སེམས་ལ་བདག་མེད་མ་རྣམས་བསྣན་ནས་ལྷ་ཉེར་བཞི་དགོད་པར་བཞེད་ཀྱང༌། རྗེ་བཙུན་སྐུ་མཆེད་གཉིས་དང༌། རྒྱ་གར་བའི་སྒྲུབ་ཐབས་གཞན་ཐམས་ཅད་ལས་སྐྱེ་མཆེད་དྲུག་དང༌། སྐུ་གསུང་ཐུགས་ཀྱི་ལྷ་མོ་གསུམ་སྟེ་དགུ་ལས་དགོད་པ་མ་གསུངས་པས། འདི་གཙོ་བོར་བྱའོ། །དེ་རྣམས་ཀྱི་རྣམ་པ་ཞལ་གཅིག་ཕྱག་གཉིས་པ་ཡིན་པ་ལ་མི་མཐུན་པ་མེད་ཀྱང༌། ཁ་དོག་ལ་ཉིན་འབྱུང་ཟླ་བས། བདག་མེད་མ་མཚུངས་དེ་རྣམས་ནི། །ཞེས་ཐམས་ཅད་ནག་མོར་བཤད་ལ། སློབ་དཔོན་མི་ཐུབ་ཟླ་བའི་གཞུང་རྣམས་དང༌། དོན་གསལ་མཁན་པོས། སྣ་ཚོགས་མདོག་ཏུ་གསུངས་པའི་དོན། རྗེ་བཙུན་སྐུ་མཆེད་ཀྱིས་སྔར་བཤད་པ་ལྟར་གསུངས་ལ། མར་མེ་མཛད། གཉིས་མེད་རྡོ་རྗེ། ནག་པོ་པ། ཀཾ་པ་ལ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བཤད་དོ། །ཕྱག་མཚན་ནི་མར་མེ་མཛད་ཀྱིས། གྲི་གུག་ཐོད་པ་ཕྱག་རྒྱ་ལྔ། །ཞེས་པ་ལྟར་མི་མཐུན་པ་མེད་ཅིང༌། གཡོན་པའི་གྲུ་མོར་ཁ་ཊྭཱྃ་ག་འཛིན་པར་ནག་པོ་པས་བྱས་སོ། །གདན་པད་ཉི་དང་རོ་གདན་དུ་རྗེ་བཙུན་རྩེ་མོས་གསུངས་ལ། ཉིན་འབྱུང་གིས། རོའི་སྙིང་གར་ཟླ་བར་གནས། །ཞེས་དང༌། གཉིས་མེད་རྡོ་རྗེ། མར་མེ་མཛད། ཀཾ་པ་ལ་རྣམས་ཀྱིས། པད་ཟླ་དང་རོ་གདན་དུ་བཤད་ལ། ནག་པོ་པས་སྔར་གྱི་སྤྱི་དོན་དུ་བཤད་པ་ལྟར་ཕྱག་མཚན་གྱི་གདན་ཡང་བྱས་སོ། །སྒོམ་ཚུལ་ནི་རྗེ་བཙུན་རྩེ་མོས་མིག་ལ་སོགས་པ་སྐྱེ་མཆེད་ཐ་མལ་པ་རྣམས་སྟོང་པར་བསམ་སྟེ། དེར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་རོ་རེ་བསམ་སྟེ། ཞེས་བཤད་པ་ནི། གདོང་དྲུག་གི་རྒྱུད་ལས། མིག་སོགས་བྱིན་གྱིས་བརླབ་པ་ལ། །གཏི་མུག་རྡོ་རྗེ་སོགས་ཀྱིས་བསྲུང༌། །དབང་སྦུབས་སྟོང་པ་ཉིད་བྱས་ཏེ། །སྙིང་པོའམ་མིང་གི་ཡི་གེ་ཡིས། །རིགས་ཀྱི་ཕྱག་མཚན་ལྡན་པ་ཡི། །སྐུ་རྣམས་ངེས་པར་བསྐྱེད་པས་སོ། །ཞེས་གསུངས་པ་དང་མཐུན་པས། མིག་སོགས་ཐ་མལ་གྱི་སྐྱེ་མཆེད་རྣམས་སྟོང་པར་བསྒོམས་ནས། དེར་ས་བོན་སོགས་ལས་ལྷར་བསྐྱེད་པ་ཡིན་གྱི། དབང་རྟེན་ཉིད་ལྷར་སྒོམ་པ་མ་ཡིན་པས། ལུས་དཀྱིལ་དང་སྐྱེ་མཆེད་ཀྱི་ལྷའི་བསྒོམ་ཚུལ་གྱི་ཁྱད་པར་རྒྱུ་མཚན་དང་བཅས་པའང་ཤེས་དགོས་སོ། །བསྐྱེད་ཆོག་ནི་ཀཾ་པ་ལས། པད་ཟླར་ས་བོན་གྲི་གུག་ལས། །ཞེས་སོ་སོའི་མིང་ཡིག་དང་པོ་ས་བོན་དུ་བྱས་པའི་ཆོ་ག་གསུམ་ལས་བསྐྱེད་པར་འདོད་པ་དང༌། ཉིན་འབྱུང་ཟླ་བས། ཅི་རིགས་པ་རུ་དབྱངས་ལས་སྐྱེས། །ཞེས་དབྱངས་ཡིག་བཅོ་ལྔ་ལས་བསྐྱེད་པར་འདོད་ཅིང༌། ནག་པོ་པས་ཀྱང་དེ་བཞིན་དུ་བཤད་པ་དང༌། དོན་གསལ་མཁན་པོས་མིང་གི་ཡི་གེ་དང་པོ་མཾ་དཾ་པཾ་རཾ་ཨཾ་ནཾ། རྣམས་ལས་བསྐྱེད་པར་བྱ་སྟེ། ཞེས་དང་གཉིས་མེད་རྡོ་རྗེས་ཀྱང༌། རང་རང་གི་ས་བོན་ལས་བྱུང་བའི་གོ་ཆས་དབང་པོ་དག་པའོ། །ཞེས་ས་བོན་ཙམ་ལས་བསྐྱེད་པར་བཤད་པའོ། །དེ་ལྟར་ལུགས་གསུམ་ལས། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཕྱི་མ་དང་མཐུན་པར་བཞེད་དོ། །གསུམ་པ་ནི། མི་ཐུབ་ཟླ་བས། བདག་མེད་མའི་སྒྲུབ་ཐབས་ལས། གཏི་མུག་རྡོ་རྗེ་མིག་གཉིས་སུ། །ཞེས་དང༌། སྒྲུབ་ཐབས་འདིར་ཡང༌། མིག་གཉིས་ཞེས་དང༌། རྣ་བ་གཉིས་ཞེས་བཤད་ལ། ཉིན་འབྱུང་ཟླ་བས། མིག་གཉིས་རྡོ་རྗེར་བསྒོམ་བྱ་ཞིང༌། །རྣ་བ་གཉིས་ལ་བདག་མེད་མ། །ཞེས་དང༌། བདུད་རྩི་འོད་ལས་མིག་དག་གཏི་མུག་རྡོ་རྗེ་ཡིན། །ཞེས་གསུངས་པས། གཙོ་བོའི་རྩ་ཞལ་གྱི་སྤྱན་གཉིས་དང༌། རྩ་བའི་རྣ་བ་གཉིས། འཁོར་རྣམས་ཀྱིའང་སྤྱན་གཉིས་དང༌། རྣ་བ་གཉིས་ལ་ལྷ་དགོད་པ་ཡིན་གྱི། སྤྱན་དབུས་མ་རྣམས་དང༌། གཙོ་བོའི་ཞལ་ལྷག་མ་བདུན་ལ་ལྷ་མི་དགོད་དེ། སྔར་གྱི་ལུང་དེ་རྣམས་ལས་མིག་གཉིས་ཞེས་དམིགས་བསལ་དུ་འབྱུང་བའི་ཕྱིར་རོ། །གང་དག་གཞུང་དེ་རྣམས་ཀྱི་དོན་མ་གོ་བར་སྐྱེ་མཆེད་ཀྱི་ལྷ་རྩིས་ཟེར་བའི་མན་ངག་ཟབ་མོ་ཡིན་ཟེར་ནས། བླ་མ་སྔ་རབས་པ་ཁ་ཅིག«་་་་་ཤར་པ་ཡེ་སོགས། »མིག་ལ་གཏི་མུག་རྡོ་རྗེ་ལྔ་བཅུ་རྩ་གཅིག རྣ་བ་ལ་ཞེ་སྡང་རྡོ་རྗེ་སུམ་ཅུ་རྩ་བཞི། སྣ་ལ་སེར་སྣ་རྡོ་རྗེ་ཉི་ཤུ་རྩ་བཞི། ཁ་ལ་འདོད་ཆགས་རྡོ་རྗེ་བཅུ་བདུན། ལུས་ལ་ཕྲག་དོག་རྡོ་རྗེ་བཅུ། ཡིད་ལ་བདག་མེད་རྣལ་འབྱོར་མ་བཅུ། དཔྲལ་བར་སྐུ་རྡོ་རྗེ་བཅུ་བདུན། སྙིང་གར་ཐུགས་རྡོ་རྗེ་བཅུ་སྟེ། བརྒྱ་བདུན་ཅུ་རྩ་གསུམ་ཡོད་དོ། །ཞེས་འཆད་པ་ནི། རང་ལུགས་ཀྱི་གྲངས་ཙམ་ལས་ངེས་པ་གཏན་ནས་མི་སྣང་ཞིང༌། སྔར་གྱི་ལུང་རྣམས་དང་འགལ་བ་དང༌། གཞུང་གཞན་ནས་བཤད་པ་མེད་པས་རང་བཟོ་འབའ་ཞིག་ཏུ་ཟད་དོ། །བཞི་པ་ནི། རྗེ་བཙུན་རྩེ་མོས། དེ་ལྟར་གོ་ཆ་བགོས་པ་ལ། དགོས་པ་རྣམ་པ་གསུམ་གསུངས་ཏེ། ཐ་མལ་རྣམ་རྟོག་བློ་བཟློག་དང༌། །མངོན་པར་ཤེས་པ་ལྔ་འཆར་དང༌། །བར་ཆད་བགེགས་ལས་བསྲུང་བ་སྟེ། །དེ་ལས་དང་པོ་རྣམ་པ་གཉིས། །གུར་གྱི་ལུང་ཡིན་ཐ་མ་ནི། །བླ་མ་དམ་པའི་གདམས་ངག་ཡིན། །ཞེས་གསུངས་ལ། དེའི་དོན། དང་པོ་ནི། རྡོ་རྗེ་གུར་ལས། བསྐྱེད་རིམ་གྱིས་ཐ་མལ་གྱི་རྣམ་རྟོག་བཟློག་པར་གསུངས་པ་ལྟར། འདིར་མིག་སོགས་ལ་ལྷ་བཀོད་པས། མིག་སོགས་ཐ་མལ་གྱི་དབང་པོར་ཞེན་པ་བཟློག་པ་ཡིན་ནོ། །གཉིས་པ་ནི་གུར་ལས། སྐྱེས་པ་དང་ནི་སྐྱེ་བ་དང༌། །སྐྱེ་བོ་གང་ཞིག་སྐྱེ་འགྱུར་བ། །གཏི་མུག་རྡོ་རྗེའི་སྦྱོར་བ་ལས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ཁམས་གསུམ་ལས་ནི་ཉམས་དགའ་བར། །སྒྲ་ནི་གང་ཞིག་རབ་གྲགས་པ། །རྣ་བའི་དྲུང་དུ་གནས་པ་བཞིན། །ཞེ་སྡང་རྡོ་རྗེའི་སྦྱོར་བ་ལས། །དྲང་སྲོང་མངོན་པར་ཤེས་པས་ཐོས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །མཚོན་དགའ་ལྟ་བུའི་མཚན་ཉིད་ནི། །ལག་མཐིལ་སྐྱུ་རུ་ར་ལྔ་བཞིན། །རྡོ་རྗེའི་སེམས་ཀྱིས་ཤེས་པར་འགྱུར། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །རང་གི་རིགས་ནི་སྟོང་ཕྲག་གཅིག །རྡོ་རྗེའི་སྦྱོར་བས་དྲན་འགྱུར་ཏེ། །ཉི་མ་གསུམ་བཞིན་དྲན་པར་འགྱུར། །སྒྱུ་འཕྲུལ་དྲྭ་བ་དུ་མ་ཡིས། །འདིས་ནི་སྣང་བར་བྱེད་པར་འགྱུར། །མངོན་ཤེས་ལྔ་ཡི་སྦྱོར་བ་ཡིས། །སངས་རྒྱས་མངོན་ཤེས་ཐོབ་བར་འགྱུར། །ཞེས་གསུངས་པས། གཏི་མུག་རྡོ་རྗེ་མ་དང༌། ཞེ་སྡང་རྡོ་རྗེ་མ་གཉིས་བསྒོམས་པས། ལྷའི་མིག་དང་རྣ་བའི་མངོན་པར་ཤེས་པ་ཐོབ། བར་པ་གསུམ་གྱིས་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ཐོབ། བདག་མེད་རྣལ་འབྱོར་མས་གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་ཤེས་ཐོབ། ལྷའི་མིག་དང་རྣ་བ་གཉིས་མངོན་ཤེས་གཅིག་ཏུ་བྱས་པའི་མངོན་ཤེས་ལྔ་ལ་བརྟེན་ནས་དྲུག་པ་ཟག་ཟད་ཀྱི་མངོན་ཤེས་ཐོབ་པར་འགྱུར་ཏེ། ཀཾ་པ་ལས། མིག་ལ་སོགས་པའི་དབང་པོ་དྲུག །མངོན་ཤེས་བསྐྱེད་ཕྱིར་སྦྱང་བར་བྱ། །ཞེས་སོ། །གསུམ་པ་ནི། རྩ་རྒྱུད་དུ། འདིས་ནི་གོ་ཆ་སེམས་དཔའ་ཆེ། །ཞེས་འདི་རྣམས་གོ་ཆར་གསུངས་ལ། གོ་ཆས་བར་ཆད་བསྲུང་བ་ཆོས་ཉིད་ཡིན་ཏེ། གསང་འདུས་སྒྲོན་གསལ་དུ། མིག་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་སོགས་སུ་བསྒོམས་པས་བརྒྱ་བྱིན་ལ་སོགས་པ་བགེགས་ཀྱིས་མི་ཚུགས་པར་བཤད་པ་ལྟ་བུའོ། །གསུམ་པ་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ལ་ལྔ། དབང་བསྐུར་གྱི་ལྷ་སྤྱན་འདྲེན་པ། མཆོད་ཅིང་གསོལ་བ་གདབ་པ། དབང་བསྐུར་བ་དངོས། རིགས་བདག་གིས་རྒྱས་གདབ་པ། དབང་དོན་ལ་ང་རྒྱལ་བཟུང་བའོ། །དང་པོ་ནི། རྩ་རྒྱུད་ལས། རང་གི་སྙིང་གར་ས་བོན་བསམ་མོ། །ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་གཟུགས་ཀྱིས་ཕྱུང་ནས། དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཞེས་གསུངས་པའི་དོན། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་གྱི་ཁྱད་པར་སྤྲོ། རྣམ་པ་ཇི་ལྟ་བུར་སྤྲོ་ན། ལྕགས་ཀྱུའི་གཟུགས་ལྟ་བུའི་འོད་ཟེར་གྱི་ཚོགས་སོ། །དེས་གང་སྤྱན་འདྲེན་ན། སངས་རྒྱས་ཐམས་ཅད་དེ་འདི་ལ་དཔལ་མཆོག་ཌོམྦྷི་པས། སངས་རྒྱས་དབང་བསྐུར་དོན་དུ་བསྐུལ། །ཞེས་དང༌། གཞུང་གཞན་རྣམས་སུ་ཡང༌། སངས་རྒྱས་ཐམས་ཅད་ཅེས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ཙམ་ལས་མི་འབྱུང་ཞིང༌། ནག་པོ་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པར་བཤད་ཀྱང༌། མར་མེ་མཛད་ཀྱིས། ཡང་ནི་རང་སྙིང་ས་བོན་གྱིས། །ཕྱོགས་བཅུའི་བླ་མ་རྒྱལ་བ་དང༌། །འཁོར་ལོ་ཁྲོ་བོ་ལྷ་མོ་རྣམས། །སྤྱན་དྲངས་མཆོད་པ་གསོལ་བ་འདེབས། །ཞེས་བླ་མ་དང་རྒྱལ་བ་ནི་རིགས་ལྔ། འཁོར་ལོ་ནི་ཀྱེ་རྡོ་རྗེའི་དཀྱིལ་འཁོར། ཁྲོ་བོ་བཅུ་དང༌། ལྷ་མོ་དྲུག་རྣམས་སྤྱན་འདྲེན་པར་གསུངས་ལ། དེ་བཞིན་དུ་ཀཾ་པ་ལས་ཀྱང༌། བླ་མ་དཀྱིལ་འཁོར་རྒྱལ་བ་རྣམས། །ཁྲོ་བོ་རིག་མ་ལྷ་མོར་བཅས། །ཞེས་པའང་དོན་དེ་དང་འདྲ་ལ། གྲུབ་ཆེན་མཚོ་སྐྱེས་ཀྱིས། རང་གི་སྐུ་ལས་ཕྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས། དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་དང༌། རིག་མ་དང༌། ལྷ་མོ་དང༌། ཁྲོ་བོ་ལ་སོགས་པ་རྣམས་ཀྱིས། བདུད་རྩི་ལྔས་གང་བའི་དབང་བསྐུར་བ་དང་ལྡན་པ་དང༌། ཞེས་གསུངས་སོ། །གཞུང་དེ་རྣམས་དང་མཐུན་པར་རྗེ་བཙུན་སྐུ་མཆེད་གཉིས་ཀྱིས་ཀྱང༌། རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ཁྲོ་བོ་བཅུ། ལྷ་མོ་དྲུག་སྟེ། གདན་གསུམ་དངོས་སུ་ཚང་བའི་དཀྱིལ་འཁོར་སྤྱན་འདྲེན་པར་མཛད་དོ། །གཉིས་པ་ནི། རྩ་རྒྱུད་ལས། མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས། གསོལ་བ་གདབ་པར་བྱའོ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་པའི་དོན། སྤྱན་དྲངས་པའི་དཀྱིལ་འཁོར་ལྷ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས། དབང་བསྐུར་བ་ནི་བླང་བ་སྟེ། ཞུ་བའི་ཕྱིར་དུ་གསོལ་བ་གདབ་པར་བྱའོ། །ཚིག་གང་གིས་ན་འགྲོ་བ་སྡུག་བསྔལ་ལས་སྐྱོབ་པའི་མགོན་པོ་ཆོས་ཀྱི་སྐུ་དེ་བཞིན་ཉིད་དུ་གཤེགས་ཤིང་གཟུགས་ཀྱི་སྐུ་དེ་བཞིན་ཉིད་ལ་གཤེགས་པའི་སངས་རྒྱས་ཐམས་ཅད་ཅེས་བོས་ནས། རྒྱལ་བ་ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩོལ་ཅིག་ཅེས་པས་སོ། །གསུམ་པ་ནི། རྩ་རྒྱུད་ལས། སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར་བར་བྱའོ། །དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔ་ཡི་སྒྲ་འབྱུང་བར་འགྱུར་རོ། །གུར་གུམ་གྱི་ཆར་འབབ་བར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླང་བར་བྱའོ། །ཞེས་པའི་དོན། གསོལ་བ་བཏབ་པའི་རྗེས་དེ་ནས་དེ་བཞིན་གཤེགས་པ་རིགས་ལྔ་པོ་འདི་དག་ཧེ་རུ་ཀའི་གཟུགས་སུ་བྱས་པ་ན། ཀུ་མུ་ཏིར། ཧེ་རུ་ཀའི་གཟུགས་བྱས་པས། །ཞེས་བྱ་བ་ནི། ཞལ་བརྒྱད་ཞབས་བཞི་པ་ཕྱག་བཅུ་དྲུག་གིས་བརྒྱན་པ་རྣམས་སོ། །ཞེས་པ་ལྟར། ཁྲོ་ཆགས་ཀྱི་རྣམ་པར་བྱས་ནས་ནི། ཛ་ལནྡྷ་རི་པས། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་རྣམ་པར་རྒྱལ་བའི་བུམ་པ་ལྔ་དང་ལྡན་པའི་ཕྱག་རྣམས་ཀྱིས། ཞེས་པ་ལྟར། ནང་གི་བདུད་རྩི་ལྔའི་ཆུས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པ་སྟེ། བདུད་རྩི་ལྔ་ནི། གུར་ལས། མི་བསྐྱོད་པ་ནི་རྡོ་རྗེའི་ཆུ། །རྣམ་པར་སྣང་མཛད་དྲི་རུ་བརྗོད། །སྣང་བ་མཐའ་ཡས་ཁུ་བ་སྟེ། །རིན་ཆེན་འབྱུང་ལྡན་ཁྲག་ཅེས་བྱ། །ཤ་ཆེན་དོན་ཡོད་གྲུབ་པའོ། །ཞེས་སོ། །བདུད་རྩིའི་ཆུ་དེ་ཉིད་ཀྱིས་གང་བའི་བུམ་པ་ཕྱག་བཅུ་དྲུག་གིས་བསྣམས་ནས་སྤྱི་བོ་ནས་བླུགས་ཅིང༌། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཞེས་གསུང་ཞིང་དབང་བསྐུར། དེའི་ཚེ་ཡུམ་བཞིས་རྡོ་རྗེའི་གླུ་ལེན། བྱང་སེམས་རྣམས་ཀྱིས་བཀྲ་ཤིས་བརྗོད། ལྷ་མོ་རྣམས་ཀྱིས་མཆོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པར་བསམ་མོ། །འདིར་འགྲེལ་པ་ལུགས་ཀྱི་གཞུང་རྣམས་སུ་དེ་ལྟར་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་དག་རིགས་བདག་གིས་རྒྱས་འདེབས་པ་ཙམ་ལས་མ་གསུངས་ལ། མན་ངག་ལུགས་ལ། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གཅིག་ལས་དབང་བཞི་ལེན་པའི་ཚུལ་གསུངས་ཏེ། རྗེ་བཙུན་རིན་པོ་ཆེས། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་སྨིན་མཚམས་ཡན་ཆད་གང་བས། རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ལུས་ཀྱི་དྲི་མ་དག བསྐྱེད་པའི་རིམ་པ་དབྱིབས་བསྒོམ་པ་ལ་དབང༌། དེའི་མཐར་ཐུག་རྒྱན་དྲུག་གི་དག་པ་དྲན་པ་ཡིན་པས། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །གདུ་བུ་རྣམ་པར་སྣང་མཛད་དེ། །སྐ་རགས་ལ་ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ཞེས་བྱ་བ་ཐལ་བ་དང་མཆོད་ཕྱིར་ཐོགས་རྡོ་རྗེ་འཆང་ཆེན་པོ་ཡིན་སྙམ་དུ་བསམ་མོ། །ཡང་དབང་གི་ཆུ་རྒྱུན་གྱིས་མགྲིན་པ་ཡན་ཆད་གང་བས། གསང་བའི་དབང་ཐོབ་ངག་གི་དྲི་མ་དག་བདག་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པ་ལ་དབང༌། དེའི་མཐར་ཐུག་འཁོར་ལོ་བཞིའི་རྒྱས་གདབ་པ་ཡིན་པས། ལྟེ་བ་སྤྲུལ་པའི་འཁོར་ལོའི་འདབ་མ་དྲུག་ཅུ་རྩ་བཞི་ཁ་དོག་དམར་པོ་ཁ་གྱེན་ལ་བལྟས་པའི་དབུས་ན་ཨཾ་ལས་ཀྱི་ཕྱག་རྒྱ། སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པ་ཁ་དོག་སྔོན་པོ་ཁ་ཐུར་ལ་བལྟས་པའི་དབུས་ན་ཧཱུྃ་ཆོས་ཀྱི་ཕྱག་རྒྱ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་པ་ཁ་དོག་དམར་པོ་ཁ་གྱེན་ལ་བལྟས་པའི་དབུས་ན། ཨོཾ་དམར་པོ་ཡོད་པ་ནི་ཕྱག་རྒྱ་ཆེན་པོ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་ཁ་དོག་དཀར་པོ་ཁ་ཐུར་ལ་བལྟས་པའི་དབུས་ན། ཧཾ་ཡོད་པ་ནི་དམ་ཚིག་གི་ཕྱག་རྒྱར་མོས་པ་བྱ། ཡང་དབང་གི་ཆུ་རྒྱུན་གྱིས་སྙིང་ག་ཡན་ཆད་གང་བས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སེམས་ཀྱི་དྲི་མ་དག ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང༌། དེ་ལ་མངོན་པར་ཤེས་པ་བསྐྱེད་པ་སྔར་གྱི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དྲན་པ་ཙམ་བྱ། དེ་ནས་དབང་གི་ཆུ་རྒྱུན་དེས། གསང་གནས་ནས་རྐང་པའི་མཐིལ་ཡན་ཆད་གང༌། ལུས་ཐམས་ཅད་མ་ལུས་པར་གང་བས། མཆོག་ཏུ་བདེ་བ་ཆེན་པོ་བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པ་དྲན་པར་བྱ། དེ་ནས་དབང་རྫོགས་པ་དང་ལམ་རྫོགས་པས་ན། རིགས་ཀྱི་བདག་པོས་རྒྱས་གདབ་པར་བྱ་སྟེ། ཞེས་སོ། །འདི་ལ་ཕྱིས་ཀྱི་མཁས་པ་དག་དབང་བཞི་ཆུ་རྒྱུན་གཅིག་ལས་ལེན་པ་རྒྱ་གར་བའི་གཞུང་གང་དུའང་བཤད་པ་མེད་པས་མི་དག་གོ །ཞེས་འཆད་པ་ནི་ཤིན་ཏུ་མི་རིགས་ཏེ། གྲུབ་ཆེན་མཚོ་སྐྱེས་ཀྱིས་འདི་སྐད་དུ་རིམ་པ་ཇི་ལྟ་བར་རྣམ་པ་སྣ་ཚོགས་པ་དང༌། རྣམ་པར་སྨིན་པ་དང༌། རྣམ་པར་ཉེད་པ་དང༌། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་བཞི་པོ་རྣམས་ཐོབ་པ་དང༌། དགའ་བ་དང་མཆོག་ཏུ་དགའ་བ་དང༌། དགའ་བྲལ་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་རྣམ་པ་བཞི་པོ་རྣམས་མངོན་པར་མཚོན་པ་དང༌། རྒོད་པ་དང༌། བལྟ་བ་དང༌། འཁྱུད་པ་དང༌། གཉིས་གཉིས་ཏེ་བཞི་པོ་རྣམ་པར་དག་པ་ནི། སློབ་དཔོན་དང༌། གསང་བ་དང༌། ཤེས་རབ་དང༌། མཆོག་ཏུ་བདེ་བ་ཆེན་པོའི་མཐར་ཐུག་པ་དབང་བཞི་པོ་རྣམས་བླང་ངོ༌། །དབང་བསྐུར་ནས་རང་གི་རིགས་ཀྱི་བདག་པོས་སྤྱི་བོར་མཚན་ཏོ། །ཞེས་སྐབས་འདིར་དབང་ལེན་པ་གསལ་བར་གསུངས་པའི་ཕྱིར་རོ། །གཞུང་འདིའི་དོན། དབང་རང་གི་ངོ་བོ་གང་བླང་ན། སློབ་དཔོན་སོགས་སོ། །དེས་དྲི་མ་གང་དག་ན། རྒོད་པ་དང་སོགས་སོ། །དེས་ཉམས་མྱོང་ཅི་སྐྱེ་ན་དགའ་བ་དང་སོགས་སོ། །དེ་ཇི་ཙམ་གྱི་དུས་སུ་སྐྱེ་ན་རྣམ་པ་སྣ་ཚོགས་པ་སོགས་ཏེ། གཞུང་མས་རིམ་གྱིས་བཤད་ལ། སློབ་དཔོན་བདེ་བའི་རྡོ་རྗེས། སྐུ་རྡོ་རྗེ་ལྷ་དགུའི་སྒྲུབ་ཐབས་སུའང་དོན་འདི་དང་འདྲ་བར་བཤད་དོ། །བཞི་པ་ནི། རྩ་རྒྱུད་ལས། དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ། །ཞེས་པའི་དོན་ལ་གཉིས། སྤྱིའི་དོན་དང༌། གཞུང་གི་དོན་ཏོ། །དང་པོ་ནི། རྗེ་བཙུན་རིན་པོ་ཆེས། སྤྱིར་རྡོ་རྗེ་ཐེག་པའི་ལམ་དང་འབྲས་བུ་ཐམས་ཅད་ཕྱག་རྒྱས་མཚོན་ནུས་ལ། དེའང་བསྐྱེད་པའི་རིམ་པའི་སྟེང་དུ་མཚོན་པས་ལམ་ཐམས་ཅད་མཚོན་ནུས་པ་ཡིན་ནོ། །དེ་ལ་ལྔ་སྟེ། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ། ལུས་ལ་སེམས་ཀྱི་རྒྱ། སེམས་ལ་ལུས་ཀྱི་རྒྱ། རྒྱུ་ལ་འབྲས་བུའི་རྒྱ། འབྲས་བུ་ལ་རྒྱུའི་རྒྱའོ། །དང་པོ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལ། རང་བཞིན་གྱིས་རྣམ་པར་དག་པར་ཤེས་པ་ནི། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ་སྟེ། སམྦུ་ཊ་ལས། འདོད་ཆགས་དག་པས་འདོད་ཆགས་ཉིད། །ཞེ་སྡང་དག་པས་ཞེ་སྡང་ཉིད། །གཏི་མུག་དག་པས་གཏི་མུག་སྟེ། །ཐམས་ཅད་རྣམ་དག་རྡོར་འཛིན་མགོན། །ཞེས་བྱ་བ་དང་དཔལ་མཆོག་ལས་ཀྱང༌། འདོད་ཆགས་རྣམ་པར་དག་པའི་གནས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། འདི་ཉིད་ལས་ཀྱང༌། ངོ་བོ་གཟུགས་མེད་མཐོང་བ་པོ། །ཞེས་བྱ་བ་ལ་སོགས་པའང་དེའི་དོན་ཡིན་ཏེ། དེ་མཚོན་པ་ནི་གཙོ་བོ་དང་ནང་གི་རྣལ་འབྱོར་མ་རྣམས་དང༌། སྟེང་འོག་ལ་རང་གི་རིགས་ཀྱིས་དབུ་རྒྱན་བྱས་པས་ངོ་བོ་ཉིད་ལ་ངོ་བོ་ཉིད་མཚོན་པ་ཡིན་ནོ། །ལུས་ལ་སེམས་ཀྱི་རྒྱ་ནི་ཕྱི་དང་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ལས་མ་གཏོགས་པ་གུད་ན་མེད་དོ། །ཞེས་རྟོགས་པར་བྱ་བ་དེ་མཚོན་པ་ནི། པུཀྐ་སཱི་ས་རྣམ་པར་དག་པ་དང༌། གཽ་རཱི་གཟུགས་དང་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ། རྣམ་པར་སྣང་མཛད་ཀྱི་ངོ་བོ་ལ། སེམས་ཀྱི་ངོ་བོ་མི་བསྐྱོད་པའི་རྒྱས་གདབ་པ་འདིས་མཚོན་པ་ཡིན་ནོ། །དེའང་རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ནི། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་བྱ་བ་དང༌། འཕགས་པ་ས་བཅུ་པ་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པ་ཡིན་ནོ། །སེམས་ལ་ལུས་ཀྱི་རྒྱ་ནི། སྲུང་བའི་འཁོར་ལོ་དང་གཞལ་ཡས་ཁང་ལ་སོགས་པ་ལུས་དང་ཕྱི་རོལ་བེམ་པོའི་རྣམ་འཕྲུལ་ཐམས་ཅད་སེམས་ཀྱིས་བྱེད་པ་ནི། སེམས་ལུས་སུ་སྒྲུབ་པ་སྟེ། དེ་མཚོན་པ་ནི་ཆུ་རྣམ་པར་དག་པ་ཤ་བ་རཱི་དང༌། སྒྲ་དང་ཚོར་བ་རྣམ་པར་དག་པ་ཙཽ་རཱི་གཉིས་མི་བསྐྱོད་པའི་ངོ་བོ་སེམས་ལ་རྣམ་པར་སྣང་མཛད་ལུས་ཀྱི་དབུར་བརྒྱན་པ་ནི་སེམས་ལ་ལུས་ཀྱི་རྒྱ་སྟེ། དེ་གཉིས་ཀའང་དཔལ་གསང་བ་འདུས་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་ལུས་སེམས་ལྟ་བུ་དང༌། སེམས་ལུས་ལྟ་བུ་དང༌། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་ཀུན་ཏུ་སྒོམས་ཤིག ཅེས་གསུངས་པའི་དོན་ཡང་དེ་ཡིན་ནོ། །རྒྱུ་ལ་འབྲས་བུའི་རྒྱ་ཞེས་བྱ་བ་ནི། མ་དག་པའི་ཕུང་ཁམས་སྐྱེ་མཆེད་རྣམས། དག་པ་དེ་བཞིན་གཤེགས་པ་རིགས་ལྔ་དང༌། བྱང་ཆུབ་སེམས་དཔའ་ལ་སོགས་པར་བྱིན་གྱིས་རློབ་པ་ནི་རྒྱུ་ལ་འབྲས་བུ་གནས་པ་འབྲེལ་པ་ཅན་དུ་བསྒོམ་པ་སྟེ། དེ་ནི་ཙཎྜ་ལཱི་མེ་རྣམ་པར་དག་པ་དང༌། བེ་ཏཱ་ལཱི་དྲི་དང་འདུ་ཤེས་རྣམ་པར་དག་པ་འོད་དཔག་ཏུ་མེད་པའི་ངོ་བོ་རྒྱུ་འདོད་ཆགས་རྣམ་པར་དག་པ་ལ། འདོད་ཆགས་ཀྱི་འབྲས་བུ་སེར་སྣ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པས་དེ་མཚོན་པ་ཡིན་ཏེ། གཟུགས་ཕུང་རྡོ་རྗེ་མ་ཞེས་བྱ་བ་ལ་སོགས་པའི་དོན་ཡང༌། རྒྱུ་འབྲས་བུར་བྱིན་གྱིས་རློབ་པའི་དོན་ཡིན་ནོ། །འབྲས་བུ་ལ་རྒྱུའི་རྒྱ་ཞེས་བྱ་བ་ནི། དག་པ་རིགས་ལྔ་དང་ཡེ་ཤེས་ལྔ་ཡང༌། རྒྱུ་ཕུང་པོ་དང་ཉོན་མོངས་པ་གནས་གྱུར་པ་ལས་འབྱུང་ངོ༌། །ཞེས་སྟོན་པ་ནི། རླུང་རྣམ་པར་དག་པ་གཡུང་མོ་དང༌། རོ་དང་འདུ་བྱེད་རྣམ་པར་དག་པ་གྷསྨ་རཱི་གཉིས་དོན་ཡོད་གྲུབ་པ། འབྲས་བུ་ཕྲག་དོག་གི་ངོ་བོ་ལ་རྒྱུ་འདོད་ཆགས་རྣམ་པར་དག་པ་འོད་དཔག་ཏུ་མེད་པས་རྒྱས་བཏབ་པས་དེ་མཚོན་པ་ཡིན་ཏེ། འབྲས་བུ་དེ་ཡང་རྒྱུའི་རིགས་ལས་བྱུང་བ་མཚོན་པར་བྱ་བའི་ཕྱིར་རོ། །དེ་ཡང་རྡོ་རྗེ་གུར་ལས། ཐུབ་པ་རྣམ་པར་སྣང་མཛད་རྨོངས། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །འདོད་ཆགས་དཔག་མེད་རྡོ་རྗེ་སྟེ། །སེར་སྣ་རྡོ་རྗེ་སྣང་བྱེད་ཉིད། །དོན་ཡོད་སྐྱོན་ནི་ཐམས་ཅད་བྱེད། །འདྲེན་པ་ལྔ་ནི་སྐྱོན་ལྡན་ནོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྒྱུ་འབྲས་ཀྱི་རྒྱ་ཚན་པ་དེ་གཉིས་ཀའི་ལུང་ཡང༌། ཐམས་ཅད་གསང་བ་ལས། རྒྱུ་ལ་འབྲས་བུའི་རྒྱས་གདབ་ཅིང༌། །འབྲས་བུ་ལ་ཡང་རྒྱུ་རྒྱས་གདབ། །གཞན་དུ་བསྐལ་པ་བྱེ་བར་ནི། །གྲངས་མེད་པར་ཡང་འགྲུབ་མི་འགྱུར། །ཞེས་གསུངས་ལ། སམྦུ་ཊ་ལས་ཀྱང༌། བུད་ཤིང་བསྲེགས་པའི་རིགས་པ་ཡིས། །དགྱེས་པའི་རྒྱལ་བ་གར་མཁན་མཆོག །ཅེས་གསུངས་ཏེ། བུད་ཤིང་ལ་མེའི་རིགས་དང༌། མེ་ལ་བུད་ཤིང་གི་རིགས་ཞེས་བརྗོད་པ་དང་འདྲ་བ་ཡིན་ནོ། །དེའང་རྒྱུ་འདོད་ཆགས་ལས་འབྲས་བུ་སེར་སྣ་དང་ཕྲག་དོག་འབྱུང་བས། རྒྱུ་འབྲས་དེ་གཉིས་ནི་ཕན་ཚུན་མི་བསླུ་བའི་ཕྱིར་རོ། །དེ་ཙམ་དཔེར་བཞག་ནས་འཁོར་བའི་རྒྱུ་འབྲས་དག་བྱ་དང་དག་བྱེད་ངོ་སྤྲད་པའི་ལམ་འདིས། འབྲས་བུ་སངས་རྒྱས་འགྲུབ་པ་མི་བསླུ་བ་ཡིན་ནོ། །ཡང་ཁ་ཅིག་འདི་སྐད་དུ། ཕྱོགས་ཀྱི་ལྷ་མོ་ནི་ཕུང་པོར་གང་ནས་བཤད། དྲི་དག་པ་ནི་རིན་ཆེན་འབྱུང་ལྡན་ཡིན་ལ། རོ་དག་པ་འོད་དཔག་ཏུ་མེད་པ་ཡིན་པས། དེ་གཉིས་ཀྱི་ངོ་བོ་བེ་ཏཱ་ལཱི་དང༌། གྷསྨ་རཱི་གཉིས་ལ་རང་གི་རིགས་ཀྱི་དབུ་རྒྱན་བྱུང་བས་ན། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱར་མི་འགྱུར་རམ། ཞེ་ན། ཕྱོགས་ཀྱི་ལྷ་མོ་ཕུང་པོར་བཤད་པ་ནི། རྒྱུད་འབུམ་པའི་ལུང་སློབ་དཔོན་མཚོ་སྐྱེས་ཀྱིས་གསུངས་པ་ལ། དྲི་དང་རོའི་དག་པའང་སྦྱང་གཞི་དྲི་སེར་སྣའི་ངོ་བོ་འབྲས་བུ་ལ་སྦྱོང་བྱེད་བེ་ཏཱ་ལཱི་རྒྱུ་འདོད་ཆགས་ཀྱིས་སྦྱངས་ལ་དེ་ལ་ཡང་འབྲས་བུ་སེར་སྣའི་རྒྱས་བཏབ་པས་ན་སུམ་སྦྲག་ཡིན་ལ། རོ་འདོད་ཆགས་རྒྱུ་ལ་གྷསྨ་རཱི་འབྲས་བུ་ཕྲག་དོག་གིས་སྦྱངས་ལ། དེ་ལ་འདོད་ཆགས་འོད་དཔག་ཏུ་མེད་པས་རྒྱས་བཏབ་པས་རྒྱ་སུམ་སྦྲག་ཡིན་ནོ། །དེ་ལྟར་ན་ལུས་སེམས་ལ་ཉིས་སྦྲག་ལས་མི་ཡོང་ལ། རྒྱུ་འབྲས་ལ་སུམ་སྦྲག་ཡོད་པ་ཅིའི་ཕྱིར་ཞེ་ན། རྒྱུ་འབྲས་འདི་ལམ་གྱི་གཙོ་བོ་ཡིན་པའི་ཕྱིར། སྦྱང་གཞི་ནས་མཚོན་དགོས་ལ། ལུས་སེམས་ཀྱི་དག་བྱ་དག་བྱེད་ནི། དེ་ཉིད་ཀྱི་རྫོགས་ཏེ། དེ་ཐམས་ཅད་ལ་ཡང་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ་ཞེས་བྱ་བས་ཁྱབ་དགོས་པས་དབུ་རྒྱན་རྣམས་ཀྱི་སྤྱི་བོར་ཡང་རང་གི་རིགས་ཀྱི་ཕྱག་མཚན་སྒོམ་དགོས་ཏེ། རྡོ་རྗེ་གུར་ལས། སྤྱི་བོར་རྡོ་རྗེ་འཛིན་པ་མཆོག །དེར་ཡང་རྡོ་རྗེ་མདོག་ནག་གོ །ཞེས་བྱ་བ་དང༌། ཆོས་ཀྱི་འཁོར་ལོ་སྤྱི་བོར་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཁ་ཅིག་ལོག་པར་རྟོག་པ་འདི་སྐད་དུ། པུཀྐ་སཱི་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་ན་ལུས་བརྩེགས་ན་དོན་མེད་ཅིང༌། ཤ་བ་རཱི་ལ་མི་བསྐྱོད་པས་དབུར་བརྒྱན་པ་ནི། ལུས་མེད་པའི་སེམས་རྟེན་མེད་པས་མི་མཛེས་སོ། །ཞེས་བྱ་བ་ལྷའི་དབུ་རྒྱན་རྐྱང་པ་ཙམ་མཐོང་བས། གཞུང་འདི་ཉིད་ཀྱི་གོང་དུ་བསྟན་པ་ཙམ་ཡང་མ་དྲན་པས། ལོག་པར་སྨྲ་བ་ཡིན་ཏེ། དེ་ལྟར་ན་བདག་མེད་མ་ལ་མི་བསྐྱོད་པ་དང༌། རྡོ་རྗེ་མ་ལ་རྣམ་སྣང་གི་དབུ་རྒྱན་ཡང་མི་མཛེས་པར་འགྱུར་རོ། །དེ་ལྟ་ན་ལུས་སྤངས་ནས་ནི་སེམས་ཀྱིས་ནི། །ཞེས་པ་དང༌། སེམས་སྤངས་ནས་ནི་ལུས་ཀྱིས་ནི། །ཞེས་བྱ་བའི་གཞུང་ཇི་ལྟར་དྲང༌། ཞེ་ན། དེ་ཉིད་སྔར་སྨོས་པ་བཞིན་དུ་ཆོས་ཐམས་ཅད་སེམས་སུ་བསྒྲུབ་པ་དང༌། སེམས་ཉིད་ཀྱང་རྟེན་དུ་བསྒྲུབ་པ་ལ་སོགས་པའི་དགོས་པ་ཡིན་ཏེ། མདོར་ན་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཕྱག་རྒྱའི་གདབ་ཚུལ་ལྔ་པོ་འདིས་མཚོན་པ་ཡིན་ནོ། །ཞེས་རྣམ་བཤད་དག་ལྡན་ལས་འབྱུང་ལ། དེ་ལ་རྒྱས་འདེབས་ཀྱི་ལྷའི་སྤྱི་བོར་ཕྱག་མཚན་གྱི་རྒྱས་འདེབས་བཤད་པའི་དོན་རྗེ་བཙུན་ཉིད་ཀྱིས། དབུ་རྒྱན་རྣམས་ནི་རང་རང་གི་རིགས་དང་རྗེས་སུ་མཐུན་པའི་དབུ་རྒྱན་ཡིན་ཞིང༌། དེ་དག་གི་སྤྱི་བོར་ཡང་རང་གི་རིགས་ཀྱིས་མཚན་པ་ཡིན་ཏེ། དེ་ཡང་མ་དག་པ་ལྷར་བྱིན་གྱིས་རློབ་པ་ནི། སྣང་བ་ཀུན་བརྟགས་ལ་གཞན་དབང་གི་ཕྱག་རྒྱ་ཡིན་ལ། སྤྱིར་ངོ་བོ་ཉིད་ལ་ངོ་བོ་ཉིད། ལུས་ལ་སེམས་ཀྱི་རྒྱ་ལ་སོགས་པ་འབྱུང་བ་ནི། གཞན་དབང་ལ་གཞན་དབང་གི་རྒྱ་ཡིན་ཞིང༌། དེའི་སྤྱི་བོར་རང་གི་རིགས་ཀྱི་མཚན་མ་འབྱུང་བ་ནི། ལྷ་ཐམས་ཅད་ཀྱང་རང་བཞིན་མེད་པར་སྒྲུབ་པ་གཞན་དབང་ལ་ཡོངས་སུ་གྲུབ་པའི་རྒྱ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །ངོ་བོ་ཉིད་གསུམ་གྱི་ངོས་འཛིན་མི་འདྲ་ཡང༌། དབུ་མ་པའི་སློབ་དཔོན་རྣམས་ལ་ཡང་ཐ་སྙད་མེད་པ་མ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཐམས་ཅད་ཞལ་གྱིས་བཞེས་པ་ཡིན་ནོ། །རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པ་རྣམས་སྤྲུལ་སྐུའི་རྣམ་པ་ཅན་དུ་དུས་འཁོར་དུ་བཤད་ཀྱང༌། དེ་ནི་གཞུང་དེ་ཁོ་ནའི་དགོངས་པ་ཡིན་ལ། བླ་མེད་གཞན་རྣམས་ལ་ཨ་བྷ་ཡས། རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ནི་རང་འོད་ཀྱི་ཡུམ་དང་བཅས་པའོ། །ཞེས་གསུངས་པ་ལྟར་བྱའོ། །གཉིས་པ་ནི། སྔར་བཞིན་དབང་བསྐུར་བའི་མཐའ་རུ་ཉིན་འབྱུང་གིས། དབང་བསྐུར་བའི་ཆུ་ལས་འཁྲུངས་པའི་མི་བསྐྱོད་པ། ཞེས་གསུངས་པ་ལྟར། ཆུ་ལྷག་མ་ཡར་ལུད་པ་ལས་ནི་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཆེན་པོས་གཙོ་བོའི་སྤྱི་བོར་ཅོད་པཎ་གྱི་ཚུལ་དུ་བཞུགས་པའོ། །མི་བསྐྱོད་པ་དེ་ནི་གཙོ་བོ་ཡབ་ཡུམ་ལ་རྒྱས་འདེབས་པར་མ་ཟད་ཡང་ནི་གཽ་རཱི་དང༌། པུཀྐ་སཱི་ལ་འདིའི་ཕྱག་རྒྱས་གདབ་པའོ། །སངས་རྒྱས་ཏེ་རྣམ་སྣང་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དེ། དེ་བཞིན་གཤེགས་པ་འདི་གསུམ་པོ་ཡང༌། ཙཽ་རཱི་ལ་སོགས་པའི་ཕྱོགས་མ་གསུམ་དང༌། རི་ཁྲོད་མ་ལ་སོགས་པའི་མཚམས་མ་གསུམ་སྟེ། ཕྱི་མ་དྲུག་ལ། ལྷ་མོ་ཕྱོགས་མ་རེ་དང༌། མཚམས་མ་རེ་སྟེ་གཉིས་གཉིས་ལ་རྣམ་སྣང་ལ་སོགས་པ་གསུམ་གྱིས་གོ་རིམ་བཞིན་དུ་རྒྱས་བཏབ་སྟེ། མར་མེ་མཛད་ཀྱིས། བདག་ལ་མི་བསྐྱོད་རྡོ་རྗེ་ཡིས། །ཕྱོགས་ཀྱི་ལྷ་མོ་བཞི་པོ་ལ། །མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང༌། །འོད་དཔག་མེད་དང་བཞི་ཡང་བསྒོམ། །དེ་བཞིན་ཞེ་སྡང་གཏི་མུག་དང༌། །སེར་སྣ་འདོད་ཆགས་བཞི་ཡིས་ཀྱང༌། །པུཀྐ་སཱི་སོགས་མཚམས་བཞི་ལ། །རིམ་པར་སྤྱི་བོར་མཚན་པར་བསྒོམ། །ཞེས་སོ། །དེ་ལྟར་རྒྱས་འདེབས་ཀྱི་ཚུལ་འདི་ལ་རྒྱ་གར་བའི་གཞུང་རྣམས་ལ་མི་འདྲ་བ་མི་སྣང་ངོ༌། །ལྔ་པ་ནི་དེ་ལྟར་དབང་བསྐུར་བ་ནི། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་གོ་འཕང་ལ་བཞག་པའི་དོན་ཡིན་པས། དེ་ལྟ་བུའི་ང་རྒྱལ་བྱ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ནི་སྔར་བཞིན། ཨ་བྷི་མངོན་པར། ཥེ་ཀ་ཏ། དབང་བསྐུར་བ། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ནི་སྔར་བཞིན་ཏེ། དེའི་དོན་ལ་སེམས་བཞག་གོ །བཞི་པ་ནི། དེ་ནས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཕྱིར། བདུད་རྩིས་གང་བའི་ཐོད་པ་མདུན་དུ་བཞག་པའམ། མེད་ན་བསམས་པས་ཀྱང་རུང་སྟེ། དེ་ཉིད་བྱིན་གྱིས་བརླབ་པའི་ཕྱིར་འོག་ཏུ་འབུད་པ་སྟེ་རླུང་དང༌། འབར་བ་སྟེ་མེ་དང༌། དེའི་སྟེང་དུ་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་དང༌། དེའི་ནང་དུ་ལྕགས་ཀྱུ་ལྔ་སྟེ་ཤ་ལྔ་དང༌། ཡེ་ཤེས་ལྔ་ས་བོན་ལྔར་གྱུར་པར་བསྒོམ་པའི་ཚུལ་གྱིས་ཆང་བདུད་རྩིར་བྱིན་གྱིས་བརླབས་ནས་རོ་མྱོང་བར་བྱེད་པ་པོ་ལྗགས་ལ་རྡོ་རྗེ་ནས་ཀྱི་འབྲུ་ཙམ་བསམས་ཏེ། དཔལ་ཀྱེ་རྡོ་རྗེའི་ང་རྒྱལ་གྱིས་བླང་ངོ་སྟེ་མྱང་བར་བྱ་སྟེ། དོན་གསལ་མཁན་པོས། དེ་ནས་ཡཾ་ལས་རླུང་དང་རཾ་ལས་མེའི་སྟེང་དུ་ཨ་ལས་ཐོད་པའོ། །དེའི་ནང་དུ་ཟླ་བ་དང་ཉི་མའི་དཀྱིལ་དུ་ཧཱུྃ་ལས་རྡོ་རྗེ་དེའི་ལྟེ་བ་ལ་ཧཱུྃ། ཟླ་བའི་བར་དུ་བྷྲཱུྃ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ། རྣམས་ལས་སངས་རྒྱས་ལྔ་བསྐྱེད། གོ་ཀུ་ད་ཧ་ན་རྣམས་ལས་སེམས་ཅན་ལྔ་བསྐྱེད་དེ། མེ་སྦར་བས་དེ་དག་འོད་དུ་ཞུ་བ་ལ། རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་འཕྲོས་པས། ཕྱོགས་བཅུའི་བདུད་རྩི་བཀུག་ནས་ཐིམ་པར་གྱུར་པ་ལ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ལྷ་རྣམས་ཀྱི་ལྕེ་ལ་རྡོ་རྗེ་ནས་ཀྱི་འབྲུ་ཙམ་བསམས་ལ་བདུད་རྩི་མྱང་བར་བྱའོ། །ཞེས་གསུངས་ཏེ། འདི་ནི་མི་ཐུབ་ཟླ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་སྣང་ངོ༌། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་སྔར་བཞིན། ཨ་མྲྀ་ཏ་བདུད་རྩི། སྭ་ད་ན་བཟང་པོ། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྔར་བཞིན་ཏེ། བདུད་རྩི་མྱོང་བ་པོ་འོད་དཔག་མེད་ཀྱི་ངོ་བོ་ང་ཡིན་སྙམ་པའི་ང་རྒྱལ་བཟུང་ངོ༌། །འདི་དག་རྒྱས་པར་གཏོར་ཆོག་གི་རྣམ་བཤད་དུ་བྲིས་ཟིན་པས་དེར་ཤེས་པར་བྱའོ། །ལྔ་པ་ནི། དེ་ནས་ཡེ་ཤེས་ཀྱི་སྣང་བ་ལས་བྱུང་བའི་མཆོད་པ་སྣ་ཚོགས་ཀྱིས་མཆོད་པའི་ཕྱིར། གཽ་རཱི་ལ་སོགས་པའི་ལྷ་མོ་འདི་བརྒྱད་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཕྱིར་ནི། སྙིང་ག་ནས་སྤྲོས་ཤིང་ཕྱོགས་མཚམས་བརྒྱད་དུ་རང་རང་གི་མཆོད་རྫས་ཐོགས་པས་འཁོད་ནས། འཁོར་ལོའི་བདག་པོ་གཙོ་བོ་ཡབ་ཡུམ་དང་ནི་འཁོར་ལོའི་བདག་ཉིད། འཁོར་རྣམས་ལ་རང་གི་སེམས་ཀྱིས་སྤྲུལ་པའི་ལྷ་མོས་སྔོན་ཚོགས་རྟེན་གྱི་སྐབས་ལྟར་མཆོད་དེ། རིན་ཆེན་འབར་བར། དེ་ནས་མཁའ་འགྲོའི་ཚོགས་སྤྲོས་པས། །ཟླ་ཉི་ཆུ་སྨན་རྡོ་རྗེ་རོ། །ཅང་ཏེའུ་སྒྲ་དང་འཁྱུད་པ་སྟེ། །གཙོ་བོ་ནས་བརྩམས་རིམ་བཞིན་མཆོད། །ཅེས་སོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་སྔར་བཞིན། པཱུ་ཛ་མཆོད་པ། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྔར་བཞིན། དེ་ལྟར་བརྗོད་ཅིང་དེ་བཞིན་གཤེགས་པ་རྣམས་མཆོད་པ་པོ་དོན་ཡོད་གྲུབ་པའི་ངོ་བོ་ང་ཡིན་སྙམ་དུ་ང་རྒྱལ་བཟུང་ངོ༌། །དྲུག་པ་ནི་དེ་ནས་མཆོད་པ་བྱེད་མཁན་གྱི་རྣལ་འབྱོར་མ་ནི་བརྒྱད་པོ་དེ་དག་གིས་འཁོར་ལོའི་གཙོ་བོ་ལ། ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པར་བྱ་སྟེ། གུར་ལས་འབྱུང་བའི་བསྟོད་པ་གཞུང་འདིར་བཤད་པ་ནི་འགྱུར་ཅུང་ཟད་མི་བདེ་ཞིང༌། རྒྱུད་ཉིད་ལས། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་མཆོག་བརྙེས་པ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བསྒྲུབས་ཤིང༌། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པ་རྡོ་རྗེ་འཕེན་མཛད་པ། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགྱེས། །ཞེས་འགྱུར་བཅོས་པ་ལྟར་བཤད་ན། དཀྱིལ་འཁོར་གྱི་གཙོ་བོ་ཁྱོད་ནི་བདག་མེད་མ་ལ་སོགས་པའི་ལྷན་ཅིག་སྤྱོད་མ་དང་གཽ་རཱི་ལ་སོགས་པའི་རྗེས་སུ་འབྲང་མའི་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས། ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱོད་པ་སྟེ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་དང༌། བདེ་ཆེན་ཞེས་བྱ་བ་ཡན་ལག་གསུམ་དང་ལྡན་པ་ལོངས་སྐུའི་མཚན་ཉིད་དོ། །གཙོ་བོ་ཁྱོད་ནི་དེ་ཁོ་ན་ཉིད་ཀྱི་དོན་ཐུགས་སུ་ཆུད་པས་ཐུགས་རྣམ་པར་མི་རྟོག་པ་ཆོས་ཀྱི་སྐུའི་དངོས་གྲུབ་ཀྱི་མཆོག་བརྙེས་པ་སྟེ། རང་བཞིན་མེད་པའི་ཡན་ལག་ཆོས་སྐུའི་མཚན་ཉིད་དོ། །སྤྲུལ་པའི་སྐུ་ཁྱོད་ཀྱིས་ཕྲིན་ལས་ཀྱི་སྒོ་ནས་རྒྱུ་བ་བཅུད་ཀྱི་སེམས་ཅན་དང༌། མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་ན་གནས་པའི་འགྲོ་བ་ཀུན་གྱི་དོན་འབད་མེད་དུ་བསྒྲུབས་ཤིང༌། དེའི་རྒྱུ་ཡང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་སད་པ་སྟེ། སྒྲོལ་བར་མཛད་པའོ། །ཚུལ་ཇི་ལྟར་ན་གདུལ་བྱ་གང་ལ་གང་འདུལ་གྱི་རྣམ་པར་སྟོན་པས་རྡོ་རྗེ་སྟེ། སྟོང་ཉིད་ཆོས་སྐུའི་ངང་དུ་འཕེན་པ་སྟེ་སྒྲུབ་པའམ། དེའི་གོ་འཕང་ལ་འགོད་པར་མཛད་པ་སྟེ། སྙིང་རྗེས་ཡོངས་སུ་གང་བ་དེས། རྒྱུན་མི་འཆད་པ་དང༌། འགོག་པ་མེད་པའི་ཡན་ལག་གསུམ་དང་ལྡན་པ་སྤྲུལ་སྐུའི་མཚན་ཉིད་དོ། །ཧེ་རུ་ཀ་དཔལ་ནི་རྩ་རྒྱུད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པ་ལྟར་གྱི་ཡི་གེ་བཞིའི་དོན་བསྟན་གྱི་ཧེ་རུ་ཀ་དཔལ་ཁྱོད་ཀྱི་རང་བཞིན་ནི། རྡོ་རྗེ་སྟེ་སྟོང་ཉིད་ཆོས་ཀྱི་སྐུ་དང་ཡིད་ཀྱི་དགྱེས་པ་ཆེན་པོ་འགྱུར་མེད་ཀྱི་བདེ་བ་བརྙེས་པ་ནི་བདེ་བ་ཆེན་པོའི་སྐུ་སྟེ། བདེ་སྟོང་ཟུང་དུ་འཇུག་པའི་ལྷ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ཏོ། །སྒྲུབ་ཐབས་ཀྱི་གཞུང་ཕལ་ཆེ་བར། བསྟོད་པ་འདི་ཁོ་ན་འབྱུང་ལ། རིན་ཆེན་འབར་བར། འགྲོ་བ་དུག་ཆེན་མི་བཟད་པས། །ཁྱབ་པར་བཞུགས་ནས་ཧེ་རུ་ཀ །སྣ་ཚོགས་ཚུལ་གྱིས་བདུད་རྩིར་བསྒྱུར། །སྨན་མཆོག་དཔའ་བོ་ཁྱེད་ལ་འདུད། །ཅེས་པའང་བཤད་དོ། །དེ་ལྟར་བསྟོད་པ་བྱས་པའི་རྗེས་སུ། མཆོད་བསྟོད་བྱེད་མཁན་གྱི་ལྷ་མོ་རྣམས་རང་གི་སྙིང་གར་ཐིམ་པར་བསམས་ལ་ང་རྒྱལ་བཟུང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྔར་བཞིན། སྟུ་ཏི་ནི་བསྟོད་པ། བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། སྔར་བཞིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་བརྗོད་པ་པོ་རིན་ཆེན་འབྱུང་ལྡན་ང་ཡིན་སྙམ་དུ་སེམས་མཉམ་པར་བཞག་གོ །འདིར་མི་ཐུབ་ཟླ་བས། ཀུ་མུ་ཏི། གུར་གྱི་སྒྲུབ་ཐབས་རྣམས་དང༌། རིན་ཆེན་འབར་བ། དོན་གསལ་མཁན་པོ། གཉིས་མེད་རྡོ་རྗེ། མར་མེ་མཛད། ཀཾ་པ་ལ་རྣམས་ཀྱིས། བདུད་རྩི་མྱང་བ། མཆོད་པ། བསྟོད་པ་གསུམ་གྱི་གོ་རིམ་སྒྲུབ་ཐབས་འདི་དང་འདྲ་བར་བཤད་ལ། འོན་ཀྱང་མཆོད་པའི་སྐབས་སུ་གཉིས་མེད་རྡོ་རྗེས། གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་འཛིན་པ། དེ་བཞིན་དུ་སྒྲ་རྡོ་རྗེ་མ་སྔོན་མོ་པི་ཝང༌། དྲི་རྡོ་རྗེ་མ་སེར་མོ་དུང་ཆོས། རོ་རྡོ་རྗེ་མ་དམར་མོ་རོའི་སྣོད། རེག་རྡོ་རྗེ་མ་ལྗང་གུ་གོས། ཆོས་དབྱིངས་རྡོ་རྗེ་མ་དཀར་མོ་ཆོས་འབྱུང་འཛིན་པ་རྣམས་ཀྱིས་མཆོད་པར་འདོད། མར་མེ་མཛད་ཀྱིས། ཧཱུྃ་གི་ས་བོན་གྱིས་བཀུག་ནས། །སངས་རྒྱས་ཐམས་ཅད་ཞལ་དུ་ཞུགས། །ཕྱིར་འཕྲོས་མཆོད་པའི་ལྷ་མོ་ཡིས། །རིམ་པར་མཆོད་ནས་རང་གནས་ཐིམ། །ཞེས་གསུངས་པ་ལྟར། སྙིང་གའི་ས་བོན་གྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས། ཐུགས་ཀར་ཞུ་ནས་ཐིག་ལེར་བྱས་ཏེ་ཡུམ་གྱི་མཁར་བབས་པ་རྣམས། གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་དུ་གྱུར། ཕྱིར་འཕྲོས་ནས་མཆོད་པར་བསམ་པ་སྟེ། ལྷའི་རིགས་ཀྱི་བློ་གྲོས་ཀྱིས་ཀྱང་འདི་བཞིན་དུ་བཤད་དོ། །ཡང་དཔལ་མཆོག་ཌོམྦྷི་པ། ཤཱནྟི་པ། ཉིན་འབྱུང༌། ནག་པོ་པ། ཛ་ལནྡྷ་རི་པ་རྣམས་ཀྱིས་ཐོག་མར་མཆོད་པ། བསྟོད་པ། བདུད་རྩི་མྱང་བ་གསུམ་གོ་རིམ་བཞིན་དུ་བཤད་ལ། མཚོ་སྐྱེས་དང་བྱང་ཆུབ་སྙིང་པོས། འདི་གསུམ་བྱེད་པའི་གསལ་ཁ་མེད་པ་ནི། རྒྱས་བསྡུས་ཀྱི་དབང་དུ་བྱས་པ་ཡིན་ལ། རྗེ་བཙུན་རྩེ་མོའི་ཡན་ལག་བཞི་པར་ཡང་དེ་བཞིན་དུ་བཤད་དོ། །གཉིས་པ་ནི། དེ་ལྟར་བསྒོམས་པའི་ཡན་ལག་དྲུག་པོ་དེ་ཉིད་ཀྱང༌། དེ་བཞིན་གཤེགས་པ་རིགས་དྲུག་གི་རང་བཞིན་དུ་ཤེས་པར་བྱ་སྟེ། དེ་ལ་རྡོ་རྗེ་སེམས་དཔའི་ཡན་ལག་ནི་རྗེས་སུ་ཆགས་པར་བྱེད་པ་དང༌། སངས་རྒྱས་རྣམ་སྣང་གི་ཡན་ལག་ནི། གཞལ་ཡས་ཁང་གི་བྱེ་བྲག་ཏུ་བསྒོམ་པའོ། །དབང་བསྐུར་བ་ནི་མི་བསྐྱོད་པའི་ཡན་ལག་དང༌། བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་དང༌། མཆོད་པ་དོན་ཡོད་གྲུབ་པའི་དང༌། བསྟོད་པ་རིན་འབྱུང་གི་ཡན་ལག་སྟེ། རྒྱལ་བ་དྲུག་གི་ངོ་བོ་ཡན་ལག་དྲུག་གི་བསྐྱེད་རིམ་འདི་བསྒོམ་པའི་རྣལ་འབྱོར་པ་དེ་ནི་མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཐོབ་པར་འགྱུར་རོ། །གསུམ་པ་ནི་དེ་ལྟར་ཡན་ལག་དྲུག་པོ་དེ། དེ་བཞིན་གཤེགས་པ་དྲུག་གི་ཡན་ལག་ཡིན་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ཕོ་བྲང་གཞལ་ཡས་ཁང་ཡང་སྐུ་ཡིན་ལ་སངས་རྒྱས་རྣམ་པར་སྣང་མཛད་ཀྱང་སྐུ་ཡིན་པས་ན། གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་དང༌། དབང་བསྐུར་བའི་གཙོ་བོ་ནི་ཆུ་ཡིན་ལ། མི་བསྐྱོད་པ་དེ་བཞིན་གཤེགས་པ་ཡང་ཆུ་རྣམ་པར་དག་པ་ཡིན་པའི་ཕྱིར། དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་དང༌། བདུད་རྩི་མྱང་བའང་མགྲིན་པར་ཉམས་སུ་མྱོང་ལ་འོད་དཔག་ཏུ་མེད་པ་ཡང་གསུང་རྣམ་པར་དག་པའི་ཕྱིར། བདུད་རྩི་མྱང་བ་འོད་དཔག་ཏུ་མེད་པའི་ཡན་ལག་དང༌། བསྟོད་པ་ཡང་ཡོན་ཏན་ཡིན་ཞིང༌། རིན་ཆེན་འབྱུང་ལྡན་དཔལ་ཡང་ཡོན་ཏན་ཡིན་པའི་ཕྱིར། བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་དང༌། མཆོད་པའང་ཕྲིན་ལས་ཡིན་ལ་དོན་ཡོད་གྲུབ་པ་ཡང་ཕྲིན་ལས་དག་པ་ཡིན་པའི་ཕྱིར། མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་ཏུ་ཡང་དག་པར་བརྗོད་དོ། །རྗེས་སུ་ཆགས་པ་ནི་བདེ་བ་ཆེན་པོ་ཡིན་ལ། ལམ་བྱང་ཆུབ་ཀྱི་སེམས་ཀྱང་རྗེས་སུ་ཆགས་པ་དང་ཆོས་མཐུན་ཞིང༌། སངས་རྒྱས་ཀྱི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཡིན་པ་དང་རྡོ་རྗེ་སེམས་དཔའ་ཡང་སངས་རྒྱས་ཀྱི་རྩ་བ་ཡིན་པའི་ཕྱིར། རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་ཏུ་གསུངས་ཏེ། མངོན་པར་རྟོགས་པའི་རྩ་བ་ཡང༌། དམ་ཚིག་པ་བསྐྱེད་པ། སྐྱེ་མཆེད་དང་སྒོ་གསུམ་བྱིན་གྱིས་བརླབ་པ། ཡེ་ཤེས་པ་གཞུག་པ་རྣམས་ཡིན་པས་སོ། །ཞེས་རྗེ་བཙུན་རིན་པོ་ཆེས་གསུངས་ལ། ཐོགས་མེད་གྲགས་ལ་སོགས་པའི་བོད་ཀྱི་ཀྱེ་རྡོ་རྗེ་བ་གཞན་རྣམས་ཀྱང་དེ་བཞིན་དུ་འཆད་དོ། །བཞི་པ་ནི། ཕྱག་ཆེན་མཆོག་གི་དངོས་གྲུབ་འདི་ཉིད་ཐོབ་པ་ལ་ནི་དུས་ཤིན་ཏུ་ཉེ་བར་གྱུར་བའི་རྟགས་རྣམས་མཐོང་བར་འགྱུར་རོ། །རྒྱུ་གང་གིས་ན། རྒྱུ་འབྲས་ཐམས་ཅད་ཡན་ལག་དྲུག་གི་རྣམ་རོལ་དུ་ཤར་བའི་བསྐྱེད་པའི་རིམ་པ་འདི་ནི་བསྒོམས་པས་སོ། །དེའང༌། ཁམས་དྲུག་ཡུལ་དྲུག་དབང་པོ་དྲུག །རྣམ་ཤེས་དྲུག་དང་ཉོན་མོངས་དྲུག །ཁ་དོག་དྲུག་དང་རིགས་དྲུག་དང༌། །ཕུང་པོ་དབྱིངས་དང་བཅས་པ་དྲུག །སྦྱངས་ནས་རྒྱལ་བ་རིགས་དྲུག་པོ། །ཐོབ་བྱེད་ཡན་ལག་དྲུག་པ་ཡི། །མངོན་པར་རྟོགས་པའི་ཚུལ་འདི་ནི། །ཞེས་པ་ལྟར་རོ། །ངོ་བོ་གང་མཐོང་ན། དུས་དང་པོར་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་མི་གསལ་བའི་ཚུལ་གྱིས་མཐོང་བས་ཟླ་བ་སྤྲིན་གྱིས་བསྒྲིབས་པ་དང་འདྲ་བར་མཐོང་ངོ༌། །དུས་གཉིས་པ་དུ་བ་འདྲ་བ་སྟེ། དཀྱིལ་འཁོར་ཐམས་ཅད་སྣང་ཡང་རང་བཞིན་མེད་པ་བུན་ལོང་དུ་གྱུར་པ་སྟེ། དུས་གསུམ་པ་ལ་ནི་དཀྱིལ་འཁོར་དེ་ཉིད་སྒོམ་པའི་ཚེ་རང་གི་ཤེས་པ་ལ་མེ་སྟག་གམ་དམར་འོད་ཀྱི་ཚུལ་དུ་མཐོང་བ་ནི། གློག་གི་རྣམ་པའོ། །དུས་བཞི་པར་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བར་སྣང་བ་ནི་མར་མེ་འབར་བ་ལྟ་བུ་དང༌། དུས་ལྔ་པར་ཤིན་ཏུ་གསལ་པའི་སྣང་བ་ཅན་དུ་མཐོང་བ་ནི། ཐམས་ཅད་སྣང་བའི་རྟགས་ཏེ། སྤྲིན་མེད་པའི་ནམ་མཁའ་དང་འདྲ་བར་གྱུར་པའོ། །མཉམ་གཞག་ཏུ་དེ་ལྟར་མཐོང་བའི་ཕྱིས་ནི། དཀྱིལ་འཁོར་རྣམས་སྒྱུ་མའི་རྣམ་པ་དང་མཚུངས་ཤིང༌། རྨི་ལམ་ལྟ་བུའི་རྣམ་པའི་སྐད་ཅིག་མ་མཐོང་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། རྗེས་ཐོབ་སྒྱུ་མ་ལྟ་བུའི་ཚུལ་དུ་མོས་པའོ། །དེ་སྐད་དུ་ཡང་རྡོ་རྗེ་གུར་ལས། མཚན་མ་ཡང་དག་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཉིད། །གསུམ་པ་མེ་ཁྱེར་རྣམ་པ་སྟེ། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་འགྱུར་བ་ཡིན། །ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པར་སྐད་ཅིག་འགྱུར། །ཁམས་གསུམ་རྒྱུ་དང་མི་རྒྱུ་བའི། །མ་ལུས་ལུས་པ་མེད་པར་འགྲུབ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེ་ལུས་ཅན་རྣམས། །ཡེ་ཤེས་ཕུང་པོའི་བློ་ལྡན་པ། །དེ་ཡི་རྗེས་སུ་ཐམས་ཅད་འབྲང༌། །ཇི་སྲིད་སྐྱེ་གནས་ལས་བྱུང་བ། །ཁམས་གསུམ་ལམ་ནི་ཉམས་དགའ་བར། །ཕྱག་རྒྱ་ཆེན་པོ་རབ་སྦྱོར་བས། །དེ་རྣམས་ཐམས་ཅད་བཟའ་བར་བྱ། །ཞེས་གསུངས་སོ། །འདིའི་དོན་གུར་རྒྱན་དུ། དུ་སོགས་རྟགས་ལྔ་ལ། དྲོད། རྩེ་མོ། བཟོད་པ། ཆོས་མཆོག མཐོང་ལམ་དང་སྦྱར་ནས། ཕྱིས་ནས་སྒྱུ་མའི་རྣམ་པ་ལྟར། །ཞེས་སོགས་ཀྱིས་བསྒོམ་ལམ་དང༌། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཞེས་སོགས་ཀྱིས་མཐར་ཕྱིན་པའི་ལམ་དང༌། ཇི་སྲིད་སྐྱེ་གནས་ལས་བྱུང་བ། །ཞེས་སོགས་སངས་རྒྱས་ཀྱིས་དངོས་ལ་འཆད་དོ། །མཁས་པ་ཁ་ཅིག སྤྲིན་ལ་སོགས་པའི་རྟགས་ལྔ་ནི། རྫོགས་རིམ་བསྒོམས་པ་ལས་བྱུང་བ་ཡིན་གྱི། བསྐྱེད་རིམ་གྱི་རྟགས་མ་ཡིན་ནོ་ཞེས་འཆད་པ་ནི་ཤིན་ཏུ་མི་འཐད་དེ། སྒྲུབ་ཐབས་འདི་དང་གུར་གྱི་སྒྲུབ་ཐབས་ལས། བསྐྱེད་རིམ་གྱི་རྟགས་སུ་བཤད་པའི་ཕྱིར་དང༌། དོན་གསལ་མཁན་པོས། དེ་ལྟར་བསྒོམས་པ་ལས། དང་པོ་སྤྲིན་ལྟ་བུ་དང༌། གཉིས་པ་དུ་བ་ལྟ་བུ་དང༌། གསུམ་པ་གློག་གི་རྣམ་པ་ལྟ་བུ་དང༌། བཞི་པ་མར་མེ་ལྟ་བུ་དང༌། ལྔ་པ་ཐམས་ཅད་གསལ་བའི་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་སྟེ། ཕྱིས་སྒྱུ་མ་དང་རྨི་ལམ་དང་མཚུངས་པར་འགྱུར་རོ། །ཞེས་བསྐྱེད་རིམ་རྫོགས་པའི་རྗེས་ཁོ་ན་ལ་གསུངས་ཤིང༌། དེའི་རྗེས་སུ་རྫོགས་རིམ་འཁོར་ལོ་བཞིའི་རྣལ་འབྱོར་བཤད་པའི་ཕྱིར་རོ། །སྤྱི་དོན་གཉིས་པ། གཞུང་དུ་མ་བཤད་པའི་གནད་ཀྱི་དོན་ཁ་བསྐང་ཏེ་བཤད་པ་ལ་གསུམ། སྔར་བཤད་པའི་བསྐྱེད་རིམ་དེ་ལྷའི་རྣལ་འབྱོར་གཞན་ལས་ཁྱད་དུ་འཕགས་ཚུལ། དེའི་ཁྱད་པར་གྱི་འཕགས་ཆོས་དངོས་བཤད་པ། དེ་རྒྱུད་འགྲེལ་གྱི་དགོངས་པ་ཡིན་ཚུལ་ལོ། །དང་པོ་ནི། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་བཤད་པའི་བསྐྱེད་རིམ་ཤིན་ཏུ་ཟབ་པར་གསུངས་པའི་ངོ་བོ་ཡང༌། མདུན་དུ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆོ་གའི་ཡན་ལག་མང་པོས་བསྐྱེད་ནས། དངོས་གྲུབ་ལེན་པ་ཙམ་ལ་མི་འདོད་དེ། དེ་ནི་བྱ་བའི་རྒྱུད་ཀྱི་ལྷ་བསྒྲུབ་པའི་རིམ་པ་དང་ཁྱད་པར་མེད་པར་འགྱུར་བའི་ཕྱིར་རོ། །རང་ཉིད་ལྷའི་ང་རྒྱལ་འཛིན་པ་ཙམ་ལའང་མི་འདོད་དེ། སྤྱོད་རྒྱུད་ཀྱི་ལྷའི་རྣལ་འབྱོར་དང་ཁྱད་པར་མེད་པར་འགྱུར་བའི་ཕྱིར་རོ། །རང་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་ཀྱི་ང་རྒྱལ་འཛིན་པ་ཙམ་ལའང་མི་འདོད་དེ། རྣལ་འབྱོར་གྱི་རྒྱུད་དང་ཁྱད་པར་མེད་པར་འགྱུར་བའི་ཕྱིར་དང༌། དེ་གཉིས་ཀ་ཡང་ཕྱག་རྒྱ་ཆེན་པོ་རྟོགས་པའི་ཐབས་མ་ཡིན་པའི་ཕྱིར། ལྷ་སྐུ་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ཅན་ལའང་མི་འདོད་དེ། དེ་ནི་བསྒོམ་བྱའི་ལྷའི་རྣམ་པའི་ཟབ་ཁྱད་ཡིན་གྱི། སྒོམ་ཚུལ་གྱི་ཁྱད་ཆོས་མ་ཡིན་པའི་ཕྱིར་རོ། །དེ་བས་ན་སྦྱང་གཞི་དང་མཐུན་པར་བསྒོམ་པའི་བསྐྱེད་རིམ་ཁྱད་པར་ཅན་ཡིན་ཏེ། སློབ་དཔོན་སྨན་ཞབས་ཀྱིས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་བྱེད་པ་ནི་འདི་ལྟ་སྟེ། གང་དག་སེམས་ཇི་ལྟ་བ་བཞིན་དུ་བརྟག་པའི་ཐབས་ལ། བརྩོན་འགྲུས་འབར་བ་དང་ལྡན་པ་རྣམས་ཀྱིས་བསྐྱེད་པ་དང་རྫོགས་པའི་རིམ་པས་སྐད་ཅིག་རེ་རེ་ལ་ཡང་སྣོད་དང་བཅུད་ལམ་དང་འབྲས་བུ་བཅས་པར་སྦྱོང་བར་བྱེད་ཅིང༌། རྣལ་འབྱོར་དང་ཕྱག་རྒྱ་ལ་བརྟེན་ནས་ཚེ་འདི་ཉིད་ལ་རབ་དང་རབ་ཀྱི་མཐར་ཕྱིན་པར་འགྱུར་བ་སོམ་ཉི་མེད་པས་ན་བླ་ན་མེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །སྦྱང་གཞི་ཡང་འདྲ་ཆོས་བསྒྲིག་པ་དང་ཆོས་མཐུན་སྦྱོར་བ་དང༌། ཆ་རེ་བ་ཙམ་གྱིས་མི་ཆོག་གི སྐུ་གསུམ་མམ་བཞི་ལམ་དུ་བྱེད་པའི་ཕྱིར། གཞི་དུས་ཀྱི་སྐྱེ་འཆི་བར་དོ་གསུམ་ཇི་ལྟར་ཡོད་པ་བཞིན་དུ་ལྟའི་རྣལ་འབྱོར་བསྒོམས་པས་དངོས་གྲུབ་ཐོབ་པར་བཤད་དེ། མི་གཡོ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ལུས་ནི་དྲང་པོར་མཉམ་གནས་ནས། །རྩེ་གཅིག་ཡིད་ཀྱིས་བསམ་གཏན་བྱ། །སྐུ་བཞི་ཡི་ནི་རང་བཞིན་ཕྱིར། །ཐ་དད་མེད་པའི་ཡིད་ཀྱིས་སོ། །སླར་ཡང་བྱང་ཆུབ་དབྱེར་མེད་པས། །ཐབས་དང་ཤེས་རབ་ཉིད་དུ་འདོད། །འཆི་བ་ཉིད་ནི་ཆོས་སུ་བརྗོད། །ལོངས་སྤྱོད་རྫོགས་པ་བར་སྲིད་དང༌། །འགྲོ་བ་དྲུག་གཟུགས་སྤྲུལ་པ་དང༌། །འདོད་པའི་ལོངས་སྤྱོད་བདེ་ཆེན་པོ། །སྐུ་བཞི་ཡི་ནི་རང་བཞིན་འདི། །སྐྱེས་བུ་ལ་ནི་ཁམས་གསུམ་པ། །སྐུ་བཞི་ཡི་ནི་རང་བཞིན་ཕྱིར། །བུད་མེད་གཟུགས་ལ་ཁམས་གསུམ་མོ། །སྐུ་བཞི་ཡི་ནི་རང་བཞིན་ལས། །སྐྱེས་བུ་འདིར་ནི་སངས་རྒྱས་ཡིན། །བུད་མེད་ཤེས་རབ་ཕར་ཕྱིན་མར། །ཕྱོགས་རྣམས་ཀུན་ཏུ་རྣམ་པར་གནས། །དེ་ཉིད་ང་རྒྱལ་བྱས་པ་ཡིས། །སླར་ཡང་བདག་ལ་དངོས་གྲུབ་བོ། །ཞེས་འབྱུང་ངོ༌། །གཉིས་པ་ནི། སྦྱང་གཞི་ལ་སྐྱེ་བ་སྔ་མར་བདེ་འགྲོ་དང༌། ངན་འགྲོའི་ལུས་གང་ཡང་རུང་བ་ཞིག་ཐོབ་ནས། རྟེན་དེས་ཡུལ་ཁྱད་པར་ཅན་ལ་ཚོགས་བསགས་པ་དང༌། སེམས་ཅན་གཞན་དག་ལ་སྦྱིན་པ་བཏང་བ་ལ་སོགས་པའི་སྒོ་ནས་སྐྱེ་བ་ཕྱི་མ་ལ་འདོད་ཁམས་ཀྱི་མིར་སྐྱེ་བའི་ལས་མཆོག་ཏུ་གྱུར་པ་སོགས་པར་བྱེད་དོ། །དེ་བཞིན་དུ་སྦྱོང་བྱེད་ཀྱི་རྣལ་འབྱོར་ལ། དག་པ་ལྷ་དང་མ་དག་པ་སེམས་ཅན་ལ་བརྟེན་པའི་ཚོགས་བསགས་པ། འཕེན་པའི་རྒྱུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ལྟ་བུ་ཡིན་ནོ། །ཡང་སྔར་གྱི་རྟེན་དེ་སེམས་དགེ་བའི་བཤེས་གཉེན་དང་བྲལ་བས། རང་གི་རང་བཞིན་ཡོངས་སུ་མ་ཤེས་པས། སེམས་ཅན་གྱི་རིས་ནས་ཐ་མལ་པའི་ཕུང་པོ་རྣམས་རིམ་གྱིས་འོད་གསལ་དུ་ཞུགས་ནས་འཆི་བར་འགྱུར་རོ། །དེ་བཞིན་དུ་ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་བསྒོམས་པས། འཆི་བ་དོན་དམ་པའི་བདེན་པ་མངོན་དུ་བྱེད་དོ། །མདོར་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མི་ཤེས་ཤིང༌། མ་ཤེས་པས་ཐོག་མ་མེད་པའི་དུས་ནས། མི་ཤེས་པའི་བག་ཆགས་ཀྱི་རྒྱུན་གྱི་སྟོབས་ལས་རིམ་གྱིས་རང་གི་སེམས་ལས་བྱུང་བའི་ལས་དང་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་མནན་པས་ཡིད་ཀྱི་རང་བཞིན་གྱི་ལུས་སྤངས་ཏེ། ཉོན་མོངས་པའི་རྒྱུན་གྱིས་རིམ་གྱིས་ཐ་མལ་པའི་མིའི་བདག་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཡོངས་སུ་འཛིན་ཏོ། །རྒྱུད་སྡོམ་འབྱུང་ལས། སྒྱུ་མ་ལྟ་བུའི་ཏིང་འཛིན་ནི། །རབ་ཏུ་མི་ཤེས་མི་རྣམས་ནི། །ཐོག་མེད་དུས་ཅན་ཉོན་མོངས་ཀྱི། །བག་ཆགས་རབ་ཏུ་བསགས་བྱས་ལ། །དེས་ན་སྔོན་བྱས་ལས་ཀྱིས་ནི། །སྐྱེ་དང་འཆི་བ་ཡང་དག་འབྱུང༌། །ཞེས་སོ། །ཡང་འདི་ལྟར་སྔར་བཤད་པའི་སེམས་ཅན་དེ་འབྱུང་བ་རིམ་གྱིས་ཐིམ་པའི་ཚུལ་གྱིས་ཤི་ནས། འོད་གསལ་དུ་ཐིམ་པའི་ངང་ལས་ལུགས་བཟློག་གི་སྣང་བ་གསུམ་རླུང་གི་བཞོན་པ་ཅན་ལས་བར་དོའི་ལུས་གྲུབ་བོ། །ཇི་ལྟར་ན་འཆི་བ་འོད་གསལ་ལས་ལྡང་བ་དང༌། བར་དོར་སྐྱེ་བ་སྲང་མདའི་མཐོ་དམན་གྱིས་འབྱུང་བས་འོད་གསལ་ལས་ལྡང་བར་བརྩམ་པའི་རྣམ་ཤེས་མི་གསལ་བ་ནི་སྣང་བ་ཉེར་ཐོབ། དེ་ལས་ལྡང་སེམས་རྣམ་པ་གསལ་བར་སྐྱེས་པ་ནི་སྣང་བ་མཆེད་པ། དེ་ལས་འོད་གསལ་ལས་ལངས་པ་དང༌། བར་དོར་སྐྱེས་པ་མགོ་མཉམ་པའི་སེམས་གསལ་བ་ནི་སྣང་བ་དེ་གསུམ་ཀ་ཡང་རླུང་གི་བཞོན་པ་དང་ལྡན་པ་རླུང་ལ་ཞོན་པའི་རྣམ་ཤེས་ཀྱི་འབྱུང་བ་ལྔ་བླངས་ནས། ཕུང་པོ་ལྔ་དང་ལྡན་པར་འགྲུབ་སྟེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །དེ་ཡི་རང་བཞིན་རྟག་ཏུ་ནི། །ཇི་ལྟ་ཇི་ལྟར་འགྲོ་བར་འགྱུར། །སྲ་བའི་ཁམས་དང་ཆུ་ཉིད་དང༌། །དེ་བཞིན་མེ་དང་རླུང་དག་ནི། །རྣམ་པར་ཤེས་པས་བླངས་ནས་སུ། །སྲིད་གསུམ་གནས་སུ་སྐྱེ་བར་འགྱུར། །ཞེས་སོ། །དེ་ལྟར་ན་བར་དོར་སྐྱེས་མ་ཐག་གི་སེམས་གསལ་བར་སྣང་བ་དེ་ནི། ལུགས་བཟློག་ཏུ་སྐྱེས་པའི་སྣང་བ་ཡིན་ལ། དེ་སྣང་བ་མཆེད་པར་གྱུར་པ་ནི། བར་དོའི་སྣང་བ་ཆེས་ཆེར་གསལ་བ་ཡིན་ཏེ། ལུས་ངག་གི་བྱ་བ་རྣམས་ལ་འཇུག་ཅིང༌། སྐྱེ་བ་ལེན་པའི་དོན་དུ་རྫུ་འཕྲུལ་གྱིས་འགྲོ་བ་ལ་སོགས་པའི་སྐབས་སོ། །དེ་ལྟར་ཉེར་ཐོབ་ཏུ་ཐིམ་པ་ནི། སྐྱེ་སྲིད་ལ་གཞོལ་བའི་སེམས་བར་དོ་འགག་པ་ལ་ཕྱོགས་པའི་སེམས་མི་གསལ་བའོ། །དེ་འོད་གསལ་དུ་ཐིམ་པའི་ཚུལ་གྱིས་ཤི་ནས་སྐྱེ་བ་ལེན་པའོ། །དེ་ལྟ་བུའི་བར་དོ་དེ་ཡང་གང་དུ་སྐྱེ་བ་དེའི་ལས་ཀྱིས་འཕངས་པའི་ཕྱིར། ད་གདོད་འབྱུང་འགྱུར་གྱི་སྔོན་དུས་ཀྱི་ཤ་ཚུགས་ཏེ་གཟུགས་སུ་ཡོད་ལ། མིག་ལ་སོགས་པའི་དབང་པོ་ཐམས་ཅད་ཚང་བ། རང་གང་དུ་སྐྱེ་བའི་སྐྱེ་གནས་མ་གཏོགས་པ་རྡོ་རྗེ་ལ་ཡང་ཐོགས་པ་མེད་པ། སངས་རྒྱས་ཀྱིས་ཀྱང་མི་བཟློག་པའི་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། བར་དོ་རང་དང་རིགས་མཐུན་ནང་དང་ལྷའི་མིག་སྐྱོན་བཅུ་གཅིག་དང་བྲལ་བས་མཐོང་གི་གཞན་གྱིས་མི་མཐོང་བ། དྲིའི་ཕྱིར་འགྲོ་ཞིང་དྲིས་བརྟས་པར་བྱེད་པ་སྟེ། སྐྱེ་བའི་རྐྱེན་རྙེད་མ་ཐག་སྐྱེ་བ་ལེན་པ། མ་རྙེད་ན་ཚེ་ཞག་བདུན་དུ་གནས་ནས་དེ་ནས་འཆི་འཕོ་ཞིང༌། ཞག་བདུན་པས་ལྷག་པར་མི་གནས་སོ། །གལ་ཏེ་སྐྱེ་བའི་རྐྱེན་མ་རྙེད་ན། བར་དོར་སྐྱེ་ཐེངས་བདུན་བྱས་ནས། ཞག་ཞེ་དགུར་གནས་སོ། །རྒྱུད་སྡོམ་འབྱུང་ལས། ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་པར་གནས། །སྲིད་པ་བར་དོའི་སེམས་ཅན་ནི། །འགྲོན་པོ་རྣམས་ཀྱིས་བགྲོད་པ་བཞིན། །འདི་ལྟར་ལས་ཀྱི་སྲད་བུ་ཡིས། །འགྲོ་བ་དྲུག་ཏུ་རབ་ཏུ་རྒྱུ། །ཞེས་སོ། །མདོར་ན་འོད་གསལ་ལས་ལྡང་བར་བརྩམ་འདོད་ཀྱི་རྣམ་ཤེས་མི་གསལ་བ་ནི་སྣང་བ་ཉེར་ཐོབ། དེ་ལས་ལྡང་སེམས་གསལ་བར་སྐྱེས་པ་ནི་སྣང་བ་མཆེད་པ། དེ་ལས་འོད་གསལ་ལས་ལངས་པ་དང༌། བར་དོར་སྐྱེས་པ་དུས་མཉམ་པའི་སེམས་གསལ་བ་ནི་སྣང་བ། དེ་གསུམ་ཀའང་རླུང་གི་བཞོན་པ་ཅན་ལས་བར་དོའི་ལུས་ངག་ཡིད་གསུམ་ཅིག་ཅར་དུ་འགྲུབ་བོ། །དེ་བཞིན་དུ་གཞིའི་ཡན་ལག་ཆོས་འབྱུང་དང༌། རྒྱུའི་ཡན་ལག་འབྱུང་བཞི་འཁོར་ལོ་དང་བཅས་པ་དང༌། རྐྱེན་གྱི་ཡན་ལག་འཁོར་ལོའི་སྟེང་དུ། ཨོཾ་ཨཱཿཧཱུྃ་ཧོ་དམར་པོ་གཉིས་ཀྱི་མཐའ་རྟེན་པ་དང་བཅས་པ་བསྒོམས་ནས། དེ་ཉིད་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་སྙོམས་པར་མ་ཞུགས་ཀྱི་བར་ལ། བར་སྣང་ལ་གནས་ཤིང༌། གཞལ་ཡས་ཁང་བསྐྱེད་པའི་སྐབས་སུ་དེ་ལས་ཤེས་པ་ཆ་གཅིག་ཆད་ནས། འབྱུང་བཞི་ལ་ཐིམ་པར་བསྒོམས་ལ་འབྲས་བུ་རྡོ་རྗེ་འཆང་བཞེངས་པའི་སྔོན་དུ་ཐམས་ཅད་བསྟིམ་པ་ཡིན་ནོ། །འདིར་ཁ་ཅིག ནམ་མཁའ་ལ་ནཱ་ད་ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པར་བཞེད་དོ། །དེའང་འཆི་བའི་སྲིད་པ་འོད་གསལ་ལས་བར་དོ་ཡིད་ཀྱི་ལུས་ཅན་དུ་སྐྱེས་པ་སྦྱོང་བྱེད་དེ། བར་དོ་སྐྱེ་གནས་ལ་ཆགས་པའི་སེམས་དང་ལྡན་པས་དཀར་ལ་དམར་བའི་མདངས་ཆགས་པའོ། །དེ་ཉིད་གཞུང་ཁ་ཅིག་ཏུ་ལྷ་གང་ཡིན་དེའི་ས་བོན་གྱི་ཡི་གེ་ཙམ་མམ། ཁ་ཅིག་ཏུ་བར་དོའི་ལུས་ངག་ཡིད་གསུམ་མཚོན་བྱེད། ཨོཾ་ཨཱཿཧཱུྃ་གསུམ་ཕ་མ་ལ་ཆགས་པ་མཚོན་པའི། ཧོ་དམར་པོ་གཉིས་ཀྱི་དབུས་སུ་ཆུད་པར་ལྡང་བར་བཞེད་དེ། རྒྱས་བསྡུས་ཡིན་པས་དོན་ལ་ཁྱད་མེད་དོ། །ཨ་བྷ་ཡས་འདིར་ཧོ་ཡིག་དམར་པོ་གཉིས་ནི། དྲི་ཟའི་ཆགས་པས་བསྒྲིབ་པ་མཆོག་ཏུ་གྱུར་བ་ཉིད་གསལ་བར་བྱེད་པའི་དོན་དུའོ། །ཞེས་བླ་མ་རྣམས་འདོམས་པར་མཛད་དོ། །ཁ་ཅིག་ནི། མ་དང་ཕ་ལས་འབྱུང་བའི་ཤེས་རབ་དང་ཐབས་ཀྱི་རང་བཞིན་བདེ་བ་ཆེན་པོའི་འདོད་ཆགས་ཧོ་ཡིག་དམར་པོ་གཉིས་དང་སྤེལ་བའི་ཡི་གེ་གསུམ་དུ་འདིར་ཉེ་བར་སྟོན་ཏོ། །འདིར་ནི་དྲི་ཟ་དང་འདྲ་བའི་ནཱ་ད་ཁོ་ན་ཡི་གེ་གསུམ་ལ་སོགས་པའི་རང་བཞིན་ཞེས་འདོམས་པར་བཞེད་དོ། །ཞེས་སོ། །དེ་ལ་ཁྲོ་བོ་བཅུའི་སྲུང་འཁོར་མེད་པ་ལྟར་ན། བསོད་ནམས་ཀྱི་ཚོགས་ནི་སྐྱེ་བ་སྔ་མའི་ལུས། ཡེ་ཤེས་ཀྱི་ཚོགས་ནི། དེ་ཤི་བ། རྡོ་རྗེའི་རྭ་གུར་སོགས་ནི། རྡོ་རྗེའི་དོན་སྟོང་ཉིད་དུ་བཤད་པས། འཆི་སྲིད་ལས་ད་དུང་མ་ལངས་ཤིང༌། ཆོས་འབྱུང་བསྐྱེད་པ་ནི་འོད་གསལ་ལས་ལྡང་འདོད་ཀྱི་བློ་མི་གསལ་བ་ཡིན་ནོ། །ཁྲོ་བོ་བཅུའི་སྲུང་འཁོར་ཡོད་པ་ལྟར་ན། ཚོགས་གཉིས་བསག་པ་ནི། སྐྱེ་བ་ཡང་སྔ་མའི་སྐྱེ་འཆི་གཉིས། རྭ་གུར་དང་འཁོར་ལོ་རྩིབས་བཅུ་པ་ནི་སྐྱེ་བ་གང་དུ་ལེན་པའི་གནས། དབུས་ཀྱི་ཁྲོ་བོ་ནི། དེར་སྐྱེ་བ་སྔ་མའི་ལུས་བླངས་པ་དངོས། བཟླས་པ་སོགས་ནི། ལུས་དེས་ལས་ཁྱད་པར་ཅན་སོག་པ། དབུས་ཀྱི་ཁྲོ་བོ་ཞུ་བ་ནི་འཆི་བ་མངོན་དུ་བྱས་པ། ཆོས་འབྱུང་དང་བྱུང་བཞི་འཁོར་ལོ་དང་བཅས་པ་ནི། བར་དོའི་ལུགས་བཟློག་གི་སྣང་བ་གསུམ། དེ་རྣམས་བསྐྱེད་པའི་ས་བོན་ཨེ་ཡིག་སོགས་དྲུག་ནི། སྣང་བ་གསུམ་གྱི་བཞོན་པར་གྱུར་པའི་རླུང༌། བར་སྣང་གི་ཡི་གེ་གསུམ་ནི། བར་དོའི་ལུས་ངག་ཡིད་གསུམ་གྲུབ་པ་སྟེ། རྣམ་ཤེས་རླུང་གི་བཞོན་པ་ཅན་ལ་བརྟེན་ནས་བར་དོའི་ཕུང་པོ་ཡོངས་སུ་རྫོགས་པའོ། །ཧོ་ཡིག་གཉིས་ནི་ཕ་དང་མ་ལ་ཆགས་པའི་ཐབས་ཤེས། དེ་ལས་དེ་འདྲ་བ་ཅིག་ཆད་དེ། འབྱུང་བཞི་སོགས་ལ་ཐིམ་པས་རོ་གཅིག་ཏུ་གྱུར་པ་ནི། ལུགས་བཟློག་གི་སྣང་བ་གསུམ་པོ་དེ་རྣམས་རང་གི་བར་དོའི་སེམས་ཙམ་དུ་ཤེས་པ་སྟེ། ཇོ་བོ་ཆེན་པོས། སེམས་ཀྱི་སྣང་བ་དེ་རྣམས་ཞུ། །ཞེས་སོ། །དེ་ལ་བར་དོའི་ལུགས་བཟློག་གི་སྣང་བ་དེ་ལུགས་འབྱུང་གི་སྣང་བ་མཆེད་པར་འགྱུར་ཏེ། གང་དུ་སྐྱེ་བ་ལེན་པའི་གནས་དང༌། ཕ་མ་ལ་སོགས་པ་མཐོང་བར་བྱེད་དོ། །དེ་བཞིན་དུ་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པ་སྟེ། ཇོ་བོ་ཆེན་པོས། སྣང་བ་མཆེད་པས་གཞལ་ཡས་གྲུབ། །ཅེས་སོ། །དེ་ལྟར་གང་དུ་སྐྱེ་བའི་གནས་ངེས་ནས། ཕ་མ་དང་འདྲ་བའི་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་བསྒོམ་པ་འབྱུང་ངོ༌། །དེ་ནས་སྔར་གྱི་བར་དོ་དེ་སྐྱེ་བའི་གནས་ལ་འདོད་ཆགས་བསྐྱེད་ནས་སྐྱེ་བ་ཚོལ་ཞིང༌། གང་དུ་སྐྱེ་བའི་གནས་དེ་ལ་དགའ་བའི་བསམ་པས་དེར་འགྲོ་སྟེ། བརྫུས་ཏེ་སྐྱེ་ན། གནས་ལ་ཆགས་པའི་དབང་གིས། གནས་དེར་སྐད་ཅིག་གིས་སྐྱེ། དྲོད་གཤེར་ལས་སྐྱེ་ན་དྲི་ལ་ཆགས་པས་སྐྱེ། མངལ་ནས་སྐྱེ་ན་ཕ་མ་འཁྲིག་པ་བྱེད་པ་མཐོང་སྟེ། ཕོར་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་སྡང༌། མོར་སྐྱེ་ན་དེ་ལས་བཟློག་པའི་འདོད་ཆགས་ཀྱིས་དེར་སྐྱེས་ནས་སྐྱེ་བ་ལ། རྒྱུད་ཁ་ཅིག་ནས་ཐོག་མར་ཆགས་སེམས་ཀྱིས་སྐྲ་ལ་རེག་པར་འདོད་པའི་བསམ་པས། སྤྱི་གཙུག་ནས་འཇུག་པར་བཤད། ཁ་ཅིག་ནས་གང་ལ་ཆགས་པ་དེ་ལ་འོ་བྱ་བར་འདོད་པས་ཁའི་ནང་ནས་འཇུག་པར་བཤད། ཁ་ཅིག་ནས་ཕ་ཁོ་ནའི་ཁ་ནས་འཇུག་པར་བཤད་དེ། དེ་དག་ཀྱང༌། མཐར་ནི་སྐྱེ་གནས་ནས་འཇུག་ལ། ཁ་ཅིག་ནི་དང་པོ་ཉིད་ནས་སྐྱེ་གནས་ནས་འཇུག་སྟེ། དེའི་ཕྱིར་བསྐྱེད་རིམ་ལ་ཡང༌། བར་དོའི་ངོ་བོར་བྱས་པའི་ནཱ་དའམ། སོ་སོའི་ས་བོན་ནམ། དེ་བཞིན་གཤེགས་པ་སྤྱན་དྲངས་ནས་ཞུ་བ་རྣམས་སྤྱི་གཙུག་དང་ཁ་ལ་སོགས་པ་ནས་འཇུག་ཚུལ་སྣ་ཚོགས་སུ་གསུངས་སོ། །བར་དོའི་རྣམ་ཤེས་རླུང་གི་བཞོན་པ་ཅན་དེ་སྐྱེས་བུ་རྟ་ཞོན་པ་བཞིན་མྱུར་བར་སོང་ནས། ཡེ་ཤེས་སེམས་དཔའ་འཇུག་པ་ལྟར་ཞུགས་ཏེ། དེའང་ཐོག་མར་ཁུ་བ་ཟླ་བའི་ངོ་བོ་བསིལ་བའི་ཕྱིར་དེ་ལ་འཛིན་གྱི། རྡུལ་ཉི་མར་རེག་མི་བཟོད་པའི་ཕྱིར་དེ་ལ་མི་འཛིན་ཏེ། དཔེར་ན་གནམ་སྟོང་ལ་ཟླ་བ་བཟུང་ནས་ཉི་མ་འཛིན་པ་བཞིན་ནོ། །དེ་ལྟར་ཁུ་བ་དང་འདྲེས་པས་ཡེ་ཤེས་ཀྱི་ས་ཐོབ་ནས། ཐབས་ཀྱི་ཡེ་ཤེས་དང་ལྷན་ཅིག་གཉིས་སུ་མེད་པར་གྱུར་ཏོ། །ཕ་མ་གཉིས་བདེ་བས་ཚིམ་པས། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐུལ་ཏེ། ཨཱ་ལི་ཀཱ་ལི་རྣམས་གཅིག་ཏུ་གྱུར་ནས་རླུང་ལ་ཞུགས་པས། གཏུམ་མོའི་མེས་བཞུས་པས། གཉིས་ཀ་ཞུ་ནས་ཁུ་ཁྲག་འདྲེས་པར་གྱུར་ཏེ། སྐྱེ་གནས་ཀྱི་དབུས་སུ་ཐིག་ལེའི་གཟུགས་སུ་གནས་སོ། །དེ་ནས་རིམ་གྱིས་འཕེལ་ཏེ། ནུར་ནུར་པོ་དང་མེར་མེར་པོ་དང་ལྟར་ལྟར་པོ་དང༌། གོར་གོར་པོ་དང༌། དེ་རླུང་གིས་བསྐུལ་བས་རྐང་ལག་འགྱུས་པ་སྟེ། གནས་སྐབས་ལྔར་འགྱུར་ཞིང༌། དེ་ནས་སྐྲ་དང་བ་སྤུ་དང་སེན་མོ་རྣམས་ཟླ་བ་བདུན་གྱིས་རྫོགས་ལ། དབང་པོ་དང་མཚན་མ་དང༌། གཟུགས་རྣམས་ཟླ་བ་བརྒྱད་ལ་རྫོགས། དགུ་ལ་ཐམས་ཅད་རྫོགས་ཤིང༌། བཅུ་པ་ནས་སྐྱེ་བའི་སེམས་འབྱུང་ངོ༌། །ཁུ་བ་ལ་གནས་སྐབས་ལྔར་འགྱུར་བ་བཞིན་དུ། ཁྲག་ལའང་གནས་སྐབས་ལྔ་སྟེ། ཞུ་བ་ཡང་དྲི་ཆུ་དང་ཁྲག་དང༌། དེ་ཤར་གྱུར་པའི་གོང་བུ་དང༌། མཁྲང་འགྱུར་དང༌། དེ་རྣམས་འདྲེས་པ་དང༌། དེ་ལྟར་ན་སྐྱེ་གནས་ཀྱི་དབུས་སུ་རྩ་གཡས་པ་ནས་ཁྲག གཡོན་པ་ནས་ཁུ་བ་དེ་གཉིས་གཅིག་ཏུ་འདྲེས་པ་རྣམ་ཤེས་ཀྱིས་བཟུང་བས། ས་བོན་དང་མྱུ་གུ་བཞིན་རིམ་གྱིས་སྨིན་ཏེ། དེའང་ཕོ་ཡིན་ན་མའི་དཀུ་གཡས་ལ་བརྟེན་ཅིང་རྒྱབ་ཏུ་ཕྱོགས་ནས་ཙོག་པོར་གནས་སོ། །མོ་ཡིན་ན་གཡོན་ལ་བརྟེན་ཅིང་མདུན་དུ་ཕྱོགས་ནས་གནས་སོ། །དེ་ནས་ལས་ཀྱི་རླུང་གིས་བསྒྱུར་ནས་མའི་ཆོས་འབྱུང་གི་སྒོ་ལ་ཕྱོགས་ཏེ་གནས་པ་ལས་སྐྱེ་བའི་དུས་སུ་མགོ་བོར་ཐལ་མོ་སྦྱར། ཤ་མའི་ཆོས་གོས་གྱོན་ནས་སྐྱེ་སྟེ། སྔར་བར་དོའི་དུས་སུ་ཤའི་མིག་གིས་མི་མཐོང་ཡང་དེ་ནས་མཐོང་བར་འགྱུར་རོ། །སྡོམ་འབྱུང་ལས། དང་པོ་ཕ་མའི་ཀུན་སྦྱོར་ལས། །སྲིད་པའི་སྐྱེ་བོ་ཅན་དུ་མཐོང༌། །ཤིན་ཏུ་ངེས་པར་ཀུན་དགའི་སྟོབས། །ཁ་ཡི་ལམ་ནས་རབ་ཏུ་འཇུག །རྟ་ཞོན་པ་ཡི་རྣམ་ཤེས་ནི། །རླུང་གི་བཞོན་པ་ཞོན་པ་བཞིན། །ཤིན་ཏུ་མྱུར་བར་འོངས་གྱུར་ཏེ། །སྐད་ཅིག་ཐང་ཅིག་ཙམ་ལ་ནི། །སྟོང་ཕྲག་བདུན་ཅུ་གཉིས་ཀྱི་རྩ། །རབ་བསྐུལ་དེ་ཡི་སྐད་ཅིག་ལ། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །ཨཱ་ལི་ཀཱ་ལི་ཞུ་བྱས་པའི། །ཁུ་ཁྲག་དེ་དག་གི་དབུས་སུ། །ཐིག་ལེའི་གཟུགས་ཀྱིས་གནས་པར་འགྱུར། །དང་པོ་ནུར་ནུར་པོའི་རྣམ་པ། །མེར་མེར་པོ་ནི་གཉིས་པ་ཡིན། །ལྟར་ལྟར་པོ་སྐྱེས་གསུམ་པ་སྟེ། །བཞི་པ་གོར་གོར་པོ་ཉིད་དོ། །རླུང་རྣམས་ཀྱིས་ནི་བསྐུལ་བས་ན། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། །ཟླ་བ་ལྔར་གྱུར་ས་བོན་ལས། །ཡན་ལག་ལྔ་ནི་རབ་ཏུ་སྐྱེ། །སྐྲ་སྤུ་སེན་མོ་རྣམས་དང་རྟགས། །ཟླ་བ་བདུན་གྱིས་སྐྱེ་བར་འགྱུར། །ཁ་སོ་རྣམས་དང་གཟུགས་རྣམས་ནི། །ཟླ་བ་བརྒྱད་ལས་སྐྱེ་བར་འགྱུར། །ཟླ་བ་དགུ་ཡིས་ཡང་དག་རྫོགས། །ཟླ་བ་བཅུ་ལ་སེམས་དང་ལྡན། །མི་བསྐྱོད་གཟུགས་ཀྱིས་ནུར་ནུར་པོ། །མེར་མེར་པོ་ནི་རིན་ཆེན་འབྱུང༌། །དཔག་མེད་མགོན་ཡང་ལྟར་ལྟར་པོ། །དོན་ཡོད་གྲུབ་པ་གོར་གོར་པོ། །མཁྲང་འགྱུར་རྣམ་པར་སྣང་མཛད་དེ། །རྣམ་པ་ལྔར་ནི་བསྟན་པ་ཡིན། །དྲི་ཆུ་ཁྲག་ནི་མི་བསྐྱོད་པ། །ཁུ་བའི་གཟུགས་ཅན་འོད་དཔག་མེད། །གོང་བུ་ཙམ་ནི་རིན་ཆེན་འབྱུང༌། །འདྲེས་པ་རྣམ་པར་སྣང་མཛད་གནས། །རྩ་གཉིས་སྐྱེ་གནས་དབུས་སུ་ནི། །གཡོན་དང་དེ་བཞིན་གཡས་སུའོ། །གཡོན་ལ་ཁུ་བ་ཤེས་བྱ་སྟེ། །གཡས་པ་ལ་ནི་ཁྲག་ཉིད་དོ། །དེ་དག་འདུས་པ་གཅིག་ཉིད་ནི། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད། །ལས་ཀྱི་ས་བོན་དབང་ལས་ཐོབ། །རླུང་གིས་ཡོངས་སུ་བསྒྱུར་བས་ན། །ཆོས་ཀྱི་འབྱུང་གནས་སྒོ་ཡི་ནི། །ངེས་པར་མངོན་དུ་ཕྱོགས་པར་འགྱུར། །གཡས་པའི་དཀུ་ལ་བརྟེན་པ་ནི། །ཙོག་པུར་མངོན་པར་ཕྱོགས་ཏེ་གནས། །ལྟོ་བ་གཡོན་ལ་ཡང་དག་བརྟེན། །ཤེས་རབ་ལྟོ་བ་མངོན་ཕྱོགས་འགྱུར། །ཞེས་དང༌། བཤད་རྒྱུད་རྡོ་རྗེ་ཕྲེང་བར། སྔོན་ལས་རླུང་གི་རྣམ་ཤེས་ནི། །བརྒྱ་ལ་གང་ཚེ་འགྲོ་འགྱུར་ན། །ཕ་ཡི་ཁ་ལ་མཚུངས་པར་ལྡན། །དེ་ཚེ་ཆགས་པའི་དབང་དུ་འགྱུར། །གསང་གནས་ཟླ་མཚན་ལྡན་པའི་རྩ། །མེ་དང་ཉི་མ་འཆར་བ་ན། །དེ་ཚེ་ལྷག་པར་ཆགས་པས་ནོན། །ཆགས་པ་མཆོག་ཏུ་འདོད་པར་འགྱུར། །རྡོ་རྗེ་པདྨ་འདྲེས་པའི་གདོང༌། །འཇུག་པ་རྩ་ཡི་ཁ་ཡི་རླུང༌། །དེ་ཚེ་ས་བོན་དུ་ནི་འགྱུར། །ས་བོན་ལས་ནི་སེམས་ཅན་འབྱུང༌། །ཞེས་སོ། །དེ་བཞིན་དུ་སྦྱོང་བྱེད་ཀྱི་རྣལ་འབྱོར་ལ། རྒྱུ་རྡོ་རྗེ་འཆང་བསྐྱེད་པ་ཕ་མའི་ཏིང་ངེ་འཛིན། འཁོར་གྱི་ལྷ་མོ་དབྱུང་བ་སྤུན་ཟླའི་ཏིང་ངེ་འཛིན། འབྲས་བུ་རྡོ་རྗེ་འཆང་བསྐྱེད་པ་རང་ཉིད་ཀྱི་ཏིང་ངེ་འཛིན་གསུམ་འབྱུང་བ་ལས་དང་པོ་ལྟར་ན། སློབ་དཔོན་དཔལ་འཛིན་གྱིས་ཕ་དང་མར་གྱུར་པའི་རྡོ་རྗེ་འཆང་གི་སྐུ་ཞེས་གསུངས། རྣལ་འབྱོར་པ་རང་གི་ཕ་མ་ནི་རྒྱུ་རྡོ་རྗེ་འཆང་ཡིན་ལ། དེའི་ལུས་ཇི་ལྟར་འགྲུབ་ན། ཕའི་ཁུ་བ་མའི་ཁྲག་དྲི་ཟའི་རྣམ་ཤེས་དང་གསུམ་འདུས་པ་ལས་སེམས་ཅན་གྱི་ལུས་བསྐྱེད་པ་ལྟར། ཕའི་ཁུ་བའི་དོད་ཨཱ་ལི་ལས་ཟླ་བ། མའི་ཁུ་བའི་དོད་ཀཱ་ལི་ལས་ཉི་མ། བར་དུ་རྣམ་ཤེས་ཞུགས་པའི་དོད། ས་བོན་དང་ཕྱག་མཚན་ནོ། །འདིར་མི་མཉམ་སྦྱོར་ལ། ཀཱ་ལི་ལས་ཉི་མ་བསྐྱེད་པ་ནི་བུད་མེད་ཟླ་མཚན་མང་བའི་དབང་དུ་བྱས་ལ། མཉམ་སྦྱོར་ལ་ཟླ་བ་གཉིས་པ་དམར་པོ་དང༌། ཁ་ཅིག་གིས་དཀར་པོ་ལ་འོད་དམར་པོས་བརྒྱན་པར་བཞེད་པ་རྣམས་ནི་ཁྲག་དང་འདྲེས་པའི་ཁུ་བའི་དབང་དུ་བྱས་པ་སྟེ། མན་སྙེར་ཟླ་བ་གཉིས་པ་ནི་བུད་མེད་རྣམས་ཀྱི་ཟླ་མཚན་མང་བ་ལས་བྱུང་བ་ཉི་མའི་དཀྱིལ་འཁོར་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྔོན་དུ་ཉི་མར་གསུངས་སོ། །ཞེས་སོ། །ཨཱ་ལི་ཀཱ་ལི་ནི་ཕ་མའི་ཁུ་ཁྲག་ཡིན་ལ། ཕ་མ་སུ་ཡིན་སྙམ་ན་སངས་རྒྱས་རྣམས་ཏེ། མན་སྙེར། སངས་རྒྱས་རྣམས་ཁོ་ན་འདིའི་མ་དང་ཕའི་དངོས་པོར་ཉེ་བར་གནས་སོ། །ཞེས་སོ། །ཉི་ཟླ་གཉིས་ཀྱི་དབུས་སུ་ས་བོན་སོགས་གནས་པ་ནི། སྐྱེ་བ་གཞན་ནས་ཤི་འཕོས་པའི་རྣམ་ཤེས་ཀྱི་ངོ་བོ་སྟེ། སྔར་སྟོང་པའི་ངང་ལས་རང་གི་སེམས་ཡི་གེ་འབྲུ་གསུམ་གྱི་རྣམ་པར་ལངས་ཏེ་འདིར་འཇུག་པ་ནི་མ་ཡིན་གྱི། ཕ་མ་གཉིས་ཀྱི་ཁུ་ཁྲག་འདུས་པ་དང༌། སྐྱེ་བ་གཞན་ནས་ཤི་འཕོས་མ་ཁད་དེར་སྐྱེ་བ་བར་དོར་སྐྱེ་བའི་སྲིད་པ་ཚོལ་ཞིང་ཡུན་རིང་སྡོད་པ་མེད་པའི་དབང་དུ་བྱས་ནས་བར་དོ་འཇུག་པ་མེད་པ་ཡིན་ཏེ། མན་སྙེར། ཁ་ཅིག་ཏུ་སྟོང་པ་ཉིད་ཀྱི་རྗེས་སུ་ཡི་གེའི་གཟུགས་ལ་སོགས་པའི་དྲི་ཟ་བཤད་པ་མེད་དེ། ལས་ཀྱི་ཁྱད་པར་གྱི་དབང་གིས་ཤི་བའི་རྗེས་ཐོགས་སུ་བར་དོའི་སྲིད་པའི་གནས་སྐབས་མེད་པར་ཡང༌། སྲིན་བུ་པད་པ་འཕོ་བ་བཞིན་དུ་སྐྱེ་བོ་རྣམས་འགྲོ་བ་གཞན་དུ་སྐྱེ་བའི་ཕྱིར། དེའི་རྗེས་སུ་འབྲང་བས་བསྒོམས་པ་ལ་ཡང་རྣམ་པར་བཞག་པའོ། །ཞེས་དགོངས་པའི་ཕྱིར་རོ། །ཞེས་སོ། །དེ་ལ་མི་མཉམ་སྦྱོར་ལྟར་ན། ཐིག་ལེ་སྟེ་ནུར་ནུར་པོ་ལས་མི་བསྐྱོད་པ། ཐིག་ལེ་ལས་ཟླ་ཚེས་ཏེ། མེར་མེར་པོ་རིན་འབྱུང༌། ཟླ་ཚེས་ལས་ཧའི་མགོ་བོ་སྟེ། ལྟར་ལྟར་པོ་འོད་དཔག་མེད། མགོ་བོ་ལས་ཧའི་ཁོག་པ་གོར་གོར་པོ་དོན་གྲུབ། ཁོག་པ་ལས་ཞབས་ཀྱུ་ཨུ་སྟེ། མཁྲང་གྱུར་རྣམ་པར་སྣང་མཛད་དེ། ཧཱུྃ་ཡིག་ནི་མངལ་གྱི་གནས་སྐབས་ལྔའོ། །དེ་ལས་ཕྱག་མཚན་དུ་གྱུར་པ་ནི། སྐྲ་དང་བ་སྤུ་དང༌། སེན་མོ་རྣམས་རྫོགས་པ་དེ་རྣམས་རོ་གཅིག་ཏུ་གྱུར་པ་ནི། དབང་པོ་དང་མཚན་མ་རགས་པ་རྫོགས་པ་དེ་ལས་ལྷར་གྱུར་པ་ནི་མཚན་མ་ཐམས་ཅད་ཡོངས་སུ་རྫོགས་པའོ། །མཉམ་སྦྱོར་ལྟར་ན། ཟླ་བ་གཉིས་ཀྱི་སྟེང་གི་རྡོ་རྗེ་ཧཱུྃ་ལས་བསྐྱེད་པ་ནི་མངལ་གྱི་གནས་སྐབས་ལྔ། དེ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་སྟེང་གི་རྩེ་ལྔ་ནི། རྐང་ལག་བཞི་མགོ་བོ་དང་ལྔ་ཡིན་ལ་འོག་གི་རྩེ་ལྔ་ནི། དེ་རེ་རེ་ལ་ལྔ་ལྔར་མཚོན་པས། རྐང་ལག་བཞི་ལ་སོར་མོ་ལྔ་དང༌། མགོ་བོ་ལ་དབང་པོ་ལྔ་སྟེ། མན་སྙེར། རྩེ་ལྔ་པ་ནི་ལག་པ་དང་རྐང་པ་དང༌། མགྲིན་པའི་མཚམས་ཀྱི་ཡན་ལག་མཆོག་སྟེ། འབུར་པོ་ལྔ་རྣམས་ཀྱིས་སོ། །ངོས་གཉིས་པར་གནས་པའི་རྩེ་མོ་ལྔ་ཉིད་ནི་འབུར་པོ་སོ་སོ་ལ་སླར་ཡང་འབུར་པོ་ལྔ་རྣམས་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ནི་བཞི་རྣམས་ལ་སོར་མོ་རྣམས་དང༌། མགོ་པོ་ལ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་དབང་པོ། གཙོ་བོ་ནི་བདེ་བ་ཆེན་པོའི་གནས་དཔྲལ་བ་ནས་བཟུང་བའི་སྟེང་ལ་རྣམ་པར་བཞག་གོ །ཞེས་སོ། །དེ་ལས་འོད་ཟེར་སྤྲོ་བ་དང་བསྡུ་བ་ནི། མངལ་གྱི་གནས་སྐབས་སུ་སེམས་སེམས་བྱུང་གི་རྟོག་པ་སྣ་ཚོགས་པ་རྒྱུ་བ། དེ་རྣམས་རོ་གཅིག་ཏུ་འདྲེས་པ་ནི་མངལ་གྱི་གནས་སྐབས་བཅུ་རྫོགས་པ། དེ་ལས་རྒྱུ་རྡོ་རྗེ་འཆང་དུ་བསྐྱེད་པ་ནི། མིའི་ལུས་ཡོངས་སུ་རྫོགས་པ་སྟེ། ཡན་ལག་དྲུག་པའི་ལུགས་ལ། ཕ་མའི་སྦྱང་གཞིར་འདོད་དོ། །དེ་ནས་འཁོར་གྱི་ལྷ་མོ་དབྱུང་བ་སྤུན་ཟླའི་ཏིང་ངེ་འཛིན་ནི། ཕ་མ་སྙོམས་འཇུག་བྱས་པས། དྲི་ཟའི་སེམས་ཞུགས་ནས་ཕའི་ཁུ་བ་དང་ལྷན་ཅིག་མའི་མངལ་དུ་སོན་པས་མངལ་གྱི་གནས་སྐབས་བཅུ་རྫོགས་པའི་མཐར་བུ་དང་བུ་མོ་བཙའ་བར་བྱེད་དོ། །དེ་བཞིན་དུ་སྦྱོང་བྱེད་ཀྱི་རྣལ་འབྱོར་ལ་ཡང་འཁོར་གྱི་ལྷ་མོ་དབྱུང་བའི་ཕྱིར། རྒྱུ་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པ་ནི། ཕ་མ་ཉལ་པོ་བྱེད་པ་དེའི་བདེ་བའི་སྒྲས་སངས་རྒྱས་སོགས་སྤྱན་དྲངས་ནས་ཞལ་དུ་ཞུགས་པ་ནི། བུ་ཚའི་རྒྱུའི་བར་སྲིད་ཁར་ཞུགས་པ། སྐུའི་དབྱིབས་བརྒྱུད་དེ་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པས་ཐིག་ལེའི་རྣམ་པར་གྱུར་པ་ནི། ནུར་ནུར་པོའི་གནས་སྐབས། དེ་ས་བོན་དུ་གྱུར་པར་མཁྲང་འགྱུར་གྱི་གནས་སྐབས། དེ་ལས་ལྷ་མོ་བརྒྱད་དུ་གྱུར་བ་ནི། ལུས་ཡོངས་སུ་རྫོགས་པའི་གནས་སྐབས། དེ་ཕྱིར་སྤྲོ་བ་ནི་མངལ་གྱི་གནས་སྐབས་རྫོགས་ནས། ཕྱིར་བཙས་པ་དང་ཆོས་མཐུན་ལ། མངལ་སྒོ་གཅིག་ནས་ལྷ་མོ་བརྒྱད་ཀ་སྤྲོ་བ་ནི། མ་གཅིག་ལས་བུ་མོ་བརྒྱད་བཙས་པ་ལྟ་བུའོ། །དེ་ནས་འབྲས་བུ་རྡོ་རྗེ་འཆང་བསྐྱེད་པ་རང་ཉིད་ཀྱི་ཏིང་ངེ་འཛིན་ནི། འདི་ལྟར་སྦྱང་གཞི་ལ་སྔར་གྱི་བུ་མོ་བརྒྱད་བསྐྱེད་ཟིན་པའི་ཕ་མ་གཉིས་ཉལ་པོ་བྱས་པའི་ཚེ། བུ་འགྲུབ་པའི་བར་དོའི་རྣམ་པར་ཤེས་པ་ཁར་ཞུགས་ཡབ་ཀྱི་ཐིག་ལེ་དང་ལྷན་ཅིག་ཡུམ་གྱི་མཁར་བབས་པས། ཕ་མ་གཉིས་བདེ་བའི་ངང་དུ་སེམས་བརྒྱལ་བ་ལྟ་བུར་གནས་པ་ཡོད་དོ། །དེ་བཞིན་དུ་སྦྱོང་བྱེད་ཀྱི་རྣལ་འབྱོར་ལ་ཡང༌། དེ་དང་ཆོས་མཐུན་པ་ཡོད་དེ། དེ་ལ་ཐིག་ལེར་གྱུར་པ་ནི་མེར་མེར་པོ། དེ་ལས་ལྷ་མོ་བཞིས་གླུས་བསྐུལ་བ་ནི། མེར་མེར་པོའི་གནས་སྐབས་སུ་སས་འཛིན། ཆུས་སྡུད། མེས་མ་རུལ་བར་སྨིན་པར་བྱེད། རླུང་གི་རྒྱས་པར་བྱེད་པར། རྟེན་འབྲེལ་གྱི་མདོ་ལས་བཤད་ལ། ལྷ་མོ་བཞི་ནི་འབྱུང་བ་བཞིའི་ངོ་བོ་ཡིན་པའི་ཕྱིར་དེ་དང་ཆོས་མཐུན་ནོ། །དེ་ལྟར་གླུས་བསྐུལ་བས། ཨཾ་ཧཱུྃ་གི་ཡི་གེར་གྱུར་པ་ནི། ནུར་ནུར་པོ། མེར་མེར་པོ། ལྟར་ལྟར་པོ། གོར་གོར་པོ། མཁྲང་འགྱུར་ཏེ་ལྔ་ཡིན་ཏེ། དེ་དག་རིགས་ལྔར་བཤད་པ་དང༌། ཧཱུྃ་གི་ཞབས་ཀྱུ་སོགས་ཚན་པ་ལྔ་ཡེ་ཤེས་ལྔར་བཤད་པ་རྣམས་ཆོས་མཐུན་པའི་ཕྱིར་རོ། །དོན་གསལ་མཁན་པོས། ས་བོན་ལས་ཕྱག་མཚན་དུ་གྱུར་པར་འདོད་པ་ནི། མངལ་གྱི་གནས་སྐབས་དྲུག་པ་མན་ཆད་དང་ཆོས་མཐུན་པས་སྦྱང་གཞི་དང་འགྲིག་མོད། སྦྱོང་བྱེད་ཀྱི་ཆོ་གའི་སྐབས་སུ། སློབ་དཔོན་མི་ཐུབ་ཟླ་བས་ཕྱག་མཚན་མ་བཤད་དོ། །དེ་ལས་འབྲས་བུའི་རྡོ་རྗེ་འཆང་དུ་གྱུར་པ་ནི། མངལ་གྱི་གནས་སྐབས་ཡོངས་སུ་རྫོགས་པའི་མཐར་བུའི་ལུས་བཙས་པ་དང་ཆོས་མཚུངས་ཏེ། འདི་ཡན་ཆད་སྡོམ་འབྱུང་རྩ་འགྲེལ་དང༌། མན་ངག་སྙེ་མའི་དགོངས་པ་ཡིན་ནོ། །དེ་ལ་ཞལ་དཀར་པོ་ཕ་ལས་ཐོབ་པའི་ཆུའི་ཁམས། དམར་པོ་མ་ལས་བྱུང་བའི་མེའི་ཁམས། སྔོན་པོ་སེམས་རྣམ་ཤེས་ཆུའི་ཁམས་ཀྱིས་བསྐྱེད་པའི་རྒྱུས་པ་དང༌། རྐང་དང་ཁུ་བ་རྣམས་གཡས་ཀྱི་ཕྱག མེའི་ཁམས་ཀྱིས་བསྐྱེད་པའི་པགས་པ་དང་ཤ་དང༌། ཁྲག་རྣམས་གཡོན་གྱི་ཕྱག་གམ་ཕྱག་མཚན་ཏེ། ལྷ་མོ་བཞིས་ཞུས་ལས། ཆུ་ཁམས་ཕ་ལས་སྐྱེས་ཞེས་བྱ། །མེ་ཡི་ཁམས་ནི་མ་ལས་སྐྱེས། །ཤ་དང་ཁྲག་དང་པགས་པ་དང༌། །མ་ལས་སྐྱེས་པ་ཞེས་བཤད་དེ། །ཚིལ་དང་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་ཞེས་བཤད་པ་ཡིན། །གོང་བུར་ཡང་དག་འདུས་པ་ནི། །དེ་དག་ཙམ་དུ་བཤད་པ་ཡིན། །ཞེས་སོ། །སེམས་དཔའ་སུམ་བརྩེགས་བསྒོམ་པ་ནི། མངལ་གྱི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་པོ་དེ་སྟོབས་སུ་གྱུར་པ་དང་འདྲའོ། །ཞེས་བླ་མ་དག་གསུངས་སོ། །འདིར་གླུས་བསྐུལ་གྱི་རྣམ་གཞག་ཐ་དད་པ་དུ་མ་ཡོད་དེ། ཡན་ལག་བཞི་པ་ལྟར་ན། གླུས་བསྐུལ་བའི་སྔོན་ལ། བར་དོ་འཇུག་པ་མེད་ཅིང༌། འཁོར་རྣམས་སྔོན་ལ་སྤྲུལ་ཟིན་ལ། རྒྱུ་དང་འབྲས་བུའི་རྡོ་རྗེ་འཆང་གཉིས་སྐུ་མདོག་ཕྱག་མཚན་ཐ་དད་དུ་འཕོ་བ་མེད་པ་དེ་ནི་ཕ་མ་གཉིད་ལོག་པའམ། བརྒྱལ་བར་གྱུར་བ་ལ་བུ་ཚས་གླུའམ། ངུ་བའི་སྒྲས་སད་པར་བྱེད་པ་དང་འདྲ་སྟེ། རྒྱུ་འབྲས་གཉིས་རྒྱུད་ཐ་དད་དུ་འཕོ་བ་མེད་དེ། མངོན་བརྗོད་བླ་མར། གཉིད་ལས་སད་པར་བྱེད་པས་ན། །མཁས་པས་རྨོངས་པའི་གླུ་མི་སྨད། །མ་རྟོགས་པ་དག་རྟོགས་བྱའི་ཕྱིར། །སེམས་ཅན་དོན་དུ་སངས་རྒྱས་སོ། །ཞེས་སོ། །དེ་ནི་སངས་རྒྱས་རྣམས་གདུལ་བྱ་མེད་པ་ན། བདེ་བ་ཆེན་པོའི་རང་བཞིན་གྱི་སྐུ་ཡིས་གནས་ལ། གདུལ་བྱ་བྱུང་བ་ན་སྔོན་གྱི་སྨོན་ལམ་དང༌། ཐུགས་རྗེས་བསྐུལ་བ་ལྟ་བུའོ། །འདིར་ཡན་ལག་དྲུག་པ་ལ་རྒྱུ་རྡོ་རྗེ་འཆང་གིས་འཁོར་རྣམས་རྫོགས་པར་སྤྲུལ་ནས། དྲི་ཟ་ཞུགས་ཏེ་ཞུ་བ་ལས། འཁོར་རྣམས་ཀྱི་གླུས་བསྐུལ་བས། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་རྒྱུ་འབྲས་ཁ་དོག་མི་འདྲ་བ་ནི། རྒྱུ་རྡོ་རྗེ་འཆང་ཕ་མ་དང༌། འཁོར་རྣམས་བུ་ཚ་ལྟ་བུ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་སྤུན་ཆུང་ཤོས་དཔོན་པོར་བསྐོས་པ་ལྟ་བུ་སྟེ། ཀུན་རྫོབ་ཏུ་རྒྱུ་འབྲས་གཉིས་རྒྱུད་ཐ་དད་པའོ། །དེ་བཞིན་དུ་ཐིག་ལེ་ཙམ་ལ་གླུས་བསྐུལ་བ་སོགས་ཀྱི་སྦྱང་གཞི་དང༌། རྣམ་དག་ཐ་དད་དུ་ཤེས་པར་བྱ་སྟེ། མན་སྙེར་དེ་ཉིད་ཀྱི་ཕྱིར་འབྲས་བུ་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་ཀྱང་དྲི་ཟ་འཇུག་པ་མེད་པར་ཡང་ཞུ་བར་གྱུར་པ་བསྡུས་པའི་རིམ་པར་གསུངས་ཏེ། དེའི་གནས་སྐབས་ཀྱིའང་གདུལ་བྱར་རུང་བ་རྣམས་མ་བྱུང་བ་ན། བདེ་བ་ཆེན་པོའི་རང་བཞིན་གྱི་སྐུ་ཁོ་ནས་གནས་པའོ། །ཞེས་དགོངས་པས་སོ། །བྱུང་ན་ནི་སྙིང་རྗེ་དང༌། བྱམས་པ་དང༌། དགའ་བ་དང༌། བཏང་སྙོམས་ཆེན་པོའི་རང་བཞིན། ས་དང༌། ཆུ་དང༌། མེ་དང་རླུང་རྣམ་པར་དག་པའི་ངོ་བོ་སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་ཀྱིས་སླར་ཡང་སློང་བར་བྱེད་དོ། །གང་གི་ཚེ་གཞན་གྱི་དོན་བྱ་བ་ལ་སྐད་ཅིག་ཀྱང་ངལ་བསོ་བ་མེད་པ་དེའི་ཚེ། ནམ་ཡང་ཞུ་བར་འགྱུར་བ་མ་ཡིན་ཏེ། རྡོ་རྗེ་སེམས་དཔའ་འདི་ཇི་ལྟ་བ་བཞིན་ནོ། །ཁ་ཅིག་ཏུ་སྟོང་པ་ཉིད་ཀྱི་རྗེས་སུ་ཡི་གེའི་གཟུགས་ལ་སོགས་པའི་དྲི་ཟ་བཤད་པ་མེད་དེ། ལས་ཀྱི་ཁྱད་པར་གྱི་དབང་གིས་ཤི་བའི་རྗེས་ཐོགས་སུ་བར་དོའི་སྲིད་པའི་གནས་སྐབས་མེད་པར་ཡང༌། སྲིན་བུ་པད་པ་འཕོ་བ་བཞིན་དུ་སྐྱེ་བོ་རྣམས་འགྲོ་བ་གཞན་དུ་སྐྱེ་བའི་ཕྱིར་དེའི་རྗེས་སུ་འབྲང་བ་ལ་བསྒོམ་པ་ལ་ཡང་རྣམ་པར་བཞག་པའོ། །ཞེས་དགོངས་པའི་ཕྱིར་རོ། །དེའི་ཚེ་ནི་ཡི་གེའི་གཟུགས་ལ་སོགས་པའི་དྲི་ཟའི་རྗེས་སུ་འབྲང་བར་རྣམ་པར་བཞག་པ་མིན་ནོ། །དེ་ལྟར་འདི་ལྟ་བུའི་རྣམ་པར་བཞག་པ་ཐ་དད་པར་ཤེས་རབ་ཅན་མང་དུ་ཐོས་པ་རྣམས་ཀྱིས་བརྟག་པར་བྱ་སྟེ། ཅི་གང་ཇི་སྲིད་པ་བདག་གིས་བརྗོད་པར་བྱའོ། །ཞེས་པ་རེ་ཞིག་གཞག་གོ །ཞེས་གསུངས་སོ། །གསུམ་པ་ནི། དེ་ལྟར་སྦྱང་གཞི་ལ་སྐྱེ་འཆི་བར་དོ་གསུམ་ཇི་ལྟར་ཡོད་པ་བཞིན། སྦྱོང་བྱེད་བསྐྱེད་རིམ་ཡང་དེ་དང་འདྲ་བར་བསྒོམས་པས། འབྲས་བུ་སྐུ་གསུམ་མངོན་དུ་བྱེད་པའི་ཚུལ་འདི་ནི་རྣལ་འབྱོར་བླ་མེད་ཀྱི་ལམ་གྱི་སྙིང་པོ་ཡིན་ལ། དེ་ཉིད་ཇི་ལྟར་བཤད་པའི་ཚུལ་ཡང་ཁུངས་ཐུབ་ཀྱི་གཞུང་ལ་བརྟེན་ནས་བཤད་དགོས་པས། འདིར་བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཀྱི་ལེའུ་གཉིས་པ་རྩ་འགྲེལ་དང༌། མན་ངག་སྙེ་མའི་རྗེས་སུ་འབྲངས་ནས་བཤད་པ་སྟེ། དོན་འདི་ཉིད་རྗེ་བཙུན་རིན་པོ་ཆེའི་ཞལ་སྔ་ནས་ཀྱང༌། གསུམ་པོ་རེ་རེས་ཀྱང་སྐྱེ་འཆི་ལ་སོགས་པ་སྦྱོང་བ་ནི། སྦྱང་གཞི་དང་སྦྱོང་བྱེད་ཐམས་ཅད་ངོ་སྤྲད་པ་ལམ་ཐམས་ཅད་གཅིག་ཏུ་བསྲེས་ནས་སྟོན་པ་འདི་ནི། རྣལ་འབྱོར་དབང་ཕྱུག་ཆེན་པོ་བིརྺ་པའི་བཞེད་པ་ཡིན་ནོ། །ཞེས་གསུངས་པའི་དོན་ཡང་འདི་ཁོ་ནར་བཟུང་ངོ༌། །འདིར་སྨྲས་པ། གཞི་ཡི་གནས་ལུགས་སྐྱེ་འཆི་བར་དོ་གསུམ། །ཇི་ལྟར་ཡོད་བཞིན་བསྐྱེད་རིམ་བསྒོམས་པའི་མཐུས། །འབྲས་བུ་སྐུ་གསུམ་མངོན་དུ་བྱེད་པ་ཡི། །ཤིང་རྟ་ཆེན་པོའི་ལམ་འདི་ཁོ་བོས་རྟོགས། །ཞེས་སོ། །གཉིས་པ་རྫོགས་པའི་རིམ་པ་ནི། འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོའི་རྣལ་འབྱོར་བསྟན་པའི་ཕྱིར། ལྟེ་བར་ཞེས་སོགས་སྨྲོས་ཏེ། རང་དཀྱིལ་འཁོར་གྱི་གཙོ་བོར་བསྒོམས་པའི་ལུས་ཀྱི་དབུས་སུ། སྤྱི་གཙུག་ནས་ལྟེ་བའི་བར་རྩ་ཨ་བ་དྷཱུ་ཏཱི་ཤིན་ཏུ་ཕྲ་ཞིང་གསལ་བ་ཐིག་ལེའི་དངས་མས་གང་བ། དེའི་གཡས་སུ་རོ་མ་མེའི་རང་བཞིན་རཀྟས་གང་བ་དམར་མོ། གཡོན་དུ་རྐྱང་མ་ཆུའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་དཀར་པོ་སྟེ། རྩ་གསུམ་གསལ་བཏབ། དེ་ནས་ཨ་བ་དྷཱུ་ཏཱི་ལ་བརྟེན་པའི་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་ལྟེ་བར་ཨཾ་དམར་པོ་མེའི་རང་བཞིན་མགོ་གྱེན་ལ་བལྟ་བ། ནང་སྐོར་གྱི་འདབ་མ་བརྒྱད་ལ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ ཕྱིའི་འདབ་མ་ལ་ཨཱ་ལི་ཕྲག་གཉིས། ཀཱ་ལི་ཕྲག་གཅིག་ལ་ཧ་དང་ཀྵ་སྤངས་པ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བ་ཧཱུྃ་ནག་པོ་མགོ་ཐུར་དུ་བལྟ་བ། ཕྱོགས་བཞིར་བྷྲཱུྃ་ཨཾ་ཛྲཱིཾ་ཁཾ། མཚམས་བཞིར། ལཱཾ་མཱཾ་པཱཾ་ཏཱཾ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་ལྟེ་བར་ཨོཾ་དམར་པོ། མགོ་གྱེན་དུ་བལྟ་བ། འདབ་མ་ལ་ཨཱ་ལི་ཕྲག་གཅིག སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་པའི་ལྟེ་བར། ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བ། འདབ་མ་ལ་ཨཱ་ལི་ཕྲག་གཉིས་བསམ། བཤང་སྒོར་རླུང་གི་དཀྱིལ་འཁོར་དང༌། སུམ་མདོར་མེའི་དཀྱིལ་འཁོར་ཡང་བསྒོམས་ནས། འོག་སྒོ་འབྱེད་འཛུམས་ཀྱི་སྦྱོར་བ་བྱས་པས་འོག་གི་རླུང་ལྟེ་བར་གཏུམ་མོའི་ངོ་བོ་ཨཾ་ཡིག་ལ་ཕོག་པས། དེ་མེར་འབར་བའི་སྦྱོར་བ་ཡིས་གཡས་རོ་མའི་མེ་དང་འགྲོགས་ཏེ་གྱེན་དུ་འབར་བས་སྙིང་གར་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡིག་འབྲུ་ལྔ་བསྲེགས་ཏེ་ཡང་ཡར་འབར་བས། མགྲིན་པའི་འཁོར་ལོ་སྤྱན་མ་ལ་སོགས་པ་ལྷ་མོ་བཞིའི་ངོ་བོ་ཡིག་འབྲུ་བཞི་ཡང་བསྲེགས་པའི་རྗེས་སུ་མེ་དེས་སྤྱི་བོའི་འཁོར་ལོ་བསྲེགས་པས། དེའི་དབུས་ཀྱི་ཧཾ་དེ་ལས་རི་བོང་ཅན་བྱང་སེམས་བདུད་རྩིའི་རྒྱུན་གཡོན་རྐྱང་མའི་བྱང་སེམས་དང་བསྡོངས་ནས་རིམ་གྱིས་འཛག་པ་སྟེ་འབབ་པས་མགྲིན་པ་དང་སྙིང་གའི་འཁོར་ལོ་རྣམས་སྔར་བས་ཀྱང་གསལ་བར་གསོས་བཏབ་ནས། ཐིགས་པ་གཅིག་ལྟེ་བའི་ཨཾ་ལ་ཕོག་པས། ཨཾ་ལས་མེའི་ཟེར་ཤིན་ཏུ་ཕྲ་བ་ཨ་བ་དྷཱུ་ཏཱིའི་ནང་ནས་མྱུར་དུ་སོང་བས། སྙིང་གའི་ཧཱུྃ་དང་མགྲིན་པའི་ཨོཾ་བཅོམ་སྤྱི་བོའི་ཧཾ་ལ་ཕོག་པས་ཧཾ་ལས་བྱང་སེམས་དྭངས་མ་ཤིན་ཏུ་ཕྲ་བའི་རྒྱུན་དབུ་མའི་ལམ་ནས་འཛག སྙིང་གའི་ཧཱུྃ་དང་མགྲིན་པའི་ཨོཾ་གསལ་བཏབ་ནས། དེའི་ནུས་པས་ལྟེ་བའི་མེ་ཆེར་འབར། འབར་བ་དང་འཛག་པ་དབུ་མར་ཐིམ་པས་འབར་བའི་ནུས་པས་ལུས་དྲོད་ཀྱིས་གང་ཞིང་ནད་དང་རྟོག་པ་བསྲེགས། འཛག་པའི་སྟོབས་ཀྱིས་རྩ་སྦུབས་ཐམས་ཅད་ཐིག་ལེས་ཁེངས་ནས་བདེ་བས་ལུས་རྒྱས། སེམས་ལ་ཡེ་ཤེས་སྐྱེས་པར་བསམ་ཞིང༌། རླུང་ཁ་སྦྱོར་བསྒོམ་པར་བྱའོ། །རྒྱུན་དུ་བསྒོམས་ན་དྲོད་འབར་ཞིང་གསལ་སྟོང་གི་ཏིང་ངེ་འཛིན་སྐྱེ་ལ། གོམས་ན་རང་བྱུང་གི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཡེ་ཤེས་དེས་ལྷ་དང་ཕྱི་རོལ་གྱི་དངོས་པོ་རྣམས་ལ་རྒྱས་བཏབ་ནས་བསྒོམས་པས། བསྐྱེད་རིམ་གྱི་མཚན་མར་འཛིན་པའི་དུག་སྦྱངས་ནས་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །འདིར་ནི་བསྒོམ་བྱའི་ངོ་བོ་ཙམ་ཞིག་དང༌། གཞུང་གི་འབྲུ་འཇོམས་པ་ཙམ་སྟེ། རྒྱས་པར་ནི་གྲུབ་ཆེན་ཌོམྦྷི་པས་མཛད་པའི་རྫོགས་རིམ་གྱི་གཞུང་ལྷན་ཅིག་སྐྱེས་གྲུབ་ཀྱི་བཤད་པ། བླ་མ་མཁས་པ་ལས་ཉན་ཅིང༌། དོན་བསྒོམས་པ་ལས་རྟོགས་པར་འགྱུར་རོ། །དེ་ལྟར་ན་རིམ་པ་གཉིས་ཀྱི་མཉམ་པར་གཞག་པའི་རྣལ་འབྱོར་རྒྱས་པར་བསྟན་ཟིན་ཏོ།། །།གཉིས་པ་མཉམ་པར་མ་གཞག་པའི་རྣལ་འབྱོར་ལ་གཉིས། གཞུང་ནས་བཤད་པའི་རྣལ་འབྱོར་གསུམ་བྱ་བ། མ་བཤད་པའི་རྣལ་འབྱོར་ལྷག་མ་རྣམས་ཁ་བསྐང་སྟེ་བཤད་པའོ། །དང་པོ་ལ་གསུམ། དག་པ་རྗེས་སུ་དྲན་པ། བཟླས་པའི་རྣལ་འབྱོར། གཏོར་མའི་རྣལ་འབྱོར་རོ། །དང་པོ་ནི། དེ་ལྟར་རིམ་པ་གཉིས་ཀྱི་བསམ་གཏན་ལ་མཉམ་པར་འཇོག་མི་ནུས་པའི་རྣལ་འབྱོར་པ་གང་ཡིན་པ་དེས་ནི། བསྒོམ་བྱའི་ལྷ་རྣམས་ཀྱི་རྣམ་པར་དག་པ་རྗེས་སུ་དྲན་པར་བྱ་སྟེ། དེ་ལ་ཆོས་ཀྱི་སྐུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་རྣམ་པར་དག་པ་ནི། སྤྱན་རྣམས་ནི་དམར་པོ་སྟེ། སྐུ་དང་ཡན་ལག་ཁ་དོག་ནག་པོ་ནི། བྱམས་པའི་ཐུགས་ལས་གཞན་དུ་མི་འགྱུར་བ་མཚོན་ཏེ། སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པ་ཡིན་ནོ། །ཞབས་དང་ཕྱག་རྣམས་སྤྲུལ་སྐུས་ཁམས་གསུམ་གྱི་སེམས་ཅན་འདུལ་བར་མཛད་པ་ཡིན་ཏེ། དེ་ལ་བསྡུ་བའི་དངོས་པོ་བཞི་ནི། ཟང་ཟིང་ལ་སོགས་པ་སྦྱིན་པ་བཞི་དང༌། ཕ་རོལ་ཏུ་ཕྱིན་པ་སྟོན་པ་ངག་སྙན་པར་སྨྲ་བ་དང༌། གཞན་ལེན་དུ་འཇུག་པ་དོན་སྤྱོད་པ་དང༌། རང་ལེན་པ་དོན་མཐུན་པ་ཞེས་བྱ་བ་བཞིའོ། །དེ་བཞི་པོ་རྣམ་པར་དག་པ་ནི། ཞབས་ནི་རྣམ་པ་བཞི་ཞེས་བརྗོད་དོ། །ཞལ་བརྒྱད་ནི། རྣམ་པར་ཐར་པ་བརྒྱད་དག་པ་ཡིན་ཏེ། གཟུགས་ཅན་གཟུགས་ལ་བལྟ་བ་དང༌། ནང་གཟུགས་མེད་པར་ཤེས་ནས་ཕྱིའི་དོན་ལ་བལྟ་བ་དང༌། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་རྫོགས་པར་བྱས་ནས་གནས་པ་དང༌། དེ་ལྟར་གཟུགས་ལས་འདས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་པ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། འདུ་ཤེས་དང་ཚོར་བ་འགོག་པ་མངོན་སུམ་དུ་བྱས་པའི་རྣམ་པར་ཐར་པའོ། །དེ་དག་ནི་འཇིག་རྟེན་པའི་རྣམ་པར་ཐར་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་རྣམ་པར་ཐར་པ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་ཡིན་ཞིང༌། མཐར་ཐུག་སངས་རྒྱས་ཉིད་ཀྱི་རྣམ་པར་ཐར་པ་ནི་དབང་ཕྱུག་བརྒྱད་ཡིན་ཏེ། སྐུའི་དབང་ཕྱུག་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང༌། །ཅི་འདོད་བསྐྱེད་དང་ཡོན་ཏན་བརྒྱད་པའོ། །ཞེས་རྒྱུད་ཀྱི་ལུང་སློབ་དཔོན་ཟླ་གྲགས་ཀྱིས་སྒྲོན་གསལ་ལས་གསུངས་སོ། །དེ་ལྟར་དབང་ཕྱུག་བརྒྱད་པོ་འདི་དག གཡོན་གྱི་ཕྱག་མཚན་བརྒྱད་ཀྱི་ཤིན་ཏུ་མཐར་ཐུག་པ་ཡིན་ནོ། །བཅུ་དྲུག་ཕྱག་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ཡིན་ཏེ། དེ་ལ་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དོ། །སྤྱི་བོའི་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་ལྔ་ནི། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་རྣམ་པར་དག་པ་ཡིན་ནོ། །རྩ་རྒྱུད་ཀྱི་འགྱུར་དུ། གུག་སྐྱེད་ཀྱིས་ནི་སངས་རྒྱས་ལྔ། །ཞེས་འབྱུང་བ་ལྟར་ན། གུག་སྐྱེད་ནི་མན་ཏྲ་སྟེ། དེ་ཉིད་ལ་ཨུ་ཡི་རྐྱེན་བྱིན་པས་མུ་ཏྲ་སྟེ་ཕྱག་རྒྱར་འགྱུར་ལ། དེ་ནི་རྒྱན་ལྔ་དང་དྲུག་པ་ཐལ་བ་དང༌། མཆོད་ཕྱིར་ཐོགས་ཏེ། དེ་ནི་སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །ཞེས་བྱ་བ་ནས། ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ཞེས་བྱ་བའི་བར་ཡིན་ནོ། །ཞེས་རྗེ་བཙུན་གསུངས་སོ། །ཁྲོ་བོའི་ཆ་ལུགས་སུ་བཞུགས་པ་ནི། གདུག་པ་ཅན་འདུལ་བ་རྣམ་པར་དག་པའོ། །དེ་ཡང་གུར་ལས། གདུག་ཅིང་གཏུམ་པའི་སེམས་ཅན་ལ། །ཞི་བ་ཉེ་བར་མི་སྦྱར་ཏེ། །འདི་མཁྱེན་རྡོ་རྗེ་འཆང་ཆེན་གྱིས། །རང་ཉིད་ཀྱེ་ཡི་རྡོ་རྗེར་གྱུར། །ཞེས་གསུངས་པ་བཞིན་ནོ། །སྤྱན་གསུམ་པོ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་རྣམ་པར་དག་པ་སྟེ། རྩ་རྒྱུད་ལས། རྡོ་རྗེ་གསུམ་གྱི་དག་པའི་སྤྱན། །ཞེས་སོ། །པགས་པ་རིམ་པ་བདུན་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། དེ་བཞིན་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །རུས་པ་ནི་རིགས་བཞི་སྟེ། མགོ་དང༌། རྐང་དང༌། ཚིགས་དང༌། རྩིབ་མའོ། །དེ་དག་ནི་བདེན་པ་བཞི་རྣམ་པར་དག་པ་སྟེ། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་གྱི་བདེན་པའོ། །རང་བཅོམ་ལྡན་འདས་སུ་བསྒོམས་པའི་གཟུགས་སུ་རུང་བ་དུ་མ་སྤུངས་པའི་གཟུགས་ཀྱི་ཕུང་པོ་ནི་ལྷ་མོ་རྡོ་རྗེ་མ་ཡིན་ཏེ། དེ་བཞིན་དུ་ཉམས་སུ་མྱོང་བས་ན་ཚོར་བའི་ཕུང་པོ་ནི། གསང་བའི་དཀར་མོ་ཉིད་དོ། །དེ་བཞིན་དུ་ལྷ་མོ་ཆུ་མ་ནི་མཚན་མར་འཛིན་པའི་མཚན་ཉིད་ཅན། འདུ་ཤེས་ཀྱི་ཕུང་པོ་དག་པའོ། །ཡུལ་ལ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་མཁའ་འགྲོ་མ། ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན། རྣམ་པར་ཤེས་པའི་ཕུང་པོ་འདི་དག་པ་ནི་བདག་མེད་མ་སྟེ། ཕུང་པོ་ལྔ་པོ་འདི་དག་ཀུན་རྫོབ་སྒྱུ་མ་ཙམ་དུ་རྡོ་རྗེ་མ་ལྔར་རྣམ་པར་དག་པ་ཡིན་ལ། དོན་དམ་པ་ཆོས་ཉིད་ཀྱི་དབང་དུ་བྱས་པ་ལ་ནི་ཕུང་པོ་ལྔ་ལྷར་དག་པ་མེད་དེ། ཕུང་པོ་སོགས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །ཕུང་པོ་ལྔ་པོ་དེ་རྣམས་དང་འདི་དག་གི་ཆོས་ཉིད་རྣམས་ནི་ཡན་ལག་དྲུག་ཏུ་འགྱུར་ལ། དེ་སྐྱེ་མཆེད་དྲུག་ནི་རྣམ་པར་དག་པའོ། །སེམས་འཁྲུགས་པའི་རྣམ་པ་ཅན་གྱི་ཞེ་སྡང་དག་པ་ནི། རྡོ་རྗེ་མ་སྟེ་བདག་མེད་མའོ། །ཡུལ་ལ་ཞེན་པའི་རྣམ་པ་ཅན་གྱི་འདོད་ཆགས་ནི། རྡོ་རྗེ་རོ་མ་བ་རཱི་སྟེ། ཆུའི་རྣལ་འབྱོར་མ་ཡིན་ནོ། །གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲ་དོག་པའི་རྣམ་པ་ཅན་གྱི་ཕྲག་དོག་ནི། རྡོ་རྗེ་མཁའ་འགྲོ་མར་དེ་བཞིན་དུ་ཤེས་པར་བྱའོ། །མི་ཤེས་པའི་རྣམ་པ་ཅན་གྱི་གཏི་མུག་ནི། ལྷ་མོ་རྡོ་རྗེ་མར་དག་པ་ཡང་ནི་བརྗོད་པར་བྱའོ། །རྙེད་བཀུར་ལ་ཆགས་པས་ཡོ་བྱད་གཏོང་བར་མི་འདོད་པའི་སེར་སྣ་ནི་གསང་བའི་གཽ་རཱི་མའོ། །བདེ་སྡུག་གི་མཚན་ཉིད་རིག་པའི་ཡིད་ནི་བདག་མེད་རྣལ་འབྱོར་མའོ། །སྲ་བ་སའི་ཁམས་ནི་ལྷ་མོ་པུཀྐ་སཱི་རུ་བཤད། གཤེར་བ་ཆུའི་ཁམས་ནི་རི་ཁྲོད་མ་ཞེས་ཟེར། དྲོད་དེ་དྲོ་བ་མེའི་ཁམས་ནི་གཏུམ་མོར་ཤེས་པར་བྱ། གཡོ་བ་རླུང་གི་ཁམས་ནི་གཡུང་མོར་རབ་ཏུ་བརྗོད་དོ། །དེ་བཞིན་དུ་མིག་གི་ཡུལ་དུ་གྱུར་པའི་གཟུགས་ནི་གཽ་རཱིར་ཡང་དག་བཤད། རྣ་བའི་ཡུལ་དུ་གྱུར་པའི་སྒྲ་ནི་ཆོམ་རྐུན་མ་རུ་བརྗོད། སྣའི་ཡུལ་དུ་གྱུར་པ་བཟང་ངན་སོ་སོ་བའི་ཆ་དང་ལྡན་པའི་དྲི་ནི་རོ་ལངས་མ། ལྕེའི་ཡུལ་དུ་གྱུར་པའི་རོའི་ཚུལ་ནི་ཟ་ཕོད་མ་སྟེ་གྷསྨ་རཱི། ལུས་ཀྱི་ཡུལ་དུ་གྱུར་པའི་རེག་བྱ་ནི་ས་སྤྱོད་མ་ཞེས་བརྗོད། ཡིད་ཀྱི་ཡུལ་དུ་གྱུར་པའི་ཆོས་ཀྱི་ཁམས་ནི་མཁའ་སྤྱོད་མ་སྟེ། འདི་དག་ཀྱང༌། ཕྱིའི་དཀྱིལ་འཁོར་ལ་ལྷ་བཀོད་པའི་དག་པ་ནི་མ་ཡིན་གྱི། རང་གི་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་ལྷ་དེ་དང་དེ་དག་ཏུ་དག་པར་བྱ་བ་ཡིན་ནོ། །གཡོན་པའི་ཕྱག་བརྒྱད་ཀྱི་སའི་ལྷ་ནི་དང་པོར་བྱས་པ་ནས་ནོར་སྦྱིན་འཛིན་པའི་ཕྱག་མཐའ་མར་བྱས་པའི་ཕྱག་བརྒྱད་ནི་ཕྱུག་པོ་སྟེ། དབང་ཕྱུག་བརྒྱད་པོ་ཐམས་ཅད་རབ་ཏུ་འགྲུབ་པ་དག་པའོ། །གཡས་པའི་ཕྱག་བརྒྱད་ཀྱིས་གླང་པོ་ཆེ་ལ་སོགས་པ་བརྒྱད་འཛིན་པ་ནི། ནད་བརྒྱད་ནི་ཉེ་བར་ཞི་བ་དག་པའོ། །དེ་དག་ཀྱང་གང་ཞེ་ན། གློ་ནད་དང་དབུགས་མི་བདེ་བ་དང༌། དེ་བཞིན་དུ་སྨྱོ་བ་སེམས་འཁྲུལ་བ་དང༌། ལུས་ཀྱི་ཁོང་སྣད་པས་ཁ་ནས་ཁྲག་སྐྱུག་པ་དང༌། མཛེ་ནད་དང༌། བིརྫི་ཀ་སྟེ་འབྲུམ་བུའི་ནད་དང༌། མཆེར་པ་ན་བ་དང༌། མཆིན་པ་ན་བ་དང༌། ནད་དེ་རྣམས་ཀྱི་གཟུགས་ནི་གླང་པོ་ཆེ་ལ་སོགས་པ་བརྒྱད་དུ་སྤྲུལ་ནས་བཟུང་བས་ནད་དེ་དག་འཇོམས་པར་རབ་ཏུ་བརྗོད་དོ། །དེ་ལྟར་དག་པ་དྲན་པར་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུ་བ་ནི། སྔར་གྱི་བསྟོད་པའི་རྗེས་ལ་བསྡུས་ཀྱང་བཏུབ། རྫོགས་རིམ་བསྒོམས་པའི་རྗེས་ལ་བསྡུས་ཀྱང་བཏུབ། དག་པ་རྗེས་སུ་དྲན་པའི་རྗེས་སུ་བསྡུས་ཀྱང་བཏུབ་སྟེ། གང་ལྟར་ཡང་བསྡུ་པའི་རིམ་པ་ནི། གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ནས་ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་ལ་བསྡུ། དེ་དུར་ཁྲོད་བརྒྱད་ལ་བསྡུ། དེ་གཞལ་ཡས་ཁང་ལ་བསྡུ། དེ་ལྷ་མོ་བརྒྱད་ལ། དེ་ཞལ་བརྒྱད་ལ། གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་རྫོགས་རིམ་བསྒོམ་པའམ། དེ་ཟིན་ནས་དག་པ་རྗེས་སུ་དྲན་པའམ། དེའང་ཟིན་ནས་བསྡུས་ནས་བཟླས་པའི་རྣལ་འབྱོར་ལ་འཇུག་པར་བྱའོ། །གང་ལྟར་ཡང་གཙོ་བོ་ཡབ་ཡུམ་ནི་ཉལ་བའི་རྣལ་འབྱོར་གྱི་བར་དུ་བསྡུ་བ་མེད་དོ། །སྟན་ལས་ལྡང་བའམ་བཟླས་བརྗོད་ཟིན་པའི་རྗེས་ལ། རྡོ་རྗེའི་གླུ་དང་སྨོན་ལམ་རྣམ་པར་དག་པ་བཏབ་ལ། ཁ་ཟས་སམ་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །ཞེས་རྗེ་བཙུན་གསུང་ངོ༌། །གཉིས་པ་ལ་གསུམ། བཟླས་པའི་ཡུལ། ཇི་ལྟར་བཟླས་པའི་བསམ་གཏན། བཟླ་བྱའི་སྔགས་སོ། །དང་པོ་ནི། ནི་རཱཾ་སུ་ཏ། མིའི་རུས་པ་ལས་བྱས་པའི་ཕྲེང་བའམ། བོ་དེ་ཙེ་ལ་སོགས་པའི་ཕྲེང་བ་གཞན་ལ་ནི་སྔགས་བཟླ་བར་བྱ་སྟེ། འདི་རྒྱས་པར་བཤད་པ་ལ་བདུན། ཕྲེང་བའི་རྒྱུ། ཕྲེང་བའི་གྲངས། ཕྲེང་ཐག མདོ་འཛིན། བརྒྱུ་བའི་ཚུལ། བྱིན་གྱིས་བརླབ་པ། བགྲང་བའི་ཚུལ་ལོ། །དང་པོ་ནི། ལས་སོ་སོའི་ཕྲེང་བ། རྩ་རྒྱུད་ལས། ཤེལ་གྱིས་རེངས་པའི་བཟླས་པ་ཉིད། །ཅེས་སོགས་རྒྱས་པར་གསུངས་ཤིང༌། སམྦུ་ཊའི་བརྒྱད་པའི་གཉིས་པ་ལས། ཤེལ་དང་ཉ་ཕྱིས་མུ་ཏིག་དང༌། །ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །ཕྲེང་བ་ཡི་ནི་མཚན་ཉིད་དོ། །གསེར་དང་དངུལ་དང་ཟངས་མ་དང༌། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་ཕྲེང་བ་ཉིད། །རྣམ་པར་མཁས་པས་བགྲང་བར་བྱ། །གུར་གུམ་ལ་སོགས་དྲི་སོགས་ཀྱིས། །དྲི་ནི་ཐམས་ཅད་ཁྱད་པར་དུ། །བསྒྲུབས་ཤིང་རིལ་བུར་བྱས་ནས་ནི། །དབང་ལ་ཡོངས་སུ་རབ་ཏུ་གྲགས། །རུ་རཀྵ་དང་ལུང་ཐང་དང༌། །དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་རབ་ཏུ་གྲགས། །ཞེས་གསུངས་ལ། ལས་གང་བསྒྲུབ་ཀྱང་ཐུན་མོང་གི་ཕྲེང་བ་ནི། དེ་ཉིད་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་དེ་ཙིས་ནི་ལས་ཀུན་བྱེད། །ཅེས་གསུངས་སོ། །འདིར་ཁམས་ནི་དཀར་པོ་ཞེས་པ་ལ། རུས་པ་དང་རྡོ་དཀར་ཞེས་གསུངས་མོད་ཀྱང༌། འགྱུར་ཁ་ཅིག་ལས་གཞན་ཡང་ནོར་བུ་སོགས་ཟེར་བ་ཡོད་པས་དེ་བདེའོ། །དབང་གི་ཕྲེང་བ་གུར་གུམ་སོགས་ཀྱི་དོན། གུར་གུམ་ལ་སོགས་པའི་དྲི་བཟང་པོ་སྣ་ཚོགས་ཀྱིས་ལྡེ་གུའི་རིལ་བུ་ཕྲེང་བའི་གཟུགས་སུ་བྱས་ཏེ། མིག་ཕུག་པ་ཡིན་ནམ་སྙམ། གཉིས་པ་ནི། དེ་ཉིད་ལས། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། །ཁྱད་པར་དུ་ནི་ལས་ལ་སྦྱར། །ཇི་ལྟར་ལས་ཀྱི་བྱེ་བྲག་གིས། །ཕྲེང་བ་ལ་སོགས་བྱ་བའོ། །ཞེས་སོ། །གསུམ་པ་ནི། ལས་ཐུན་མོང་གི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཡང་ན་རས་བལ་སྐུད་པ་ནི། །ཞེས་བཤད་ལ། ལས་སོ་སོ་ལ། དེ་ལ་འདི་དག་བསྲེ་བར་བྱ་སྟེ། སྡོམ་འབྱུང་ལས། བོང་བུ་རྔ་མོའི་སྤུ་དང་ནི། །ཁྭ་ཡི་སྒྲོ་ནི་བསྲེ་བྱས་ལ། །མནན་དང་བསྐྲད་པའི་ལས་ལ་ནི། །དེ་ཡི་སྲད་བུར་བརྒྱུ་བར་བྱ། །རྟ་དང་མ་ཧེའི་སྤུ་ཡིས་ནི། །རྣམ་པར་སྡང་ལ་སྲད་བུ་བྱ། །དུར་ཁྲོད་སྐྲ་ཡི་སྲད་བུ་དང༌། །ཁྱི་ཡི་སྤུ་ནི་བསྲེ་བྱ་སྟེ། །དེ་ཡི་སྲད་བུ་དྲག་པོ་ཡི། །ལས་ལ་བསྔགས་ཕྱིར་སྦྱར་བར་བྱ། །ཞེས་སོ། །ཉག་མའི་གྲངས་ནི། སམྦུ་ཊའི་བརྒྱད་པའི་གཉིས་པ་ལས། ཕྱོགས་དང་མཚམས་ནི་བརྒྱད་རྣམས་ཀྱི། །དབུས་སུ་དགུ་པ་སངས་རྒྱས་ཉིད། །ལྷ་ནི་དགུ་སོགས་སྲད་བུ་ལ། །ལྷ་དགུས་བྱིན་གྱིས་བརླབ་པར་བྱ། །ཞེས་པའི་དོན། སྲད་བུ་དགུ་སྒྲིལ་དུ་བྱས་ལ། དགུ་པོ་དེ་ཡང༌། ལྷ་བརྒྱད་དང་དབུས་སུ་དགུ་པས་རྡོ་རྗེ་འཆང་མཚོན་ཅིང༌། དེར་བྱིན་གྱིས་བརླབ་བོ། །ལྷ་བརྒྱད་པོ། ཁ་ཅིག་རིགས་བཞི་དང་ཡུམ་བཞི་ཞེས་ཟེར་མོད། རྗེ་བཙུན་རྩེ་མོས། སམྦུ་ཊའི་རྡོ་རྗེའི་དེ་ཁོ་ན་ཉིད་དུ་བསྟན་པ་བཞིན། པདྨའི་ཕྱག་དང་བྱམས་པ་དང༌། །ནམ་མཁའི་མཛོད་དང་ཀུན་ཏུ་བཟང༌། །གནོད་སྦྱིན་བདག་པོ་འཇམ་པའི་དཔལ། །སྒྲིབ་པ་སེལ་དང་ས་སྙིང་ཉིད། །ཅེས་པ་རྣམས་ལ་བཤད་དོ། །སྐུད་པ་འཁལ་མཁན་ཀྱང༌། ལས་འཇམ་པོ་ལ་ནི། རྡོ་རྗེ་མཁའ་འགྲོར། གཞོན་ནུ་མ་ཡིས་བཀལ་བའོ། །དེ་ཡང་གཟུགས་མཛེས་ལུས་རྫོགས་ཤིང༌། །གཙང་ཞིང་དྲན་ལྡན་སྙན་པར་སྨྲ། །དེ་ཡིས་བཀལ་བའི་ཕྲེང་ཐག་གིས། །གྲོལ་བའི་དངོས་གྲུབ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་བྱ་ལ། ལས་དྲག་པོ་རྣམས་ལའང་རིགས་པས་དཔྱད་དོ། །བཞི་པ་ནི། སམྦུ་ཊར། ཕྲེང་བ་ཀུན་ནི་དགྲ་བཅོམ་པ། །མཆོད་རྟེན་སྟེང་དུ་རབ་ཏུ་བརྟག །མཆོད་རྟེན་ཆོས་ཀྱི་དབང་པོའི་ཕྱིར། །སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ཞེས་པའི་དོན། མདོ་འཛིན་ཉིས་བརྩེགས་བྱས་པ་ཡི། །འོག་མ་ཡེ་ཤེས་སྟོབས་སོགས་དང༌། །གོང་མ་ཆོས་དབྱིངས་མཚོན་པའོ། །ལྔ་པ་ནི། ཕྲེང་ཐག་སངས་རྒྱས་དང་བྱང་ཆུབ་སེམས་དཔར་ཤེས་ནས། ཕྲེང་བའི་རྡོག་མ་རྣམས་དེ་བཞིན་གཤེགས་པ་དགྲ་བཅོམ་པར་མོས་ཏེ། ངག་ཏུ་ཧཱུྃ་གི་གླུ་ལེན་ཅིང་བརྒྱུ་བར་བྱ་སྟེ། སམྦུ་ཊར། ཨཱ་ལི་ཀཱ་ལིའི་ས་བོན་ནི། །ཧཱུྃ་གི་སྲད་བུས་བརྒྱུ་བ་ཉིད། །ཅེས་སོ། །དྲུག་པ་ནི། ལྷའི་རྣལ་འབྱོར་ལ་གནས་པས་བྱ་སྟེ། དེའང་སམྦུ་ཊར་འདིའི་སྐབས་སུ། འཕགས་པ་རྣམ་པར་སྣང་མཛད་གཙོ། །ཞེས་གསུངས་པ་ནི། རྣལ་འབྱོར་ནམ་མཁའ་ལ་དགོངས་ལ། སྤྱིར་ཡི་དམ་གྱི་ལྷ་གང་ཡིན་གྱི་རྣལ་འབྱོར་གྱིས་བྱ་ཞིང༌། ལས་སོ་སོ་ལ་རིགས་དང་མཐུན་པའི་རྣལ་འབྱོར་དགོས་སམ་བསམ། གང་ལྟར་ཀྱང་ལྷར་གསལ་བའི་རང་གི་ལག་པ་གཡོན་པའི་སོར་མོ་རྣམས་པདྨ་འདབ་མ་ལྔ་པ། ལག་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ལ་ཨ་སོགས་དབྱངས་ཡིག་གིས་གཡོན་དུ་བསྐོར་བའི་ལྟེ་བ་ལ་ཨ། ལག་པ་གཡས་པའི་སོར་མོ་ལྔ། རྡོ་རྗེ་རྩེ་ལྔ་པ། ལག་པའི་མཐིལ་དུ་ཉི་མའི་དཀྱིལ་འཁོར་ལ། ཀ་སོགས་གསལ་བྱེད་ཀྱིས་གཡས་སུ་བསྐོར་བའི་ལྟེ་བ་ལ་ཡི་གེ་ཧཱུྃ་བསམས་ལ་པད་སྐོར་སྔོན་དུ་འགྲོ་བས། བསང་སྦྱང་ལེགས་པར་བྱས་པའི་ཕྲེང་བ་བླངས་ཏེ། ལག་པ་གཉིས་ཀྱི་དབུས་སུ་བཞག བདུད་རྩིའི་ཡི་གེ་སུཾ་དཀར་པོ་འོད་ཟེར་འཕྲོ་བར་བསམ། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སུཾ་ལ་ཁྱབ། དེས་ཨཱ་ལི་དང་ཀཱ་ལི་ལ་ཁྱབ། དེ་ཕྲེང་བ་དང་གཉིས་སུ་མེད་པར་གྱུར་པར་བསམས་ལ། ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཾ། སརྦ་བུདྡྷ་མ་ཡཾ་བྷ་བེ་ཏ། ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་པའི་སྔགས་འདི་དང་པོར་བྱིན་གྱིས་རློབ་དུས་ཕྲེང་སྐོར་གཅིག་བཟླས་ཤིང༌། བཟླས་པ་ནམ་བྱེད་དུས་ཀྱང་གསུམ་ལ་སོགས་པ་བཟླས་ན། མཐུ་དང་ལྡན་པར་འགྱུར་རོ། །ཞེས་བླ་མ་དམ་པ་གསུང་ཞེས་རྗེ་བཙུན་རྩེ་མོས་བཤད་དོ། །འགའ་ཞིག་ཏུ་གཞན་རྣམས་འདྲ་བ་ལ། ཁ་སྦྱོར་གྱི་བར་དུ་ཡི་གེ་ཨོཾ་ཨཱཿཧཱུྃ། གསུམ་ཡང་བསམས་ལ། ཡིག་འབྲུ་རྣམས་ལས་འོད་ཟེར་དཀར་པོ་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཨཱ་ལི་ཀཱ་ལི་དཔག་ཏུ་མེད་པ་འཐོན་ནས་ཕྲེང་བ་ལ་ཐིམ་པར་བསམ་མོ། །དེ་ནས་རྡོ་རྗེ་པདྨ་ཟླ་ཉི་ཨཱ་ལི་ཀཱ་ལི་ཨ་ཧཱུྃ་གཉིས་ཏེ། དེ་རྣམས་སྙོམས་འཇུག་བྱས་པས། ཡིག་འབྲུ་གསུམ་ལ་ཐིམ་སྟེ་གྱུར་པ་ལས་ཕྲེང་བར་གྱུར་པར་བསམ་སྟེ། ཨོཾ་ལས་མདོ་འཛིན་བྱུང་སྟེ་ཆོས་སྐུ་ལ་ཨཱཿལས་ཕྲེང་བ་དགྲ་བཅོམ་པས་བསྐོར་བར་བསམ། ཧཱུྃ་ལས་ཕྲེང་ཐག་ལྷ་དགུའི་རང་བཞིན་བྱིན་གྱིས་བརླབ་པར་བསམས་ལ་སྔགས་བརྗོད་ཟེར་ཏེ། འགྲིག་པོ་འདྲ་བར་སྣང་ཡང་དཔྱད་པར་བྱའོ། །དེ་ལྟར་བྱིན་གྱིས་བརླབ་པའི་ཚུལ། སམྦུ་ཊར། ལག་མཐིལ་ཉི་མ་བསམས་ནས་ནི། །དབྱངས་ཡིག་དང་པོ་ལ་སོགས་པ། །ལག་པའི་དབུས་སུ་རྣལ་འབྱོར་པས། །བསྒོམས་ཤིང་བདུད་རྩིའི་ཡི་གེ་ནི། །འོད་ཟེར་འཕྲོ་བ་དུ་མ་ནི། །ཁ་དོག་དཀར་པོ་བསམས་ནས་ནི། །གཡོན་པ་པདྨར་འཛིན་པ་ཉིད། །པདྨ་རྡོ་རྗེ་འཇུག་པ་ཡིས། །ཡང་དག་སྦྱོར་བ་ཉི་མའི་ནང༌། །ཀུན་གྱི་དེ་ཉིད་བསྒོམ་བྱ་ཞིང༌། །ཕྲེང་བ་བྱིན་གྱིས་བརླབ་པར་བྱ། །ཞེས་དང༌། སྔགས་ཀྱི་ཕྲེང་བ་སྦྱངས་ནས་ན། །གང་འདོད་དེ་ཉིད་བསྒྲུབ་པར་བྱ། །དེ་ཉིད་ལས་ནི་འགྲུབ་པར་འགྱུར། །ཀུན་ཏུ་གསལ་བ་མེད་ན་རིང༌། །ཞེས་སོ། །བདུན་པ་ནི། སམྦུ་ཊར། སོར་མོ་ལ་སོགས་བྱེ་བྲག་ལ། །ཕྱིས་ནི་སྔགས་པས་བཟླས་པར་བྱ། །ཞེས་མདོར་བསྟན་ནས། ཞི་ལ་ཁྲོ་བོ་དགོད་པར་བྱ། །རྒྱས་ལ་དབུ་མའི་དེ་ཉིད་ལ། །སྲིན་ལག་ལ་ནི་དབང་དུ་གསུངས། །ཀུན་གྱི་མཐར་ནི་མངོན་སྤྱོད་ལ། །ཞེས་གསུངས་པས། ཞི་བ་ལ་ཁྲོ་བོ་སྟེ་མཛུབ་མོའི་སྟེང་ནས། རྒྱས་པ་ལ་གུང་མོའི། དབང་ལ་སྲིན་ལག མངོན་སྤྱོད་ལ་མཐེའུ་ཆུང་གི་སྟེང་ནས་ཕྲེང་བ་བོར་བར་བྱ་སྟེ། མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ལས། །དངོས་པོ་ལ་ནི་དགུག་པར་བྱ། །ཞེས་གསུངས་པས། མཐེ་བོང་རྡོ་རྗེ་ལྕགས་ཀྱུར་བསམས་ནས། དངོས་གྲུབ་གང་ཡིན་འགུགས་པར་འདོད་པའི་བསམ་པས། མདོ་འཛིན་གྱི་བར་དུ་བགྲང༌། དེ་ནས་མདོ་འཛིན་མི་འགོམ་པར་བསྐོར་བ་བྱེད་པའི་ཚུལ་གྱིས་བགྲང་ངོ༌། །ལག་པ་གཡས་གཡོན་གང་གིས་བགྲང་ན། འདིར་གཡོན་པ་རྡོ་རྗེ་ཅན་གྱིས་དངོས་ཞེས་གསུངས་པ། ལག་པ་གཡོན་པ་རྡོ་རྗེར་བསམས་ནས་བགྲང་བ་ནི། མ་རྒྱུད་པས་གཡོན་གྱི་ཀུན་སྤྱོད་གཙོ་ཆེ་བ་ལ་དགོངས་སམ་བསམ། འགའ་ཞིག་ཏུ་ལྷ་མོ་བསྒྲུབ་ན་གཡོན་པས་བགྲང༌། ཕོ་བསྒྲུབ་ན་གཡས་པས་བགྲང་ཟེར་ཏེ་དཔྱད་པར་བྱའོ། །དེ་ལྟར་ཕྲེང་བའི་ཀུན་རྫོབ་དང་དོན་དམ་པའི་དེ་ཁོ་ན་ཉིད་ཤེས་པས་སྔགས་བཟླས་ན་དངོས་གྲུབ་འགྲུབ་ཅིང་གཞན་དུ་ན་འབྲས་བུ་མི་འབྱུང་སྟེ། སམྦུ་ཊར། མཉམ་བཞག་བཟླས་དང་བསྒོམ་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ཉིད་མེད་པའི་རྣལ་འབྱོར་པས། །དེ་ཉིད་མེད་པའི་སྔགས་ཟློས་དང༌། །རྡོ་རྗེ་དྲིལ་བུའི་དེ་ཉིད་མེད། །ཕྱག་རྒྱའི་དེ་ཉིད་སྐྱེ་མི་འགྱུར། །རྣལ་འབྱོར་པ་ཡི་དེ་ཉིད་དམིགས། །དེ་ཉིད་ཐམས་ཅད་བྱེད་པ་ཉིད། །ཅེས་གསུངས་སོ། །གཉིས་པ་ནི། བཟླས་པའི་མན་ངག་གི་བསམ་གཏན་དང་ལྡན་པས་འོག་ནས་འབྱུང་བའི་སྔགས་རྣམས་རྩེ་གཅིག་ཏུ་བཟླས་པར་བྱའོ། །འདི་བཤད་པ་ལ་གསུམ། འཁོར་བའི་བཟླས་པ། སྤྲོ་བསྡུའི་བཟླས་པ། བཀོད་པའི་བཟླས་པའོ། །དང་པོ་ནི། རང་གཙོ་བོ་ཡབ་ཡུམ་དུ་བསྒོམས་པའི་ཡུམ་གྱི་ཐུགས་ཀའི་ཨཾ་ལས་སྔགས་ཀྱི་ཕྲེང་བ་བྱུང༌། ཡུམ་གྱི་ཞལ་ནས་འཐོན། ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་བྱུང་སྟེ་པདྨར་ཞུགས་ནས་ཡུམ་གྱི་སྐུའི་དབྱིབས་བརྒྱུད་དེ་ཡུམ་གྱི་ཞལ་ནས་འཐོན་པར་བསྒོམ་ཞིང༌། རྒྱུན་མི་འཆད་པར་འཁོར་བ་ལ་དམིགས་ལ་བཟླས་པ་བྱའོ། །སྔགས་ཀྱི་ཁ་དོག་ནི། ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ། རྒྱུན་གྱི་བཟླས་པ་ཐམས་ཅད་ལ་སྡིག་པ་ཞི་བའི་ཕྱིར་དཀར་པོར་བྱ། དབང་བསྐུར་གྱི་བསྙེན་པ་བྱེད་ན། ལྷ་དབང་དུ་སྡུད་པས་དམར་པོར་བསམ། རབ་གནས་ཀྱི་བསྙེན་པ་བྱེད་ན་བསོད་ནམས་རྒྱས་པས་སེར་པོར་བསྒོམ་གཞན་ལས་གང་བྱེད་པ་དེ་དང་དེའི་ཁ་དོག་ཏུ་བྱ་བར་རྗེ་བཙུན་རྩེ་མོས་གསུངས་ལ། གཉིས་མེད་རྡོ་རྗེས་སྔགས་བཟླས་པ་འདིའི་ཚུལ་གྱིས་ངེས་པར་སྔགས་ཀྱི་ཡི་གེ་བཟླས་ཏེ། ལྷ་མོའི་ཞལ་ནས་འོད་ཟེར་དང་ལྡན་པ་འཕྲོས་པས། གཙོ་བོའི་ཞལ་དུ་ཞུགས་རྡོ་རྗེའི་ལམ་ནས་ཕྱུང་ནས་པདྨར་ཞུགས། ཡང་ལྷ་མོའི་ཞལ་ནས་གཙོ་བོའི་ཞལ་དུ་ཞུགས་དེའི་རིམ་པས་རྒྱུན་མི་འཆད་པར་བཟླས་སོ། །ཞི་བ་ལ་སོགས་པ་ལས་ཀྱི་དབྱེ་བས་དཀར་པོ་ལ་སོགས་པ་བྱའོ། །ཞེས་བཤད་དོ། །འཁོར་རྣམས་ཀྱི་སྔགས་ཟློ་ན། རྗེ་བཙུན་རྩེ་མོས། འཁོར་བའི་དམིགས་པ་སྔ་མ་བཞིན་བྱས་ལ། སྔགས་ཀྱི་འོད་ཟེར་དེ་ལྷ་མོ་གང་གི་བཟླས་པ་བྱེད་པའི་ལྷ་མོ་དེ་ལ་ཕོག་པས། དེ་དབང་དུ་འདུ་ཞིང་ཕྲིན་ལས་ལ་བསྐུལ་བར་བསྒོམས་ལ་བཟླས་པ་བྱའོ། །ཞེས་གསུངས་པ་ལྟར། རང་གཙོ་བོ་ཡབ་ཡུམ་དུ་བསྒོམས་པའི་ཞལ་ནས་ཞལ་དུ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་ཕྲེང་ཞུགས། རྡོ་རྗེ་དང་པདྨའི་ལམ་ནས་འཁོར་བའི་འོད་ཟེར་འཁོར་གྱི་ལྷ་མོ་རྣམས་ལ་ཕོག་པར་བསམ་ཞིང་བཟླས་པ་ཡིན་ནོ། །འདིར་བླ་ཆེན་འཕགས་པས། རང་གི་ཐུགས་ཀ་ནས་སྔགས་ཕྲེང་འཐོན། ཡུམ་གྱི་ཁར་ཞུགས། ཐུགས་ཀར་ཐིམ་མཁའ་ནས་འཐོན། ཡབ་ཀྱི་རྡོ་རྗེར་ཞུགས་ཐུགས་ཀར་ཐིམ་པར་བསྒོམས་ལ་བཟླས་ཤིང༌། འཁོར་རྣམས་ཀྱི་ནི། རང་རང་གི་ཐུགས་ཀའི་ས་བོན་ལ་འཁོར་བར་བསམ་ཞིང་བཟླའོ། །ཞེས་གསུངས་མོད། རྗེ་བཙུན་དང་མི་མཐུན་པར་མངོན་ནོ། །གཉིས་པ་ནི། སྔགས་ཀྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས། ལྷའི་རྣམ་པ་གསལ་གདབ་ཅིང་མཆོད་པ་དང༌། སངས་རྒྱས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་སེམས་ཅན་གྱི་དོན་བྱས། ཚུར་འདུས་ནས་རང་གི་སྙིང་གར་ཐིམ་ཞིང་བཟླ་བ་སྟེ། འདི་ནི་རྗེ་བཙུན་རྩེ་མོས། ཚོགས་འཁོར་ལ་སོགས་པའི་དུས་སུ་བཟླས་པའི་མན་ངག་ཏུ་བཤད་དོ། །གསུམ་པ་ནི། སྙིང་གར་སྔགས་ཀྱི་ཡིག་འབྲུ་བཀོད་ནས་དེ་ལ་དམིགས་ནས་བཟླ་བ་སྟེ། སློབ་དཔོན་ཤཱནྟི་པས། བདག་ཉིད་དཀྱིལ་འཁོར་དང་བཅས་པའི་ལྷའི་སྐུར་གསལ་བར་དམིགས་ལ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་ཡི་གེ་བཅུ་གསུམ་པོ་དེ་དག་སྙིང་གའི་ཉི་མའི་སྟེང་དུ་མགོ་གྱེན་དུ་བསྟན་ནས་ལངས་པ། མར་མེ་ལྟར་འབར་བ། དཀྱིལ་འཁོར་ལྟ་བུར་ཡིད་ཀྱིས་བྲིས་ལ། དེ་ཉིད་བརྗོད་པ་ན། རྡོ་རྗེའི་བཟླས་པ་དང༌། ཁྲོ་བོའི་བཟླས་པས་བཟླ་བར་བྱ་སྟེ། ཞལ་ཐམས་ཅད་དང་ལྷ་མོའི་ཞལ་ཐམས་ཅད་ནས་ཀྱང་སྔགས་བཟླ་བར་མོས་པ་བྱའོ། །འདི་ལྟར་དེ་བས་ན་རང་གི་ལྷའི་བཟླས་པ་ནི་བརྒྱད་འགྱུར་ཡིན་ལ། ལྷ་མོ་ཐམས་ཅད་ཀྱི་སྔགས་བཟླས་པ་བྱས་པར་འགྱུར་རོ། །ཞེས་གསུངས་ལ། དྲིལ་བུ་པ་དང༌། ལ་བ་པས་ཀྱང་དེ་བཞིན་དུ་གསུངས་སོ། །མན་ངག་སྙེ་མར། འདིར་དེ་ཉིད་ཁོ་ན་ཕྱུང་ནས་བཟླས་པ་གཞན་རྣམ་པར་གཞག་པར་བྱ་སྟེ། སྔགས་ཀྱི་བརྗོད་པ་ཙམ་ནི་སྔགས་ཀྱི་བཟླས་པའོ། །ལྷའི་རྣལ་འབྱོར་ཙམ་རྗེས་སུ་དྲན་པ་ནི་གཟུགས་ཀྱི་བཟླས་པའོ། །དེ་ཁོ་ན་ཉིད་ཙམ་དུ་སེམས་པ་ནི་རྣལ་འབྱོར་གྱི་བཟླས་པའོ། །སྔགས་ཀྱི་བཟླས་པ་ཡང་དུ་མ་སྟེ། དེ་ལ་སྙིང་གའི་ས་བོན་ལས་སྙིང་པོའི་སྔགས་སམ་ཉེ་བའི་སྙིང་པོའི་སྔགས་བརྗོད་པར་བྱེད་ཅིང་དཀྱིལ་འཁོར་གྱི་ལྷའི་ཚོགས་སྤྲོས་པས། སེམས་ཅན་གྱི་དོན་བྱས་ནས་སྔགས་དང་ལྷན་ཅིག་ཏུ་ཕྲེང་བའི་སྐུད་པས་འདྲེན་པའི་རིགས་པས་འཇུག་པའི་རླུང་གིས་དེའི་སྙིང་གའི་ས་བོན་ལ་གཞུག་པར་བྱའོ། །ལྷ་རེ་རེ་ཞིང་སྔགས་བརྗོད་པ་ཡོངས་སུ་རྫོགས་ནས་རེ་རེའི་སྤྲོ་བ་དང་བསྡུ་བ་ཞེས་པ་ནི་དམ་ཚིག་གི་བཟླས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་བྱས་ནས་སྔགས་ཀྱི་ཕྲེང་བས་ནི་རང་གི་སྙིང་ག་ཉིད་དུ་གསུངས། རྡོ་རྗེའི་ལམ་ནས་པདྨར་སོང་ནས། ཨ་བ་དྷཱུ་ཏཱིའི་ལམ་ནས་གྱེན་དུ་བཅོམ་ལྡན་འདས་མའི་ཞལ་ནས་རང་གི་ཞལ་གྱི་སྒོར་ཞུགས་ནས་དེ་བཞིན་དུ་འཁོར་བར་བསྒོམས་ནས། ཕྲེང་བའི་སྔགས་ཀྱི་བཟླས་པར་བྱ། ཞེས་པ་ནི། དལ་ཞིང་ཞི་བ་སྟེ། ཁྱོགས་ཀྱི་བཟླས་པའོ། །འདིར་དེ་ཉིད་རང་གི་ཁ་ནས་བྱུང་ནས་བཅོམ་ལྡན་འདས་མའི་ཞལ་དུ་ཞུགས་པའི་ཁྱད་པར་གྱི་ཡི་གེའི་ཚོགས་སྟུག་ཅིང༌། བར་མ་ཆད་པ་ནི་དྲག་པོའི་བཟླས་པའོ། །སྙིང་པོ་ལ་སོགས་གང་དུ་དྲག་པོར་བརྗོད་པ་ནི་ཁྲོ་བོའི་བཟླས་པའོ། །ཞེས་བཟླས་པའི་མན་ངག་བཟླ་ཚུལ་དང་བཅས་པ་གསལ་བར་བཤད་དོ། །གསུམ་པ་ལ་ལྔ། བཟླ་བྱའི་སྔགས་དངོས། བཟླ་བའི་གོ་རིམ། ཇི་ལྟར་བཟླ་བའི་ཚུལ། ཇི་ཙམ་བཟླ་བའི་གྲངས། དེ་ལྟར་བཟླས་པའི་དགོས་པའོ། །དང་པོ་ནི། གཙོ་བོ་དང་འཁོར་རྣམས་ཀྱི་སྔགས་ཏེ། ཨོཾ་ནི་མཆོག་སྟེར་བའི་དོན་ནོ། །ཨཥྚཱ་ན་ནཱ་ཡ། བརྒྱད་པའི་ཞལ་ཅན། པིཾ་ག་ལོརྡྷཱ་ཀེ་ཤ་ཝར་ཏྨ་ནེ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཙ་ཏུརྦིཾ་ཤ་ཏི་ནེ་ཏྲཱ་ཡ། ཉི་ཤུ་རྩ་བཞིའི་སྤྱན་ཅན། ཥོ་ཌ་ཤ་བྷུ་ཛཱ་ཡ། བཅུ་དྲུག་གི་ཕྱག་ཅན། ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། སྐུ་མདོག་ཆར་སྤྲིན་ལྟར་གནག་པ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷ་རི་ནི། ཐོད་པའི་ཕྲེང་བ་དུ་མ་འཛིན་པ། ཨཱཏྨ་ཏ་ཀྲཱུ་ར་ཙིཏྟཱ་ཡ། བདག་ཉིད་ཀྱི་སེམས་ཁོང་ནས་འཁྲུག་པ། ཨརྡྷེནྡུ་དཾཥྚཱི་ཎི། མཆེ་བ་ཟླ་བ་ཕྱེད་པ་ལྟ་བུ་ཅན། འདིར་ཨོཾ་ཞེས་པ། ཀུ་མུ་ཏི་དང༌། སྒྲུབ་ཐབས་འདི་གཉིས་ཀ་རུ་མེད་ཅིང༌། རྩ་རྒྱུད་ཀྱི་རྒྱ་དཔེ་ཁ་ཅིག་དང༌། སྒྲུབ་ཐབས་མཚོ་སྐྱེས། རིན་ཆེན་འབར་བ། བླ་མ་གོང་མ་རྣམས་ཀྱིས་བཤད་པས། དེ་ལྟར་ན། ཨོཾ་ནི་དམ་བཅའ་བའོ། །མཱ་ར་ཡ་མཱ་ར་ཡ། སོད་སོད། ཀཱ་ར་ཡ་ཀཱ་ར་ཡ། གྱིས་གྱིས། གརྫ་ཡ་གརྫ་ཡ། སྒྲོགས་སྒྲོགས། ཏརྫ་ཡ་ཏརྫ་ཡ། རྟོགས་རྟོགས། ཤོ་ཥ་ཡ་ཤོ་ཥ་ཡ། སྐོམས་སྐོམས། གང་སྐོམས་ན། སཔྟ་སཱ་ག་རཱ་ན། རྒྱ་མཚོ་བདུན། བནྡྷ་བནྡྷ། ཆིངས་ཆིངས། གང་འཆིངས་ན། ནཱ་ག་ཨཥྚ་ཀཱན། ཀླུ་བརྒྱད། གྲྀཧྞ་གྲྀཧྞ། ཟུང་ཟུང༌། གང་གཟུང་ན། ཤ་ཏྲཱུན། དགྲ་བོ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ ཞེས་པ་རྣམས་ནི་ཡུམ་གྱི་ཨཱ་ལིའི་དོད་དེ། ཕོ་སྐད་ཀྱི་ཡི་གེ་ཧ་ལ་དབྱངས་བཅུ་གཉིས་སྦྱར་བས་བཞད་པའི་ཉམས་བཅུ་གཉིས་སུ་འགྱུར་བ་ཡིན་ཏེ། གསང་སྔགས་ཀྱི་དངོས་གཞི་ལྟ་བུ་ཡིན་ནོ། །ཞེས་རྗེ་བཙུན་གསུང་ངོ༌། །ཕཊ་དགས་པ། སྭཱ་ཧཱ་གཞི་ཚུགས་པ་སྟེ། རྩ་བའི་སྔགས་སོ། །སྔགས་དོན་གྱི་བཤད་པ་རྒྱས་པ་ནི། དཔལ་ལྡན་ས་སྐྱ་པཎྜི་ཏའི་ཞལ་སྔ་ནས་ཀྱི་གཞི་བཤད་དུ་བལྟ་བར་བྱའོ། །ཨོཾ་ནི་སྔགས་ཀྱི་མགོ་འདྲེན། དེ་ཝ་ཞེས་བྱ་བ་ནི་རོལ་པ་སྟེ། བདེ་བ་ལ་རོལ་པས་ལྷའམ། སེམས་ཅན་གྱི་དོན་ལ་རོལ་པར་བྱེད་པའོ། །པི་ཙུ་ནི་འཇམ་པོ་སྟེ། ཇི་ལྟར་བལ་འཇམ་པོས་སྦར་སྦུར་སྡུད་པ་ལྟར། འདིའི་ཐུགས་རྡོ་རྗེ་འཇམ་པོས་སེམས་ཅན་ཐམས་ཅད་སྡུད་པའོ། །བཛྲ་ཞེས་བྱ་བ་ནི། རྡོ་རྗེ་མི་ཕྱེད་པ་ལྟར་ཤེས་རབ་སྟོང་པ་ཉིད་ཀྱི་དོན་ཏེ། ཇི་ལྟར་རྡོ་རྗེས་ཕ་རོལ་འཇོམས་པ་ལྟར་ཐུགས་རྡོ་རྗེས་མ་རུངས་པ་རྣམས་འཇོམས་པའི་དོན་ཏེ། དེ་བས་ན་ཧེ་བཛྲ་འདི་ནི་ཆོས་གསུམ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། ཧཱུྃ་གསུམ་ནི་སྐུ་གསུང་ཐུགས་མི་ཕྱེད་པ་སྟེ། གསང་བ་འདུས་པ་ལས། ཧཱུྃ་ནི་སྐུ་དང་གསུང་དང་ཐུགས། །རྡོ་རྗེ་མི་ཕྱེད་གསུམ་འབྱུང་བ། །ཞེས་སོ། །ཕཊ་སྭཱ་ཧཱ་ནི་སྔར་བཞིན་ཏེ། སྙིང་པོའོ། །ཨོཾ་སྔར་བཞིན། བཛྲ་ཀཱརྟཱ་རི་རྡོ་རྗེ་གྲི་གུག ཧེ་བཛྲཱ་ཡ་ཀྱེ་རྡོ་རྗེས་བཀས་ཞེས་ཏེ། གྲི་གུག་གིས་གཞན་གཅོད་པ་ལྟར་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས། མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་ཆོད་ཅིག་པའོ། །ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ནི་སྔར་བཞིན་ཏེ། ཉེ་བའི་སྙིང་པོའོ། །ཁ་ཅིག་འདི་རྡོ་རྗེ་གྲི་གུག་གི་ལས་སྦྱོར་གྱི་སྔགས་ཡིན་པས། རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་ཉེ་སྙིང་དུ་བྱས་པ་ནི་ནོར་བ་ཡིན་ནོ་ཟེར་བ་ནི། མ་ངེས་བཞིན་དུ་སྨྲ་བ་ཤིན་ཏུ་མི་འཐད་དེ། གྲུབ་ཆེན་མཚོ་སྐྱེས། གཉིས་མེད་རྡོ་རྗེ། མར་མེ་མཛད་རྣམས་ཀྱི་སྒྲུབ་ཐབས་ལས་ཉེ་སྙིང་དུ་གསལ་བར་བཤད་པ་དང་འགལ་བའི་ཕྱིར་དང་བརྟག་གཉིས་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར་དུའང་ཉེ་སྙིང་དུ་བཤད་པའི་ཕྱིར་རོ། །ལས་སྒྲུབ་པའི་སྔགས་ཡིན་པ་དང༌། ལྷའི་སྔགས་ཡིན་པ་མི་འགལ་ཏེ། གལ་ཏེ་འགལ་ན། ཨཥྚའི་ཕན་ཡོན་འཆད་པའི་སྐབས་སུ་རྩ་རྒྱུད་ལས། ཀྱེ་ཡི་རྡོ་རྗེ་སྦྱོར་ལྡན་པས། །བཙུན་མོ་ཐམས་ཅད་དགུག་པར་བྱ། །ཞེས་དང༌། འདི་ཡིས་ལས་རྣམས་ཐམས་ཅད་བྱེད། །ཅེས་ལས་སྒྲུབ་པའི་སྔགས་སུ་གསུངས་པའི་ཕྱིར་ན། རྩ་སྔགས་སུ་བྱས་པའང་མི་འཐད་པར་ཐལ་བའི་སྐྱོན་ཡོད་དོ། །སྔགས་འདི་གསུམ་གྱི་དོན་ཡང༌། རྩ་སྔགས་ཀྱིས་སངས་རྒྱས་ཀྱི་སྐུ་བསྐུལ་བ་དང༌། སྙིང་པོས་གསུང་དང༌། ཉེ་སྙིང་གིས་ཐུགས་བསྐུལ་བར་རྡོ་རྗེ་སྙིང་འགྲེལ་དུ་བཤད་པས། བཟླས་པའི་ཚེ་ཡང་དེ་ལྟར་དུ་བསམ་མོ། །དེ་ནས་འཁོར་གྱི་སྔགས་བཟླས་པར། སྒྲུབ་ཐབས་ཀྱི་གཞུང་གཞན་རྣམས་ནས་མ་བཤད་ཅིང༌། ཨ་བྷ་ཡས་རྡོ་རྗེ་ཕྲེང་བར་གཙོ་བོ་དང་ལས་ཐམས་ཅད་པའི་སྔགས་གཉིས་བཤད་པའི་རྗེས་ལ། སྔགས་གཞན་རྣམས་ནི་ཁ་སྦྱར་གྱི་རྒྱུད་དུ་བསྡུས་སོ། །ཞེས་སམྦུ་ཊ་ལས་བཤད་པའི་ལྷ་མོ་བརྒྱད་ཀྱི་སྔགས་རིང་རྣམས་ཟློས་པར་གསུངས་ཀྱང༌། འདིར་རྩ་རྒྱུད་ལས། དབྱངས་བཅོ་ལྔ་རྣལ་འབྱོར་མ་རྣམས་ཀྱི་ས་བོན་དུ་བཤད་པ་དང༌། ཕྱི་མའི་ལྔ་པར། ཨཾ་ཡུམ་གྱི་ས་བོན་དང་གཾ་ཙཾ་སོགས་ལྷ་མོ་བརྒྱད་ཀྱི་ས་བོན་དུ་བཤད་པ་ལ། དང་པོའི་གཉིས་པར། སྔགས་ཐམས་ཅད་ཀྱི་རྐང་པར་དང་པོར་ཨོཾ་གྱི་རྣམ་པ་དང༌། མཐར་ནི་སྭཱ་ཧཱ་དང་ཧཱུྃ་ཕཊ་ཀྱི་རྣམ་པ་ནི་ནང་དུ་གཞུག་གོ །ཞེས་མགོ་བོར་ཨོཾ་དང་འཇུག་ཏུ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་སྦྱོར་བར་གསུངས་པ་ལ་བརྟེན་ནས་རྗེ་བཙུན་རྩེ་མོས། འཁོར་རྣམས་ཀྱི་སྔགས་མཛད་པ་ནི་རྒྱུད་དང་ཤིན་ཏུ་མཐུན་ནོ། །དེ་ལ་ཨོཾ་ཨཱཿཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཧཱུྃ་ཕཊ་སྭཱ་ཧཱ། རྣལ་འབྱོར་མ་རྣམས་ཀྱི་ཕྲེང་བའི་སྔགས་སོ། །ཨོཾ་ཨཱཿཨཾ་ཧཱུྃ་ཕཊ་སྭཱ་ཧཱ། བདག་མེད་མའི་འོ། །ཨོཾ་ཨཱཿགཾ་ཧཱུྃ་ཕཊ་སྭཱ་ཧཱ། གཽ་རཱིའི་འོ། །ཨོཾ་ཨཱཿཙཾ་ཧཱུྃ་ཕཊ་སྭཱ་ཧཱ། ཙཽ་རཱིའི་འོ། །ཨོཾ་ཨཱཿབཾ་ཧཱུྃ་ཕཊ་སྭཱ་ཧཱ། བེ་ཏཱ་ལཱིའི་འོ། །ཨོཾ་ཨཱཿགྷཾ་ཧཱུྃ་ཕཊ་སྭཱ་ཧཱ། གྷསྨ་རཱིའི་འོ། །ཨོཾ་ཨཱཿཔཾ་ཧཱུྃ་ཕཊ་སྭཱ་ཧཱ། པུཀྐ་སཱིའི་འོ། །ཨོཾ་ཨཱཿཤཾ་ཧཱུྃ་ཕཊ་སྭཱ་ཧཱ། ཤ་བ་རཱིའི་འོ། །ཨོཾ་ཨཱཿལཾ་ཧཱུྃ་ཕཊ་སྭཱ་ཧཱ། ཙཎྜ་ལཱིའི་འོ། །ཨོཾ་ཨཱཿཌཾ་ཧཱུྃ་ཕཊ་སྭཱ་ཧཱ། ཌོཾ་བཱི་ནཱིའི་འོ། །འདིར་ཁ་ཅིག་ཙཎྜ་ལཱིའི་མིང་ཡིག་དང་པོ་ས་བོན་དུ་བྱས་པ་ཡིན་པས་ཙཾ་དགོས་ཀྱི། ལཾ་དུ་བྱས་པ་མི་འཐད་དེ། དེ་མིང་གི་དང་པོ་མ་ཡིན་པའི་ཕྱིར་དང༌། རྒྱ་དཔེ་ལ་ཙཾ་དུ་ཡོད་པའི་ཕྱིར་རོ། །ཞེས་འཆད་པ་ན། མཐའ་གཅིག་ཏུ་མ་ངེས་ཏེ། ས་བོན་ལ་མིང་ཡིག་དང་པོ་ཁོ་ན་དགོས་ན་རྩ་རྒྱུད་ལས། བདག་མེད་མའི་ས་བོན་དུ་ཨཾ་དུ་བཤད་པ་དེ་ཡང་མི་འཐད་པར་འགྱུར་ཏེ། དེ་མིང་ཡིག་བར་པ་ཡིན་གྱི་དང་པོ་མ་ཡིན་པའི་ཕྱིར་དང༌། ནཱ་རོ་འགྲེལ་ཆེན་གྱི་རྒྱ་དཔེ་ལ་ཙཾ་དུ་ཡོད་ཀྱང༌། རྒྱུད་དང་མཚོ་སྐྱེས་སོགས་ཀྱི་རྒྱ་དཔེ་ལ་ལཾ་དུ་སྣང་བའི་ཕྱིར་རོ། །དེས་ན་བདག་གི་བླ་མ་ལོ་ཙཱ་བའི་ཞལ་ནས། སྦྱང་གཞི་ལ་ཕ་མ་སྙོམས་འཇུག་བྱེད་པའི་ཐོག་མཐའ་དབུས་གསུམ་གང་རུང་དུ་བར་སྲིད་འཇུག་པ་ལྟར། ལྷའི་ས་བོན་ཡང་སོ་སོའི་མིང་གི་ཐོག་མཐའ་དབུས་གསུམ་གང་རུང་ལ་བྱ་གསུངས་པ་ནི་ཤིན་ཏུ་ལེགས་ཤིང༌། འདིར་ཡང་བདག་མེད་མ་ལ་མིང་ཡིག་བར་པ་དང༌། ལྷ་མོ་གཞན་བདུན་ལ། དང་པོ་དང༌། ཙཎྜ་ལི་ལ་མིང་ཡིག་ཐ་མ་ས་བོན་དུ་བྱས་པ་ཡིན་པས་སྐྱོན་མེད་དོ། །དེ་ལྟར་ན་ས་བོན་ལ་དེ་ཉིད་ལྔས་སྤེལ་བའོ། །རྒྱས་པར་སྤྲོ་ན། ཨོཾ་ཨཱཿགཾ་བཛྲ་གཽ་རཱི་ཧཱུྃ་ཕཊ། ཞེས་བྱ་བ་ལ་སོགས་པ་བཞིན་ས་བོན་གྱི་རྩ་བར་མིང་གཞུག་པར་བྱས་ལ་བཟླས་སོ། །ཞེས་རྗེ་བཙུན་རྩེ་མོ་གསུངས་སོ། །གཉིས་པ་ནི། སྔགས་གསུམ་གྱིས་སྐུ་གསུང་ཐུགས་བསྐུལ་བར་བཤད་པ་ལྟར། ཐོག་མར་རྩ་སྔགས་བཟླས་ཏེ། དེ་ནི་སྐུ་སྐུལ་བྱེད་གསུངས་ལ། སྐུ་དེ་ནི་རགས་པ་ཡིན་པས་བསྐུལ་སླ་བའི་ཕྱིར་རོ། །གསུང་ཕྲ་བས་དེའི་རྗེས་དང༌། ཐུགས་ཤིན་ཏུ་ཕྲ་བས་བསྐུལ་དཀའ་བས་ཐམས་ཅད་ཀྱི་རྗེས་སུ་བསྐུལ་བ་ཡིན་ཞེས་བླ་མ་དག་གསུང་ངོ༌། །གཞན་དག་ན་རེ། དེ་ལྟར་བཤད་པ་དེ་ནི་ཕ་རྒྱུད་ཀྱི་དབང་དུ་བྱས་པ་ཡིན་ལ། འདིར་མ་རྒྱུད་ལ་འདོད་ཆགས་ཀྱི་ཀུན་སྤྱོད་དང་སྒོ་བསྟུན་པ་གཙོ་ཆེ་བས། བདེ་མཆོག་གི་འགྲེལ་པ་ཁ་ཅིག་ཏུ། འཇིག་རྟེན་ན་གཞོན་ནུ་མ་བསྒྲོད་པའི་རིམ་པ་ལྟར། ཉེ་བའི་སྙིང་པོ་དང༌། སྙིང་པོ་དང༌། རྩ་སྔགས་རྣམས་བཟླས་སོ། །ཞེས་བཤད་པས་འཇིག་རྟེན་ན་བུད་མེད་བསྒྲོད་པའི་ཚེ་ཐོག་མར་རང་གི་ཡིད་དུ་འོང་དགོས་པ་ལྟར། ཐུགས་སྐུལ་བྱེད་ཉེ་སྙིང་དང༌། དེ་ནས་ཕྲིན་ལ་སོགས་པ་ངག་གི་སྒོ་ནས་བརྡ་སྤྲོད་དགོས་པས་གསུང་སྐུལ་བྱེད་སྙིང་པོ་དང༌། དེ་ནས་ལུས་ཀྱི་བདེ་བ་དངོས་སུ་མྱོང་བ་ལྟར། སྐུ་སྐུལ་བྱེད་རྩ་སྔགས་བཟླས་ཏེ། སྦྱང་གཞིའི་དབང་གིས་སོ་ཞེས་ཟེར་མོད། བདེ་མཆོག་གི་རྒྱ་འགྲེལ་རྣམས་ན་འདུག་པ་ཁོ་བོས་མ་མཐོང་ངོ༌། །གསུམ་པ་ནི། སྔགས་ཀྱི་ཚིག་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་བཟླ་བ་ཡིད་ཀྱི་བཟླས་པ། རླུང་བསྡམས་ནས་ཡིད་ཀྱིས་ཟློ་བ་འགོག་པའི་བཟླས་པ། རླུང་འགྲོ་འོང་དང་སྦྱར་ནས་ཟློ་བ་རྡོ་རྗེའི་བཟླས་པ། ལྕེ་རྩེ་དང་མཆུ་གཡོ་བ་ཙམ་གྱིས་ཟློ་བ་ཤུབ་བུའི་བཟླས་པ། ཡི་གེ་རིང་ཐུང་ཕྱེད་ཅིང་སྐད་གསངས་ཆེན་པོས་ཟློ་བ་རིག་བྱེད་འདོན་པ་ལྟ་བུའི་བཟླས་པ་སྟེ་ལྔ་ཡིན་ནོ། །ཞེས་བླ་མ་དག་གསུངས་སོ། །བཞི་པ་ནི། བླ་ཆེན་འཕགས་པས། གཙོ་བོའི་རྩ་བའི་སྔགས་ཀྱི་བསྙེན་པ་ནི་འབུམ་ཕྲག་བརྒྱད། སྙིང་པོ་འབུམ་ཕྲག་བཅུ་གསུམ། ཉེ་སྙིང་འབུམ་ཕྲག་བཅུ་དྲུག་གོ །ལྷ་མོ་རྣམས་ཀྱི་ནི་ཁྲི་ཕྲག་བརྒྱད་བརྒྱད་དོ། །འདི་ཙམ་གྱིས་ནི་དཀྱིལ་འཁོར་གྱི་བྱ་བ་ལ་སོགས་པ་ལ་འཇུག་པར་དབང་ངོ༌། །ཞེས་གསུངས་ལ། རྗེ་བཙུན་རིན་པོ་ཆེས་ནི། བསྙེན་པ་རབ་འབྲིང་དགུར་གསུངས་ཏེ། དེ་ཡང་མཚན་མའི་བསྙེན་པ་རབ་འབྲིང་གསུམ་ནི། རབ་ཡི་དམ་གྱི་ལྷ་ལ་དངོས་སུ་གནང་བ་ཐོབ་པ། འབྲིང་རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ནུས་པ། ཐ་མ་རྨི་ལམ་དུ་གནང་བ་ཐོབ་པ། འབྲིང་དུས་ཀྱི་བསྙེན་པ་རབ་འབྲིང་གསུམ་ནི། རབ་ལོ་དྲུག འབྲིང་ཟླ་བ་དྲུག ཐ་མ་ཞག་བདུན་ནོ། །ཐ་མ་གྲངས་ཀྱི་བསྙེན་པ་རབ་འབྲིང་གསུམ་ནི། རབ་གཙོ་བོ་ལ་བཞི་འབུམ། འཁོར་ལ་བཞི་ཁྲི། འབྲིང་གཙོ་བོ་ལ་བཞི་ཁྲི། འཁོར་ལ་བཞི་སྟོང༌། ཐ་མ་གཙོ་བོ་ལ་བཞི་སྟོང༌། འཁོར་ལ་བཞི་བརྒྱ་ཡིན་ནོ། །དུས་དང་གྲངས་ཀྱི་འབྲིང་དང་ཐ་མ་གཉིས་ནི་བསྙེན་པ་གསོ་བ་ཡིན་གྱི་དང་པོ་གཞིའི་བསྙེན་པ་ནི་མ་ཡིན་ནོ། །ཞེས་གསུངས་ལ། དུས་ཀྱི་བསྙེན་པ་རབ་དང༌། གྲངས་ཀྱི་བསྙེན་པ་རབ་གཉིས་ནི། དངོས་གཞིའི་བསྙེན་པ་ཡིན་པས། སྐབས་འདིར་དེ་གཙོ་བོར་གཟུང་ངོ༌། །འོ་ན་རྩ་རྒྱུད་ལས། འཁོར་ལོའི་བདག་པོ་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་གཙོ་བོ་ལ་འབུམ་དང༌། འཁོར་རྣམས་ལ་ཁྲི་ཕྲག་རེ་བཟླ་བར་བཤད་པ་དང་མི་འགལ་ལམ་སྙམ་ན། བོད་ཀྱི་བླ་མ་རྣམས་ལུང་དེ་ནི་རྫོགས་ལྡན་གྱི་དུས་ཀྱི་དབང་དུ་བྱས་ལ། ད་ལྟ་རྩོད་དུས་ཡིན་པས། དེ་བཞི་འགྱུར་དུ་བྱ་དགོས་ཏེ། སྡོམ་འབྱུང་ལས། རྫོགས་ལྡན་ལ་ནི་བཟླ་བྱ་གཅིག །ཉིས་འགྱུར་གསུམ་ལྡན་ལ་བཟླས་བྱ། །སུམ་འགྱུར་གཉིས་ལྡན་ལ་རབ་བརྗོད། །རྩོད་ལྡན་བཟླས་པ་བཞི་འགྱུར་རོ། །ཞེས་གསུངས་པས་མི་འགལ་བར་བཞེད་དོ། །དེ་ལ་བླ་མ་མཁས་པ་ཁ་ཅིག་དེ་ལྟར་སྨྲ་བ་ཡང་རྒྱུད་ཀྱི་དོན་མ་ཡིན་ཏེ། སྡོམ་འབྱུང་གི་བཅུ་གཅིག་པར། གཙོ་བོ་ཡབ་ཡུམ་དང་མཁའ་འགྲོ་མ་ལ་སོགས་པ་བཞི་སྟེ། ལྷ་དྲུག་གི་སྒོ་ནས་གཏེར་དང་བཅུད་ལེན་སོགས་སྒྲུབ་པའི་སྐབས་སུ་སྙིང་པོ་འབུམ་དང༌། ཉེ་སྙིང་འབུམ་ཕྲག་གསུམ་ལ་སོགས་པ་བཟླ་བ་དང༌། བཟླས་པ་གང་བྱས་ཀྱི་བཅུ་ཆའི་སྦྱིན་སྲེག་བྱེད་པར་གསུངས་ལ། དེ་རྫོགས་ལྡན་གྱི་དབང་དུ་བྱས་པར་འགྲེལ་པས་བཤད་ཅིང༌། ལུང་དྲངས་པ་དེའི་འགྲེལ་པ་ལས་ཀྱང་འབུམ་ཕྲག་གཅིག་དང་གཉིས་ལ་སོགས་པ་བཟླ་བར་གསུངས་པ་རྣམས་རྫོགས་ལྡན་གྱི་དུས་ཡིན་པས་དེ་ཉིས་འགྱུར་ལ་སོགས་པ་བྱ་བར་བཤད་པས། དངོས་གྲུབ་སྒྲུབ་པའི་སྐབས་ལ་གསལ་བར་བཤད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བྱེད་པའི་སྔོན་ཏུ་བཟླས་པ་བྱེད་པ་ལ་མ་བཤད་པའི་ཕྱིར་དང༌། དཀྱིལ་ཆོག་ཁུངས་ཐུབ་གཞན་ནས་ཀྱང་དེ་ལྟར་བྱེད་པའི་རྣམ་གཞག་མ་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ནི་ཤིན་ཏུ་མི་འཐད་དེ། གཞུང་དེ་གཏེར་དང་བཅུད་ལེན་སོགས་སྒྲུབ་པའི་སྐབས་ཡིན་ཀྱང༌། དངོས་གྲུབ་ཕྲན་ཚེགས་དེ་ལྟ་བུ་སྒྲུབ་པ་ལ་ཡང་རྫོགས་ལྡན་གྱི་དུས་ཀྱི་བཟླས་པའི་གྲངས་གང་ཡིན་པ་དེ། རྩོད་དུས་བཞི་འགྱུར་དུ་བཟླ་དགོས་ན། ཕྱག་ཆེན་མཆོག་གི་དངོས་གྲུབ་སྒྲུབ་པའི་བསྙེན་པ་ལ་བཞི་འགྱུར་དུ་བཟླས་མི་དགོས་པའི་ངེས་པ་མེད་པའི་ཕྱིར་དང༌། ལས་དེ་དག་རྫོགས་ལྡན་གྱི་དུས་ཀྱི་སེམས་ཅན་རྣམས་བསོད་ནམས་ཆེ་བས་བཟླས་པ་ཉུང་ངུས་འགྲུབ་ལ། རྩོད་དུས་ཀྱི་སེམས་ཅན་རྣམས་བསོད་ནམས་ཆུང་བས་བཟླས་པ་མང་པོས་སྒྲུབ་དགོས་པར་བཤད་པ་བཞིན་འདིར་ཡང་རྒྱུ་མཚན་མཚུངས་པའི་ཕྱིར་དང༌། གཞུང་ཁུངས་ཐུབ་གཞན་ནས་མ་བཤད་པའང་མ་ཡིན་ཏེ། སངས་རྒྱས་ཐོད་པའི་དཀའ་འགྲེལ་ཡེ་ཤེས་ལྡན་ལས། དེ་ནི་རྣལ་འབྱོར་པ་ཐ་མ་དང་འབྲིང་དང་མཆོག་རྣམས་ཀྱི་བཟླས་པ་བསྟན་པར་བྱ་སྟེ། རྒྱུད་ལ་ལར་ཞེས་པ་ནི་རྒྱུད་ཁ་ཅིག་ཏུའོ། །ཅི་ནས་ཞེས་པ་ནི་རྣམ་པ་ཀུན་ནས་སོ། །སྔགས་བྱེ་བ་བཟླས་ཞེས་པ་ནི། རྣལ་འབྱོར་པ་ཐ་མས་ནི་སྔགས་བྱེ་བ་བཟླས་པར་གསུངས་ཞེས་པའི་ཐ་ཚིག་གོ །བསོད་ནམས་འབྲིང་པོ་རྣམས་ཀྱིས་སྔགས་འབུམ་བཟླས་ཞེས་པ་ནི། བསོད་ནམས་འབྲིང་པོའི་རྣལ་འབྱོར་པ་བར་མས་འབུམ་བཟླས་པར་གསུངས་ཏེ། མྱུར་བར་ཞེས་བྱ་བ་ནི་མགྱོགས་པར་ཞེས་བྱ་བའི་དོན་ཏོ། །གང་གསུངས་ཞེས་པ་ནི། གང་བཤད་པའོ། །བསོད་ནམས་ཆེ་བས་ཞེས་པ་ནི། བསོད་ནམས་ཆེ་བའི་རྣལ་འབྱོར་པ་མཆོག་གིས་ནི་ཁྲི་བཟླས་པར་བཤད་དོ། །དེ་ལྟར་ཡང་གསུངས་པ་རྫོགས་ལྡན་དུས་སུ་ཡི་གེ་འབུམ་བཟླས་ཏེ། གསུམ་ལྡན་དུས་ཀྱི་སྔགས་པས་འབུམ་ཕྲག་གཉིས། །གཉིས་ལྡན་དུས་སུ་འབུམ་ཕྲག་གསུམ་དུ་འགྱུར། །བྱེ་བ་ཕྲག་གསུམ་འབུམ་བཞི་རྩོད་དུས་སྦྱར། །ཞེས་སོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོའོ། །རྣམ་པ་དེ་ལྟ་བུར་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་བཟླས་པ་གསུངས་སོ། །ཞེས་བཤད་པའི་ཕྱིར་དང༌། གཞུང་འདི་ལས་ཚོགས་སྒྲུབ་པའི་སྐབས་མ་ཡིན་པའི་ཕྱིར་དང༌། སྐབས་འདིར་སྔར་གྱི་སྡོམ་འབྱུང་གི་ལུང་དེ་ཤེས་བྱེད་དུ་དྲངས་པའི་ཕྱིར་རོ། །དེས་ན་གཞིའི་བསྙེན་པ་ནི། མཚན་མའི་བསྙེན་པ་རབ་འབྲིང་གསུམ་དང༌། དུས་དང་གྲངས་ཀྱི་བསྙེན་པ་རབ་རྣམས་ཡིན་ལ། དེ་སྔོན་དུ་སོང་བའི་རྣལ་འབྱོར་པས། དབང་བསྐུར་དང་རབ་གནས་དང༌། སྦྱིན་སྲེག་ལ་སོགས་པ་བྱེད་པའི་ཚེ་དུས་དང་གྲངས་ཀྱི་བསྙེན་པ་འབྲིང་དང་ཐ་མ་གང་རུང་སྔོན་དུ་སོང་ནས་ལས་དེ་དག་བྱ་ཡི། གཞན་དུ་ན། བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང༌། །ཞེས་པ་ལྟར་ཡན་ལག་གི་ལྟུང་བར་འགྱུར་རོ། །ལྔ་པ་ནི། བཟླས་པས་སངས་རྒྱས་ཀྱི་ཐུགས་བསྐུལ་བས། རང་གི་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པ་ཡིན་ཏེ། རྡོ་རྗེ་གུར་ལས། མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །དཔེར་ན་སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། །མངོན་སུམ་དུ་ནི་འོང་བར་འགྱུར། །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་གསུངས་པ་ལྟར་རོ། །བཟླས་པ་ཟིན་པའི་རྗེས་འདིར། ཤཱནྟི་པས། སངས་རྒྱས་ཀུན་གྱི་དངོས་ཀུན་གྱི། །རྡོ་རྗེ་འཛིན་པ་ཆེན་པོའི་གནས། །དགེ་བ་འདི་ཡིས་ཐོབ་གྱུར་ནས། །འགྲོ་བས་ཀྱང་ནི་དེ་ཐོབ་ཤོག །རྫོགས་པའི་སངས་རྒྱས་གང་ཡིན་དང༌། །བྱང་ཆུབ་སེམས་དཔའི་སྤྱོད་གང་ཡིན། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡི། །སྤྱོད་དེ་གཉིས་ཀའང་བདག་སྤྱོད་ཤོག །ཅེས་སོགས་ཀྱི་སྨོན་ལམ་བཏབ་ལ། རང་དཀྱིལ་འཁོར་གྱི་བདག་པོའི་ང་རྒྱལ་གྱི་སྔར་བཞིན་མཆོད་ནས་འཁོར་གྱི་ལྷ་མོ་རྣམས་རང་གི་ཐུགས་ཀར་བསྡུས་ལ། རྟེན་གཞལ་ཡས་ཁང་ཤིན་ཏུ་རྒྱ་ཆེ་བར་མོས་ནས། བདག་དང་སེམས་ཅན་ཐམས་ཅད་ཀྱེ་རྡོ་རྗེར་མོས་པ་བྱའོ། །དེ་བཞིན་དུ་གུང་ཐུན་དང༌། ཕྱི་དྲོའི་ཐུན་ལ་ཡང་སྟན་བདེ་བ་ལ་འདུག་སྟེ། སྔར་གྱི་གཞལ་ཡས་ཁང་གི་དབུས་ཀྱི་གདན་ལ། རང་ཉིད་ཡུད་ཙམ་གྱིས་གཙོ་བོ་ཡབ་ཡུམ་དུ་བསྒོམས་པའི་ཐུགས་ཀ་ནས་ལྷ་མོ་བརྒྱད་ཕྱུང་སྟེ། རང་གནས་སུ་བཀོད་ལ་ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་བ། མཆོད་བསྟོད། བདུད་རྩི་མྱང་བ། བཟླས་པ་རྣམས་སྔར་བཞིན་བྱའོ། །སྲོད་ཀྱི་ཐུན་ལ་ཡང་དེ་བཞིན་དུ་བྱས་པའི་རྗེས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པར་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿཞེས་བརྗོད་ལ་མཆོད་ཡོན་ཕུལ་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་ལོ། །དམ་ཚིག་གི་དཀྱིལ་འཁོར་སྔོན་བཞིན་དུ་བསྒོམས་པའི་ནང་དུ་རང་ཉིད་གནས་པར་བསྒོམས་ལ། ཉལ་བའི་རྣལ་འབྱོར་སོགས་བྱ་བར་བཞེད་ཅིང༌། ཉིན་འབྱུང་དང༌། ནག་པོ་པ་སོགས་ཀྱིས་ཀྱང་དེ་བཞིན་དུ་བཤད་དོ། །གཞུང་གཞན་རྣམས་ནས་ཐུན་བཞིའི་རྣལ་འབྱོར་ཇི་ལྟར་བྱ་མི་གསལ་ཡང༌། ཤཱནྟི་པའི་ལུགས་བཞིན་བྱ་བའམ། ཡང་ན་མན་ངག་སྙེ་མའི་ལུགས་སྔར་བཤད་པ་ལྟར། ཐུན་བཞི་ཀ་ལ་མངོན་རྟོགས་ཚད་མར་བསྒོམ་སྟེ། དེའང་ཐུན་མོང་མ་ཡིན་པའི་སྲུང་འཁོར་དང༌། དུར་ཁྲོད་རྣམས་ནི་མ་བསྒོམས་ཀྱང་ཆོག་ལ། གལ་ཏེ་སྒོམ་པར་སྤྲོ་ན། སྲོད་ཐུན་ལྟ་བུ་གཅིག་ལ་བྱ་ཡི། ཐུན་གཞན་གསུམ་ལ་བསྒོམ་མི་ནུས་སོ། །གསུམ་པ་ནི། དེ་ལྟར་ཐུན་གྱི་རྣལ་འབྱོར་ཡོངས་སུ་རྫོགས་པའི་མཐར། ཐུན་མཚམས་ཀྱི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་དུ་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་ལ་གཏོར་མ་ཆོ་ག་རྒྱས་བསྡུས་གཉིས་གང་ཡང་རུང་བས་དུས་རྒྱུན་དུ་སྦྱིན་པར་བྱ་སྟེ། དེ་ལ་ཆོ་ག་རྒྱས་པ་ནི། གཏོར་ཆོག་གི་རྣམ་བཤད་ཁོ་བོས་བྱས་པར་རྒྱས་པར་བཤད་ཟིན་པས་དེར་བལྟའོ། །འདིར་བསྡུས་པའི་དབང་དུ་བྱས་ན། དེ་ཉིད་བཅུ་པ་ལས། ད་ནི་གཏོར་མ་མདོར་བསྡུས་ནས་བསྟན་པར་བྱ་སྟེ། ལྷའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པ་དྲིལ་བུ་བརྡུང་བ་ལ་གཞོལ་བས། ཆོས་འབྱུང་གསུམ་གྱི་དབུས་ཀྱི་པདྨ་དམར་པོ་ལ་གོང་དུ་སྨོས་པའི་ལྷའི་དེ་ཁོ་ན་ཉིད་གོ་རིམ་བཞིན་གཽ་རཱི་ལ་སོགས་པས་བཀུག་ལ། ཡུད་ཙམ་གྱིས་སྔར་བསྒྲུབས་པའི་གཏོར་མ་དང༌། དབང་པོ་ལ་སོགས་པའི་སྔགས་ཀྱིས་ཚིམ་པར་བྱས་པ་ཡིན་ཏེ། ལྷག་མ་སྔ་མ་བཞིན་ནོ། །ཞེས་གསུངས་པའི་དོན་མདུན་དུ་འདུས་བྱས་པའི་གཏོར་མ། ནང་མཆོད་དང་ཆུ་ལ་སོགས་པས་སྦྱངས་པ་ལ། སྔར་ལྟར་བྱིན་གྱིས་བརླབས་ནས། གཏོར་མའི་མདུན་དུ་ནམ་མཁར་ཆོས་འབྱུང་སུམ་བརྩེགས་ཀྱི་དབུས་སུ། པདྨ་དམར་པོ་འདབ་མ་བརྒྱད་པ་རེ་རེ་བསམས་ལ་རང་གི་སྙིང་ག་ནས་གཽ་རཱི་ལ་སོགས་པའི་ལྷ་མོ་བཞི་སྤྲོས། དེ་རྣམས་ཀྱིས་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་འཁོར་དང་བཅས་པ་སྤྱན་དྲངས་ནས། པདྨ་སྟེང་མར་སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་དང༌། བར་མར་ཐུགས་རྡོ་རྗེ་ཕྱོགས་སྐྱོང་བརྒྱད་དང་བཅས་པ། འོག་མར་གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་དང་བཅས་པ་རྣམས་སྐད་ཅིག་གིས་འཁོད་པར་བསྒོམས་ལ། དེ་རྣམས་ཀྱིས་གཏོར་མ་གསོལ་བར་བསམ་ཞིང༌། ཨོཾ་ཨིནྡ། ཛ་མ་ཛ་ལ། ཛཀྑ། བྷཱུ་ཏ། བ་ཧི་ན། བཱ་ཨུ། རཀྑ། ཙནྡ། སུཛྫ། མཱ་ད། པཔྤ། ཏ་ལ་པ་ཏ་ལ། ཨཊཋ། སཔྤ། སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛིགྷ། ཕུལླ། དྷུཔྤ། མཾ་ས། པིཾ་གྷ། ཨམྦྷ། སཔྤ། ཀཛྫ། སཱ་དཱ། ཁཎྚི། ཁུ་ཎི། ཕེ་ཊ་ག་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭད་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་ལ་སོགས་པ་བརྗོད་པས་མཉེས་པར་བསམ། དེ་ནས་གཽ་རཱི་ལ་སོགས་པ་བརྒྱད་ཀྱིས་མཆོད་པ་དང༌། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་ལ་སོགས་པས་བསྟོད་པ་བྱས་པའི་རྗེས་སུ། ཡི་གེ་བརྒྱ་པ་དང༌། མུཿཞེས་བརྗོད་པས་གཤེགས་སུ་གསོལ་ལ། གཏོར་མ་ས་གཙང་སར་དོར་རོ། །འདི་ནི་ཐུན་གཞན་གསུམ་གྱི་མཇུག་ཏུ་བྱ་བའི་ཆོ་ག་སྟེ། སྲོད་ཐུན་ལ་ནི་གཏོར་ཆོག་རྒྱས་པ་ལྟར་ཉམས་སུ་བླང་ངོ༌། །གཉིས་པ་ཐུན་མཚམས་ཀྱི་རྣལ་འབྱོར་ལྷག་མ་རྣམས་ཁ་བསྐང་སྟེ་བཤད་པ་ལ་དྲུག ཁ་ཟས་ཀྱི་རྣལ་འབྱོར། རྗེས་ཆགས་ཀྱི་རྣལ་འབྱོར། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར་རོ། །དང་པོ་ནི། ཁ་ཟས་དང་པོར་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བགེགས་བསལ་བ་ལ་སོགས་པ། གཏོར་མ་བཞིན་བྱིན་གྱིས་བརླབས་ཏེ། རང་དཔལ་ཀྱེ་རྡོ་རྗེའི་རྣམ་པར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཙམ་ལས་ལྷ་དགུའི་དཀྱིལ་འཁོར་དང༌། ལྟེ་བར་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་བསྐྱེད་ལ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ལ། རང་གི་ཁ་ནས་ཞུགས་ཏེ། དམ་ཚིག་པ་ལ་བསྟིམ། དབར་བསྐུར་ཡང་དྲན་པར་བྱས་ལ། རང་གི་ལྕེ་ཧཱུྃ་ལས་རྡོ་རྗེར་བསྐྱེད་ལ་དེ་ལས་འོད་བྱུང་སྟེ་གསོལ་བས་ཕུད་ཀྱིས་སྙིང་གའི་ལྷ་དགུ་མཆོད། དེའི་ལྷག་མས་ལྟེ་བའི་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་མཆོད་པར་བསམ་ཞིང༌། ཁ་ཧོམ་ཁུང༌། ལག་པ་གཟར་བུ། ཁ་ཟས་བསྲེག་རྫས་སུ་བསམས་ལ་བཟའོ། །འབྲིང་ནི་ཁ་ཟས་མཁའ་འགྲོ་སྤྱི་གཏོར་བཞིན་བྱིན་གྱིས་བརླབས་ལ། སྙིང་གར་ལྷ་དགུའི་དཀྱིལ་འཁོར་བསམས་ལ། ལྟེ་བ་ནས་མེ་སྦར་ཏེ་ལྷ་མཆོད་པའི་བསམ་པས་བཟའ་འོ། །འདི་ནི་ནང་གི་གཏོར་མ་ཞེས་པ་ཡིན་ལ། དམིགས་པ་དང་ང་རྒྱལ་བརྟན་པ་རྣམས་ལ་གཏོར་མ་ལ་སོགས་པ་གཞན་མི་དགོས་ཀྱང༌། དེ་བཞིན་གཤེགས་པའི་བཀའ་བཞིན་བསྲུང་བ་དང༌། རང་གི་སྔར་གྱི་སྤྱོད་པ་དང༌། དམ་བཅའ་བརྟན་པའི་ཕྱིར་དང༌། སེམས་ཅན་མ་དད་པ་བསྲུང་བའི་ཕྱིར་དང༌། ལས་དང་པོ་པའི་སེམས་ཅན་གཞན་རྗེས་སུ་དྲངས་པའི་ཕྱིར་ལྷ་བཤོས་དང༌། ཆང་བུ་དང༌། གཏོར་མ་ལ་སོགས་པ་ཐམས་ཅད་ཐུན་མོང་གི་ལུགས་བཞིན་བྱའོ། །བསྡུས་པ་ནི། ཁ་ཟས་ལ་ལག་པ་གཡོན་གྱི་སྲིན་ལག་དང་མཐེ་བོང་གིས་རེག་སྟེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ལ། ཁ་ཟས་དེ་ཤ་ལྔ་བདུད་རྩི་ལྔ་དང༌། ཡེ་ཤེས་ལྔའི་ངོ་བོར་མོས་ལ། སྙིང་གའི་ཡི་གེ་ཧཱུྃ་ལྷ་ཐམས་ཅད་ཀྱི་ངོ་བོར་མོས་ལ། དེ་ལ་མཆོད་པའི་བསམ་པས་བཟའ་སྟེ། སྙིང་གའི་ས་བོན་མེ་འབར་བ་ལ། །དེ་ཡི་ག་བུར་བཏུང་བར་བྱ། །བཏུང་བ་དེ་ཡིས་རྣལ་འབྱོར་པ། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། འདིས་བཅུད་ལེན་དུ་འགྱུར་བའི་དགོས་པའང་བསྟན་ཏོ། །གཞན་ཡང་ཡོན་དག་པའི་དགོས་པའང་ཡོད་དེ། ཟས་ཀྱི་རྣལ་འབྱོར་འདི་ཡིས་ནི། །བུ་ལོན་དུ་ཡང་མི་འགྱུར་རོ། །ཞེས་གསུངས་སོ། །གཞན་ཡང་འདིས་རྩ་བའི་ལྟུང་བ་བཅུ་གསུམ་པ་མི་འབྱུང་བའི་དགོས་པ་ཡང་ཡོད་དོ། །གཉིས་པ་ནི། ཁྱིམ་པ་རྡོ་རྗེ་འཛིན་པས་ལས་ཀྱི་ཕྱག་རྒྱ་བསྟེན་པར་འདོད་ན་ལྷའི་འདུ་ཤེས། སྔགས་ཀྱི་འདུ་ཤེས། ཆོས་ཀྱི་འདུ་ཤེས་ཏེ། བྱ་བ་དེ་གསུམ་དང་ལྡན་པས་བསྟེན་ན། འདོད་ཆགས་ཉིད་བྱང་ཆུབ་ཀྱི་ལམ་དུ་འགྱུར་རོ། །དེ་ལ་ལྷའི་འདུ་ཤེས་ནི། རང་ཀྱེ་རྡོ་རྗེ་དང་ཡུམ་བདག་མེད་མར་བསྐྱེད་པའོ། །སྔགས་ཀྱི་འདུ་ཤེས་ནི། ཡུམ་གྱི་མཁའ་སྟོང་པར་བསམས་པའི་ངང་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེ་འབྲུ་ལ་ཨས་མཚན་པར་བསྐྱེད་ལ། པདྨ་སུ་ཁ་སོགས་ཀྱིས་བྱིན་གྱིས་བརླབ། ཡབ་ཀྱི་གསང་གནས་སྟོང་པར་བསམས་པའི་ངང་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པར་བསྐྱེད་ལ། ཨོཾ་བཛྲ་མ་ཧཱ་སོགས་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་གཉིས་ཀའི་མགོ་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསམ་མོ། །ཆོས་ཀྱི་འདུ་ཤེས་ལ་བསྐྱེད་རིམ་པ་ལྟར་ན། བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་དཔལ་ཀྱེ་རྡོ་རྗེ་ལ་མཆོད་པར་བྱའོ་སྙམ་དུ་བསམ་མོ། །རྫོགས་རིམ་པ་ལྟར་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ། །ཞེས་བསམ་མོ། །རྒྱས་པར་ནི་དབང་གསུམ་པའི་མན་ངག་ཏུ་རྟོགས་པར་བྱའོ། །འདིའི་དགོས་པ་ནི་གསུམ་སྟེ། འདོད་པས་ལོག་པར་གཡེམ་པར་མི་འགྱུར་བ་དང༌། ལྷ་མཆོད་པར་འགྱུར་བ་དང༌། ལྷན་སྐྱེས་ཀྱི་ཡེ་ཤེས་རྟོགས་པར་འགྱུར་བའོ། །དང་པོ་ནི་དེ་ཉིད་འདུས་པར། འདོད་ཆགས་ལྟ་བུའི་བདེ་བ་མེད། །དེ་བས་རྒྱལ་བ་རྣམས་ལ་འབུལ། །སེམས་ཅན་དོན་ཕྱིར་གཞན་བུད་མེད། །བསྟེན་པས་བསོད་ནམས་འཐོབ་པར་འགྱུར། །ཞེས་གསུངས་ཏེ། ཆོས་ཀྱི་འདུ་ཤེས་ཀྱི་དགོས་པའོ། །གཉིས་པ་ནི་རྡོ་རྗེ་གུར་ལས། རང་ཉིད་ཧེ་རུ་ཀར་བྱས་ཤིང༌། །རང་གི་བཙུན་མོ་ངར་བྱས་ནས། །ཆགས་ཆེན་གྱིས་ནི་འདོད་སྤྱད་པ། །དེ་ལ་ང་ནི་རྟག་ཏུ་མཉེས། །ཞེས་ཏེ། ལྷའི་འདུ་ཤེས་ཀྱི་དགོས་པའོ། །གསུམ་པ་ནི་སློབ་དཔོན་ཨིནྡྲ་བྷཱུ་ཏིས། བདེ་བས་བདེ་བ་ཆེན་པོ་ཀུན། །སྲིད་པའི་སྡུག་བསྔལ་གཅོད་བྱེད་ཅིང༌། །མྱ་ངན་འདས་པའི་གནས་ཐོབ་ཅེས། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས། །ཞེས་གསུངས་པ་ལྟར་རོ། །འདི་ནི་རྣལ་འབྱོར་པ་ཁྱིམ་པ་ཁོ་ནའི་དབང་དུ་མཛད་ནས་གསུངས་ཀྱི། དགེ་སློང་རྡོ་རྗེ་འཛིན་པ་ལྟ་བུ་ལ་ནི། ལམ་འདི་ཉམས་སུ་བླང་མི་དགོས་སོ། །གསུམ་པ་ལ་གཉིས། རང་བཞིན་ལྷན་སྐྱེས་སྟོང་པའི་ངང་ལ་ཉལ་བ་དང༌། ཞུ་བདེ་ལྷན་སྐྱེས་བདེ་བའི་ངང་ལ་ཉལ་བའོ། །དང་པོ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་ཏེ། སྣོད་བཅུད་ཐམས་ཅད་ལ་ཕོག་སྟེ། སྲུང་བའི་འཁོར་ལོ་ལ་བསྡུ། དེ་དུར་ཁྲོད་བརྒྱད་ལ། དེ་གཞལ་ཡས་ཁང་ལ། དེ་ལྷ་མོ་བརྒྱད་ལ། དེ་ཞལ་བརྒྱད་ལ། ཡུམ་ཡང་ཡབ་ལ། ཡབ་སྙིང་གའི་ཧཱུྃ་ལ། ཧཱུྃ་ཡང་ཞབས་ཀྱུ་ལ། དེ་ནཱ་དའི་བར་དུ་ཐིམ་ཞིང༌། དེ་ཡང་མི་དམིགས་པར་བསམས་ལ། དེ་ལ་བློ་གཏད་དེ་ཉལ་ལོ། །གཉིས་པ་ནི། ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་ལ་བསྡུ། སྲུང་འཁོར་མི་བསྡུ། གཞལ་ཡས་ཁང་བསྡུ་བའམ། མ་བསྡུས་ཀྱང་རུང་སྟེ། ལྷ་མོ་བརྒྱད་ཞལ་བརྒྱད་ལ་བསྡུ་བ་ཡན་ཆད་འདྲ་བར་བྱས་ལ། ཡབ་ཡུམ་ཙམ་དུ་གནས་པའི་དུས་དེར་ཐབས་ཤེས་རབ་སྙོམས་པར་ཞུགས། རྗེས་སུ་ཆགས་པའི་མེས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་འོད་དུ་ཞུ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོར་གྱུར་པར་བསྒོམས་ཏེ། དེ་ལ་བློ་གཏད་ལ་ཉལ་ལོ། །དེའང་ལས་དང་པོ་པས། རང་བཞིན་ལྷན་ཅིག་སྐྱེས་པའི་ངང་ལ་ཉལ་ལ། སེམས་ཅུང་ཟད་བརྟན་པས་སྟོང་ཤས་ཆེ་ན་བདེ་བའི་ངང་ལ་ཉལ། བདེ་ཤས་ཆེ་ན་སྟོང་པའི་ངང་ལ་ཉལ་ལོ། །སློབ་དཔོན་ཤཱནྟི་པས་ཀྱང༌། ཉལ་ཁར་ཡན་ལག་བདུན་དང་ལྡན་པའི་རྣལ་འབྱོར་རམ། ལྷན་ཅིག་སྐྱེས་པའི་དགའ་བའི་རྣལ་འབྱོར་མངོན་དུ་བྱས་ནས་ཉལ་བར་བྱའོ། །ཞེས་བཤད་དོ། །དེའི་དགོས་པ་ནི་གཉིས་ཏེ། ཐ་མལ་གྱི་གཉིད་ཀྱིས་ཟིལ་གྱིས་མི་ནོན་པ་དང་ཆོས་ཀྱི་སྐུའི་ངོ་བོ་ལྷན་སྐྱེས་རྟོགས་པར་འགྱུར་བའི་དགོས་པའོ། །བཞི་པ་ནི། དེ་ལྟར་ཉལ་བའི་རྣལ་འབྱོར་ལུགས་གཉིས་ཡོད་པས། ལྡང་བའི་རྣལ་འབྱོར་ཀྱང་ལུགས་གཉིས་ཡོད་དེ་ནུབ་མོ་རང་བཞིན་ལྷན་སྐྱེས་ཀྱི་ངང་སྟོང་པ་ཉིད་ལ་ཉལ་ན། ནང་པར་ཐོ་རངས་སྐད་ཅིག་ཙམ་གྱིས་དཔལ་ཀྱེ་རྡོ་རྗེ་ཡབ་ཡུམ་དུ་ལྡང་ངོ༌། །ནུབ་མོ་ཞུ་བདེ་ལྷན་སྐྱེས་བདེ་བའི་ངང་ལ་ཉལ་ན། ནང་པར་གཉིད་སད་པའི་དུས་སུ། རང་བཞིན་གྱི་གནས་ནས་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞི་བྱོན་ཏེ། རྗེ་བཙུན་སྙིང་རྗེས་ལ་སོགས་པ་གླུ་བཞིས་བསྐུལ་བས། ཐིག་ལེ་ལས་ཐིག་ལེ་གཉིས་སུ་གྱུར། དེ་གཉིས་ཨཾ་ཧཱུྃ་དུ་གྱུར་ཏེ་ཧཱུྃ་ལས་ཡབ་དང༌། ཨཾ་ལས་ཡུམ་དུ་བཞེངས་པར་བྱའོ། །སློབ་དཔོན་ཤཱནྟི་པས་ཀྱང༌། ལྷ་མོ་བཞིའི་གླུས་བསྐུལ་ནས། ཡང་གཉིད་ལོག་པ་ལས་ལྡང་བར་བྱ་སྟེ། ལངས་ནས་ཐམས་ཅད་སྔ་མ་བཞིན་དུ་བྱའོ། །ཞེས་གསུངས་སོ། །འདིའི་དགོས་པ་ཡང་གསུམ་སྟེ། ཐ་མལ་གྱི་རྣམ་རྟོག་ལ་བློ་བཟློག་པ་དང༌། བར་ཆད་ཀྱི་བགེགས་ལས་བསྲུང་བ་དང༌། ལྷས་ལྷ་ལ་ཚོགས་བསགས་ན་ཚོགས་མྱུར་དུ་རྫོགས་པར་འགྱུར་བའོ། །དེ་ནས་དག་པ་རྗེས་སུ་དྲན་པ་དང༌། ཐུན་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། རྡོ་རྗེའི་གླུ་བླང་བ་དང༌། སྨོན་ལམ་གདབ་པའི་བར་དུ་བྱ་སྟེ། དེ་རྣམས་ནི་སྲོད་ཐུན་གྱི་འཕྲོ་ཡིན་པས་དེས་སྲོད་ཐུན་རྫོགས་པ་ཡིན་ནོ། །ཞེས་རྗེ་བཙུན་རྩེ་མོས་གསུངས་སོ། །ལྔ་པ་ནི། ཐོ་རངས་ཀྱི་དུས་སུ་བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ། མི་འགྲོ་ན་བྱ་མི་དགོས་ལ། གནས་སྐབས་གཞན་དུ་བྱེད་ནའང་ཆོ་ག་འདིས་བྱ་སྟེ། རང་གི་སྙིང་གའི་ཧཱུྃ་གི་འོད་ཀྱིས་དབང་བསྐུར་གྱི་ལྷ་སྤྱན་དྲངས་པ་དང༌། དེ་ལ་མཆོད་པ་དང་བསྟོད་པ་གསོལ་བ་གདབ་པ་རྣམས་བྱས་ནས། དབང་བསྐུར་གྱི་ལྷ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་པས་ཡེ་ཤེས་ཀྱི་ཆུས་སྤྱི་བོ་ནས་དབང་བསྐུར་བར་བསམ་ཞིང༌། དངོས་སུ་ཆུས་ཁྲུས་བྱས་ལ་དབང་བཞི་ཐོབ་པར་བསམ་སྟེ། རྒྱས་པར་དབང་གི་སྐབས་སུ་བསྟན་ཟིན་ཏོ། །འོན་ཀྱང་སྒྲུབ་པའི་ཆོ་ག་རྣམས་བསྲེ་བ་དང༌། དབུ་རྒྱན་བསམ་མི་དགོས། ཞེས་རྗེ་བཙུན་རྩེ་མོས་གསུངས་སོ། །རྗེ་བཙུན་གྱིས། སྐད་ཅིག་གིས་བདག་མེད་མར་བསྐྱེད་པ་ལ་ཡི་གེ་གསུམ་གྱིས་གནས་གསུམ་བསྲུངས་ནས་ཁྲུས་ཀྱི་རྣལ་འབྱོར་བྱས་པའི་མཐར་རྒྱས་གདབ་པར་བཤད་དེ། ལུགས་ཐ་དད་དུ་བལྟའོ། །ཁྲུས་བྱ་བའི་ཚེ་ཡི་གེ་བརྒྱ་པ་བཟླའོ། །ཞེས་བླ་ཆེན་འཕགས་པས་བཤད་དོ། །འདིའི་དགོས་པ་ཡང་གཉིས་ཏེ། ཉིན་ཞག་གཅིག་གི་རྩ་བ་དང་ཡན་ལག་གི་དམ་ཚིག་གི་ཉེས་པ་དང་སྒྲིབ་པ་འདག་པ་དང༌། བསམ་གཏན་གྱི་ཡན་ལག་ཏུ་འགྱུར་བའོ། །དྲུག་པ་ལ་གཉིས། གང་གིས་བྱེད་པའི་རྣལ་འབྱོར། དེས་བྱ་བའི་རྣལ་འབྱོར་རོ། །དང་པོ་ནི། རྩ་རྒྱུད་ལས། ལངས་ཏེ་ལྷའི་གཟུགས་སུ་གཞག་གོ །ཞེས་གསུངས་ལ། དེའི་དོན་མཉམ་གཞག་ལས་ལངས་ནས། སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ་ལྷའི་ང་རྒྱལ་དང་མ་བྲལ་བར་གནས་དགོས་པ་ཡིན་ཏེ། བྷ་བ་བྷ་དྲྭས་ཐུན་བཞི་བསྒོམས་པའི་ཕྱི་རོལ་གྱི་བྱ་བ་གསུངས་པ། ལྷའི་ཞེས་པ་ལ་སོགས་པ་ལ་ལྷའི་གཟུགས་ནི་འདུག་པ་དང༌། ཟ་བ་དང་ཉལ་བ་ལ་སོགས་པ་རྣམས་སུ་ལྷའི་ང་རྒྱལ་གྱིས་ཡུལ་རྣམས་ལ་ལྷའི་གཟུགས་སུ་ཉེ་བར་ལོངས་སྤྱོད་པའི་རྣལ་འབྱོར་གྱི་ངེས་པ་ཉིད་དོ། །ཞེས་དགོངས་སོ། །ཞེས་བཤད་པའི་ཕྱིར་རོ། །འོ་ན་ལྷའི་ང་རྒྱལ་ཇི་ལྟ་བུར་བསྒོམ་སྙམ་ན། ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་ཤེས་པའི་སྟོང་པ་ཉིད་དང༌། དེ་ཉིད་གཟུགས་ཀྱི་རྣམ་པ་ལྷའི་སྐུ་སྒྱུ་མ་ལྟ་བུར་ཤར་བ་གཉིས། དབྱེར་མེད་པའི་རང་བཞིན་ཅན་དུ་བསྒོམ་པ་ཡིན་ཏེ། གྲུབ་ཆེན་མཚོ་སྐྱེས་ཀྱིས། ལྷའི་ལུས་ཀྱིས་གནས་པར་བྱའོ། །ཞེས་པ་ནི་སྒྱུ་མ་ལྟ་བུ་གཉིས་སུ་མེད་པ་བདེ་བ་ཆེན་པོའི་རང་བཞིན་ཅན་གྱི་བདག་ཉིད་ཀྱིས་ཆོས་ཐམས་ཅད་ལྷག་པར་མོས་ཏེ། ཐམས་ཅད་དུ་གནས་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས། རང་གི་ལྷག་པའི་ལྷའི་རྣལ་འབྱོར་དང༌། ལྷ་སོ་སོའི་རྣལ་འབྱོར་རོ། །དང་པོ་ནི། ཅི་དང་ཅིར་སྣང་བའི་དངོས་པོ་ཐམས་ཅད་ཀྱེ་རྡོ་རྗེར་ཤེས་པར་བྱས་ནས་ལོངས་སྤྱད་པ་སྟེ། གསང་འདུས་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཇི་ལྟར་འདོད་པས་བསྟེན་བྱ་སྟེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཞེས་སོ། །འདི་ནི་ཉུང་ངུ་ལ་མོས་པ་རྣམས་ཀྱི་ཐ་མལ་གྱི་རྣམ་རྟོག་བཟློག་པར་བྱེད་པའོ། །གཉིས་པ་ནི། ཡུལ་དང་ཡུལ་ཅན་གྱི་དབྱེ་བ་མཐའ་ཡས་པར་བྱས་ལ། དེ་དག་རེ་རེ་ཡང་ལྷ་སོ་སོར་ཤེས་པར་བྱེད་པ་སྟེ། དེའང་གཟུགས་གཽ་རཱི། སྒྲ་ཙཽ་རཱི། དྲི་བེ་ཏཱ་ལཱི། རོ་གྷསྨ་རཱི། རེག་ས་སྤྱོད་མ། ཆོས་ཁམས་མཁའ་སྤྱོད་མ་སྟེ། ཕྱིའི་ཡུལ་དྲུག་ལྷ་མོ་དྲུག་དང༌། མིག་སོགས་ནང་གི་དབང་པོ་དྲུག་དང༌། རྣམ་ཤེས་དྲུག་པོ་གཏི་མུག་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག་ཏུ་བྱས་ཏེ། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ལོངས་སྤྱད་དོ། །འདི་ནི་རྒྱ་ཆེན་པོ་ལ་དགའ་བ་རྣམས་ལ་ཐ་མལ་པར་འཛིན་པ་དང༌། རིལ་པོ་གཅིག་ཏུ་འཛིན་པའི་རྣམ་རྟོག་ཐམས་ཅད་བཤིག་པ་ཡིན་ནོ། །དེ་ལྟར་འཆིང་བའི་རྒྱུ་ནི། ཐ་མལ་པའི་རྣམ་པར་རྟོག་པ་ཡིན་ལ་དེ་ལྷའི་རྣམ་པར་ཤེས་པ་ན། ཐ་མལ་པ་དགག་པས་ཐམས་ཅད་རིལ་གྱིས་སྤོང་བར་འགྱུར་རོ། །གཞན་ཡང་སྐབས་འགའ་ཞིག་ཏུ་དཀྱིལ་འཁོར་དང༌། ལྷའི་རྣམ་དག་དང༌། དེ་ཁོ་ན་ཉིད་རྣམས་ཀྱང་རྒྱས་པར་དྲན་པར་བྱ་ཞིང༌། དཀྱིལ་འཁོར་དང༌། རབ་གནས་དང༌། སྦྱིན་སྲེག་དང༌། ཆོས་འཆད་པ་དང་ཉན་པ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་ཀྱང་ལྷའི་རྣལ་འབྱོར་གྱིས་བྱའོ། །མཉམ་པར་མ་གཞག་པའི་རྣལ་འབྱོར་རྣམས་བསྟན་ཟིན་ཏེ། རྣལ་འབྱོར་བཅུ་པོ་ཐམས་ཅད་ཀྱང་རྫོགས་པར་བཤད་ཟིན་ཏོ།། །།དེ་ལྟར་རྣལ་འབྱོར་བཅུས་ཉིན་མཚན་ཁོར་ཡུག་ཏུ་དུས་འདའ་བར་ཉམས་སུ་བླངས་པས་ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ནས། རྡོ་རྗེ་འཆང་ཆེན་པོ་དཔལ་ཀྱེ་རྡོ་རྗེའི་གོ་འཕང་ཐོབ་པར་འགྱུར་བ་ནི་ལམ་འདིས་བསྒྲུབས་པའི་འབྲས་བུ་སྟེ། རྒྱས་པར་རྒྱུད་ཀྱི་བཤད་པ་ལས་ཤེས་པར་བྱའོ། །གསུམ་པ་སྒྲུབ་ཐབས་མཐར་ཕྱིན་པའི་བྱ་བ་ལ་གསུམ། སྒྲུབ་ཐབས་ཇི་ལྟར་བརྩམས་པའི་ཚུལ། བརྩམས་པའི་དགེ་བ་བསྔོ་བ། རྩོམ་པ་དང་བསྒྱུར་བའི་གང་ཟག་སྨོས་པའོ། །དང་པོ་ནི། ལྷ་མོའི་སྟེ་མ་རྒྱུད་རྣམས་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ། དཔལ་ཀྱེ་རྡོ་རྗེའི་རྒྱུད་ཀྱི་པདྨའི་ཚལ་ཆེན་པོ་དྲང་ངེས་ཀྱི་དོན་མང་པོ་དང་ལྡན་པའི་རྒྱུད་སྡེའི་པད་ཚལ་ཆེན་པོ་རང་སྟོབས་ཀྱིས་ཁ་དབྱེ་བར་མི་ནུས་པ་དེ་ནི་བླ་མ་དམ་པ་ཞི་བ་དཔལ་གྱི་ཡེ་ཤེས་ཏེ། ཛ་ཡ་ཤྲཱི་ཤཱནྟིའི་ལེགས་བཤད་ཉི་མའི་འོད་ཀྱིས་རྒྱུད་སྡེའི་པད་ཚལ་དེའི་ཁ་ཕྱེ་ནས་དོན་གྱི་ཟེའུ་འབྲུ་མངོན་དུ་གྱུར་པ་ལ་བུང་བ་དང་འདྲ་བའི་སློབ་དཔོན་མི་ཐུབ་ཟླ་བ་བདག་གིས་སྦྲང་རྩི་དང་འདྲ་བའི་རྒྱུད་ཀྱི་དོན་ལ་ཡུན་རིང་དུ་གཞིབ་ཅིང་འབད་པས་འཐུངས་པ་ལས་བྱུང་བའི་སྒྲུབ་པའི་ཐབས་ཀྱི་སྦྲང་རྩི་འདི་སྐྱུགས་པའོ། །ཞེས་པའི་དོན་ཏོ། །གཉིས་པ་ནི། དེ་ལྟ་བུའི་སྒྲུབ་ཐབས་འདི་ཡང་བདག་གིས་རང་དགར་བརྩམས་པ་མ་ཡིན་ཏེ། དཔལ་ནི་བླ་མ་ཛ་ཡ་ཤྲཱི་སྟེ། དེའི་མན་ངག་གི་ཐུགས་རྗེའི་སྟོབས་ཀྱིས། དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཡན་ལག་དྲུག་པ་འདི་བྱས་པ་འདི་ལས་མི་ཐུབ་ཟླ་བ་བདག་ངལ་བར་གྱུར་བའི་བསོད་ནམས་གང་ཐོབ་པ་དེས་ནི། བདེ་བ་མ་ཐོབ་པའི་སེམས་ཅན་སྐྱེ་བ་དང༌། རྒ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བ་རྣམས། སྡུག་བསྔལ་རྒྱུ་དང་བཅས་པ་ལས་སྒྲོལ་བར་བྱེད་པའི་ཐེག་པའམ། ལམ་པོ་ཆེའམ་གྲུ་ཆེན་ལྟ་བུར་གྱུར་ནས་འགྲོ་བ་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་གྲུར་གྱུར་ཅིག །ཅེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་སྟེ། ཁྱད་པར་འཕགས་བསྟོད་ལས། བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་སངས་རྒྱས་པ་ཁོ་ནའི་ཁྱད་ཆོས་སུ་བཤད་པའི་ཕྱིར་རོ། །གསུམ་པ་ནི། བཅོམ་ལྡན་འདས་དཔལ་ཀྱེ་རྡོ་རྗེའི་མངོན་པར་རྟོགས་པ། ཡན་ལག་དྲུག་པ་ཞེས་བྱ་བའི་སྒྲུབ་ཐབས་རྩ་བའི་རྒྱུད་དཔལ་བརྟག་པ་གཉིས་པ་དང༌། བཤད་པའི་རྒྱུད་རྡོ་རྗེ་གུར་གཉིས་ཀྱི་དགོངས་པ་ཕྱོགས་གཅིག་ཏུ་བྱས་པའི་བླ་མའི་མན་ངག་ལ་བརྟེན་ནས། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ། སྐྱེ་བ་བདུན་པའི་ཤ་ལ་བརྟེན་ནས། སྐུ་ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་རྩོད་པ་གཞན་གྱིས་ཐུབ་པར་དཀའ་བས་ཐུབ་དཀའ་ཟླ་བའམ། མི་ཐུབ་ཟླ་བ། ཞེས་རྣམ་པར་གྲགས་པའི་མཁས་པ་དེས་མཛད་པ་རྫོགས་སོ་ནི། ས་མ་པཱ་ཐ། ཞེས་པའི་དོན་ཏེ། དེ་ཡང་ཡི་གེ་ཕྱིས་བསྣན་གྱི་ངེས་ཚིག་གིས། སམྱག་པྲ་ཏི་ཡང་དག་པར་རྟོགས་སོ། །ཞེས་པར་འགྱུར་བ་ཡིན་ནོ། །སྒྲུབ་ཐབས་ཀྱི་གཞུང་འདི་ནི་དང་པོར་བླ་ཆེན་འབྲོག་གིས་ཀུ་བ་ཚལ་གྱི་ནགས་སུ་པཎྜི་ཏ་པྲཛྙཱ་ཨིནྡྲ་རུ་ཙི་ར་ལས། ལུང་དང་མན་ངག་དང༌། རྒྱ་དཔེ་རྣམས་ཞུས་ནས་རེ་ཞིག་བསྒྱུར་བ་མ་གྲུབ་པ་ལ། དུས་ཕྱིས་རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་ཞེས་རིགས་ལས་མཚན་དུ་གྲགས་ཤིང༌། མཚན་དངོས་རཏྣ་ཤྲཱི་ཛྙཱ་ན་སྟེ། རིན་ཆེན་དཔལ་ཡེ་ཤེས། ཞེས་བྱ་བ་དེ་ཉིད་བོད་དུ་བྱོན་པའི་དུས་སུ་པཎྜི་ཏ་ཆེན་པོ་དེའི་ཞལ་སྔ་ནས་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་རྒྱ་དཔེ་ལས་བོད་སྐད་དུ་བསྒྱུར་ཞིང༌། ལོ་ཙཱ་བ་ཆེན་པོ་དེ་དང་དེའི་སྲོལ་འཛིན་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པའོ།། །།རབ་གསལ་གཞུང་མང་ཆུ་གཏེར་ལས་བྱུང་ཞིང༌། །མཁས་པའི་ཡིད་འཕྲོག་ལེགས་བཤད་འདབ་སྟོང་རྒྱས། །མ་ནོར་ཉམས་ལེན་གེ་སར་སྙིང་པོ་ཅན། །བདག་བློ་འོད་སྟོང་ལྡན་པས་གསལ་བར་བྱས། །དངོས་གྲུབ་རྣམ་གཉིས་སྦྲང་རྩིའི་བཅུད་བླངས་ནས། །རིམ་གཉིས་ཟབ་མོའི་དགའ་སྟོན་འགྱེད་འདོད་པའི། །དོན་གཉེར་རྐང་དྲུག་ལྡན་པའི་བློ་གསལ་རྣམས། །ལེགས་བཤད་སྙན་པའི་སྒྲ་དབྱངས་སྒྲོགས་ཤིག་ཀྱེ། །ཟབ་ཡངས་རྒྱུད་སྡེའི་རིན་ཆེན་འབྱུང་གནས་ལས། །འཕགས་ཡུལ་མཁས་པའི་དེད་དཔོན་གྱིས་བླངས་པའི། །རྨད་བྱུང་བསྐྱེད་རིམ་སྒྲུབ་ཐབས་ཡིད་བཞིན་ནོར། །དགེ་ལེགས་ཀུན་འབྱུང་རིན་ཐང་མེད་པ་རྣམས། །ཐོས་བསམ་བརྩོན་པས་བྱི་དོར་ལེགས་བསྒྲུབས་ཏེ། །རྣམ་མང་ལེགས་བཤད་རྒྱན་གྱིས་མཛེས་བྱས་ནས། །དྲི་མེད་ཚིག་གི་སྲད་བུ་ལ་བརྒྱུས་ཏེ། །རྣམ་བཤད་ནོར་བུའི་ཕྲེང་བ་ཁོ་བོས་སྤེལ། །འདིར་ནི་སྒྲོས་ངན་མཆིང་བུ་རྒྱང་བསྲིངས་ནས། །ཤིང་རྟ་ཆེན་པོའི་སྲོལ་འབྱེད་བིརྺ་པ། །ཡབ་སྲས་གསུམ་གྱི་གཞུང་དང་མན་ངག་རྣམས། །རྒྱ་བོད་མཁས་པའི་བླ་མ་ལ་བརྒྱུད་ནས། །གངས་ཅན་བསྟན་པའི་སྒྲོན་མེ་སྐྱེ་དགུའི་གཉེན། །འཛམ་གླིང་མཁས་པའི་གཙུག་རྒྱན་ས་སྐྱ་པ། །རྗེ་བཙུན་མཆོག་ལ་ཇི་ལྟར་བབས་པ་ཡི། །མཁས་པའི་ལེགས་བཤད་རིན་ཆེན་ལྷུར་བླངས་ཤིང༌། །མཚོ་སྐྱེས་གཉིས་མེད་རྡོ་རྗེ་མར་མེ་མཛད། །ཤཱནྟི་ཉིན་འབྱུང་ནག་པོ་པ་ལ་སོགས། །གང་ཞིག་འཕགས་པའི་ཡུལ་དུ་བྱོན་པ་ཡི། །འགྲེལ་བྱེད་མཁས་པའི་གསུང་གིས་གསལ་བར་བྱས། །རྣམ་དཔྱོད་བརྩོན་པའི་གྲུ་གཟིངས་སྟོབས་ཆེ་ཞིང༌། །དེད་དཔོན་མཁས་པའི་བཤེས་གཉེན་བསྟེན་པ་དང༌། །རིག་འཛིན་གཞུང་ལུགས་རྒྱ་མཚོ་མཐོང་བའི་མཐུས། །ལེགས་སྦྱར་འདི་ལ་ཉེས་པ་མེད་པར་སེམས། །འོན་ཀྱང་བདག་བློས་དེ་ཉིད་མ་མཐོང་ཞིང༌། །ཤེས་རབ་སྦྱངས་པ་དྲན་པའི་མཐུ་ཆུང་བས། །ནོངས་པ་མཆིས་གང་བླ་མ་ལྷར་བཅས་ལ། །བཟོད་པར་གསོལ་བྱས་ཉེས་ཀུན་སྦྱང་དུ་གསོལ། །འདིར་འབད་དགེ་བ་བདུད་རྩིའི་འོད་ཅན་ལས། །ལེགས་བཤད་བསིལ་ཟེར་དྲི་མེད་འཕྲོས་པ་ཡིས། །བློ་གསལ་བློ་ཡི་ཀུ་མུད་ཁ་ཕྱེ་ནས། །ཡོན་ཏན་ཟེའུ་འབྲུ་ཀུན་ལ་གསལ་བར་ཤོག །བདག་ཀྱང་ལམ་ཟབ་འདི་དོན་ལེགས་བསྒོམས་པས། །མར་གྱུར་འགྲོ་བས་བྱང་ཆུབ་ཐོབ་སླད་དུ། །ཟག་མེད་ཡན་ལག་བདུན་ལྡན་རྫོགས་སངས་རྒྱས། །ཀུན་མཁྱེན་རྡོ་རྗེ་འཆང་གི་ས་ཐོབ་ཤོག །རྣམ་དག་རྒྱུད་འགྲེལ་མེ་ཤེལ་ཁམས་ལས་གྲུབ། །མཁས་གྲུབ་བླ་མའི་མན་ངག་དཀྱིལ་འཁོར་རྒྱས། །ལེགས་བཤད་འོད་སྟོང་ཕྱོགས་བཅུར་འཕྲོ་བ་ཡི། །ཁོ་བོའི་གཞུང་བཟང་ཉིན་མོར་བྱེད་པ་འདི། །གཟུར་གནས་མཁའ་ལ་བརྩོན་པའི་ཤིང་རྟས་དྲངས། །དོན་གཉེར་མཐུན་པའི་རླུང་གིས་བསྐུལ་བ་ཡིས། །བློ་གསལ་གླིང་བཞིའི་ཚོགས་ལ་ཁྱབ་པ་དང༌། །མི་ཤེས་མུན་པ་མཐའ་དག་སེལ་བར་འགྱུར། །དཔལ་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ཞེས་བྱ་བ་འདི་ནི། བློ་གྲོས་དང་དོན་གཉེར་ཕུལ་དུ་བྱུང་བའི་སྡེ་སྣོད་འཛིན་པ་མང་པོས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པས། བདེ་བར་གཤེགས་པའི་རིང་ལུགས་པ་མཐའ་དག་གི་གཙུག་གི་ནོར་བུར་གྱུར་པ་རྗེ་བཙུན་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་གུས་པར་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྒྱུར་བྱེད་ཀྱི་ལོ། གྲོ་ཞུན་གྱི་ཟླ་བའི་ཚེས་བརྒྱད་ལ་མཁས་པའི་ཆོས་གྲྭ་དཔལ་ལྡན་ས་སྐྱ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་སུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་ལུང་རིགས་སྨྲ་བ་ཡོན་ཏན་སེངྒེ་ཞེས་བྱ་བས་བགྱིས་ཏེ། མཐར་ཕྱིན་པར་གྲུབ་པ་འདི་ཡོངས་སུ་རྫོགས་སོ། །ཨི་དཾ་ཤཱ་ས་ན་ཤྩ་སརྦ་སཏྭ་ཧི་ཏོ་བྷ་ཝནྟུ།། །།མངྒ་ལཾ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply