སྡིག་བཤགས་གསེར་གྱི་སྤུ་གྲི།

༄༅། །སྡིག་བཤགས་གསེར་གྱི་སྤུ་གྲི།

༈ རྒྱ་གར་སྐད་དུ།  ན་མ༔ སརྦ་ཏ་ཐཱ་ག་ཏཱ་བུདྡྷཱ་ཤྲཱི། བོད་སྐད་དུ། སྡིག་པ་ཐབས་ཅད་བཤགས་པའི་མདོ། ཕྱོགས་བཅུ་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།     །མཆོད་པ་འབུལ་ཞིང་སྡིག་པ་བཤགས། །དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡིན་རང་ངོ། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས། །དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ།    །དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའི་དཔལ་དྲི་མེད་རྡུལ་སེལ་རབ་མཛེས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་ཏོག་གི་འོད་ལ་མེ་ཏོག་པདྨ་བཻཌཱུརྱའི་འོད་ཟེར་རིན་པོ་ཆེའི་གཟུགས་ལྟ་བུའི་སྐུ་དང་ལྡན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤོས་མཆོག་དམ་པས་མཆོད་པའི་སྐུ་རྣམ་པར་སྤྲས་ཤིང་ལེགས་པར་བརྒྱན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཙུག་གཏོར་གྱི་གཙུག་ནས་ཉི་མའི་འོད་ཟེར་དཔག་མེད་ཟླ་འོད་སྨོན་ལམ་གྱིས་བརྒྱན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རབ་འཕྲུལ་་བཀོད་པ་ཆེན་པོ་ཆོས་ཀྱི་དབྱིངས་ལས་མངོན་པར་འཕགས་པ་ཆགས་མེད་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆུ་ཟླའི་གཞོན་ནུ་ཉི་མའི་སྒྲོན་མེ་ཟླ་བའི་མེ་ཏོག་རིན་ཆེན་པདྨ་གསེར་གྱི་གདུགས་ནམ་མཁའ་ལྟ་བུའི་སྐུ་དང་ལྡན་པ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཕྱོགས་བཅུ་ན་བཞུགས་པའི་འོད་ཟེར་རབ་ཏུ་འགྱེད་ཅིང་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་བྱེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་བཀོད་པ་ཐམས་ཅད་རབ་
ཏུ་རྒྱས་པར་མཛད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་དགོངས་པ་བསྒྲུབས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲི་མེད་ཟླ་བའི་ཏོག་གི་རྒྱལ་པོ་མེ་ཏོག་གི་བཀོད་པ་ལ་ཕྱག་འཚལ་ལོ༑ ༑དེ་བཞིན་གཤེགས་པ་རིན་ཆེན་མཆོག་གི་ཏོག་གྲགས་ལྡན་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་འཇིགས་མེད་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་དང་བྲལ་ཞིང་བག་ཚ་བ་མི་མངའ་ཞིང་སྤུ་ཟིང་ཞེས་མི་བྱེད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེང་གེའི་སྒྲ་འཇིགས་ལ་ཕྱག་འཚལ་ལོ༑ ༑དེ་བཞིན་གཤེགས་པ་གསེར་འོད་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། སངས་རྒྱས་ཀྱི་མཚན་འདི་དག་གི་སེམས་ཅན་གང་ལ་ལ་ཞིག་གིས་ཡི་གེར་འབྲིའམ། འཆང་ཞིང་ཀློག་གམ། ཡིད་ལ་བྱས་ན་སེམས་ཅན་གྱི་དོན་དུ་བསྔོས་ན། སྡིག་པ་ཐམས་ཅད་བྱང་ཞིང་དག་ནས། ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བདེ་བ་ཅན་ན་ཡོད་པ་ན། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། སངས་རྒྱས་ཀྱི་ཞིང་ངུར་སྨྲིག་གི་རྒྱལ་མཚན་ན། །དེ་བཞིན་གཤེགས་པ་རྡོ་རྗེ་རབ་ཏུ་འཛིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གྱི་ཞིང་ཕྱིར་ལྡོག་པའི་འཁོར་ལོ་རབ་ཏུ་སྒྲོག་པ་ན། །དེ་བཞིན་གཤེགས་པ་པདྨོ་ཤིན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་རྡུལ་མེད་པ་ན། །དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་ལ་ཕྱག་འཚལ་ལོ། སངས་རྒྱས་ཀྱི་ཞིང་སྒྲོན་མ་བཟང་པོ་ན། །དེ་བཞིན་གཤེགས་པ་སེང་གེའི་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་འོད་བཟང་པོ་ན། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྒྱལ་པོ་ལ་ཕྱག་འཚལ་ལོ། སངས་རྒྱས་ཀྱི་ཞིང་འདའ་བར་དཀའ་བ་ན། དེ་བཞིན་གཤེགས་པ་ཆོས་ཀྱི་འོད་ཟེར་གྱི་སྐུ་པདྨོ་ཤིན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ༑ ༑སངས་རྒྱས་ཀྱི་ཞིང་རྒྱན་དང་ལྡན་པ་ན། དེ་བཞིན་གཤེགས་པ་མངོན་པར་མཁྱེན་པ་ཐམས་ཅད་ཀྱི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་མེ་ལོང་གི་དཀྱིལ་འཁོར་མདོག་འདྲ་ན། དེ་བཞིན་གཤེགས་པ་འོད་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་པདྨོའི་དཔལ་ན། དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་ལ་ཕྱག་
འཚལ་ལོ། །སངས་རྒྱས་ཀྱི་ཞིང་སྟེང་ཕྱོགས་དག་པའི་གནས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་འགྲོ་ཐམས་ཅད་རྣམ་པར་འཇོམས་པ་འཕགས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་རྣམས་མདོ་ཕལ་པོ་ཆེ་ན་གསུངས་སོ། །སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཤ་སྟག་བྱེ་བ་ཁྲག་སུམ་ཅུ་འབྱུང་བ་ལ་ཕྱག་འཚལ་ལོ། །འདིའི་མཚན་ལན་གཅིག་བརྗོད་པས་སྐྱེ་བ་སྔ་མའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །སངས་རྒྱས་མར་མེ་མཛད་ཅེས་བྱ་བ་ཁྲི་བརྒྱད་སྟོང་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས་མར་མེའི་དཀོར་ལ་འབགས་པའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །སངས་རྒྱས་རབ་ཏུ་འབར་བ་ཞེས་བྱ་བ་ཤ་སྟག་ཁྲི་དྲུག་སྟོང་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས་ཕ་མ་དང་སློབ་དཔོན་ལ་སྐུར་བ་བཏབ་པ་དང་ཉེས་པ་བྱས་པའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །སངས་རྒྱས་སྐར་རྒྱལ་ཞེས་བྱ་བ་ཤ་སྟག་བྱེ་བ་ཁྲག་སུམ་སྟོང་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས་ཆོས་ཀྱི་དཀོར་ལ་འབགས་པའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །སངས་རྒྱས་སཱ་ལའི་རྒྱལ་པོ་ཞེས་བྱ་བ་ཤ་སྟག་ཁྲི་བརྒྱད་སྟོང་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས་མ་བྱིན་པར་བླངས་པའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །སངས་རྒྱས་པདྨ་འཕགས་པ་ཞེས་བྱ་བ་ཤ་སྟག་ཁྲི་ལྔ་སྟོང་ལ་ཕྱག་འཚལ་ལོ།   །འདི་ལན་གཅིག་བརྗོད་པས་མཆོད་རྟེན་གྱི་དཀོར་ལ་འབགས་པ་དང་རློམ་སེམས་བྱས་པའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །སངས་རྒྱས་ཀོའུ་དི་ནྱའི་རིགས་ཞེས་བྱ་བ་ཤ་སྟག་བྱེ་བ་ཕྲག་དགུ་བཅུ་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས་རྨོས་བཀོལ་བྱས་པའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །སངས་རྒྱས་སྟོང་ཕྲག་དགུ་བཅུ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་སྲུངས་ཞེས་བྱ་བ་ཤ་སྟག་སྟོང་ཕྲག་དགུ་སྟོང་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱེ་བ་ཕྲག་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་སྦས་པ་ལ་སོགས་པ་མཚན་ཐ་དད་པ་སྟོང་འབྱུང་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཛམ་བུ་འདུལ་བ་ཞེས་བྱ་བ་ཤ་སྟག་སྟོང་ཕྲག་ཉི་ཤུ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་མདོག་དྲི་མེད་འོད་ཟེར་ཞེས་བྱ་བ་ཤ་སྟག་དྲུག་ཁྲི་ཉིས་སྟོང་ལ་ཕྱག་འཚལ་ལོ། །སངས་རྒྱས་དབང་པོའི་རྒྱལ་པོའི་རྒྱལ་མཚན་ཞེས་བྱ་བ་ཤ་སྟག་བརྒྱད་ཁྲི་བཞི་སྟོང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མའི་སྙིང་པོ་ཞེས་བྱ་བ་ཤ་སྟག་ཁྲི་ཕྲག་ལྔ་བརྒྱ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞི་བར་མཛད་ཅེས་བྱ་བ་ཤ་སྟག་དྲུག་ཁྲི་ཉིས་སྟོང་ལ་ཕྱག་འཚལ་ལོ། སངས་རྒྱས་དེ་དག་ཐམས་ཅད་ཀྱི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་རྣམས་མདོ་སྡེ་རིམ་པ་ལྔ་ནས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་བའི་མཛོད་ལ་ཕྱག་འཚལ་ལོ། །འདིའི་མཚན་ལན་གཅིག་བརྗོད་པས་ཚེ་གཅིག་ལ་བཞོན་པ་ཞོན་པའི་སྡིག་པ་འདག་གོ  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་བའི་མཛོད་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །འདིའི་མཚན་ལན་གཅིག་བརྗོད་པས་ཚེ་གཅིག་ལ་དགེ་འདུན་གྱི་དཀོར་ལ་འབགས་པའི་སྡིག་པ་འདག་གོ  །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་དང་མེ་ཏོག་ལ་དབང་བ་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདིའི་མཚན་ལན་གཅིག་བརྗོད་པས་ཚུལ་ཁྲིམས་འཆལ་བའི་སྡིག་པ་འདག་གོ  །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱེ་བ་ཕྲག་བརྒྱའི་གྲངས་དང་མཉམ་པར་ངེས་པ་ལ་ཕྱག་འཚལ་ལོ། །འདིའི་མཚན་ལན་གཅིག་བརྗོད་པས་ཚེ་གཅིག་ལ་སྲོག་བཅད་པའི་སྡིག་པ་འདག་གོ  །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྡོ་རྗེ་དཔལ་ལ་བརྟན་ཞིང་དུལ་བ་ཕ་རོལ་གྱི་སྟོབས་རབས་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །འདིའི་མཚན་ལན་གཅིག་བརྗོད་པས་རྒྱལ་བའི་བཀའ་ཚར་གཅིག་བཀླགས་པ་དང་བསོད་ནམས་མཉམ་མོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ངེས་པར་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །འདིའི་མཚན་ལན་གཅིག་བརྗོད་པས་ཚེ་གཅིག་ལ་འདོད་ལོག་སྤྱད་པའི་སྡིག་པ་འདག་གོ  །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཟླ་འོད་སྐྱབས་གནས་དམ་པ་དགྲ་ལས་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། འདིའི་མཚན་ལན་གཅིག་བརྗོད་པས་དམྱལ་བ་མནར་མེད་དུ་སྐྱེ་ངེས་པའི་སྡིག་པ་འདག་གོ  །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ།  །འདིའི་མཚན་ལན་གཅིག་བརྗོད་པས་སེམས་ཅན་གང་གིས་ཐོས་པ་དེ་ངན་སོང་དུ་མི་སྐྱེ་ཞིང་ལྷ་དང་མི་ལུས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། འདིའི་མཚན་ལན་གཅིག་བརྗོད་པས་དམ་ཚིག་ཉམས་ཆག་དང་གཡོ་སྒྱུ་བྱས་པ་ལ་སོགས་པའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེའི་བུམ་པ་འཛིན་པ་རྣམས་ལ་ཕྱག་འཚལ་ལོ། །འདིས་སེམས་ཅན་ཐམས་ཅད་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་ཐར་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། དེ་ལ་སོགས་པ་འགྲོ་བའི་མགོན་པོ་ཀླུ་སྒྲུབ་དཔའ་བོ་དང་། དཔལ་ནཱ་རོ་པ་དང་། དཔལ་བི་མཱ་ལ་མི་ཏྲ་དང་། པཎྜིཏ་ཨ་ཏི་ཤ་ལ་སོགས་པ་བླ་མ་དམ་པ་བརྒྱུད་པར་བཅས་པ་རྣམས་པ་ཕྱག་འཚལ་ལོ། །སྡིག་བཤགས་གསེར་གྱི་སྤུ་གྲི་ཞེས་བྱ་བ་དམྱལ་བ་འཇོགས་པའི་སེག་བརྡར་འདི་བསྐལ་པ་སྙིགས་མའི་སེམས་ཅན་སྙིང་རྗེ་མེད་པ། སྐུ་གསུང་ཐུགས་ཀྱི་རྟེན་ལ་རས་ཆོད་དང་ཐུབ་གཅོད་བྱས་ནས་ཟས་སུ་ཟ་བ་དང་། གོས་སུ་གྱོན་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་ལ་ཉོ་ཚོང་དང་ཟོང་དུ་བྱེད་པའི་དུས། དགེ་སློང་གྲོང་ཆོག་བྱེད་པའི་དུས། །སྔགས་པས་གཡང་འགུགས་བྱེད་པའི་དུས། །བོན་པོས་གསང་སྔགས་བྱེད་པའི་དུས། དགེ་བཤེས་དམག་དཔོན་བྱེད་པའི་དུས། །ཆོས་མཁན་འཕོང་ར་འགྲིམ་པའི་དུས། །ལྷ་ཁང་བུད་མེད་ཀྱིས་འཛིན་པའི་དུས། །བུད་མེད་སྐྱེས་པ་སློང་བའི་དུས། །བཙུན་པ་ཚུལ་ཁྲིམས་མི་བསྲུང་བའི་དུས། །ཞང་བློན་མནའ་ལ་དགའ་བའི་དུས། །སྐྱེས་པ་མཚོན་གྱིས་བཀུམ་པའི་དུས། །གནས་བརྟན་དཀོར་ཟས་ཟ་བའི་དུས། །སྲོག་གཅོད་རང་གིས་བྱེད་པའི་དུས། །ལས་ངན་རྣམ་པ་མང་བའི་ཚེ། །རང་རྫུན་རང་ལ་བྱེད་པའི་དུས། །མ་ཎི་གླུ་རུ་ལེན་པའི་དུས། །མ་ཇོ་ཕྲུ་གུ་སློག་པའི་དུས། །གཞན་གྱི་ནོར་ལ་འདོད་ལོག་སྐྱེས་པའི་དུས། །རྣལ་འབྱོར་མ་གྲོལ་གྲོལ་རྫུ་བྱེད་པའི་དུས། །བྲེ་དང་སྲང་ལ་གཡོ་སྒྱུ་བྱེད་པའི་དུས། །རྒྱ་དང་ཚོང་ལ་ཁྱེ་ཕོགས་བྱེད་པའི་དུས། །སྒོ་མ་རྫུ་འཕྲུལ་སྒྱུར་བའི་དུས། །ཚེ་ཕྱི་མ་མི་དྲན་འདི་ཀ་བསམ་པའི་དུས། །དུས་ཀྱི་མ་ལན་ལས་ངན་བསགས་པས་ལན། །དུས་མི་འགྱུར་ཏེ་མི་རྣམས་འགྱུར་བས་ལན། །ཕ་རོལ་དམག་ཚོགས་ནད་དང་མུ་གེ་དར་བའི་དུས། དམྱལ་བ་མནར་མེད་དུ་སྐྱེ་བའི་སེམས་ཅན་ལས་ངན་ཅན་མང་པོ་ཡོད་པ་དེ་རྣམས་ཀྱི་ནང་ན་བསགས་པ་ཅན་འགའ་ཡོད་པས། སྡིག་བཤགས་གཏེར་ཆོས་འདི་དང་ཕྲད་པར་ཤོག །ཅེས་སློབ་དཔོན་ཀླུ་སྒྲུབ་གྱིས་སྨོན་ལམ་བཏབ་པ་ལགས་སོ། །འདི་བསྐལ་པ་སྙིགས་མའི་སེམས་ཅན་བསགས་པ་ཅན་རྣམས་ཀྱིས་འབྲི་ཀློག་དང་། ཁ་འདོན་བྱས་ན་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། འདི་གྲོང་ཅིག་ན་བཞུགས་ན་གྲོང་ཁྱེར་དེའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །གཏེར་ཆོས་འདི་འགྲོ་བའི་མགོན་པོ་ཀླུ་སྒྲུབ་སྙིང་པོས་ལྷ་ས་སྨིག་མང་ཚལ་གྱི་བྲག་སེང་གེ་འདྲ་བའི་འོག་ཏུ་གཏེར་དུ་སྦས་ནས་སྨོན་ལམ་བཏབ་སྐད། བསྐལ་པ་སྙིགས་མའི་སེམས་ཅན་ལས་ངན་ཅན་སྙིང་རྗེ་བ་མང་པོ་ཡོད་པས། དེ་རྣམས་ཀྱི་ནང་ནས་ལས་འཕྲོ་ཅན་འགའ་ཡོད་པས། དེ་རྣམས་ཀྱིས་འགྲོ་དོན་ཕྱོགས་མེད་དུ་སྡིག་པ་ཅན་རྣམས་ལ་ཕན་པར་གྱིས་ཤིག  །འདི་དགོན་པར་བཞུགས་ན་སྡེ་འཁྲུགས་བྱས་པའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། འདི་ཉ་དང་གནམ་སྟོང་དང་ཚེས་བརྒྱད་དང་གསུམ་ལ་ཚར་བདུན་བདུན་ཀློག་ན་མཚམས་མེད་པ་ལྔའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་བར་ཐེ་ཚོམ་མེད་དོ། །དམྱལ་བ་རིགས་དྲུག་ལ་འཁོར་མི་སྲིད་དོ༑ ༑ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་ཕྱག་རྒྱ་ཆེན་པོ་སེམས་ཉིད་གཅིག་ལ་འདུས། །དོན་དམ་སེམས་ཉིད་འགྱུར་བ་མེད་པར་མངོན་པར་འཚང་རྒྱ། སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་ཡིན། ཕྱི་མ་འབྲས་བུ་སངས་རྒྱས་འགྲུབ་པར་ཤོག །སྡིག་བཤགས་གསེར་གྱི་སྤུ་གྲི་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།  །།

འདི་ནི་བོད་རིགས་པོའོ་ལགས་ཞིག་གིས་རླུང་རྟ་དཔར་བཟོ་རྒྱུ་ཡིན།  ཡིག་ཐོག་འབྲི་རོགས་ཟེར་ནས་བསྐུལ་མ་ནན་པོ་བྱུང་བས་སྤྱི་ལོ་༢༠༠༩།  སྤྱི་ཟླ་༡༢ ཚེས་༡༧ ལ།  ཕར་ནང་དཀོན་མཆོག་དར་རྒྱས་ནས་བྲིས་པ་དགེ་འོ།།

3 Comments

Leave a Reply

Your email address will not be published.


*