ཀྱེ་རྡོ་རྗེ་རྒྱུད་གྱི་བྱུང་ཚུལ་དང་བླ་མ་བརྒྱུད་པའི་རྣམ་ཐར་སོགས། ཁ༽

ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་ཞི་བར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་ཕྲིན་ལས་གཞོལ། སྐབས་འདི་ལྷག་པའི་ལྷ་དང༌། སྒོས་ཀྱི་ཆོས་སྐྱོང་རྣམས་ལའང་གཏོར་མ་ཕུལ་ནས། ཚོགས་ཀྱི་འཁོར་ལོ་དང་མ་འབྲེལ་ན་རྡོ་རྗེའི་གླུ་བླང༌། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། འབྲེལ་ན་ལྷག་གཏོར་གྱི་རྗེས་ལ་བྱའི་སྐབས་འདིར་མི་དགོས། དེ་ནས་མདུན་བསྐྱེད་གྱི་མཎྜལ་ལ་མཆོད་བསྟོད་བསྡུས་པ་གཅིག་བྱས་ལ། ཡི་གེ་བརྒྱ་པ་བརྗོད་པས་བཟོད་པར་གསོལ་ཞིང༌། ཨོཾ་ཨཿཧཱུྃ་བཛྲ་མུཿ ཞེས་བརྗོད་དེ། མཐེབ་སྲིན་བརྡབ་པའི་སེ་གོལ་གྱིས་མཎྜལ་གྱི་ཡེ་ཤེས་པ་དང༌། གཏོར་མའི་མགྲོན་རྣམས་གཤེགས་སུ་གསོལ། དམ་ཚིག་པ་རང་གི་སྙིང་གར་བསྡུ་ལ། གཏོར་མ་གཙང་སར་དོར། མེ་ཏོག་གི་ཚོམ་བུ་རྣམས་བསྡུས། མཆོད་རྫས་དམན་པ་རྣམས་ཆུ་བོར་དོར་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་གོམས་པར་བྱས་ནས་དྲོད་ཐོབ་སྟེ། སྤྱོད་པ་གསུམ་གྱིས་མཚམས་སྦྱར་ནས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་བ་ཉིད་དོ། །དཔལ་ལྡན་ཀྱེ་ཡི་རྡོ་རྗེ་སྒྲུབ་པའི་ཐབས། །ཐབས་མཆོག་སྐུ་བཞིའི་གོ་འཕང་ཐོབ་བྱེད་ཚུལ། །ཚུལ་བཞིན་སྟོན་པ་དཔལ་ལྡན་ཌོམྦིའི་གཞུང༌། །གཞུང་གི་རྗེས་འབྲང་བསྐྱེད་རིམ་གསལ་བྱེད་འདི། །རྣམ་དཔྱོད་བློ་ཡི་ལུས་སྟོབས་རབ་རྫོགས་པས། །རྨད་བྱུང་ཐབས་ལ་མཁས་པའི་གྲུར་ཞུགས་ནས། །རྣམ་དག་དད་བརྩོན་རླུང་གིས་རབ་བསྐྱོད་པས། །མཁས་མང་ནོར་བུའི་གླིང་འདིར་ལེགས་ཕྱིན་པ། །སྦྱིན་པའི་མིང་ཅན་བློ་གསལ་མངའ་རིས་པས། །ཡང་ཡང་བསྐུལ་ངོར་རྒྱུད་གསུམ་སྨྲ་བས་སྦྱར། །དགེ་བ་གང་དེས་མ་གྱུར་འགྲོ་བ་རྣམས། །སྐུ་བཞིའི་གོ་འཕང་མཆོག་ལ་རོལ་པར་ཤོག །ཅེས་པ་འདི་ཡང་དམིགས་པ་མེད་པའི་མཁྱེན་རབ་དང་ཐུགས་རྗེ་ཅན། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྟོག་མེད་ཞབས་ཀྱི་ཚ་ཟེར་ལས་སྐྱེས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་ཌོམྦི་ཧེ་རུ་ཀས་མཛད་པའི་སྒྲུབ་ཐབས་དང༌། དེའི་རྗེས་སུ་འབྲང་བ་དཔལ་སྤྱང་དཀའ་ཟླ་བའི་ཞབས་ཀྱིས་མཛད་པའི་རྒྱུད་ཀྱི་དཀའ་འགྲེལ་ཀུ་མུ་ཏིའི་བསྐྱེད་རིམ་གྱི་སྐབས་རྣམས་དང༌། སྒྲུབ་ཐབས་ཡན་ལག་དྲུག་པ་དང༌། རིན་ཆེན་འབར་བའི་སྒྲུབ་ཐབས་ལེའུ་དང༌། རྡོ་རྗེ་འཆང་གཉིས་པ་བླ་མ་རྗེ་བཙུན་ཆེན་པོའི་ཐོ་ཡིག་ལ་གཞི་བྱས་ཤིང༌། ཌོམྦིའི་ཆོས་སྐོར་བོད་དུ་འགྱུར་རོ་འཚལ་བལྟས་ནས། ཐམས་ཅད་འདུལ་གྱི་ལོ་སྣྲོན་གྱི་ཟླ་བའི་ཚེས་བཅུ་ལ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་སྐུལ་བ་པོ་ཉིད་ཀྱིས་བགྱིས་སོ། །ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭ་ཧི་ཏོ་བྷ་ཝནྟུ།།  །། ༄། །འཕྲིན་ཡིག་དབང་པོའི་རྡོ་རྗེ་བཞུགས་སོ།།  ༈ །ཀྱེ་རྡོ་རྗེ་ཌོམྦི་ཧེ་རུ་ཀའི་ལུགས་ལ་ཕྱག་ལེན་དུ་མཛད་པ་རྣམས་ལ། འཕྲིན་དུ་ཞུ་བ་དབང་པོའི་རྡོ་རྗེ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྣམ་དག་མཁྱེན་པའི་བྱ་ལམ་རབ་ཡངས་པར། །རྣམ་དཀར་བརྩེ་བའི་དཀྱིལ་འཁོར་རབ་རྒྱས་ནས། །རྣམ་མང་མི་ཤེས་མུན་པ་རབ་བསལ་བའི། །རྣམ་དཔྱོད་གསལ་ལྡན་རྣམས་ལ་རབ་ཏུ་འདུད། །དེ་ལ་ཁྱེད་ཀྱི་སྒྲུབ་ཐབས་སུ། ཐུན་མོང་མ་ཡིན་པའི་སྲུང་འཁོར་ལ། ལྷ་རྣམས་བསྐྱེད་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ་ཡེ་ཤེས་པ་སྤྱན་འདྲེན་པ་འདི་པའི་ལུགས་པ་ནོར་ཏེ། ཌོམྦི་པའི་ལུགས་ལ་ཡེ་ཤེས་པ་བཅུག་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་གོང་འོག་ཐད་ཏུ་བཤད་པ་དང་འགལ་བའི་ཕྱིར་རོ། །དབྱུག་སྔོན་ཅན་དང་བདུད་རྩི་འཁྱིལ་པ་ལ་རྡོ་རྗེ་སེམས་དཔའ་ཞེས་པའང་ནོར། དེ་ལྟར་སློབ་དཔོན་མི་ཐུབ་ཟླ་བས་གུར་རིགས་བསྡུས་ཀྱི་སྒྲུབ་ཐབས་ལས་བཤད་པ་ནི་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་གཉིས་ངོ་བོ་གཅིག་པ་ལ་དགོངས་ཀྱི་སོ་སོར་བྱ་མི་དགོས་པས། བླ་མ་གོང་མས་བཤད་པ་ལྟར་ཐམས་ཅད་ལ། མི་བསྐྱོད་པས་རྒྱས་གདབ་ལ། ཌོམྦི་པའི་དགོངས་པ་ནི་གཞན་ཞིག་ཡོད་དོ། །ལྷ་རྣམས་ཞལ་ཕྱིར་གཟིགས་པ་དང༌། སྔགས་བཟླས་པ་རྣམས་ཀྱང་ནོར་ཏེ། འདིར་སྲུང་བའི་དབང་དུ་མཛད་ནས་ཧཱུྃ་མཛད་དབུས་སུ་བཞག འཁོར་ལོས་བསྒྱུར་བ་སྟེང་དུ་ཡོད་ལ་དེའི་སྔགས་ཟློས་པ་སོགས་མ་བཤད་དོ། །བླ་མ་གོང་མས་རང་སྲུང་བ་ཙམ་བསྒོམ་པར་འདོད་ན་མངོན་པར་རྟོགས་པ་དང་མ་འབྲེལ་བར་གུད་དུ་བསྒོམ་པ་ནི་མེད་དེ། དེ་ཡང་མངོན་པར་རྟོགས་པ་ཐམས་ཅད་གོང་མ་དང་འདྲ་བ་ལས། འཁོར་ལོ་གཡས་སུ་འཁོར་བ་དང༌། དབུས་སུ་ཧཱུྃ་མཛད་བསྒོམ་ཞིང༌། སྟེང་དུ་གཙུག་ཏོར་འཁོར་ལོ་བསྒྱུར་བ་བཞག་པ་དང༌། ལྷ་རྣམས་ཞལ་ནང་དུ་གཟིགས་པ་དང༌། སྔགས་བཟླ་མི་དགོས་སོ་ཞེས་པ་དང༌། གུར་རྒྱན་ལས། སྲུང་བ་བྱེད་ན་གཙུག་ཏོར་འཁོར་ལོ་བསྒྱུར་བ་སྟེང་དུ་བཞག་ཅིང༌། ཧཱུྃ་མཛད་དབུས་སུ་བཅུག་ལ་འཁོར་ལོ་གཡས་སུ་འཁོར་བ་འབའ་ཞིག་ལ་བརྟེན་ནས་སྔགས་མི་བཟླ་ན་སྲུང་བ་འགྲུབ་པ་ཡིན་ནོ། །ཞེས་བཤད་པ་དང་འགལ་བའི་ཕྱིར་རོ། །གལ་ཏེ་དེ་དག་ནི་མན་ངག་ལུགས་ཀྱི་དབང་དུ་བྱས་ལ། འདིར་ཌོམྦི་པའི་ལུགས་སོ་ཞེ་ན་མ་ཡིན་ཏེ། ཌོམྦི་པའི་དེ་ཉིད་བཅུ་པར། སྲུང་བ་དང་བཟློག་པ་གཉིས་གསུངས་པའི་སྐབས་སུ་བླ་མ་གོང་མས་གསུངས་པ་བཞིན་བཤད་པའི་ཕྱིར་དང༌། སློབ་དཔོན་མི་ཐུབ་ཟླ་བས། རིགས་བསྡུས་ཀྱི་སྒྲུབ་ཐབས་སུ་བསྲུང་བའི་དབང་དུ་བྱས་ནས། འཁོར་ལོ་བསྒྱུར་བ་སྟེང་དུ་བཞག་ཅིང་སྔགས་བཟླ་བ་མ་གསུངས་པའི་ཕྱིར་རོ། །ཡང་སྔགས་བཟླ་བ་དང༌། དམོད་བཅོལ་དང༌། འཁོར་ལོ་གཡོན་སྐོར་དང༌། ཁྲོ་བོ་ཞལ་ཕྱིར་གཟིགས་སོགས་བྱེད་པར་འདོད་ན། འཁོར་ལོ་བསྒྱུར་བ་དབུས་དང་ཧཱུྃ་མཛད་སྟེང་དུ་དགོད་དགོས་སོ། །མཁའ་གསང་བྱིན་གྱིས་བརླབ་པའི་སྐབས་སུ། ཨ་ནུ་རཱ་ག་ཎ་སོགས་ཀྱི་སྔགས་མི་བརྗོད་པར། མན་ངག་ལུགས་ལྟར་རྒྱུ་རྡོར་འཛིན་ཞུ་བའི་ཚེ་བརྗོད་པ་ནོར་ཏེ། མི་ཐུབ་ཟླ་བའི་ཡན་ལག་དྲུག་པ་དང༌། ཀུ་མུ་ཏི་དང༌། རིན་ཆེན་འབར་བ་རྣམས་སུ་མཁའ་གསང་བྱིན་བརླབ་ཀྱི་སྐབས་སུ་བྱ་བར་བཤད་པ་དང་འགལ་བའི་ཕྱིར་རོ། །ལྷ་དང་གཞལ་ཡས་ཁང་ལ་ཡིད་གཏད་པ་བསྐྱེད་རིམ་མི་རྟོག་པ་དང་ཡིད་བཞག་པས་དུ་བ་སོགས་རྟགས་དྲུག་མཐོང་བ་རྫོགས་རིམ་དུ་བྱེད་པ་འདི་པའི་ལུགས་ལ་ནོར་ཏེ། ཡན་ལག་དྲུག་པར། རྗེས་ཆགས་རྡོ་རྗེ་སེམས་དཔའ་འོ། །དངོས་གྲུབ་འདི་ནི་ཉེ་བ་ཡི། །ཡན་ལག་དྲུག་གིས་བསྐྱེད་པ་ནི། །དང་པོ་སྤྲིན་དང་འདྲ་བར་མཐོང༌། །ཞེས་སོགས་དང༌། རིགས་བསྡུས་སྒྲུབ་ཐབས་ལས། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པ། །རང་བྱིན་བརླབ་པ་རབ་ཏུ་བསྒྲུབ། །གྲུབ་པའི་སྔོན་དུ་མཚན་མ་རྣམས། །རིམ་པ་བཞིན་དུ་བརྗོད་པར་བྱ། །དང་པོ་སྤྲིན་དང་འདྲ་བར་སྣང༌། །ཞེས་སོགས་དང་འགལ་བའི་ཕྱིར་རོ། །དཀྱིལ་ཆོག་ལས་ས་བསླང་བ་དང༌། ཨོཾ་ཧ་ན་ཧ་ན་སོགས་སྦྱང་བའི་བར་དུ། བགེགས་གཞོམ་ཞིང་སྲུང་བའི་ཆོ་ག་ཐམས་ཅད་ཆད་དེ། བཟང་པོ་ཡོངས་བཟུང་ལས། ས་བསླང་བའི་སྔགས་དང་ཕྱག་རྒྱའོ། །དགེ་དང་མི་དགེའི་མཚན་མ་དང༌། །རྗེས་མཐུན་ཕྱི་ཡི་ཉི་མ་ལ། །ཞི་བའི་སྦྱིན་སྲེག་བྱ་བའམ། །ཡང་ན་བགེགས་རྣམས་གཞོམ་པར་བྱ། །ས་འཛིན་ལྟ་བུར་བརྟན་པའི་བློས། །སྲུང་བའི་འཁོར་ལོས་ས་ལེགས་བསྲུང༌། །ཞེས་དང༌། རྗེ་བཙུན་རྩེ་མོས། དེ་ལ་ས་བསྲུང་བ་ནི་འདི་ཡིན་ཏེ། ཚད་དང་མཐུན་པར་བརྐོས་ལ་འཆད་པར་འགྱུར་བའི་སྔགས་ཀྱིས། རྡོ་རྗེའི་ས་གཞི་ལ་སོགས་པ་བྱས་ལ། དེར་པཾ་དང་ཨ་ལས་པདྨ་དང་ཉི་མའི་སྟེང་དུ། བྷྲཱུྃ་སེར་པོ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་བསྒོམས་ཏེ། དེར་ཧཱུྃ་བཅུ་གཅིག་བསྲུང་བ་དེ་ཁོ་ན་ཉིད་ཅི་ལྟ་བ་བཞིན་བསྐྱེད་ལ། ཞེས་སོགས་ཀྱི་བཤད་པའི་ཕྱིར་རོ། །གལ་ཏེ་རྗེ་བཙུན་རྩེ་མོས་བགེགས་གཞོམ་ཞིང་བསྲུང་བ་ནི། དྲང་སྲོང་གནས་དང་བ་གླང་ལྷས་ཞེས་སོགས་ཀྱི་གནས་སུ་བྱ་མི་དགོས་པར་བཤད་ལ་འདི་དེའི་དབང་དུ་བྱས་པའོ་སྙམ་ན། དེ་ལྟར་ན་ས་སྦྱང་བའང་མི་དགོས་ཤིང་མ་བཤད་པ་ལ། ཁྱོད་ཀྱི་ཧ་ན་ཀྲོ་དྷ་སོགས་ཀྱིས་ཅི་ཞིག་བྱའོ། །ས་སྦྱང་བ་དང༌། ཨ་པ་ས་རནྟུ་སོགས་ཀྱི་བར་དུ། རྗེ་བཙུན་རྩེ་མོས་ཀླུའི་གཙོ་བྱས་པའི་འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱིན་ལ་ཞི་བས་བསྐྲད་ཅེས་གསུངས་པའང་ཆད། དེ་ནས་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་རྡོ་རྗེ་སློབ་དཔོན་འདུག་ཅེས་པ་ནས། དཀྱིལ་འཁོར་ནམ་མཁར་བཏེགས་ལ་ཞེས་པའི་བར། འོག་སྟ་གོན་གྱི་སྔོན་འགྲོ་ཡིན་པར་བཟང་པོ་ཡོངས་བཟུང་དང༌། རིན་ཆེན་འབར་བ་དང༌། རྗེ་བཙུན་རྩེ་མོ་རྣམས་ཀྱིས་བཤད་པས་འདིར་བྱེད་པ་ནོར་ལ། འདིར་ནི་བགེགས་བསྐྲད་ཅིང་བསྲུང་བ་ཚར་བ་དང༌། བཟང་པོ་ཡོངས་བཟུང་ལས། རང་གི་ལྷའི་རྣལ་འབྱོར་བྱ་སྟེ། མི་མཐུན་ཕྱོགས་བསྐྲད་ངེས་པ་ཡི། །ས་ཡི་དབུས་སུ་འདུག་ནས་ནི། །སངས་རྒྱས་རྣམས་ལ་གསོལ་བ་གདབ། །ཅེས་སོགས་ནས། སློབ་དཔོན་རྡོ་རྗེ་འཆང་བས་བྱ། །ཞེས་པའི་བར་དང༌། དེའི་དོན་རྗེ་བཙུན་རྩེ་མོས། རང་ལྷའི་རྣལ་འབྱོར་བྱས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སློབ་དཔོན་ཁ་ཅིག་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང༌། སློབ་མས་གསོལ་བ་གདབ་པ་ཡང་སྐབས་འདིར་འདོད་མོད་ཀྱི། སློབ་དཔོན་འདི་དང༌། སློབ་དཔོན་ཤེས་རབ་བསྐྱངས་ལ་སོགས་པའི་རྗེས་སུ་འབྲང་བ་དང་བཅས་པས། ས་ཡི་བྱ་བ་ནི་རང་གི་ལྷག་པའི་ལྷའི་རྣལ་འབྱོར་གྱིས་བྱས་ལ་དེར་ས་ཡོངས་སུ་དག་པར་དཀྱིལ་འཁོར་གྱི་བྱ་བ་དང་འབྲེལ་བས་སྟ་གོན་གྱི་ཆོ་ག་ནས། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བཞེད་དོ། །དེ་བས་ན་ཞེས་སོགས་ཀྱི་རང་དཔའ་བོ་གཅིག་པའི་རྣལ་འབྱོར་བྱས་ལ། ལག་པ་བྱིན་གྱིས་བརླབས་ནས། རྡོ་རྗེ་དྲིལ་བུ་བཟུང་སྟེ་ཇི་སྲིད་སོགས་ཀྱིས་གསོལ་བ་གདབ་ཅིང༌། ལངས་ལ་མིག་རྐང་བྱིན་གྱིས་བརླབས་ནས་དབང་ལྡན་དུ་བགེགས་ལ་བཀའ་བསྒོ་ཞིང༌། གཡས་བརྐྱང་ལ་སོགས་པའི་གར་གྱི་བཀོད་པ་ཐམས་ཅད་བྱ་བར་བཤད་དོ། །ཁང་པ་བྱིན་བརླབ་ཀྱི་སྐབས་སུ་རྗེ་བཙུན་རྩེ་མོས། རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པར་གསུངས་པ་ལ་ཁྱེད་ཀྱིས་ཡུམ་ཆད། རྡོ་རྗེ་དྲིལ་བུ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པ་ནོར་ཏེ། རྗེ་བཙུན་རྩེ་མོས་རྡོ་རྗེ་དྲིལ་བུ་ཡང་དེ་ཁོ་ན་ཉིད་ལྟར་བསྒོམས་ལ་ཞེས་དང༌། བཟང་པོ་ཡོངས་བཟུང་ལས་ཀྱང༌། རྡོ་རྗེ་དྲིལ་བུ་ལ་ལྷ་དགོད་ཚུལ་རྒྱས་པར་གསུངས་པས་དེ་དག་བྱ་དགོས་ཀྱི། གཞན་གྱིས་མི་རུང་ངོ༌། །ས་ལྷ་སྟ་གོན་ཚར་མ་ཁད་གཞན་དང་བསྟུན་ནས་ལྷ་སྟ་གོན་བྱེད་པ་ནོར་ཏེ། བཟང་པོ་ཡོངས་བཟུང་ལས། ས་ལྷ་སྟ་གོན་ཚར་ནས། ལུས་ཁྲུས་བྱ་ཞིང་དྲི་ཡིས་བྱུག །ཇི་སྙེད་འབར་བའི་རྒྱན་གྱིས་བརྒྱན། །སེར་པོའི་གོས་ནི་བགོས་ནས་ནི། །ཕྱི་དྲོའི་དུས་སུ་འཇུག་པར་བྱ། །དྲི་དང་མེ་ཏོག་གཅལ་བཀྲམ་པའི། །དཀྱིལ་འཁོར་དབུས་སུ་འདུག་བྱ་སྟེ། །ཞེས་པ་ནས། རྭ་བའི་སྔགས་དང་ཕྱག་རྒྱའོ། །ཞེས་པའི་བར་གསུངས་པའི་དོན། རྗེ་བཙུན་རྩེ་མོས་རང་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་འདུག ཕྱོགས་བཞིར་སློབ་མ་བཞི་བཞག་ནས་སྒྲུབ་ཐབས་རྒྱས་པར་བསྒོམ། དེང་དུས་བདག་ཚེ་སོགས་ཀྱི་སྤྲོ་བ་བསྐྱེད། སློབ་མ་རྣམས་ཀྱིས། དེ་བཞིན་གཤེགས་པ་ཀུན་ཞི་བ། སོགས་ཀྱིས་གསོལ་བ་གདབ། ལངས་ཏེ་ང་རྒྱལ་གཟུང༌། དཀྱིལ་འཁོར་བཏེག རྭ་གུར་སོགས་ཀྱིས་བསྲུང༌། ཕུར་པ་གདབ་པ་སོགས་སྟ་གོན་གྱི་སྔོན་འགྲོར་གསུངས་པས་དེ་ཐམས་ཅད་ཆད་པས་ཆེས་ནོར་རོ། །བུམ་པ་སྟ་གོན་གྱི་ལས་བུམ་དུ་བདུད་རྩི་འཁྱིལ་པ་སྔར་བཞིན་གསལ་བཏབ་ཅེས་དང༌། གོང་དུ་བདུད་རྩི་འཁྱིལ་པ་གཡས་རྡོ་རྗེ་གདེངས་པ་འཛིན་པ་ཞེས་ནོར་ཏེ། བདུད་རྩི་འཁྱིལ་པའི་གཡས་ཀྱི་ཕྱག་མཚན་རྡོ་རྗེ་གདེངས་པ་ཡིན་ན། ལས་བུམ་གྱི་མཚན་མ་ལའང་དེ་གཉིས་ཀ་བྲི་མོད། སྣ་ཚོགས་རྡོ་རྗེ་བྲི་ཞེས་པས་ཅི་ཞེས་བྱ། དེས་ན་ལས་བུམ་གྱི་བསྐྱེད་ཆོག་གོང་འོག་གཉིས་ཀར་བདུད་རྩི་འཁྱིལ་པ་མན་ངག་ལུགས་ཀྱི་དབང་ཆུ་ལྟར་བསྐྱེད། སྲུང་འཁོར་གྱི་བགེགས་མཐར་བྱེད་མི་བསྐྱེད། མཆོད་བསྟོད་བྱས་ནས་ལྷ་རྣམས་ཞུ་བའི་ཆུར་བསྒོམས་པ་མན་ངག་ལུགས་ཀྱི་དབང་ཆུ་སོགས་ལས་བཤད་མོད། འདི་པའི་ལུགས་ལ་ནོར་ཏེ། རྗེ་བཙུན་རྩེ་མོས། དུང་ཆོས་ཀྱི་ཆུ་ཐིགས་རེ་བུམ་པ་ཀུན་དུ་བླུགས་པས་གཙོ་བོ་ཡབ་ཡུམ་ལ་སོགས་པའི་ལྷ་ཐམས་ཅད་འོད་དུ་ཞུ་བར་བསྒོམས་ལ་མཆོད་པས་མཆོད་དོ། །ཞེས་པ་དང་འགལ་བའི་ཕྱིར་རོ། །སློབ་མ་སྟ་གོན་ལ། འདི་པའི་ལུགས་ལ་མྱང་འདས་ཀྱི་བསམ་པ་བསྐྱེད་པར་མ་བཤད། སྲུང་བ་ལ་རྗེ་བཙུན་རྩེ་མོས་མས་རིམ་དང་ཡས་རིམ་གཉིས་ཀ་བཤད་པ་ལས། ཁྱེད་ཀྱིས་ཡས་རིམ་ཀྱི་རིམ་པ་ཆད། དཀྱིལ་འཁོར་བྲི་བའི་སྐབས་སུ། དེ་ནས་དཀྱིལ་འཁོར་ཁྲུ་གསུམ་དང༌། །མཐེ་བོང་གསུམ་ནི་ལྷག་པར་བྱ། །ཞེས་ལུང་དུ་དྲངས་པ་ནོར་ཏེ། ལུང་འདི་བདག་མེད་མ་ཡི་དཀྱིལ་འཁོར་གྱི་ཚད་སྟོན་པའི་སྐབས་ཡིན་གྱི། ཡབ་ཀྱི་མ་ཡིན་ཏེ། གལ་ཏེ་ཡིན་ན་དཀྱིལ་འཁོར་གྲུ་གསུམ་པའི་ཚད་བྱས་ལ་ཞེས་དང༌། གུར་དུ། རྡོ་རྗེ་ཅན་གྱི་ཁྲུ་གསུམ་པ། །ཞེས་པ་དང་ནང་འགལ་བར་འགྱུར་ཞིང༌། ལྷག་པ་བྱས་ཤེས་པའི་ཚིག་ལ་ཡང་དཔྱད་པ་མ་ཞུགས་པའོ། །དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ་ཚར་བ་དང༌། ཕྱོགས་བཞིའི་གཏོར་མ་བྱེད་པ་ནོར་ཏེ། རྗེ་བཙུན་རྩེ་མོས། དེ་ལྟར་དཀྱིལ་འཁོར་བྲི་བ་ནི་བགེགས་ཐམས་ཅད་ཞི་བར་བྱ་བ་དང༌། ཤིས་པར་བྱ་བའི་ཕྱིར་སྟངས་སྟབས་དང་གཏོར་མ་རྣམས་ལེགས་པར་བསྡུ་བ་ནས་འབྱུང་བ་ལྟར་བྱས་ཏེ། ཞེས་དབང་ལྡན་གྱི་རྩིག་པ་བྲི་ཚར་ནས་དཀྱིལ་འཁོར་བྱིན་པོ་བྲི་བའི་བར་ཆད་ཞི་བའི་ཕྱིར་གཏོང་བ་ཡིན་གྱི། བྲི་ཚར་ནས་གཏོང་བ་མིན་ལ། གཞན་རྣམས་འབྱུང་པོ་ཁོ་ནའི་གཏོར་མར་བྱས་ནས་ལྷོ་སྒོ་བ་ལ། ཐུགས་ཀྱི་རྡོ་རྗེ་ཕྱོགས་སྐྱོང་བ། །ཞེས་དང༌། ཙིཏྟ་བཛྲ་སོགས་ལྷ་དང་འབྱུང་པོ་ཐ་མི་དད་དུ་བྱེད་པ་ནི་ཆེས་ནོར་ཞིང༌། དེ་དག་གི་མགྲོན་གྱི་བསྐྱེད་ཆོག་རྒྱས་པར་བྱེད་པའང༌། འདི་པའི་ལུགས་ལ་བཤད་པ་མེད་ལ། གལ་ཏེ་བྱེད་ནའང་ཨ་བྷ་ཡཱའི་ལུགས། ཞྭ་ལུ་བའི་ལག་ལེན་འདིས་མི་རུང༌། སློབ་དཔོན་བྷ་ཝ་པའི་རྡོ་རྗེ་མཁའ་འགྲོའི་འགྲེལ་པར་བཤད་པའི་དོན། རྗེ་བཙུན་རྩེ་མོས་གནད་ཀྱི་གསལ་བྱེད་དུ་བཀྲལ་བ་ལྟར་བྱེད་དགོས་སོ། །བསྟོད་པ་ཚར་ནས་ནང་མཆོད་འབུལ་བའང་ནོར་ཏེ། ཡོངས་བཟུང་ལས། ནང་ཞུགས་ཐུབ་དབང་དཔག་མེད་པ། །ཧཱུྃ་བྱུང་རྡོ་རྗེ་བཅས་པའི་ལྕེས། །སྙིང་གར་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་མ་ལུས་ཚིམ་པར་བྱ། །ཞེས་དང༌། རྗེ་བཙུན་རྩེ་མོས། བྱིན་གྱིས་བརླབས་ལ་བདག་ཉིད་མྱང་བར་བྱའོ། །ཞེས་རང་གི་མྱང་བ་ཙམ་བྱ་བ་ཡིན་གྱི། ནང་མཆོད་རྒྱས་པར་འབུལ་བ་ནི་མ་ཡིན་ཏེ། ཡིན་ན་རོལ་མོ་དང༌། ན་བཟའ་དང༌། ནང་བདུད་རྩི་དང༌། མཆོད་པ་ཉི་ཤུ་པ་དང་བསྟོད་པས་ཀྱང་བསྟོད་ལ། ཞེས་པ་དང་ནང་འགལ་བར་འགྱུར་ལ། མན་ངག་ལུགས་ལ་ཡང་དེ་ལྟར་བྱ་དགོས་པར་འགྱུར་ཏེ། དབང་གི་ཆུ་བོར་བསྟོད་པའི་མཆོད་པའོ། །དེ་ལྟར་མཆོད་པའི་ཁྱད་པར་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོར་མཆོད་པས་མཉེས་པར་བྱས་ལ། རང་གི་ལྕེ་ལ་བདུད་རྩི་མྱངས་ལ། རང་གི་སྙིང་གའི་དཀྱིལ་འཁོར་ཡང་མཉེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། བདག་འཇུག་གི་སྐབས་སུ་འཁྱིལ་པའི་སྔགས་བཟླས་པའི་གོས་དམར་པོའི་སྨད་གཡོགས་དང༌། རཀྵ་ཧཾ་གིས་སྟོད་གཡོགས་སྦྱིན་པའང་ནོར་ཏེ། བཟང་པོ་ཡོངས་བཟུང་ལས། དེ་ནས་བླ་མ་རྡོར་འཛིན་གྱིས། །སློབ་མ་སྡོམ་པ་དང་ལྡན་ལ། །གོས་དམར་གྱོན་ལ་མིག་རས་ཀྱིས། །མིག་དག་དགབ་པ་བྱས་ནས་ནི། །ཞེས་དང༌། རིན་ཆེན་འབར་བ་ལས། དེ་ནས་སློབ་མ་གོས་དམར་པོས། །གདོང་གཡོགས་མེ་ཏོག་ཕྲེང་བཟུང་ལ། །ཞེས་དང༌། རྫེ་བཙུན་རྩེ་མོས། སློབ་དཔོན་གོས་དམར་པོ་དང་ལྡན་པས། རྡོ་རྗེ་བཟུང་བས་སློབ་མ་ལ་གོས་དམར་པོ་བསྐོན་ཏེ། ཨ་ཁཾ་བཱི་ར་ཧཱུྃ། ཞེས་བྱ་བས་གོས་དམར་པོས་གདོང་གཡོགས་ཤིང༌། ཞེས་བཤད་པ་དང་འགལ་ཏེ། ལུང་དེ་དག་ལས། གོས་དམར་དང་མིག་རས་སྦྱིན་པར་བཤད་ཀྱི། སྟོད་གཡོགས་སྨད་གཡོགས་མ་བཤད་ལ། ཡོ་ག་དང༌། ཕྲེང་བ་སོགས་ནས་བཤད་ཀྱང༌། དེ་དག་འདིར་ཤེས་བྱེད་དུ་མི་རུང་ངོ༌། །སྡུག་པ་ཁྱོད་ནི་སུ་ཞིག་ཡིན། །ཞེས་སོགས་ཀྱིས་དྲིས་ལན་བྱས་ནས་དཔྲལ་བར་ཨོཾ་སོགས་ཀྱི་སྐུ་གསུང་ཐུགས་སྦྱང་བ་གོང་འོག་ནོར་ཏེ། བཟང་པོ་ཡོངས་བཟུང་ལས། སྐུ་གསུམ་རྣམ་པར་སྦྱང་བའི་ཕྱིར། །ཡི་གེ་གསུམ་པོ་རྣམ་པར་དགོད། །གསང་སྔགས་ཟློས་ཞིང་ལག་བཟུང་ནས། །སློབ་མ་གཞུག་པར་བྱ་བ་ཡིན། །ཨོཾ་གི་ལི་གི་ལི་མ་ལི་གུ་ནི་ཏ་བཛྲ་སཏྭ་ཙ་ལེ་ཡུམ་ཡུམ་ཡུམ་སྭཱ་ཧཱ། སློབ་མ་གཞུག་པའི་སྔགས་སོ། །སྡུག་པ་ཁྱོད་ནི་སུ་ཞིག་ཅེས། །བླ་མས་སློབ་མ་ལ་ནི་དྲི། །ཞེས་དང༌། རིན་ཆེན་འབར་བ་ལས། བསྲུང་ཞིང་སྐུ་གསུང་ཐུགས་སྦྱངས་ལ། །བུ་སྡུག་ཁྱོད་སུ་ཅི་ལ་དགའ། །ཞེས་དང༌། རྗེ་བཙུན་རྩེ་མོས་ཀྱང༌། ཐོག་མར་ཡི་གེ་གསུམ་གྱིས་སྦྱངས་ནས། དྲིས་ལན་བཤད་པ་དང་འགལ་བའི་ཕྱིར་རོ། །བུདྡྷ་པཱུ་ཛ་སོགས་ཀྱིས་ཕྱག་བྱས་ནས། རྣམ་སྣང་དུ་བསྐྱེད་པ་གོང་འོག་ནོར་ཏེ། བཟང་པོ་ཡོངས་བཟུང་དུ། དེ་ནས་ནང་དུ་བཅུག་ནས་ནི། །རྣམ་པར་སྣང་མཛད་སྦྱོར་བྱིན་ལ། །སྔགས་ཀྱི་བྱིན་གྱིས་བརླབས་བྱས་ཏེ། །དེ་ནས་དམ་ཚིག་གཟུང་བར་བྱ། །ཨོཾ་བུདྡྷ་པཱུ་ཛོ་པ་ཐཱ་ན་ཡ་སོགས་གསུངས་ཤིང༌། རྗེ་བཙུན་རྩེ་མོས་ཀྱང༌། སློབ་མ་དེ་བདག་མེད་མའི་ང་རྒྱལ་ལས་རྣམ་པར་སྣང་མཛད་དུ་བསྐྱེད་དོ། །དེ་ནས་སློབ་མས་ཨོཾ་བུདྡྷ་པཱུ་ཛོ་པ་ཐཱ་ན་སོགས་གསུངས་པ་དང་འགལ་བའི་ཕྱིར་རོ། །ཡེ་ཤེས་དབབ་པའི་རྗེས་ལ། མན་ངག་ལུགས་ལྟར་ཏིཥྛ་བཛྲས་བརྟན་པར་བྱེད་པའང་ནོར་ཏེ། བཟང་པོ་ཡོངས་བཟུང་ལས། ཨོཾ་ཏིཥྛ་བཛྲ་ས་མ་ཡཱ་པྲ་ཏི་པ་ལི་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་སྭཱ་ཧཱ། ཡེ་ཤེས་དབབ་པ་ལས་མི་བསྐྱོད་པར་བྱ་བའི་སྔགས་སོ། །ཞེས་དང་རྗེ་བཙུན་རྩེ་མོས། བབས་པ་དེ་བརྟན་པར་བྱ་བའི་ཕྱིར་སྤྱི་བོར་རྡོ་རྗེ་བཞག་ལ། ཨོཾ་ཏིཥྛ་བཛྲ་སོགས་དང༌། ཞེས་བྱ་བ་བརྗོད་ལ་དམིགས་པ་གཏོད་དུ་གཞུག་གོ །ཞེས་པ་དང་འགལ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཀུན་གྱིས་གནས། །སོགས་ཀྱིས་གསོལ་བ་འདེབས་པ། བཟང་པོ་ཡོངས་བཟུང་སོགས་ཌོམྦི་པའི་ལུགས་ཀྱི་ཡི་གེ་རྣམ་དག་ལས་མ་བཤད། སྔོན་འགྲོ་ཤིས་པའི་སྐབས་སུ། སྟེང་དུ་གདུགས་དཀར་པོ་ཞེས་པ་ནོར་ཏེ། རྗེ་བཙུན་རྩེ་མོས་སྟེང་དུ་བླ་བྲེ་བྲེས་པ་དང༌། གཡས་སུ་གདུགས་དཀར་པོ་དང༌། གཡོན་དུ་རྒྱལ་མཚན་བསྒྲེངས་པ་དང༌། ཞེས་འདི་དང་མན་ངག་ལུགས་གཉིས་ཀའི་དཀྱིལ་ཆོག་ནས་གསུངས་པ་དང་འགལ་ཞིང༌། ཁྱེད་ཀྱིས་འོག་རྡོ་རྗེ་སློབ་དཔོན་གྱི་དབང་གིས་སྐབས་ནས། དབང་སྟེགས་ཀྱི་སྟེང་ན་བླ་བྲེ། གཡས་སུ་ཧཱུྃ་ལས་གདུགས། གཡོན་དུ་ཨོཾ་ལས་རྒྱལ་མཚན་ཞེས་བཤད་པ་དང་ནང་འགལ་བའི་ཕྱིར་རོ། །སློབ་མ་མེ་ཏོག་གང་ལ་ཕོག་པའི་ལྷར་བསྐྱེད་དེ། ཡུངས་ཀར་དང་ཆུས་སྦྱངས་ནས་བཀྲ་ཤིས་བྱེད་པའང་ནོར་ཏེ། བཟང་པོ་ཡོངས་བཟུང་དང༌། རིན་ཆེན་འབར་བ་ལས། དཀྱིལ་འཁོར་གཉིས་པ་སློབ་མ་གཞག །མཆོད་ཡོན་ཞབས་བསིལ་ལ་སོགས་སྦྱིན། །སྦྱང་བའི་ཆོ་ག་བྱས་ནས་ནི། །སློབ་མ་ཤིས་པར་འདོད་པའི་ཕྱིར། །བླ་མས་བཀྲ་ཤིས་གླུར་བླང་བྱ། །ཞེས་དང༌། རྗེ་བཙུན་རྩེ་མོས། དང་པོར་མེ་ཏོག་གང་ཕོག་གི་ལྷར་ཡན་ལག་བཞི་རྫོགས་སུ་བསྐྱེད། དེ་ལ་ཆུ་བཞི་དབུལ། དེ་ནས་སྦྱང་བ་བྱས་ནས་མེ་ཏོག་སོགས་ཀྱི་མཆོད་དེ་བཀྲ་ཤིས་བྱ་བར་བཤད་པ་ལས། ཆུ་བཞི་སོགས་ཀྱི་མཆོད་པ་རྣམས་ཆད་པའི་ཕྱིར་རོ། །བཀྲ་ཤིས་ཀྱི་ཚིགས་བཅད་ཀྱང༌། སེམས་ཅན་ཀུན་ལ་ཕན་འབྱུང་མངའ་བ་པོ། །ལ་སོགས་པ་རྡོ་རྗེ་འབྱུང་བ་ནས་བཤད་པ་ལྟར་བྱེད་པའང་ནོར་ཏེ། ཤླཽ་ཀ་བཅུ་དགུའི་བདག་ཉིད་ཅན་བཀྲ་ཤིས་དེ་ནི། དཔལ་མཆོག་ནས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོ་ཉི་ཤུ་རྩ་ལྔ་དང་བསྟུན་ནས་བཅོམ་ལྡན་འདས་ཀྱིས་མཛད་པ་ཉི་ཤུ་རྩ་ལྔར་བསྟན་པའི་ཤིས་པ་ཡིན་ལ། འདིར་ནི། བཟང་པོ་ཡོངས་བཟུང་འགྲེལ་པ་ཀུ་མུ་ཏི། རིན་ཆེན་འབར་བ་གསུམ་ཆར་དུ་གུར་ལས་གསུངས་པ་མཛད་པ་བརྒྱད་དང་བསྟུན་པའི་བཀྲ་ཤིས་ཤླཽ་ཀ་བཅུ་གསུམ་པ་གསུངས་པས་དེས་བྱ་བར་རིགས་པའི་ཕྱིར་རོ། །འོད་དཔག་མེད་རྡོ་རྗེའི་དབང་ལ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཞེས་སོགས་ཀྱིས་རྡོ་རྗེ་སྦྱིན་པ་ནོར་ཏེ། རྗེ་བཙུན་རྩེ་མོས་ཨོཾ་བཛྲ་ཨ་རལླི་ཧོ་བཛྲ་བ་ར་ཏ་ཀ་ཧཱུྃ། ཞེས་བརྗོད་ལ་སློབ་མའི་ལག་པ་གཡས་པར་རྡོ་རྗེ་གཏད། ཅེས་པ་དང་འགལ་བའི་ཕྱིར་རོ། །བརྟུལ་ཞུགས་ཀྱི་རྡོ་རྗེ་སེམས་དཔའ་ལ་ཟླ་གདན་བྱེད་པའང་ནོར་ཏེ། རྡོ་རྗེ་སེམས་དཔའ་མི་བསྐྱོད་པའི་རྣམ་པར་བསྐྱེད་པའི་ཕྱིར་དང༌། རྗེ་བཙུན་རྩེ་མོས་ཉི་གདན་དུ་འདི་དང་མན་ངག་ལུགས་གཉིས་ཀྱི་དཀྱིལ་ཆོག་ཏུ་བཤད་པ་དང་འགལ་བའི་ཕྱིར་རོ། །དབང་བཞི་ཀའི་མཇུག་ཏུ། རྗེ་བཙུན་རྩེ་མོས་བཤད་པའི་ས་དུ་ཐོབ་དང༌། བརྡའ་གང་ཡིན་པ་གཉིས་ཆད་དེ། གསང་དབང་གི་སྐབས་སུ་ཨ་བྷ་ཡཱ་སོགས་ཀྱིས་བཤད་པ་ལྟར། ཐོག་མར་ཡབ་དང༌། དེ་ནས་འདི་ནི་བླ་ན་མེད་སོགས་ཀྱི་ཡུམ་གྱི་བྱང་སེམས་གནང་བར་བྱེད་པའང་འདིའི་ལུགས་ལ་ཤིན་ཏུ་ནོར་ཏེ། རྗེ་བཙུན་རྩེ་མོས། དེ་ནས་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། འདི་ནི་དེ་ཉིད་བླ་ན་མེད། །ཅེས་དབང་གི་དེ་ཁོ་ནར་གསུངས་པའི་ཕྱིར་རོ། །གལ་ཏེ་བཟང་བཟུང་དང༌། རིན་ཆེན་འབར་བ་གཉིས་ཀ་ལས། དག་པའི་ལྕེ་ཡི་མཆོག་གིས་ནི། །གཉིས་ཀ་ལས་བྱུང་བླང་བར་བྱ། །ཞེས་བཤད་དོ་ཞེས་ལུང་དེའི་དོན་ནི། ཡབ་ཡུམ་སོ་སོའི་བྱང་སེམས་སྟེར་བ་མིང་གྱི། རྗེ་བཙུན་རྩེ་མོས། སློབ་དཔོན་ཡབ་ཡུམ་གྱི་མཁའ་གསང་ནས་བྱང་ཆུབ་ཀྱི་སེམས་དུང་དང་ཀུནྡ་ལྟར་དཀར་བ། སློབ་མའི་ལྕེ་ལ་བཞག་པར་སློབ་དཔོན་དང་སློབ་མ་གཉིས་ཀས་བསྒོམས་ལ། ཞེས་པ་ལྟར་གཉིས་ཀའི་བྱང་སེམས་ཡབ་ཀྱི་ཕྱོགས་གཅིག་ཏུ། གནང་བས་ན་ཡབ་ལ་ཐོབ་པ་ཞེས་སུ་མིང་འདོགས་པ་ཡིན་གྱི། གཞན་དུ་ན་གཉིས་ཀ་ལས་བྱུང་ཞེས་པ་འདི་མི་འཐད་པར་འགྱུར། ཤེས་རབ་ཡེ་ཤེས་ཀྱི་དབང་ལ་བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ་ཞེས་སོགས་གསོལ་བ་གདབ་པའང་ནོར་ཏེ། རིན་ཆེན་འབར་བ་དང༌། རྫེ་བཙུན་རྩེ་མོས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་སོགས་བཤད་པ་དང་འགལ་བའི་ཕྱིར་རོ། །རྣལ་འབྱོར་དབང་ཕྱུག་ཌོམྦི་ཧེ་རུ་ཀ །དེས་ལས་བརྒྱུད་པའི་སྨིན་གྲོལ་ཚུལ་འདི་ལ། །ཌོམྦི་པ་ཡི་ཡབ་ཡུམ་སྒྲུབ་ཐབས་དང༌། །མི་ཐུབ་ཟླ་བའི་ཀུ་མུ་ཏི་དང་ནི། །བཟང་པོ་ཡོངས་བཟུང་ཡན་ལག་དྲུག་གསུམ་དང༌། །དཔའ་བོ་རྡོ་རྗེའི་རིན་ཆེན་འབར་བ་དང༌། །རྗེ་བཙུན་རྩེ་མོའི་རྣམ་བཤད་ཉི་འོད་དང༌། །དཀྱིལ་ཆོག་ལ་སོགས་ཡང་དག་གཞུང་ལུགས་ཡིན། །དེས་ན་ཌོམྦིའི་རྗེས་སུ་འཇུག་པ་རྣམས། །གཞུང་བཟང་འདི་དག་རྣམས་དང་མི་མཐུན་ན། །རིགས་རུས་ལོངས་སྤྱོད་གང་གིས་ཆེ་གྱུར་པ། །སུ་ཡིས་བཀྲལ་ཡང་ལོག་པའི་ལམ་དུ་ཤེས། །དེ་ཕྱིར་དེང་སང་ཕྱག་ལེན་མཛད་རྣམས་ལ། རྣམ་དག་གཞུང་དང་མཐུན་པ་མ་མཐོང་ནས། །མཁྱེན་རབ་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་རྗེ། །ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ། །བཟང་པོའི་ཞབས་རྡུལ་སྤྱི་བོར་གུས་བླངས་པ། །ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོ་ཡིས། །བཤེས་གཉེན་དམ་པ་རྣམས་ལ་ཞུས་པ་ཡིན། །དེ་ཡི་དགེ་བ་དབང་པོའི་རྡོ་རྗེ་འདིས། །ལམ་ལོག་ལྷ་མིན་དཔུང་རྣམས་ཕམ་བྱས་ཏེ། །ལམ་བཟང་ལྷ་དབང་རྒྱལ་མཚན་རྩེར་བཟུང་ནས། །རིམ་གཉིས་བདུད་རྩིའི་དཔལ་གྱིས་འབྱོར་པར་ཤོག།  །། ༄། །འཕར་མ་གཉིས་ཀྱི་དོན་བཤད་པ་བཞུགས་སོ།། ༈ །ཨོཾ་སྭ་སྟི་པྲ་ཛཱ་བྷྱཿའཕར་མ་གཉིས་ཀྱི་དོན་པད་མ་འདབ་བརྒྱད་ཉིས་བརྩེགས་ལ་འཆད་པ་ནི་མ་ཡིན་ཏེ། «བདག་མེད་མ་ལྷ་མོ་བཅུ་གསུམ་མའི་སྐབས་ནས།་་་་་»རྡོ་རྗེ་གུར་ལས། ཤར་གྱི་སྒོ་ནི་དཀར་ཆེན་མོའོ། །ཞེས་དང༌། རྗེ«་་་་་»བདག་མེད་མའི་སྒྲུབ་ཐབས་སུ། བཙུན་ཆེན་པོས་ཤར་སྒོར་ལི་ཞེས་དང༌། ཤར་གྱི་སྒོ་ནི་དཀར་མོའོ་ཞེས་སོགས་དང༌། ཌོམྦི་«་་་་་»བདུད་རྩི་འོད། པས། ཡང་ནི་ཤར་སྒོར་དཀར་མོ་སྟེ། །དེ་བཞིན་ལྷོར་ནི་ཆོམ་རྐུན་མོ། །ནུབ་ཀྱི་སྒོ་ལ་རོ་ལངས་མ། །ཞེས་དང༌། གཉིས་མེད་«་་་་་»སྒྲུབ་ཐབས་ལས། རྡོ་རྗེའི། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོའི་ནང་དུ་པདྨ་འདབ་བརྒྱད་དམར་པོ་བསམས་ཏེ། པདྨའི་ནང་ཤར་ཕྱོགས་ལ་སོགས་པའི་འདབ་མ་བཞི་དང༌། དེ་བཞིན་དུ་གཞལ་ཡས་ཁང་གི་ཟུར་བཞི་དང༌། སྒོ་བཞི་དང་སྟེང་འོག་རྣམས་སུ་རོ་བཅོ་ལྔ་དང་ལྡན་པར་བལྟ་བར་བྱའོ། །ཞེས་དང༌། དེ་ནས་ཕྱི་རོལ་གྱི་རིམ་པ་ལ་དབང་པོ་ལ་སོགས་པའི་མཚམས་སུ་ཨུ། རྀ་རཱྀ་ལཱིའི་དབྱངས་ལ་སོགས་པ་མི་བསྐྱོད་པ་དང༌། རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པའི་རྒྱས་བཏབ་པ། ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་རང་བཞིན་པུཀྐ་སཱི་དང༌། ཤ་བ་རཱི་དང༌། ཙཎྜ་ལཱི་དང༌། ཌོམྦི་ནཱི་རྣམས་བསྒོམ་པར་བྱའོ། །དེ་ནས་ཤར་ལ་སོགས་པའི་སྒོ་རྣམས་སུ་ཨི་ཨཱི་ཨེ་ཨཻའི་དབྱངས་ལས་བྱུང་བ་པུཀྐ་སཱི་ལ་སོགས་པ་བཞིན་དུ་རྒྱས་བཏབ་པ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་རྣམས་ཀྱིས་རང་བཞིན་གཽ་རཱི་དང༌། ཙཽ་རཱི་དང༌། བེ་ཏཱ་ལཱི་དང༌། གྷསྨ་རཱི་རྣམས་བསྒོམ་པར་བྱའོ། །ཞེས་དང༌། «བཀའ་འགྲེལ་མུ་ཏིག་ཕྲེང་བ།་་་་་»ཤཱནྟི་པས། ཕྱིའི་གྲྭ་མཚམས་སུ་ཉི་མ་ལ་ཨཱུ་རྀ་རཱྀ་ལཱྀ་ལཱྀའི་ཤར་ལ་སོགས་པའི་སྒོའི་ཉི་མ་ལ་ལཱྀ་ཨེ་ཨཻ་ཨོའོ། །ཞེས་དང༌། མཚམས་རྣམས་སུ་པུཀྐ་སཱི་དང༌། རི་ཁྲོད་མ་དང༌། གཏུམ་མོ་དང༌། གཡུང་མོའོ། །སྒོ་རྣམས་སུ་ཆོམ་རྐུན་མ་དང༌། རོ་ལངས་མ་དང༌། གྷསྨ་རཱིའོ། །ཞེས་བཤད་པ་ཡིན། རྒྱུད་དང་རྗེ་བཙུན་གོང་མའི་མན་ངག་དང༌། རྒྱ་གཞུང་དེ་དག་ལས། དཀར་མོ་ལ་སོགས་པའི་ལྷ་མོ་བརྒྱད་སྒོ་མཚམས་སུ་དགོད་པར་གསུངས་པའི་ཕྱིར་འདབ་བརྒྱད་ཕྱི་མ་ནི་དོན་མེད་དོ། །གཞན་ཡང་དབང་གི་ཆུ་བོར། འཕར་མ་གཉིས་པར་བྱེད་ན་རྡོ་རྗེ་རྭ་བ་སྔོན་པོ་མེ་རི་དམར་སེར་དུ་བྱ། དེ་ནས་ལྷ་རྣམས་ཤར་ཕྱོགས་ཀྱི་སྒོ་དཀར་པོ་བྱ། ལྷོར་སེར་པོ། ནུབ་དམར་པོ། བྱང་ལྗང་གུ། འཕར་མ་གཅིག་པར་བྱེད་ན། པདྨ་ཆེན་པོ་གཅིག་གིས་སྒོའི་བར་དུ་ཁེབས་པར་བྱས་ནས། དེ་ལས་རྡོ་རྗེའི་རྭ་བ་དང༌། མེ་རི་བྱས་ཀྱང་བཏུབ་བོ་ཞེས་གསུངས་ཀྱི། འཕར་མ་གཉིས་པ་ལ་འདབ་བརྒྱད་ཉིས་བརྩེགས་བྱེད་པར་མ་གསུངས་སོ། །དེ་ནས་འཕར་མ་གཉིས་ཀྱི་དོན་ནི། ནང་དུ་པདྨ་འདབ་མ་བརྒྱད་པའམ་བཞི་པ་ལ་རྡོ་རྗེ་རྭ་བ་དང་མེ་འོད་ཀྱིས་བསྐོར་བས་འཕར་མ་གཅིག་དང༌། ཆོས་འབྱུང་གྲུ་གསུམ་པའི་ནང་དུ་ཚུད་པའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་ནི་འཕར་མ་གཅིག་ཡིན་ཏེ། བླ་མ་«་་་་་གསལ་བའི་སྙིང་པོས་བརྟག་གཉིས་ཀྱི། »མངའ་རིས་པའི་ཚིག་འགྲེལ་ལས། འཕར་མ་གཉིས་ནི། ནང་མ་ལྷ་མོ་བདུན་གྱི་གནས་ལ་རྡོ་རྗེ་རྭ་བ་དང༌། མེ་འོད་ཀྱིས་བསྐོར་བ་ཕྱི་གྲུ་བཞི་སྒོ་བཞི་པའོ། །ཞེས་གསུངས་ལ། ལྷ་མོ་བདུན་གྱི་གནས་ཞེས་པ་ནི། བསྒོམ་བྱའི་དབང་དུ་བྱས་ནས། གཙོ་མོའི་སྟེང་འོག་ཏུ་མཁའ་སྤྱོད་མ་དང་ས་སྤྱོད་མ་གཉིས་ཏེ་བདུན་དུ་མངོན་ནོ། །དེ་བཞིན་དུ་སློབ་«་་་་་བཀའ་འགྲེལ་པདྨ་ཅན་ལས། »དཔོན་མཚོ་སྐྱེས་ཀྱིས་ཀྱང༌། གཉིས་བརྩེགས་ནི་ཁང་པ་ཉིས་རིམ་མོ། །ལྟེ་བ་ཡིས་ནི་གཅིག་ཡིན་ཏེ། །ཞེས་པ་ནི། ལྟེ་བས་ཉེ་བར་མཚོན་པས་པདྨ་ནི་དབུས་ཀྱི་པདྨ་ཞེས་བྱ་བའི་དོན་ཏོ། །ཟུར་གསུམ་གྱིས་ནི་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱིས་མཚོན་པས་བརྩེགས་མ་གཞན་གྱི་ཕྱི་རོལ་ཕྱིའི་གཽ་རཱི་ལ་སོགས་པའི་གནས་སུ་གྲུ་བཞིའོ། །ཞེས་དང༌། སློབ་དཔོན་དམ་ཚིག་«་་་་་བཀའ་འགྲེལ་རིན་ཆེན་སྦྱོར་ཕྲེང་ལས། »རྡོ་རྗེས། རིམ་པ་གཉིས་ནི་རིམ་པ་གཉིས་སོ། །ཟེའུ་འབྲུ་ལས་གཅིག་ཡིན་ཏེ། ཞེས་གསུངས་པ་ནི་དབུས་ཀྱི་པདྨ་འདབ་མ་བརྒྱད་པ་ནི་རིམ་པ་དང་པོའོ། །གྲུ་གསུམ་ཞེས་གསུངས་པ་ནི། གྲུ་གསུམ་པའི་ནང་དུ་ཚུད་པའི་གྲུ་བཞི་པའོ། །ཞེས་དང༌། གྲུབ་ཐོབ་བྷ་ཝ་བྷ་དྲས། འཕར་མ་གཉིས་བསྟན་པའི་བཤད་པ་གསུངས་པ། ཟེའུ་འབྲུ་ལས་ནི་གཅིག་གྱུར་ཏེ། །ཞེས་པ་ལ་པདྨ་ལ་སོགས་པ་ལས་མ་གཏོགས་པར་ནི་ཟེའུ་འབྲུ་འབྱུང་བ་མ་ཡིན་ནོ། །དེས་ན་པདྨ་མ་བརྒྱད་པའི་ཟེའུ་འབྲུ་ཞེས་མན་ངག་ཏུ་བསྟན་ཏོ། །ནང་གི་འཕར་མས་ནི་གཅིག་གྱུར་པའོ། །གྲུ་གསུམ་གྱིས་ནི་ཕྱི་མར་བརྗོད། །ཅེས་པ་ནི་ཆོས་འབྱུང་གི་ནང་དུ་སོན་པ་གྲུ་གསུམ་གྱི་རྣམ་པ་ཡིན་ནོ། །ནམ་མཁར་སྟོན་པ་ནི་ཕྱི་མ་སྟེ་ཕྱི་རོལ་གྱི་འཕར་མ་ཉིད་དོ། །དེ་ཡང་གྲུ་བཞི་པ་ལ་སོགས་པ་དང་འཆད་པར་འགྱུར་བའི་ཐུན་མོང་གི་མཚན་ཉིད་ལས་སོ། །ཞེས་གསུངས་པས་ན་རྒྱ་བོད་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ། དེ་རྣམས་ཀྱི་དགོངས་པ་ནི་བདག་གི ཡོངས་སུ་འཛིན་པ་ཆེན་པོ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པས་གསལ་བར་མཛད་པ་ལྟར་ཡིན་ལ། ཚིག་གི་ཆ་དེ་དག་ཀྱང་བདག་ཉིད་ཆེན་པོ་བསོད་ནམས་རྩེ་མོའི་ཞལ་སྔ་ནས་ཀྱི་རྣམ་བཤད་ཉི་མའི་འོད་ཟེར་དུ་གསུངས་པ་ལྟར་བྲིས་པས་ན་ཁ་ན་མ་ཐོ་བ་ཅི་ཡང་མེད་དོ། །དེའི་ཕྱིར་གཞན་གྱི་བློ་གྲོས་ལེགས་བཤད་ཀྱི་རྒྱ་མཚོ་ཆེན་པོ་ལ་རང་ཐོས་ཆུང་གི་བློས་གཞལ་བར་བྱེད་པ་ནི་ཁྲོན་པའི་ཉ་ཆུང་དང་མཚུངས་པ་ཡིན་ནོ། །གལ་ཏེ་ཕྱིའི་འཕར་མ་གྲུ་བཞི་དང༌། ནང་གི་འཕར་མ་པདྨ་ལ་འཆད་པའི་རྒྱུ་མཚན་ཅི་ཞེ་ན། ནང་གི་འཕར་མ་ལ་ཡང་ཕྱིའི་འཕར་མ་ལྟ་བུའི་གྲུ་བཞི་པ་ཡིན་པ་ལ། དེ་ཉིད་རྡོ་རྗེ་ཕྲེང་བ་དང་མེ་འོད་ཀྱིས་བསྐོར་བས་ཟུར་རྣམས་བཅད་པ་ཡིན་ཏེ། སློབ་«་་་་་»བཀའ་འགྲེལ་ཀུ་མུ་ཏི་ལས་དཔོན་སྦྱང་དཀའ་ཟླ་བས། འཕར་མ་གཉིས་ཞེས་གསུངས་པ་ནི། །ཁ་སྦྱོར་ལྟ་བུའི་འཕར་མ་སྟེ། །རྡོ་རྗེ་ཕྲེང་བས་ཡོངས་སུ་བཅད་པ་དང་སྦས་པའོ། །ཞེས་གསུངས་ལ། ཁ་སྦྱོར་ནི་གྲུ་བཞི་པ་ཡིན་ཏེ། «དཔའ་བོ་རྡོ་རྗེས།་་་་་»རིན་ཆེན་འབར་བ་ལས། ཁ་སྦྱོར་གཅིག་པ་སྒོ་བཞི་པ། །ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ་ཁ་སྦྱོར་དང༌། འཕར་མ་དང་རིམ་པ་སོགས་ནི་པདྨ་ལ་བྱའི། གྲུ་བཞི་པ་ལ་བྱ་བ་ནི་མ་ཡིན་ནོ་ཞེ་ན། དེ་ལ་ནི་སྔར་བཤད་པའི་ལུང་དེ་དག་གིས་ཀྱང་གནོད་ལ། རྒྱུད་ལས་ཀྱང༌། འཕར་མ་གཅིག་དང་སྒོ་བཞི་པ། །ཞེས་ཡབ་ཀྱི་སྐབས་སུ་གསུངས་པ་དེའང་པདྨ་འདབ་མ་བརྒྱད་ལ་འཆད་པར་འགྱུར་བའི་སྐྱོན་ཡོད་དོ། །འདོད་ན་གཞུང་དེའི་རྗེས་ཁོ་ན་ལ། དེ་དབུས་པདྨ་འདབ་མ་ནི། །བརྒྱད་པ་ཟེ་བར་བཅས་པ་བྲི། །ཞེས་པའི་གཞུང་གོང་འོག་ལ་དཔྱད་པ་མ་ཞུགས་པར་ཟད་ལ། དུས་ཀྱི་འཁོར་ལོ་ལ་སོགས་པའི་གཞུང་གཞན་ལས། བདེ་གཤེགས་འཕར་མ་ཞེས་གྲུ་བཞི་པ་ལ་གསུངས་པ་རྣམས་ཀྱང་མ་མཐོང་བ་ཡིན་ནོ། །ཡང་སྟེང་འོག་གི་ལྷ་མོ་གཉིས་བསྒོམས་པའི་ཚེ་གཙོ་མོའི་སྟེང་འོག་ཏུ་བསྒོམས་ལ། མཚན་མ་དགོད་པའི་ཚེ་གང་དུ་བྲི་ན། ལོཙྪ་བ་ཁ་ཅིག་སམྦུ་ཊ་ལས། སྲིད་དང་ཞི་བའི་རང་བཞིན་གྱིས། །ངོས་སུ་བསྒྱུར་མ་འདི་དག་གནས། །ཞེས་དང༌། དེ་ཉིད་གསུམ་གྱི་རང་བཞིན་བདག །མཁས་པས་དབུས་སུ་བསྒོམ་པར་བྱ། །ཞེས་གསུངས་པས་གཙོ་མོའི་གཡས་གཡོན་དུ་བྲི་ཞེས་སྨྲ་མོད་ཀྱི། གཞུང་དེའི་བསྒོམ་བྱའི་སྐབས་ཡིན་གྱི། བྲི་བྱའི་སྐབས་མ་ཡིན་པའི་ཕྱིར། སློབ་དཔོན་མཚོ་སྐྱེས་ཀྱི་འདིར་མན་ངག་གི་རོ་ལངས་མའི་མཚན་མ་དང༌། ཉེ་བར་མཁའ་སྤྱོད་མའོ། །ཞེས་དང༌། དཀྱིལ་«་་་་་སློབ་དཔོན་ཨ་བྷ་ཡས། »ཆོག་རྡོ་རྗེ་ཕྲེང་བར། མཁའ་སྤྱོད་མའི་མཚན་མ་ནི་དཀར་མོའི་ཕྱིའི་ངོས་སུའོ། །རོ་ལངས་མའི་ཕྱི་ངོས་སུ་ནི་ས་སྤྱོད་མའོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་དང༌། རྒྱ་བོད་ཀྱི་བླ་མ་གོང་མ་གང་གིས་ཀྱང་དེ་ལྟར་མ་བཤད་པའི་ཕྱིར་མུན་སྤྲུལ་ཁོ་ན་ཡིན་ལ། སམྦུ་ཊའི་ལུང་ཤེས་བྱེད་དུ་འདྲེན་པའང་སྣ་བཅད་མ་གཡར་པོའི་རྒྱན་ཆས་མཛེས་པར་བྱས་པ་དང་མཚུངས་སོ། །དེས་ན་ལྷ་མོ་འདི་གཉིས་ཀྱིས་མཚན་མ་སྟེང་གི་ཤར་སྒོ་དང༌། འོག་གི་ནུབ་སྒོར་འགོད་པ་ཕྱག་ལེན་ཡིན་ཞིང༌། རྗེ་བཙུན་རྩེ་མོ་དང༌། ནེ་ཙོ་སྦལ་སྟོན་སོགས་ཀྱིས་ཀྱང་བཤད་པ་ལྟར། བདག་གི་ཡོངས་སུ་འཛིན་པ་ཆེན་པོ་ཉིད་ཀྱི་ཞལ་སྔ་ནས་ཀྱང་གསལ་བར་མཛད་པ་ཡིན་ནོ། །ཞེས་པ་འདིའང་བླུན་པོ་ཁ་ཅིག་གི་ལོག་རྟོག་བསལ་བའི་དོན་དུ། འདི་ནི་མཁྱེན་རབ་དབང་ཕྱུག་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་གུས་པར་ལེན་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྨྲས།།  །། ༄། །མཚོ་སྐྱེས་ལུགས་ཀྱི་སྒྲུབ་དཀྱིལ་དང་ཌོམྦི་ལུགས་ཀྱི་སྒྲུབ་དཀྱིལ་གྱི་ཐོ་ཡིག་གོ། ༈ །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེའི་ལུགས་ཀྱི་ཀྱེ་རྡོ་རྗེ་ནས་གླིང་མར་གྲགས་པའི་སྒྲུབ་ཐབས་ནི། སློབ་དཔོན་རིན་པོ་ཆེའི་མན་ངག་ལུགས་ཀྱི་མངོན་རྟོགས་ཡན་ལག་བཞི་པ་ལ་གཞི་བྱས་ནས། མི་འདྲ་བའི་ཁྱད་པར་རྣམས་སོ་སོར་བྱེད་པ་ཕྱག་ལེན་ཡིན་ཏེ། དེའང་ཚོགས་ཞིང་ནས་སྣོད་བཅུད་སྦྱང་བའི་བར་བྱས་ནས། སྐྱེ་མཆེད་དང་གནས་གསུམ་བྱིན་བརླབ་བྱས། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ནས། དབང་གི་ལྷ་ལ་གསོལ་བ་གདབ་པའི་བར་བྱ་ཞིང༌། རིགས་བདག་གི་རྒྱས་གདབ་ཀྱི་དབང་གི་མཐར་ཐུག་དྲན་པར་རྣམས་འདིར་མི་དགོས། ལྷག་མ་ཐམས་ཅད་མངོན་རྟོགས་རྒྱས་པ་ཡན་ལག་བཞི་པ་ལྟར་བྱ་ཞིང༌། དཀྱིལ་ཆོག་ནི་སློབ་དཔོན་རིན་པོ་ཆེས་མཛད་པ་ལྟར་རོ། །འདིའི་སྐབས་སུ་སྒྲུབ་ཐབས་མཚོ་སྐྱེས་དང༌། དཀྱིལ་ཆོག་ནས་གླིང་མ་ཚད་མར་བཟུང་ངོ༌། །སློབ་དཔོན་ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་ཀྱེ་རྡོ་རྗེ་འགྲེལ་པ་ལུགས་སུ་གྲགས་པའི་སྒྲུབ་ཐབས་རྗེ་བཙུན་ཆེན་པོ་མན་ངག་ལུགས་ཀྱི་མངོན་རྟོགས་ཡན་ལག་དྲུག་པ་ལ་བྱ་ཞིང༌། དེར་མི་འདྲ་བ་ལ། ཡན་ལག་གཉིས་པའི་སྐབས་སུ། བདག་གིས་ཐོག་མེད་དུས་ནས་ནི། །ལོག་རྟོག་དབང་གིས་སྡིག་བགྱིས་གང༌། །ཐུགས་རྗེའི་མངའ་བདག་ཁྱེད་རྣམས་ཀྱི། །སྤྱན་སྔར་བཤགས་བགྱིད་སླན་ཆད་བསྡམ། །རྒྱལ་དང་དེ་ཡི་སྲས་རྣམས་དང༌། །འགྲོ་བའི་བསོད་ནམས་མ་ལུས་ལ། །དེ་ལ་ཡང་དག་ཡི་རང་ཞིང༌། །བྱང་ཆུབ་དམ་པ་བསྔོ་བར་བགྱི། །གང་དང་གང་གིས་འདུལ་གྱུར་པ། །དེ་དང་དེ་ཡི་སྐུར་སྟོན་ཅིང༌། །སྣ་ཚོགས་གཟུགས་ནོར་ལྟ་བུ་ཡི། །རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །ཀུན་རྟོག་མ་ལུས་དག་གྱུར་ཅིང༌། །རང་རིག་ཡང་དག་ཡེ་ཤེས་བསྐྱེད། །ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །གོ་རིམ་ཇི་བཞིན་དབང་བསྐུར་ཐོབ། །མ་ནོར་ལམ་ལ་ངེས་གནས་པའི། །སྲས་མཆོག་འཁོར་འདུས་དགེ་འདུན་ལ། །རྟག་པར་བདག་གི་སྐྱབས་སུ་མཆི། །ཡང་དག་ཡེ་ཤེས་མེ་བོ་ཆེས། །གཏི་མགུ་མུན་པ་བསལ་བ་དང༌། །སྒྲིབ་པ་མ་ལུས་སྦྱང་བའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་ལམ། །སྤྱོད་པ་དཔག་ཡས་གང་ཡིན་དང༌། །མ་བཅོས་ཇི་བཞིན་ལམ་གནས་ལ། །ད་ནི་ཡང་དག་གནས་པར་བགྱི། །ཞེས་པ་བྱ། ཚད་མེད་བཞི་ནས་མཁའ་གསང་བྱིན་གྱིས་བརླབ་པའི་བར་བྱས་ནས་འོག་གི་ཨ་ནུ་རཱ་ག་སོགས་འདིར་བརྗོད། དེ་ནས་འབྲས་བུ་རྡོར་འཛིན་ནས་སྣོད་བཅུད་སྦྱང་བའི་བར་འདྲ་བར་བྱས་ནས། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་དགུག་གཞུག་གི་བར་བྱ། སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབ། དེ་ནས་དབང་གི་ལྷ་སྤྱན་དྲངས་པ་ནས་གསོལ་གདབ་ཀྱི་བར་བྱས་ལ་རིགས་བདག་གི་རྒྱས་གདབ་སྟེ། འདི་ལ་ཡང་དབང་གི་མཐར་ཐུག་དྲན་པར་བྱ་བ་རྣམས་མི་བྱེད། ལྷག་མ་ཐམས་ཅད་མངོན་རྟོགས་འབྲིང་པོ་ཡན་ལག་དྲུག་པ་ལྟར་བྱ་ཞིང༌། དཀྱིལ་ཆོག་ཀྱང་སློབ་དཔོན་རིན་པོ་ཆེས་མཛད་པ་ལྟར་རོ། །འདིའི་སྐབས་སུ་སྒྲུབ་ཐབས་ཡན་ལག་དྲུག་པ་དང༌། དཀྱིལ་ཆོག་བཟང་པོ་ཡོངས་བཟུང་གཉིས་ཚད་མར་བྱའོ། །སློབ་དཔོན་འདི་གཉིས་ཀྱི་སྒྲུབ་ཐབས་སུ་ཐུན་མོང་མ་ཡིན་པའི་སྲུང་འཁོར་མ་བཤད་པས། རྗེ་བཙུན་གོང་མས་སྲུང་འཁོར་མི་མཛད་པར་སྣང་ངོ༌། །ཚུལ་འདི་རྗེ་བཙུན་ཐོ་ཡིག་བཞིན། །ཀུན་དགའ་བཟང་པོ་ཞེས་བྱ་བས། །དཔལ་ལྡན་ས་སྐྱའི་ཆོས་གྲྭར་བྲིས། །དགེ་བས་རྡོ་རྗེ་འཛིན་ཐོབ་ཤོག།  ༈  །།གཞལ་ཡས་ཁང་གི་ཚད་རྣམ་པར་གཞག་པའི་ཟིན་བྲིས། རྩིག་པའི་དཔངས་ནི་རྒྱ་དཔངས་མཉམ་པོ་དང༌། རྒྱ་ཕྱེད་དཔངས་ལ་སོགས་པར་བཞེད་པ་མང་ཡང༌། འདིར་ནོར་བུ་རིན་པོ་ཆེ་རྒྱས་པའི་གཞལ་མེད་ཁང༌། ཤིན་ཏུ་རྣམ་པར་གནས་པའི་གསང་བ་དམ་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་ལས་ས་ཕྱོགས་དེར་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་མ། གྲུ་བཞི་པ། ཀ་བ་བཞི་ཟུག་པ། སྒོ་བཞི་བཏོད་པ། མཉམ་པ། ཉམས་དགའ་བ། ཤིན་ཏུ་རྣམ་པར་ཕྱེ་བ། ཆེས་མཛེས་པར་བྱས་པ། བཀྲ་བ། ལྟ་ན་སྡུག་པ། འོད་འབར་བ། ཐེམ་སྐས་བཞི་དང་ལྡན་པ། དཔངས་སུ་དཔག་ཚད་གསུམ་ཡོད་པ། རྒྱར་དཔག་ཚད་ལྔ་ཡོད་པ་ཞིག་བྱུང་ངོ༌། །ཞེས་པ་སྟེ་རྒྱས་པར་ལོགས་སུ་ཤེས་སོ། །འདི་ལྟར་དཀྱིལ་འཁོར་ཆེན་པོ་ཡི། །རྩིག་པའི་དཔངས་ལ་ཆ་ཆེན་བཞི། །རིན་ཆེན་ཕ་གུ་ཆ་ཕྲན་གཅིག །དྲྭ་བའི་ཆ་ལ་ཆ་ཕྲན་གཉིས། །དེ་སྟེང་གསེར་གྱི་སྐ་རགས་ལ། །ཆ་ཕྲན་གཅིག་གི་ལྔ་ཆ་འདོད། །ཕྱོགས་མདོག་ས་གཞི་ཆ་ཕྲན་གཅིག །དེ་སྟེང་ཀ་བ་ཆ་ཆེན་བཞི། །ཀ་ཞུ་ལ་སོགས་ཤིང་བརྩེགས་ལ། །ཆ་ཕྲན་གཅིག་གི་ལྔ་ཆ་དང༌། །ཆ་ཕྲན་གཅིག་དུ་འདོད་པ་ཡིན། །དེ་སྟེང་གདུང་ཟླུམ་ཆ་ཕྲན་གཅིག །གདུང་ཟླུམ་ཕྱི་མའི་ཐོག་རྣམས་ཕུབ། །གདུང་ཟླུམ་སྟེང་དུ་རྩིག་ཟླུམ་དཔངས། །ཆ་ཆེན་གཅིག་དང་ཆ་ཕྲན་གཉིས། །ཆ་ཕྲན་གཅིག་གི་སུམ་གཉིས་ལྡན། །ཕ་གུ་ཆ་ཕྲན་སུམ་ཆ་དང༌། །དྲྭ་བའི་ཆ་ལ་ཆ་ཕྲན་གཅིག །དེ་སྟེང་གདུང་བཞིས་མིག་མངས་སུ། །བྲེས་པའི་ཕྱོགས་མཚམས་རེ་མིག་བརྒྱད། །ཕུབ་ཅིང་རེ་མིག་དབུས་མ་ཡི། །གདུང་སྟེང་རྩིག་པ་ཆ་ཕྲན་གསུམ། །ལྔ་ཆས་དམན་པའི་ཆ་ཕྲན་གཅིག །ཕ་གུ་ཆ་ཕྲན་སུམ་ཆ་སྟེ། །དྲྭ་བ་ཆ་ཕྲན་སུམ་གཉིས་ཡིན། །དེ་སྟེང་མཉམ་པོའི་ཐོག་ཕུབ་པའི། །རྩེ་མོར་ཏོག་གིས་མཛེས་པར་བྱ། །ཚུལ་འདི་ནོར་བུ་རྒྱས་པ་ཡི། །གཟུངས་ཀྱི་ཆོ་ག་ལ་བརྟེན་ནས། །རྒྱུད་སྡེ་སྨྲ་བ་ཨཱ་ནནྡས། །ཞིབ་མོར་དཔྱད་དེ་བྲིས་པ་ཡིན།།  །། ༄། །སྒྲུབ་ཐབས་མཚོ་སྐྱེས་ཀྱི་བསྡུས་དོན་བཞུགས་སོ།། ༈ །ཨོཾ་སྭ་སྟི་སིདྡྷཾ། དགོས་འདོད་ཀུན་འབྱུང་རྗེ་བཙུན་བླ་མ་དང༌། །དབྱེར་མེད་དཔལ་ལྡན་ཀྱེ་ཡི་རྡོ་རྗེ་ལ། །གུས་པས་བཏུད་དེ་དེ་ཉིད་སྒྲུབ་པའི་ཚུལ། །རྣལ་འབྱོར་དབང་པོའི་གཞུང་གི་བསྡུས་དོན་བཤད། །འདིར་གང་བཤད་པ་དང་མཉན་པར་བྱ་བའི་ཆོས་ནི། སྒྲུབ་པའི་ཐབས་མཚོ་སྐྱེས་ཞེས་ཡོངས་སུ་གྲགས་པའི་རྡོ་རྗེ་ཐེག་པའི་གཞུང་ཆེན་པོ་འདི་ཡིན་ནོ། །འདི་བཤད་པར་བྱ་བ་ལ་གཉིས། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། གཞུང་འདི་གང་གིས་མཛད་ན། གྲུབ་པའི་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་སྟེ། རྒྱལ་པོའི་རིགས་ཟླ་བའི་ཐིག་ལེ་ཞེས་བྱ་བར་གྱུར་པ་ན་འཁོར་བའི་ཆོས་ལ་ཡིད་བྱུང་ནས། རྡོ་རྗེ་ཐེག་པའི་ཆོས་འཚོལ་བ་ལ་ཨུ་རྒྱན་དུ་བྱོན་པས། རྡོ་རྗེ་རྣལ་འབྱོར་མས་སློབ་དཔོན་ཆེན་པོ་ཡན་ལག་མེད་པའི་རྡོ་རྗེ་ལ་མན་ངག་ནོས་ཤིག ཅེས་ལུང་བསྟན་ཐོབ་ནས། སློབ་དཔོན་དེས་རྗེས་སུ་བཟུང་སྟེ། དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད། གདམས་པ་དང་རྗེས་སུ་གདམས་པ་ཐམས་ཅད་གནང་ཞིང་རྟོགས་པ་སྐྱོང་བའི་གྲོགས་ལས་ཀྱི་ཕྱག་རྒྱར་སློབ་དཔོན་ཉིད་ཀྱི་བུ་མོ་ཡང་བྱིན་ནོ། །དེར་སློབ་དཔོན་གྱི་བུ་མོ་དང་ལྷན་ཅིག་རིམ་པ་གཉིས་ཀྱི་ཀུན་སྤྱོད་སྐྱོང་གིན་བཞུགས་པ་ན། །ཡུལ་དེའི་བློན་པོ་རྣམས་ཀྱིས་འདི་འདྲ་བ་མི་ལེགས་སོ། །ཞེས་གླེང་ནས། ཡུལ་དེའི་རྒྱལ་པོ་ལ་ཞུས། རྒྱལ་པོས་སློབ་དཔོན་ཉིད་ལ་དྲིས་པས་ཅང་མི་གསུང་ངོ༌། །དེར་འབངས་རྣམས་ཀྱིས་ཙནྡན་སྨུག་པོའི་མེར་སློབ་དཔོན་ཕྱག་རྒྱ་དང་བཅས་པ་བསྲེགས་པས། རྒྱལ་པོའི་ཐུགས་དགོངས་ལ་སློབ་དཔོན་བསྲེགས་པའི་ཉེས་པ་ང་ལའང་འོང་སྙམ་ནས་མི་དགྱེས་པ་གྱུར་ཅིང༌། ཚ་ཚ་གདབ་པར་དགོངས་ནས་གདུང་རུས་སྡུད་པ་ལ་བྱོན་པས། ཐལ་བའི་དཀྱིལ་ན་མཚོ་ཆུང་ངུ་འདུག་པའི་ནང་ན་པདྨ་ཆེན་པོ་ཁ་ཟུམ་པ་ཞིག་འདུག་ནས། ངོ་མཚར་ཏེ་དེའི་ཁ་ཕྱེས་ཙ་ན་སློབ་དཔོན་ཕྱག་རྒྱ་མོ་དང་བཅས་པ་བཞུགས་པ་གཟིགས་ནས། རྒྱལ་པོ་འབངས་དང་བཅས་པ་ཐམས་ཅད་དད་པར་གྱུར་ནས། སློབ་དཔོན་མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བ་མཚན་དུ་བཏགས་སོ། །དེ་ལྟ་བུའི་གྲུབ་པ་ཐོབ་པའི་སློབ་དཔོན་དེས་མཛད་དེ། རྒྱུད་གང་ལ་བརྟེན་ནས་མཛད་ན། དཔལ་བརྟག་པ་གཉིས་པ་ལ་བརྟེན་ནོ། །གང་མཛད་ན་དཔལ་ཀྱེ་རྡོ་རྗེ་ཕྱག་བཅུ་དྲུག་པ་དང༌། ཧེ་རུ་ཀ་གཞན་གསུམ་གྱི་མངོན་རྟོགས་སྟོན་པ་སྐུ་བཞི་ལམ་བྱེད་ཀྱི་སྒྲུབ་ཐབས་འདི་དང༌། རྒྱུད་ཀྱི་འགྲེལ་པ་པདྨ་ཅན་ལ་སོགས་པ་གཞུང་དྲུག་གོ །དགོས་པ་ཅིའི་ཕྱིར་དུ་མཛད་ན། མ་འོངས་པའི་སེམས་ཅན་གྱི་ཀྱེ་རྡོ་རྗེའི་རྒྱུད་དོན་ལ་སློབ་ཅིང་ཉམས་སུ་ལེན་པ་རྣམས་ཀྱིས་སྐུ་བཞིའི་གོ་འཕང་འཐོབ་པར་བྱ་བའི་ཕྱིར་དུ་མཛད་དོ། །ཞེས་ཤེས་པར་བྱའོ། །གཉིས་པ་གཞུང་གི་དོན་ལ་གསུམ། སྒྲུབ་ཐབས་ལ་འཇུག་པ་ཀླད་ཀྱི་དོན། སྒྲུབ་ཐབས་དངོས། སྒྲུབ་པ་མཐར་ཕྱིན་པ་མཇུག་གི་དོན་ནོ། །དང་པོ་ལ་གསུམ། «རྒྱ་་་་་་»མཚན་དང༌། མཆོད་པར་ཀྱཻ་བརྗོད་པ་དང༌། བཤད་པར་«གསུམ་པ་་་་་་»དམ་བཅའ་བའོ། །གཉིས་པ་ལ་གཉིས། གང་གིས་སྒོམ་པའི་གང་ཟག«་་་་་དང་པོར། »གང་བསྒོམ་པའི་རྣལ་འབྱོར་རོ། །འདི་ལ་གཉིས། རྣལ་འབྱོར་བསྒོམ་པའི་གོ་རིམས་དང༌། སྒྲུབ་ཐབས་དངོས་སོ། །འདི་ལ་གཉིས། ཚོགས་གཉིས་བསག་པ་དང༌། ལྷ་བསྒོམ་པ་དངོས་སོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་བསག་«་་་་་»དངོས་པོ། པའོ། །དང་པོ་ལ་གསུམ། ཚོགས་བསག་པའི་ཞིང་སྤྱན་དྲངས་པ། མཆོད་ཅིང་རྒྱུན་བཤགས་བྱ་བ། ཚད་མེད་«་་་་་སེམས་ཅན་ཐམས་ཅད། »བཞི་བསྒོམས་པའོ། །གཉིས་པ་ལ་གཉིས། མཆོད་པ་དང་རྒྱུད་«་་་་་དེའི་མདུན་དུ། »དག་པའོ། །འདི་ལ་ལྔ། སྡིག་པ་བཤགས་«་་་་་དེའི་སྤྱན་སྔར། »པ། རྗེས་སུ་ཡི་«་་་་་གང་གིས་»རང་བ། «བླ་ན་མེད་པ།་་་་་»ཡོངས་སུ་བསྔོ་བ། སྐྱབས་«་་་་་དེ་ནས། »སུ་འགྲོ་བ། སེམས་བསྐྱེད་«་་་་་སེམས་ཅན་རྣམས། »པའོ། །གཉིས་པ་ལྷ་བསྒོམས་པ་ལ་གཉིས། ཕྱག་བཅུ་དྲུག་པའི་མངོན་རྟོགས་དང༌། ཧེ་རུ་ཀ་གསུམ་གྱི་མངོན་རྟོགས་སོ། །དང་པོ་ལ་གཉིས། མཉམ་པར་བཞག་པ་དང༌། མཉམ་པར་མ་གཞག་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ། སྲུང་བའི་འཁོར་«་་་་་དེ་ནས་སྨོན་ལམ། »ལོ། །གཞལ་ཡས་ཁང་བསྒོམ་པ། ལྷ་བསྐྱེད་པའོ། །གཉིས་པ་ལ་བཞི། གཞི་ཡི་ཡན་ལག«་་་་་དེ་ཡིས། »རྒྱུའི་ཡན་ལག«་་་་་དེའི་སྟེང་དུ། »རྐྱེན་གྱི་ཡན་ལག་«་་་་་དེའི། »གནས་«་་་་་དེས་བདག »ཐབས་ཀྱི་ཡན་ལག་གོ །གསུམ་པ་ལ་གཉིས། གནས་པ་བཞིའི་རིམ་པས་སྒོམ་ཚུལ། ཐུན་བཞིའི་སྒོ་ནས་སྒོམ་«་་་་་དེ་ལྟར་དུ། »ཚུལ་ལོ། །དང་པོ་ལ་བཞི། ལོངས་སྐུའི་བདག་ཉིད་གོང་བུར་གནས་པ། ཆོས་སྐུའི་བདག་ཉིད་ཆུར་«་་་་་དེ་མ་ཐག »གནས་པ། སྤྲུལ་སྐུའི་བདག་ཉིད་«་་་་་»ཡང་ནམ་མཁའ། གཟུགས་སུ་གནས་པ། ངོ་བོ་«་་་་་སྐུའི། »ཉིད་ཀྱི་བདག་ཉིད་གཟུགས་ལས་འདས་པར་གནས་པའོ། །དང་པོ་ལ་གསུམ། རྒྱུ་རྡོ་རྗེ་འཆང་བསྐྱེད་«་་་་་»དེའི། པ། མཁའ་«་་་་་དེ་ནས། »གསང་བྱིན་གྱིས་བརླབ་པ། འཁོར་«་་་་་དེ་ནས་བསྲུབས་པ། »གྱི་ལྷ་མོ་དབྱུང་བའོ། །གསུམ་པ་ལ་བཞི། དམ་ཚིག་པའི་དཀྱིལ་འཁོར་བསྐྱེད་པ། ཡེ་ཤེས་པ་གཞུག་པ། དབང་བསྐུར་ཞིང་རྒྱས་གདབ་པ། གཞུང་བསྡུ་«་་་་་བཅོམ་ལྡན་འདས། »བའོ། །དང་པོ་ལ་གཉིས། ལྷ་མོ་བཞིས་གླུས་བསྐུལ་«་་་་་»དེ་ནས་པུཀྐ་སཱི་སོགས། བ་དང༌། དེ་ལས་འབྲས་«་་་་་»བདག་ཉིད། བུ་རྡོ་རྗེ་འཛིན་བཞེངས་པའོ། །གཉིས་པ་ལ་གཉིས། སྔོན་འགྲོ་སྣོད་བཅུད་«་་་་་»རང་གི་སྙིང་གར། སྦྱང་བ། དངོས་གཞི་ཡེ་ཤེས་པ་དགུག་«་་་་་»ཡང་ནམ་མཁའ། པའོ། །གསུམ་པ་ལ་གསུམ། དབང་བསྐུར་གྱི་«་་་་་རང་གིས་བློ། »ལྷ་སྤྱན་དྲངས་ཤིང་མཆོད་པ། དབང་བསྐུར་འདི་སྐད་དུ«་་་་་»བ་དངོས། རིགས་ཀྱི་བདག་པོས་«་་་་་དབང་བསྐུར་ནས།» རྒྱས་གདབ་པའོ། །བཞི་པ་ལ་དྲུག དཀྱིལ་འཁོར་བསྡུ་«་་་་་དེ་ལྟར་»བ། འཁོར་ལོ་བཞིས་རྒྱས་གདབ་པ།«་་་་་དེ་ལྟར་འཁོར་ལོ་ཐབས། »ཕྱག་«་་་་་»འཁོར་ལོ། རྒྱ་དྲུག་གི་གོ་ཆ་བྱ། སྐྱེ་མཆེད་དྲུག་བྱིན་གྱིས་བརླབ«་་་་་དེའི་འོད་ཟེར།» རྫོགས་རིམ་གྱི་ནུས་པ་སྒྲུབ་«་་་་་»དེ་ལྟར།« »པའི་བཟླས་པ། མར་«་་་་་དེ་ནས་རང་གི་»མེའི་རྩེ་མོ་སྒོམ་ཚུལ་ལོ། །གཉིས་པ་མཉམ་པར་མ་གཞག་པ་ལ་བཞི། «ཨཥྚ།་་་་་»བཟླས་པའི་སྔགས། གཏོར་«་་་་་ཨོཾ་ཨིནྡྲ། »མའི་སྔགས། ལས་ཚོགས་ཀྱི་སྔགས།«་་་་་ཨ་ཀ་རོ།» ཐུན་བྱིན་གྱིས་བརླབ་པའི་སྔགས་«་་་་་གཅིག་པུ། »སོ། །གཉིས་པ་ཧེ་རུ་ཀ་གཞན་གསུམ་གྱི་མངོན་རྟོགས་ལ་གཉིས། མཉམ་པར་གཞག་པ་དང༌། མཉམ་པར་མ་གཞག་པའོ། །དང་«་་་་་ད་ལྟར། »པོ་ལ་གཉིས། ཐུན་གྱི་ཆོ་ག་དང༌། སོ་སོའི་མཚན་ཉིད་དོ། །འདི་ལ་གསུམ། སྐུ་རྡོ་རྗེའི་མངོན་«་་་་་»ཕྱག་གཉིས་པ། རྟོགས། གསུང་རྡོ་«་་་་་»དེ་བཞིན་དུ་

རྗེའི་མངོན་རྟོགས། ཐུགས་«་་་་་དེ་བཞིན་དུ་ཕྱག་དྲུག» རྡོ་རྗེའི་མངོན་རྟོགས། གཉིས་པ་ལ་བཞི། བཟླས་པའི་«་་་་་ཨོཾ་ཏྲ། »སྔགས། སྤྱོད་«་་་་་ལྷག་མ། »ལམ་གྱི་རྣལ་འབྱོར། དག་པ་དྲན་«་་་་་སྙིང་རྗེ། »པ། སྨོན་ལམ་གདབ་པའོ།«་་་་་སྨོན་ལམ།» །གསུམ་པ་སྒྲུབ་པ་མཐར་ཕྱིན་པ་མཇུག་གི་དོན་ལ་བཞི། བརྩམས་པའི་ནོངས་«་་་་་བློ་ཆུང༌། »པ་བཟོད་པར་གསོལ་བ། བརྩམས་«་་་་་གང་ཞིག »པའི་ནུས་པ། ཡོད་པར་བསྟན་པ། བརྩམས་པའི་དགེ་«་་་་་ཀྱེ་རྡོ་རྗེ། »བ་བསྔོ་བ། གཞུང་ཐམས་ཅད་རྫོགས་པར་བསྟན་པའོ། །འདི་ལ་གཉིས། མཛད་པ་པོའི་སློབ་དཔོན་སྨོས་«་་་་་སློབ་དཔོན། »པ། བསྒྱུར་བ་པོའི་ལོ་«་་་་་རྒྱ་གར། »པཎ་སྨོས་པའོ། །གོང་མའི་བསྡུས་དོན་རྣམ་བཤད་རྒྱས་པ་ལས། །ཚིག་ཉུང་དོན་གསལ་རྟོགས་པར་སླ་བ་ཡི། །བསྡུས་དོན་ཤིན་ཏུ་གསལ་བར་སྦྱོར་ཅིག་ཅེས། །ཕུན་ཚོགས་བསོད་ནམས་ཆེན་པོའི་དཔལ་མངའ་ཞིང༌། །དཀོན་མཆོག་གསུམ་དངོས་བླ་མའི་གསུང་ཚབ་མཆོག །མཁྱེན་དང་བརྩེ་བའི་རྒྱལ་མཚན་མངོན་མཐོ་བས། །ཐུབ་བསྟན་དཔལ་འབྱོར་བཟང་པོ་སྐྱོང་མཛད་པ། །མི་དབང་ཆོས་ཀྱི་བླ་མ་འགྲོ་བའི་རྗེ། །གང་གིས་བཀའ་ཡིས་བསྐུལ་བ་ཁུར་བླངས་ནས། །འཇམ་དབྱངས་བླ་མའི་ཞབས་རྡུལ་གུས་བླངས་པ། །ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་བྲིས། །དགེ་དེས་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭ་ཧི་ཏོ་བྷ་ཝནྟུ།།  །། ༄། །དཔལ་ཀྱེ་རྡོ་རྗེའི་བསྟོད་པ་ཉི་ཤུ་པའི་འགྲེལ་པ་བཞུགས་སོ།། ༈ །དཔལ་ཀྱེ་རྡོ་རྗེ་ལ་བསྟོད་པའི་རྣམ་བཤད་མཁས་པའི་ཡིད་འཕྲོག་ཅེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་སྐུ་ཚོགས་གཉིས་རྒྱས་པའི་ཆུ་གཏེར་ལས། །རྣམ་དཀར་ལས་ཀྱི་འདབ་སྟོང་སྨིན་པའི་རྩེར། །དགེ་ལེགས་དཔལ་འབྱོར་སྙིང་པོའི་གེ་སར་ཅན། །དཔལ་ལྡན་མཚོ་སྐྱེས་རྡོ་རྗེ་ལ་ཕྱག་འཚལ། །གང་གི་གསུང་རབ་ཡོན་ཏན་གཏེར། །ལན་གཅིག་བརྗོད་ནའང་དཔལ་འཕེལ་ཞིང༌། །འདོད་ལྷས་བྱིན་གྱིས་རློབ་བྱེད་པ། །དེ་ཡི་རྣམ་བཤད་གསལ་བར་བྲི། །འདིར་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྟོད་པ། པདྨ་ལ་བརྫུས་ཏེ་འཁྲུངས་ཤིང་མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ཞལ་སྔ་ནས་མཛད་པའི་བྷ་ཏ་རའི་བསྟོད་པ་ཉི་ཤུ་པར་གྲགས་པའི་འདི་བཤད་པར་བྱ་བ་ལ། ཀླད་དང༌། གཞུང་དང༌། མཇུག་གི་དོན་གསུམ་གྱི་དང་པོ་ནི། རྒྱ་གར་དུ། ཧེ་བཛྲ་མཎྜ་ལ་སྟོཏྟྲ་ནཱ་མ། བོད་སྐད་དུ། ཀྱེ་རྡོ་རྗེའི་དཀྱིལ་འཁོར་ལ་བསྟོད་པ་ཞེས་བྱ་བ། དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཞེས་ཏེ་གོ་སླའོ། །གཉིས་པ་ལ་གཉིས། བསྟོད་པ་དངོས་དང༌། དེའི་དགེ་བ་བསྔོ་བའོ། །དང་པོ་ལ་གཉིས། བསྐྱེད་རིམ་ལྟར་བསྟོད་པ་དང༌། རྫོགས་རིམ་ལྟར་བསྟོད་པའོ། །དང་པོ་ལ་གཉིས། གཙོ་བོ་ལ་བསྟོད་པ་དང༌། འཁོར་རྣམས་ལ་བསྟོད་པའོ། །དང་པོ་ལ་བཞི། ཆོས་སྐུའི་སྒོ་ནས་བསྟོད་པ། ངོ་བོ་ཉིད་སྐུའི་སྒོ་ནས་བསྟོད་པ། ལོངས་སྐུའི་སྒོ་ནས་བསྟོད་པ། སྤྲུལ་སྐུའི་སྒོ་ནས་བསྟོད་པའོ། །དང་པོ་ནི། རྒྱུད་ལས། །བརྟན་དང་གཡོ་བའི་དངོས་པོ་གང༌། །རྩྭ་ལྕུག་འཁྲི་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །ཞེས་གསུངས་པ་ལྟར་བརྟན་གཡོའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནམ། ངོ་བོ་ནི་དེ་བཞིན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དེ། བྱང་ཆུབ་སེམས་འགྲེལ་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམས་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང༌། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་དང༌། དབུ་མ་རྩ་བར། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཅེས་པ་ལྟར་དེ་ཉིད་ནི་ཆོས་གཞན་ལས་མཆོག་ཏུ་ཆོས་ཀྱི་སྐུའམ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་ལ། དེ་གདོད་མ་ནས། ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ང་ལས་གནས་གསུམ་པོ་ཡང་བྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་པ་ལྟར། དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དམ་རྒྱུའམ་ཁྱབ་བྱེད་དུ་ཡང་དག་པར་གནས་པ་ཡིན་ཏེ། རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་པ་ལྟར་རོ། །དེ་བཞིན་ཉིད་དམ། ཆོས་ཀྱི་སྐུའི་དོན་ཡང་སྣང་གྲག་གི་དངོས་པོ་ཐམས་ཅད་རང་བཞིན་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་རྣམ་པར་དཔྱད་པའི་སྟོང་པ་ཉིད་མེད་དགག་ཙམ་ཡིན་ལ། དེ་དང་སངས་རྒྱས་ཀྱི་ཆོས་སྐུ་གཉིས་སྟོབས་སོགས་བྲལ་འབྲས་ཀྱི་ཡོན་ཏན་ཡོད་མེད་ཙམ་མ་ཡིན་པ་གཞན་ཁྱད་པར་མེད་པ་ཡིན་ཏེ། དབུ་མ་བདེན་གཉིས་ལས། འདི་ལྟར་སྣང་བའི་དངོས་པོ་ལ། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །དེས་ན་གནད་འདི་མ་གོ་བར། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་ཆེན་པོའི་སངས་རྒྱས་འཇིག་རྟེན་ཁམས་འདིར་གཞན་ཡོད་མིན། །ཞེས་སོགས་ཀྱི་ལུང་ལ་བརྟེན་ནས་ལས་ཉོན་གྱི་འཆིང་བ་ཀུན་ལྡན་ཀྱི་སོ་སྐྱེ་དང༌། ཚོགས་གཉིས་མཐར་ཕྱིན་གྱི་སངས་རྒྱས་གཉིས་གློ་བུར་གྱི་དྲི་མ་དག་མ་དག་མ་གཏོགས་ཁྱད་པར་ཅུང་ཟད་ཀྱང་མེད་ཅིང༌། སྟོབས་སོགས་བྲལ་འབྲས་ཀྱི་ཡོན་ཏན་རྣམས་ཀྱང་ཡོད་པར་སྨྲ་བ་ནི་ཐུབ་པའི་དབང་པོའི་བསྟན་པ་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཏེ། རྒྱུད་བླར། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་རིགས་སོགས་ཡོད་པར་བཤད་ཀྱི། སངས་རྒྱས་དངོས་ཡོད་པར་མ་བཤད་ལ། སྟོབས་སོགས་བྲལ་འབྲས་ཀྱི་ཡོན་ཏན་ཡོད་པ་དང༌། གློ་བུར་གྱི་དྲི་མ་མ་དག་པའང་འགལ་ཏེ། རྒྱུད་བླར། སྟོབས་ཉིད་མ་རིགས་སྒྲིབས་ལ་རྡོ་རྗེ་བཞིན། །ཞེས་དང༌། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དུའང༌། གང་གི་ཚེ་བདུད་ཡོད་པ་དེའི་ཚེ་སངས་རྒྱས་ཉིད་མ་ཡིན་ཏེ། སེམས་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །གང་གི་ཚེ་སངས་རྒྱས་ཉིད་ཡིན་པ་དེའི་ཚེ་བདུད་མེད་དེ། སེམས་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །ཞེས་དང༌། བདུད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བའི་དོན་ནི། འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །ཞེས་དང༌། དེའི་ཕྱིར་བདུད་ནི་དྲི་མ་དང་བཅས་པའི་སེམས་ཡིན་ལ། སངས་རྒྱས་ནི་དྲི་མ་མེད་པའི་སེམས་ཡིན་ནོ། །ཞེས་སོགས་དང་འགལ་བའི་ཕྱིར་རོ། །འོ་ན་སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་ཆེན་པོའི་སངས་རྒྱས་ཞེས་སོགས་ཀྱི་དོན་གང་ཞེ་ན། རྒྱུད་བླར། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པས། །ཞེས་པ་ལྟར་ཁམས་རང་བཞིན་དུ་གནས་པའི་རིགས་ལ་ཁྱད་པར་མེད་པར་སྟོན་པའི་ལུང་ཡིན། སོ་སྐྱེ་ལ་ཡོན་ཏན་དང་བཅས་པའི་སངས་རྒྱས་ཡོད་པར་འཆད་པ་མ་ཡིན་ཏེ། དུས་འཁོར་འགྲེལ་ཆེན་ཉིད་དུ། རྡོ་རྗེ་སེམས་དཔའ་སྟོབས་བཅུ་པར་གྱུར་པ་སྒྲིབ་པ་དང་བཅས་པ་ཤེས་རབ་ཡོངས་སུ་དག་པ་ནི་འགའ་ཡང་མེད་དོ། །འོན་ཀྱང་ཐམས་ཅད་མཁྱེན་པའི་ལམ་ཉམས་པ་དེ་ནི་ལོག་པའི་ང་རྒྱལ་གྱིས་ཟིལ་གྱིས་མནན་པར་གྱུར་པ་ན་བདག་ཀྱང་རྡོ་རྗེ་སེམས་དཔའ་སྟོབས་བཅུ་པའོ། །ཞེས་དེ་ལྟར་རློམ་པར་བྱེད་དོ། །འདི་ནི་སྟོབས་བཅུ་པ་མ་ཡིན་ཏེ། སྟོབས་བཅུ་པའི་འགལ་ཟླ་ཉི་ཚེ་བ་རྨོངས་པ་ཆེན་པོའོ། །འདིར་རྣལ་འབྱོར་པ་འདི་ཡི་སངས་རྒྱས་ཉིད་ནི་སྔོན་མེད་པ་ཤིན་ཏུ་རྨད་བྱུང་ཆེན་པོ་སྟེ། སྒྲིབ་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཞེས་དང༌། རྣལ་འབྱོར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཏེ། གང་གི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་མེད་པའི་ཕྱིར་དང༌། དེ་བཞིན་གཤེགས་པས་ལུང་བསྟན་པ་མེད་པའི་ཕྱིར་རོ། །ཞེས་སོགས་དུ་མ་གསུངས་པ་དང་ནང་འགལ་བའི་སྐྱོན་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། ཐབས་ནི་ཀྱེ་ཞེས་པའི་དོན་ནི་སྙིང་རྗེ་སྟེ། འདི་ལ་སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ། དམིགས་པ་མེད་པའི་སྙིང་རྗེ་གསུམ་ལས། འདིར་བརྗོད་བྱའི་གཙོ་བོ་སེམས་ཅན་དང་ཆོས་སུ་རྣམ་པར་མི་རྟོག་པའི་དམིགས་མེད་ཀྱི་སྙིང་རྗེ་མཐར་ཐུག་པ་སྟེ། འདིས་ཞི་བ་མྱ་ངན་ལས་འདས་པའི་མཐའ་གནོན་ཏེ། བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་ནས། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བསྟན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། །ཞེས་པ་ལྟ་བུའི་ཐབས་དང༌། ཤེས་རབ་ནི་རྡོ་རྗེ་ཞེས་པའི་དོན་ཏོ། །ཇི་ལྟར་རྫས་ཀྱི་རྡོ་རྗེས་ཕར་ལ་དངོས་པོ་ཐམས་ཅད་འཇོམས་ལ། ཚུར་གང་གིས་ཀྱང་བཤིགས་པར་མི་ནུས་པ་དེ་བཞིན་དུ། ཤེས་རབ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་མཐར་ཐུག་པ་འདིས་ཀྱང་ཕར་མཚན་མ་དང་རྟོག་པ་ཐམས་ཅད་འཇོམས་ལ། ཚུར་གང་གིས་ཀྱང་བཤིག་པར་མི་ནུས་པ་སྟེ། རྡོ་རྗེ་རྩེ་མོར། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པར། །སྟོང་པ་ཉིད་ནི་རྡོ་རྗེར་བརྗོད། །ཅེས་སོ། །འདིས་སྲིད་པ་འཁོར་བའི་མཐའ་མནན་པའོ། །ཐབས་ཤེས་རབ་དེ་གཉིས་པོའང་ཟག་པ་མེད་པའི་དབྱིངས་སུ་དཔེར་ན་མར་མེའི་སྣང་བ་དང༌། དྲོ་མདོག་སོ་སོ་མ་ཡིན་པ་ལྟར་གཉིས་སུ་མེད་པར་གྱུར་པ་ལྟར། རྒྱུར་བླར། དྲི་མེད་གནས་ལ་མངོན་ཤེས་དང༌། །ཡེ་ཤེས་དྲི་མེད་དེ་ཉིད་ནི། །རྣམ་དབྱེར་མེད་ཕྱི་མར་མེ་ཡི། །སྣང་དང་དྲོ་མདོག་ཆོས་མཚུངས་ཅན། །ཞེས་སོ། །དེ་ལྟར་ཐབས་ཤེས་ཆུ་ལ་ཆུ་བཞག་པའམ། མར་ལ་མར་ཐིམ་པ་ལྟར་གཉིས་མེད་དུ་གྱུར་པའི་ཀྱེ་རྡོ་རྗེ་སྟེ། རྒྱུད་ལས། ཧེས་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །ཅེས་ཏེ། དེ་ལྟ་བུ་ལ་མཚོ་སྐྱེས་རྡོ་རྗེ་སོགས་རྣལ་འབྱོར་པ་ཐམས་ཅད་ཕྱག་འཚལ་ལོ་ཞེས་སོ། །གསུམ་པ་ནི། གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་པ་ནི་ལྷ་མོ་བདག་མེད་མ་ནི་མགུལ་ནས་འཁྱུད་ཅིང༌། སངས་རྒྱས་ཀྱི་ཡོན་ཏན་གོང་ནས་གོང་དུ་རྒྱས་པའི་ཕྱིར་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་རྣམ་ཐར་བརྒྱད་དག་པའི་ཞལ་བརྒྱད་དང་ལྡན་པ་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དག་པས་སྤྱན་གསུམ་དང་ལྡན་པའི་མགོན་པོ་ཀྱེ་རྡོ་རྗེ་དེ་ལ་མཚོ་སྐྱེས་རྡོ་རྗེ་བདག་ཕྱག་འཚལ། ཞེས་སོ། །བཞི་པ་ལ་བཞི། ཞལ་གྱི་སྒོ་ནས་བསྟོད་པ། ཕྱག་གི་སྒོ་ནས་བསྟོད་པ། ཞབས་སོགས་ཀྱི་སྒོ་ནས་བསྟོད་པ། རྒྱན་གྱིས་སྒོ་ནས་བསྟོད་པའོ། །དང་པོ་ནི། སྤྱི་བོ་དང་ཞལ་གཞན་རྣམས་དང་སྟེང་ཞལ་ནི་བདུད་སྐྲག་པར་བྱེད་པས་ནག་པོ་མཛེས་པར་བྱས་པ། རང་བཞིན་གྱིས་འོད་གསལ་བས་དཀར་པོ་དང་སེམས་ཅན་གྱི་དོན་ལ་རྗེས་སུ་ཆགས་པས་དམར་པོ་ནི་གོ་རིམ་བཞིན་གཡས་དང་གཡོན་གྱི་ཞལ་གཉིས་ཀྱི་ཁ་དོག་ཡིན་ལ། དེ་ལས་གང་གི་ལྷག་པའི་རྒྱབ་ཞལ་རྣམས་ནི་བུང་བ་ལྟར་གནག་པ་དེ་ལ་བདག་ཕྱག་འཚལ། ཞེས་པའོ། །གཉིས་པ་ལ་གཉིས། གཡས་ཀྱི་ཕྱག་མཚན་གྱི་སྒོ་ནས་བསྟོད་པ། གཡོན་གྱི་ཕྱག་མཚན་གྱི་སྒོ་ནས་བསྟོད་པའོ། །དང་པོ་ནི། ཕྱག་གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་དམར་པོ། ལྔ་པ་ན་རྔ་མོ་ཐལ་ཁ། དྲུག་པ་ན་སྐྱེ་པ་སྟེ་མི་དམར་པོ། བདུན་པ་ན་ཁྱི་ནག་པོ། བརྒྱད་པ་ན་མེ་ཧེ་སྔོན་པོ་འཛིན་པ་ཅན་ཏེ། ཕྱག་མཚན་འོག་མ་གཉིས། རྒྱུད་ལས་ཤ་ར་བྷ་སྟེ་སེང་གེ་གཤོག་པ་ཅན་དང༌། བྱི་ལར་བཤད་པ་དང་མི་མཐུན་མོད། སློབ་དཔོན་ཉིད་ཀྱིས་སྒྲུབ་ཐབས་ལས་ཀྱང་འདི་བཞིན་དུ་བཤད་པས་སློབ་དཔོན་འདི་བཞེད་པར་མངོན་ནོ། །ཕྱག་མཚན་དེ་དག་རྣམས་གཡས་པའི་ཕྱག་བརྒྱད་ཀྱི་མཐིལ་ལ་གནས་པའི་སྟོང་ཉིད་ཆ་བཅུ་དྲུག་གི་རང་བཞིན་ཐོད་པ་འཛིན་པ་ལ་བདག་ཕྱག་འཚལ། ཞེས་པའོ། །གཉིས་པ་ནི། གཡོན་གྱི་དང་པོ་ན་སའི་ལྷ་སེར་པོ། གཉིས་པ་ན་ཆུའི་ལྷ་དཀར་པོ། གསུམ་པ་ན་མེའི་ལྷ་དམར་པོ། བཞི་པ་ན་རླུང་གི་ལྷ་ལྗང་གུ། ལྔ་པ་ན་ཟླ་བའི་ལྷ་དཀར་པོ། དྲུག་པ་ན་ཉི་མའི་ལྷ་དམར་པོ། བདུན་པ་ན་གཤིན་རྗེ་སྔོན་པོ། བརྒྱད་པ་ན་གསང་བ་པ་སྟེ། ནོར་བདག་སེར་པོ་རྣམས་ཕྱག་གཡོན་པའི་ཕྱག་བརྒྱད་ལ་གནས་པའི་ཐོད་པ་འཛིན་ལ་བདག་ཕྱག་འཚལ། ཞེས་པའོ། །གསུམ་པ་ནི། བསྡུ་བའི་དངོས་པོ་བཞི་དག་པའི་ཞབས་བཞི་པོས་ནི་ཕུང་སོགས་བདུད་བཞི་པོའི་རང་བཞིན་གཟུགས་ཁམས་ཀྱི་ཚངས་པ་སེར་པོ་སོགས་ལྷ་ཆེན་བཞི་མཉམ་པར་མནན་ཅིང་ཆོས་ཀྱི་དབྱིངས་ལ་སྒྲིབ་པའི་སྐྱོན་ལས་གྲོལ་བས་སྐུ་གཅེར་བུ་སྟེ་འཁོར་བའི་ཉེས་པས་མ་གོས་པས་གདན་ཉི་མར་ཞབས་གཡས་བརྐྱང་གིས་བཞུགས་ཚུལ་དང༌། བྱམས་པའི་ཐུགས་ལས་མི་འགྱུར་བས་སྐུ་མདོག་སྔོན་པོ་བདེ་བ་ཆེན་པོའི་གར་གྱིས་རོལ་པར་མཛད་པ་དེ་ལ་བདག་ཕྱག་འཚལ། ཁ་ཅིག་ཉི་མར་ཞབས་གཡས་བརྐྱང་དང་བསྐུམ། ཞེས་པར་བསྒྱུར་ནས་ཞབས་མདུན་མ་གཉིས་གཡས་བརྐྱང་གཡོན་བསྐུམ་དང༌། གར་མཛད་ཅེས་པས་རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་དུ་འདོད། དེ་ལྟར་ན་གཡས་བརྐྱང་བའི་བརླ་ལ་གཡོན་བསྐུམ་ནས་སྦྱར་བའི་གར་མཛད་ཅེས་པར་བཤད་དུ་རུང་མོད། དཔེ་རྙིང་པ་ཐམས་ཅད་ལ་སྔོ་ཞེས་པར་ཡོད་ལ། འདི་མེད་ན། བསྟོད་པ་འདིར་གཙོ་བོའི་ཁ་དོག་མ་བསྟན་པའི་སྐྱོན་ཡོད་དོ། །ཞེས་པའོ། །བཞི་པ་ནི། ཁྲག་འཛག་པའི་མགོ་བོ་ལྔ་བཅུས་རྣམ་པར་བརྒྱན་ཞིང༌། ལྟག་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པའི་སྤྱི་བོར་རུས་པའི་འཁོར་ལོ་སོགས་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པས་སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན་ཅིང་དཔྲལ་བའི་ཐད་ཀྱི་དབུ་རྒྱན་གྱི་རྩེ་མོར་རིགས་ཀྱི་བདག་པོ་མི་བསྐྱོད་པས་མཛེས་པར་བྱས་པ། མི་བསླུ་བས་དམ་པ་ཡིན་ལ་དགའ་བ་ནི་བདེ་བ་ཡིན་ཏེ། བསླུ་བ་མེད་པའི་རིགས་འདི་དོན་དམ་པ་ཡིན་ཏེ། ཞེས་གསུངས་པའི་མི་འགྱུར་ཞིང་མི་བསླུ་བའི་དོན་དམ་འགྱུར་མེད་ཀྱི་བདེ་བ་ཡང་དག་པར་ཐོབ་པའི་བདེ་བ་ཆེན་པོ་ཧེ་རུ་ཀ་དེ་ལ་བདག་ཕྱག་འཚལ། ཞེས་པའི་དོན་ཏོ། །གཉིས་པ་ལ་གཉིས། སོ་སོ་ལ་བསྟོད་པ། སྤྱི་ལ་བསྟོད་པའོ། །དང་པོ་ནི། འཁོར་གྱི་ལྷ་མོའི་བསྟོད་པ་འདི་དག་ཤིན་ཏུ་གོ་སླ་བས་གཅིག་ཤེས་པས་ཀུན་ཤེས་པས་ན་ཐོག་མར་གཅིག་ལ་མཚོན་ན། ས་བོན་ནི་གང༌། ལྷ་མོའི་མིང་ནི་ཅི། དཀྱིལ་འཁོར་གྱི་ཕྱོགས་ནི་གང་ན་གནས། སྐུ་མདོག་ནི་ཇི་ལྟ་བུ། ཕྱག་མཚན་ནི་གང༌། གདན་ནི་ཅི་ལ་བཞུགས། ཞེས་དྲུག་དྲུག་གིས་གོ་བར་བྱ་བ་ལས། ས་བོན་གཾ་ལས་བྱུང་བའི་ལྷ་མོ་མཚན་གཽ་རཱིའམ་དཀར་མོ་ཞེས་པ་དཀྱིལ་འཁོར་གྱི་ཕྱོགས་ཤར་དུ་གནས་པ་སྐུ་མདོག་སྟེ་ཡན་ལག་གནག་ཅིང་ཕྱག་མཚན་ཕྱག་གཡོན་ན་ཉ་རོ་ཧི་ཏ་ཞེས་པ་ཉ་དམར་པོ་དང༌། གཡས་པ་ན་ནི་གྲི་གུག་འཛིན། གདན་ཚངས་པ་མནན་ལ་བདག་ཕྱག་འཚལ། །ཞེས་པ་སྟེ། དེ་བཞིན་དུ་འོག་མ་མདུན་ལ་ཡང་དྲུག་དྲུག་གི་སྒོ་ནས་བསྟོད་པའོ། འདིར་ཁ་ཅིག་ལྷ་མོ་རྣམས་ཀྱི་ཕྱག་མཚན་གཡོན་པ་རྣམས་དང་པོ་སྨོས་པའི་རྒྱུ་མཚན། ལྷ་མོ་རྣམས་ཤེས་རབ་ཡིན་ལ། ཕྱག་གཡོན་ཡང་ཤེས་རབ་ཀྱི་ཕྱོགས་ཡིན་པས་སོ། །ཞེས་སྨྲ་བ་ཡང་རིགས་པ་མ་ཡིན་ཏེ། དེ་ལྟར་ན་དཀྱིལ་འཁོར་གཞན་གྱི་ལྷ་མོ་རྣམས་ལའང་འབྱུང་དགོས་པ་ལས་དེ་ལྟར་མ་བྱུང་བའི་ཕྱིར་དང་སློབ་དཔོན་ཉིད་ཀྱི་སྒྲུབ་ཐབས་སུའང་གཡོན་ནས་ཐོག་མར་སྨོས་དགོས་པ་ལ་མ་སྨོས་པའི་ཕྱིར་རོ། །དེས་ན་གཡོན་ནས་ཐོག་མར་སྨོས་པ་ནི། སྡེབ་སྦྱོར་དང་འགྱུར་གྱི་དབང་གིས་ཡིན་གྱི། ཐམས་ཅད་དུ་མ་ངེས་ཏེ། གྷསྨ་རཱིའི་སྐབས་ནས། ཕྱག་གཉིས་སྦྲུལ་དང་ཐོད་པས་སྦྲེལ། །ཞེས་གཡས་ཐོག་མར་སྨོས་པའི་ཕྱིར་རོ། །གཉིས་པ་ལ་གསུམ། རྣམ་འགྱུར་དང་རྒྱན་གྱི་སྒོ་ནས་བསྟོད་པ། རྣམ་དག་གི་སྒོ་ནས་བསྟོད་པ། བསྐྱེད་ཆོག་གི་སྒོ་ནས་བསྟོད་པའོ། །དང་པོ་ནི་སྐྱིལ་ཀྲུང་སོགས་ཏེ་གོ་སླའོ། །གཉིས་པ་ནི། ཕྱོགས་ཀྱི་ལྷ་མོ། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད་དེ། ཕུང་པོ་དང་མཚམས་ཀྱི་ལྷ་མོ། ས་ཆུ་མེ་རླུང་སྟེ་ཁམས་བཞི་པོ་རྣམས་རྣམ་པར་དག་ཅིང༌། གཙོ་བོ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་བདེ་བ་རབ་དང་མཆོག་ཏུ་གྱུར་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣལ་འབྱོར་པ་རྣམས་ལ་སྟེར་བའི་ལྷ་མོ་བརྒྱད་པོ་འདི་ཐམས་ཅད་ལ། ཕྱི་ནང་གི་དངོས་པོ་ཀུན་གྱི་རང་བཞིན་ཤེས་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་ཕྱག་འཚལ་ཞེས་པའོ། །གཉིས་པ་ནི། ལྷ་མོ་བརྒྱད་པོ་ཉིད་ཀྱིས་གཡས་ཀྱི་ཕྱག་ན་བཟུང་བའི་ཕྱག་མཚན་གྲི་གུག་དང་ཌཱ་མ་རུ་སོགས་བརྒྱད་དང༌། གཾ་ཙཾ་སོགས་ས་བོན་བརྒྱད་ལས་སྐྱེས་པའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདོད་པ་ཐམས་ཅད་ལ་དུས་རྟག་ཏུ་སྟེ་བར་མ་ཆད་པར་གུས་པས་ཕྱག་འཚལ་ལོ། །ཞེས་པའོ། །གཉིས་པ་ནི། བསྐྱེད་ཆོག་གང་ཞིག་འོག་གི་ཉི་མ་དང་སྟེང་གི་ཟླ་བའི་དཀྱིལ་འཁོར་ཁ་སྦྱོར་བའི་བར་དུ་གནས་པའི་ས་བོན་ཧཱུྃ་དང་ཨཾ་གཉིས་ལས་སྐྱེས་པའི་གཙོ་བོ་དང༌། རིག་མ་བདག་མེད་མ་དང་བཅས་པ་ཉིད་ཀྱི་ཉིད་ཀྱི་ཞེས་པ་སྔ་མ་ཡབ་དང་ཕྱི་མ་ཡུམ་ལ་སྦྱོར་བར་མངོན་པས་ཡབ་ཡུམ་ཉིད་ཀྱི་དཀྱིལ་འཁོར་འདི་ལས་འོད་འཕྲོས་པས་ནི་འདོད་པ་གཟུགས་གཟུགས་མེད་པའི་འཇིག་རྟེན་གསུམ་པོ་སྣང་བ་སྟེ་གསལ་བར་མཛད་པ་དང་ལྡན་ཞེས་ཏེ། གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་ཁམས་གསུམ་གྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་ལྷར་གསལ་བར་བྱས་ཞེས་པའི་དོན་ཏོ། །གཙོ་བོ་ཡབ་ཡུམ་ཉིད་ཀྱི་ཐུགས་ཀ་ནས་འོད་འཕྲོས་པ་ལས་ཁམས་གསུམ་པོ་འདི་དག་ཐམས་ཅད་མ་ལུས་པ་དང་རྣམ་རྟོག་རྣམས་ཞི་བའི་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྩོལ་བར་མཛད་པ་ནི་སྟོང་པ་ཉིད་དེ་དེར་སྡུད་ཅིང༌། དེར་མ་ཟད་གཽ་རཱི་སོགས་རིག་མ་བརྒྱད་པོ་རྣམས་སྟོང་ཉིད་ཀྱི་དབྱིངས་དེར་སྡུད་པར་མཛད་པ་ཡིན་ལ། དེར་མ་ཟད་མཐར་ཤེས་རབ་སྟོང་པ་ཉིད་དང་བདུད་རྩིའི་རོ་བདེ་བ་ཆེན་པོ་སྟེ། དེ་དག་ལ་ཆགས་པ་བཅོམ་ལྡན་འདས་ཉིད་ཀྱང་སྤྲོས་མེད་ཀྱི། གནས་སུ་སམྦུ་ཊར། དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པས། །ནམ་མཁར་ནམ་མཁའ་ཇི་ལྟ་བུ། །ཞེས་གསུངས་པ་ལྟར། ཞི་བ་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ། །ཞེས་དེ་སྡུད་རིམ་གྱི་སྒོ་ནས་སོ། །གཉིས་པ་ནི། གཽ་རཱི་སོགས་མཁའ་འགྲོ་མ་བརྒྱད་ཀྱི་གཙོ་བོ་ཀྱེ་རྡོ་རྗེ་དང༌། དེའི་རིག་མ་ལྷ་མོ་བདག་མེད་མ་དང༌། འཁོར་གཽ་རཱི་སོགས་དང་བཅས་པ་ལ་བསྟོད་པའི་མཚོ་སྐྱེས་རྡོ་རྗེ་བདག་གིས་བསོད་ནམས་གང་ཐོབ་པ་དེས་ནི་འཇིག་རྟེན་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱེ་རྡོ་རྗེ་དེ་དང་མཚུངས་པར་ཤོག་ཅིག་ཅེས་པའི་དོན་ཏོ། །གསུམ་པ་མཇུག་ནི། དཔལ་ཀྱེ་རྡོ་རྗེ་ལ་བྷ་ར་ཏའི་བསྟོད་པ་ཉི་ཤུ་པ་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ་རྫོགས་སོ།།  །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།།  །།ཞེས་པའི་འདི་ནི་གོ་སླའོ། །བདག་བློ་རྒྱུད་འགྲེལ་ཆུ་གཏེར་ལས། །བསྟོད་པའི་རྣམ་བཤད་མེ་ཏོག་ཕྲེང༌། །མཁས་ཀུན་དགའ་བའི་འདབ་སྟོང་ལྡན། །ལེགས་བཤད་ཟེ་འབྲུས་མཛེས་འདི་འཁྲུངས། །འདི་སྦྱར་དགེ་བ་སྟོན་ཀའི་ཟླ་བ་དེས། །དོན་གཉེར་བློ་ཡི་མུན་པ་སེལ་བ་དང༌། །མཐའ་ཡས་ཡོན་ཏན་ཆ་ཤས་ཡོངས་རྫོགས་ནས། །དགེ་ལེགས་རི་བོང་མཚན་མས་མཛེས་གྱུར་ཅིག །བསྟོད་པའི་རྣམ་པར་བཤད་པ་མཁས་པའི་ཡིད་འཕྲོག་ཅེས་བྱ་བ་འདི་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་རིང་ལུགས་པ་རྣམས་ཀྱི་རྒྱལ་པོ་ཆོས་ཀྱི་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོ་ལ་བློ་གསལ་མང་པོས་བསྐུལ་བའི་ངོར། དཔལ་ས་སྐྱ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་སུ་སྦྱར་བའོ།།  །། ༄། །དཔལ་ཀྱེ་རྡོ་རྗེ་མཚོ་སྐྱེས་ལུགས་ཀྱི་དཀྱིལ་འཁོར་མཆོད་པའི་ཆོ་ག་ཚོགས་གཉིས་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ།།  ༈ །དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་མཆོད་པའི་ཆོ་ག་ཚོགས་གཉིས་རྒྱས་བྱེད་ཅེས་བྱ་བ། བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །འདབ་བརྒྱའི་ལྟེ་བར་རྟ་བདུན་གདན་དང་བདུད་ཀྱི་སྙིང་གར་བཅོམ་ལྡན་འདས། །རྣམ་ཐར་ཞལ་དང་སྟོང་ཉིད་ཕྱག་ལྡན་བསྡུ་དངོས་ཞབས་ཀྱིས་གར་མཛད་པ། །མ་བརྒྱད་མཁའ་འགྲོའི་གཙོ་ལ་བཏུད་དེ་དེ་ཡི་དཀྱིལ་འཁོར་མཆོད་པའི་ཚུལ། །གྲུབ་པའི་དབང་ཕྱུག་མཚོ་སྐྱེས་ཞབས་ཀྱི་དགོངས་པ་ཇི་བཞིན་འདིར་བཤད་བྱ། །ལེགས་བཤམ་བསྐྱེད་དང་མཎྜལ་བསྒྲུབ། །ཕྱག་འཚལ་མཆོད་དང་རྒྱུན་བཤགས་བྱ། །སྨོན་ལམ་བཏབ་དང་བཟོད་པར་གསོལ། །གཤེགས་གསོལ་མཇུག་སྟེ་རྣམ་པ་བཅུ། །དེ་ལ་དང་པོ་མཆོད་པ་བཤམས་པའི་ཕྱིར། སྔགས་པས་ཐོ་རངས་སྔ་བར་ལྡང་བའི་རྣལ་འབྱོར་གྱིས་ལྡང་སྟེ། བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་ཀྱི་རྣལ་འབྱོར་ཡང་བྱས་ལ། ཡིད་དང་མཐུན་པའི་གནས་སུ། ཕྱག་དར་དང༌། སྐྱང་ནུལ་བྱ། མཎྜལ་ཁྲུ་གང་ལས་མི་ཆུང་བའི་ས་གཞིར་བ་བྱུང་ལྔ་དང༌། དྲི་བཟང་པོས་བྱུག་པའི་མཎྜལ་བྱས་ལ། དེར་མཎྜལ་གྱི་གཡས། རང་གི་གཡོན་ནས་གཡས་སྐོར་དུ་རིན་པོ་ཆེའི་སྣོད་དམ་དུང་ཆོས་ལ་སོགས་པར་ཆུ་དང་དྲི་བཟང་སྦྱར་བའི་ཞབས་བསིལ་དང༌། ཆུ་དང་འོ་མ་སྦྱར་བའི་ཞལ་བསིལ་དང༌། ཆུ་ལ་མེ་ཏོག་མང་པོ་བཏབ་པའི་མཆོད་ཡོན་ཏེ། ཆུ་གསུམ་དང༌། མཎྜལ་གྱི་གཡོན། རང་གི་གཡས་སུ་གཡོན་སྐོར་གྱིས། མེ་ཏོག སྤོས། མར་མེ། དྲི། ཞལ་ཟས་ཏེ་ཉེར་སྤྱོད་ལྔ་དང༌། མདུན་དུ་བཟེད་ཞལ་ཡང་བཤམ། རང་གི་མདུན་དུ་རང་ལ་ལྟོས་པའི་གཡོན་ནས། ཐོད་པ་མ་ད་ནས་བཀང་བ་ལ་བདུད་རྩི་རིལ་བུ་བཏབ་པ་དང༌། རྡོ་རྗེ་དྲིལ་བུ་དང༌། དུང་ཆོས་སུ་དྲི་བཟང་པོའི་ཆུ་ལ་ལས་ཐམས་ཅད་པའི་སྔགས་མང་དུ་བཟླས་པའི་བསང་ཆུ་ཀུ་ཤའི་འཐོར་ཡབ་དང་བཅས་པ་བཞག་པར་བྱའོ། །དེ་ནས་གཉིས་པ་བསྲུང་བ་བྱ་བའི་ཕྱིར། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཟླ་བའི་གཟི་བརྗིད་ལྟར་དཀར་བ། དེ་ལས་འོད་འཕྲོས་པས་ལུས་ཐམས་ཅད་གང༌། སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ཏེ། སྟོང་པར་གྱུར། དེའི་ངང་ལས་ཧཱུྃ་ལས་རང་ཉིད་ལས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་བསམས་ལ། དེའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ། ལྐོག་མར་པདྨ་འདབ་མ་བརྒྱད་པ་ལ་ཨཱཿདམར་པོ། སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་སྔོན་པོ་རྣམས་བལྟས་ལ། ཨོཾ་ཨཱཿརཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་བརྗོད་པས། གནས་དང༌། བདག་དང༌། རྣལ་འབྱོར་གསུམ་བསྲུང་བར་བྱའོ། །དེ་ནས་གསུམ་པ་མཎྜལ་སྒྲུབ་པའི་ཕྱིར། བདུད་རྩི་ལྔ་དང་དྲི་བཟངས་སམ་བ་འབྱུང་ལྔ་ལ་ཨོཾ་ཨཱཿཧཱུྃ། ཞེས་པས་བསྔགས་ཤིང༌། ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་བི་ཤོ་དྷ་ནི་བཛྲ་ཡེ་སྭཱ་ཧཱ། ཞེས་པས་ཆུ་ལ་བསྔགས་ནས། མཎྜལ་གྱི་དབུས་སུ་བཞག་ལ། ལག་པ་གཡས་མཐེབ་མཛུབ་ཀྱིས་མེ་ཏོག་བཟུང་སྟེ། དབུས་ནས་དབང་ལྡན་དུ་འཐེན་ལ། གཡས་བསྐོར་དུ་ཁྱེམ་མེད་པར་བྱུག་ཅིང༌། ཨོཾ་བཛྲ་རེ་ཁེ་ཧཱུྃ། ཞེས་བརྗོད་པ་ལ་ལག་པ་མ་བཏེགས་པར་མཎྜལ་གྱི་དབུས་སུ་མེ་ཏོག་དོར་ནས། ལག་པ་བཤལ་ལ་ཐལ་མོ་སྦྱར་ཏེ། །ཆུ་བཅས་ལྕི་བ་སྦྱིན་པ་ཡིན། །སྐྱང་ནུལ་བྱས་པ་ཚུལ་ཁྲིམས་ཡིན། །གྲོག་མོ་སོགས་བསལ་བཟོད་པ་ཡིན། །བྱ་བ་བརྩམས་པ་བརྩོན་འགྲུས་ཡིན། །སྐད་ཅིག་རྩེ་གཅིག་བསམ་གཏན་ཡིན། །རི་མོ་མཉམ་པར་ཤེས་རབ་ཡིན། །ཐུབ་པའི་མཎྜལ་བྱས་པས་ཕ་རོལ་ཕྱིན་དྲུག་རྙེད་པར་འགྱུར། །ལྷ་མི་ཁྱད་པར་ཅན་སྐྱེ་ཟླ་ལྟར་ཟིལ་འཕགས་ཤིང༌། །ནད་ཀུན་ལས་གྲོལ་གསེར་གྱི་མདོག་དང་འདྲ་བར་འགྱུར། །རྒྱལ་རིགས་འབྲུ་དང་གསེར་སོགས་འབྱོར་པར་ལྡན་པར་སྐྱེ། །བདེ་ནས་བདེ་གཤེགས་མཆོག་གི་ཁྱིམ་དུ་ལུས་ལས་བྱ། །ཞེས་ཕན་ཡོན་བརྗོད་ནས་ལག་པ་གཡོན་པ་མཎྜལ་གྱི་དབུས་སུ་རེག་ལ། ཨོཾ་བཛྲ་མེ་དི་ནཱི་བཛྲ་བྷ་ཝ་བཛྲ་བནྡྷ་ཧཱུྃ། ཞེས་པས་ས་གཞི་དེ་སྣ་ཚོགས་རྡོ་རྗེར་བསམ། གཞུང་དུ་དེ་ལས་མ་བཤད་ལ། བླ་མ་དག་ཕན་ཡོན་བརྗོད་པའི་རྗེས་སུ། མཎྜལ་བསང་སྦྱངས་བྱས་ལ། དེར་ཐུན་མོང་གི་སྲུང་འཁོར་ནས། གཞལ་ཡས་ཁང་གདན་དང་བཅས་པའི་བར། བདག་བསྐྱེད་ལྟར་མདོར་བསྡུས་པའི་ཚུལ་གྱིས་བསྐྱེད་པ་ཕྱག་ལེན་ལ་མཛད་པས་གྲུབ་ན་བྱའོ། །མཎྜལ་གྱི་དབུས་སུ་དྲིའི་ཐིག་ལེ་གྲུ་བཞི་པ་དང༌། མེ་ཏོག་གི་ཚོམ་བུ་བཀོད་ཅིང༌། ཨོཾ་ཨཱཿཧཱུྃ་ན་མཿཞེས་བརྗོད་དེ། དེ་བཞིན་དུ་ཕྱོགས་བཞི་དང་མཚམས་བཞིར་ཡང་དྲིའི་ཐིག་ལེ་ཟླུམ་པོ་རེ་དང༌། མེ་ཏོག་གི་ཚོམ་བུ་དགོད་ཅིང༌། ཤར་དུ་གཾ་བཛྲ་གཽ་རཱི་ན་མཿ ལྷོར་ཙཾ་བཛྲ་ཙཽ་རཱི་ན་མཿ ནུབ་ཏུ་བཾ་བཛྲ་བེ་ཏཱ་ལཱི་ན་མཿ བྱང་དུ་གཾ་བཛྲ་གྷསྨ་རཱི་ན་མཿ དབང་ལྡན་དུ་པཾ་བཛྲ་པུཀྐ་སཱི་ན་མཿ མེར་ཤཾ་བཛྲ་ཤ་བ་རཱི་ན་མཿ བདེན་བྲལ་དུ་ལཾ་བཛྲ་ཙཎྜ་ལཱི་ན་མཿ རླུང་དུ་ཌཾ་བཛྲ་ཌོམྦི་ནཱི་ནཱ་མཿ ཞེས་བརྗོད་ལ། ལྷ་དེ་དང་དེར་དྲན་པ་ཙམ་བྱ་བའམ། བླ་མ་དག་མཚན་སྔགས་དེ་རྣམས་ལས་སོ་སོར་ཞལ་ཕྱག་གསལ་བཏབ་པ་སྐྱེ་མཆེད་བྱིན་གྱིས་རློབས་པ་རྣམས་ཕྱག་ལེན་ལ་མཛད་པས་གྲུབ་ན་བྱའོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀའི་པདྨ་ལ་བསྣུན་པ་ཙམ་གྱིས་ཐུགས་རྒྱུད་བསྐུལ་ཏེ། སངས་རྒྱས་ཐམས་ཅད་རྗེ་བཙུན་ཀྱེ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་གྱི་རྣམ་པར་སྤྲུལ་ནས། མདུན་གྱི་ནམ་མཁར་བྱོན་པར་བསམས་ལ། ཧཱུྃ་བཞིས་ཕྱི་འབྲང་གི་བགེགས་བསྐྲད། ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛ། ཞེས་སྒྲུབ་ཐབས་ནས་བསྟན་པར་ལྟར་དགུག་གཞུག་བཅིང་དབང་དུ་བྱས་ལ། ཡི་གེ་བརྒྱ་པ་བརྗོད་པས་བརྟན་པར་བྱའོ། །བླ་མ་དག་དགུག་གཞུག་གི་རྗེས་ལ། དབང་བསྐུར་གྱི་ལྷ་སྤྱན་དྲངས་པ་ནས་རྒྱས་གདབ་པའི་བར་སྒྲུབ་ཐབས་ལྟར་བྱས་ནས། ཡི་གེ་བརྒྱ་པ་བརྗོད་པ་ཕྱག་ལེན་ལ་མཛད་པས་གྲུབ་ན་བྱའོ། །དེ་ནས་བཞི་པ་ཕྱག་འཚལ་བའི་ཕྱིར། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་ཀྱིས་བླ་མ་དང༌། གཏི་མུག་གིས་མནན་འགྲོ་གཟིགས་ཏེ། །འགྲོ་བ་གཏི་མུག་ཞི་བྱའི་ཕྱིར། །རྡོ་རྗེ་ཅན་གྱི་གཽ་རཱི་མཛད། །དེ་བས་གཽ་རཱིར་བསྟོད་ཕྱག་འཚལ། །ཞེ་སྡང་གིས་མནན་འགྲོ་གཟིགས་ནས། །འགྲོ་བ་ཞེ་སྡང་ཞི་བྱའི་ཕྱིར། །རྡོ་རྗེ་ཅན་གྱི་ཙཽ་རཱི་མཛད། །དེ་བས་ཙཽ་རཱིར་ཕྱག་འཚལ་བསྟོད། །ང་རྒྱལ་གྱིས་མནན་འགྲོ་གཟིགས་ནས། །འགྲོ་བ་ང་རྒྱལ་ཞི་བྱའི་ཕྱིར། །གཙོ་བོ་བེ་ཏཱ་ལཱི་གཟུགས་མཛད། །དེ་བས་བེ་ཏཱ་ལཱིར་ཕྱག་བསྟོད། །འདོད་ཆགས་ཀྱིས་མནན་འགྲོ་གཟིགས་ནས། །འགྲོ་བ་འདོད་ཆགས་ཞི་བྱའི་ཕྱིར། །གཙོ་བོ་གྷསྨ་རཱི་གཟུགས་མཛད། དེ་བས་གྷསྨ་རཱིར་བསྟོད་འདུད། བདག་མེད་མ་དང་གཉིས་མེད་གཟུགས། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཡེ་ཤེས་ལྔ་དང་སྐུ་གསུམ་བདག །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ། །ཞེས་བརྗོད་ཅིང༌། ཙཽ་རཱིས་ཞེ་སྡང་སྦྱང་བ་སོགས་སྦྱང་གཞི་གཞན་དང་མི་མཐུན་པར་བཤད་པ་ནི་གཙོ་ཆེ་ཆུང་གི་དབང་དུ་བྱས་པར་མངོན་ནོ། །ལྔ་པ་བསྟོད་པ་བྱ་སྟེ། སྔགས་དང་ཕྱི་ནང་ཡིད་ལས་བྱུང༌། །བླ་མེད་བསྟོད་པའི་མཆོད་པའོ། །དེ་ནས་སྔགས་ཀྱིས་མཆོད་པ་བྱ་བའི་ཕྱིར། །ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་བཅོམ་ལྡན་འདས་དང༌། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པས་བཅོམ་ལྡན་འདས་མ་དང༌། ཨོཾ་ཨཥྚཱ་ན་ན་ཡ་ན་མཿ པིཾ་གཽརྡྷ་ཀེ་ཤ་ཝརྟ་མ་ནེ་ན་མཿ ཨོཾ་ཙ་ཏུར་རྦིཾ་ཤ་ཏི་ནེ་ཏྲཱ་ཡ་ན་མཿ ཨོཾ་ཥོ་ཌ་ཤ་བྷཱུ་ཛཱ་ཡ་ན་མཿ ཨོཾ་ཀྲྀཥྞ་ཛཱི་མུ་ཏ་ཝ་པུ་ཥེ་ན་མཿ ཨོཾ་ཀ་པ་ལ་མ་ལ་ནེ་ཀ་དྷ་རི་ཎཻ་ན་མཿ ཨོཾ་ཨདྷྨ་ཏ་ཀྲུ་ར་ཙིཏྟཱ་ཡ་ན་མཿ ཨོཾ་ཨརྡྷེནྡུ་དཾ་ཥྚི་ཎེ་ན་མཿ ཞེས་རྐང་པ་བརྒྱད་ཀྱིས་མཆོད་དེ། དེ་ནས་མཆོད་པ་བྱིན་གྱིས་བརླབ་པའི་ཕྱིར། ཀུ་ཤའི་འཐོར་ཡབ་ཀྱི་རྩེས་བསང་ཆུ་བངས་པ་དེས་མཆོད་པ་རྣམས་ལ་གཏོར་ཞིང༌། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། ཧཱུྃ་ལས་བྱུང་བའི་ཐོད་པའི་ནང་དུ་ཧཱུྃ་བརྒྱད་ཞུ་བ་ལས། ལྷ་རྫས་ལས་གྲུབ་པའི་ཞབས་བསིལ། ཞབས་བསིལ། མཆོད་ཡོན། མེ་ཏོག བདུག་པོས། མར་མེ། དྲི་ཆབ། ཞལ་ཟས། གཞན་ཡང་རོལ་མོ་དང༌། གོས་ཟུང་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་མོས་ནས། འོག་ནས་འབྱུང་བ་ལྟར་སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པས་དཔག་ཏུ་མེད་པར་བསམ་མོ། །དེ་ནས་ཐལ་མོ་སྙིང་གར་སྦྱར་ལ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཞབས་བསིལ་མཆོག་འདི་དག །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །རྣམ་ལྔ་འདོད་བསྐོར་བྱ་ཞིང༌། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་མཎྜལ་ས་པ་རི་ཝ་ར། ཞེས་པས་མཆོད་ཡུལ་གསལ་གདབ། ལག་པ་གཡས་ཁུ་ཚུར་ལས་མཐེབ་མཛུབ་བརྐྱང་བ་རྩེ་སྤྲད་ལ་གཡས་སུ་བསྐོར་ཞིང༌། གྱེན་དུ་བསྟན་ལ་མཛུབ་མོ་ནས་རིམ་པར་བཀྲོལ་ནས། ཨོཾ་བཛྲ་ནཱི་རཱི་ཧཱུྃ་ཁཾ། ཞེས་པས་ཞབས་བསིལ་དབུལ། དེ་བཞིན་དུ་ཞབས་གསིལ་ཞེས་པའི་གནས་སུ་ཞབས་བསིལ་དང༌། ལག་པ་སྔར་བཞིན་ལས་གྱེན་དུ་ཁ་བསྟན་བསྐོར་ཞིང་ཐུར་དུ་སྦུབ་ལ། མཐེའུ་ཆུང་ནས་རིམ་པར་བཀྲོལ་ཞིང༌། ཨོཾ་ཧྲི་བི་ཤུདྡྷ་ས་དྷརྨ་སརྦ་པ་པཾ་ནིཥཙ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུྃ། ཞེས་པས་ཞལ་བསིལ་ཕུལ། །དེ་བཞིན་དུ་མཆོད་ཡོན་འདི་ཞེས་དང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཛཿཧཱུྃ་བཾ་ཧོཿ ཁཾ་རཾ་ཞེས་པས་ཨརྒྷཾ་དབུལ་ལོ། །དེ་ནས། མེ་ཏོག་འདི་ནི་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པ། །བདག་གིས་དད་པ་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བྷ་ག་ཝཱན་སོགས་དང༌། མེ་ཏོག་གི་ཕྱག་རྒྱ་དང༌། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག་དང༌། ཚལ་དག་རོ་ནི་ཕན་པ་དང༌། །གང་ཞིག་དྲི་དང་བདུག་སྤོས་མཆོག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །སྤོས་ཀྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས་དང༌། སྲིན་པོ་འཇོམས་ཤིང་དག་བྱེད་པ། །དགེ་ཞིང་མུན་པ་རྣམ་སེལ་བ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །མར་མེའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ་དང༌། འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །དྲིའི་ཕྱག་རྒྱ་དང༌། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་དང༌། སྨན་རྣམས་བཅུད་གཙང་ཡི་གར་འོང༌། །སྔགས་ཀྱི་ཞལ་ཟས་འདི་དག་ནི། །བདག་གི་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཞལ་ཟས་ཀྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་བཤོས་དང༌། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་རོལ་མོ་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་ཤཔྡ་ཧཱུྃ་ཕཊ་སྭཱ་ཧཱ། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་མོས་པས་བདག་འབུལ་གྱིས། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཞེས། རྡོ་རྗེ་ཁུ་ཚུར་བསྣོལ་བ་དང༌། མ་བསྣོལ་བས་སྟོད་གཡོགས་དང༌། སྨད་གཡོགས་བསྐོན་པར་བསམས་ལ། ཨོཾ་བཛྲ་ཝསྟཱ་ཡ་ཨཱཿཧཱུྃ་གིས་གོས་དབུལ་ལོ། །དེ་ནས་ནང་མཆོད་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས་ལ། མཐེབ་སྲིན་སྦྱར་བས་དབུས་ནས་བླངས་པ་སྤྱི་གཙུག་ཏུ་གཏོར་ཞིང༌། རྩ་བའི་བླ་མའི་མཚན་ལ། ཨོཾ་ཨཱཿཧཱུྃ་བཏགས་ལ་དབུལ། དེ་ནས་དཔྲལ་བའི་ཕྱོགས་ནས་གཏོར་ཞིང༌། རྡོ་རྗེ་འཆང༌། བི་ལ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན་ཀ་ར། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷཱ་ར། འབྲོག་མི། སེ་མཁར་ཆུང་བ། ཞང་དགོན་པ་བ། རྗེ་ས་སྐྱ་པ་ཆེན་པོ། ནེ་ཙོ་སྦལ་སྟོན། རྟ་སྟག་སོ་བ་རིན་ཆེན་གྲུབ། དཔལ་ཆུ་བོ་རི་པ། ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་རྣམས་ལ། ཨོཾ་ཨཱཿཧཱུྃ་བཏགས་ལ་དབུལ། དེ་ནས་བདུད་རྩི་སྙིང་གའི་ཕྱོགས་ནས་གཏོར་ཞིང༌། སྔར་སྔགས་མཆོད་ཀྱི་སྐབས་སུ་བསྟན་པ་ལྟར་ལ་ཨོཾ་ཨཱཿཧཱུྃ་བཏགས་ལ། དཀྱིལ་འཁོར་དང་ཡི་དམ་གཞན་ལའང་དབུལ། མཐར་ལྟེ་བའི་ཐད་ནས། བདུད་རྩི་གཏོར་ཞིང༌། རྡོ་རྗེ་ནག་པོ་ཆེན་པོ་སོགས་ཆོས་སྐྱོང་རྣམས་ལ་ཕུལ་ནས། གཞི་བདག་དང་རིགས་དྲུག་སོགས་ཀྱང་ལྷར་གསལ་ལ་དབུལ། དེ་ནས་ཡིད་ལས་བྱུང་བའི་མཆོད་པ་བྱ་བའི་ཕྱིར། དཀར་མོ་རི་དྭགས་མཚན་མ་འཛིན། །སོགས་བརྗོད་པར་བྱའོ། །དེ་ནས་བླ་ན་མེད་པའི་མཆོད་པ་བྱ་བའི་ཕྱིར། དོན་དམ་པར། མཆོད་བྱ། མཆོད་ཡུལ། མཆོད་པ་རྣམས་རང་བཞིན་གྱིས་མ་གྲུབ་པར་བསམ་མོ། །དེ་ནས་བསྟོད་པའི་མཆོད་པར་བྱ་བའི་ཕྱིར་རྡོ་རྗེ་དྲིལ་བུ་འཛིན་པས། ཐམས་ཅད་དངོས་པོའི་རང་བཞིན་མཆོག །ཅེས་པ་ནས། ཤོག་ཞེས་པའི་བར་བྷ་ཏ་ར་ཉི་ཤུ་པས་བསྟོད་པར་བྱའོ། །དེ་ནས་རྒྱུན་བཤགས་བྱ་བའི་ཕྱིར། ཐལ་མོ་སྦྱར་ནས་ཙོག་པུར་འདུག་ལ། ཇི་སྲིད་ཐོག་མ་མེད་ནས་འཁོར་བ་ནས། །ཞེས་སོགས་སྒྲུབ་ཐབས་ནས་འབྱུང་བའི་ཚིག་རྣམས་དོན་ཡིད་ལ་དྲན་བཞིན་པས། ལན་གསུམ་བྱའོ། །འདིར་གཏོར་མ་དབུལ་བར་བྱ་སྟེ། སྒྲུབ་ཐབས་སུ་བསྟན་པའི་ཆོ་གས་སོ། །དེ་ནས་སྨོན་ལམ་བཏབ་པ་ནི། རྗེ་བཙུན་བླ་མ་དམ་པ་དང༌། །སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དགེ་བ་འདི་ཡིས་མྱུར་དུ་བདག །ཀྱེ་ཡི་རྡོ་རྗེ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རིགས་ཀྱི་རྗེས་སུ་མ་ཉམས་ཤིང༌། །དམ་ཚིག་ཅན་དགྱེས་རྡོ་རྗེ་འཆང༌། སྙིང་རྗེར་ལྡན་ཞིང་བླ་མར་གུས། །སྐྱེ་ཞིང་སྐྱེ་བར་བདག་གྱུར་ཅིག །ལག་ན་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་འདོན་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་བདག་གྱུར་ཅིག །ཧེ་རུ་ཀ་དཔལ་བདག་གྱུར་ནས། །སེམས་ཅན་རྣམས་ཀྱི་དོན་ཡང་བྱེད། །ཧེ་རུ་ཀ་ཉིད་མཆོག་ཐོབ་ནས། །སེམས་ཅན་མ་ལུས་སྐྱེ་རྡོར་གྱུར། །དེ་ལྟར་བསྟོད་པའི་མཆོག་སྦྱིན་ལས། །ལས་ནི་རྡོ་རྗེའི་རིགས་མཆོག་ཏུ་ནི་བདག་མྱུར་སྐྱེ་གྱུར་ཅིག །སེམས་ཅན་ཕན་ཕྱིར་ཡན་ལག་ཐབ་ཀྱི་ཡོན་ཏན་ཅན། །འཇམ་པའི་དབྱངས་བཞིན་བདག་གྱུར་ཅིག །རྣལ་འབྱོར་མ་ཀུན་ལ་ནི་དཔེ་མེད་པའི། །བདེ་བ་སྟེར་མཛད་རྡོ་རྗེ་སེམས་དཔའ་བཞིན་དུ་བདག་གྱུར་ཅིག །ཕྱག་རྒྱ་དྲུག་གི་བདག་བརྒྱན་དུར་ཁྲོད་གནས་སུ་ཚངས་པ་སྤྱོད་པ་དང་ལྡན་བདག་གྱུར་ཅིག །ཅེས་པ་ཡིད་ལ་འདོད་པ་ཀུན་སྨོན་བྱར་ལན་བདུན་བྱའོ། །བརྒྱད་པ་ནི། ཆོ་གའི་ལྷག་ཆད་རྣམས་ཡི་གེ་བརྒྱ་པ་མང་དུ་བརྗོད་པས་ཁ་བསྐངས་ནས། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བྱ་བའོ། །དགུ་པ་ནི། པད་སྐོར་སྔོན་དུ་འགྲོ་བས་མཐེ་བོང་དང༌། སྲིན་ལག་གིས་སེ་གོལ་དང༌། ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་པས་མཎྜལ་གྱི་ལྷ་རྣམས་ཀྱི་ཡེ་ཤེས་པ་རྣམས་གཤེགས་ཤིང༌། དམ་ཚིག་གི་ལྷ་རྣམས། ཛཿཧཱུྃ་བཾ་ཧོཿཞེས་པས་རང་གི་སྙིང་གར་བསྡུ་བར་བྱའོ། །བཅུ་པ་ནི། མེ་ཏོག་རྣམས་མཐའ་ནས་དབུས་སུ་རིམ་པར་བསྡུ་ཞིང༌། མཆོད་རྫས་རྣམས་ཀྱང་བསྡུ། ཨོཾ་ཨཱཿཧཱུྃ་བརྗོད་པས་ལས་ཀྱི་རྗེས་མི་མངོན་པར་བྱའོ། །བགྲང་ཡས་བླ་མ་དཀྱིལ་འཁོར་ལྷ་ཚོགས་ལ། །བསམ་ཡས་མཆོད་སྤྲིན་རྒྱ་མཚོས་ལེགས་མཆོད་པས། །མཐའ་ཡས་ནམ་མཁའི་མཐས་གཏུགས་སེམས་ཅན་རྣམས། །དཔག་ཡས་རྡོ་རྗེ་འཆང་དབང་ཉིད་གྱུར་ཅིག །ཅེས་པ་འདི་ཡང་ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྟོག་མེད་ཞབས་ཀྱི་གསུང་ལས་སྐྱེས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་མཎྜལ་གྱི་ཆོ་ག་ལ་བརྟེན་ནས། ལག་ལེན་བདེ་བར་ཐམས་ཅད་འདུལ་གྱི་ལོ། ས་གའི་ཟླ་བའི་ཡར་ཚེས་བརྒྱད་ལ་དཔལ་ས་སྐྱའི་གྲྭ་ཆེན་པོར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*