལ་ཆགས་པས་སེམས་ཅན་འཛིན་པ་སྟེ། སྙིང་རྗེས་སྡུག་བསྔལ་ཡང་དག་འབྱུང༌། །སེམས་ཅན་རྗེས་སུ་འཛིན་པའོ། །དགེ་བའི་ཆོས་ཀྱི་ཡང་དག་གང༌། །ཉོན་མོངས་ཐམས་ཅད་ངེས་པར་གནོན། །ཞེས་སོ། །གསུམ་པ་ཉི་མ་འོད་དམར་པོར་བསྒོམ་པ་ནི། ཡེ་ཤེས་དེ་སེམས་ཅན་ལ་རྗེས་སུ་ཆགས་པའོ། །བཞི་པ་ཀཱ་ལིས་མཚན་པ་ནི། ཡེ་ཤེས་དེ་སྐུའི་རྣམ་པར་འབྱུང་བ་ན་དཔེ་བྱད་བརྒྱད་ཅུར་འགྱུར་བས་ཀཱ་ལི་ལས་བསྐྱེད་དེ། སངས་རྒྱས་ཡོན་ཏན་ཀཱ་སོགས་ཀྱི། །རྣལ་འབྱོར་གྱིས་ནི་འཇུག་པར་འགྱུར། །ཞེས་སོ། །འོག་མ་གསུམ་ལ་གཉིས་གཉིས་ལས། དང་པོ་མངོན་བྱང་གསུམ་པ་སོ་སོར་རྟོག་པའི་ཡེ་ཤེས་ནི། རང་བཞིན་གྱིས་འོད་གསལ་བས་ཤེས་བྱ་ཐམས་ཅད་མ་འདྲེས་པར་མཁྱེན་པ་སྟེ། གདོད་ནས་དག་ཅིང་སྐྱེ་བ་མེད། །རང་བཞིན་གྱིས་ནི་འོད་གསལ་བ། །ཕན་ཚུན་ཁྱབ་པའི་ཡེ་ཤེས་པས། །སོ་སོར་རྟོག་པ་ཅན་ཞེས་བཤད། །ཅེས་སོ། །དེ་ཉིད་འདུ་ཤེས་ཀྱི་ཕུང་པོ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་བདག་ཉིད་ཅན་ནོ། །གཉིས་པ་དེ་ཕྱག་མཚན་དུ་བསྒོམ་པའང་འདྲ་བའི་ཕྱིར་ཏེ། བྱང་ཆུབ་སྤྱོད་དང་དེ་བཞིན་པ། །ཡེ་ཤེས་དག་པ་ཟག་པ་མེད། །དེ་ཕྱིར་དཀྱིལ་འཁོར་ནང་གནས་པ། །དེ་ཡི་ནང་གི་ཕྱག་མཚན་བརྟག །ཅེས་སོ། །མངོན་བྱང་བཞི་པ་བྱ་བ་ནན་ཏན་ནི། སངས་རྒྱས་ཀྱི་མཛད་པ་རོ་གཅིག་པ་སྟེ། ཀུན་ཏུ་ཀུན་ནས་སངས་རྒྱས་ཀྱི། །སངས་རྒྱས་མཛད་པ་ལ་འཇུག་པ། །སངས་རྒྱས་ཐམས་ཅད་མཛད་གཅིག་པས། །བྱ་བ་གྲུབ་པ་ཞེས་བཤད་དོ། །ཞེས་སོ། །དེ་ཉིད་འདུ་བྱེད་ཀྱི་ཕུང་པོ་དང༌། སྒོ་ལྔའི་རྣམ་ཤེས་ཀྱི་བདག་ཉིད་དོ། །གཉིས་པ་འདྲེས་པར་བསྒོམ་པ་ཡང་འདིར་གཅིག་ཏུ་གྱུར་པ་དང་འདྲ་བས་སོ། །མངོན་བྱང་ལྔ་པ་ཆོས་ཀྱི་དབྱིངས་ལ་ཆོས་ནི་ཕུང་པོ་ལྔའི་བདག་ཉིད་དམ། སྒྲིབ་པ་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་དག་གི་དབྱིངས་ནི་རྒྱུའོ། །དེ་གང་ཞེ་ན། རྣམ་པར་དག་པ་སྟེ་སྤྲོས་པ་དང་བྲལ་བའོ། །ཡང་ན། ཆོས་ནི་སངས་རྒྱས་ཆོས་སོ། །དབྱིངས་ནི་རྒྱུའོ། །དེས་སྒྲིབ་པ་ཐམས་ཅད་ལས་གྲོལ་ཏེ། གང་ཚེ་ཉོན་མོངས་ཤེས་བྱའི་སྒྲིབ། །ཐམས་ཅད་ལས་གྲོལ་དེ་ཡི་ཚེ། །རྣལ་འབྱོར་པ་མཆོག་རྡོ་རྗེ་ཅན། །ཤིན་ཏུ་རྣམ་དག་ཅེས་བཤད་དོ། །དེ་ཉིད་རྣམ་ཤེས་ཀྱི་ཕུང་པོ་དང༌། བྱང་ཆུབ་སེམས་ཀྱི་བདག་ཉིད་དོ། །གཉིས་པ་དེ་སྐུ་རྫོགས་པ་དང་མཐུན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པ་དང་འདྲ་བས་སོ། །དེ་ལྟར་མངོན་པར་བྱང་ཆུབ་པ་ལྔ་པོ་འདིས། སྦྱང་གཞི་དང༌། ལམ་དང༌། འབྲས་བུ་དང་བཅས་པ་གོ་བར་བྱའོ། །ཡེ་ཤེས་ཀྱི་ངེས་ཚིག་འཕགས་པ་བྱམས་པས་བཤད་པ་ལ་སོགས་པའང་འདི་དང་དོན་འདྲའོ། །འདིར་བྲིས་པ་ནི་སངས་རྒྱས་ཀྱི་སའི་དགོངས་པ་དང༌། ཡེ་ཤེས་གྲུབ་པ་ལས་གསུངས་པ་དང༌། རྡོ་རྗེ་རྩེ་མོ་དང་ཁ་སྦྱོར་ལས་གསུངས་པ་ཡིན་ནོ། །ཞེས་རྗེ་བཙུན་སྐུ་མཆེད་ཀྱི་རྣམ་བཤད་གཉིས་ལས་འབྱུང་ངོ༌། །གཉིས་པ་ལ་གསུམ། མངོན་བྱང་རང་གི་ངོ་བོ། དེ་ཤེས་བྱེད་དང་སྦྱར་བ། གཞན་གྱིས་བཏགས་པའི་མཐའ་དགག་པའོ། །དང་པོ་ནི། དེ་ལྟར་མི་མཉམ་སྦྱོར་གྱི་མངོན་བྱང་ལས་གཙོ་བོ་བསྐྱེད་པ་ལྟར། མཉམ་སྦྱོར་གྱི་མངོན་བྱང་ལས་ཀྱང་གཙོ་བོ་བསྐྱེད་པར་བྱ་སྟེ། སྔར་གྱི་མི་མཉམ་སྦྱོར་དང་མངོན་བྱང་དང་པོ་མི་འདྲ་བ་ནི། ཨཱ་ལི་ལས་ཟླ་བའི་དཀྱིལ་འཁོར་ཟུར་གསུམ་པ་ཨཱ་ལིས་མཚན་པ་ཡིན་པས། དང་པོ་མི་འདྲ་སྟེ། དཔལ་ཁ་སྦྱོར་ལས། གྲུ་གསུམ་རྒྱ་ཆེན་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །འདི་ཡང་ཨ་སོགས་གཟུགས་ཀྱིས་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འགྱུར། །ཤེལ་དང་ཟླ་བ་ལྟ་བུར་ནི། །དེ་ཡི་སྟེང་དུ་འཇུག་པར་འགྱུར། །ཞེས་བྱ་བ་དང༌། གྲུ་གསུམ་དུ་བསྒོམ་པའང༌། དེ་ལས་ཟླ་བའི་དཀྱིལ་འཁོར་ནི། །གྲུ་གསུམ་ཉིད་དུ་བསྒོམ་པར་བྱ། །ཞེས་སོ། །གཉིས་པའང་མི་འདྲ་སྟེ། ཀཱ་ལི་བརྒྱད་ཅུ་ལས་མཉམ་པར་སྦྱོར་བ་སྟེ། ཡང་ཟླ་བ་གྲུ་གསུམ་ཀཱ་ལིས་བརྒྱན་པའོ། །ཡང་གསུངས་པ། ཟླ་བའི་སྟེང་དུ་ཡང་ཟླ་བ། །བྱང་ཆུབ་ཟླ་བ་གཉིས་པ་ཅན། །སངས་རྒྱས་ཡོན་ཏན་ཀ་སོགས་ཀྱིས། །སྐར་མདའ་འདིར་ཡང་འཇུག་པར་འགྱུར། །ཞེས་སོ། །གསུམ་པའང་མི་འདྲ་སྟེ། དེ་ལྟ་བུའི་ཟླ་བ་གཉིས་ནི་རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན་ཏེ་བསྐྱེད་པའི་གཞིའོ། །དེའི་སྟེང་དུ། ཡེ་གེ་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་རྣམ་པའང་འདོད་མི་བྱ། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ཧཱུྃ་གིས་མཚན་པའོ། །དེ་ལྟར་ཡང༌། བྱང་ཆུབ་སྤྱོད་པ་བླ་ན་མེད། །དེ་ཡི་ས་ནི་རྟོགས་པ་སྟེ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ངེས་པར་བརྟག་པར་བྱ། །ཞེས་སོ། །བཞི་པའང་མི་འདྲ་སྟེ། དེ་ལས་འོད་སྤྲོ་བ་དང་བསྡུ་བ་བྱས་པ་ལས་གཅིག་ཏུ་གྱུར་པའོ། །ཡང་གསུངས་པ། རྡོ་རྗེ་སེམས་དཔའི་རྡོ་རྗེ་ནི། །རྩེ་མོ་ལྔ་པ་འོད་ཟེར་ཅན། །ཞེས་བྱ་བ་དང༌། འདིས་ནི་སྔགས་ཀྱི་རྣལ་འབྱོར་གྱིས། །སྤྲོ་བ་དང་ནི་བསྡུ་བ་བྱ། །ཞེས་སོ། །ལྔ་པ་འདི་ལ་ཡན་ལག་དྲུག་པའི་སྐབས་འདིར་མི་འདྲ་བ་མེད་དེ། སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་བྱ་སྟེ། སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སྟེ། ཡང་གསུངས་པ། རྡོ་རྗེ་ཡོངས་གྱུར་དེ་མ་ཐག །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཟླ་བའི་ཁ་དོག་མཉམ་འོད་ཀྱིས། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་མངོན་པར་བྱང་ཆུབ་པ་ལྔ་པོ་དེ་ནི་འདི་ཡིན་ཏེ། སེམས་སོ་སོར་རྟོག་པ་དང༌། དེ་གསལ་བར་བྱེད་པ་དང༌། དེ་བརྟན་པར་བྱེད་པ་དང༌། དེ་ཤིན་ཏུ་བརྟན་པར་བྱེད་པ་དང༌། རྡོ་རྗེའི་སྐུར་གྱུར་པའོ། །དེ་ནི་ཡེ་ཤེས་ལྔར་འགྱུར་རོ། །ཞེས་བྱ་བར་དགོངས་པའོ། །ཞེས་བརྗེ་བཙུན་རིན་པོ་ཆེས་གསུངས་སོ། །གཉིས་པ་ནི། དེ་ལྟ་བུའི་མངོན་བྱང་དེ་ཉིད། རྒྱུད་གང་ལས་གསུངས་སྙམ་ན། རྩ་བའི་རྒྱུད་ལས་གསུངས་ཏེ། ཇི་སྐད་དུ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་རྣམ་པའང་འདོད་མི་བྱ། །སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་གསལ་བར་གསུངས་ཤིང༌། དེའི་དོན་རྒྱ་གར་བའི་འགྲེལ་པ་རྣམས་ལས་བཤད་པ་སྲོལ་མི་འདྲ་བ་དྲུག་ཙམ་སྣང་ཡང༌། འདིར་རྗེ་བཙུན་བིརྺ་པ་ཡབ་སྲས་ཀྱི་སྲོལ་འཛིན། སློབ་དཔོན་མི་ཐུབ་ཟླ་བས་སྔར་བཤད་པ་ལྟར་དུ་གསལ་བར་གསུངས་ཏེ། དཀའ་འགྲེལ་ཀུ་མུ་ཏི་ལས། ཅི་ལྟར་ལྷ་མོ་རྣམས་ཀྱི་རྣམ་པ་ལྔ་པོ་ངེས་པར་སྦྱོར་བ་འདི་ཉིད་ལྷན་ཅིག་སྐྱེས་པ་བཅོམ་ལྡན་འདས་ཀྱིའང་ཇི་ལྟ་བ་དེ་ལྟ་བུ་ཡིན་ནམ་ཞེ་ན། མི་འདྲ་བ་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨཱ་ལི་དང་ཀཱ་ལི་དག་ནི་མཉམ་པས་ཟླ་བའི་རྣམ་པ་ལས་མི་མཉམ་པ་མེད་པའི་ངོ་བོས་ཡིད་ལ་རང་གི་ས་བོན་ཡོངས་སུ་གྱུར་པའི་ཟླ་བ་ཀུན་ཏུ་སྦྱོར་བ་ནི། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བའོ། །དེ་གཅིག་ཏུ་གྱུར་པ་ལྷ་མོའི་ཡན་ལག་དང༌། ཉིང་ལག་གི་གཟུགས་གྲུ་གསུམ་གྱི་ཟླ་བ་གཉིས་ནི་གདན་ནོ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཞེས་བྱ་བ་ནི། རྡོ་རྗེ་ནི་མ་སྐྱེས་པའི་རང་གི་ངོ་བོའི་ཕྱིར་མི་ཕྱེད་པའོ། །སེམས་དཔའ་ནི་སེམས་ཅན་གྱི་རྒྱུའི་ཕྱིར་རོ། །འོད་ཟེར་དཀར་པོའི་ཕྲེང་བ་ཅན། རྡོ་རྗེ་རྩེ་ལྔ་པ་ནི། རྡོ་རྗེ་སེམས་དཔའ་ཞེས་གསུངས་ཏེ། དེའི་གདན་འདི་ནི་རྡོ་རྗེ་སེམས་དཔའི་གདན་ནོ། །ཡང་གསུངས་པ། ལྷ་མོའི་ཡན་ལག་ཉིང་ལག་གཟུགས། །པདྨ་གྲུ་གསུམ་ཟླ་དཀྱིལ་འཁོར། །རྡོ་རྗེ་སེམས་དཔའི་རྡོ་རྗེ་ནི། །རྩེ་མོ་ལྔ་པ་འོད་ཟེར་ཅན། །ཞེས་སོ། །ཡི་གེ་ལས་བྱུང་གོང་བུ་ལ། །ཞེས་བྱ་བ་ནི། ཐོག་མ་དང་ཐ་མ་མེད་པའི་རང་བཞིན་གྱིས་འོད་གསལ་བའི་སེམས་ནི་ཡི་གེའོ། །དེ་ལས་བྱུང་བའི་ཕྱིར། ཡི་གེ་ལས་བྱུང་གོང་བུ་སྟེ་ལུས་སོ། །གོང་གི་ཡི་གེ་ལས་བྱུང་བའི་གོང་བུ་གསུངས་པ་དེའི་མཚན་ཉིད་ནི་རྡོ་རྗེའོ། །དེའི་ཡི་གེ་ལས་བྱུང་བའི་གོང་བུའི་རྡོ་རྗེ་སེམས་དཔའ་ལ་རྒྱུ་དང༌། གཞན་ལས་གསུངས་པའི་ལུགས་ཀྱིས་འགྱུར་བའི་རྣམ་པར་གཟུང་བའི་ཕྱིར་ཅི་ཧཱུྃ་དང་ཕཊ་འདི་དག་དགོད་དམ་མ་ཡིན་ཞེ་ན་ལན་གདབ་པའི་ཕྱིར། ཧཱུྃ་ཕཊ་རྣམ་པའང་འདོད་མི་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ངེས་པར་གཟུང་བ་སྟེ། །ཧཱུྃ་དང་ཕཊ་ཉིད་མི་འདོད་དོ། །འདི་ནི་དགོངས་པ་སྟེ། གཉིས་པོ་འདི་དག་གི་ཡན་ལག་དང་ཉིང་ལག་ཅན་སྟོང་པས་ཡན་ལག་དང་ཉིང་ལག་འགྱུར་བའི་རྒྱུའི་བྱ་བའི་སྦྱོར་བ་མེད་པའི་ཕྱིར། ཇི་ལྟར་འགྱུར་བ་ཡིན་ཏེ། དགག་པའི་དོན་དུ་འདི་དག་དགོད་པར་བྱའོ། །ཞེས་དགོངས་པའོ། །སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །ཞེས་བྱ་བ་ནི། སོ་སོར་རྟོག་པའི་མཐར་ནམ་མཁའི་ཁམས་ཐམས་ཅད་དུ་ཡང་དག་པར་སྤྲོས་པ་ཚད་མེད་པའི་བདག་ཉིད་ནི་རྡོ་རྗེ་སྟེ་བསྒོམ་པའོ། །རྡོ་རྗེ་དེས་ཅི་ཞིག་བྱ་ཞེ་ན། དྲིས་པའི་ལན་གདབ་པར་གནས་ཀྱི། རྡོ་རྗེ་སེམས་དཔའི་གཟུགས་བརྙན་བསམས་ནས་དེ་ལས་བྱུང་བའི་སེམས་དཔའི་གཟུགས་བརྙན་ལས་ཡང་དག་པར་འབྱུང་བའོ། །དཀྱིལ་འཁོར་བདག་པོ་ལྷ་མོའི་འཁོར་ལོའི་གཙོ་མོ་སྟེ། གཙོ་མོ་ཉིད་ཀྱི་བདག་པོ་བསྒོམ་པར་བྱའོ། །གོང་མ་བཞིན་ཞེས་བྱ་བ་ནི་སྔོན་གྱི་ལྟ་བུ་ནི་གོང་བཞིན་ཏེ། ཆར་དབབ་པའི་ཆོ་གར་བཞེངས་པའི་དཔལ་ཧེ་རུ་ཀ་ལྟ་བུའི་ཕྱག་དང་ཞལ་ལ་མཚན་མ་ལ་སོགས་པ་རྣམས་ཀྱིས་མཚན་པར་གྱུར་པའོ། །ཡང་ཁྱད་པར་ནི་འདི་ཡོད་དེ། དེ་ནི་ནག་པོའོ། །འདི་ནི་ཟླ་བ་ཆུ་ཤེལ་ནོར་བུའི་འོད་དེ་དཀར་པོ་ཞེས་བྱ་བའི་དོན་ཏོ། །ཡང་རྨ་བྱའི་མཇུག་སྒྲོའི་མཐའི་འོད་དང་མཚུངས་པའི་ནོར་བུ་ཞེས་མི་ཤེས་པ་དག་གིས་འཆད་པར་འགྱུར་བ་ནི་མ་ཡིན་ཏེ། དེའི་ཚེ་ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་བྱ་བའི་ཁྱད་པར་ནི་དོན་མེད་དེ། ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཞེས་བྱ་བས་ནི་ནག་པོ་ཉིད་དུ་ཡང་རབ་ཏུ་སྒྲུབ་པར་ནུས་པའི་ཕྱིར་རོ། །འདི་ལས་དཀར་མོ་ལ་སོགས་པ། །ཁ་དོག་དབྱེ་བས་སོ་སོ་ཡིན། །ཞེས་བྱ་བ་དེ་ཡང༌། དེའི་ཚེ་མི་རིགས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ནི་དཀར་པོ་ཉིད་དེ་ནག་པོ་མ་ཡིན་ནོ། །ཡང་གསུངས་པ། རྡོ་རྗེ་ཡོངས་གྱུར་དེ་མ་ཐག །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཟླ་བའི་ཁ་དོག་མཉམ་འོད་ཀྱིས། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། །ཞེས་སོ། །ཞེས་མཉམ་སྦྱོར་གྱི་མངོན་བྱང་དུ་བསྙོན་མེད་པར་བཀྲལ་ལ། སློབ་དཔོན་འདིས་གུར་རིགས་བསྡུས་ཀྱི་སྒྲུབ་ཐབས་སུ་ཡང་གསལ་བར་བཤད་པས་གཞུང་འདི་རྣམས་ལ་བརྟེན་ནས། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་མཉམ་སྦྱོར་དུ་བཞེད་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་རྗེ་བཙུན་ས་སྐྱ་པས་སྔར་གྱི། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་སོགས་ཀྱི་གཞུང་གི་དོན་སློབ་དཔོན་ཤཱནྟི་པ་སོགས་ཀྱིས་བདག་མེད་མའི་མངོན་བྱང་གི་མཇུག་སྡུད་དུ་འཆད་པ་ལ་དགག་པ་མཛད་ཅིང༌། རང་ལུགས་ཀྱི་སྔར་བཤད་པ་ལྟར་བཞེད་པ་ལ་མཁས་པ་ཁ་ཅིག འདི་ལ་གཟུ་བོའི་བློས་དཔྱད་ན་ནི་ཉི་ཟླའང་ཕྱོགས་རེས་འདྲ་བ་ཡོད་ལ། ཟླ་བ་གྲུ་གསུམ་ཉིས་བརྩེགས་སུ་འདོད་པ་ལའང་ཐམས་ཅད་དུ་འདྲ་བ་མེད་ཅིང༌། ཀུ་མུ་ཏིར་དྲངས་པའི་ལུང༌། གྲུ་གསུམ་རྒྱ་ཆེན་རང་བཞིན་ཅན། །ཞེས་སོགས་དང༌། ཟླ་བའི་སྟེང་དུ་ཡང་ཟླ་བ། །ཞེས་སོགས་དང༌། རྡོ་རྗེ་ཡོངས་གྱུར་དེ་མ་ཐག །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཟླ་བའི་ཁ་དོག་མཉམ་འོད་ཀྱི། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། །ཞེས་པ་ནི། རྡོ་རྗེ་དབྱིངས་ལྷ་སོ་བདུན་པའི་གཙོ་བོ་རྡོ་རྗེ་སེམས་དཔའི་དབང་དུ་མཛད་ནས་གསུངས་པས། སྒྲུབ་བྱེད་དུ་མ་འབྲེལ་ཞིང༌། མི་ཐུབ་ཟླ་བས། ལྷ་མོའི་འཁོར་ལོའི་གཙོ་མོ་སྟེ། །ཞེས་བཤད་པའི་ཕྱིར་དང༌། རང་གི་ཆོ་གའི་རྣམ་གཞག་ཏུ། ཀྱེ་རྡོ་རྗེའི་རྒྱུ་རྡོ་རྗེ་འཛིན་པ། ཕྱག་མཚན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལས་བསྐྱེད་པ་མི་སྣང་བའི་ཕྱིར་དང༌། བདག་པོ་མོར་བསྒྱུར་བ་ནི་སམྦུ་ཊའི་འགྱུར་འགའ་ཞིག་ཏུ་སྣང་ཞིང༌། ཕོ་དང་མོ་ཞེས་པའི་ཚིག་ཙམ་ལ་མངོན་པར་ཞེན་པའང་མི་རིགས་ཏེ། སྒྲ་དོན་ལ་འབྲེལ་པ་མེད་པ་དང༌། བཅོམ་ལྡན་འདས་ཀྱིས་ཀྱང་རྟགས་དང་རྣམ་དབྱེ་རྣམ་འཆོལ་བ་དང༌། གཅིག་ལ་མང་པོའི་ཚིག་དང༌། མང་པོ་ལ་གཅིག་གི་ཚིག་ཏུ་སྒྲ་ཉམས་ཀྱིས་གསུངས་པའི་ཕྱིར་དང༌། གོང་མ་ལ་སྙོགས་ཀྱང་སྤྱིར་བཏང་དམིགས་བསལ་གྱི་ཟླ་བ་ཞེས་སོགས་སྨོས་པས་དོན་མེད་དུ་མི་འགྱུར་རོ། །ཁྲོ་བོ་དང་ཁྲོ་མོ་ལ་ཡང་ཟླ་གདན་མི་འགལ་ཏེ། དགྲ་ནག་གི་གཏི་མུག་གཤིན་རྗེའི་གཤེད་དང༌། རྩ་རྩི་ཀ་ལ་ཟླ་གདན་གསུངས་པ་དང༌། དུས་འཁོར་དུ་ཉི་ཟླ་སྒྲ་གཅན་དུས་མེའི་གདན་ཡང་གསུངས་པའི་ཕྱིར། རྒྱུད་རེ་རེ་ནས་གསུངས་པ་འདི་ཁོ་ན་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རང་གི་འདོད་པ་ལ་མཆོག་ཏུ་བཟུང་བར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང༌། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི། །ཤིན་ཏུ་ཟབ་མོའི་ཆོས་རྣམས་ལ། །སྔོན་གྱི་ལུང་རྙིང་ཡོངས་བཏང་ནས། །རང་ལྟ་མཆོག་ནི་བཟུང་མི་བྱ། །ཞེས་སོ། །སྔོན་གྱི་མཁས་གྲུབ་དེ་རྣམས་ཀྱི་འགྲེལ་པ་ནི་ལུང་རྙིང་དེ་དོར་བར་མི་བྱའོ། །ཞེས་ཟེར་རོ། །འདི་ནི་ཞིབ་ཏུ་མ་དཔྱད་པར་སྨྲ་བ་ཡིན་ཏེ། སམྦུ་ཊའི་ལུང་དྲངས་པ་རྣམས། རྡོར་སེམས་ཀྱི་དབང་དུ་བྱས་ནས་གསུངས་པས་སྒྲུབ་བྱེད་དུ་མ་འབྲེལ་ན། འོ་ན་ཁྱེད་རང་གི་ཊཱི་ཀར། ཡན་ལག་དྲུག་སྒོམ་རྣལ་འབྱོར་པས། །ཞེས་པའི་དོན། དུས་འཁོར་ལས། སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་བྲལ་སྔགས་རྣམས་ཀུན་གྱི་བྱིན་གྱིས་རློབ། །ཞེས་སོགས་ལུང་དུ་དྲངས་པ་ཡང་སྒྲུབ་བྱེད་དུ་མ་འབྲེལ་བར་ཐལ་ཏེ། ལུང་དེ་དུས་འཁོར་གྱི་སྦྱོར་དྲུག་གི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ། །གལ་ཏེ་ལུང་འདི་དུས་འཁོར་གྱི་སྦྱོར་དྲུག་གི་སྐབས་ཡིན་ཡང༌། དེ་བརྟག་གཉིས་ཀྱི་ཡན་ལག་དྲུག་དང་དོན་འདྲ་བས་ལུང་དུ་དྲངས་པ་ཡིན་ནོ་ཞེ་ན། འོ་ན་སམྦུ་ཊའི་སྔར་གྱི་ལུང་རྣམས་རྡོར་དབྱིངས་ཀྱི་སྐབས་ཡིན་ཀྱང༌། དེ་བརྟག་གཉིས་སུ་གསུངས་པའི། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་སོགས་དང་དོན་འདྲ་བས་ལུང་དུ་དྲངས་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་མཚུངས་སོ། །མི་ཐུབ་ཟླ་བས། ལྷ་མོའི་འཁོར་ལོའི་གཙོ་མོ་སྟེ། །ཞེས་གསུངས་པས། རྗེ་བཙུན་ཡབ་སྲས་ལ་གནོད་པ་མེད་དེ། ཀུ་མུ་ཏིར་ལྷ་མོའི་འཁོར་ལོའི་གཙོ་མོ་སྟེ། གཙོ་མོ་ཉིད་ཀྱི་བདག་པོ་བསྒོམ་པར་བྱའོ། །ཞེས་གཙོ་བོ་བསྒོམ་པར་གསུངས་པའི་ཕྱིར་དང༌། རང་གི་རྣམ་གཞག་ཏུ། རྒྱུ་རྡོར་འཛིན་རྡོ་རྗེ་ལས་བསྐྱེད་པ་མེད་པ་མ་ཡིན་ཏེ། གུར་རིགས་བསྡུས་ཀྱི་སྒྲུབ་ཐབས་ལས། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཡི་ནི་གདན། །རང་གི་ས་བོན་ལེགས་བལྟས་ལ། །འཁོར་ལོའི་རྣམ་པར་གསལ་བར་བྱ། །སངས་རྒྱས་ཀུན་གྱི་ཡོན་ཏན་ནི། །ཨཱ་ལིའི་གཟུགས་ཏེ་དེར་གཞུག་གོ །ལྷ་མོའི་གཟུགས་ཀྱི་ཡན་ལག་ནི། །གྲུ་གསུམ་དུ་ནི་ཟླ་བ་བལྟ། །སྐར་མའི་རྣམ་པའི་གཟུགས་ཀྱིས་ནི། །ཀ་ལ་སོགས་པ་རབ་ཏུ་གཞུག །ཟླ་བའི་དཀྱིལ་འཁོར་དབུས་སུ་ཡང༌། །བྱང་ཆུབ་ཟླ་བ་གཉིས་པའོ། །ཧཱུྃ་བྱུང་རྡོ་རྗེ་བསྒོམ་པར་བྱ། །འོད་ཟེར་དཀར་པོའི་ཕྲེང་བའོ། །དེ་ལྟར་སོ་སོར་ངེས་པ་ནི། །ཕྱག་མཚན་ལྔ་ལ་ལྔ་རབ་དབྱེ། །རྣམ་སྣང་ལ་ནི་ཆོས་འཁོར་ལོ། །རིན་ཆེན་རྒྱལ་པོ་རིན་ཆེན་ཏེ། །པདྨ་བཟང་པོ་པདྨ་དམར། །དོན་གྲུབ་ཤེས་རབ་རལ་གྲི་ནི། །ཤེས་རབ་རྣོན་པོའི་རང་བཞིན་ནོ། །སེམས་དཔའི་གཟུགས་སུ་ཡང་དག་འབྱུང༌། །དཀྱིལ་འཁོར་བདག་པོ་རྣམ་བསྒོམ་བྱ། །མཁའ་འགྲོ་ཅན་གྱི་ཞལ་ཕྱག་སོགས། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །མཱ་མ་ཀཱི་སོགས་ཡང་དག་འཁྱུད། །ཅེས་ཀྱེ་རྡོར་རིགས་ལྔ་ཆར་ཕྱག་མཚན་ལས་བསྐྱེད་པ་བཤད་པའི་ཕྱིར་དང༌། བདག་ཕོ་མོར་བསྒྱུར་བ་ནི། སམྦུ་ཊའི་འགྲེལ་པ་མན་ངག་གི་སྙེ་མ་དང༌། སློབ་དཔོན་ཤཱནྟི་པ་སོགས་ཀྱིས་བཤད་པ་རྣམས་འདིར་གནོད་བྱེད་དུ་མི་རུང་སྟེ། དེ་དག་རྗེ་བཙུན་གྱི་ཕྱོགས་སྔ་ཡིན་པའི་ཕྱིར་དང༌། རྒྱ་དཔེར་ཕོ་རྟགས་མོ་རྟགས་ཀྱི་ཡི་གེ་རྣམ་དབྱེ་ཐ་དད་དུ་ཡོད་པའི་ཕྱིར་རོ། །ཡང་ཕོ་དང་མོ་ཞེས་པའི་ཚིག་ཙམ་ལ་མངོན་པར་ཞེན་པའང་མི་རིགས་ཏེ། སྒྲ་དོན་ལ་འབྲེལ་པ་མེད་པའི་ཕྱིར་རོ། །ཞེས་སྨྲ་བའང་ཤིན་ཏུ་མི་འཐད་དེ། དེ་ལྟར་ན་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་ཞེས་པའི་ཚིག་ཙམ་ལ་རྟེན་ནས་ལྷ་ཕོ་མོར་མངོན་པར་ཞེན་པའང་མི་རིགས་པར་ཐལ་ཏེ། སྒྲ་དོན་ལ་འབྲེལ་བ་མེད་པར་མཚུངས་པའི་ཕྱིར་རོ། །གཞན་ཡང་ཐ་སྙད་དུ་ཚིག་ལ་བརྟེན་ནས་དོན་ཚོལ་མི་དགོས་པར་ཐལ་བ་སོགས་ཀྱི་སྐྱོན་མཐའ་ཡས་སོ། །ཡང་ཁྲོ་བོ་དང་ཁྲོ་མོ་ལ་ཟླ་གདན་ཡོད་པ་དགྲ་ནག་ཏུ་བཤད་དོ། །ཞེས་པའང་སྒྲུབ་བྱེད་དུ་མི་རུང་སྟེ། དགྲ་ནག་གི་ཁྲོ་བོ་གཞན་རྣམས་ལ་ཉི་གདན་དང༌། གཏི་མུག་གཤིན་རྗེའི་གཤེད་ཡབ་ཡུམ་ལ་ཟླ་གདན་དུ་བྱས་པ་ནི། དེ་ཡབ་ཡུམ་ཅུང་ཟད་ཞི་ལ། གཞན་རྣམས་ནི་ཤིན་ཏུ་ཁྲོས་པའི་དབང་དུ་བྱས་པས་གདན་སོ་སོར་གསུངས་པའི་ཕྱིར་དང༌། འདིར་གུར་བརྟག་གཉིས་ཀ་ལས་བདག་མེད་མ་ཁྲོ་མོ་ཆེན་མོར་བཤད་པའི་ཕྱིར་རོ། །དུས་འཁོར་དུ་ཉི་ཟླ་སོགས་ཀྱི་གདན་བཤད་པའང་རྒྱུད་དེ་ཉིད་ཀྱི་སྒོས་ཀྱི་ཆོས་སྐད་ཡིན་པས་འདིར་གནོད་བྱེད་དུ་མི་རུང་ལ། གལ་ཏེ་རུང་ན། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཅེས་སོགས་ཀྱི་གཞུང་ཁྱེད་ཀྱིས་ཉི་ཟླ་ཁ་སྦྱོར་དུ་བཀྲལ་བ་དེ་ཡང་མི་འཐད་པར་ཐལ་ཏེ། དུས་འཁོར་གྱི་མཆོག་མི་འགྱུར་དུ་གཞུང་དེ་རྣམས་རྫོགས་རིམ་དུ་གསལ་བར་བཤད་པའི་ཕྱིར་རོ། །དེས་ན་འགྲེལ་པ་ཀུ་མུ་ཏི་ལ་སོགས་པའི་ལུང་རྙིང་པ་དོར་ནས་རྟོག་གེས་བརྟགས་པའི་རང་བཟོས་རྒྱུད་ཀྱི་དོན་བསླད་པར་མི་བྱའོ། །ཡང་རྔོག་ཐོགས་མེད་གྲགས་ཀྱིས། གཞུང་འདི་མཉམ་སྦྱོར་དུ་འཆད་ཀྱང༌། ནོར་བའི་རྣམ་གཞག་འདི་ལྟར་བྱེད་དེ། ཟླ་བ་གྲུ་གསུམ་པ་ནི་འཇིག་རྟེན་མངོན་སུམ་དང་འགལ་བས་དབུས་ཀྱི་གདན་གྱི་སྟེང་དུ། ཆོས་འབྱུང་གྲུ་གསུམ་པའི་ནང་དུ། ཟླ་བའི་དཀྱིལ་འཁོར་ཟླུམ་པོ་ཉིས་བརྩེགས་སུ་འདོད་དེ། མི་ཐུབ་ཟླ་བས། ལྷ་མོའི་གཟུགས་ཀྱི་ཡན་ལག་ནི། །གྲུ་གསུམ་དུ་ནི་ཟླ་བ་ལྟ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་འདོད་པའང་མི་འཐད་དེ། ལུང་དེའི་དོན་ནི། ཟླ་བའི་དབྱིབས་གྲུ་གསུམ་དུ་སྟོན་པ་ཡིན་ཏེ། ཀུ་མུ་ཏིར། ལྷ་མོའི་ཡན་ལག་དང་ཉིང་ལག་གི་གཟུགས་གྲུ་གསུམ་ཟླ་བ་ཉིད་ནི་གདན་ནོ། །ཞེས་གསུངས་པའི་ཕྱིར་དང༌། གདན་དབུས་མར་ཆོས་འབྱུང་བསྐྱེད་པ་གཞུང་གང་ནས་ཀྱང་མ་བཤད་པའི་ཕྱིར་རོ། །དེས་ན་རྗེ་བཙུན་རྩེ་མོས། ཟླ་བ་གྲུ་གསུམ་ཞེས་བྱ་བ་འདི་ལ་འགལ་བ་མེད་དེ། ཟླ་བ་ནི་ཆུ་ཤེལ་ཡོངས་སུ་དག་པ་ལས་བྱུང་བ་ཡིན་ན། དེས་ནི་རྣམ་པར་དག་པ་ཙམ་མཚོན་པ་ཡིན་གྱི། ནམ་མཁའི་ཟླ་བ་ཉ་གང་བ་ཟླུམ་པོ་ཞེས་བྱ་བ་ལ་མངོན་པར་ཞེན་པ་འདི་དོར་ཅིག དེས་ན་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་ཀྱང༌། ཚེས་གཅིག་གི་ཟླ་བའི་རི་མོ་ལྟ་བུ་ཞེས་གསུངས་སོ། །ཞེས་བྲིས་པས་དོན་འདི་དག་འགོག་པ་ཡིན་ནོ། །ཡང་ཟླ་བ་གཉིས་ཀྱི་བར་དུ་ཕྱག་མཚན་བསྒོམ་པར་འདོད་པ་ཡང་ཤིན་ཏུ་མི་རིགས་ཏེ། སམྦུ་ཊའི་རྒྱུད་ཕྱི་མར། དེ་ཉིད་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡང་ཟླ་བའི་དཀྱིལ་འཁོར་ཉིད་དོ། །དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་བསྒོམ་མོ། །ཞེས་པ་དང་འགལ་བའི་ཕྱིར་རོ། །དེས་ན་རང་ལུགས་པ་ཁ་ཅིག་གིས་ཀྱང༌། རྡོ་རྗེ་བར་དུ་འདོད་པ་མི་འཐད་དེ། རྗེ་བཙུན་སྐུ་མཆེད་དང༌། བླ་ཆེན་འཕགས་པས་སྟེང་དུ་བསྒོམ་པར་བཤད་པ་དང་འགལ་བའི་ཕྱིར་རོ། །གལ་ཏེ་འཕགས་པས་ཡན་ལག་བཞི་དྲུག་གི་ཁྱད་པར་དུ་བྱས་སོ་སྙམ་ན་དེ་ནི་དཔེ་མ་དག་པ་ཞིག་སྟེ། དེ་ལྟ་མ་ཡིན་ན། ཡི་གེ་ལས་བྱུང་གོང་བུ་ལ། །ཞེས་པའི་འཕགས་མཆན་དང༌། མངོན་རྟོགས་ལྗོན་ཤིང་ཆུང་བ་ལས། ཟླ་བའི་སྟེང་དུ་རྡོ་རྗེ་བཤད་པ་དང་ནང་འགལ་བར་འགྱུར་རོ། །ཡང་རྡོ་རྗེ་ལ་ཧཱུྃ་གིས་མཚན་པར་འདོད་པ་ཡང་མི་འཐད་དེ། ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་རྣམ་པའང་འདོད་མི་བྱ། །ཞེས་པ་དང་དངོས་སུ་འགལ་བའི་ཕྱིར་རོ། །གསུམ་པ་ནི། དེ་ལ་མཉམ་སྦྱོར་དང་མི་མཉམ་སྦྱོར་གཉིས་གང་རུང་ཅིག་བསྟན་པས་ཆོག་མོད། གཉིས་ཀ་བསྟན་དགོས་པའི་རྒྱུ་མཚན་ཅི་ཞེ་ན། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། །རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར། །ཐིག་ལེའི་རིམ་ཕྱིར་ལུས་སེམས་ཕྱིར། །དབང་ཕྱིར་དགོས་པ་བསམ་ཡས་ཕྱིར། །ཞེས་གསུངས་ཏེ། འདི་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྤྱིར་ཆོས་ཐམས་ཅད་རྒྱུ་ལམ་འབྲས་བུ་གསུམ་དུ་འདུ་བའི་ཕྱིར། འདིར་ཡང་དེ་གསུམ་དུ་འདུ་བར་བསྟན་ཏོ། །དེའང་གཞུང་ལས། ཐོག་མར་འབྲས་བུ་ནས་བསྟན་ཀྱང༌། །འདིར་བཤད་བདེ་བས་རྒྱུ་འབྲས་གོ་རིམ་བཞིན་དུ་བརྗོད་ན། ལུས་སེམས་ཕྱིར་ཞེས་པས་རྒྱུ་རྒྱུད་བསྟན། རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར་དང༌། ཐིག་ལེའི་རིམ་ཕྱིར་དང༌། དབང་ཕྱིར་རྣམས་ཀྱིས་ལམ་བསྟན། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར་གྱིས་འབྲས་བུ་བསྟན། དགོས་པ་བསམ་ཡས་ཕྱིར་གྱིས་མཇུག་བསྡུ་བའི་ཚུལ་གྱིས་རྒྱུ་ལམ་འབྲས་བུ་གསུམ་ཀ་བསྟན་ནོ། །གཉིས་པ་ལ་གསུམ། སྦྱང་གཞི་རྒྱུའི་རྒྱུད་དང༌། སྦྱོང་བྱེད་ཐབས་ཀྱི་རྒྱུད་དང༌། གྲུབ་པ་འབྲས་བུའི་རྒྱུད་ལ་སྦྱར་ནས་བཤད་པའོ། །དང་པོ་ནི། ལུས་སེམས་ཕྱིར་ཞེས་ཏེ། ལུས་ནི་ལས་ཀྱི་དབང་གིས་བགོས་པའི་བག་ཆགས་ཀྱིས་རྐྱེན་བྱས་ནས་འབྱུང་བ་ལྔ་དང་ཉོན་མོངས་པ་ལྔ་ལ་སོགས་པ་ལས་སྐྱེ་བ་དང༌། འགའ་ཞིག་སྨོན་ལམ་གྱི་དབང་གིས་སྐྱེ་བའང་ཡོད་ལ། སྦྱང་གཞི་དེའི་གཉེན་པོར་མི་མཉམ་སྦྱོར་གྱི་མངོན་བྱང་གསུངས་ཏེ། དེའང་རྒྱུ་དུས་སུ་ལུས་གྲུབ་པ་ན། ཕ་མའི་བྱང་སེམས་དཀར་དམར་གཉིས་ཚོགས་པས་ན་མངོན་བྱང་ལ་ཡང༌། ཟླ་བ་དང་ཉི་མ་བར་དོའི་རྣམ་ཤེས་འོང་སྟེ། ཁམས་གཉིས་ཀྱི་བར་དུ་གནས་པ་ནི་ཉི་ཟླའི་བར་དུ་ས་བོན་དང་ཕྱག་མཚན་དེ་ལས་མངལ་གྱི་གནས་སྐབས་བཅུས་ལུས་གྲུབ་པ་ནི། མངོན་བྱང་དང་པོ་གསུམ་པོ་གཅིག་ཏུ་འདྲེས་པ། དེ་ལས་མིའི་ལུས་གྲུབ་པ་ནི་ལྷའི་སྐུ་བསྐྱེད་པ་སྟེ། མདོར་ན་མི་མཉམ་སྦྱོར་ལས་བསྐྱེད་པ་ནི་ལུས་གྲུབ་པ་དང་ཆོས་མཚུངས་སོ། །སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། ཆོས་ཀྱི་སྐུའི་རང་བཞིན་ཡིན་ལ། སྦྱང་གཞི་དེའི་གཉེན་པོར་མཉམ་སྦྱོར་གྱི་མངོན་བྱང་གསུངས་ཏེ། དེ་ཡང་སེམས་ཉིད་རང་རིག་པ་ཙམ་དུ་གནས་པ་ནི། ཟླ་བ་དང་པོ། དེ་གསལ་བར་རྟོགས་པ་ནི་ཟླ་བ་གཉིས་པ། དེ་གཉིས་ཀྱི་ངོ་བོ་སྟོང་པ་ཉིད་དུ་གནས་པ་ནི། ཟླ་བ་གཉིས་ཀྱི་སྟེང་དུ་རྡོ་རྗེ་གསལ་སྟོང་ཟུང་འཇུག་དེ་འཁོར་འདས་གཉིས་ཀྱི་རྒྱུ་བྱེད་པ་ནི། འོད་ཟེར་གྱི་སྤྲོ་བསྡུ་དང་བཅས་པ། ལམ་གྱིས་སྦྱངས་པས་སྤྲོས་བྲལ་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་ནི་ལྷའི་སྐུ་བསྐྱེད་པའོ། །དེ་ཡང་ཇི་སྐད་དུ། ལུས་ནི་འབྱུང་བ་བཞི་ལ་སོགས། །ལས་དང་རྨོངས་རྣམས་སོགས་ལས་གྲུབ། །སེམས་ནི་རང་བཞིན་ཆོས་ཉིད་དེ། །འོད་གསལ་བར་ནི་གྲུབ་པའོ། །མི་མཉམ་མཉམ་པས་མཚོན་པར་གསལ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས། །སྨིན་བྱེད་དབང་དང་གྲོལ་བྱེད་ལམ་ལ་སྦྱར་བའོ། །དང་པོ་ནི། མཉམ་སྦྱོར་གྱི་གསང་དབང་མཚོན་ལ། མི་མཉམ་སྦྱོར་གྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་མཚོན་ཏེ། རྗེ་བཙུན་གྱིས། དེ་ལ་གསང་དབང་གི་དུས་སུ་སློབ་མ་ལ་རྣམ་པར་རྟོག་པའི་གྲྭ་དང་བཅས་པས་ཟུར་གསུམ་མོ། །ཤེས་རབ་ཡེ་ཤེས་ཀྱི་དུས་སུ་མི་རྟོག་པས་ཟླུམ་པོའོ། །གསང་དབང་ལ་གཉིས་ཀའི་བྱང་ཆུབ་ཀྱི་སེམས་དཀར་བ་དང་ལྡན་པས་ན་གཉིས་ཀའང་ཟླ་བའོ། །ཤེས་རབ་ཡེ་ཤེས་ཀྱི་ཤེས་རབ་ལ་ཉི་མ་ལྟར་དམར་ཞིང༌། ཐབས་ལ་ཟླ་བ་ལྟར་དཀར་བས་ན་ཟླ་བ་དང་ཉི་མའོ། །གསང་དབང་གི་བྱང་ཆུབ་ཀྱི་སེམས་ནི། མཐེ་བོང་སྲིན་ལག་དག་གིས་ནི། །སློབ་མའི་ཁར་ནི་ལྟུང་བར་བྱ། །ཞེས་འབྱུང་བས་ན། མི་འགེགས་པས་ཧཱུྃ་ཕཊ་མེད་པའོ། །ཤེས་རབ་ཡེ་ཤེས་ལ་འགེགས་པས་ན་ས་བོན་ཡོད་པའོ། །གསང་དབང་གི་ཐིག་ལེ་སྤྲོ་པས་ན་འོད་སྤྲོ་བའོ། །ཤེས་རབ་ཡེ་ཤེས་ལ་འཛིན་པས་ན་འོད་མི་སྤྲོ་བའོ། །གསང་དབང་གི་བྱང་ཆུབ་ཀྱི་སེམས་ཐིག་ལེ་ལ་བརྟེན་པས་སམ། རང་བཞིན་བརྒྱད་ཅུའི་རྟོག་པའི་དྲི་མ་དང་བྲལ་བས་དཀར་བའོ། །ཤེས་རབ་ཡེ་ཤེས་ཀྱི་བདེ་བ་ནི། བདེ་བ་ནག་ཅིང་ཞེས་པ་ལ་སོགས་པས་དཀར་བ་མ་ཡིན་པའོ། །ཞེས་བྱ་བ་ལ་དགོངས་པའོ། །ཞེས་«་་་་་དག་ལྡན་ལས»་གསུངས་ཤིང༌། རྗེ་བཙུན་རྩེ་མོས་ཀྱང་དེ་བཞིན་དུ་«་་་་་རྣམ་བཤད་ཉི་མའི་འོད་ཟེར་ལས»་བཤད་དོ། །འདིར་གཉིས་ཀའི་བྱང་སེམས་དཀར་བ་ཞེས་པའི་དོན་ལ། ཁ་ཅིག་«་་་་་ལོ་ཙྪ་བ་སྐྱབས། »ཡུམ་ལ་དཀར་ཆ་ཡོད་པས་དེ་ཡང་ཕྱུང་བས་ན་གཉིས་ཀའི་དཀར་པོའོ། །ཞེས་དང༌། ལ་«་་་་་གསང་ལ་དབང་ཕྱུག་གྲགས། »ལ་དག་ཡབ་ཀྱི་བྱང་སེམས། ལས་ཡུམ་གྱི་དམར་ཆ་མངོན་དུ་མི་བྱེད་པས་གཉིས་ཀ་དཀར་པོ་ཞེས་དང༌། གཞན་«་་་་་ཀུན་དགའ་ཟླ་བ།» དག་ཡུམ་ལ་དམར་ཆ་ཡོད་ཀྱང་རང་བཞིན་བརྒྱད་ཅུའི་རྟོག་པ་དང་བྲལ་བའི་ཆ་ནས་དཀར་པོར་བཞག་པས་གཉིས་ཀ་དཀར་པོ་ཞེས་དང༌། འགའ་ཞིག་སློབ་མའི་གཞིར་གནས་ཀྱི་བྱང་སེམས་ཀྱི་སྟེང་དུ། སློབ་དཔོན་གྱིས་ཕྱུང་བའི་བྱང་སེམས་བླུགས་པས་གཉིས་ཀ་དཀར་པོའོ་ཞེས་འདོད་དོ། །དེ་ལ་ཕྱོགས་དང་པོ་མི་འཐད་དེ། སྙོམས་འཇུག་གི་ཚེ་ན་ཡུམ་གྱི་དཀར་ཆ་བབས་ན་དེ་འཆི་ལྟས་སུ་བདེ་མཆོག་སྡོམ་འབྱུང་དང༌། དུས་འཁོར་དུ་བཤད་པ་དང༌། གསང་དབང་གི་ཚེ་ཡུམ་ལ་དཀར་ཆ་འབབ་པའང་ད་དུང་བསྒྲུབ་བྱར་འདུག་པའི་ཕྱིར་རོ། །གཉིས་པའང་མི་འཐད་དེ། དེའི་ཚེ་དམར་ཆ་མངོན་དུ་མི་བྱེད་ན། དགའ་བོ་མངལ་འཇུག་གི་མདོ་ལས། མ་ནད་མར་གྱུར་པ་དང༌། ཆགས་པའི་སེམས་མེད་ན་དམར་ཆ་མི་འབབ་ལ། གཞན་སྙོམས་པར་འཇུག་རེས་ཀྱི་འབབ་པར་བཤད་པ་ལས། འདིར་གསང་དབང་གི་རྟེན་དུ་རིག་མ་ནད་ཀྱིས་བཏབ་པ་མི་དགོས་ཏེ། ཤིན་ཏུ་བཞིན་བཟང་མིག་ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །ཞེས་བཤད་པའི་ཕྱིར་རོ། །དེ་བཞིན་དུ་ཆགས་པའི་སེམས་མེད་པའང་མི་དགོས་ཏེ། ལམ་འབྲས་ལས་གཉིས་ཀ་འདོད་པ་མཉམ་དགོས་པར་བཤད་པའི་ཕྱིར་རོ། །གསུམ་པའང་མི་འཐད་དེ། གསང་དབང་ཐོབ་ནས་རང་བཞིན་བརྒྱད་ཅུའི་ཀུན་རྟོག་དང་བྲལ་བ་ཡིན་ཀྱང༌། འདིར་དེའི་བྲལ་ཆ་ནས་དཀར་པོར་འཇོག་པ་མི་འཐད་དེ། གསང་དབང་མ་ཐོབ་པའི་ཕྱིར་དང༌། རྟོག་པའི་གྲྭ་ཟུར་ཅན་དུ་གསུངས་པའི་ཕྱིར་རོ། །བཞི་པའང་མི་འཐད་དེ། རྗེ་བཙུན་རྩེ་མོས། གསང་དབང་གི་ཐབས་ཤེས་རབ་གཉིས་ཀའི་བྱང་སེམས་ཟླ་བ་ལྟར་དཀར་བས་ཟླ་བ་གཉིས་སོ། །ཞེས་གཉིས་ཀའི་དོན་ཡབ་ཡུམ་ལ་ངོས་བཟུང་གི དཔོན་སློབ་ལ་མ་བཤད་པའི་ཕྱིར་རོ། །དེས་ན་ལུགས་དེ་རྣམས་ནི་མི་འཐད་པ་ཁོ་ན་ཡིན་ནོ། །འདི་ལ་བདག་གི་བླ་མ་མཁས་«་་་་་ཛྙཱ་ན་དྷཱ་ཛ།» པ་དག་འདི་ལྟར་བཞེད་དེ། གསང་དབང་བསྐུར་བའི་ཕྱིར། སློབ་དཔོན་ཡབ་ཡུམ་སྙོམས་པར་ཞུགས་ནས། ཡབ་ཀྱི་བྱང་སེམས་བབས་པའི་དྲོད་མ་ཉམས་པར་བྱས་པ་དེ་ཉིད་ཡུམ་གྱི་བྷ་གར་བཞག་པ་དེས་སློབ་མ་ལ་དབང་བསྐུར་བ་ཡིན་ཏེ། རྩ་རྒྱུད་ལས། ཇི་སྲིད་ཁུ་བ་ལྡན་གྱུར་པ། །དེ་སྲིད་ཕྱག་རྒྱ་བསྟེན་པར་བྱ། །ཞེས་སོ། །དེས་ན་ཡབ་ཀྱི་བྱང་སེམས་དེ་ཉིད་ཡུམ་གྱི་བྷ་ག་ནས་ལེན་པའི་ཕྱིར། གཉིས་ཀའི་བྱང་སེམས་དཀར་བའོ། །ཞེས་པའི་ཐ་སྙད་མཛད་པ་སྟེ། དཔེར་ན་མཎྜལ་གྱི་སྟེང་གི་ནས་ལ། མཎྜལ་གྱི་ནས་ཞེས་བརྟེན་པ་ལ་རྟེན་གྱི་མིང་གིས་བཏགས་པ་ལྟ་བུའོ་གསུང་ངོ༌། །འོ་ན་སྙོམས་འཇུག་གི་ཚེ་ཕ་མའི་ཁམས་གཉིས་དུས་གཅིག་ལ་ལྟུང་བར་བཤད་པ་དང་འགལ་ལོ་ཞེ་ན། གསང་དབང་གི་སྐབས་འདིར་སྙོམས་འཇུག་བྱ་ཚུལ་ནི། པདྨའི་ཁ་སྒོར་རྡོ་རྗེ་གཞིབས་ནས་བྱང་སེམས་ཕབ་པ་པདྨའི་ནང་དུ་འཇོག་པ་ཡིན་གྱི། ཤེས་རབ་ཡེ་ཤེས་ལྟར་པདྨའི་ནང་དུ་རྡོ་རྗེ་བཅུག་ནས་བསྐྱོད་པ་ལས་ཁམས་འབེབས་པ་མ་ཡིན་ཏེ། རྒྱུད་ཡེ་ཤེས་སྙིང་པོར། གསང་བའི་དབང་ནི། སྐྱེ་མཆེད་ཀྱི་ལོ་དང་ལྡན་པའི་གཞོན་ནུ་མ་ལ་ནང་གི་རྐན་ཡོངས་སུ་གཞིབས་པ་ལས་སོ། །ཤེས་རབ་ཡེ་ཤེས་ནི། ཁམས་ཀྱི་ལོ་དང་ལྡན་པའི་གཞོན་ནུ་མ་ལ་ལྷན་ཅིག་བསྲུབ་པ་དང་བསྲུབ་པའི་ཐབས་ཆེན་པོ་ལས་ཞུ་བ་འཕོ་བའི་དུས་སུ་ཡེ་ཤེས་ཉམས་སུ་མྱོང་བས་སོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། བསྐྱེད་པའི་རིམ་པ་དང༌། དེ་ཉིད་རྫོགས་རིམ་ལ་སྦྱར་བའོ། །དང་པོ་ནི། ཐིག་ལེའི་རིམ་ཕྱིར་ཞེས་ཏེ། དེ་ལྟར་དབང་དང༌། སྦྱང་གཞིའི་དབང་གིས་བསྐྱེད་རིམ་ལ་ཡང་མི་མཉམ་སྦྱོར་དང་མཉམ་སྦྱོར་གཉིས་སུ་གྲུབ་པ་ཡིན་ཏེ། དེ་ཡང་མངལ་དུ་མ་ཞུགས་པར། ཕའི་བྱང་སེམས་ལས་བུ་ཚའི་ལུས་གྲུབ་པའང་ཡོད་ལ། དེ་དང་སྒོ་བསྟུན་ནས་མཉམ་སྦྱོར་བསྟན་ནོ། །འོན་ཀྱང་བུ་མོ་བསྐྱེད་པ་མི་སྲིད་པའི་ཕྱིར། ཡུམ་གྱི་དཀྱིལ་འཁོར་མཉམ་སྦྱོར་ལས་བསྐྱེད་པ་མ་གསུངས་པ་ཡིན་ཏེ། ཐིག་ལེ་རིམ་པ་ཐབས་ཕྱོགས་ལ། །ཟག་བཅས་བདེ་བ་བསྐྱེད་པ་ལ། །གཞན་ལ་རག་ལས་མེད་པའང་སྲིད། །ཕ་ཡི་བྱང་སེམས་རྐྱང་པ་ལས། །བུ་ཚའི་ཕུང་ཁམས་བསྐྱེད་པའང་སྲིད། །འོན་ཀྱང་བུ་མོ་བསྐྱེད་མི་སྲིད། །ཡབ་ཀྱི་ཕྱོགས་ལས་གཉིས་བྱུང་བས། །དེས་ན་མཉམ་སྦྱོར་བསྐྱེད་ཆོག་བསྟན། །ཤེས་རབ་འཛག་བདེ་བསྐྱེད་པ་ལའང༌། །ཟུང་འཇུག་མེད་ན་མི་འབྱུང་བས། །མ་ཡི་ཁམས་ནི་རྐྱང་པ་ལས། །བུ་ཚ་བསྐྱེད་པ་མི་སྲིད་དོ། །དེས་ན་ཡུམ་གྱི་ཕྱོགས་ལ་ནི། །མཉམ་སྦྱོར་ཆོ་ག་མ་བསྟན་ཏོ། །ཞེས་གསུངས་སོ། །དེས་ན་སྐྱེས་པ་ལ་བུད་མེད་ལ་ལྟོས་པ་དང༌། མ་ལྟོས་ཀྱང་འཛག་བདེ་ཉམས་སུ་མྱོང་རྒྱུ་ཡོད་པའི་ཕྱིར། ཡབ་ཀྱི་དཀྱིལ་འཁོར་ལ་མཉམ་སྦྱོར་དང༌། མི་མཉམ་སྦྱོར་གཉིས་ཀ་བསྟན་ལ། བུད་མེད་ལ་སྐྱེས་པ་ལ་མ་ལྟོས་པའི་འཛག་བདེ་ཉམས་སུ་མྱོང་རྒྱུ་མེད་པའི་ཕྱིར། ཡུམ་གྱི་དཀྱིལ་འཁོར་ལ་མཉམ་སྦྱོར་མ་གསུངས་པ་ཡིན་ནོ། །གཉིས་པ་ལ་གཉིས། རང་བྱིན་རླབས་དང་དཀྱིལ་འཁོར་འཁོར་ལོ་ལ་སྦྱར་བའོ། །དང་པོ་ནི། རང་བཞིན་གྱིས་དག་རྒྱུ། ཞེས་ཏེ། བསྐྱེད་རིམ་སྔོན་དུ་སོང་ནས། རྫོགས་རིམ་རང་བྱིན་རླབས་བསྒོམ་པ་ན། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལ་དག་པར་ཤེས་པས་གཉིས་ཀ་ཟླ་བ། བསྒོམ་པའི་དུས་སུ་འཁོར་ལོ་བཞི་གསལ་བཏབ་ནས་གཏུམ་མོའི་མེ་སྦར་བས། ལྟེ་བ་དང་སྤྱི་བོའི་འཁོར་ལོ་བཞུ་བཏུལ་མེད་པས་ཟླ་བ་གཉིས་ལ་ཨཱ་ལི་ཀཱ་ལིས་མཚན་པ། སྙིང་ག་དང་མགྲིན་པའི་འཁོར་ལོའི་ཡི་གེ་རྣམས་བསྲེགས་པས་ས་བོན་གྱིས་མ་མཚན་པ། མེ་དེས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་པས་འོད་ཟེར་གྱི་སྤྲོ་བསྡུ་བྱེད་པ། སྤྱི་བོའི་ཧཾ་ལས་བྱང་སེམས་ཟླ་བ་ལྟར་དཀར་བ་བབས་པས་ཁ་དོག་དཀར་པོ། རང་བྱུང་གི་ཡེ་ཤེས་དེས་མཚན་རྟོག་གི་མི་ཕྱེད་པས་མངོན་བྱང་གསུམ་པ་རྡོ་རྗེར་བསྒོམ་པ་སྟེ། རང་བཞིན་གྱིས་དག་ཐབས་རྒྱུད་དེ། །ཆོས་རྣམས་རང་བཞིན་སྤྲོས་བྲལ་ལ། །ལམ་དུ་བསྒོམས་པའི་ཉམས་མྱོང་གིས། །དག་ལ་དག་པར་ཤེས་པ་དང༌། །འཁོར་ལོ་བཞི་རྫོགས་འབར་འཛག་གི །དུས་སུ་ལྟེ་བ་བདེ་ཆེན་ལ། །ཡི་གེ་རྫོགས་པར་དགོད་པ་དང༌། །བཞུ་བཏུལ་མེད་པར་གསལ་བས་ན། །ཟླ་བ་ཨཱ་ལི་ཀཱ་ལིས་མཚན། །མེ་སྦར་སྙིང་མགྲིན་ཡི་གེ་རྣམས། །བསྲེགས་པས་ཕྱག་མཚན་ས་བོན་མེད། །ཕྱོགས་བཅུའི་དེ་བཞིན་གཤེགས་སྐུ་ལ། །འགྲོ་འོང་བྱེད་པས་འོད་ཟེར་སྤྲོ། །བྱང་སེམས་ཟླ་བའི་རྣམ་པར་འབབ། །དེ་ཕྱིར་སྐུ་མདོག་དཀར་པོར་ངེས། །དེ་ལས་སྐྱེས་པའི་ཡེ་ཤེས་ནི། །མཚན་རྟོག་གིས་ནི་མི་ཕྱེད་པས། །མངོན་བྱང་གསུམ་པ་རྡོ་རྗེར་ངེས། །རང་བཞིན་གྱིས་དག་མཉམ་སྦྱོར་རྒྱུའོ། །ཞེས་སོ། །གཉིས་པ་ནི། འབྲས་ཕྱིར་ཞེས་ཏེ། རང་བྱིན་བརླབ་སྔོན་དུ་སོང་བས། ཐིག་ལེ་ལ་དབང་ཐོབ་པར་བྱས་ནས་འབྲས་བུ་ཕོ་ཉའི་ལམ་བསྒོམ་པ་ན། སྒྲུབ་པ་པོའི་ཐིག་ལེ་དཀར་པོ་དང༌། ཕྱག་རྒྱའི་རཀྟ་དམར་པོར་འབབ་པས། ཟླ་བ་དང་ཉི་མ་དེ་རྡོ་རྗེ་དང་པདྨའི་རྩ་སྒོར་འབབ་པས་ཨཱ་ལི་དང་ཀཱ་ལིས་མ་མཚན་པ། ཕྱིར་འཕོ་བ་བཀག་ནས་གྱེན་དུ་འདྲེན་པས་ཕྱག་མཚན་ལ་ས་བོན་གྱིས་མཚན་པ། ཁམས་གཉིས་པོ་ཡབ་ཡུམ་གྱི་རང་གནས་སུ་འཇོག་པས་འོད་ཟེར་གྱི་སྤྲོ་བསྡུ་མེད་པ་དེ་ལས་སྐྱེས་པའི་ཡེ་ཤེས་ཀྱང་སྣ་ཚོགས་སུ་སྐྱེ་བས་སྐུ་མདོག་ཀྱང་སྣ་ཚོགས་སུ་བསྒོམ་པ་སྟེ། འབྲས་བུ་ཞེས་བྱ་ཕོ་ཉ་ཡི། །ལམ་ལ་གནས་སྐབས་གསུམ་ཀ་རུ། །ཐིག་ལེ་དཀར་དམར་གཉིས་ལ་བརྟེན། །དགོས་པའི་ཕྱིར་ན་ཉི་ཟླར་ངེས། །དེའང་རྩ་སྒོར་འབབ་མཚོན་པས། །ཨཱ་ལི་ཀཱ་ལིས་མ་མཚན་ནོ། །འགྱུར་བ་བཀག་ནས་ཡར་འདྲེན་པས། །ཕྱག་མཚན་ས་བོན་གྱིས་མཚན་ཏོ། །ཁམས་གཉིས་རང་སར་འཇོག་པའི་ཕྱིར། །འོད་ཟེར་གྱིས་ནི་སྤྲོ་བསྡུ་མེད། །དེ་ལས་སྐྱེས་པའི་ཡེ་ཤེས་ཀྱང༌། །བདེ་བ་གནག་ཅིང་བདེ་བ་སེར། །ཞེས་སོགས་སྣ་ཚོགས་སུ་སྐྱེ་བས། །སྐུ་མདོག་རྣམས་ལ་མ་ངེས་སོ། །ཉེ་རྒྱུའི་བསྒོམ་ཚུལ་དེ་ལྟ་བུས། །འབྲས་བུ་ལ་ནི་ཉེ་བའི་ཕྱིར། །འབྲས་བུ་ཞེས་ནི་བསྟན་པ་ཡིན། །ཞེས་སོ། །གསུམ་པ་ལ་གསུམ། མཉམ་སྦྱོར་དབྱིངས་ཀྱི་བཤད་པ། མི་མཉམ་སྦྱོར་ཡེ་ཤེས་ཀྱི་བཤད་པ། རྒྱས་གདབ་ཀྱིས་དེ་གཉིས་ཀ་བཤད་པའོ། །དང་པོ་ནི། དབྱིངས་དང་ཡེ་ཤེས་ཏེ། དབྱིངས་རང་བཞིན་གྱིས་དག་པ་དང༌། སྤང་བྱ་གློ་བུར་གྱི་དྲི་མས་དག་པས་ན་གཉིས་ཀ་ཟླ་བ། དེས་རྣམ་ཐར་སྒོ་གསུམ་མཚོན་པས་ཟུར་གསུམ། དོན་ཐབས་ཤེས་ཟུང་དུ་འཇུག་པས་ཨཱ་ལི་ཀཱ་ལིས་མཚན་པ། དེ་ལྟ་བུའི་དག་པ་གཉིས་ལྡན་གྱི་ཆོས་སྐུ་དེ། ས་བཅུ་པས་ཀྱང་རྟོགས་པར་དཀའ་བས། མངོན་བྱང་གསུམ་པ་རྡོ་རྗེ། དེ་རིགས་ལྔ་དང་ཡེ་ཤེས་ལྔའི་ཚུལ་དུ་སྣང་བས་རྩེ་ལྔ་པ། ངོ་བོ་སྤྲོས་པ་དང་བྲལ་ཞིང་སྐྱེད་བྱེད་གཞན་མེད་པས་རྡོ་རྗེ་ལ་ས་བོན་གྱིས་མ་མཚན་པ། ཆོས་ཀྱི་སྐུ་དེ་ལས་གཟུགས་ཀྱི་སྐུ་གཉིས་འཕྲོ་ཞིང་རྟེན་བྱེད་པས་རྡོ་རྗེ་ལས་འོད་ཟེར་གྱི་སྤྲོ་བསྡུ་ཡོད་པ། ཆོས་ཀྱི་སྐུ་རང་བཞིན་གྱིས་འོད་གསལ་བས་སྐུ་མདོག་དཀར་པོ་སྟེ། ཇི་སྐད་དུ། དབྱིངས་ནི་རང་བཞིན་རྣམ་དག་པ། །སྤང་བྱ་གློ་བུར་རྣམ་དག་ལ། །དག་པ་གཉིས་ལྡན་ཆོས་སྐུ་དེ། །ཤིན་ཏུ་རྣམ་དག་ཟབ་པའི་ཕྱིར། །ས་བཅུ་པས་ཀྱང་རྟོགས་དཀའི་ཕྱིར། །མཚོན་བྱེད་རྡོ་རྗེ་རྩེ་ལྔ་པ། །རིགས་ལྔ་ཡེ་ཤེས་ལྔ་སྣང་ཡང༌། །ངོ་བོ་ཆོས་སྐུ་སྤྲོས་དང་བྲལ། །ཐོག་མ་ཐ་མ་མེད་པའི་མཆོག །དེ་ལ་སྐྱེད་བྱེད་གཞན་མེད་པས། །ཕྱག་མཚན་ས་བོན་མ་མཚན་ལ། །དེ་ཡང་སྐུ་གཉིས་རྟེན་བྱེད་པས། །འོད་ཟེར་སྤྲོ་དང་བསྡུ་བའོ། །རང་བཞིན་འོད་གསལ་གཞིར་གྱུར་པས། །སྐུ་མདོག་དཀར་པོར་ངེས་པ་ཡིན། །ཐབས་ཤེས་ཟུང་དུ་འཇུག་པའི་ཕྱིར། །ཨ་དང་ཀ་སོགས་མཚན་པ་དང༌། །ཡབ་ཀྱི་རྣམ་པར་ངེས་པའོ། །གཉིས་པ་ནི། ཡེ་ཤེས་ཞེས་ཏེ། རྒྱུ་དུས་ཀྱི་ཕུང་པོ་ལྔ་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་ལྔའི་རང་བཞིན་དེ་ཉིད་ཡབ་ཡུམ་ཞལ་སྦྱོར་དུ་བཞུགས་པས། མངོན་བྱང་དང་པོ་གཉིས་ཟླ་བ་དང་ཉི་མ་ཁ་སྦྱར་བ། དེའི་སྤྲུལ་སྐུས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པས་མངོན་བྱང་གསུམ་པ་རྡོ་རྗེར་མ་ངེས་ཤིང༌། ཐོད་པ་དང༌། སྣ་ཚོགས་རྡོ་རྗེ་དང༌། གྲི་གུག་སོགས་ཀྱི་ཕྱག་མཚན་ཡོད་པ། ལོངས་སྐུ་ས་བདུན་མན་ཆད་ལ་སྦས་པས། ཕྱག་མཚན་ལ་ས་བོན་གྱིས་མཚན་པ། སྤྲུལ་སྐུ་མཆོག་འབྲིང་ཐ་མ་གསུམ་ལས་གཞན་སྤྲོ་མི་དགོས་པས། འོད་ཟེར་གྱི་སྤྲོ་བསྡུ་མེད་པ། ལོངས་སྐུ་ཡེ་ཤེས་ལྔའི་རང་བཞིན་ཡིན་པས། སྐུ་མདོག་དཀར་པོ་ཁོ་ནར་མ་ངེས་ཀྱི་ནག་པོ་དང་སེར་པོ་ལ་སོགས་པ་སྣ་ཚོགས་པའོ། །དེའང་ཇི་སྐད་དུ། ཡེ་ཤེས་རྒྱུ་དུས་ཕུང་པོ་ལྔ། །གནས་གྱུར་ལོངས་སྤྱོད་རྫོགས་པའི་སྐུ། །ཡེ་ཤེས་ལྔ་ཡི་ངོ་བོ་དེ། །ཡབ་ཡུམ་ཞལ་སྦྱོར་དུ་སྣང་བས། །ཉི་ཟླ་གཉིས་སུ་ངེས་པ་ཡིན། །སྤྲུལ་སྐུ་སེམས་ཅན་སྣ་ཚོགས་ཀྱི། །དོན་མཛད་རྡོ་རྗེར་མ་ངེས་སོ། །ལོངས་སྐུ་ས་བདུན་མན་ཆད་ལ། །སྦས་པ་མཚོན་པས་ཕྱག་མཚན་ལ། །ས་བོན་གྱིས་ནི་མཚན་པའོ། །སྤྲུལ་སྐུ་རིགས་གསུམ་ལས་གཞན་མེད། །དེས་ན་འོད་ཟེར་སྤྲོ་བསྡུ་མེད། །ཉི་ཟླ་ཟུང་འཇུག་ཐབས་ཤེས་ཡིན། །དེས་ན་སྐུ་མདོག་རྣམ་པ་སོགས། །གཅིག་པ་ཁོ་ནར་མ་ངེས་སོ། །ཞེས་སོ། །གསུམ་པ་ནི། འབྲས་བུ་ཆོས་ཀྱི་སྐུ་དང༌། གཟུགས་སྐུ་གཉིས་དབྱེར་མེད་དུ་གནས་པ་ནི། རྒྱས་གདབ་པའི་དོན་ཏེ། ཇི་སྐད་དུ། རྒྱས་གདབ་སྐུ་གསུམ་དབྱེར་མེད་དོ། །ཞེས་སོ། །འདི་དག་གི་དོན་གཞན་ཡང་མང་དུ་ཡོད་མོད། འདིར་དེ་ཙམ་ཞིག་གིས་ཆོག་པས་མ་བཤད་ལ། འདིར་བྲིས་པའི་མན་ངག་གི་བཤད་པ་འདི་ནི། དཔལ་ལྡན་ས་སྐྱ་པཎྜི་ཏའི་སྲས་ཀྱི་ཐུ་བོ་གྲུབ་ཐོབ་ཡོན་ཏན་དཔལ་གྱི་དངོས་སློབ་བླ་མ་བློ་གྲོས་དཔལ་གྱིས་བཤད་པ་བཞིན་བྲིས་པ་ཡིན་ནོ། །མདོར་ན་རྒྱུ་དུས་ཀྱི་ལུས་སེམས་གཉིས་མངོན་བྱང་ལྔའི་ཚུལ་དུ་རང་གྲུབ་ཏུ་ཡོད་པ་ནི་སྦྱང་གཞི་ཡིན་ལ། དེ་ལ་གསང་དབང་དང་ཤེས་རབ་ཡེ་ཤེས་གཉིས་མངོན་བྱང་ལྔའི་ཚུལ་དུ་བསྐུར་བས་བསྐྱེད་རིམ་གྱི་མངོན་བྱང་ལྔ་འགྲུབ་པའི་རྒྱུ་བྱེད་ལ། ལམ་དུ་བསྐྱེད་རིམ་གྱི་ལྷ་རྣམས་མངོན་བྱང་ལྔའི་ཚུལ་གྱིས་བསྒོམས་པས། རྫོགས་རིམ་གཉིས་ཀྱི་དགེ་རྩ་སྨིན་བྱེད་དུ་འགྲོ་ལ། དེས་རྫོགས་རིམ་བསྒོམས་པས་འབྲས་བུ་ཡེ་ཤེས་ལྔ་མངོན་དུ་གྱུར་ནས་འཚང་རྒྱ་བ་ཡིན་པས་འདི་རྣམས་རྒྱུ་འབྲས་སུ་འགྲོ་བའི་བཤད་པ་ཤེས་དགོས་ཀྱི། མཚོན་དོན་བསྒྲིགས་པ་ཙམ་གྱི་བཤད་པ་ལ་སྙིང་པོ་མེད་དོ། །ཡང་མཉམ་སྦྱོར་དང་མི་མཉམ་སྦྱོར་གཉིས་ཀྱིས་ལུས་སེམས་གཉིས་སྦྱང་ཞིང་འབྲས་བུ་སྐུ་གཉིས་སོགས་འགྲུབ་པར་བཤད་པ་ནི། གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། རེ་རེས་སྦྱང་གཞི་ཐམས་ཅད་སྦྱང་བ་དང་འབྲས་བུ་གཉིས་ཀ་འགྲུབ་མི་ནུས་པ་མ་ཡིན་ནོ། །གཉིས་པ་གཞུང་དོན་ལ་གསུམ། ས་བོན་མེད་པའི་དབང་དུ་བྱས་ནས་མདོར་བསྟན། ས་བོན་དང་བཅས་ཏེ་རྒྱས་པར་བཤད། ཞར་ལ་རྩོད་པ་སྤང་བའོ། །དང་པོ་ནི། དབུས་ཀྱི་གདན་གྱི་སྟེང་དུ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་པོའི་ཚུལ་གྱིས། རྒྱུ་རྡོ་རྗེ་འཆང་སྒོམ་པ་ནི་དོན་སངས་རྒྱས་ཀྱི་ཡེ་ཤེས་ལྔ་ལམ་དུ་བྱེད་པ་སྟེ། དེ་ལ་མངོན་བྱང་དང་པོ་ཟླ་བ་བསྒོམ་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གཉིས་པ་རྟ་བདུན་པ་ཉི་མ་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །གསུམ་པ་ཉི་ཟླའི་བར་དུ་ལྷའི་ས་བོན་དང་ཕྱག་མཚན་བསྒོམ་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་ཡིན་ནོ་ཞེས་ཟེར་རོ། །བཞི་པ་དེ་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ལྔ་པ་གཟུགས་བརྙན་དེ་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མོས་པར་བྱ་སྟེ། དཔལ་མཆོག་ཌོམྦྷི་པས། མེ་ལོང་མཉམ་ཉིད་ཡེ་ཤེས་ནི། །ཟླ་བ་ཉི་མར་རབ་ཏུ་གྲགས། །ལྷ་ཡི་ས་བོན་གྱིས་མཚན་པ། །སོ་སོར་རྟོག་པ་ཡིན་པར་བརྗོད། །ཐམས་ཅད་གཅིག་གྱུར་ནན་ཏན་གྲུབ། །རྫོགས་པ་དག་པའི་ཆོས་ཉིད་དོ། །ཞེས་གསུངས་ལ། མངོན་བྱང་ལྔ་པོ་དེའི་བྱེད་ལས་ནི། དག་པ་རྡོ་རྗེའི་སྒྲོན་མེར། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཇི་ལྟར་གཟུགས་མཐོང་བ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དེ་ལྟར་རོ་གཅིག་ཏུ་འགྱུར་ཞིང༌། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་སོ་སོར་རྟོག་པ་སྟེ། དེ་ལྟར་ཡང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་བྱ་བ་གང་ཡིན་པ་དེ་གཅིག་ཉིད་དུ་བྱེད་ལ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་དང་ལྷན་ཅིག་པའི་གཟུགས་ཏེ། འདི་ནི་རྣམ་པ་ལྔ་མངོན་པར་བྱང་ཆུབ་པའོ། །ཞེས་གསུངས་པ་ལྟར་རོ། །སློབ་དཔོན་མཚོ་སྐྱེས་དང༌། མར་མེ་མཛད་ཀྱིས་མངོན་བྱང་ལྔ་དང་ཡེ་ཤེས་ལྔ་སྦྱར་བ་མི་སྣང་ཡང་དོན་ཐོབ་ཀྱི་དབང་དུ་བྱས་པ་ཡིན་ལ། རྒྱ་གར་བའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་གཞུང་གཞན་ཐམས་ཅད་ནས་མངོན་བྱང་དང་ཡེ་ཤེས་སྦྱར་བ་ཁོ་ན་འབྱུང་ངོ༌། །གཉིས་པ་ལ་གསུམ། མངོན་བྱང་དང་པོ་གཉིས་བཤད་པ། བར་པ་བཤད་པ། ཐ་མ་གཉིས་བཤད་པའོ། །དང་པོ་ནི། དབུས་ཀྱི་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པའི་ཨཱ་ལི་དཀར་པོར་བསྒོམས་པ་དེ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པ་ནི། མངོན་བྱང་དང་པོ་སྟེ་ཟླ་བའི་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཞེས་པའི་ཀཱ་ལི་བསྒོམས་ནས་དེ་རྟ་བདུན་པ་ཉི་མའི་དཀྱིལ་འཁོར་དུ་གྱུར་པར་བསམ་པ་ཡིན་ནོ། །འདིའི་མཐའ་དཔྱད་པ་ལ་གཉིས། རྒྱུའི་ས་བོན་ཇི་ལྟར་བསྒོམ་པ་དང༌། འབྲས་བུ་ཉི་ཟླའི་ངོ་བོ་དཔྱད་པའོ། །དང་པོ་ལ་གཉིས། ས་བོན་ཉིས་འགྱུར་དགོས་མི་དགོས་དཔྱད་པ། དགོས་པའི་རྒྱུ་མཚན་བཤད་པའོ། །དང་པོ་ནི། སློབ་དཔོན་འདིས་ཀུ་མུ་ཏི། བདག་མེད་མ། གུར་གྱི་སྒྲུབ་ཐབས་རྣམས་དང༌། རིན་ཆེན་འབར་བ། དཔལ་མཆོག་ཌོམྦྷི་པ། བྱང་ཆུབ་སྙིང་པོ་རྣམས་ཀྱིས། ཨཱ་ལི་ཟླ་བ་མེ་ལོང་དང༌། །ཀཱ་ལི་ཉི་མ་མཉམ་ཉིད་ལྡན། །ཞེས་པ་ཙམ་ལས། དབྱངས་གསལ་ཉིས་འགྱུར་དུ་བྱེད་མི་བྱེད་མི་གསལ་ལ། ཤཱནྟི་པས། དེ་ནས་གདན་དབུས་མའི་སྟེང་དུ་དབྱངས་ཀྱི་ཡི་གེ་བཅོ་ལྔ་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེའི་སྟེང་དུ་གསལ་བྱེད་སུམ་ཅུ་རྩ་བཞི་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཞེས་གསུངས་ཤིང༌། དེ་བཞིན་དུ། ཉིན་འབྱུང་ཟླ་བ། ནག་པོ་པ། དོན་གསལ་མཁན་པོ་རྣམས་ཀྱིས་དབྱངས་གསལ་རྐྱང་པ་ལས་ཉིས་འགྱུར་མི་བཞེད་དོ། །སློབ་དཔོན་མར་མེ་མཛད་ཀྱིས། ཨཱ་ལི་ཉིས་འགྱུར་ཟླ་དཀྱིལ་འཁོར། །ཀཱ་ལི་ཉིས་འགྱུར་ཉི་དཀྱིལ་འཁོར། །ཞེས་དང༌། གཉིས་མེད་རྡོ་རྗེ། ཀཾ་པ་ལ། ཛ་ལནྡྷ་རི་པ། ལྷའི་རིགས་ཀྱི་བློ་གྲོས་རྣམས་ཀྱིས་ཉིས་འགྱུར་དུ་བཤད་དོ། །དེ་ལ་དབྱངས་ཉིས་འགྱུར་ནི། དབྱངས་ཡིག་བཅོ་ལྔའི་སྟེང་དུ་ཨཿཚེག་དྲག་ཅན་བསྣན་པས་བཅུ་དྲུག དེ་ཉིས་འགྱུར་དུ་བྱས་པས་སོ་གཉིས་ཡིན་ལ། གསལ་བྱེད་ནི་སོ་བཞིའི་སྟེང་དུ། ཌ་ཌྷ་ད་དྷ་ཡ་ལ་ཞེས་པ་དྲུག་སྣོན་པར། ཛ་ལནྡྷ་རི་པ། གཉིས་མེད་རྡོ་རྗེ་རྣམས་ཀྱིས་བཤད་ལ། ཀཾ་པ་ལས་ཀྱང༌། སྟེང་དུ་ཀཱ་ལི་ཉིས་འགྱུར་ལས། །ཌ་ཌྷ་ད་དྷ་ཡ་ལ་གཉིས། །ཞེས་བཤད་ལ། སློབ་དཔོན་གཞན་རྣམས་ཀྱིས་ཡི་གེ་གང་བསྣན་མི་གསལ་ལོ། །དེ་ལ་འདིར། རྗེ་བཙུན་སྐུ་མཆེད་ཀྱིས། དབྱངས་གསལ་ཕྲག་གཉིས་སུ་བཤད་པ་ནི། ཀུ་མུ་ཏིར། ཨཱ་ལི་ཀཱ་ལི་ཚར་གཉིས་ཡོངས་སུ་གྱུར་པ་དང༌། ཟླ་བ་དང་ཉི་མ་དག་སྟེ། ཞེས་པ་དང་མཐུན་ལ། གསལ་བྱེད་ལ་ཡི་གེ་གང་བསྣན་པ་ནི། རྗེ་བཙུན་རྩེ་མོས། ཀཱ་ལི་ཡོངས་རྫོགས་ཡང་མཐར་གནས། །ཌ་ཌྷ་དྲུག་བཅས་བཞི་བཅུ་པོ། །ཞེས་དྲུག་སྣོན་པར་བཞེད། འདི་ཀྱེ་རྡོར་གྱི་གཞུང་རྣམས་ལས་མི་བྱུང་ཡང༌། སློབ་དཔོན་ཛ་ཡ་སེ་ནས། མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་སུ་བཤད་དོ། །ཡིག་འབྲུ་དེ་དག་ཇི་ལྟར་གནས་ཚུལ་ནི། རྗེ་བཙུན་རྩེ་མོས། གཡས་སྐོར་རམ། གཡོན་སྐོར་རམ། སྟེང་འོག་མགོ་སྤྲོད་བསྒོམ་པ་སྟེ། ཞེས་གསུངས་པའི་དོན། དབྱངས་ཡིག་ཕྲག་གཉིས་གཡས་སྐོར་དང༌། གསལ་བྱེད་ཀྱང་དེ་བཞིན་དུ་གཡས་སྐོར་དུ་བྱ་བའམ། གཉིས་ཀ་གཡོན་སྐོར་དུ་བྱ་བའམ། དང་པོ་འོག་དང༌། ཕྱི་མ་སྟེང་དུ་འགོད་པ་ཡིན་ལ། ཀུ་མུ་ཏིར། དེ་གཉིས་ཀ་རྗེས་སུ་མཐུན་པ་དང༌། རྗེས་སུ་མི་མཐུན་པར་དགོད་ཅིང༌། ཞེས་དང༌། ཛ་ལནྡྷ་རི་པས། དེའི་སྟེང་དུ་ཨའི་ཡི་གེ་ལ་སོགས་པ་དབྱངས་རྣམས་ཀྱིས་ཉིས་འགྱུར་དུ་བྱས་ཏེ། ལུགས་འབྱུང་དང༌། ལུགས་བཟློག་གིས་བལྟས་ནས། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གསལ་བར་བྱེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཌ་ཌྷ་ད་དྷ་ཡ་ལ་ཞེས་པའི་ཡི་གེ་དྲུག་བྱིན་ནས། ཀ་ལ་སོགས་པའི་ཡི་གེ་རྣམས་ཀྱིས་ཉིས་འགྱུར་དུ་བྱས་ཏེ། ལུགས་འབྱུང་དང༌། ལུགས་བཟློག་གིས་བལྟས་ནས། དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བལྟ་སྟེ། དཔེ་བྱད་བརྒྱད་ཅུ་གསལ་བར་བྱེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཞེས་བཤད་པས། སློབ་དཔོན་འདི་རྣམས་ཀྱི་དགོངས་པ་ནི། དབྱངས་གསལ་ཕྲག་དང་པོ་གཡས་སྐོར་དང༌། གཉིས་པ་དེའི་ནང་དུ་གཡོན་སྐོར་དུ་དགོད་པ་ཡིན་ལ། དེ་དག་གི་རྒྱུ་ནི་ཁམས་དཀར་པོ་དང་དམར་པོ་ཡིན་པར་བླ་མ་«་་་་་བྲག་ཕུག་པ་བློ་བརྟན།» དག་གསུངས་ཏེ་ཤིན་ཏུ་ལེགས་སོ། །ཁ་དོག་ནི། དབྱངས་ཡིག་རྣམས་དཀར་པོ་དང༌། གསལ་བྱེད་རྣམས་དམར་པོར། རྗེ་བཙུན་རྩེ་མོ་དང༌། ཉིན་འབྱུང་ཟླ་བས་བཤད་དོ། །གཉིས་པ་ལ་གསུམ། གཞི་དང༌། ལམ་དང༌། འབྲས་བུའི་དབང་དུ་བྱས་པའོ། །དང་པོ་ནི། དབྱངས་ཡིག་སོ་གཉིས་སུ་བྱེད་པའི་རྒྱུ་མཚན་ནི། མན་ངག་སྙེ་མར། ཨཱ་ལི་མཚོན་དོན་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ལ་ལུས་ཀྱི་གནས་སོ་སོའི་དབྱེ་བས་བཅུ་དྲུག་ཡོད་ལ། དེ་རེ་རེ་ལ་ཐབས་དང་ཤེས་རབ་གཉིས་གཉིས་ཡོད་དེ། ཀྱེ་རྡོ་རྗེ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འགྱུར། །དེ་ཡི་བདེ་བ་འདོད་མར་བཤད། །ཅེས་གསུངས་པའི་ཕྱིར་རོ། །ཞེས་འཆད་དོ། །ལུས་ཀྱི་གནས་ཀྱི་དབྱེ་བས་འབྱེད་ཚུལ་ནི། སྡོམ་འབྱུང་ལས། དེ་ལས་གཞན་ཡང་ཐིག་ལེའི་གཟུགས། །འཕོ་བ་ཡང་དག་བཤད་པར་བྱ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། །ཇི་སྲིད་ཟླ་བ་རྫོགས་པའི་བར། །དཀར་པོའི་ཚེས་གཅིག་ལ་ཨ་ཡིག །རྐང་པའི་སོར་མོར་ཡི་གེ་ཨ། །གཉིས་པར་བྱིན་པར་ཨཱ་ཡིག་སྟེ། །གསུམ་པར་བརླ་ལ་ཨི་ཡིག་གོ །སྐྱེ་གནས་བཞི་པར་ཨཱི་ཡིག་ཡིན། །ལྟེ་བར་ལྔ་པར་ཨུ་ཡིག་སྟེ། །སྙིང་གར་དྲུག་པར་ཨཱུ་ཡིག་གོ །ནུ་མར་བདུན་པར་རྀ་ཡིག་ཡིན། །མགྲིན་པར་བརྒྱད་པར་རཱྀ་ཡིག་སྟེ། །ལག་མཐིལ་དགུ་པར་ལྀ་ཡིག་གོ །མཁུར་ཚོས་བཅུ་པར་ལཱྀ་ཡིག་ཡིན། །མིག་དང་བཅུ་གཅིག་པར་ཨེ་ཡིག །རྣ་བར་བཅུ་གཉིས་པར་ཨཻ་ཡིག །དཔྲལ་བར་བཅུ་གསུམ་པར་ཨོ་ཡིག །སྤྱི་བོར་བཅུ་བཞི་པར་ཨཽ་ཡིག །ཚངས་ཀྱི་གཡོན་དང་གཡས་སུ་ཉ། །ཨྃ་ཨཿཡི་གེའི་རང་བཞིན་ནོ། །ནག་པོའི་ཚེས་གཅིག་ནས་བརྩམས་ཏེ། །ཇི་སྲིད་གནམ་སྟོང་དེ་སྲིད་ལ། །འཕོ་བ་དེ་ཉིད་བཞིན་དུ་འགྱུར། །ཞེས་གསུངས་ལ། སྡོམ་འབྱུང་གི་འགྲེལ་པ་ལས། གཡོན་པ་ཞེས་པ་དཀར་པོའི་ཕྱོགས་ལ་མཐེ་བོང་ནས་སྤྱི་བོར་ལུས་ཀྱི་གཡོན་ལ་བརྟེན་ནས་འཛེག་པར་བྱེད་ཅིང༌། ནག་པོའི་ཕྱོགས་ལ་སྤྱི་བོ་ནས་མཐེ་བོང་དུ་ལུས་ཀྱི་གཡས་ལ་བརྟེན་ནས་འབབ་པར་བྱེད་དོ། །ཞེས་བཤད་དེ། ཡར་ངོ་ལ་རྐང་པ་གཡོན་པའི་མཐེ་བོང་ནས་བརྩམས་ཏེ། སྤྱི་གཙུག་གི་བར་དུ་སྟེང་དུ་འཛེག་པ་དང༌། མར་ངོ་ལ་སྤྱི་གཙུག་ནས་བརྩམས་ཏེ་རྐང་པ་གཡས་པའི་མཐེ་བོང་གི་བར་དུ་འོག་ཏུ་བྱང་སེམས་འབབ་པའོ། །འགྱུར་རྙིང་ལས། ཅི་སྲིད་ཉ་ཡི་བར་དུ་སྟེ། །ཡར་ངོ་ཡི་ནི་ཚེས་གཅིག་ལ། །རྐང་པའི་སོར་མོར་ཡི་གེ་ཨ། །ཞེས་དང༌། ཉ་ལ་སྤྱི་གཙུག་གཡས་གཡོན་དུ། །ཞེས་འབྱུང་ངོ༌། །མར་ངོའི་གནམ་སྟོང་གི་གནས་གཉིས་ནི་མཐེ་བོང་གི་ངོས་གཉིས་སུ་བྱ་དགོས་སམ་བརྟག་གོ །ཞེས་མཁས་པ་དག་གསུང་ཡང༌། རྗེ་བཙུན་རིན་པོ་ཆེས། ཡར་ངོའི་ཚེས་གཅིག་ལ་སྐྱེས་པའི་རྐང་པ་གཡས་པའི་མཐེ་བོའི་གཏུམ་མོ་ནས་འགོ་འཛིན་ལ། བུད་མེད་ལ་གཡོན་པའི་མཐེ་བོ་མི་ཕྱེད་མ་ནས་འགོ་འཛིན་ནོ། །མར་ངོ་ལ་བུད་མེད་ཀྱི་གཡས་པའི་མཐེ་བོ་གཏུམ་མོ་ནས་འགོ་འཛིན་ལ། སྐྱེས་པའི་གཡོན་མི་ཕྱེད་མ་ནས་འགོ་འཛིན་ཏོ། །གང་ལྟར་ཡང་ཚེས་གཅིག་ནས་བཅུ་བཞིའི་བར་རིམ་པ་བཞིན་དུ་འཕོས་ནས། བཅོ་ལྔ་པ་ལ་ཉིན་མཚན་གཉིས་སུ་ཕྱེ་བའི་ཉིན་མོར་སྐྱེས་པའི་གཡས་རོ་མའི་སྟེང་དུ་གནས་སོ། །བུད་མེད་ཀྱི་གཡོན་རྐྱང་མའི་སྟེང་ན་གནས་སོ། །མཚན་མོར་སྐྱེས་པ་དང་བུད་མེད་གཉིས་ཀའི་སྤྱི་གཙུག་ཀུན་འདར་གྱི་སྟེང་ན་གནས་སོ། །དེ་ནས་དེ་ཉིད་དུ་ཧཱུྃ་གི་རྣམ་པར་བྱས་ཏེ་ཐིམ་པར་འགྱུར་རོ། །དེ་ནས་ཡང་མར་ངོའི་ཚེས་གཅིག་ནས་སྔར་བརྗོད་པ་ལྟར། སྐྱེས་པ་དང་བུད་མེད་ཀྱི་དབྱེ་བས་ཉི་ཤུ་དགུའི་བར་དུ་འཕོས་ནས་གནམ་སྟོང་ལ་ཉིན་མཚན་གཉིས་སུ་ཕྱེ་བའི་ཉིན་མོར་སྐྱེས་པའི་གཡོན་རྐྱང་མའི་སྟེང་ན་གནས་སོ། །བུད་མེད་ཀྱི་གཡས་རོ་མ་ནའོ། །མཚན་མོར་སྐྱེས་པ་དང་བུད་མེད་གཉིས་ཀའི་སྤྱི་གཙུག་ཀུན་འདར་གྱི་སྟེང་ན་གནས་ཏེ། དེ་ནས་ཡང་དེ་ཉིད་དུ་སྔར་བཞིན་དུ་ཧཱུྃ་གི་རྣམ་པར་བྱས་ཏེ་ཐིམ་པར་འགྱུར་རོ། །དེ་ནས་ཡང་ཡར་ངོའི་ཚེས་གཅིག་ནས་སྔར་བཞིན་དུ་འཕོ་བར་འགྱུར་རོ། །ཞེས་བཤད་པ་ཉིད་དོན་ལ་གནས་ཏེ་རྒྱས་པར་གཞན་དུ་འཆད་དོ། །གསལ་བྱེད་བརྒྱད་ཅུར་བྱེད་པའི་རྒྱུ་མཚན་ཡང་གསུངས་ཏེ། ཀཱ་ལི་རྣམས་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔར་བསྡུས་ནས། དེ་རེ་རེ་ལ་བཞི་བཞིར་དབྱེ་སྟེ། སྡོམ་འབྱུང་ལས། གང་དུ་གཅིག་ནི་གནས་པ་དེར། །བཞི་པོ་དེ་ཀུན་ཉེ་བར་གནས། །ཞེས་གསུངས་པའི་ཕྱིར་དང༌། ཀྱེ་རྡོར་ལས། བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། །ཞེས་བཤད་ལ། བདེ་བ་དེ་ལ་དགའ་བ་བཞི་ཡོད་པས་བཞི་ལྔ་ཉི་ཤུའོ། །ཁམས་ཉི་ཤུ་པོ་རེ་རེ་ཡང་རཀྟའི་རྡུལ་རེ་རེ་དང་ལྡན་པས་དེ་དང་བཅས་པས་བཞི་བཅུའོ། །དེ་ལ་ཤེས་རབ་སྟོང་པ་དང༌། ཐབས་བདེ་བ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཅུ་སྟེ། ཀཱ་ལིས་མཚོན་པའི་དོན་རྡུལ་ཡིན་ལ། དེའི་ཁམས་ལྔ་དང༌། རྡུལ་གྱི་ཆ་སོ་སོར་བརྩིས་ཤིང༌། འབྱུང་བ་དང་རྡུལ་ཡིན་པའི་ཚུལ་གྱིས་དགའ་བ་བཞི་ལ་སོགས་པར་མི་འབྱེད་ཀྱང་དེ་དག་དང་བཅས་པའི་དབང་དུ་བྱས་པའོ། །གསལ་བྱེད་རྣམས་ཁམས་ལྔར་སྡུད་ལུགས་ནི། མན་ངག་སྙེ་མར། ཀ་ང་ཉ་ཎ་ན་མ་ཧ་ཀྵ་རྣམས་ནམ་མཁའི་གསལ་བྱེད་དོ། །གྷ་ཛྷ་ཌྷ་དྷ་བྷ་ཡ་ཤ་རྣམས་རླུང་གིའོ། །ག་ཛ་ཌ་ད་བ་ར་ཥ་རྣམས་མེའི་འོ། །ཁ་ཚ་ཋ་྅་ཕ་ཝ་རྣམས་ཆུའི་འོ། །ཙ་ཊ་ཏ་པ་ལ་ས་རྣམས་སའི་གསལ་བྱེད་ཀྱི་ཡི་གེར་བཤད་དོ། །ཚུལ་འདི་ཟླ་ཉི་ཁ་སྦྱོར་དང༌། ཟླ་བ་ཉིས་བརྩེགས་གཉིས་ཀ་ལ་ཤེས་པར་བྱ་ཞིང༌། མ་རྒྱུད་གཞན་དུ་ཟླ་བ་དཀར་ལ་དམར་པའི་མདངས་ཆགས་པ་གཅིག་ཏུ་བྱེད་པའང་དེས་མཚོན་པའི་ཁུ་རྡུལ་གཉིས་ཡོད་པས་ཡི་གེའང་སོ་གཉིས་དང་བརྒྱད་ཅུར་ཤེས་པར་བྱའོ། །གཉིས་པ་ནི། རྩ་རྒྱུད་ལས། ཨཱ་ལི་ཤེས་རབ་ཀཱ་ལི་ཐབས། །ཞེས་པ་ལྟར། ཨཱ་ལི་ཤེས་རབ་ཀྱི་རང་བཞིན་དང༌། ཀཱ་ལི་ཐབས་ཀྱི་རང་བཞིན་དུ་བཤད་ལ། དེ་ལ་ཤེས་རབ་རྐྱང་པས་ཡེ་ཤེས་ཀྱི་ཚོགས་མི་རྫོགས་པས། ཀཱ་ལི་ལན་གཉིས་ཀྱིས་ཐབས་དང་ཟུང་དུ་ཆུད་ནས། ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་ལ། ཐབས་རྐྱང་པས་བསོད་ནམས་ཀྱི་ཚོགས་མི་རྫོགས་པས་ཨཱ་ལི་ཕྲག་གཉིས་ཀྱིས་ཤེས་རབ་དང་ཟུང་དུ་ཆུད་ནས་བསོད་ནམས་ཀྱི་ཚོགས་རྫོགས་པར་འགྱུར་ལ། ལམ་དུ་ཐབས་ཤེས་གཉིས་སམ། ཚོགས་གཉིས་པོ་ཟུང་འཇུག་ཏུ་དགོས་པ་ལྟར་དབྱངས་གསལ་ཡང་ཕྲག་གཉིས་སུ་བྱའོ། །ཞེས་བླ་མ་དག་གི་གསུང་སྒྲོས་ལས་འབྱུང་ཞིང༌། གཉིས་མེད་རྡོ་རྗེ་དང༌། ཉིན་འབྱུང་ཟླ་བས་ཀྱང༌། དབྱངས་གསལ་གཉིས་ཐབས་ཤེས་ཀྱི་དོན་དུ་བཤད་དོ། །གསུམ་པ་ནི། རྒྱུ་ཡི་གེ་འདི་རྣམས་བསྒོམས་པས། འབྲས་བུ་སངས་རྒྱས་ཀྱི་མཚན་དཔེ་རྣམས་ཐོབ་པར་བྱེད་པ་ཡིན་ལ། ཐོབ་བྱའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོད་པས། སྒྲུབ་བྱེད་ཀྱི་ཐབས་ལ་ཡང་དེ་རྣམས་ཚང་དགོས་ཏེ། ཀཾ་པ་ལས། མེ་ལོང་ཟླ་བ་ཤེས་རབ་གཟུགས། །སུམ་ཅུ་རྩ་གཉིས་སངས་རྒྱས་མཚན། །ཞེས་དང༌། མཉམ་ཉིད་ཉི་མ་ཐབས་ཀྱི་གཟུགས། །དཔེ་བྱད་བརྒྱད་ཅུ་འགྲུབ་པར་བྱེད། །ཅེས་དང༌། དག་པ་རྡོ་རྗེའི་སྒྲོན་མེར་ཡང༌། དབྱངས་གསལ་གཉིས་མཚན་དཔེའི་རྒྱུར་གསུངས་སོ། །གཉིས་པ་ནི། ཀུ་མུ་ཏིར། ཅི་ཟླ་བ་དང་ཉི་མ་འདི་དག་ནམ་མཁའ་ལས་ལྷུང་བར་གྱུར་པའམ་ཞེས་སྙམ་པ་དང༌། ཨཱ་ལི་ཟླ་བའི་གཟུགས་སུ་གནས། །ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཞེས་བཤད་པ་ལྟར། འདིར་ཉི་ཟླ་བསྒོམ་པ་འདི། ནམ་མཁའི་ཉི་ཟླ་མར་ལྷུང་བར་མོས་པའོ། །ཡང་ན་མེ་ཤེལ་ལམ་ཆུ་ཤེལ་ལས་གྲུབ་པའི་ཉི་ཟླའི་གཟུགས་སུ་བསྒོམ་སྙམ་དུ་དོགས་པ་ལ། དེ་དགག་པའི་ཕྱིར་དུ། རྩ་རྒྱུད་ལས། ཟླ་བའི་སྟེང་དུ་ས་བོན་ཉིད། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ལས་བདེ་ཆེན་པོ། །ཞེས་དང༌། དེའི་འགྲེལ་པ་ཀུ་མུ་ཏིར། གཉིས་འདུས་པ་ལས་ཞེས་བྱ་བ་ནི། ཟླ་བ་དང་ཉི་མ་འདུས་པའོ། །བདེ་ཆེན་པོ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རྒྱུའི་ཕྱིར་བདེ་བ་ཆེན་པོ་སྟེ། རབ་ཏུ་སྐྱེ་བ་སྐྱེད་པར་ནུས་པའོ། །ཞེས་མངོན་བྱང་གི་སྐབས་ཀྱི་ཉི་ཟླ་འདུས་པ་ལས་བདེ་ཆེན་གྱི་ཡེ་ཤེས་སྐྱེ་བར་གསུངས་ལ། དེ་གཉིས་འདུས་པ་ལས་སྐྱེས་པའི་ཡེ་ཤེས་ཀྱང༌། དེ་དག་གི་དབུས་ཀྱི་ས་བོན་གྱིས་མཚོན་པ་ཡིན་ཏེ། རྩ་རྒྱུད་ལས། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་གྱུར་པ། །དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད། །མཆོག་ཏུ་དགའ་བའི་རང་བཞིན་ཅན། །ཞེས་སོ། །དེས་ན་འདི་དག་གི་མཚོན་དོན་ནི། སྦྱང་གཞི་ལ་ཕ་མའི་ཁམས་དཀར་དམར་གཉིས་ཀྱི་དབུས་སུ་བར་དོ་འཇུག་པ་དང་སྒོ་བསྟུན་པ་ཡིན་ལ། དེ་ལྟར་བསྒོམ་པའི་དགོས་པ་ཡང༌། རྫོགས་རིམ་གྱི་སྐབས་ཀྱི་བྱང་སེམས་དཀར་དམར་གྱི་འདུ་འཕྲོ་ལས་ངེས་དོན་གྱི། ཧེ་རུ་ཀ་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་ཡིན་པས། རྟེན་འབྲེལ་ཁྱད་པར་ཅན་དེ་ད་ལྟ་བསྐྱེད་རིམ་གྱི་སྐབས་ནས་བསྒྲིག་པ་ནི་དགོས་པའི་གཙོ་བོ་ཡིན་ནོ། །འོ་ན་མཉམ་སྦྱོར་ལ། ཁམས་དམར་པོ་སོགས་ཀྱི་མཚོན་བྱེད་མི་སྣང་བས། རྫོགས་རིམ་གྱི་དགེ་རྩ་སྨིན་མི་ནུས་པར་འགྱུར་ལ། གལ་ཏེ་འདིས་སྨིན་ནུས་ན། དེ་ཉིད་བསྡུས་པར་ཡང་ཟླ་བ་གཉིས་ཀྱི་སྟེང་དུ་རྡོ་རྗེ་བསྒོམ་པ་སོགས་ཀྱི་མངོན་བྱང་བཤད་པས། རྣལ་འབྱོར་གྱི་རྒྱུད་ཀྱིས་ཀྱང༌། རྫོགས་རིམ་གྱི་དགེ་རྩ་སྨིན་ནུས་པར་འགྱུར་རོ། །སྙམ་ན་བཤད་པར་བྱ་སྟེ། དེ་ལ་ཉི་ཟླ་གཉིས་ནི་མཚོན་པ་ཙམ་ཡིན་ཏེ། ཟླ་བ་དཀར་དམར་གཉིས་དང༌། ཟླ་བ་གཅིག་ལ་འོད་ཟེར་དམར་པོས་བརྒྱན་པ་དང༌། ཟླ་བ་དཀར་ལ་དམར་བའི་མདངས་ཆགས་པ་ཞིག་ཏུ་བཤད་པ་སོགས་གང་ཡིན་ཀྱང་རུང་སྟེ། དམར་ཆ་རྣམས་ཀྱིས་རཀྟ་མཚོན་པ་ཡིན་པས། དོན་དེ་རྣམས་ཚང་བར་ཡོད་ལ། འདིར་ནི་རྗེ་བཙུན་རྩེ་མོས། ཟླ་བ་སྟེང་མ་ལ་འོད་ཟེར་དམར་པོ་ཡོད་པར་གསུངས་ལ། རྣལ་འབྱོར་རྒྱུད་ཀྱི་མངོན་བྱང་དང་གཉིས་ཁྱད་པར་ཤིན་ཏུ་ཆེ་སྟེ། དེར་ཟླ་བ་གཉིས་ལ་སོགས་པའི་མངོན་བྱང་ལྔས་བསྐྱེད་པ་ཡོད་ཀྱང༌། ལྷ་ཡབ་ཡུམ་མཉམ་པར་སྦྱར་བ་མེད་ཅིང༌། སྔར་བཤད་པ་ལྟར། ཉི་ཟླ་དང་ཟླ་བ་དཀར་དམར་ལས་བདེ་བ་ཆེན་པོ་མཚོན་པའང་མེད་ལ། སྦྱང་གཞི་སྐྱེ་འཆི་བར་དོ་གསུམ། གཞི་ལ་ཇི་ལྟར་ཡོད་པ་བཞིན་བསྒོམ་པའི་བསྐྱེད་རིམ་མེད་པའི་ཕྱིར་དང༌། ལམ་འདིར་དེ་དག་ཡོད་པའི་ཕྱིར་ན། བདེ་ཆེན་མཚོན་པའི་མངོན་བྱང་ནི། རྣལ་འབྱོར་བླ་མེད་ཀྱི་ལམ་ཁོ་ནའི་ཁྱད་ཆོས་ཡིན་ཏེ། མན་ངག་སྙེ་མར། ཤེས་རབ་དང་ཐབས་ཡང་དག་པར་སྦྱོར་བ་ཉིད་ན་ནི་དེ་ཡོངས་སུ་གསལ་ལོ། །ཞེས་བདེ་བ་ཆེན་པོ་འདི་ཉེ་བར་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ན་རྒྱུད་གཞན་རྣམས་སུ་ཟླ་བ་ལ་སོགས་པའི་རིམ་པས་རྣམ་པ་ལྔ་མངོན་པར་བྱང་ཆུབ་པ་གསུངས་ན་ཡང༌། བདེ་བ་ཆེན་པོའི་ཚུལ་ཉིད་དུ་ཉེ་བར་སྟོན་པ་ནི་མ་ཡིན་ནོ། །རྣམ་པ་འདི་ལྟ་བུའི་རྣལ་འབྱོར་དང༌། རྣལ་འབྱོར་མའི་རྒྱུད་རྣམས་ཁོ་ནར་ནི། བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པའི་ས་ཡོངས་སུ་གསལ་ཞིང༌། དེའི་རྗེས་སུ་འབྲང་བ་ལས་གཞན་དུ་ཡང་རྟོགས་པར་བྱའི། ལྷན་ཅིག་སྐྱེས་པའི་དབང་མེད་པར་ཉེ་བར་བསྟན་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་ཁོ་ནས་སོ། །ལྷན་ཅིག་སྐྱེས་པའི་དབང་ནི་རྣམ་པ་འདི་ལྟ་བུའི་རྒྱུད་རྣམས་ཁོ་ནར་རོ་ཞེས་གསུངས་པ་ལྟར་ཏེ། ལྷན་ཅིག་སྐྱེས་ཀྱི་སྣོད་རུང་དུ་སྒྲུབ་པའི་དབང་བསྐུར་མ་ཐོབ་པར་བདེ་ཆེན་དེ་བསྟན་དུ་མི་རུང་ལ། དེ་འདྲ་བའི་དབང་ཡང་རྒྱུད་གཞན་ལ་མེད་པའི་ཕྱིར། ཞེས་སོ། །མདོར་ན་ཉི་ཟླ་གཉིས་ཀྱི་མཚོན་དོན་གྱི་བཤད་པ་འདི་ལྟ་བུ་མ་ཤེས་ན། བསྐྱེད་རིམ་གྱིས་རྫོགས་རིམ་གྱི་དགེ་རྩ་སྨིན་ནུས་པར་དཀའ་འོ། །གཉིས་པ་ནི། སྔར་གྱི་ཉི་ཟླ་གཉིས་ཀྱི་བར་ན་ཡུམ་གྱི་ས་བོན་ཨྃ་དང༌། ཡབ་ཀྱི་ས་བོན་ཧཱུྃ་བསམས་ནས། དེ་གཉིས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་དང་གྲི་གུག་སྔོ་ནག་ཏུ་གྱུར་པར་བསམ་སྟེ། རིན་ཆེན་འབར་བར། ཨྃ་ཧཱུྃ་རྡོ་རྗེ་གྲི་གུག་གང༌། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །ཞེས་དང༌། དེ་བཞིན་དུ་དོན་གསལ་མཁན་པོས་ཀྱང་བཤད་དེ། སློབ་དཔོན་འདི་གསུམ་གྱི་ཕྱག་མཚན་ལ་ས་བོན་གྱིས་མཚན་པ་ནི་མ་བཤད་དོ། །དཔལ་མཆོག་ཌོམྦྷི་པས། དབུས་སུ་ཨྃ་ཧཱུྃ་རྣམ་པར་བསམ། །དེ་དག་གཉིས་ལས་གྲི་ཐོད་དག །རང་ཉིད་ས་བོན་བྱིན་བརླབས་སྤྲོ། །ཞེས་དང༌། དེ་བཞིན་དུ་ཤཱནྟི་པ། ཉིན་འབྱུང༌། ནག་པོ་པ། གཉིས་མེད་རྡོ་རྗེ། མར་མེ་མཛད། ཀཾ་པ་ལ། གྲུབ་ཆེན་མཚོ་སྐྱེས་རྣམས་ཀྱིས། ཨྃ་དང་ཧཱུྃ་ལས་བྱུང་བའི་གྲི་གུག་དང་ཐོད་པ་ཨྃ་དང་ཧཱུྃ་གིས་མཚན་པར་གསུངས་ལ། དག་པ་རྡོ་རྗེའི་སྒྲོན་མེར་ཡང༌། འདི་དག་གི་སྟེང་དུ་ཧཱུྃ་དང་ཨྃ་གི་ས་བོན་གཉིས་བལྟས་ནས་དེ་ལས་བྱུང་བའི་ཐོད་པ་དང༌། གྲི་གུག་བལྟ་སྟེ། ས་བོན་གཉིས་ཀྱིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཞེས་བཤད་ལ། སློབ་དཔོན་བྱང་ཆུབ་སྙིང་པོས། ཉི་ཟླ་གཉིས་ཀྱི་བར་དུ་ཧཱུྃ་ལས་རྡོ་རྗེ་རྐྱང་པ་བསྐྱེད་པར་འདོད། རྗེ་བཙུན་སྐུ་མཆེད་ཀྱིས། ཧཱུྃ་ལས་ཐོད་པ་དུམ་བུ་གསུམ་པ་སྣ་ཚོགས་རྡོ་རྗེས་མཚན་པ་དེའི་ལྟེ་བ་ལ་ཧཱུྃ། ཨྃ་ལས་གྲི་གུག་སྔོ་ནག་ཡུ་བ་ལ་ཨྃ་གིས་མཚན་པ་སྟེ་རྣམ་པར་བཞེད་ལ། ལྷའི་རིགས་ཀྱི་བློ་གྲོས་ཀྱིས། དེར་ས་བོན་ཧཱུྃ་དང་ཨྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དམ་པས་མཚོན་པའི་མཚོ་ནས་སྐྱེས་པའི་སྣོད་དག་ལ་དེས་མཚན་པ་ནི་དོན་གྱི་དངོས་པོ་ཐམས་ཅད་ལ་སོ་སོར་རྟོག་པའི་རང་བཞིན་ནོ། །ཞེས་གསུངས་པ་དང་ཤིན་ཏུ་མཐུན་ནོ། །གསུམ་པ་ནི། འོག་གི་ཟླ་བ་དང༌། སྟེང་གི་ཉི་མ་དང༌། བར་གྱི་ས་བོན་དང༌། ཕྱག་མཚན་ནི་འདི་དག་ཐམས་ཅད་རོ་གཅིག་ཏུ་གྱུར་པ་སྟེ། དཔེར་ན་ཆུ་དང་འོ་མ་འདྲེས་པ་ལྟར་ཐ་དད་མེད་པར་གྱུར་པ་ནི། མངོན་བྱང་བཞི་པ་ཡིན་ལ། འདི་ཉིད་ལྟར། རིན་ཆེན་འབར་བ། དཔལ་མཆོག་ཌོམྦྷི་པ། གྲུབ་ཆེན་མཚོ་སྐྱེས་རྣམས་བཞེད་ཅིང༌། དོན་གསལ་མཁན་པོས་ཀྱང༌། དེ་དག་ཆུ་དང་འོ་མ་ལྟ་བུ་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ཞེས་བཤད་དོ། །སློབ་དཔོན་ཤཱནྟི་པ་ལྟར་ན། དེ་ནས་ས་བོན་གཉིས་ལས་དེ་བཞིན་གཤེགས་པ་ཐམས་ཅད་རྣལ་འབྱོར་མའི་འཁོར་ལོའི་རྣམ་པར་སྤྲོ་ཞིང༌། བསྡུས་ནས་དེ་དག་དང་བཅས་པར་གཅིག་ཏུ་བྱས་པའི་ས་བོན་དུ་གྱུར་པ་ནི། བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་སོ། །ཞེས་ས་བོན་ལས། དེ་བཞིན་གཤེགས་པ་དང་རྣལ་འབྱོར་མའི་འཁོར་ལོར་སྤྲོས། སླར་བསྡུས་ནས་ས་བོན་དང་གཅིག་ཏུ་འདྲེས་པར་བཞེད་ལ། ཉིན་འབྱུང༌། ནག་པོ་པ་རྣམས་ཀྱང་དེ་ལྟར་དུ་འདོད་དོ། །གཉིས་མེད་རྡོ་རྗེས། ས་བོན་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀུག་ནས་སླར་ས་བོན་ལ་ཐིམ་སྟེ། ཐམས་ཅད་གཅིག་ཏུ་གྱུར་པར་བཞེད་ལ། མར་མེ་མཛད་དང༌། ཀཾ་པ་ལ་གཉིས་ཀྱིས། ས་བོན་གནས་པ་སྤྲོས་བསྡུས་པས། །ཐམས་ཅད་གཅིག་ཏུ་གྱུར་པ་ལས། །ཞེས་པའི་དོན་ཡང་འདི་དང་འདྲ་བར་སེམས་སོ། །ཛ་ལནྡྷ་རི་པས། ས་བོན་ལས་འོད་ཟེར་སྤྲོས་ཏེ་འཇིག་རྟེན་གྱི་ཁམས་རྣམས་སྣང་བར་བྱས་ནས་དེ་ཉིད་དུ་ཞུགས་ནས་ཐམས་ཅད་ཀྱང་གཅིག་ཏུ་གྱུར་པར་བསྒོམ་པར་བྱ་སྟེ། ཞེས་འོད་ཟེར་ཙམ་སྤྲོས་ཏེ། དེ་ཉིད་སླར་འཇུག་པ་ལས་མ་བཤད་དོ། །ལྷ་དང་འོད་ཟེར་སྤྲོ་བའི་ལུགས་འདི་རྣམས་ལས་འོད་ཟེར་རམ། ལྷའི་སྐུ་དེས་སེམས་ཅན་གྱི་དོན་བྱེད་པ་ནི་ངེས་པར་དགོས་ཏེ། དེ་དག་སྤྲོས་པའི་སྐབས་དོན་ཡིན་པའི་ཕྱིར་དང༌། ལྷའི་རིགས་ཀྱི་བློ་གྲོས་ཀྱིས། དེའི་འོད་ཟེར་གྱིས་ཐུབ་པའི་ཚོགས་རྣམས་སུ་ཐོན་ནས་འགྲོ་བ་ཀུན་ཤིན་ཏུ་སྡུག་བསྔལ་རྣམས་ཞི་བར་མཛད་དེ་བྱོན་པས་རབ་ཏུ་ཞུགས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ཞེས་བཤད་པའི་ཕྱིར་རོ། །དེའི་རྗེས་སུ་ཉི་ཟླ་ས་བོན་ཕྱག་མཚན་རྣམས་རོ་གཅིག་ཏུ་འདྲེས་པ་དེ་འདྲ་བའི་གོང་བུ་ཡོངས་སུ་གྱུར་པ་ལས། རྒྱུ་རྡོ་རྗེ་འཆང་བསྐྱེད་པའི་བསམ་གཏན་རྒྱས་པར་བྱ་བ་ནི། རང་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་རྣམ་པ་རྒྱུ་རྡོ་རྗེ་འཆང་གི་སྐུར་བསྒོམ་མོ། །འདིར་རྗེ་བཙུན་སྐུ་མཆེད་དང༌། རྒྱ་གར་བ་གཞན་ཐམས་ཅད་ཀྱིས། མངོན་བྱང་བཞི་པ་ཡོངས་སུ་གྱུར་པ་ལས་ལྷར་བསྒོམ་པ་ལས་གཞན་མ་བཤད་ལ། དོན་གསལ་མཁན་པོས། དེ་ལས་ཨྃ་དང་ཧཱུྃ་ངོ༌། །དེ་གཉིས་ལས་རྡོ་རྗེ་དང་གྲི་གུག་གོ །དེ་ལས་བཞེངས་པའི་བཅོམ་ལྡན་འདས་ཞེས་ཆོ་ག་གསུམ་བསྐྱེད་བྱེད་པར་གསུངས་སོ། །རྣམ་པ་ཇི་ལྟ་བུར་བསྒོམས་ན། རྣམ་ཐར་བརྒྱད་དག་པས་ཞལ་བརྒྱད་དང༌། སྟོང་ཉིད་བཅུ་དྲུག་དག་པས་ཕྱག་ནི་བཅུ་དྲུག་དང་ལྡན་པ་སྟེ། འཇིགས་བྱེད་བདུད་བཞི་འཇོམས་པ་དག་པས་ཞབས་ནི་བཞི་པའོ། །ཉོན་མོངས་པའི་གཡུལ་ངོ་བཟློག་པས་དཔའ་བོ། ཡེ་ཤེས་ལྔ་དག་པས་ཐོད་པ་ལྔའི་ཕྲེང་བ་ཅན། ཡུམ་བདག་མེད་མའི་ཕྲག་པ་སྟེ། མགུལ་པ་ནས་འཁྱུད་དེ། སྤྱི་བོར་རུས་པའི་འཁོར་ལོ། རྣ་བ་ལ་རྣ་ཆ། མགྲིན་པ་ལ་མགུལ་རྒྱན། ལག་པ་དང་རྐང་པ་ལ་གདུང་བུ་དྲུག རྐེད་པ་ལ་སྐ་རགས་ཏེ། སངས་རྒྱས་ལྔ་དག་པའི་ཕྱག་རྒྱ་ལྔ་ནི་ལུས་ལ་འཛིན་ཅིང༌། བདེ་བ་ལ་རོལ་བའི་ལྷ། ཀྱེ་རྡོ་རྗེ་སྐུ་མདོག་རང་བཞིན་གྱིས་འོད་གསལ་བས་ཟླ་བ་ལྟར་དཀར་ཞིང༌། ནོར་བུའི་ཁ་དོག་ལྟར་འོད་ཟེར་འཕྲོ་བ། རྩ་བའི་ཞལ་ལུས་ཀྱི་ཁ་དོག་ལྟར་དཀར་བ། གཡོན་གྱི་ཞལ་ནི་དམར་ཞིང་ཞལ་གཞན་གཡས་པ་ནི་གནག་པའོ། །འདིར་དཔེ་ཁ་ཅིག་ལས། དམར་ཞིང་དཀར་དང་གཞན་དག་གནག །ཅེས་འབྱུང༌། ཁ་ཅིག་ཏུ། ཞལ་ནི་དམར་དང་དཀར་དང་གཞན། །ཞེས་འབྱུང་བ་རྣམས་ནི་དང་པོའི་དུས་སུ་འགྱུར་ཅུང་ཟད་མ་ཐོན་པ་ཡིན་པས། ཀུ་མུ་ཏིའི་འགྱུར་ལས། ཟླ་བ་ཆུ་ཤེལ་ནོར་བུའི་འོད། །རྩ་བའི་ལུས་མཚུངས་གཡོན་པ་ནི། །དམར་ཞིང་ཞལ་གཞན་གནག་པ་ནི། །ཞེས་འབྱུང་བ་ལེགས་ཏེ། དཀར་པོ་སྐབས་འདིར་འོང་དོན་མེད་པའི་ཕྱིར་རོ། །དེ་ལྟར་རྒྱུ་རྡོ་རྗེ་འཆང་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་སློབ་དཔོན་འདིའི་གཞུང་རྣམས་སུ་གསུངས་པའི་རྗེས་སུ་འབྲངས་ནས། རྗེ་བཙུན་རིན་པོ་ཆེའི་ཡན་ལག་དྲུག་པར་དཀར་པོར་གསུངས་ལ། རིན་ཆེན་འབར་བར། དེ་ལས་བྱུང་བའི་ཀུན་ཏུ་བཟང༌། །ཞལ་བརྒྱད་ཞབས་བཞི་བཅུ་དྲུག་ཕྱག །རྩ་ཞལ་ཟླ་འདྲ་གཡས་དང་གཡོན། །སྔོན་པོ་དམར་པོ་ལྷག་མ་གནག །ཅེས་དང༌། དེ་བཞིན་དུ་བྱང་ཆུབ་སྙིང་པོ། དཔལ་མཆོག་ཌོམྦྷི་པ། ལྷའི་རིགས་ཀྱི་བློ་གྲོས། དོན་གསལ་མཁན་པོ་རྣམས་ཀྱིས་ཀྱང༌། དཀར་པོར་བཤད་ལ། སློབ་དཔོན་དཔལ་འཛིན་གྱིས། དགྲ་ནག་གི་འགྲེལ་པར། དགྲ་ནག་གི་རྒྱུ་རྡོ་རྗེ་འཆང་ནག་པོར་འདོད་པ་ལ་དགག་པ་མཛད་པའི་སྐབས་སུ་ཡང་གསལ་པོར་གསུངས་ཏེ། ཤིན་ཏུ་གདུག་པ་ཅན་རྗེས་སུ་འཛིན་པས་ཁྲོ་བོའི་གཟུགས་ཅན་ནག་པོར་ལ་ལ་འདོད་དོ། །དེ་མི་འཐད་དེ། གང་གི་ཕྱིར་ཐམས་ཅད་རྗེས་སུ་བཟུང་བའི་ཕྱིར་རྣམ་པར་གནས་པ་ཡིན་ལ། ནག་པོ་ཉིད་ནི་ཞེ་སྡང་ལ་སྤྱོད་པ་རྗེས་སུ་བཟུང་བའི་དོན་ཡིན་པའི་ཕྱིར་རོ། །གཞན་ཡང་རྒྱུད་གཞན་ནས་བསྟན་པ་དང་ཡང་འགལ་བ་ཡིན་ཏེ། དེ་ཡང་དགྱེས་པའི་རྡོ་རྗེ་ལས། ནོར་བུ་ཆུ་ཤེལ་འོད་འདྲ་ཞིང༌། །ཞེས་གསུངས་པ་དང༌། ཞེས་འདིར་དཀར་པོར་གསུངས་པ་འདི་རྒྱུད་འགྲེལ་གཞན་གྱི་ཤེས་བྱེད་ཡང་དག་ཏུ་དྲངས་སོ། །ཕྱག་བཅུ་དྲུག་གིས་གླང་པོ་ཆེ་དང༌། རྟ་དང༌། བོང་བུ་དང༌། གླང་དང༌། རྔ་མོ་དང༌། མི་དང༌། སེངྒེ་ཤ་ར་བྷ་དང༌། བྱི་ལ་རྣམས་གཡས་པའི་ཐོད་པ་བརྒྱད་པོའི་ནང་ན་གནས་ཤིང༌། དང་པོ་གླང་པོ་ཆེ་ནས་གོ་རིམ་བཞིན་དུ་དགོད་པར་ཤེས་པར་བྱའོ། །དེ་བཞིན་དུ་གཞི་སྟེ་སའི་ལྷ་དང༌། ཆུར་གནས་ཏེ་ཆུ་ལྷ་དང༌། རླུང་ལྷ་དང་ནི་མེའི་ལྷ་དང༌། ཟླ་བ་དང༌། དེ་ནས་སྣང་བྱེད་དེ་ཉི་མའི་ལྷ་དང༌། འཇིག་རྟེན་ཕྱི་མར་མཚམས་སྦྱོར་ཞིང་ཚེ་འདིའི་སྲོག་མཐར་བྱེད་པས་གཤིན་རྗེ་དང༌། ནོར་སྦྱིན་ཏེ་ནོར་བདག་རྣམས་ནི་གཡོན་པའི་ཐོད་པ་བརྒྱད་ཀྱི་ནང་ན་གནས་པའོ། །དེའི་པང་ན་ལྷ་མོ་བདག་མེད་མ་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་ནག་ཅིང་གྱེན་དུ་འགྲེང་བ་སྟེ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། གཡས་གྲི་གུག་དང་གཡོན་ཐོད་པ། གཡོན་གྱི་གྲུ་མོར་ཁ་ཊྭཱྃ་ཀ་འཛིན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན་དུ་བསམ་སྟེ། འདི་དག་འོག་ནས་རྒྱས་པར་འཆད་དོ། །འདིར་སློབ་དཔོན་ཤཱནྟི་པ། ཉིན་འབྱུང་ཟླ་བ། ནག་པོ་པ། གྲུབ་ཆེན་མཚོ་སྐྱེས། ཛ་ལནྡྷ་རི་པ། གཉིས་མེད་རྡོ་རྗེ། མར་མེ་མཛད་རྣམས་ཀྱིས། རྒྱུ་འབྲས་ཀྱི་རྡོ་རྗེ་འཆང་གཉིས་ཁ་དོག་ཐ་དད་དུ་མི་བཞེད་པས། འདིར་ཡང་ནག་པོར་བཤད་ལ། རྗེ་བཙུན་རྩེ་མོས། མན་ངག་གི་ལུགས་ཀྱི་ཡན་ལག་བཞི་པར་ཡང་ནག་པོར་བཤད་དོ། །དེ་ལ་རྒྱུ་འབྲས་ཁ་དོག་མི་འདྲ་བའི་རྒྱུ་མཚན་ནི་ལུས་ཀྱི་རྒྱུའི་གཙོ་བོ་ཁམས་དཀར་པོ་ཡིན་ལ། དེས་བསྐྱེད་པའི་ལུས་ཁ་དོག་མི་འདྲ་བ་སྣ་ཚོགས་སུ་འབྱུང་བས། དེའི་དབང་གིས་དང་པོ་དཀར་པོ་དང༌། ཕྱི་མ་ནག་པོར་འབྱུང་ལ། རྒྱུ་འབྲས་ཁ་དོག་གཅིག་པ་ནི་གཙོ་བོ་ཆོས་དབྱིངས་ཡེ་ཤེས་རྣམ་པར་དག་པ་ཡིན་ལ། དེ་སྔ་ཕྱི་ཐམས་ཅད་དུ་འགྱུར་བ་མེད་པ་མཚོན་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་མངོན་བྱང་ལྔས་རྒྱུ་རྡོ་རྗེ་འཆང་བསྐྱེད་དགོས་ན། ཉི་མ་འོག་དང༌། ཟླ་བ་སྟེང་དུ་བསྒོམ་པ་དང་ཉི་ཟླ་གཉིས་ཀྱི་སྟེང་དུ་ཕྱག་མཚན་བསྒོམ་པ་དང༌། མངོན་བྱང་བཞིའམ་དྲུག་ཏུ་བྱས་ན་ཅི་འགལ་ཞེས་རྒོལ་ན། ལན་བརྗོད་པར་བྱ་སྟེ། རྒོལ་བ་དང་པོ་མི་འཐད་དེ། ལུས་གྲུབ་པའི་དུས་སུ་ཕའི་ཁུ་བ་ཐོག་མར་མས་ཡར་འཕེན་ལ། མའི་རཀྟ་རྗེས་ལ་ཡས་མར་འབབ་པ་དང༌། འབྲས་བུའི་སྐབས་སུ་ཟླ་བ་ནི་ཆོས་སྐུའི་མཚོན་བྱེད་ཡིན་ལ། དེ་ལོངས་སྤྲུལ་གཉིས་ཀྱི་རྟེན་ཡིན་པས་འོག་ཏུ་བསྒོམ་སྟེ། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པའང་མི་འཐད་དེ། ཁམས་གཉིས་ཀྱི་ཁོངས་སུ་བར་དོའི་རྣམ་ཤེས་བརྟེན་པ་ལས་ལུས་བསྐྱེད་དགོས་པའི་ཕྱིར་རོ། །གསུམ་པའང་མི་འཐད་དེ། སྦྱང་གཞི་ཕུང་པོ་ལྔ། ཉོན་མོངས་པ་ལྔ། བདུད་རྩི་ལྔ། འབྱུང་བ་ལྔ་རྣམས་དང༌། འབྲས་བུ་རིགས་ལྔ་དང༌། ཡེ་ཤེས་ལྔ་དང༌། སྐུ་ལྔ་ཡོད་པ་བཞིན་མངོན་བྱང་ཡང་ལྔར་གྲངས་ངེས་པ་ཡིན་ནོ། །གཉིས་པ་བསྐྱེད་ནས་འཁོར་སྤྲོ་བ་ལ། སྦྱོར་བ་འདུ་ཤེས་གསུམ་ལྡན་བསམ་པ། དངོས་གཞི་འཁོར་སྤྲོ་བ། སྤྲོས་པའི་འཁོར་རྣམས་ཀྱི་སྐུ་མདོག་སོགས་བཤད་པའོ། །དང་པོ་ནི། རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་དང༌། རིག་མ་བདག་མེད་མར་བསམ། ཡུམ་གྱི་མཁའ་མི་དམིགས་ཏེ། སྟོང་པའི་ངང་ལས། ཨ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། ཟེའུ་འབྲུ་ལ་ཨས་མཚན་པ་བསམ། སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། ཨོཾ་པདྨ་སུ་ཁ། བདེ་བ། དྷ་ར། འཛིན་པ། མ་ཧཱ་རཱ་ག འདོད་ཆགས་ཆེན་པོ། སུ་ཁཾ་ད་ད། བདེ་བ་སྟེར་བ། ཙ་ཏུར་ཨཱ་ནནྡ། དགའ་བ་བཞི། བྷ་ག པདྨ། བི་ཤྭ། སྣ་ཚོགས། ཧཱུྃ། གསུམ། ཀཱརྻཾ། བྱ་བ། ཀུ་རུ། མཛོད། ཥྭ་མེ། བདག་གི་ཞེས་པའོ། །ཡང་ཡབ་ཀྱི་གསང་གནས་མི་དམིགས་ཏེ། སྟོང་པ་ལས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པར་བསམས་ལ། ཨོཾ་བཛྲ། རྡོ་རྗེ། མ་ཧཱ་དྭེ་ཥ། ཞེ་སྡང་ཆེན་པོ། ཙ་ཏུར། བཞི། ཨཱ་ནནྡ། དགའ་བ། དཱ་ཡ་ཀ སྟེར་བ། ཁ་ག མཁའ་འགྲོ། མུ་ཁ་ཨེ་ཀ་ར་སོ། གདོང་གཅིག་པ། ནཱ་ཐ། མགོན་པོ། ཧཱུྃ་གསུམ། ཀཱརྻཾ་ཀུ་རུ་ཥྭ་མེ་གོང་དང་འདྲ། དེ་ལྟ་བུའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས། ཐབས་ཤེས་སྙོམས་པར་ཞུགས་པས་འཁོར་གྱི་ལྷ་མོ་དབྱུང་སྙམ་དུ་དྲན་པར་བྱ་སྟེ། རྗེ་བཙུན་རྩེ་མོས། དེ་ཡང་འདུ་ཤེས་གསུམ་ཚུལ་ཏེ། །ཡབ་ཡུམ་བསྐྱེད་པ་ལྷ་འདུ་ཤེས། །ཡུམ་གྱི་ཐ་མལ་པདྨ་ནི། །སྐད་ཅིག་ཙམ་གྱིས་མི་དམིགས་པས། །ཨཱཿདང་པདྨ་འདབ་བརྒྱད་པར། །བསམས་ལ་སྔགས་ཀྱིས་བྱིན་གྱིས་བརླབ། །ཡབ་ཀྱི་ཐ་མལ་རྡོ་རྗེ་ནི། །སྟོང་པར་བསམས་ཏེ་ཧཱུྃ་རྡོ་རྗེ། །རྩེ་ལྔ་པར་བསྐྱེད་གསང་སྔགས་ཀྱིས། །བྱིན་གྱིས་བརླབས་པ་སྔགས་འདུ་ཤེས། །ཐ་མལ་རྗེས་ཆགས་མ་ཡིན་ཏེ། །ཡབ་ཡུམ་སྙོམས་པར་ཞུགས་པ་ལས། །འཁོར་གྱི་ལྷ་མོ་དབྱུང་ངོ་བར། །བསམ་པ་ཆོས་ཀྱི་འདུ་ཤེས་སོ། །དེ་ལྟར་འདུ་ཤེས་གསུམ་བསྒོམ་པའང༌། །ཐ་མལ་རྟོག་པ་ཞི་བྱེད་དེ། །ལུས་དང་བྷ་ག་བསམ་པ་ཀུན། །མཆོག་ཏུ་གྱུར་པར་བྱས་པ་ཡིན། །ཞེས་དགོས་པ་དང་བཅས་པ་གསུངས་སོ། །འདིར་དོན་གསལ་མཁན་པོས། ཡུམ་གྱི་དཔྲལ་བར་ཨོཾ། སྙིང་གར་ཧྃ། གསང་གནས་སུ་ཨཱཿརྣམས་བསྒོམས་ནས་པདྨ་བྱིན་རླབས་ཀྱི་སྔགས་བརྗོད་པར་བཤད་པ་ནི། སྒྲུབ་ཐབས་ཀྱི་གཞུང་རྣམས་ན་མི་སྣང་ཡང༌། རྩ་རྒྱུད་དང་ཤིན་ཏུ་མཐུན་ནོ། །གཉིས་པ་ནི། །གུར་གྱི་སྒྲུབ་ཐབས་ལས། འདོད་ཆགས་ཆེན་པོའི་ཚུལ་ཆེན་གྱིས། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །ཞེས་པ་ལྟར། ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་བ་ཆེན་པོ་སྟོང་པ་དང་རོ་གཅིག་པའི་དགའ་བ་ཉམས་སུ་མྱོང་བར་མོས་ལ། དེའི་སྟེང་དུ་སེམས་བཟུང་ཞིང་ང་རྒྱལ་བསྐྱེད་པའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ། དེ་བཞིན་གཤེགས་པ་ཐམས་ཅད། ཨ་ནུ་རཱ་ག་ཎ། རྗེས་སུ་ཆགས་པ། བཛྲ། རྡོ་རྗེ། སྭ་བྷཱ་ཝ། རང་བཞིན། ཨཱཏྨ་ཀ བདག ཨ་ཧཾ། ངའོ། །ཞེས་པའོ། །དེ་ལྟར་དང་པོར་སྐྱེས་བུ་རྒྱུ་རྡོ་རྗེ་འཆང་བསམ་པའི་རྗེས་དེ་ནས་མཁའ་འགྲོ་མ་བདག་མེད་མ་དང་ལྷན་ཅིག་བདེ་བའི་རོལ་པ་ལས་འཁོར་ལོའི་ལྷ་ཚོགས་ཕྱིར་སྤྲོ་བར་བྱའོ། །ཇི་ལྟར་སྤྲོ་ན་རྒྱུ་རྡོ་རྗེ་འཆང་ཡུམ་ལ་རྗེས་སུ་ཆགས་པར་བྱེད་པའི་སྒྱུ་མ་བདེ་བའི་སྒྲ་ཧ་དང་སིའི་རྣམ་པ་གསང་གནས་ན་གྲགས་པའི་སྒྲ་དེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ནི། རིགས་ལྔ་ཡབ་ཡུམ་ལ་བྱ་སྟེ། གུར་གྱི་སྒྲུབ་ཐབས་ལས། རང་གི་ལུས་ལ་ཞུགས་པ་ནི། །དེ་བཞིན་གཤེགས་ཀུན་གཙོ་བོ་ཡི། །སྲོག་དང་རྩོལ་དང་མཉམ་ཞེས་དང༌། །འབྱུང་དང་འཇུག་པའི་མིང་ཅན་དང༌། །ཀླུ་དང་རུས་སྦལ་ཀྲི་ལག་ཅན། །ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །ཞེས་རླུང་བཅུ་འཇུག་པ་ལྟ་བུར་གསུངས་ཀྱང༌། རིགས་ལྔ་ཡབ་ཡུམ་ལ་ཇི་བཞིན་མ་ཡིན་པའི་སྒྲས་གསུངས་པ་ཡིན་ལ། དོན་གསལ་མཁན་པོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡི་གེ་ལྔ་པོ་བྷྲཱུྃ་ཨྃ་ཛྲཱིཾ་ཁྃ་ཧཱུྃ་རྣམས་ཞེས་གསུངས་པའང་དོན་རིགས་ལྔའོ། །དེ་རྣམས་རྗེ་བཙུན་རྩེ་མོས། སྣ་བུག་གཡོན་ནས་ཁོང་པར་ཞུགས། །རྗེས་སུ་ཆགས་པའི་མེས་ཁོང་པར་ཞུ། །ཞེས་གསུངས་པ་ལྟར་ཞུགས་ཤིང༌། རྗེས་ཆགས་ཀྱིས་མེས་ཞུ་ནས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་བྱུང༌། ཡུམ་གྱི་མཁར་རྒྱལ་བ་རིགས་ལྔ་ཞུ་བའི་ཁུ་བ་རྣམས་ས་བོན་བརྒྱད་དུ་གྱུར་ནས། དེའི་རྗེས་སུ་ལྷ་མོར་གྱུར་ཏེ་དབྱུང་བར་བྱའོ། །དེའང་ས་བོན་བརྒྱད་དུ་གྱུར་པའི་གྱུར་རྒྱུ་ནི། དེ་བཞིན་གཤེགས་པ་ཞུ་བའི་ཐིག་ལེ་དེ་རྣམས་སོ། །གྃ་ཙྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ། ཞེས་བྱ་བ་རང་རང་གི་མིང་གི་ཡི་གེ་དང་པོ་ལ་ཐིག་ལེ་བྱིན་པ་ནི་ལྷ་མོ་སོ་སོའི་ས་བོན་ཏེ། དེ་རྣམས་ལྷ་མོ་སོ་སོའི་སྐུར་གྱུར་པར་བསྒོམས་ནས་ཕྱི་རོལ་དུ་དབྱུང་བའོ། །དེའང་ཀུ་མུ་ཏིར། དེ་བཞིན་གཤེགས་པའི་ཐིག་ལེ་དེ། །ས་བོན་བརྒྱད་དུ་གྱུར་པའོ། །ཞེས་དང༌། ས་བོན་གྱིས་ནི་ལྷ་མོ་དབྱུང༌། །ཞེས་བཤད་ལ། གུར་གྱི་སྒྲུབ་ཐབས་ལས། སངས་རྒྱས་འཁོར་ལོ་སོ་སོར་ཞུ། །ས་བོན་བརྒྱད་ནི་བསམ་པར་བྱ། །མིང་གི་དང་པོ་གྃ་ཙྃ་སོགས། །ཡི་གེ་ལས་ནི་ལྷ་མོ་དབྱུང༌། །ཞེས་དང༌། བྱང་ཆུབ་སྙིང་པོས། ས་བོན་ལས་སྐུ་རྫོགས་ནས་དབྱུང་བར་བྱ། །ཞེས་དང༌། རིན་ཆེན་འབར་བར་ཡང༌། ས་བོན་ལས་ལྷ་མོར་གྱུར་ནས་སྤྲོ་བར་གསུངས་ལ། རྗེ་བཙུན་གྱིས་ཡན་ལག་དྲུག་པར་དེ་བཞིན་དུ་བཤད་དོ། །གསུམ་པ་ལ་ལྔ། གནས་གང་དུ་དགོད་པ། བཀོད་པའི་ལྷ་མོ་རྣམས་ཀྱི་སྐུ་མདོག་བཤད་པ། ཕྱག་མཚན་བཤད་པ། རྣམ་པ་དང་རྒྱན་བཤད་པ། གདན་བཤད་པའོ། །དང་པོ་ནི། འཁོར་གྱི་ལྷ་མོ་རྣམས་དཀྱིལ་འཁོར་གྱི་ཕྱོགས་གང་དུ་འགོད་སྙམ་ན། གཽ་རཱི་ནི་དབང་པོ་གནས་པའི་ཕྱོགས་ཤར་དུའོ། །གཤིན་རྗེ་གནས་པའི་ཕྱོགས་ལྷོར་ནི་ཆོམ་རྐུན་མའོ། །རོ་ལངས་མ་ནི་ཆུ་བདག་གནས་པའི་ཕྱོགས་ནུབ་ཏུའོ། །གྷསྨ་རཱི་ནི་གསུས་པོ་ཆེ་སྟེ་ལུས་ངན་གནས་པའི་ཕྱོགས་བྱང་དུའོ། །ཕྱོགས་བཞིར་ལྷ་མོ་བཀོད་པ་དེ་བཞིན་དུ། མཚམས་བཞིར་ཡང་ལྷ་མོ་འགོད། པུཀྐ་སཱི་ནི་དབང་ལྡན་ཏེ་བྱང་ཤར་དུའོ། །རི་ཁྲོད་མ་ནི་བྱིན་ཟའི་གྲྭར་ཏེ་ཤར་ལྷོར་རོ། །གཏུམ་མོ་ནི་བདེན་བྲལ་ལྷོ་ནུབ་ཀྱི་ཕྱོགས་ལ་གནས་པ་སྟེ། གཡུང་མོ་འདི་ནི་རླུང་ལྷ་གནས་པའི་ཕྱོགས་ནུབ་བྱང་དུ་གནས་སོ། །དང་ཞེས་པ་ནི་འོག་གི་གཞུང་ཡར་སྦྱར་ནས་སྐུ་མདོག་ནས་གདན་གྱི་བར་དྲན་པར་བྱས་པས། ལྷ་མོའི་འཁོར་ལོའི་སྒོམ་པ་ཡོངས་སུ་རྫོགས་པར་གྱུར་པའོ། །གཉིས་པ་ནི། ལྷ་མོ་གཽ་རཱི་ནི་ཆོས་ཉིད་ལས་མི་འགྱུར་བས་ཁ་དོག་ནག་མོ་ཡིན། ཆོམ་རྐུན་མ་ནི་སེམས་ཅན་གྱི་དོན་ལ་རྗེས་སུ་ཆགས་པས་བཙོད་ཀྱི་ཁ་དོག་དང་མཚུངས་པའི་དམར་མོ། རོ་ལངས་མ་ནི་སངས་རྒྱས་ཀྱི་ཡོན་ཏན་རྒྱས་པས་གསེར་བསྲེགས་ཏེ་གསེར་བཙོ་མའི་མདོག་ལྟར་སེར་བ། གྷསྨ་རཱི་ནི་ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པས་ནོར་བུ་མརྒད་དང་མཚུངས་ཏེ་ལྗང་གུ། པུཀྐ་སཱི་ནི་ཆོས་ཉིད་ལས་མི་འགྱུར་བས་དབང་པོ་སྔོན་པོ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྔོན་པོའོ། །རི་ཁྲོད་མ་ནི་རང་བཞིན་གྱི་རྟོག་པ་དང་བྲལ་བས་ཟླ་བ་ལྟར་དཀར་ཞིང་ནོར་བུ་ལྟར་འོད་འཕྲོ་བའོ། །གཏུམ་མོ་ནི་སེམས་ཅན་གྱི་དོན་ལ་ཆགས་པས་ནམ་མཁའི་ཁ་དོག་ལྟར་སྔོ་སངས་མ་སྟེ་སྔོན་མོའོ། །གཡུང་མོ་ནི་ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པས་ཁ་དོག་སྣ་ཚོགས་པ་རུ་འདོད་དོ། །འདིར་དེ་བཞིན་གཤེགས་པ་དང༌། ཕྱོགས་ཀྱི་དབང་དུ་བྱས་ནས། གཽ་རཱི་དཀར་མོ། ཙཽ་རཱི་སེར་མོ། བེ་ཏ་ལཱི་དམར་མོ་འབྱུང་རྒྱུ་ཡིན་ཞིང༌། བཤད་རྒྱུད་གུར་ལས་ཀྱང་དེ་བཞིན་གསུངས་མོད། འདིར་རྩ་བའི་རྒྱུད་དུ་སྔར་བཞིན་གསུངས་པ་ནི། དེ་བཞིན་གཤེགས་པ་རེ་རེ་ཡང་ཡེ་ཤེས་ལྔ་ལྔའི་རང་བཞིན་ཡིན་ལ། ཡེ་ཤེས་དེའི་གཟུགས་ཀྱི་རྣམ་པ་ལྷར་ལངས་པའི་ཚེ། ཡེ་ཤེས་སོ་སོ་དང་མཐུན་པའི་ཁ་དོག་ཏུ་འགྱུར་བ་ཡིན་ཏེ། གཽ་རཱི་རྣམ་སྣང་གི་རིགས་ཡིན་ཀྱང༌། དེའི་ནང་ཚན་ཆོས་དབྱིངས་ཡེ་ཤེས་ཀྱི་གཟུགས་རྣམ་ཡིན་པས་ནག་མོ་དང༌། ཙཱཽ་རི་རིན་ཆེན་འབྱུང་ལྡན་གྱི་ཡེ་ཤེས་ལྔ་ལས། སོར་རྟོག་ཡེ་ཤེས་ཀྱི་གཟུགས་རྣམ་ཡིན་པས་དམར་མོ་དང༌། བཻ་ཏ་ལཱི་འོད་དཔག་མེད་ཀྱི་ནང་ཚན་ཡེ་ཤེས་ལྔ་ལས་མཉམ་ཉིད་ཡེ་ཤེས་ཀྱི་གཟུགས་རྣམ་ཡིན་པས་སེར་མོར་འབྱུང་བ་ཡིན་ལ། དེ་བཞིན་དུ་དཀྱིལ་འཁོར་གཞན་རྣམས་ལ་ཡང་གོ་བར་བྱའོ། །གཡུང་མོའི་ཁ་དོག་ལ། མར་མེ་མཛད་ཀྱིས། ཌོམྦི་ལྗང་གུ་ལྷ་མིན་སྟེང༌། །ཞེས་བཤད་ཀྱང༌། རྩ་རྒྱུད་དང༌། སློབ་དཔོན་གཞན་ཐམས་ཅད་ཀྱིས་སྣ་ཚོགས་མདོག་ཏུ་གསུངས་ཤིང༌། ལྗང་གུ་སྣ་ཚོགས་མདོག་ཡིན་པའང་བསྒྲུབ་བྱར་སྣང་ངོ༌། །སྔ་«་་་་་རྔོག་པ་»རབས་པ་ཁ་ཅིག་ཕུག་རོན་གྱི་མགྲིན་པ་ལྟར་བཞེད་ལ། ཁ་«་་་་་གཟུངས་»ཅིག་ཚོན་སྣ་ལྔ་ཆར་བསྲེས་ནས་བྱུག་པའི་མདོག་དང༌། ཁ་«་་་་་དགེ་བཟང་»ཅིག་ཚོན་སྣ་ལྔའི་ཐིག་ལེ་གོ་མཚམས་མེད་པར་བཀོད་པ་ལྟར་འདོད་པ་རྣམས་ལ་ནི་ཤེས་བྱེད་ཅི་ཡང་མི་སྣང་ལ། བླ་མ་ཁ་«་་་་་དམ་པ་»ཅིག་ཡོ་ག་ནས་བཤད་པའི་རྡོ་རྗེ་ལས་ཀྱི་ཁ་དོག་ལྟར། ཞལ་དང་བྱིན་པ་གཉིས་ནས་ཞབས་ཀྱི་བར་དུ་དཀར་པོ། རྐེད་པའི་བར་དང་ཕྱག་གཉིས་སྔོ་སྐྱ། ཞལ་གྱི་འོག་ལོགས་ནས་རྐེད་པའི་བར་དུ་དམར་སྐྱ། བརླ་གཉིས་སེར་སྐྱ། ལྷག་མ་སྔོན་པོར་བཞེད་ཀྱང༌། འདིར་ཤེས་བྱེད་དུ་རུང་བར་དཀའ་ཞིང༌། བདག་གི་བླ་མ་ལོཙྪ་«་་་་་སྐྱབས་»བ་ནི། ཀྱེ་རྡོར་དོན་བསྡུས་ཀྱི་འགྲེལ་པར། དབུ་དཀར་པོ། དེ་འོག་སེར་བ་ལ་སོགས་ཁ་དོག་ལྔར་བཤད་གསུངས་ཀྱང༌། འགྲེལ་པ་དེ་ན་མི་སྣང་ངོ༌། །དཔྱལ་སེ་བ་དག དབུ་དཀར། མགྲིན་པ་དམར། སྙིང་ག་སྔོ། ལྟེ་བ་སེར། གསང་གནས་ལྗང་གུར་འདོད་ལ། ཁ་«་་་་་གུ་རུ་རིན་འབྱུང་»ཅིག་བརླ་མན་ཆད་སྔོན་པོ། གསང་གནས་ནས་ལྟེ་བའི་སྨད་དམར་པོ། ལྟེ་བ་དཀར་པོ། དེ་ནས་མགྲིན་པ་མན་ཆད་སེར་པོ། དབུ་ལྗང་གུར་འདོད་དོ། །དེ་རྣམས་ཀྱི་ནང་ནས་ལུགས་འདི་ཤིན་ཏུ་ལེགས་ཏེ། ནང་གི་ཁམས་ཀྱི་སྒོ་ནས་ཀྱང་ཕྱི་རོལ་གྱི་སྐུ་མདོག་བཤད་དགོས་པ་ལས། འདི་ནི་སམྦུ་ཊིར། རྐང་མཐིལ་རླུང༌། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་སར་བཤད་པ་དང་མཐུན་ཅིང༌། དབུ་ལྗང་གུ་ནི་གུར་ལས་གཡུང་མོ་ལྗང་གུར་བཤད་པ་དང༌། རྩ་རྒྱུད་དུ་སྤྱི་བོ་རླུང་དུ་གསུངས་པ་དང་མཐུན་པ་ཡིན་ནོ། །གསུམ་པ་ནི། གཽ་རིའི་ཕྱག་གཡས་ན་རྩ་བའི་ཉོན་མོངས་པ་དྲུག་འཇོམས་པས་གྲི་གུག་སྟེ་གཡོན་ན་འཁོར་བའི་རྒྱ་མཚོ་ལས་ཉ་དང་འདྲ་བའི་འགྲོ་བ་འདོན་པས་ཉ་ནི་དེ་བཞིན་དུ་འཛིན་ནོ། །གཞུང་འདི་དང༌། བྱང་ཆུབ་སྙིང་པོ་སོགས་ཀྱིས་ཉ་ཞེས་དང༌། རིན་ཆེན་འབར་བ་དང༌། ཤཱནྟི་པ་དང༌། རྩ་བའི་རྒྱུད་ལས། རོ་ཧི་ཏ་ཞེས་བཤད་པས། དོན་གཅིག་པ་ལྟ་བུར་སྣང་ཡང༌། དག་པ་རྡོ་རྗེའི་སྒྲོན་མེར། ཉ་རོ་ཧི་ཏའོ། །ཞེས་གཉིས་ཀ་འབྱུང་བ་ལྟར་ཉའི་བྱེ་བྲག་ཁ་དོག་དམར་པོའོ། །ཞེས་བླ་མ་དག་གསུང་ངོ༌། །ཆོམ་རྐུན་མའི་ཕྱག་གཡས་ན་གཏི་མུག་ལས་བསླངས་པའི་རྔེའུ་ཆུང་ཌཱ་མ་རུ་སྟེ། གཡོན་ན་གཏི་མུག་གིས་རྨོངས་པའི་སེམས་ཅན་ཕག་པ་དེ་བཞིན་ནོ། །རོ་ལངས་མའི་ཕྱག་གཡས་ན་འདོད་ཆགས་ཀྱིས་གདུངས་པའི་འགྲོ་བ་མཚོན་བྱེད་རུས་སྦལ་ཏེ། གཡོན་པའི་ལག་ན་འདོད་ཆགས་དེ་བདུད་རྩིས་ཞི་བའི་ཕྱིར་ཐོད་པ་འཛིན་པའོ། །ཟ་ཕོད་མ་གྷསྨ་རཱི་ཡི་ཕྱག་གཡས་ན་ཞེ་སྡང་གི་རང་བཞིན་སྦྲུལ། གཡོན་པའི་ལག་ན་ཞེ་སྡང་དེ་ཞི་བའི་ཕྱིར་ཐོད་པ་བདུད་རྩིས་གང་བའོ། །པུཀྐ་སཱིའི་ཕྱག་གཡས་ན་ང་རྒྱལ་གྱི་རང་བཞིན་སེངྒེ་སྟེ། གཡོན་པའི་ཕྱག་ན་དེ་གཞོམ་པའི་ཕྱིར་དགྲ་སྟྭ་འཛིན་པའོ། །རི་ཁྲོད་མའི་ཕྱག་གཡས་ན་བདག་ཏུ་ལྟ་བ་འཇོམས་པས་དགེ་སློང་སྟེ། གཡོན་པ་ན་ནི་བདག་ལྟ་དང་སེར་སྣའི་མདུད་པ་འགྲོལ་བ་མཚོན་བྱེད་ཀྱི་གསིལ་བྱེད་འཛིན་པར་ཤེས་པར་བྱའོ། །གཏུམ་མོའི་གཡས་ན་གཉེན་པོ་ཆོས་འཁོར་བསྐོར་བའི་འཁོར་ལོ་སྟེ། གཡོན་ན་སྤང་བྱ་ཉོན་མོངས་རློག་པའི་ཐོད་པ་དེ་བཞིན་ནོ། །གཡུང་མོའི་ཕྱག་གཡས་ན་རྣམ་རྟོག་གི་རི་བོ་བདག་མེད་ཀྱི་རྡོ་རྗེས་བསྙིལ་པས་རྡོ་རྗེ་སྟེ། གཡོན་པ་གདུག་པ་ཅན་ལ་བསྡིགས་པའི་སྡིགས་མཛུབ་དེ་བཞིན་ནོ། །དེ་དག་ཀྱང་ཕྱག་མཚན་གྱི་དག་པར། འཁོར་བའི་རྒྱ་མཚོའི་དུག་ཆུ་ལས། །ཉ་འདྲའི་འགྲོ་བ་འདོན་ཕྱིར་རམ། །བཀྲ་ཤིས་འཛིན་པ་རོ་ཧི་ཏ། །ཉོན་མོངས་རྒྱ་འདྲལ་གྲི་གུག་གཡས། །གཏི་མུག་གིས་ནི་རབ་རྨོངས་པ། །ཕག་དང་འདྲ་བའི་སེམས་ཅན་རྣམས། །གཏི་མུག་ཉིད་ལས་བསླང་བའི་ཕྱིར། །གཡས་ན་ཅང་ཏེའུ་སྒྲ་སྒྲོགས་པ། །འདོད་ཆགས་ཀྱིས་གདུངས་རུས་སྦལ་ནི། །འགྲོ་བའི་ནད་རྣམས་བསལ་ཕྱིར་དང༌། །ཆགས་ཆེན་བདུད་རྩིས་ཚིམ་བྱའི་ཕྱིར། །རུས་སྦལ་དང་ནི་པད་སྣོད་བསྣམས། །ཞེ་སྡང་དགྲ་ཡིས་ཕམ་བྱས་པ། །སྦྲུལ་དང་འདྲ་བའི་སེམས་ཅན་རྣམས། །ཞེས་སྡང་ཆེན་པོས་ཚིམ་བྱའི་ཕྱིར། །ཕྱག་ན་སྦྲུལ་དང་ཐོད་པའོ། །ངན་རྟོག་པ་ཡི་རི་དྭགས་རྣམས། །སྐྲག་པར་བྱ་ཕྱིར་སེངྒེའམ། །སེང་འདྲ་ང་རྒྱལ་གཞོམ་ཕྱིར་དུ། །སེངྒེ་དང་ནི་དགྲ་སྟྭ་བསྣམས། །བདག་ཏུ་ལྟ་བ་ལ་སོགས་པའི། །ལྟ་བ་སོ་གཉིས་འཇོམས་པའོ། །བདག་ཏུ་ལྟ་བའི་མདུད་པ་དང༌། །སེར་སྣ་དགྲོལ་བར་བྱ་བའི་ཕྱིར། །དགེ་སློང་དང་ནི་ཁར་གསིལ་ལོ། །དཔེར་ན་ཐོང་པ་ལྟ་བུ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིས། །ཉོན་མོངས་ཐ་བ་རློག་པའི་ཕྱིར། །འཁོར་ལོ་དང་ནི་ཐོང་པ་བསྣམས། །རྣམ་པར་རྟོག་པའི་རི་བསྙིལ་ཅིང༌། །གདུག་པ་ཚར་གཅད་བྱ་བའི་ཕྱིར། །རྡོ་རྗེ་དང་ནི་སྡིགས་མཛུབ་བསྟན། །ཞེས་གསུངས་པ་ལྟར་རོ། །བཞི་པ་ནི། ལྷ་མོ་ཐམས་ཅད་གཡོན་བརྐྱངས་པའི་བརླ་ལ་གཡས་པའི་སོར་མོ་རེག་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་གནས་པ་ནི། མི་གནས་པའི་མྱ་ངན་ལས་འདས་པ་བརྙེས་པ་ཡིན་ལ། གཽ་རཱི་ལ་སོགས་པའི་ལྷ་མོ་འདི་རྣམས་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་རྟོགས་པས་ཞལ་གཅིག་མ། བདེན་གཉིས་ཐུགས་སུ་ཆུད་པས་ཕྱག་གཉིས་མར་ཤེས་པར་བྱའོ། །སྐུ་གསུམ་བརྙེས་པས་སྤྱན་གསུམ། སངས་རྒྱས་ཀྱི་ཡོན་ཏན་གོང་དུ་རྒྱས་པས་དབུ་སྐྲ་དམར་སེར་ནི་གྱེན་དུ་འཁྱིལ་པ་ཡིན། རྒྱལ་བ་ལྔ་དག་པའི་ཕྱག་རྒྱ་ལྔས་ནི་ལུས་ཤིན་ཏུ་མཛེས་པར་བྱས་པ་སྟེ། དཔལ་མཆོག་ཌོམྦི་པས། སྤྱན་གསུམ་སྐྲ་ནི་གྱེན་དུ་བརྫེས། །མགོ་བོའི་ཆུན་འཕྱང་གིས་བརྒྱན་པ། །ལྷ་མོ་ཕྱག་རྒྱ་ལྔ་དང་ལྡན། །ཐོད་པ་རྣམས་ཀྱིས་ཅོད་པཎ་བྱས། །སྟག་གི་པགས་པའི་ཤམ་ཐབས་ཅན། །མིག་དམར་སྨིན་མ་ཁམ་པར་ལྡན། །ཞེས་དང༌། གཉིས་མེད་རྡོ་རྗེས། སྤྱན་གསུམ་དམར་ཞིང་ཟླུམ་པ་དང༌། གར་གྱི་རོ་དགུ་དང་ལྡན་པ་དང༌། ཞལ་མཆེ་བ་གཙིགས་པ་དང༌། གཅེར་བུ་རྣམས་སུ་བཤད་ལ། མར་མེ་མཛད་ཀྱིས། མགོ་བོ་སྐམ་པོ་བཅོ་ལྔའི་ཕྲེང༌། །གཅེར་བུ་གཡོན་བརྐྱང་གར་སྟབས་བཞུགས། །གཙོ་ལ་འདུད་པའི་སྟངས་དང་ལྡན། །ཞེས་སོ། །དེ་ལ་བཅོ་ལྔ་ནི། དོན་ལྔ་བཅུ་ཡིན་ཏེ། པཉྩ་ད་ཤ་ཞེས་པའི་སྒྲ་གོང་འོག་བསྣོལ་ནས་བསྒྱུར་བས་འགྱུར་ནོར་བ་ཡིན་གྱིས། ཐད་སོར་བསྒྱུར་ན། པཉྩ་ལྔ། ད་ཤ་བཅུ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། གཽ་རཱི་ཚངས་པའི་གདན་ལ་བཞུགས་ཤིང༌། དེ་བཞིན་དུ་ཙཽ་རཱི་དབང་པོ་དང༌། བེ་ཏཱ་ལཱི་ཉེ་དབང་དང༌། གྷསྨ་རཱི་དྲག་པོ་དང༌། པུཀྐ་སཱི་གཤིན་རྗེ་དང༌། ཤ་ཝ་རཱི་ནོར་གྱི་བདག་པོ་དང༌། ཙཎྜ་ལཱི་བདེན་བྲལ་སྲིན་པོ་དང་ནི། ཌོམྦི་ནི་ཐག་ཟངས་རིས་ཀྱི་གདན་ལ་བཞུགས་པས་ན། འཇིག་རྟེན་པའི་ལྷ་དེ་རྣམས་ནི་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་གདན་དུ་མཛད་པའོ། །དེ་རྣམས་ཀྱི་ངོ་བོ་ནི། རྗེ་བཙུན་རིན་པོ་ཆེས། ཚངས་པ་ནི་འདོད་ཁམས་ཀྱི། དབང་པོ་ནི་ཤར་ཕྱོགས་ཀྱི། ཉེ་དབང་ནི་ཁྱབ་འཇུག དྲག་པོ་ནི་དབང་ལྡན། གཤིན་རྗེ་ནི་ལྷོ་ཕྱོགས་ཀྱི། ནོར་སྦྱིན་ནི་རྣམ་ཐོས་སྲས། སྲིན་པོ་ནི་ལྷོ་ནུབ་ཀྱིའོ། །ཐག་ཟངས་རིས་ནི་ལྷ་མ་ཡིན་གྱི་དབང་པོ་ཡིན་ནོ། །ཞེས་སོ། །དེ་ལ་འདོད་ཁམས་ཀྱི་ཚངས་པ་ཞེས་པ་ལ། ཁ་«་་་་་བོད། »ཅིག་«་་་་་རིགས་རལ་གྱི་ཕྱོགས་སྔར། »གཟུགས་ཁམས་ཀྱི་ཚངས་པ་ལས་གཞན་པའི་ཚངས་པ་མེད་དེ། ཚངས་པའི་དོན་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཡིན་ལ། འདོད་ཁམས་ན་ཡོད་ན་ཆགས་བྲལ་དུ་མི་རུང་བའི་ཕྱིར་རོ། །ཞེས་ཟེར་རོ། །འདི་ནི་མི་འཐད་དེ། ཁྱད་པར་འཕགས་པའི་བསྟོད་པར། ལྷ་ཆེན་ཐིག་ལེ་མཆོག་མ་ལ། །ཆགས་པ་སྐྱེས་ནས་གདོང་བཞི་བྱུང༌། །ཞེས་པའི་འགྲེལ་པར། ཚངས་པས་ཐིག་ལེ་མཆོག་མ་ལ་བསྐོར་བ་བྱས་པས་ཆགས་པའི་དབང་གིས་ཕྱོགས་ཐམས་ཅད་ལ་ལྟ་འདོད་ནས་གདོང་པ་བཞི་སྤྲུལ་པར་བཤད་པས་འདོད་པ་ལ་ཆགས་པ་དང་མ་བྲལ་བའི་ཚངས་པ་མུ་སྟེགས་བྱེད་རྣམས་ཀྱི་སྟོན་པར་བྱེད་པ་ཞིག་ཡོད་པར་གྲུབ་ལ། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པར་ཡང་དེ་བཞིན་དུ་བཤད་དོ། །འདིར་རྗེ་བཙུན་རྩེ་མོས། ཡན་ལག་བཞི་པར་གཙོ་འཁོར་ཐམས་ཅད་མངོན་བྱང་ལས་བསྐྱེད་པར་གསུངས་པས། འཁོར་གྱི་མངོན་བྱང་གི་ཉི་ཟླ་གཉིས་གཙོ་བོའི་མངོན་བྱང་གི་དང་པོ་གཉིས་དང་སྟབས་གཅིག་ཏུ་བསྐྱེད། དེ་ནས་མངོན་བྱང་ལྷག་མ་གསུམ་གྱིས་གཙོ་བོ་བསྐྱེད་པ་ནས་ཡུམ་གྱི་མཁར་ཐིག་ལེར་གྱུར་པའི་བར་སྔར་དང་འདྲ་ལ། དེ་ལས་ཐིག་ལེ་རྣམས་ཕྱོགས་དང་མཚམས་ཀྱི་ཉི་ཟླ་བརྒྱད་ཀྱི་བར་དུ་སྤྲོས་པ་ལས། གྃ་ཙྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ། ཞེས་པའི་ས་བོན་བརྒྱད་དུ་གྱུར། དེ་ལས་གྲི་གུག་ལ་སོགས་པའི་ཕྱག་མཚན་བརྒྱད་དུ་གྱུར། དེ་ལས་གྃ་ཙྃ་ལ་སོགས་པའི་ས་བོན་བརྒྱད་ཀྱིས་མཚན་པ་རྣམས་རང་གི་ངོ་བོ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སུ་མོས་པ་བྱ། དེ་ནས་ཉི་མ་དང༌། ཟླ་བ་དང༌། ས་བོན་དང༌། ཕྱག་མཚན་གཅིག་ཏུ་གྱུར་པ་བརྒྱད་ནི་བྱ་བ་ནན་ཏན་དུ་མོས་པ་བྱ། དེ་ནས་རྣལ་འབྱོར་མ་བརྒྱད་ཀྱི་སྐུ་ཡོངས་སུ་རྫོགས་པ་རྣམ་པ་རང་གི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མོས་པ་བྱའོ། །ཞེས་བཤད་ལ། དེ་བཞིན་དུ་གྲུབ་ཆེན་མཚོ་སྐྱེས། གཉིས་མེད་རྡོ་རྗེ། མར་མེ་མཛད། ཀཾ་པ་ལ་རྣམས་ཀྱིས་ཀྱང༌། གཙོ་འཁོར་ཐམས་ཅད་མངོན་བྱང་ལྔ་ལས་བསྐྱེད་པ་བཤད་དེ། ལུགས་ཐ་དད་དུ་འཆད་ཤེས་དགོས་ཏེ། སློབ་དཔོན་ཤཱནྟི་པ་དཔོན་སློབ་ནི། འབྲས་བུ་རྡོ་རྗེ་འཆང་གིས་འཁོར་གྱི་ལྷ་སྤྲོ་བས། འདི་རྣམས་དང་མི་མཐུན་པ་ཤིན་ཏུ་ཆེ་སྟེ། སྔར་སྤྱི་དོན་དུ་བཤད་ཟིན་ཏོ། །གསུམ་པ་ནི། རྡོ་རྗེ་གུར་ལས། དྲི་ཟ་མཉམ་པར་ཞུགས་ནས་ནི། །ཁུ་བ་རྗེས་སུ་དྲན་པར་བྱ། །ཞེས་གསུངས་པའི་དོན། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པས། ཧོ་གཉིས་ཀྱི་དབུས་སུ་གནས་པའི་ཡི་གེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ཡི་གེ་སྟེ་ཡི་གེ་འདི་རྣམས་ནི་སྲིད་པ་བར་མའི་སེམས་ཅན་ཞེས་མིང་དུ་གྲགས་པའོ། །དེ་ཉིད་ཡབ་ཀྱི་ཞལ་དུ་ཞུགས་ནས་ལྷ་མོའི་པདྨར་བབས་པས་ཡབ་ཡུམ་གཉིས་ཞུ་བའི་བསམ་གཏན་བྱ་སྟེ། དོན་གསལ་མཁན་པོས། དེ་ནས་ཡབ་ཡུམ་གྱི་རོལ་པའི་སྒྲས་བསྐུལ་བས་སྲིད་པ་བར་མའི་བག་ཆགས་ཀྱི་ཡི་གེ་ལྔ་པོ་ཧོ་ཨོཾ་ཨཱཿཧཱུྃ་ཧོ་རྣམས་ཞལ་ནས་ཞུགས་ཏེ། པདྨར་ཕྱིན་པ་ཙམ་གྱིས་ཡབ་ཡུམ་གཉིས་འོད་ཀྱི་གོང་བུར་གྱུར་པ་ལ་ཞེས་སོ། །དེ་ལྟར་དྲི་ཟ་སྟེ། བར་སྲིད་དེ་ཡབ་ཡུམ་སྙོམས་པར་འཇུག་པའི་ཚེ་ན་ཁར་ཞུགས་ནས་ཁུ་བའི་ངོ་བོ་གྱུར་པར་རྗེས་སུ་དྲན་པར་བྱའོ། །འདིའི་མཐའ་དཔྱད་པ་ལ་བཞི། རྒྱུ་གང་ཞུ་བ། རྐྱེན་གང་གིས་ཞུ་བ། རྣམ་པ་ཅི་ལྟར་དུ་ཞུ་བ། དེ་ལྟར་ཞུ་བའི་དགོས་པའོ། །དང་པོ་ནི། མར་མེ་མཛད་ཀྱིས། ཡུམ་ཡང་ཞུ་ནས་ཨྃ་ཧཱུྃ་གཉིས། །ས་བོན་དཀྱིལ་འཁོར་དབུས་གནས་པ། །རྟོག་མེད་བདེ་བ་ཆེན་པོར་བཞུགས། །ཞེས་ས་བོན་ཙམ་ཞིག་མི་ཞུ་བར་བཤད་ཀྱང༌། འདིར་ན་གཞལ་ཡས་ཁང་གི་དབུས་ན་གནས་པའི་རྒྱུ་རྡོ་རྗེ་འཆང་ཡབ་ཡུམ་གྱི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཐམས་ཅད་དོ། །གཉིས་པ་ལ་གཉིས་ཏེ། སྙོམས་པར་ཞུགས་པའི་རྐྱེན་དང༌། དྲི་ཟ་ཞུགས་པའི་རྐྱེན་གཉིས་སོ། །དང་པོ་ནི། ཡབ་ཡུམ་ཐབས་ཤེས་རབ་སྙོམས་པར་ཞུགས་པས་ལུས་ཐམས་ཅད་དྭངས་མས་གང་ཞིང༌། དེའི་རྐྱེན་གྱིས་བདེ་བ་ཆེན་པོ་སྐྱེས་པར་བསྒོམས་ཏེ། རྗེ་བཙུན་རྩེ་མོས། དེ་ནས་ཡབ་ཡུམ་གྱི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་བ་སྤུའི་བུ་ག་བྱེ་བ་ཕྲག་ཕྱེད་དང་བཞིའི་རྩ་དང་བ་སྤུའི་བུ་ག་ཐམས་ཅད་ཁམས་དྭངས་མ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེས་གང་བར་མོས། དེ་ནས་ཡབ་ཡུམ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས་རྗེས་སུ་ཆགས་པའི་མེས་ཁམས་དྭངས་མའི་ཐིག་ལེ་རྣམས་ཞུ་སྟེ། སླར་ཡང་ཟག་པ་མེད་པའི་བདེ་བ་ཆེན་པོ་སྐྱེས་པར་མོས་ཞེས་གསུངས་པས་བདེ་བ་དང༌། དེས་དྲངས་པའི་སྟོང་ཉིད་ལ་ཡུན་རིང་དུ་སེམས་གཞག་པར་བྱའོ། །རྐྱེན་གཉིས་པ་ནི། གུར་གྱི་སྒྲུབ་ཐབས་ལས། ཧོ་ཡིག་དམར་པོ་འོད་ཟེར་བཅས། །གཉིས་ཀྱི་དབུས་སུ་ཡི་གེ་གསུམ། །དྲི་ཟ་དང་ནི་མཉམ་པར་ཞུགས། །ཞུ་བར་གྱུར་པ་རྗེས་སུ་དྲན། །ཞེས་སྔར་གྱི་བར་སྲིད་རང་ལ་ཞུགས་པའི་རྐྱེན་གྱིས་ཞུ་བའོ། །འདི་ཞལ་དུ་འཇུག་པར་རྗེ་བཙུན་གྱི་ཡན་ལག་དྲུག་པ་དང༌། གཉིས་མེད་རྡོ་རྗེ་སོགས་ཀྱིས་བཤད་ལ། མར་མེ་མཛད་ཀྱིས། བར་དོར་གནས་པའི་ལུས་ངག་ཡིད། །ཨོཾ་ཨཱཿཧཱུྃ་གི་དཀར་དམར་གནག །ཧོ་གཉིས་ཐབས་དང་ཤེས་རབ་བརྟན། །འཁོར་ལོ་སྒྱུ་མ་ལྟར་མཐོང་ནས། །གཙོ་བོའི་སྤྱིར་ཞུགས་གཙོ་གཉིས་ཞུ། །ཞེས་སྤྱི་བོ་ནས་འཇུག་པར་བཤད་དེ། གཉིས་ཀ་སྦྱང་གཞི་དང་མི་མཐུན་པ་མེད་དོ། །གསུམ་པ་ནི། ལྷའི་རིགས་ཀྱི་བློ་གྲོས་ཀྱིས། འདོད་ཆགས་ཆེན་པོས་ཡི་གེ་རྣམས་འོད་དུ་ཞུ་བས་དངུལ་ཆུ་ལྟ་བུར་སོང་བར་བལྟས་ལ། ཞེས་གསུངས་པས། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཐིག་ལེའི་གཟུགས་སུ་གནས་པར་བསྒོམས་ཏེ། ཀཾ་པ་ལས། བདེ་བ་ཐིག་ལེའི་དབྱིབས་སུ་གནས། །ཞེས་གསུངས་པས། ངོ་བོ་བདེ་བ་ལ་རྣམ་པ་ཐིག་ལེའི་དབྱིབས་སུ་གནས་པ་ཡིན་ལ། དེས་སྟོང་པ་ཆོས་ཀྱི་སྐུའི་ཡེ་ཤེས་འདྲེན་ནུས་པར་བསྒོམས་ཏེ། རྗེ་བཙུན་རྩེ་མོས། ཡབ་ཞུ་ཡེ་ཤེས་ཡུམ་ཞུ་དབྱིངས། །དབྱེར་མེད་ཐིག་ལེའི་གདན་སྟེང་དུའོ། །དེ་ནི་ལོངས་སྐུ་ལ་བརྟེན་པའི། །དབྱིངས་དང་ཡེ་ཤེས་དབྱེར་མེད་པའི། །ཆོས་སྐུའི་ངོ་བོ་ཞེས་བྱ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། དེ་ལྟར་གཉིས་སྣང་གི་རྟོག་པ་ཐམས་ཅད་བསྡུས་ནས་ལྷན་སྐྱེས་ཀྱི་ངང་དུ་ཡིད་མཉམ་པར་བཞག་པས་ཆོས་ཀྱི་སྐུའི་དོན་རྟོགས་པར་བྱེད་པ་ཡིན་ནོ། །གལ་ཏེ་གཉིས་སྣང་ཐམས་ཅད་བསྡུས་ན། ཐིག་ལེ་ཙམ་ཞིག་ཏུ་གནས་པ་མི་འཐད་དོ་སྙམ་ན་མི་འགལ་ཏེ། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བའི་སྟོང་ཉིད་ནི་དུས་ཐམས་ཅད་དུ་འགྱུར་བ་མེད་པ་སྟེ། རྒྱུད་བླ་མར། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་ཏེ། དེ་ལ་དགོངས་པའོ། །གཉིས་པ་ཞུ་བ་གླུས་བསྐུལ་བ་ལས་འབྲས་བུ་རྡོ་རྗེ་འཆང་བསྐྱེད་པ་ལ་གསུམ། ཞུ་བ་ལས་གླུས་བསྐུལ་བ། བསྐུལ་ནས་འབྲས་བུ་རྡོར་འཛིན་བཞེངས་པ། བཞེངས་ནས་སེམས་དཔའ་སུམ་བརྩེགས་བསྒོམ་པའོ། །དང་པོ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། རྩ་རྒྱུད་ལས། སྣ་ཚོགས་གླུ་ཡིས་མཆོད་པ་ལས། །དེ་ནས་ལྷ་མོ་རྣམས་ཀྱིས་བསྐུལ། །ཞེས་པ་ལྟར། པུཀྐ་སཱི་ལ་སོགས་པའི་མཚམས་ཀྱི་ལྷ་མོ་བཞིས་བསྐུལ་བ་སྟེ། གུར་ལས། མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །ཞེས་སོ། །ཅི་ལྟར་བསྐུལ་ན། ཀཾ་པ་ལས། དེ་ནས་འཁོར་གྱི་ལྷ་མོ་རྣམས། །རང་རང་གཙོ་བོ་མ་མཐོང་ནས། །ཡིད་ཆེར་གདུངས་ནས་རྡོ་རྗེའི་གླུས། །བཞེངས་པར་འདོད་ནས་གཙོ་བོ་བསྐུལ། །ཞེས་པ་ལྟར། ཐིག་ལེར་གྱུར་པའི་རྗེས་དེ་ནས་སྙན་པའི་དབྱངས་ཀྱི་གླུས་བསྐུལ་བར་བྱའོ། །གཉིས་པ་ལ་བཞི། པུཀྐ་སཱིས་བྱམས་པ་ཚད་མེད་པའི་སྒོ་ནས་བསྐུལ་བ། ཤ་ཝ་རཱིས་སྙིང་རྗེ་ཚད་མེད་པའི། གདོལ་པ་མོས་དགའ་བ་ཚད་མེད་པའི། གཡུང་མོས་བཏང་སྙོམས་ཚད་མེད་པའི་སྒོ་ནས་བསྐུལ་བའི་གླུའོ། །དང་པོ་ནི། སེམས་ཅན་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བསྒྲལ་འདོད་ཀྱི་སྙིང་རྗེའི་ཡིད་ཀྱིས་སྟོན་པ་ཐིག་ལེ་ལས་གཟུགས་ཀྱི་སྐུ་བླ་ན་མེད་པའམ་བླ་མེད་དང་རྗེ་བཙུན་སྐད་དོད་གཅིག་པས་རྗེ་བཙུན་ཀྱེ་རྡོ་རྗེའི་སྐུར་བཞེངས་ཤིག བཞེངས་ནས་ཅི་བྱ་སྙམ་ན། པུཀྐ་སཱི་ནི་བདག་དང་སེམས་ཅན་ཐམས་ཅད་ལ་སྐྱོབས་ཤིག་ཅི་ལྟར་སྐྱོབས་ན་ཞལ་ཕྱག་གི་སྟོང་པའི་རང་བཞིན་ཐིག་ལེ་འདི་ཉིད་སྤངས་ནས་ནི། པུཀྐ་སཱི་བདག་ལ་འདོད་པ་ལ་ལོངས་སྤྱོད་པའི་བདེ་ཆེན་ཏེ། ཀུ་མུ་ཏིར། བདེ་བ་ཆེན་པོའི་རྣལ་འབྱོར་ནི། །བདེ་བ་ཆེན་པོའི་སྦྱོར་བ་སྟེ། །དེས་བདག་ལ་འདོད་པར་མཛོད་ཅིག །ཅེས་གསུངས་པ་ལྟར། བདེ་བའི་སྦྱོར་བ་མཛོད་ཅིག་པའོ། །གཉིས་པ་ནི། གཙོ་བོ་ཁྱོད་མི་བཞུགས་པ་སྟེ། ཁྱོད་མེད་པའམ་ཁྱོད་དང་བྲལ་ན་བདག་འགུམ་པ་སྟེ། འཆི་བར་འགྱུར་བས་ཚུལ་སྟོང་པའི་རང་བཞིན་ནི་ཐིག་ལེའི་ངོ་བོ་ཉིད་སྤངས་ཏེ། དགོས་པ་རི་ཁྲོད་མ་བདག་གིས་ཡིད་ལ་རེ་བའི་འབྲས་བུ་བདེ་ཆེན་པོ་ལ་སྦྱོར་བའི་འདོད་པ་འགྲུབ་པའི་ཕྱིར་དུ་ནི། འབྲས་བུ་ཀྱེ་རྡོ་རྗེ་ཁྱོད་ཟུང་འཇུག་གཟུགས་ཀྱི་སྐུར་བཞེངས་ཤིག་པའོ། །གསུམ་པ་ནི། ལམ་དུས་སུ་སྨོན་པ་བྱང་སེམས་ཀྱིས་བདག་ཧེ་རུ་ཀར་གྱུར་ནས་སེམས་ཅན་ཐམས་ཅད་དེའི་གོ་འཕང་ལ་དགོད་པར་བྱའོ། །ཞེས་འཇིག་རྟེན་ཐམས་ཅད་སངས་རྒྱས་ལ་དགོད་པར་སྙན་བརྣན་པའམ་མགྲོན་དུ་གཉེར་བ་སྟེ་དམ་བཅས་ནས་འདོད་པའི་གཙོ་བོ་སེམས་ཅན་སངས་རྒྱས་ལ་སྦྱོར་བའི་ནུས་པ་འགྲུབ་པའི་ཚེ་རྒྱུ་མཚན་ཅིའི་ཕྱིར་སྟོང་པ་ཉིད་ལ་བཞུགས་ཏེ། བཞུགས་པར་མི་རིགས་ཞེས་པའོ། །ཁྱོད་མི་བཞུགས་པ་སྟེ་མེད་ན། བདག་གིས་སེམས་ཅན་གྱི་དོན་ཕྱོགས་ཙམ་ཡང་མི་ཁུམས་ཏེ། བྱེད་མི་ནུས་པས་གཏུམ་མོ་བདག་ནི་གཙོ་བོ་ཐིག་ལེ་ལས་བཞེངས་པར་གསོལ་བ་འདེབས་ཤིང་ཞུ་བ་བགྱིད་པའོ། །བཞི་པ་ནི། གཡུང་མོ་བདག་ནི་ཡིད་རྨོངས་པ་སྟེ། དྲན་པ་ཉམས་པར་གྱུར་པ་འདི་ལ་སྙིང་རྗེ་ཆེན་པོའི་རྒྱུན་བར་ཆད་པར་མ་མཛད་པར་གཡུང་མོ་བདག་གིས་ཁྱོད་ཀྱི་ཐུགས་སྣ་ཚོགས་སུ་སྣང་བས་གཡོ་སྒྱུ་དང་བཅས་པར་འཚལ་བ་སྟེ་ཤེས་ཀྱི། དེ་བས་ན་གཙོ་བོ་ཁྱོད་ནི་ངོ་བོ་གཅིག་ལ་སྣ་ཚོགས་སུ་སྤྲུལ་པའི་མིག་འཕྲུལ་ལྟ་བུར་བཞེངས་ཤིག ཅེས་བརྗོད་པ་ནི། ཞུ་བ་ལས་བསྐུལ་བའི་གླུའོ། །འདི་ལ་སྒྲུབ་ཐབས་ཀྱི་གཞུང་རྣམས་ནས་ཚིག་ཟུར་མི་འདྲ་བ་དུ་མ་འབྱུང་ཡང༌། འགྱུར་གྱི་ཁྱད་པར་ཙམ་མ་གཏོགས་པ་དོན་རྩ་རྒྱུད་དང་སམྦུ་ཊ་ལས་གསུངས་པ་དེ་ཁོ་ན་ཡིན་ནོ། །འདི་ཡི་མཐའ་དཔྱད་པ་ལ་ལྔ། གང་ལ་བསྐུལ་བ། གང་གིས་བསྐུལ་བ། ཇི་ལྟར་བསྐུལ་བ། དེ་ལྟར་བསྐུལ་བའི་དགོས་པ། བསྐུལ་ནས་བཞེངས་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གྲུབ་ཆེན་མཚོ་སྐྱེས་ཀྱིས། དེ་མ་ཐག་ཏུ་བཅོམ་ལྡན་འདས་ཤིན་ཏུ་གང་བ་བདེ་བ་ཆེན་པོ་རོ་གཅིག་པས། རང་གི་རིག་མ་དང་ལྷན་ཅིག་ཏུ་ཞུ་བར་གྱུར་པའི་ས་བོན་གྱི་གཟུགས་ཀྱི་རྣམ་པར་གནས་པར་གྱུར་ཏོ། །ཞེས་གསུངས་པ་ལྟར། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པ་ཐིག་ལེའི་གཟུགས་ཅན་དེ་ཉིད་ལའོ། །གཉིས་པ་ནི་མཚོ་སྐྱེས་ཀྱིས། དེ་ནས་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་རང་ཅག་རྣམས་མགོན་མེད་པར་ཞེས་བྱ་བར་ཤེས་ནས། ཡིད་གཉིས་ཆེན་པོར་གྱུར་ནས། ཤིན་ཏུ་འདོད་པའི་སེམས་དང་རབ་ཏུ་སད་པར་མཛད་མ་རྣམས་ཀྱིས། ཞེས་གསུངས་པས་མཚམས་མ་བཞིས་བསྐུལ་བའོ། །འདི་བཞིས་བསྐུལ་དགོས་པའི་རྒྱུ་མཚན་ནི། འབྲས་བུའི་གནས་སྐབས་སུ་འོད་གསལ་ཆོས་ཀྱི་སྐུའི་ངང་ལས་མ་གཡོས་བཞིན་དུ། ཀུན་རྫོབ་གཟུགས་ཀྱི་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་འབད་མེད་དུ་འགྲུབ་པར་མཛད་པ་ནི་ལམ་གྱི་གནས་སྐབས་སུ་ཚད་མེད་བཞི་བསྒོམས་པའི་འབྲས་བུ་ཡིན་ལ། དེ་བཞི་དག་པ་ནི་མཚམས་མ་བཞི་ཡིན་པས་དེའི་ཕྱིར་བསྐུལ་བ་ཡིན་ཏེ། རྗེ་བཙུན་རྩེ་མོས། དེ་དག་ནི་ཚད་མེད་པ་བཞིའི་ངོ་བོ་ཡིན་པས། དེ་ལ་གཙོ་བོ་གཟུགས་ཀྱི་སྐུ་མེད་ན་སེམས་ཅན་གྱི་དོན་བྱ་བར་མི་ནུས་པས་དེའི་ཕྱིར་གླུས་བསྐུལ་བ་ཡིན་ནོ། །ཞེས་སོ། །གསུམ་པ་ནི། པུཀྐ་སཱིས་ཐུགས་རྗེ་ཆེན་པོའི་ཚུལ་གྱིས་དང༌། ཤ་ཝ་རཱིས་གནད་ལ་བོར་བའི་ཚུལ་གྱིས་དང༌། ཙཎྜ་ལཱིས་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་པའི་སྒོ་ནས་བསྐུལ་ཞིང༌། དེ་ལྟར་ལྷ་མོ་གསུམ་གྱིས་བསྐུལ་བས་བཞེངས་སུ་མ་བཏུབ་པས། གསུམ་པོ་ཡི་ཆད་པའི་ཚུལ་དུ་གནས་པ་ལ། གཡུང་མོས་ཐུགས་ཡོངས་སུ་མཁྱེན་པའི་ཚུལ་གྱིས་གླུས་བསྐུལ་བ་ཡིན་པ། རྡོ་རྗེའི་གླུ་རྣམས་ཀྱི་དོན་ནི་སྤྱིར་དུ་མ་ཞིག་ཡོད་ཀྱང༌། འདིར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བར་གྱུར་པ་ལ་རྗེ་བཙུན་རྩེ་མོས་བཤད་དོ། །བསྐུལ་བའི་ཚེ་རྣལ་འབྱོར་པ་རང་གི་ཤེས་པའི་རྒྱུན་མཚམས་ཀྱི་ལྷ་མོ་བཞི་ལ་འཕོས་ནས། ལྷ་མོ་གཅིག་གིས་གླུ་ལེན་པའི་ཚེ་གཞན་རྣམས་ཀྱིས་རམ་བུ་འདེགས་པའི་ཚུལ་གྱིས་བསྐུལ་བར་བླ་མ་དག་«་་་་་བློ་བརྟན་དཀོན་མཆོག་རྒྱལ།» གསུངས་སོ། །བཞི་པ་ནི། རྗེ་བཙུན་རྩེ་མོས། དེའང་འདི་ལྟར་རྒྱལ་བ་ལ་ནི་བཞེངས་སུ་གསོལ་བར་བསྐུལ་དགོས་པ་མ་ཡིན་ཏེ། ཉིན་མཚན་ལན་དྲུག་ཏུ་ཀུན་ལ་གཟིགས་པ་ཡིན་ལ། གླུས་བསྐུལ་བ་ལའང་བཞེངས་སུ་མི་བཏུབ་པ་ལ། དེ་ལ་ཡི་ཆད་པ་ཡོད་པ་མ་ཡིན་ཀྱང༌། སངས་རྒྱས་ཀྱི་མཛད་པ་ནི་གདུལ་བྱའི་སྣང་བ་ཡིན་ལ། དེ་ཡང་འཇིག་རྟེན་ན་ཆེ་བར་གྲགས་པའི་སྤྱོད་པ་ལ་འཇིག་རྟེན་པ་དག་མཆོག་ཏུ་འཛིན་པས་གདུལ་བྱ་ལའང་སངས་རྒྱས་ཀྱི་མཛད་པ་དེ་ལྟར་སྣང་བ་ཡིན་ནོ། །ཞེས་གསུངས་ལ། མན་ངག་སྙེ་མར་ནི། གནས་སྐབས་ཀྱི་གདུལ་བྱ་རུང་བ་མེད་པའི་ཚེ་ན་བདེ་བ་ཆེན་པོའི་སྐུ་ཁོ་ནར་གནས་ལ། ཡོད་པའི་ཚེ་གཟུགས་ཀྱི་སྐུར་སྣང་ནས་དོན་མཛད་པ་དང་བསྟུན་ནས་ཞུ་བ་གླུས་བསྐུལ་བར་འཆད་དོ། །ལྔ་པ་ནི། དག་པ་རྡོ་རྗེའི་སྒྲོན་མེར། དེ་ལྟ་ན་ཡང་གཞན་དག་ན་རེ། བཅོམ་ལྡན་འདས་ཤིན་ཏུ་བདག་མེད་མ་དང་ལྷན་ཅིག་པའི་སེམས་ཀྱིས་བདག་མེད་པ་ཅན་ཡིན་ན། དེའི་ཕྱིར་ནམ་མཁའ་རྨི་ལམ་མཐོང་བ་ཅི་ཞིག་ཡིན། གཉིས་སད་པ་བཞིན་དུ་བཅོམ་ལྡན་འདས་ཅི་ལྟར་བཞེངས་ཞེ་ན། འདིར་སྨྲས་པ། སེམས་ཅན་རྣམས་ཀྱི་གཉིད་ཀྱི་གནས་སྐབས་ན་ཅུང་ཟད་ཀྱང་མི་ཤེས་ཤིང༌། དེ་ནས་ལྡང་བ་མཐོང་བ་ཇི་ལྟར་ཡིན། དེའི་ཕྱིར་བྱ་བའི་དབང་ལས་སྐད་ཅིག་གིས་སྐྲག་པ་བཞིན་དུ་ལངས་པ་སྟེ། དེ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་བཅོམ་ལྡན་འདས་ཀྱིས་རང་དང་གཞན་རིག་པ་མི་མཁྱེན་ཏེ། དེ་ནས་དེ་ཁོ་ན་ཉིད་ཀྱི་གླུས་བསྐུལ་བས་སྨོན་ལམ་གྱི་དབང་ལས་བཞེངས་པའོ། །དེ་ལྟར་ན་ཡང་དྲི་བ་གཉིས་ཏེ། ཇི་ལྟར་སྲོག་ཆགས་རྣམས་ཀྱི་ལུས་ཀྱི་བདེ་བ་དམིགས་ནས་དེ་རྣམས་ཀྱིས་གཉིད་ཀྱི་གནས་སྐབས་ན་མི་ཤེས་ཏེ་འོན་ཀྱང་ལུས་ཡོད་པ་སྟེ། བཅོམ་ལྡན་འདས་ཅི་དེ་དང་མཚུངས་སམ། ཇི་ལྟར་བཞེངས། ཅི་སྟེ་སྔགས་པས་ཐོག་མར་མི་གཙང་བའི་ལུས་གཙང་མར་བྱས་ཏེ། སྟོང་པ་ཉིད་ལ་སོགས་པ་རྣམ་པར་དག་པས་སྤྲུལ་པའི་སྐུ་ལ་མངོན་པར་ཞེན་པ་ལས། སླར་ཡང་ཇི་སྟེ་གང་གི་ཞུ་བ་འཐོབ་སྟེ། དེ་ནི་སྤྲུལ་པ་མ་ཡིན་ཏེ། ཇི་ལྟར་རུས་པ་དང་རྐང་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཞེས་དྲི་བ་གཉིས་སོ། །དེ་ནས་སྨྲས་པ། དང་པོར་ཞུ་བ་ཐོབ་པ་ནི་རྒྱུ་ཡིན་ཞིང༌། འབྲས་བུའི་ནི་མ་ཡིན་ནོ། །དེ་ལྟར་ཞུ་བ་ཐོབ་པ་ལ་སོགས་པ་དག་པ་ལས་འབྲས་བུ་རྡོ་རྗེ་འཛིན་པ་ཡང་བཟུང་བ་སྟེ། དྲི་བ་གཅིག་ཐལ་ལོ། །དེ་ལྟར་གཉིས་པ་ཡང་དང་པོར་ལྷའི་རྣམ་པས་མི་གཙང་བའི་ལུས་མེད། མི་གཙང་བའི་ལུས་མེད་ན་དག་པའི་སྤྲུལ་པའི་ལུས་སུ་མངོན་པར་ཞེན་པ་ཞེས་ཏེ། དེ་མེད་པས་བདུད་རྩིའི་ཁུ་བ་དང༌། ཟླ་བ་བཞིན་དུ་རྨི་ལམ་སྒྱུ་མ་དང་མཚུངས་པར་རྣམ་པར་ཤེས་པའི་གཟུགས་ཀྱིས་གནས་པ་སྟེ། དེས་ན་སྒྱུ་མའི་རྣམ་པར་ཤེས་པ་སྨོན་ལམ་གྱི་རྟེན་ཡིན་ཏེ། ཇི་ལྟར་སྒྱུ་མས་རང་དང་གཞན་རིག་པ་མི་ཤེས་ལ། དེ་ལྟར་ནའང་བྱ་བ་བྱེད་པ་སྟེ། དེ་ལྟར་སྒྱུ་མའི་རྣམ་པར་ཤེས་པས་རང་དང་གཞན་ཤེས་པ་ལས་གཞན་དུ་ཡུན་རིང་པོའི་སྨོན་ལམ་གྱི་དབང་ལས་སྡང་བ་ཡིན་ནོ། །ཞེས་བཤད་ལ་དེའི་དོན། དེ་ལྟར་ཞུ་བའི་ཚེ་སེམས་བདག་མེད་པ་ཅན་ཡིན་ན་གླུས་བསྐུལ་བས་སད་པར་མི་རིགས་ཏེ། ནམ་མཁས་རྨི་ལམ་མི་མཐོང་བ་བཞིན་ནོ། །ཞེས་རྒོལ་བའི་ལན་དུ་འོ་ན་སེམས་ཅན་རྣམས་གཉིད་ཀྱིས་ལོག་པའི་རྗེས་ལ་རྐྱེན་གྱིས་སད་མི་སྲིད་པར་ཐལ་ཏེ། གཉིད་ཀྱི་གནས་སྐབས་ན་ཅུང་ཟད་ཀྱང་མི་ཤེས་པའི་ཕྱིར་རོ། །དེས་ན་གཉིད་ཀྱི་དུས་སུ་བྱ་བའི་དབང་གིས་ལྡང་བ་དང༌། འདིར་སྟོང་ཉིད་ལ་བཞུགས་པའི་བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཀྱི་གླུས་བསྐུལ་བས་སྨོན་ལམ་གྱི་དབང་གིས་བཞེངས་པ་གཉིས་རྣམ་པ་ཐམས་ཅད་དུ་མཚུངས་པ་ཡིན་ནོ། །གལ་ཏེ་གཉིད་ཀྱིས་ལོག་པའི་སེམས་ཅན་རྣམས་ལ་ནི་ལུས་ཡོད་ལ། བཅོམ་ལྡན་འདས་ལ་ནི་ལུས་མེད་པ་ཡིན་ཏེ། སྔགས་པས་ཐོག་མར་མི་གཙང་བའི་ལུས་སྟོང་པ་ཉིད་དུ་བྱས་ཟིན་པའི་ཕྱིར་དང༌། སངས་རྒྱས་ཀྱི་སྐུ་ནི་རུས་པ་དང་རྐང་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །ཞེ་ན། མི་གཙང་བའི་ལུས་སུ་ཞེན་པ་མེད་ཀྱང་ལུས་མེད་པ་ནི་མ་ཡིན་ཏེ། སྤྲུལ་པའི་སྐུ་གཟུགས་སུ་མངོན་པར་ཞེན་པ་ཙམ་ཡོད་པའི་ཕྱིར་རོ། །དེའང་མེད་པ་མ་ཡིན་ཏེ། བདུད་རྩི་ཟླ་བ་བཞིན་དུ་ཞུ་བའི་ཞུ་རྒྱུ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་སྐུ་རུས་པ་སོགས་དང་བྲལ་ཡང་གཟུགས་གཏན་མེད་པ་མིན་ཏེ། རྨི་ལམ་དང་སྒྱུ་མ་ལྟར་རྣམ་པར་ཤེས་པའི་གཟུགས་ཀྱིས་གནས་པའི་ཕྱིར་རོ། །སྒྱུ་མའི་རྣམ་པར་ཤེས་པ་ནི་སྨོན་ལམ་གྱི་རྟེན་ཡིན་ཏེ། སྒྱུ་མས་རང་གཞན་རིག་པ་མི་ཤེས་ཀྱང༌། བྱ་བ་བྱེད་པ་ལྟར་སྒྱུ་མའི་རྣམ་པར་ཤེས་པས་ཀྱང་རང་དང་གཞན་དུ་ཤེས་པ་མེད་ཀྱང་སྨོན་ལམ་གྱི་དབང་ལས་ལྡང་བ་མི་འགལ་བ་ཡིན་ནོ། །ཞུ་བ་གླུས་བསྐུལ་བ་འདིའི་རྒྱུ་མཚན་རྣམས་ལེགས་པར་ཤེས་ན། སངས་རྒྱས་ཀྱི་ས་ན་གཟུགས་སྐུ་མེད་པའི་ཆོས་སྐུ་ཙམ་ལས་གདུལ་བྱའི་དོན་འབྱུང་བར་འདོད་པ་མི་འཐད་པ་དང༌། སེམས་ཅན་གྱི་དོན་དངོས་སུ་བསྒྲུབ་པ་ལ་གཟུགས་སྐུ་མེད་མི་རུང་བ་ཡིན་པས་ཐེག་ཆེན་སྤྱི་དང༌། བྱེ་བྲག་སྔགས་ཀྱི་ཐེག་པས་དེའི་རྒྱུ་ཐབས་ཀྱི་ཆ་རྣམས་ལ་གཙོ་བོར་བྱ་དགོས་པ་རྣམས་ཤེས་པར་འགྱུར་རོ། །གཉིས་པ་ནི། དེ་ལྟར་གླུས་བསྐུལ་བས་སྔོན་སློབ་ལམ་གྱི་གནས་སྐབས་རྣམས་སུ་བདག་ཧེ་རུ་ཀར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་གྱུར་ཅིག་ཅེས་སོགས་བྱང་ཆུབ་ཀྱི་སྨོན་ལམ་བཏབ་པ་རྣམས་རྗེས་སུ་དྲན་ནས་བཞེངས་པའོ། །ཚུལ་ཇི་ལྟར་ན་ཁུ་བ་ཐིག་ལེའི་གཟུགས་ལས་བཞེངས་པ་ནི། ས་བོན་ཨྃ་དང་ཧཱུྃ་གཉིས་སུ་གྱུར་པ་ལས་འབྲས་བུའི་རྡོ་རྗེ་འཆང་ཆེན་པོ་དཀྱིལ་འཁོར་གྱི་གཙོ་བོར་བསྒོམ་སྟེ། རིན་ཆེན་འབར་བར། བསྐུལ་བས་སྨོན་ལམ་རྗེས་དྲན་ནས། །ཧཱུྃ་དང་ཨྃ་ལས་རབ་བཞེངས་པ། །ཞེས་དང༌། གུར་གྱི་སྒྲུབ་ཐབས་ལས་ཀྱང༌། སྨོན་ལམ་དྲན་པའི་སྟོབས་ཀྱིས་ནི། །ཧཱུྃ་ཨྃ་དག་ལས་ལངས་པར་བསམ། །ཐུགས་ཀྱི་མཁའ་འགྲོ་སྟོབས་ཆེན་པོ། །ཞེས་དང༌། ཀུ་མུ་ཏིར། ཨྃ་དང་ཧཱུྃ་ལས་རྡོ་རྗེ་ཆེ། །ཞུ་བའི་གཟུགས་ལས་བཞེངས་པ་ནི། །ཞེས་བཤད་པའི་ཕྱིར་རོ། །གཞུང་དེ་རྣམས་ལ་བརྟེན་ནས་རྗེ་བཙུན་ཆེན་པོས། ཐིག་ལེ་གཉིས་ལས་ཨྃ་དང་ཧཱུྃ་གཉིས་སུ་གྱུར། དེ་ལས་ཡབ་ཡུམ་གྱི་སྐུ་རྫོགས་པར་བསྐྱེད་དོ། །ཞེས་བྱ་བ་ནི་རྒྱུད་ཀྱི་དངོས་བསྟན་ཇི་ལྟ་བ་བཞིན་དུ་སྣང་སྟེ། ས་བོན་ལས་བསྐྱེད་པའི་ལུགས་སོ། །དཔལ་མཆོག་ཌོམྦྷི་པས། ཨྃ་ཧཱུྃ་དག་ལས་གྲི་གུག་དང༌། །པདྨའི་སྣོད་ནི་བསམ་པར་བྱ། །སྤྲོས་ནས་རང་ལྷའི་རྣམ་པ་རུ། །ཞུ་བའི་གཟུགས་ལས་རབ་ཏུ་བཞེངས། །ཞེས་དང༌། དེ་བཞིན་དུ་ལྷའི་རིགས་ཀྱི་བློ་གྲོས་ཀྱིས་ཀྱང༌། ཆོ་ག་གསུམ་བསྐྱེད་དུ་བཤད་ལ། དོན་གསལ་མཁན་པོ་ལ་དགོངས་པའང་དེ་བཞིན་དུ་སྣང་ཞིང༌། རྗེ་བཙུན་རྩེ་མོས། ཁ་ཅིག་ན་རེ། ཆོ་ག་གསུམ་ལས་བསྐྱེད་པར་ཁ་བསྐང་ངོ་ཞེས་ཀྱང་གསུང་ངོ༌། །ཞེས་གཞན་ལུགས་བརྗོད་པའི་སྐབས་ནས་བཤད་དེ། ཆོ་ག་གསུམ་ལས་བསྐྱེད་པའི་ལུགས་སོ། །མར་མེ་མཛད་ཀྱིས། རྨི་ལམ་ལྟ་བུར་གཙོ་བོ་བཞེངས། །མངོན་བྱང་ལྔ་ཡི་ཡེ་ཤེས་ལས། །བཅོམ་ལྡན་དགྱེས་པའི་རྡོ་རྗེ་ཉིད། །དཀྱིལ་འཁོར་དབུས་སུ་གར་དགུར་བཞུགས། །ཞེས་དང༌། གཉིས་མེད་རྡོ་རྗེ། ཀཾ་པ་ལ། ཛ་ལནྡྷ་རི་པ། གྲུབ་ཆེན་མཚོ་སྐྱེས། རྗེ་བཙུན་རྩེ་མོའི་ཡན་ལག་བཞི་པ་རྣམས་སུ་དོན་དེ་དང་མཐུན་པར་གསུངས་པས། གླུས་བསྐུལ་བའི་རྐྱེན་གྱིས་ཐིག་ལེ་དུམ་བུ་གསུམ་དུ་གྱུར་ཏེ། འོག་གི་ཐིག་ལེ་ཨཱ་ལི་ལས་ཟླ་བ་མེ་ལོང་ལྟ་བུ། སྟེང་གི་ཐིག་ལེ་ཀཱ་ལི་ལས་ཉི་མ་མཉམ་པ་ཉིད། བར་གྱི་ཐིག་ལེ་ས་བོན་དང་ཕྱག་མཚན་དུ་གྱུར་པ་སོར་རྟོག དེ་རྣམས་གཅིག་ཏུ་འདྲེས་པ་བྱ་གྲུབ། དེ་ལས་སྐུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་སུ་གྱུར་པར་བསྒོམ་སྟེ། མངོན་བྱང་ལྔ་ལས་བསྐྱེད་པའི་ལུགས་སོ། །དེ་ལྟར་བསྐྱེད་པའི་ལྷའི་ཞལ་ཕྱག་དང་རྣམ་པ་ཇི་ལྟ་བུ་ཞེ་ན། སྐུ་མདོག་ནག་པོ། ཞལ་བརྒྱད་ནི། མགྲིན་པའི་སྟེང་དུ་རྩ་བའི་ཞལ་མདུན་དུ་བསྟན་པ་དང༌། དེའི་གཡས་སུ་ཞལ་གསུམ་འདབ་ཆགས་སུ་བསྒྲིགས་ནས། གཡས་སུ་བལྟ་བ་དང༌། གཡོན་དུའང་དེ་བཞིན་དུ་ཞལ་གསུམ་འདབ་ཆགས་སུ་བསྒྲིགས་ནས་གཡོན་དུ་བལྟ་བ་དང༌། དེའི་སྟེང་དུ་མགྲིན་པ་དང་བཅས་པའི་སྟེང་ཞལ་མདུན་དུ་གཟིགས་པ་སྟེ། ཞལ་བརྒྱད་དེ་ལྟར་ཡིན་ལ། ཁ་«་་་་་བླ་མ་གཉེན་སོགས»་ཅིག་རྒྱབ་ཞལ་བཞི་ཞེས་ཞལ་ནག་པོ་བཞི་རྒྱབ་ཏུ་བལྟ་བར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། རྩ་རྒྱུད། གུར། ནག་པོ་པ། ཤཱནྟི་པ། ཉིན་འབྱུང༌། མི་ཐུབ་ཟླ་བའི་གུར་གྱི་སྒྲུབ་ཐབས། རིན་ཆེན་འབར་བ་རྣམས་ལས། ལྷག་མའི་ཞལ་ནི་བུང་བ་བཞིན། །ཞེས་པ་ལས། རྒྱབ་ཞལ་དུ་མ་གསུངས་པའི་ཕྱིར་དང༌། གྲུབ་ཆེན་མཚོ་སྐྱེས་ཀྱིས་ཞལ་དང་པོ་གནག་པ། གཡས་པ་ནི་དཀར་བ། གཡོན་པ་ནི་དམར་བ། ཡང་གཡོན་པ་ནི་ཞལ་གཉིས་གནག་པ། དེ་བཞིན་དུ་གཡས་པ་ཡང་ཞལ་གཉིས་གནག་པ། སྟེང་གི་ཞལ་ནི་དུ་བའི་ཁ་དོག་དང༌། ཞེས་དང༌། མར་མེ་མཛད་ཀྱིས། དང་པོ་སྐུ་དང་མཐུན་པའི་ཞལ། །གཡས་དཀར་གཡས་གཉིས་སྐུ་དང་མཐུན། །གཡོན་དམར་གཡོན་གཉིས་ཇི་བཞིན་སྐུ། །ཞེས་དང༌། ནཱ་རོ་འགྲེལ་པར། གཡས་པ་དཀར་བ། གཡོན་པ་དམར་བ། སླར་ཡང་གཡོན་གྱི་ཞལ་གཉིས་གནག་པ། དེ་བཞིན་དུ་གཡས་ཀྱི་ཞལ་གཉིས་གནག་པ། ཞེས་དང༌། གཉིས་མེད་རྡོ་རྗེས། གཡས་དཀར་བ། ཡང་གཡས་གཉིས་གནག་པ། གཡོན་པ་ནི་དམར་བ། ཡང་གཡོན་པའི་ཞལ་གཉིས་གནག་པའོ། །ཞེས་བཤད་ལ། དེ་རྣམས་དང་མཐུན་པར་རྗེ་བཙུན་གྱིས་ལྷག་མའི་ཞལ་གཉིས་གཉིས་ནག་པོ། ཞེས་གསལ་བར་གསུངས་པས། ནག་པོ་གཉིས་གཡས་དང༌། གཉིས་གཡོན་དུ་ལྟ་བ་ཡིན་གྱི། ནག་པོ་བཞི་ནུབ་ཏུ་ལྟ་བ་གཏན་མ་ཡིན་ནོ། །འོ་ན་ལྷག་མའི་ཞལ་ཞེས་པའི་དོན་ཅི་ཡིན་སྙམ་ན། གཡས་ཞལ་དཀར་བའི་ལྷག་མ་གཉིས་དང༌། གཡོན་ཞལ་དམར་བའི་ལྷག་མ་གཉིས་ཡིན་པས་དེ་སྐད་ཅེས་བྱ་སྟེ། ཨ་བྷ་ཡས། གཡས་པ་རྣམས་ནི་དཀར་པོ་དང་ནག་པོ་དང་ནག་པོའོ། །གཡོན་པ་རྣམས་ནི་དམར་པོ་དང་ནག་པོ་དང་ནག་པོའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་དོན་གསལ་མཁན་པོས། ལྷག་མའི་ཞལ་གནག་པའོ། །ཞེས་དང༌། བྱང་ཆུབ་སྙིང་པོ་དང༌། རྗེ་བཙུན་རྩེ་མོས། གཞན་རྣམས་གནག་པར་གསུངས་པའི་དོན་ཡང༌། གཡས་གཡོན་གྱི་ཞལ་གཉིས་ཀྱི་ལྷག་མ་ཡོད་པ་དང༌། དེ་གཉིས་ལས་གཞན་པའི་དོན་དུ་ཤེས་པར་བྱའོ། །དེ་ལྟ་བུའི་ཞལ་བརྒྱད་ལ། ཨ་བྷ་ཡཱས། དཔྲལ་བའི་སྟེང་དུ། པགས་པ་དང་བྲལ་བའི་མི་མགོ་སྐམ་པོ་ལྔས་བརྒྱན་པ། སངས་རྒྱས་ལྔ་ཡི་ཅོད་པཎ་ཅན། །ཞེས་བཤད་པ་ལྟར་གྱིས་བརྒྱན་པའོ། །ཞབས་ནི། བརླ་མན་ཆད་སོ་སོར་ཡོད་པའི་མདུན་རྒྱབ་ཏུ་བསྒྲིགས་པ་གཡས་སུ་གཉིས་དང༌། གཡོན་དུ་གཉིས་ཡོད་པ་ནི་ཞབས་བཞི་པ་སྟེ། དེས་བདུད་བཞི་མནན་པའོ། །གཡས་གཡོན་གཉིས་ཀྱི་ཕྱག་ནི་བརྒྱད་བརྒྱད་དེ་བཅུ་དྲུག་དག་གིས་སྐུ་ལུས་རྣམ་པར་བརྒྱན་པ་སྟེ། འདིའི་ཕྱག་གི་གྱེས་ཚུལ་ལ། ཁ་ཅིག་«་་་་་མ་ཏི།» དུས་འཁོར་དུ་ཕྲག་པ་དྲུག དེ་རེ་རེ་ལ་དཔུང་པ་གཉིས་གཉིས་ཏེ་བཅུ་གཉིས། དེ་རེ་རེ་ལ་མཁྲིག་མ་གཉིས་གཉིས་ཏེ་ཕྱག་ཉེར་བཞིར་བཤད་པ་ལྷ་ཕྱག་མངས་ཐམས་ཅད་ལ་དེ་བཞིན་འདོད་མོད་ཀྱི། དུས་ཀྱི་འཁོར་ལོའི་ཆོས་སྐད་རྣམས་དང་རྒྱུད་སྡེ་གཞན་རྣམས་མི་མཐུན་པ་མང་བས། ལུགས་ཕན་ཚུན་མི་བསྲེ་བར་ཆོས་སྐད་རང་རྐང་ཚུགས་པར་འདོན་དགོས་སོ། །ཁ་ཅིག་ཕྱག་ངར་རེ་རེ་ལ་ཕྱག་མགོ་གཉིས་གཉིས་གྱེས་པར་འདོད་ལ། དེ་བཞིན་དུ་སྔོན་གྱི་རྒྱལ་བློན་གྱི་དུས་ཀྱི་ལྡེར་བཟོ་འགའ་ཞིག་ལའང་སྣང་མོད། ཤེས་བྱེད་ཀྱི་གཞུང་མེད་ཅིང༌། དཔུང་པ་ནས་སོར་མོའི་བར་ཐམས་ཅད་ཚོགས་པ་ལ་ཕྱག་ཅེས་བྱ་ཡི། ཉི་ཚེ་བ་ཕྱག་མ་ཡིན་ལ། གལ་ཏེ་ཡིན་ན་ཞབས་ལའང་དེ་ལྟར་དུ་འདོད་དགོས་པའི་སྐྱོན་ཡོད་དོ། །ཁ་ཅིག་བྲིས་སྐུ་ལ་ཡོད་པ་ལྟར་ཕྱག་རྣམས་པུ་སྟི་བརྩེགས་པ་ལྟར་འདོད་མོད། དེ་ལྟར་ན་རྩིབ་ལོགས་ལ་དཔུང་པ་སྐྱེ་བར་འགྱུར་ཞིང༌། འདོད་ན་དཔུང་པ་སོག་པ་ལ་བརྟེན་པ་དང༌། སོག་པ་མགྲིན་པ་དང་འབྲེལ་བ་མ་ཡིན་པར་ཐལ་བའི་སྐྱོན་ཡོད་དེ། རྩིབ་ལོགས་ན་མགྲིན་པ་མི་གནས་པའི་ཕྱིར་རོ། །དེས་ན་རང་ལུགས་ལ་ཕྱོགས་གཅིག་གི་དབང་དུ་བྱས་ན། མགྲིན་པ་དང་འབྲེལ་བར་སོག་པ་བརྒྱད། དེ་དང་འབྲེལ་བར་དཔུང་པ་བརྒྱད། དེ་ལས་སྐྱེས་པའི་ཕྱག་ཡོངས་སུ་རྫོགས་པ་བརྒྱད་བསྒྲིགས་པ་ཡིན་ཏེ། ཁ་ཆེ་རིན་ཆེན་རྡོ་རྗེས། ཞལ་བཞི་པ་ལ་དཔུང་པ་བཞི། །ཕྱག་བཞི་པ་ལ་ཞབས་བཞི་པ། །རྟ་མགྲིན་རྒྱལ་པོ་ཆེན་པོ་སྟེ། །ཞེས་ཕྱག་བཞི་པ་ལ་དཔུང་པ་བཞི་ཡོད་པར་བཤད་པའི་རིགས་པས། འདིར་ཕྱག་བཅུ་དྲུག་པ་ལ་དཔུང་པའང་བཅུ་དྲུག་ཡོད་པར་འདོད་དགོས་ལ། ཕྱག་མཚན་འཛིན་པའི་ཚེ་ནི། ཁ་ཅིག་སྟེང་དུ་འཕྱར་བ་དང༌། གཡས་གཡོན་དུ་གདེངས་པ་དང༌། འོག་ཏུ་བརྐྱང་བ་ལ་སོགས་པ་སྣ་ཚོགས་པར་བྱ་དགོས་སོ། །གོ་རིམ་མདུན་མ་གཉིས་ནི་རྩ་ཕྱག་ཡིན་པས་ཁྱབ་ལ། རྩ་ཕྱག་ཡིན་ན་ཕྱག་དང་པོ་གཉིས་ཡིན་པའི་ངེས་པ་མི་སྣང་སྟེ། སློབ་དཔོན་ཨ་མོ་གྷའི་འཇིགས་བྱེད་ཀྱི་སྒྲུབ་ཐབས་ལས། རྒྱབ་མ་གཉིས་ཀྱིས་གླང་ལྤགས་འཛིན་པ་ལ་ཕྱག་ཐམས་ཅད་ཀྱི་དང་པོར་བཤད་ཅིང༌། གདོང་དྲུག་དང་ཆོས་དབྱིངས་གསུང་དབང་གི་སྒྲུབ་ཐབས་ལས་ཀྱང་རྒྱབ་མ་གཉིས་ལ་དང་པོ་དང༌། རྩ་ཕྱག་གཉིས་ལ་ཐ་མར་བཤད་པ་སོགས་ཡོད་ཀྱང༌། འདིར་རྩ་ཕྱག་དང་ཕྱག་དང་པོ་གཞི་མཐུན་པའི་ལུགས་ཡིན་པས་གླང་པོ་ཆེ་འཛིན་པ་དང་པོ་དང༌། བྱི་ལ་འཛིན་པ་ཐ་མ་གཅིག་ཡིན་ནོ། །ཚངས་སོགས་བདུད་བཞི་པོ་གོང་ནས་གོང་དུ་བརྩེགས་ནས་ཞབས་ཀྱིས་མཉམ་པར་མནན་པ་སྟེ། ཞབས་གཡས་གཉིས་མདུན་རྒྱབ་ཏུ་བརྐྱང་བའི་བརླ་ལ་གཡོན་གཉིས་ཀྱི་སོར་མོ་གཏད་པས་ཕྱེད་ཀྲུང་བཅས་པའི་ཚུལ་གྱིས་གནས་པའི་གར་མཁན་གྱི་རྣམ་པར་བཞུགས་པ་ནི། ཞབས་ཀྱི་སྟབས་སོ། །འདིར་ཁ་ཅིག་«་་་་་ལོ་ཙཱ་བ་གྲགས་རྒྱལ།» ཞབས་བཞིའི་མདུན་མ་གཡས་བརྐྱང་བས་ཚངས་པའི་སྙིང་ག་ནས་མནན་པ། གཡོན་བསྐུམ་པས་གཡས་པའི་བརླ་ལ་རེག་པ། རྒྱབ་མ་གཉིས་གཡོན་བརྐྱང་བས་ཚངས་པའི་སྟེང༌། གཡས་པ་བསྐུམ་པས་གཡོན་པའི་བརླ་ལ་རེག་པའི་གར་སྟབས་ཀྱིས་བཞུགས་པ་ཡིན་ཏེ། པདྨ་བཛྲས། ཞབས་བཞི་པོས་ནི་བདུད་བཞི་པོ། །མཉམ་པར་མནན་ཅིང་གཅེར་བུ་ཉིད། །ཉི་མར་ཞབས་གཡས་བརྐྱང་དང་བསྐུམ། །གར་མཛད་དེ་ལ་ཕྱག་འཚལ་ལོ། །ཞེས་དང༌། སློབ་དཔོན་རིན་པོ་ཆེས་མཚོ་སྐྱེས་ཊཱི་ཀར། ཞབས་གཡས་བརྐྱང་བས་བཞུགས་པ། གཡོན་བསྐུམ་ནས་གཡས་བརྐྱང་བའི་བརླའི་སྟེང་དུ་བཞག་པའོ། །ཞེས་གསུངས་སོ་ཞེས་ཟེར་བ་ནི་མི་འཐད་དེ། བསྟོད་པ་ཉི་ཤུ་པར། ཉི་མར་ཞབས་གཡས་བརྐྱང་དང་སྔོ། །ཞེས་བོད་དཔེ་རྙིང་པ་ཐམས་ཅད་དང་རྒྱ་དཔེ་ལས་འབྱུང་གི བསྐུམ་ཞེས་པ་མི་འབྱུང་ལ་གལ་ཏེ་འབྱུང་ན་བསྟོད་པ་དེར། སྐུ་མདོག་གི་སྒོ་ནས་བསྟོད་པ་ཅིག་ཀྱང་མ་བསྟན་པར་ཐལ་བའི་སྐྱོན་ཡོད་དོ། །མཚོ་སྐྱེས་ཀྱི་འགྲེལ་པར་ཡང༌། ལུང་དེ་ལྟ་བུའི་བཤད་པ་མི་སྣང་ཞིང༌། ལུང་དེའི་དོན་ལ་གཡོན་བརྐྱང་གཡས་བསྐུམ་གཏན་ནས་མི་སྣང་བས་མུན་སྤྲུལ་ཁོ་ནར་ཟད་དོ། །འདིར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པ་ལྟར་ན། སྔར་བཤད་པ་བཞིན་གཡས་གཉིས་བརྐྱང་བའི་བརླ་ལ་གཡོན་གཉིས་ཀྱི་སོར་མོ་རྣམས་རེག་པ་ཡིན་ཏེ། མཚོ་སྐྱེས་འགྲེལ་པར། དེ་དག་ཀྱང་མཉམ་པར་བརྩེགས་པའི་སྙིང་གར་ཞབས་གཡས་པ་གཉིས་ཀྱིས་མནན་པའོ། །རོལ་མོའི་ཚུལ་ནི་སྐྱིལ་ཀྲུང་ཕྱེད་པའོ། །དེའི་གཡས་བརྐྱང་བ་ནི་ཐུགས་རྗེས་སེམས་ཅན་ལ་ཁྱབ་པའོ། །གཡོན་བསྐུམ་པ་ནི་ཤེས་རབ་ཀྱིས་ཆོས་གང་ཡང་མི་འཛིན་པར་བཏང་བའོ། །ཞེས་དང་རྗེ་བཙུན་རྩེ་མོ་ཉིད་ཀྱིས། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་བདུད་བཞི་བརྩེགས་པའི་གདན་ལ་གཡས་གཉིས་བརྐྱང༌། གཡོན་གཉིས་བསྐུམ་པའི་གར་སྟབས་ཀྱིས་བཞུགས་པ། ཞེས་གསལ་བར་གསུངས་པའི་ཕྱིར་རོ། །འདི་ཉིད་རྒྱུད་འགྲེལ་གྱི་དགོངས་པ་སྙོན་མེད་པ་ཡིན་ཏེ། ནཱ་རོ་པའི་བརྟག་གཉིས་འགྲེལ་པ་དང༌། སྒྲུབ་ཐབས་མཚོ་སྐྱེས་ལས། གཅེར་བུ་ཞབས་གཡས་བརྐྱང་བས་བཞུགས་པ་ཕུང་པོ་དང༌། ཉོན་མོངས་པ་དང༌། འཆི་བདག ལྷའི་བུའི་བདུད་བཞི་མཉམ་པར་མནན་པ། ཉི་མའི་དཀྱིལ་འཁོར་དུ་རོལ་མོའི་ཚུལ་གྱིས་བཞུགས་པར་བསམ་མོ། །ཞེས་དང༌། མར་མེ་མཛད་ཀྱིས། ཚངས་པ་བརྒྱ་བྱིན་ཉེ་དབང་དྲག །སྟེང་ན་ཞབས་བཞི་གཡས་བརྐྱང་བཞུགས། །ཞེས་དང༌། ཀཾ་པ་ལས། གཙོ་བོའི་ཞབས་བཞི་གཡས་བརྐྱང་གནས། །ཞེས་བཤད་པས། གཡས་གཉིས་བརྐྱང་ཞིང་གཡོན་གཉིས་བསྐུམ་པ་ཡིན་ལ། དཔལ་མཆོག་ཌོམྦྷི་པ། ཤཱནྟི་པ། ཉིན་འབྱུང༌། ནག་པོ་པ། གཉིས་མེད་རྡོ་རྗེ། ཛ་ལནྡྷ་རི་པ། གུར་གྱི་སྒྲུབ་ཐབས་གཉིས་རྣམས་ལས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །ཞེས་བཤད་པས། སྔར་གྱི་བཞིན་ཡིན་ལ། རིགས་པས་ཀྱང་གྲུབ་སྟེ། བདག་མེད་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་སྐབས་སུ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། ཞེས་བཤད་པ་ཐམས་ཅད་དེ་ལྟར་དུ་ཁས་ལེན་བཞིན་དུ། འདིར་དེ་ལྟར་བཤད་ཀྱང་དེ་ལྟར་དུ་ཁས་མི་ལེན་པ་ལ། དམིགས་བསལ་ཅི་ཡང་མེད་པའི་ཕྱིར་རོ། །ནག་པོ་པས། ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་ལས། ཞབས་བཞི་བདུད་ཀྱི་སྟེང་ན་ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས་པ། ཞེས་དང༌། དཀའ་འགྲེལ་རིན་ཆེན་སྦྱོར་ཕྲེང་ལས། གར་དང་ལྡན་ཞེས་བྱ་བ་ནི་ཕྱེད་ཀྲུང་བཅས་པའི་གར་མཛད་པས་བཞུགས་པའོ། །ཞེས་དང༌། རྒྱུ་རྡོ་རྗེ་འཆང་གི་སྒྲུབ་ཐབས་སུའང་ཕྱེད་ཀྲུང་དུ་བཞུགས་པར་བཤད་པས་ཀྱང་སྔར་བཞིན་ཡིན་པར་གྲུབ་བོ། །ཀུ་མུ་ཏིར། ཁྲོ་བོའི་ཕྱག་རྒྱས་གདན་གྱི་སྟེང་དུ་གནས་པའི་བདུད་རྣམས་མནན་པས། ཞེས་བཤད་ལ། ཁྲོ་བོའི་ཕྱག་རྒྱ་དེ་གང་ཡིན་སྙམ་ན། དེ་ཉིད་ལས། ཕྱག་རྒྱ་ཡང་བཤད་པར་བྱ་སྟེ། གཡས་པའི་ཞབས་ཀྱི་བརླ་སླེབ་ཅིང༌། གཡོན་པའི་ཞབས་ཀྱི་རྩེས་མནན་པའམ། ཟློག་ནས་མནན་པ་ནི། ཁྲོ་བོའི་ཕྱག་རྒྱ་གདན་དུ་བརྗོད། །ཞེས་སོ། །ཞེས་བཤད་པ་ལྟར་གཡས་རོལ་དང་གཡོན་རོལ་གཉིས་ལས། འདིར་ནི་སྔར་བཞིན་གཡས་རོལ་ཁོ་ན་ཡིན་ལ། དེའི་ཚུལ་ཡང་ཞབས་གཡས་པའི་མཐེ་བོང་གདན་ལ་བཞག་ཅིང༌། ཞབས་མཐིལ་གཞན་རྣམས་མ་རེག་པ་སྟེ། གཉིས་མེད་རྡོ་རྗེས། ཁམས་གསུམ་མ་ལུས་པ་དག་པས་སྐྱིལ་ཀྲུང་ཕྱེད་པའོ། །ཐམས་ཅད་དུ་དོགས་པ་མེད་པས་ཞབས་གཅིག་གི་མཐེ་བོ་ཉི་མའི་གདན་ལ་རེག་པའོ། །ཞེས་དང༌། དག་པ་རྡོ་རྗེའི་སྒྲོན་མེར། བྱང་ཆུབ་ཀྱི་སེམས་ཀྱི་རྐང་པ་ཐོབ་པའི་ཕྱིར་སྐྱིལ་ཀྲུང་ཕྱེད་པའི་གར་གྱི་སྟབས་སོ། །འཇིག་རྟེན་གསུམ་པོ་མཐའ་དག་རབ་ཏུ་གསལ་བའི་ཕྱིར། ཞབས་ཀྱི་མཐེ་བོ་གཅིག་བསྟན་པའོ། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་དེ་རྣམས་དེ་ལྟར་དུ་བཞེད་པ་ཡང༌། རྩ་རྒྱུད་ལས། ཉི་མར་བཞུགས་ཤིང་རོལ་པར་བཅས། །ཞེས་པའི་དོན་དུ་བཞེད་དེ། དེའི་སྐད་དོད་ལ། རྒྱ་དཔེར་སུརྻ་སྭ་ན་ཏཱ་ལ་ཊ་བཱ་ནི་དྷ་ཏཾ། ཞེས་པ་ཡོད་ལ། ཏ་ལ་ཌ་བཱ་ནི་སྔར་བཤད་པ་ལྟ་བུའི་གར་སྟབས་ཡིན་པར་གར་གཞུང་ཁུངས་ཐུབ་ཐམས་ཅད་ལས་བཤད་ལ། དཔང་ལོཙྪ་བས། ཉི་མར་བཞུགས་ཤིང་གར་སྟབས་ལྡན། །ཞེས་འགྱུར་བཅོས་པའང་ལེགས་པ་ཡིན་ནོ། །ཡང་སློབ་དཔོན་ཨ་བྷ་ཡས། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པ་དང༌། ཞབས་གཉིས་ཀྱི་གཡོན་བསྐུམ་པ་དང༌། གཡས་བརྐྱང་བའི་གར་གྱི་ཚུལ་གྱིས་གནས་པ་དང༌། ཞེས་དང༌། རིན་ཆེན་འབར་བར། ཉི་མར་ཞབས་གཡས་བརྐྱང་གཡོན་བསྐུམ། །ལྷག་མ་གར་གྱི་ཚུལ་གྱིས་བཞེངས། །ཞེས་བཤད་པའི་དོན་ཡང༌། ཞབས་མདུན་མ་གཉིས་གཡས་བརྐྱང་བའི་བརླ་ལ། གཡོན་བསྐུམ་ནས་སོར་མོར་སྦྱར་བ་དང༌། ལྷག་མ་རྒྱབ་མ་གཉིས་མདུན་མ་ལྟ་བུའི་གར་སྟབས་ཀྱི་ཚུལ་གྱིས་བཞེངས་པའོ། །ཞེས་པ་ལྟར་འབྲུ་བསྣན་དུ་རུང་ན། སློབ་དཔོན་ཐམས་ཅད་དགོངས་པ་གཅིག་པར་འགྱུར་བས་ཤིན་ཏུ་ལེགས་ཀྱི། གཞན་དུ་ན་སློབ་དཔོན་འདི་གཉིས་ཀྱང་མི་མཁས་པར་ཐལ་བའི་སྐྱོན་ཡོད་དེ། རྒྱུད་དང་མི་མཐུན་པའི་ཕྱིར་རོ། །མིའི་མགོ་བོ་རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པའི་སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ་ནི་ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་མཚོན་པའོ། །སྐུ་དང་རྩ་བའི་ཞལ་ནི་བུང་བ་ལྟར་ནག་པོ་སྟེ། གཡས་པའི་ཞལ་དང་པོ་ཀུནྡ་དང་མཚུངས་པར་ཤིན་ཏུ་དཀར་བ། གཡོན་པའི་ཞལ་དང་པོ་པདྨ་རཱ་ག་ལྟར་དམར་པོ་ཆེན་པོ་འཇིགས་སུ་རུང་བའོ། །ཕྱི་མའི་ཞལ་ཏེ་གཡས་ཞལ་ལྷག་མ་གཉིས་དང༌། གཡོན་ཞལ་ལྷག་མ་གཉིས་ནི་བུང་བ་དང་མཚུངས་པའི་ནག་པོ་སྟེ། སྟེང་གི་ཞལ་ནི་རྩ་རྒྱུད་ལས། སྤྱི་བོའི་ཞལ་ནི་གཙིགས་པ་ཅན། །ཞེས་དང༌། དེ་བཞིན་དུ་དཔལ་མཆོག་ཌོམྦྷི་པ་སོགས་ཀྱིས་ཀྱང་གཙིགས་པའི་ཞལ་དུ་གསུངས་ཤིང༌། ཁ་དོག་ནི་སློབ་དཔོན་གཞན་རྣམས་ཀྱིས་ལྷག་མ་བུང་བ་དང་མཚུངས་ཞེས་པ་ཙམ་ལས་གཞན་དམིགས་བསལ་མ་བྱུང་ཡང༌། མཚོ་སྐྱེས། གཉིས་མེད་རྡོ་རྗེ། ཨ་བྷ་ཡ་རྣམས་ཀྱིས་དུ་བའི་མདོག་ཅན་དུ་བཤད་ལ། མར་མེ་མཛད་ཀྱིས། སྟེང་ཞལ་གཡུ་མདོག་མཆེ་བ་གཙིགས། །ཞེས་བཤད་དོ། །ཞལ་བརྒྱད་པོ་རེ་རེ་ལ་ཡང༌། སྤྱན་གསུམ་གསུམ་སྟེ་ཉི་ཤུ་རྩ་བཞིས་ཕྱུག་པ། ཡུམ་བདག་མེད་མ་ལ་སྙོམས་པར་ཞུགས་པས། དམ་པའི་བདེ་བ་སྟེར་བ་སྟེ། ཡུམ་གྱི་རྣམ་པ་ནི། སློབ་དཔོན་ཨ་བྷ་ཡས། འདིའི་ཡུམ་བདག་མེད་མ་ནག་མོ། གཅེར་བུ་གྲི་གུག་དང་ཐོད་པར་ལྡན་པའི་ཕྱག་གཉིས་ཀྱིས་བཅོམ་ལྡན་འདས་ལ་ཡང་དག་པར་འཁྱུད་པ། གཡས་བསྐུམ་པ་གཡོན་བརྐྱང་བའི་གར་གྱིས་གནས་པ། ཕྱག་རྒྱ་ལྔ་དང་ལྡན་པ། ཞལ་གཅིག་པ་སྤྱན་གསུམ་པ་དམར་ལ་ཟླུམ་པ། མཆེ་བ་གཙིགས་པ་དབུ་སྐྲ་དམར་སེར་འབར་བ་གྱེན་དུ་བརྫེས་པ། དཔྲལ་བའི་མཚམས་སུ་ཐོད་པ་ལྔ་ཡིས་བརྒྱན་པ། མགྲིན་པར་མི་མགོའི་ཕྲེང་བ་འཕྱང་བ་དང༌། རྐང་གདུབ་ལ་སོགས་པས་བརྒྱན་པའོ། །ཞེས་བཤད་པའི་མཚན་ཉིད་དང་ལྡན་པའི་ཡུམ་ལ་འཁྱུད་པའོ། ཕྱག་མཚན་བཅུ་དྲུག་གི་ཚིག་གི་དོན་ནི་སྔར་བྲིས་པ་ལྟར་འདིར་ཡང་བཤད་ལ། ཁ་དོག་ནི་རྗེ་བཙུན་རྩེ་མོས། གླང་པོ་དཀར་པོ། རྟ་སྔོན་པོ། བོང་བུ་གྭ་པ། གླང་སེར་པོ། རྔ་མོ་ཐལ་དཀར། མི་དམར་པོ། ཤ་ར་བྷ་སྔོན་པོ། བྱི་ལ་གྭ་པའོ། །དེ་བཞིན་དུ་གཡོན་པའི་ཐོད་པ་བརྒྱད་དུ། སའི་ལྷ་སེར་པོ། ཆུའི་ལྷ་དཀར་པོ། མེའི་ལྷ་དམར་པོ། རླུང་གི་ལྷ་སྔོན་པོ། ཟླ་བའི་ལྷ་དཀར་པོ། ཉི་མའི་ལྷ་དམར་པོ། གཤིན་རྗེ་སྔོན་པོ། ནོར་སྦྱིན་སེར་པོ་ཞེས་གསུངས་ལ། ཉིན་འབྱུང་ཟླ་བས། གླང་པོ་དམར་སྐྱ། རྟ་ལྗང་གུ། བོང་བུ་དཀར་པོ། གླང་དུད་ཁ། རྔ་མོ་ཁམ་པ། མི་དམར་སེར། རི་དྭགས་ཤ་ར་བྷ་དཀར་པོ་རྣམས་སུ་བཤད་ཅིང༌། བྱི་ལའི་ཁ་དོག་ནི་བཤད་པ་མི་སྣང་ངོ༌། །ཕྱག་མཚན་ནི་ཉིན་འབྱུང་ཟླ་བས། དེ་ལས་ལྷ་ནི་གསེར་གྱི་མདོག་ཅན། ཕྱག་ནི་རིན་པོ་ཆེའི་བུམ་པས་འབྲེལ་བའོ། །ཆུ་ལྷ་ནི་མདོག་དཀར་པོ་ཀླུའི་གདེངས་ཀ་བདུན་དང་ཞགས་པ་དང་དུང་འཛིན་པའོ། །རླུང་ལྷ་ནི་ནམ་མཁའི་མདོག་ཅན་ལག་པ་གཉིས་ཀྱིས་རླུང་དར་འཛིན་པའོ། །མེ་ལྷ་ནི་མདོག་དམར་པོ་ཕྱག་བཞི་པ་དགང་གཟར་དང་ཤིང་གི་དབྱུག་པ་དང༌། བགྲང་ཕྲེང་དང༌། སྤྱི་བླུགས་འཛིན་པའོ། །ཟླ་བ་ནི་མདོག་དཀར་པོ་ཕྱག་གཉིས་ཀྱིས་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པའོ། །ཉི་མ་མདོག་དམར་པོ་ཕྱག་གཉིས་ཀྱིས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པའོ། །མཐར་བྱེད་མདོག་ནག་པོ་དབྱུག་པ་དང་མདུང་འཛིན་པའོ། །ནོར་སྦྱིན་ནི་གསེར་གྱི་མདོག་ཅན་བེ་ཅོན་དང་ལྕགས་ཀྱུ་འཛིན་པའོ། །ཞེས་བཤད་ལ། འདི་ཙམ་གྱི་སྤྲོས་པ་བསྒོམ་མི་ནུས་ན། འདི་རྣམས་དབང་ཕྱུག་བརྒྱད་དུ་བཤད་པས། གཡས་མཆོག་སྦྱིན་དང༌། གཡོན་མི་འཇིགས་པ་སྦྱིན་པར་བསྒོམས་ན་འོང་ངམ་བརྟག་ལ། བྲིས་སྐུ་ཁ་ཅིག་ལ་ཐལ་མོ་སྦྱར་བ་དང༌། ཁ་ཅིག་ལ་ཆོས་འཆད་དུ་བྲིས་པ་སྣང་སྟེ། དོན་སྟོན་རྒྱུ་ཅི་ཡང་མི་སྣང་ངོ༌། །གོ་རིམ་ནི་གཡས་བརྒྱད་ལ་མི་མཐུན་པ་མེད་ལ། གཡོན་བརྒྱད་ལ་རྩ་རྒྱུད་དང༌། མི་ཐུབ་ཟླ་བའི་གཞུང་རྣམས་དང༌། ཤཱནྟི་པ། ཉིན་འབྱུང༌། ནག་པོ་པ་སོགས་ཀྱིས། གསུམ་པར་རླུང་ལྷ་དང༌། བཞི་པར་མེ་ལྷ་བཤད་ལ། རྗེ་བཙུན་སྐུ་མཆེད་ཀྱིས། དེ་གཉིས་གོ་བཟློག་ཏུ་གསུངས་ཤིང༌། གྲུབ་ཆེན་མཚོ་སྐྱེས། གཉིས་མེད་རྡོ་རྗེ། མར་མེ་མཛད་རྣམས་ཀྱིས་ཀྱང་དེ་བཞིན་དུ་བཤད་དོ། །དེ་གཉིས་གོ་རིམ་ཅུང་ཟད་མི་འདྲ་བའི་རྒྱུ་མཚན་ལ། བླ་ཆེན་འཕགས་པས། གཡོན་གྱི་ཕྱག་མཚན་བརྒྱད་ཀྱིས་དབང་ཕྱུག་བརྒྱད་སྟེར་ཞིང་དག་ལ། དབང་ཕྱུག་བརྒྱད་ནི། སྒྲོན་གསལ་དུ་རྒྱུད་ཀྱི་ལུང་དྲངས་པར། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང༌། །ཅི་འདོད་ཕྲིན་ལས་ཡོན་ཏན་བརྒྱད་པའོ། །ཞེས་གསུངས་པ་ལ། སྐུ་དང་ས་གཞན་གྱི་རྟེན་བྱེད་པར་མཚུངས། གསུང་དང་ཆུ་གཞན་འཛིན་པར་མཚུངས། ཐུགས་དང་མེ་གསལ་བར་མཚུངས། རྫུ་འཕྲུལ་དང་རླུང་གཡོ་བར་མཚུངས། ཀུན་འགྲོ་དང་ཟླ་བའི་འོད་ཟེར་ཐམས་ཅད་ལ་འཇུག་པར་མཚུངས། ཅི་འདོད་བྱེད་པ་དང་ཉི་མ་གཞན་སྨིན་པར་བྱེད་པར་མཚུངས། ཕྲིན་ལས་དང་གཤིན་རྗེ་མཐུ་དང་ལྡན་པར་མཚུངས། ཡོན་ཏན་དང་ནོར་སྦྱིན་པ། གཞན་གྱི་དབུལ་བ་སེལ་བར་མཚུངས་པས། རྒྱུད་ནས་བཤད་པའི་དབང་ཕྱུག་གི་རིམ་པ་དང་མཐུན་པར་གོ །བླ་མ་ཀུན་གྱིས། ས་དང༌། ཆུ་དང༌། མེ་དང༌། རླུང་གི་རིམ་པ་མཛད་པ་དེ། འབྱུང་བ་ལུགས་འབྱུང་གི་རིམ་པ་ལ་དགོངས་པར་གོ །ཞེས་གསུངས་པ་ལྟར་རོ། །རྣམ་དག་ནི། རྗེ་བཙུན་ཆེན་པོས། གཡས་པའི་ཐོད་པ་བརྒྱད་ན་གནས་པའི་གླང་པོ་ལ་སོགས་པས་ནད་བརྒྱད་སེལ་བ་ནི། རྡོ་རྗེ་གུར་ལས། གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁོང་སྐམ་མཛེ་དང་བིརྫི་ཀ །མཆིན་པ་མཆེར་པའི་ནད་རྣམས་ལ། །གླང་པོ་ལ་སོགས་རིམ་ཤེས་བྱ། །ཞེས་གསུངས་སོ། །ནད་བརྒྱད་ཀྱིས་མཚོན་ནས་མི་ཁོམ་པ་བརྒྱད་སྤངས་པ་ཡིན་ནོ། །གཡོན་པའི་ཕྱག་མཚན་བརྒྱད་ཀྱིས་དབང་ཕྱུག་བརྒྱད་སྩོལ་བ་ནི། འབྱུང་བ་བཞི་དང་ཉི་ཟླ་ལ་དབང་འབྱོར་པས་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་བ་དང༌། མི་མཐུན་པའི་ཕྱོགས་ཐམས་ཅད་འགྲིབ་པར་བྱེད་པ་དང༌། གཉིས་ཀའི་གཞིར་གྱུར་པ་ཡིན་ལ། གཤིན་རྗེ་ནི་མི་མཐུན་པའི་ཕྱོགས་འགྲིབ་པ་འབའ་ཞིག་གི་བྱ་བ་བྱེད་ལ། ནོར་སྦྱིན་གྱིས་ནི་མཐུན་པའི་ཕྱོགས་འཕེལ་བ་འབའ་ཞིག་གི་བྱ་བ་བྱེད་པ་ཡིན་ནོ། །ཡང་དག་པར་ན་རྫོགས་པའི་སངས་རྒྱས་ཀྱི་དབང་ཕྱུག་བརྒྱད་མཚོན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་འབྲས་བུའི་དབང་ཕྱུག་བརྒྱད་ནི། དག་པ་རྡོ་རྗེའི་སྒྲོན་མེར། སྐུ་མཐའ་ཡས་པ་ནི་སྐུའི་དབང་ཕྱུག་དང་སེམས་ཅན་གྱི་སྐད་སྨྲ་བས་གསུང་གི་དབང་ཕྱུག་དང་སེམས་ཅན་གྱི་སེམས་ཤེས་པས་ཐུགས་ཀྱི་དབང་ཕྱུག་དང༌། རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་མཐོང་བས་རྫུ་འཕྲུལ་གྱི་དབང་ཕྱུག་དང༌། འཇིག་རྟེན་གསུམ་གཅིག་པའི་སྐུ་ནི་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང༌། འདོད་པས་བདེ་བ་ཆེན་པོའི་རང་བཞིན་སེམས་ཅན་རྣམས་མངོན་པར་འདོད་པས་འདོད་པའི་དབང་ཕྱུག་སྟེ། འདོད་པའི་སྒྲས་འདོད་པ་བརྗོད་ནའོ། །བྱེད་པོ་ཞེས་པས་ནི་བྱེད་པ་པོ་རྡོ་རྗེ་འཛིན་པ་ཉིད་ཀྱིས་བྱེད་པའི་དབང་ཕྱུག་གོ །ཟབ་མོའི་ལྷ་ཉིད་ཀྱི་རྣམ་པ་ལས་མྱ་ངན་ལས་འདས་པར་གཤེགས་ཤིང༌། མྱ་ངན་ལས་འདས་ནས་ལྷ་ཉིད་ཀྱི་རྣམ་པར་རྒྱུ་བས་ཡོན་ཏན་གྱི་དབང་ཕྱུག་སྟེ། འདིས་ནི་མཚན་མ་རྣམས་ཀྱི་རྣམ་པར་དག་པའོ། །ཞེས་གསུངས་པ་ལྟར་རོ། །དེ་དག་གི་སྣོད་ཐོད་པ་བཅུ་དྲུག་ནི། སྙིང་རྗེའི་ཆ་བཅུ་དྲུག་སྟེ། དེ་སྟོང་པ་ཉིད་ཀྱི་རང་བཞིན་ཕྱག་བཅུ་དྲུག་གིས་བཟུང་བས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་དོན་ཡིན་ནོ། །སྐབས་འདིར་རྩ་རྒྱུད་ལས། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་རོ་དང་ལྡན་པ་ཉིད། །ཅེས་གསུངས་ཤིང༌། དེ་བཞིན་དུ་དཔལ་མཆོག་ཌོམྦྷི་པ། བྱང་ཆུབ་སྙིང་པོ། ཤཱནྟི་པ་སོགས་ཀྱིས་གར་གྱི་ཉམས་དགུ་དང་ལྡན་པར་གསུངས་ལ། དེའི་དོན་ནི་རྗེ་བཙུན་རིན་པོ་ཆེས།«་་་་་དག་ལྡན་དུ།» ཉམས་དགུ་ལ་བཤད་པ་བསམ་གྱིས་མི་ཁྱབ་པ་གཞི་འབྱུང་ཡང་སྐབས་འདིར་བདག་གི་བླ་མ་འདི་ཙམ་ཞིག་གསུང་སྟེ། སྒེག་ཅིང་དཔའ་བ་མི་སྡུག་པ་ནི། སྐུའི་ཉམས་གསུམ་སྟེ། དེའང་སྒེག་པ་ནི་རྒྱན་སྣ་ཚོགས་དང་བཞུགས་ཚུལ་དུ་མ་སྟེ། དེ་ཡང་སྐུ་བལྟ་བས་ཆོག་མི་ཤེས་པ་དང་ལྡན་པས་གདུལ་བྱ་འདོད་ཆགས་ཅན་འདུལ་བར་བྱེད་པ་ཡིན་ནོ། །དཔའ་བ་ནི་བདུད་བཞི་མཉམ་པར་མནན་ནས་སྐུ་ཆེ་ཞིང་བརྗིད་པ་སྟེ། ཞེ་སྡང་ཅན་འདུལ་བ་ཡིན་ནོ། །མི་སྡུག་པ་ནི་གཏི་མུག་ཅན་ལ་བྱེ་བྲག་ཏུ་སྣང་བ་སྟེ། ཞལ་སྨིན་མ་དང་དཔྲལ་བ་བསྡུས་ཤིང་རྣམ་འགྱུར་དུ་མ་དང་ལྡན་པ་སྟེ། གཏི་མུག་ཅན་འདུལ་བར་བྱེད་པ་ཡིན་ནོ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང་བ་ནི། གསུང་གི་ཉམས་གསུམ་སྟེ། དེ་ལ་རྒོད་པ་ནི་རབ་ཏུ་དགའ་ཞིང་ཆགས་པའི་བཞད་སྒྲས་འདོད་ཆགས་ཅན་འདུལ་ལ། ཧཱུྃ་དང་ཕཊ་ལ་སོགས་པ་དྲག་ཤུལ་གྱི་ང་རོས་ཞེ་སྡང་ཅན་འདུལ་ཞིང༌། རྟག་པ་དང་ཆད་པར་འཛིན་པ་རྣམས་འཇིགས་པར་བྱེད་པའི་སྒྲ་སྟེ། སྟོང་པ་དང་ཟུང་དུ་འཇུག་པའི་གསུང་ཡིན་ནོ། །སྙིང་རྗེ་རྔམ་དང་ཞི་བ་ནི། ཐུགས་ཀྱི་ཉམས་གསུམ་སྟེ། སྙིང་རྗེ་ནི་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པས་བཞེད་པ་སྟེ། འདོད་ཆགས་ཅན་འདུལ་ལ། རྔམ་པ་ནི་བྱམས་པ་ཆེན་པོས་རབ་ཏུ་ཁྲོ་བར་མཛད་པ་སྟེ། ཞེ་སྡང་ཅན་འདུལ་ཞིང་ཟུང་དུ་འཇུག་པ་ཞི་བ་ཆེན་པོའི་ཐུགས་ཀྱིས་ལོག་པར་ལྟ་བ་དང་ལྡན་པའི་གཏི་མུག་ཅན་འདུལ་བར་བྱེད་པ་ཡིན་ནོ། །མར་མེ་མཛད་ཀྱིས། ཁམ་སེར་སྐྲ་བརྫེས་འཁོར་ལོར་རུས། །སྣ་ཚོགས་རྡོ་རྗེས་དབུ་སྐྲ་བརྒྱན། །ཞེས་དང༌། སྙན་རྒྱན་མགུལ་རྒྱན་དཔུང་པའི་རྒྱན། །ཕྱག་ཞབས་གདུ་བུ་འོག་པག་རྒྱན། །སྟག་གི་ཤམ་ཐབས་སྟེང་ན་བཅིངས། །ཐོད་རློན་ཕྲེང་བ་ཐལ་བས་བསྐུས། །ཞེས་བཤད་ལ། དེའི་དོན་འོག་པག་ནི། སྐེ་རགས་ལ་བདེ་མཆོག་ཏུ་བཤད་པས། དོན་རྐེད་རྒྱན་ཡིན་ལ། དེ་ལྟར་ན་ཕྱག་རྒྱ་ལྔ་དང་ལུས་ལ་ཐལ་ཆེན་གྱི་རྒྱ་སྟེ། འདི་ནི་ཕྱག་རྒྱ་དྲུག་པ་ཡིན་ནོ། །གསུམ་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་བསྒོམས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་འདི་ཡིན་ཏེ། ཕྱག་མཚན་རྣམས་བསྐྱེད་པའི་ས་བོན་ནི། རང་རང་གི་སྔགས་ཀྱིས་ཡི་གེ་རྫོགས་པ་དང༌། དེ་ལས་ཕྱག་རྒྱ་སྟེ། ཕྱག་མཚན་ཡོངས་སུ་གྱུར་པ་ལས་སྙིང་གར་ཡེ་ཤེས་སེམས་དཔའི་བསམ་གཏན་བསྒོམ་པར་བྱའོ། །གཉིས་པ་ནི་རང་གི་སྙིང་གར་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་རང་འདྲའི་ཡེ་ཤེས་སེམས་དཔའ་བསྒོམས་ནས། དེ་རང་གི་སྙིང་གར་བཞུགས་པར་བསམས་པའི་སྙིང་གར་ཡང་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་དེའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུྃ་ཡེ་ཤེས་ལྔའི་རང་བཞིན་ཅན། སེམས་དཔའ་གོང་མ་གཉིས་བསྒོམས་པའི་རྗེས་སུ་བསམ་པའོ། །དེ་སྐད་དུ་ཡང་དོན་གསལ་མཁན་པོས། དེ་ནས་སྙིང་གར་པཾ་ལས་པདྨ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ། དེ་ལས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་འམ། དེའི་ཐུགས་ཀར་ཡང་པདྨ་དང་ཉི་མ་དང་ཧཱུྃ་ལས་རྡོ་རྗེ་དེའི་ལྟེ་བ་ལ་ཧཱུྃ་བསམ་པར་བྱའོ། །ཞེས་བཤད་དོ། །དེ་ལྟ་བུའི་སེམས་དཔའ་གསུམ་ནི། གཞུང་འདི་དང་ཀུ་མུ་ཏི། གུར་གྱི་སྒྲུབ་ཐབས་རྣམས་སུ། རྡོ་རྗེ་ཉིད་ནི་ཐམས་ཅད་ཀྱི། །ཞེས་གཙོ་འཁོར་ཐམས་ཅད་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པ་གསུངས་ཤིང༌། རིན་ཆེན་འབར་བར། ཡབ་ཡུམ་འཁོར་བཅས་ཐུགས་ཀར་ནི། །པད་ཉིར་ས་བོན་ཕྱག་མཚན་ལས། །ཡེ་ཤེས་སེམས་དཔའ་བསྐྱེད་པར་བྱ། །ཞེས་གསལ་བར་གསུངས་སོ། །འདི་ནི་སེམས་དཔའ་གསུམ་དངོས་སུ་བསྒོམ་པ་སྟེ་རྒྱས་པའི་དབང་དུ་བྱས་པའོ། །སློབ་དཔོན་གཉིས་མེད་རྡོ་རྗེས། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་པདྨ། དེའི་སྟེང་དུ་ཉི་མ། དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཐོད་པ། དེའི་སྟེང་དུ་ཧཱུྃ་སྔོན་པོའོ། །བདག་མེད་མའི་ཐུགས་ཀར་པདྨ། དེའི་སྟེང་དུ་ཟླ་བ། དེའི་སྟེང་དུ་ཨྃ་ལས་བྱུང་བའི་གྲི་གུག དེའི་སྟེང་དུ་ཡང་ཨྃ་བསམ་པར་བྱའོ། །རྣལ་འབྱོར་མ་བརྒྱད་ཀྱི་ཐུགས་ཀ་ན་ཡང༌། པདྨ་དང་ཟླ་བའི་སྟེང་དུ་རང་རང་གི་ས་བོན་རེ་རེ་གྱུར་པ་ལས་ཕྱག་མཚན། དེ་ལས་ཡང་ཟླ་བའི་སྟེང་དུ་ས་བོན་བསམ་པར་བྱའོ། །ཞེས་གསུངས་ཤིང༌། མར་མེ་མཛད་དང༌། ཀཾ་པ་ལས་ཀྱང༌། དེ་བཞིན་དུ་བཤད་ལ། དེའི་དོན་ཀྱང༌། ཡེ་ཤེས་སེམས་དཔའ་ནི་ཕྱག་མཚན་གྱི་ཚུལ་དང༌། ཏིང་ངེ་འཛིན་སེམས་དཔའ་ནི་ས་བོན་དངོས་སུ་ཡོད་པས་སེམས་དཔའ་སུམ་བརྩེགས་སུ་དཔྱལ་ལོ་ཙཱ་བས་བཞེད་དེ། ཤིན་ཏུ་ལེགས་པ་ཡིན་ལ། འདི་ནི་བར་མའི་དབང་དུ་བྱས་པའི། ཡང་སྒྲུབ་ཐབས་མཚོ་སྐྱེས་ལས་རང་གི་སྙིང་གར་གནས་པའི་ས་བོན་ལས་འོད་ཟེར་བྱུང་སྟེ། འོད་ཟེར་དེ་རྣམས་ཀྱིས་ཀྱང་ཁམས་གསུམ་ཐམས་ཅད་མངོན་པར་ཁྱབ་པར་བྱས་ནས་ཡི་གེ་དེ་ཉིད་ལ་ཞུགས་སོ། །ཞེས་བཤད་ལ། ས་བོན་གྱི་ཡི་གེ་ངོ་བོ་ནི་ཡེ་ཤེས་སེམས་དཔའ་དང༌། དེའི་ཐིག་ལེ་ནི་ཏིང་ངེ་འཛིན་སེམས་དཔར་བཤད་པས། འདི་ཡང་སེམས་དཔའ་སུམ་བརྩེགས་བསྒོམ་པ་སྟེ། བསྡུས་པའི་དབང་དུ་བྱས་པའོ། །འདི་རྣམས་ཀྱི་དོན་མ་གོ་བར། མི་ཐུབ་ཟླ་བ་སོགས་ཀྱི་རྒྱ་གཞུང་རྣམས་ནས་སེམས་དཔའ་སུམ་བརྩེགས་བཤད་བཞིན་དུ་རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་ས་བོན་འགོད་པ་ཙམ་ལས་མ་མཛད་པས་ནོར་བའི་རྣམ་གཞག་ཤིན་ཏུ་ཆེའོ་ཞེས་འཆད་པ་ནི། མ་བརྟགས་པ་ཁོ་ན་ཡིན་ཏེ། རྗེ་བཙུན་གྱིས། ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཨྃ་ལས་གྲི་གུག་ཨྃ་གིས་མཚན་པ་ཙམ་མམ། ཡང་ན་རྗེ་བཙུན་མའི་སྐུ་ཚོན་གང་བ་གཅིག་གི་ཐུགས་ཀར་ཕྱག་མཚན་ས་བོན་གྱིས་མཚན་པ་བསྒོམས་ལ། སེམས་དཔའ་སུམ་བརྩེགས་སུ་བསྒོམ་པ་སྟེ། དེ་གཉིས་གང་རུང་ཞིག་བྱའོ། །ཞེས་སེམས་དཔའ་སུམ་བརྩེགས་རྒྱས་པ་དང༌། བར་མ་བསྒོམ་པའི་ཚུལ་བཤད་ཅིང༌། རྗེ་བཙུན་རྩེ་མོས། ལྷ་དགུའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་བར་དུ་རང་རང་གི་ས་བོན་བསམས་ལ། ཡབ་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ། འཁོར་རྣམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་རང་རང་གི་ས་བོན་ནོ། །ཞེས་བསྡུས་པའི་ཚུལ་གསལ་བར་གསུངས་པའི་ཕྱིར་རོ། །གལ་ཏེ་སེམས་དཔའ་སུམ་བརྩེགས་དངོས་སུ་བཤད་པ་རྣམས་དེ་ལྟར་ཡིན་མོད། ས་བོན་ཐིག་ལེས་བརྒྱན་པ་ལ་སེམས་དཔའ་ཐ་མ་གཉིས་ཀྱི་དོན་ཚང་བ་གཞུང་གང་ནས་ཀྱང་བཤད་པ་མེད་དོ། །ཞེ་ན་འདི་ནི་ཤིན་ཏུ་མི་འཐད་དེ། དཔལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་མ་གསལ་བར། དེ་ནས་ཁམས་གསུམ་པའི་དམ་ཚིག་སེམས་དཔའི་སྙིང་གར་ཡི་གེ་ཧཱུྃ་ཡེ་ཤེས་སེམས་དཔའ་བསྒོམས་ནས་སེམས་ནི་ཐིག་ལེར་གྱུར་པར་བཞག ཅེས་བྱ་བ་དམ་ཚིག་སེམས་དཔའ་སྙིང་གར་གནས་པའི་ཡེ་ཤེས་སེམས་དཔའ་ཞེས་གྲགས་པ་ལ། རང་གི་སེམས་ཐིག་ལེར་གྱུར་པའི་ཏིང་ངེ་འཛིན་གྱི་སེམས་དཔའི་གཟུགས་ཅན་བཞག་གོ །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེ་ནས་སྣོད་བཅུད་སྦྱོང་བ་གཞུང་ཕལ་ཆེ་བ་ན་མི་གསལ་ཡང་རྗེ་བཙུན་སྐུ་མཆེད་གཉིས་ཆར་གྱིས་གསལ་བར་གསུངས་ཤིང༌། མར་མེ་མཛད་ཀྱིས། དེ་ཡི་ས་བོན་ཕྱོགས་བཅུར་སྤྲོས། །བསྐུལ་སྦྱངས་ས་བོན་སོ་སོར་ཐིམ། །ཞེས་གསུངས་ལ། མཚོ་སྐྱེས་ཀྱི་ལུང་སྔར་དྲངས་པའི་དོན་ཀྱང༌། སྣོད་བཅུད་སྦྱོང་བར་བྱེད་པར་གསལ་ལ། ཇི་ལྟར་བྱ་བའི་ཚུལ་ཡང༌། རྗེ་བཙུན་རྩེ་མོས། དེ་ནས་དབུགས་ཕྱིར་རྒྱུ་བའི་དུས་སུ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་པས། སྣོད་ཀྱི་འཇིག་རྟེན་ལ་ཕོག་པས། དེ་མ་ཐག་ཏུ་གཞལ་ཡས་ཁང་དཔག་ཏུ་མེད་པར་གྱུར། ཡང་འོད་ཟེར་དེ་སླར་འདུས་ནས་རང་གི་ས་བོན་ལ་ཐིམ། ཡང་སྔར་བཞིན་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་བཅུད་ཀྱི་སེམས་ཅན་ལ་ཕོག་པས་དེ་མ་ཐག་ཏུ་ལྷ་དགུའི་དཀྱིལ་འཁོར་དུ་གྱུར། འོད་ཟེར་སླར་འདུས་ནས་རང་རང་གི་ས་བོན་ལ་ཐིམ། དེ་ཙམ་གྱིས་ནི་གཞན་དམ་ཚིག་སེམས་དཔའ་ལ་འགོད་པ་ཞེས་ཀྱང་བྱའོ། །ཞེས་གསུངས་པ་ལྟར་ཡིན་ནོ། །འོད་ཟེར་དེ་གང་ལས་སྤྲོ་ན། རྗེ་བཙུན་རྩེ་མོས། དེ་ཡང་ལྷ་དགུའི་ཐུགས་ཀ་ཡི། །རང་རང་ས་བོན་ལས་འོད་སྤྲོ། །ཞེས་པ་དང༌། རྗེ་བཙུན་གྱིས། བཅོམ་ལྡན་འདས་དང་ལྷ་མོ་རྣམས་ཀྱི་ས་བོན་ལས་འོད་འཕྲོས་པས། ཞེས་གསུངས་པས། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀ་ནས་སྤྲོ་བ་ཡིན་གྱི། གཙོ་བོ་ཡབ་ཡུམ་རྐྱང་པའི་ཐུགས་ཀ་ནས་སྤྲོ་བར་འདོད་པ་ཤིན་ཏུ་མི་འཐད་དེ། འདིར་སློབ་དཔོན་བྱང་ཆུབ་སྙིང་པོས། དང་པོར་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་འབྱུང༌། །གསུམ་པ་ལ་ནི་གཟུགས་རྫོགས་ཏེ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་རྩ་རྒྱུད་ལས་གསུངས་པའི་དོན་འདི་ལྟར་འཆད་དེ། དང་པོར་སེམས་སྟོང་པའི་རང་བཞིན་ཐིག་ལེར་ཞུ་བ་ནི། བྱང་ཆུབ་ཀྱི་སེམས་སོ། །གཉིས་པར་དེ་ལ་གླུས་བསྐུལ་བས་ཐིག་ལེ་ས་བོན་དུ་གྱུར་པ་ནི་ས་བོན་དབྱུང་བའོ། །གསུམ་པར་ས་བོན་དེ་འབྲས་བུ་རྡོ་རྗེ་འཆང་དུ་གྱུར་པ་ནི་གཟུགས་རྫོགས་པའོ། །བཞི་པར་ལྷ་རྣམས་ཀྱི་ཐུགས་ཀར་རང་རང་གི་ས་བོན་བཀོད་ནས། སྣོད་བཅུད་སྦྱངས་ཏེ་སླར་ཐིམ་པར་བསྒོམ་པ་ནི། ཡིག་འབྲུ་དགོད་པའི་དོན་དུ་བཞེད་དོ། །གཉིས་པ་ཡེ་ཤེས་པ་གཞུག་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། ཞར་བྱུང་དགོས་པ་བཤད་པའོ། །དང་པོ་ནི། དེ་ལྟར་དམ་ཚིག་གི་འཁོར་ལོ་རྫོགས་པར་བསྒོམས་ནས། དེ་ལ་རོ་མཉམ་པར་ཐིམ་པར་བསྒོམ་མོ། །གང་ཐིམ་ན། ཡེ་ཤེས་ཀྱི་འཁོར་ལོ་ཆེན་པོ་འོད་འབར་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པ་ཉིད་ནི་བསྟིམ་མོ། །དེ་ལྟར་བསྟིམ་པའི་དགོས་པ་ནི། ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་ཤེས་པས་བསྒྲུབས་ན་དངོས་གྲུབ་ཐོབ་སྟེ། གཞན་དུ་ན་དངོས་གྲུབ་མྱུར་དུ་ཐོབ་པ་ཡང་མ་ཡིན་ནོ། །གཉིས་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷ་དགུའི་རྣམ་པར་སྤྱན་དྲངས། ལྷ་མོ་བརྒྱད་ཀྱིས་མཆོད། འོག་ནས་འབྱུང་བའི་བསྟོད་པས་བསྟོད་ནས། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ཞེས་བརྗོད་པས་ལྷ་མོ་གཽ་རཱི་ནག་མོ་ལྕགས་ཀྱུ་ཐོགས་པས་སྲུང་བའི་འཁོར་ལོའི་ནང་དུ་སྤྱན་དྲངས། ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཞེས་བརྗོད་པས་ཙཽ་རཱི་དམར་མོ་ཞགས་པ་ཐོགས་པས་མགྲིན་པ་ལ་རེག་པས་ཡེ་ཤེས་སེམས་དཔའ་རྣམས་སྨིན་མཚམས་ནས་ཐིམ། ཨོཾ་བཛྲ་བཻ་ཏཱ་ལཱི་བནྡྷ་བཾ། ཞེས་བརྗོད་པས། བཻ་ཏཱ་ལཱི་སེར་མོ་ལྕགས་སྒྲོག་ཐོགས་པས་ཞབས་ལ་རེག་པས་ཆུ་ལ་ཆུ་འདྲེས་པ་བཞིན་བསམ། ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོ། ཞེས་བརྗོད་པས་གྷསྨ་རཱི་ལྗང་གུ་དྲིལ་བུ་ཐོགས་པས་ཕྱི་ནང་ཀུན་ཏུ་དྲིལ་བུའི་སྒྲ་ཕྱུང་བས་དམ་ཚིག་པ་རྣམས་ཡེ་ཤེས་པའི་ངོ་བོར་གྱུར་པར་བསམ་མོ། །དེ་ལྟར་སྔགས་བཞིའི་བཀའ་ལུང་བྱིན་པ་འདིས་སྔར་ལྟར་གཽ་རཱི་ལ་སོགས་པའི་ལྷ་མོ་བཞི་པོས་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་པ་དང༌། ཡེ་ཤེས་པ་དམ་ཚིག་པ་ལ་གཞུག་པ་དང༌། དབྱེར་མེད་དུ་བཅིང་བ་དང༌། དེའི་རྗེས་སུ་དམ་ཚིག་པ་རྣམས་ཡེ་ཤེས་པའི་ངོ་བོར་གྱུར་པས་དགྱེས་པ་བསྐྱེད་པར་བྱ་སྟེ། རིན་ཆེན་འབར་བར། སངས་རྒྱས་བྱང་ཆུབ་འགྲུབ་འགྱུར་བས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བྱ། །གཽ་རཱི་ལ་སོགས་ལྷ་མོ་བཞིས། །དགུག་གཞུག་བཅིང་དང་དགྱེས་པ་བསྐྱེད། །ཅེས་དང༌། གྲུབ་ཆེན་མཚོ་སྐྱེས་ཀྱིས། ཡང་ནམ་མཁའི་ཁམས་སུ་སྤྲོས་ནས། མདུན་དུ་ཡེ་ཤེས་པ་སྤྱན་དྲངས་ཏེ་གསལ་བར་བྱས་ནས། ཡང་དག་པར་མཆོད་པ་དང༌། ཡང་དག་པར་བསྟོད་ནས་ཡང་བཀུག་སྟེ། རང་གི་དམ་ཚིག་གི་འཁོར་ལོ་ལ་གཞུག་ཅིང་བཅུག་ནས་གཅིག་ཏུ་བྱས་ལ་ལྷའི་ང་རྒྱལ་བྱའོ། །ཞེས་གསུངས་སོ། །འདིར་གཉིས་མེད་རྡོ་རྗེས། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་སྟེ་ཤར་ཕྱོགས་ཀྱི་ནམ་མཁར་གནས་པ་ལ། ཞལ་བརྒྱད་ནས་ཧཱུྃ་གི་སྒྲ་བསྒྲགས་པས་བགེགས་བསྐྲད་ནས། མཆོད་ཡོན་ལ་སོགས་པས་མཆོད་ཅིང་བསྟོད་དེ། གཽ་རཱི་ལ་སོགས་པ་བཞིས་དགུག་གཞུག་བྱ་བར་བཤད་ལ། མར་མེ་མཛད་དང༌། ཀཾ་པ་ལས་ཀྱང་དོན་དེ་དང་འདྲ་བར་གསུངས་སོ། །དོན་གསལ་མཁན་པོས། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ཞེས་བརྗོད་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་སྤྱན་དྲངས་པ་ལ་མཆོད་པས་མཆོད་ནས། སྔགས་ལྷག་མ་གསུམ་གྱིས་གཞུག་པ་དང༌། བཅིང་བ་སོགས་བྱེད་པར་འདོད་དོ། །གསུམ་པ་དགོས་པ་ནི། རྗེ་བཙུན་རྩེ་མོས། དེ་ལྟར་དམ་ཚིག་འཁོར་ལོ་ལ། །ཡེ་ཤེས་བསྟིམ་པའི་དགོས་པ་ཡང༌། །འདི་ལྟར་ཁ་ཅིག་དམ་ཚིག་པ། །དམན་འཛིན་ཡེ་ཤེས་མཆོག་ཏུ་འཛིན། །དེ་ལྟར་འཛིན་པའི་གང་ཟག་གིས། །ཡེ་ཤེས་དགུག་གཞུག་མ་བྱས་ན། །དམ་ཚིག་འབའ་ཞིག་གཟུགས་བརྙན་ཙམ། །ལམ་དུ་བྱས་ཡིན་ངེས་མི་འགྲུབ། །དེ་བས་དམ་ཚིག་འཁོར་ལོ་ལ། །ཡེ་ཤེས་བཅུག་པས་དེར་རྟོགས་པས། །འབྲས་བུ་འབྱིན་ཡིན་ཡང་དག་པར། །དེ་ལྟར་མོད་ཀྱང་དེར་དགོངས་གསུངས། །ཞེས་གསུངས་པ་ལྟར་ཡིན་ནོ། །གསུམ་པ་མིག་སོགས་བྱིན་གྱིས་བརླབ་པ་ལ་གསུམ། སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པ། ཞར་བྱུང་དེ་དག་གི་མཐའ་དཔྱད་པའོ། །དང་པོ་ནི། མིག་ལ་སོགས་པའི་སྐྱེ་མཆེད་དྲུག་ལ། གཏི་མུག་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་དྲུག་དགོད་ཅིང༌། སྐུ་རྡོ་རྗེ་མ་ལ་སོགས་པ་གསུམ་ནི་རང་གི་གནས་གསུམ་དུ་བསམ་པར་བྱའོ། །སྐྱེ་མཆེད་དྲུག་ལ་ལྷ་མོ་གང་འགོད་སྙམ་ན། རིན་ཆེན་འབར་བར། མིག་དང་རྣ་བ་སྣ་ལྕེ་ལུས། །ཡིད་ཀྱི་སྐྱེ་མཆེད་རྣམ་དག་པ། །གཏི་མུག་ཞེ་སྡང་སེར་སྣ་དང༌། །འདོད་ཆགས་ཕྲག་དོག་རྡོ་རྗེ་མ། །བདག་མེད་མ་རྣམས་རང་གནས་དགོད། །ཅེས་གསུངས་པས། མིག་གཉིས་སུ་མྃ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བ་གཉིས་སུ་དཾ་ལས་ཞེ་སྡང་རྡོ་རྗེ་མ་སྔོན་མོ། སྣར་ནི་པྃ་ལས་སེར་སྣ་རྡོ་རྗེ་མ་སེར་མོ་ཞེས་བརྗོད། ཁ་ལ་སྟེ། རྗེ་བཙུན་སྐུ་མཆེད་ཀྱིས་ལྕེར་བཤད་པ་ལ། ལྕེར་རཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། ལུས་ནི་ལུས་ཀྱི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་དཔྲལ་བར་ཡོད་པ་ལ་དགོངས་ནས། རྗེ་བཙུན་སྐུ་མཆེད་གཉིས་ཀྱིས་དཔྲལ་བར་བཤད་པས་དེར་ཨཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་གུ། ཡིད་ལ་སྟེ་སྙིང་གར་ནཾ་ལས་བདག་མེད་རྣལ་འབྱོར་མ་ནག་མོ། དེ་ཐམས་ཅད་ཀྱང་རང་རང་གི་མིང་གི་ཡི་གེ་དང་པོ་ལ་རྗེས་སུ་ང་རོས་བརྒྱན་པ་ལས་བསྐྱེད་ཅིང༌། ཕྱག་གཉིས་མ་ཞལ་གཅིག་མ་ཁ་དོག་བཟང་པོའོ། །གཡས་གྲི་གུག་དང་གཡོན་ཐོད་པ་ལག་གཉིས་ན་བཅས་པ་སྟེ་འཛིན་པའོ། །སྣ་ཚོགས་མདོག་ཅན་གྱི་དོན་སྔར་བཤད་པ་ལྟར་དུ། རྗེ་བཙུན་སྐུ་མཆེད་དང༌། གཉིས་མེད་རྡོ་རྗེ་རྣམས་ཀྱིས་བཤད་ལ། མར་མེ་མཛད་ཀྱིས། གཙོ་བོ་འཁོར་ལོ་ཐམས་ཅད་ཀྱི། །མིག་ལ་གཏི་མུག་རྡོ་རྗེ་དཀར། །རྣ་བར་ཞེ་སྡང་རྡོ་རྗེ་ནག །སྣ་ལ་སེར་སྣ་ཚོགས་རྡོ་རྗེ་སེར། །ལྕེ་ལ་འདོད་ཆགས་རྡོ་རྗེ་དམར། །ལུས་ལ་ཕྲག་དོག་རྡོ་རྗེ་ལྗང༌། །ཡིད་ལ་བདག་མེད་རྣལ་འབྱོར་ནག །ཅེས་གསུངས་པ་ལྟར་ཡིན་ལ། ཐམས་ཅད་ཀྱང་རོ་ཡི་གདན་ལ་བཞུགས་པའོ། །གཉིས་པ་ནི། སྔར་གནས་གསུམ་དུ་ལྷ་མོ་འགོད་པར་གསུངས་ན། དེ་ཉིད་གང་ཞེ་ན། རིན་ཆེན་འབར་བར། ལུས་ངག་ཡིད་གསུམ་རྣམ་དག་པ། །མཁའ་སྤྱོད་ས་སྤྱོད་ས་འོག་མ། །སྐུ་གསུང་ཐུགས་ཀྱི་གནས་སུའོ། །ཞེས་བཤད་པ་ལྟར། སྐུའི་གནས་དཔྲལ་བ་དང༌། གསུང་གི་གནས་མགྲིན་པ་དང༌། ཐུགས་ཀྱི་གནས་སྙིང་ག་རྣམས་སུ་ནི། དང་པོར་ཨོཾ་དཀར་པོ་དང༌། བར་པར་ཨཱཿདམར་པོ་དང༌། ཐ་མར་ཧཱུྃ་སྔོན་པོ་ནི། ལྷ་མོ་འདི་དག་བསྐྱེད་པའི་སྔགས་ཡིན་པས། འདི་རྣམས་ཡོངས་སུ་གྱུར་པ་ལས་དཔྲལ་བར་མཁའ་སྤྱོད་མ། མགྲིན་པར་ས་སྤྱོད་མ། སྙིང་གར་ཞབས་འོག་གནས་མ་རྣམས་བསྒོམ་པའི་བསམ་གཏན་བྱ་སྟེ། དོན་གསལ་མཁན་པོས། ཨོཾ་ཨཱཿཧཱུྃ་གསུམ་ལས། མཁའ་སྤྱོད་མ་དང༌། ས་སྤྱོད་མ་དང༌། ས་འོག་སྤྱོད་མ་དང་གསུམ་དཀར་བ་དང༌། དམར་བ་དང༌། གནག་པའོ། །ཞེས་སོ། །ལྷ་མོ་འདི་གསུམ་གྱི་མིང་གི་རྣམ་གྲངས། སྐུ་རྡོ་རྗེ་མ་དང༌། གསུང་རྡོ་རྗེ་མ་དང༌། ཐུགས་ཀྱི་རྡོ་རྗེ་མ་ཞེས་ཀྱང་བྱ་བ་ནི། རྣལ་འབྱོར་མ་འདི་གསུམ་ནི་རིགས་གསུམ་གྱི་དངོས་ཏེ་ངོ་བོ་ཡིན་པའི་ཕྱིར་རོ། །འདི་ལ་དགོངས་ནས་རྗེ་བཙུན་སྐུ་མཆེད་ཀྱིས། སྐུ་རྡོ་རྗེ་མ་སོགས་ཀྱི་ཐ་སྙད་མཛད་པའོ། །གསུམ་པ་ལ་བཞི། གང་ལ་དགོད་པའི་གཞི། དེ་ལ་དགོད་པའི་ལྷ། ཇི་ཙམ་ཞིག་བཀོད་པའི་གྲངས། དེ་ལྟར་བཀོད་པའི་དགོས་པའོ། །དང་པོ་ནི། སློབ་དཔོན་མི་ཐུབ་ཟླ་བས། སྒྲུབ་ཐབས་འདི་དང༌། ཀུ་མུ་ཏི། བདག་མེད་མ་དང༌། གུར་གྱི་སྒྲུབ་ཐབས། རིན་ཆེན་འབར་བ། ལྷའི་རིགས་ཀྱི་བློ་གྲོས་རྣམས་ཀྱིས། དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་བཅུག་པའི་རྗེས་ལ། སྐྱེ་མཆེད་ཀྱི་ལྷ་དགོད་པར་བཞེད་ལ། དོན་གསལ་མཁན་པོས་ཀྱང༌། ད་ལྟར་ཡེ་ཤེས་པ་བསྟིམ་པ་ལ། སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱ་སྟེ། ཞེས་བཤད་ལ་དེ་བཞིན་དུ་གྲུབ་ཆེན་མཚོ་སྐྱེས། གཉིས་མེད་རྡོ་རྗེ། ཀཾ་པ་ལ། དཔལ་མཆོག་ཌོམྦྷི་པ་རྣམས་ཀྱིས་ཀྱང་བཤད་པས། སློབ་དཔོན་འདི་རྣམས་ཀྱི་ལུགས་ཀྱིས། ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་བྱས་པའི་དཀྱིལ་འཁོར་ལ་དགོད་དོ། །སློབ་དཔོན་ཤཱནྟི་པ། ཉིན་འབྱུང༌། ནག་པོ་པ་ལྟར་ན། གཙོ་བོ་ཡབ་ཡུམ་བསྐྱེད་ཚར་བའི་རྗེས་ལ་སྐྱེ་མཆེད་ཀྱི་ལྷ་རྣམས་བཀོད་ནས། འཁོར་གྱི་ལྷ་མོ་ཕྱུང་ཚར་བའི་རྗེས་ལ་མ་བཤད་པའི་ཕྱིར། གཙོ་བོ་ཡབ་ཡུམ་ཙམ་ཞིག་ལ་དགོད་པར་གསལ་ལོ། །རྗེ་བཙུན་རྩེ་མོས་མཚོ་སྐྱེས་འགྲེལ་པར། ཡེ་ཤེས་པ་བཀུག་པའི་རྗེས་ལ་སྐྱེ་མཆེད་བྱིན་གྱིས་བརླབ་པར་འདོད་པ་བཀག་ནས། རང་ལུགས་ཀྱི་རྫོགས་རིམ་བསྒོམས་ཚར་བའི་རྗེས་ལ་སྐྱེ་མཆེད་བྱིན་གྱིས་བརླབ་པར་བཤད་དེ། དེ་ལྟར་ན་ཡན་ལག་བཞི་རྫོགས་སུ་བྱས་པའི་ལྷ་ལ་དགོད་པའོ། །རྗེ་བཙུན་གྱིས་ཡན་ལག་དྲུག་པར། སྐྱེ་མཆེད་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་སྤྱན་འདྲེན་པར་གསུངས་པས། དེ་ལྟར་ན་དམ་ཚིག་གི་དཀྱིལ་འཁོར་ཁོ་ན་ལ་དགོད་པ་ཡིན་ནོ། །གཉིས་པ་ནི། དཔལ་མཆོག་ཌོམྦྷི་པས། མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་དྲུག་བཀོད་པའི་རྗེས་ལ། གཟུགས་ལ་གཽ་རཱི། སྒྲ་ལ་ཙཽ་རཱི། དྲི་ལ་བཻ་ཏཱ་ལཱི། རོ་ལ་གྷསྨ་རཱི། རེག་ལ་ས་སྤྱོད་མ། ཆོས་ཁམས་ལ་མཁའ་སྤྱོད་མ། གཟུགས་ཕུང་ལ་རྡོ་རྗེ་མ། ཚོར་ཕུང་ལ་གསང་བའི་དཀར་མོ། འདུ་ཤེས་ལ་ཆུའི་རྣལ་འབྱོར་མ། འདུ་བྱེད་ལ་རྡོ་རྗེ་མཁའ་འགྲོ་མ། རྣམ་པར་ཤེས་པའི་ཕུང་པོ་ལ་བདག་མེད་མ། ས་ཁམས་ལ་པུཀྐ་སཱི། ཆུ་ཁམས་ལ་རི་ཁྲོད་མ། མེ་ཁམས་ལ་གཏུམ་མོ། རླུང་ཁམས་ལ་གཡུང་མོ་སྟེ། ལྷ་ཉི་ཤུ་རྩ་གཅིག་དགོད་པར་འདོད། ཤཱནྟི་པ་དང༌། ཉིན་འབྱུང་གིས་དེའི་སྟེང་དུ་ལུས་ལ་མཁའ་སྤྱོད་མ། ངག་ལ་ས་སྤྱོད་མ།     རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*