༼ཁ༽༄༅། །དཔལ་ཀྱེ་རྡོ་རྗེའི་རྒྱུད་ལས་གསུངས་པའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་ཕྲིན་ལས་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ།།
དཔལ་ཀྱེ་རྡོ་རྗེའི་རྒྱུད་ལས་གསུངས་པའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གའི་འགྲེལ་པ་ཕྲིན་ལས་རྒྱས་བྱེད་ཅེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་རང་བཞིན་སྤྲོས་པ་དང་བྲལ་ཡང༌། །སྣ་ཚོགས་སྐུ་ཡི་རོལ་པས་འགྲོ་བ་འདུལ། །ཐབས་ཤེས་གཉིས་མེད་བདེ་ཆེན་ལྷན་ཅིག་སྐྱེས། །དཔལ་ལྡན་ཀྱེ་ཡི་རྡོ་རྗེས་བདག་ཅག་སྐྱོངས། །དངོས་གྲུབ་མཆོག་རྣམས་མྱུར་དུ་འགྲུབ་བྱེད་ཅིང༌། །ཞི་སོགས་དམན་པའི་དངོས་གྲུབ་མ་ལུས་པ། །འབད་མེད་བདེ་བླག་ཉིད་དུ་འགྲུབ་འགྱུར་བའི། །གཏོར་མའི་ཆོ་གའི་རྣམ་བཤད་བདག་གིས་བྲི། །འདིར་རྡོ་རྗེ་སློབ་དཔོན་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་དཔལ་སྦྱང་དཀའ་ཟླ་བའི་ཞལ་སྔ་ནས། རྩ་བའི་རྒྱུད་དཔལ་ཀྱེ་རྡོ་རྗེའི་ཕྱི་མའི་ལེའུ་བཞི་པ་དང༌། ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་གུར་ལེའུ་གསུམ་པ་དང༌། ཐུན་མོང་གི་བཤད་རྒྱུད་དཔལ་སམྦུ་ཊའི་རབ་བྱེད་དགུ་པའི་གཉིས་པ་རྣམས་ལ་བརྟེན་ནས། རང་གི་ཆོས་སྐོར་ཁ་ཚང་པར་བྱ་བའི་ཕྱིར་དུ་གཏོར་མའི་ཆོ་ག་འདི་མཛད་དོ། །འདི་ལ་གསུམ། ཀླད་དང༌། གཞུང་དང༌། མཇུག་དོན་ནོ། །དང་པོ་ལ་གསུམ། བསྟན་བཅོས་ཀྱི་མཚན། མཆོད་པར་བརྗོད་པ། བཤད་པར་དམ་བཅའ་བའོ། །དང་པོ་ནི། རྒྱ་གར་ན་སྐད་རིགས་བཞི་ལས་སཾ་སྐྲྀ་ཏའི་སྐད་དུ། གཞུང་འདི་ལ་སརྦ་བྷཱུ་ཏ་བ་ལིཾ་བི་དྷི། ཞེས་བྱ་ལ། དེ་བོད་སྐད་དུ་བསྒྱུར་ན། འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག ཞེས་ཏེ། དོན་ནི། རྣམ་བཤད་རིགས་པར། སྐྱེ་དང་བདེན་དང་དེ་བཞིན་ཡོད། །སེམས་ཅན་འདས་དང་མི་མ་ཡིན། །ཅུང་ཟད་ལུས་དང་ས་ལ་སོགས། །འབྱུང་པོའི་སྒྲར་ནི་མཁས་པས་རྟོགས། །ཞེས་བྷཱུ་ཏིའི་སྒྲ་དེ་དོན་དེ་རྣམས་ལ་འཇུག་པར་བཤད་པས་ན། རིགས་དྲུག་ཐམས་ཅད་དང་ཡེ་ཤེས་ལས་བྱུང་བའི་ཕྱིར་སངས་རྒྱས་ཀྱང་དེར་འདུས་ཏེ། དེ་ཐམས་ཅད་གཏོར་མ་འདིས་མཉེས་པར་བྱེད་པའི་ཆོ་ག་སྟེ། ཐབས་སྟོན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཉིས་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཔལ་དང་ལྡན་ཞིང༌། དམིགས་མེད་ཀྱི་སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པ་ཀྱེ་རྡོ་རྗེ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པ་ནི་སྒྱུར་བྱེད་ལོ་ཙཱ་བའི་མཆོད་བརྗོད་ཡིན་ལ། བདག་མེད་མའི་བྷ་ག་ཨེ་ཝཾ་གྱི་རྣམ་པར་ངེས་པར་ཏེ་གདོན་མི་ཟ་བར་བཞུགས་པའི་ལྷ་སྟོན་པ་རྡོ་རྗེ་སེམས་དཔའ་ཀྱེ་རྡོ་རྗེ་ལ་རྩོམ་པའི་བར་ཆད་ཞི་ཞིང་དམ་པ་རྣམས་ཀྱི་ཚུལ་དང་མཐུན་པར་བྱ་བའི་ཕྱིར་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པ་ནི། རྩོམ་བྱེད་བསྟན་བཅོས་མཁན་པོའི་མཆོད་བརྗོད་དོ། །གསུམ་པ་ནི། ཕྱག་འཚལ་ནས་ཅི་བྱ་ཞེ་ན། རེས་ཕན་རེས་གནོད་པར་བྱེད་པའི་བགེགས་དང༌། རྟག་ཏུ་གནོད་པར་བྱེད་པའི་ལོག་འདྲེན་ལ་སོགས་པ་ཁམས་གསུམ་གྱི་གནོད་བྱེད་ཐམས་ཅད་ལས་སེམས་ཅན་རྣམས་བསྲུང་བར་བྱ་བའི་ཕྱིར་འབྱུང་པོ་ཐམས་ཅད་གཏོར་མས་མཉེས་པར་བྱ་བའི་ཆོ་ག་བརྩམ་པར་བྱའོ། །གཉིས་པ་ལ་སྤྱིའི་དོན་དང༌། གཞུང་གི་དོན་གཉིས་ཀྱི་དང་པོ་ལ་གཉིས། རྫས་བཤམ་པ་དང༌། ཆོ་ག་བྱ་བའོ། །དང་པོ་ནི། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་མདུན་བསྐྱེད་དང་འབྲེལ་ན། རྗེ་བཙུན་རྩེ་མོས་དཀྱིལ་འཁོར་གྱི་བྱང་ཤར་དུ་འདས་པའི་གཏོར་མ་དང༌། དེའི་གཡས་སུ་འཇིག་རྟེན་པའི་གཏོར་མ་བཞག་པར་བཤད་པས། མདུན་བསྐྱེད་ཀྱི་གཡོན་དུ་འདས་པའི་གཏོར་མ་ཕུད་ལས་ཆུང་བར་བྱས་པ་དང༌། གཡས་སུ་འཇིག་རྟེན་པའི་གཏོར་མ་ལྷག་མ་ལས་ཆེ་བར་བྱས་པ་བཤམ། དཀྱིལ་འཁོར་སྒྲུབ་མཆོད་ལ་སོགས་པའི་ཚེ་ཕྱི་རོལ་པའི་གཏོར་མ་བྱེད་ན། སྒྲུབ་ཁང་གི་ཕྱི་རོལ་དུ་ས་གཞི་བསྟར་བ་དྲི་བཟང་པོས་བྱུགས་པའི་དབུས་སུ་གཏོར་མ་བཟང་བར་བཤམས་ཏེ། ཧེ་རུ་ཀ་འབྱུང་བར། དེ་ནས་སྔགས་པས་ཡོད་པར་གྱུར་ན་བྱང་ཆུབ་ཀྱི་སྒྲུབ་པ་པོ་སྐྱེ་བོ་གཞན་དག་འཇུག་པ་བཟློག་པའི་ཕྱིར་དཀྱིལ་འཁོར་དུ་བཀོད་ལ་ཕྱིར་འགྲོ་བར་བྱ་སྟེ། རྔ་མ་དཀར་པོ་དང༌། འཕན་དང༌། རྒྱལ་མཚན་དང༌། བ་དན་དང་བཅས་པ། གླུ་དང༌། གར་དང༌། རོལ་མོའི་སྒྲ་ལ་སོགས་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ། མདུན་དུ་ཟངས་མོ་ཆེའི་ནང་དུ་ཁུར་བ་ལ་སོགས་པ་ཉ་དང༌། ཤ་དང༌། ཟན་དང༌། ཞོ་དང༌། འོ་མ་དང༌། སྦྲང་རྩི་དང༌། ཆང་དང༌། ས་ལི་དང༌། ཏིལ་གྱིས་བསྲེས་པ་དང༌། སྣ་ཚོགས་པའི་བཟའ་བཅའ་དང༌། བཏུང་བ་དང༌། ལྡག་པ་དང༌། ཞིམ་པའི་རྫས་ཀྱིས་གང་བ། མར་མེ་ལྔ་དང༌། བདུད་རྩི་དང༌། མཆོད་རྫས་དང༌། གདུགས་དང་རྒྱལ་མཚན་དང༌། མར་མེའི་ཕྲེང་བ་སྟེ་རྫས་གཞན་གྱིས་ཀྱང་དགང་བར་བྱའོ། །མེད་པར་གྱུར་ན་ནི་ཟན་དང་ཆུ་ཙམ་གྱིས་ཐམས་ཅད་གང་བར་མོས་པ་བྱས་ལ། ཞེས་གསུངས་པའི་མཚན་ཉིད་ཅན་གྱི་གཏོར་མ་བཤམས་ལ། དེའི་གཡས་རང་གི་གཡོན་དུ་དུང་ཕོར་ལ་སོགས་པར་ཞབས་བསིལ། ཞལ་བསིལ། འཐོར་འཐུང༌། མཆོད་ཡོན་ཏེ་ཆུ་བཞི་དང༌། གཏོར་མའི་གཡོན་རང་གི་གཡས་སུ་མེ་ཏོག སྤོས། མར་མེ། དྲི་ཆབ། ཞལ་ཟས་ཏེ་ཉེར་སྤྱོད་ལྔ་བཤམས་ཏེ། རྡོ་རྗེ་གུར་ལས། ལམ་གྱི་བཞི་མདོར་གཏོར་མ་བཏང༌། །མེ་ཏོག་བདུག་སྤོས་མར་མེ་དང༌། །དེ་བཞིན་དྲི་ཡི་དུང་ཆོས་གཡས། །གཡོན་དུ་སྔགས་ཀྱི་མཆོད་ཡོན་སྣོད། །མདུན་དུ་བཟེད་ཞལ་བཞག་པར་བྱ། །ཞེས་སོ། །འོ་ན་སམྦུ་ཊར། གཡོན་དུ་ཉེ་བར་དགོས་པ་ཀུན། །གཡས་པ་དག་ཏུ་ཆུ་ཡི་སྣོད། །ཅེས་ཉེར་སྤྱོད་གཡས་དང་ཆུ་གཡོན་དུ་གསུངས་པ་དང་མི་འགལ་ལམ་ཞེ་ན་མི་འགལ་ཏེ། སམྦུ་ཊར་ནི་མདུན་བསྐྱེད་ཀྱི་དབང་དུ་བྱས་པ་ཡིན་ལ། གུར་དུ་སྒྲུབ་པ་པོའི་དབང་དུ་བྱས་ནས་བཤད་པའི་ཕྱིར་རོ། །དེ་ནས་གཏོར་མ་དེ་ནང་མཆོད་ཆུ་ཆང་གིས་སྦྱངས་པ་ལ། མཁས་པ་ཁ་ཅིག་ནང་མཆོད་ཀྱི་སྟེང་དུ་ཆུ་སོགས་བླུགས་ན་རྗེ་ཐོག་ཏུ་འབངས་རྒྱུག་པ་བྱ་བ་ཉེས་པ་ཆེན་པོ་འོང་བས་དང་པོར་ཆང༌། དེ་ནས་ཆུ། གསུམ་པ་ནང་མཆོད་ཀྱིས་སྦྱངས་ཏེ། ཆང་བླུགས་པས་གཏོར་མའི་རྒྱུ་ཟན་དང་མཚུངས། ཆུ་བླུགས་པ་ཀུན་གྱི་ལུགས་ཡིན། དེ་ནས་ནང་མཆོད་ཀྱི་བདུད་རྩིར་བྱིན་གྱིས་རློབ་པ་ཡིན་ཏེ། སམྦུ་ཊར། རྫས་ནི་འདི་དག་ཐམས་ཅད་ལ། །བདུད་རྩི་ལྔས་ནི་སྦྱང་བར་བྱ། །ཞེས་བཤད་པའི་ཕྱིར་རོ་ཞེས་འདོད་མོད། འདི་ནི་རྣམ་པར་མ་དཔྱད་པ་ཡིན་ཏེ། རྗེ་འབངས་སུ་བྱེད་པ་དངོས་པོ་བཟང་ངན་གྱི་སྒོ་ནས་འབྱེད་དམ། བྱིན་གྱིས་བརླབས་མ་བརླབས་ཀྱིས་འབྱེད། དང་པོ་ལྟར་ན་ནི་ཆུ་དང་ཆང་གཉིས་ཀྱང་དངོས་པོ་ལ་བཟང་ངན་དངོས་སུ་གྲུབ་པའི་ཕྱིར་ཁྱེད་རང་གི་ལུགས་ལའང༌། རྗེ་ཐོག་ཏུ་འབངས་རྒྱུག་པའི་སྐྱོན་དུ་འགྱུར་ལ། གཉིས་པ་ལྟར་ན། ཁྱོད་ཀྱི་ལུགས་ལ་བྱིན་གྱིས་བརླབས་པའི་ནང་མཆོད་སྔ་མའི་སྟེང་དུ་བྱིན་གྱིས་མ་བརླབས་པའི་ཆང་བླུགས་པར་མི་རིགས་ཏེ། རྗེ་ཐོག་ཏུ་འབངས་རྒྱུག་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ནང་མཆོད་ཀྱི་དབུས་ནས་མཐེབ་སྲིན་སྦྱར་བས་ཕུད་བླངས་ལ། དེ་ནས་ཆང་བླུགས་ཏེ་སྔར་མཐེབ་སྲིན་གྱིས་བླངས་པའི་ནང་མཆོད་དེས་གཏོར་བ་ཕྱག་ལེན་ལ་ཡོད་པས་སྐྱོན་མེད་ཟེར་རོ། །དེ་ལྟར་ན་མཆོད་ཡོན་ལ་སོགས་པའི་ཉེར་སྤྱོད་དང་གཏོར་མ་སྔ་མའི་སྟེང་དུ་ཕྱི་མས་ཁ་གསོ་བ་ན་ཡང་དེ་དག་གི་ཕུད་བླང་དགོས་པར་འགྱུར་རོ། །སམྦུ་ཊར། བདུད་རྩིས་སྦྱང་བར་བཤད་པས་ཁོ་བོ་ལ་གནོད་པ་མེད་དེ། དེ་བཞིན་དུ་འདོད་པའི་ཕྱིར་རོ། །ཁྱེད་ལ་ནི་ཤིན་ཏུ་ཡང་གནོད་དེ། ཁྱེད་ཀྱིས་བདུད་རྩི་བླུགས་པ་བྱིན་གྱིས་བརླབ་པར་འདོད་པ་ལ། ལུང་དེ་ལས་སྦྱང་བར་གསུངས་པའི་ཕྱིར་ཏེ། དར་གྱི་སྲིན་བུ་རང་གི་ཁ་ཆུས་བཅིངས་པ་བཞིན་ནོ། །ཡང་རང་ལུགས་ཀྱི་བླ་མ་ཁ་ཅིག རྫས་ཀྱིས་བསང་སྦྱང་སྤེལ་གསུམ་དང༌། སྔགས་ཀྱིས་བསང་སྦྱང་སྤེལ་གསུམ་གཉིས་ལས། རྫས་ནང་མཆོད་དང་སྔགས་ཨ་མྲྀ་ཏ་གཉིས་ཀྱིས་བསང༌། རྫས་ཆུ་དང་སྔགས་སྭ་བྷཱ་ཝ་གཉིས་ཀྱིས་སྦྱངས། རྫས་ཆང་དང་སྔགས་ཡི་གེ་གསུམ་གྱིས་སྤེལ་བ་ནི་མན་ངག་དམ་པའོ་ཞེས་དང༌། ཡང་ཁ་ཅིག བདུད་རྩིར་བྱིན་གྱིས་བརླབས་པའི་ནང་མཆོད་དང་པོ་བླུགས་པ་ནི་གཏོར་མའི་རྒྱུ་ཡིན་ལ། ཆང་དང་ཆུ་གཉིས་ཀྱིས་ནི་སྦྱང་བའོ། །ཞེས་བཞེད་པ་རྣམས་ནི། སམྦུ་ཊར། བདུད་རྩིས་སྦྱང་བར་བཤད་པ་དང༌། འཕགས་པ་རིན་པོ་ཆེས་གཏོར་མ་ནང་མཆོད་ཆུ་དང་ཆང་གིས་སྦྱངས་ལ། ཞེས་བཤད་པ་དང་འགལ་ལོ། །ཕྱི་རོལ་པའི་གཏོར་མ་ལ། རྗེ་བཙུན་རྩེ་མོས། གཏོར་མ་ལ་ཆང་དང་ཆུ་ལ་སོགས་པ་བླུགས་ལ། ཞེས་པའི་སོགས་ཁོངས་ནང་མཆོད་དུ་མངོན་ཏེ། ཡི་གེ་རྙིང་ཁ་ཅིག་ནས་ཕུད་ཅུང་ཟད་ཕར་བླུགས་པའི་ནང་མཆོད་ཀྱིས་སྦྱང་བར་བཤད་པའི་ཕྱིར་རོ། །གཉིས་པ་ནི། རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས། ལྷ་དང་འབྱུང་པོ་ཐ་མི་དད་དང༌། ལྷ་དང་འབྱུང་པོ་ཐ་དད་ཀྱི་ཆོ་ག་གཉིས་བཤད་པ་ལས། དང་པོ་ལ་དཀྱིལ་འཁོར་དང་འབྲེལ་པ་དང་མ་འབྲེལ་པ་གཉིས་ལས། དང་པོ་ལྟར་ན། རྫས་ཀྱི་ཏིང་ངེ་འཛིན་འོག་ནས་འབྱུང་བ་ལྟར་བྱས་ནས། ཐུན་མཚམས་ཀྱི་མཎྜལ་མཆོད་པའང༌། སྟ་གོན་གྱི་ཚོམ་བུའི་དཀྱིལ་འཁོར་རམ། རྡུལ་ཚོན་ནམ། རས་བྲིས་ཀྱི་དཀྱིལ་འཁོར་ལ་སོགས་པ་ཡོད་ན་དཀྱིལ་འཁོར་གྱི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་དུ་ཧཱུྃ་བརྒྱད་ལས་ཤར་དུ་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བརྒྱད་དང༌། དཀྱིལ་འཁོར་གྱི་སྟེང་གི་ཆ་དབང་ལྡན་དུ་ཆོས་འབྱུང་ལ་གནས་པའི་པདྨ་འདབ་བརྒྱད་ཀྱི་ལྟེ་བ་དང་འདབ་མ་རྣམས་ལ་ཨོཾ་དགུ་ལས་དབུས་སུ་སྐུ་རྡོ་རྗེ། ཤར་དུ་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་བརྒྱད་དང༌། འོག་གི་ཆ་སྲིན་པོར་ཆོས་འབྱུང་ལ་གནས་པའི་པདྨ་འདབ་བརྒྱད་ཀྱི་ལྟེ་བ་དང་འདབ་མ་རྣམས་ལ་ཨཱཿདགུ་ལས་དབུས་སུ་གསུང་རྡོ་རྗེ། ཤར་དུ་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད་བསམ། ཆོ་ག་ལྷག་མ་རྣམས་ནི་འོག་ནས་འབྱུང་བ་ལྟར་བྱའོ། །གཉིས་པ་དེ་དག་དང་མ་འབྲེལ་ན། མར་མེ་མཛད་ཀྱིས་ཤར་ལྷོའི་དུར་ཁྲོད་ཀྱི་ནམ་མཁའ་ལ། ཆོས་འབྱུང་སུམ་བརྩེགས་སྟེང་འོག་རིམ། །ཞེས་པའམ། སློབ་དཔོན་ཀཾ་པ་ལས། ཤར་གྱི་དུར་ཁྲོད་ནམ་མཁའ་ལ། །ཆོས་འབྱུང་སུམ་བརྩེགས་བར་མར་ནི། །ཞེས་བཤད་པས། བདག་བསྐྱེད་མ་བསྡུས་ན། ཤར་གྱི་དུར་ཁྲོད་ཀྱི་ནམ་མཁའ་ལ། བསྡུས་ན་རང་གི་ཤར་གྱི་མདུན་དུ། ཨེ་ལས་ཆོས་འབྱུང་སུམ་བརྩེགས་ཀྱི་ནང་དུ། པཾ་ལས་པདྨ་འདབ་བརྒྱད་རེ་རེ་བསམས་ནས། དབུས་ཀྱི་པདྨའི་ལྟེ་བར་རྫེ་བཙུན་ལྷ་དགུའམ་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའམ། བཅུ་གསུམ་མའམ། མཁའ་འགྲོ་ལྔ་རིགས་བསྡུས་པའམ། རིགས་རྐྱང་པ་ལ་སོགས་པའམ་སྐབས་དང་འབྲེལ་པའི་དཀྱིལ་འཁོར་བསམ། འདབ་མ་བརྒྱད་ལ་ཕྱོགས་སྐྱོང་བརྒྱད། སྟེང་དུ་སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ། འོག་ཏུ་གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་དང་བཅས་པ་རྣམས་འོག་ནས་འབྱུང་བ་བཞིན་བསམས་ཏེ་མགྲོན་བསྐྱེད་པའོ། །དེ་ནས་མགྲོན་དགུག་པ་བྱིན་གྱིས་བརླབ་པ་དབང་བསྐུར་བའི་བར་འོག་བཞིན་བྱས་ལ། ཆུའི་ལྷག་མ་ཡར་ལུད་པ་ལས། ཁ་ཅིག་ཀྱེ་རྡོ་རྗེ་ཕྱོགས་སྐྱོང་བརྒྱད་དང་བཅས་པ་ལ་མི་བསྐྱོད་པ་ཞེས་ཐམས་ཅད་ལ་མི་བསྐྱོད་པའི་རྒྱས་འདེབས་པ་དང༌། སྲུ་ལུང་པས་གཙོ་བོ་ཡབ་ཡུམ་གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པ་ཞེས་སོགས་སྒྲུབ་ཐབས་ལྟར་བྱེད་པ་གཉིས་ལས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་མ་འབྲེལ་ན་དབུས་སུ་དཀྱིལ་འཁོར་གསར་དུ་བསྐྱེད་དགོས་ལ། དེ་ལ་ཡང་ཡན་ལག་བཞི་མ་རྫོགས་ན་ཆོ་ག་མ་ཚང་བར་རྣལ་འབྱོར་དབང་ཕྱུག་བཞེད་ཅིང༌། ཐམས་ཅད་ཀྱི་རིགས་བདག་མི་བསྐྱོད་པ་མ་ཡིན་པས་ཕྱི་མ་ལེགས་པར་མཐོང་ངོ༌། །དཀྱིལ་འཁོར་དང་འབྲེལ་ན་དབུས་ཀྱི་ལྷ་རྣམས་ལ་རྒྱས་འདེབས་མི་དགོས་ཏེ། སྔར་ཡན་ལག་བཞི་རྫོགས་པ་དེ་ཉིད་འདིར་གསལ་འདེབས་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ནས་གཏོར་མ་འབུལ་བའི་ཕྱིར། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨིནྡ། ཛ་མ་སོགས་ནས། ཨཊྚ། སཔྤ་སྭཱ་ཧཱའི་བར་བརྗོད་ཅིང་པད་སྐོར་བྱ་སྟེ། ལྷ་རྣམས་གསལ་བཏབ་ནས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་ཨི་དཾ་བ་ལིཾ་ལ་སོགས་པ་ལྔའམ་བདུན་གྱིས་དབུལ། ཕྱི་ནང་ཡིད་ལས་བྱུང་བའི་མཆོད་པས་མཆོད་ནས། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཞེས་སོགས་ཀྱིས་དཀྱིལ་འཁོར་པ་དང༌། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ཀྱིས་གཙོ་འཁོར་ཐམས་ཅད་ལ་བསྟོད་ནས། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཞེས་སོགས་ཀྱིས་ཕྲིན་ལས་བཅོལ། གཏོར་མ་གཞན་མེད་ན་སྐབས་འདིར་རྡོ་རྗེའི་གླུ་དང་བཀྲ་ཤིས་སྨོན་ལམ་གཤེགས་གསོལ་རྣམས་བྱ། གཏོར་མ་གཞན་ཡོད་ན་ཐམས་ཅད་རྫོགས་པའི་རྗེས་དང༌། ཚོགས་འཁོར་གྱི་སྐབས་ཡིན་ན་ལྷག་མའི་གཏོར་མའི་རྗེས་ལ་བྱའི། འདིར་བྱེད་མི་དགོས་སོ། །ཡང་སློབ་དཔོན་ཨ་བྷ་ཡས་ནི། འདི་དང་ཚུལ་མི་འདྲ་བར་བཤད་དེ། རྡོ་རྗེ་ཕྲེང་བ་ལས། ཡང་དགེས་པའི་རྡོ་རྗེའི་གཟུགས་ཀྱི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཁྲོ་བོ་དང་བཅས་པའི་སྲུང་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་ནང་དུ་གནས་པའི་གཞལ་ཡས་ཁང་གི་ནང་ན་གནས་པའི་དཀྱིལ་འཁོར་དང་སྲུང་བའི་འཁོར་ལོའི་ཕྱི་ངོས་ཀྱི་ཕྱོགས་རྣམས་སུ་དབང་པོ་ལ་སོགས་པ་འཁོར་དང་བཅས་པ་དང༌། སེམས་ཅན་དཔག་ཏུ་མེད་པ་རྣམས་བཀུག་ནས། དབང་པོ་ལ་སོགས་པ་རྣམས་འོད་གསལ་དུ་བཅུག་སྟེ། ཤེས་རབ་དང་བཅས་པའི་ཧེ་རུ་ཀའི་གཟུགས་སུ་གསལ་བར་གྱུར་པར་བསམས་ནས། ཞབས་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས། ཡང་སྔ་མ་བཞིན་སྦྱངས་པའི་གཏོར་མ། ཨོཾ་དེ་ཝ་པི་ཙུ་བཛྲ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཆཻ་གེ་ཤཱནྟིཾ་རཀྵཉྩ་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བཅོམ་ལྡན་འདས་ལ་དབུལ་ལོ། །ཨོཾ་ཨཱཿནཻ་རཱཏྨ་ཞེས་བྱ་བ་ལ་སོགས་པ་མཚན་ནས་བརྗོད་ཅིང་དེ་རྣམས་ཀྱི་ས་བོན་ཡང་བརྗོད་དེ། ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཆཻ་གེ་ཤཱནྟིཾ་རཀྵཉྩ་ཀུ་རུ་ཀུ་རུ་སྭཱ་ཧཱ་ཧཱུྃ། ཞེས་བྱ་བ་འདིས་བདག་མེད་མ་ལ་སོགས་པའོ། །ཞེས་བཤད་པའི་རྗེས་ལ་གུར་ནས་གསུངས་པའི་ཁྲོ་བོ་བཅུའི་སྔགས་ཀྱིས་ཁྲོ་བོ་བཅུ་ལ་དབུལ་བར་བཤད་པའི་མཐར། ཨོཾ་ཨིནྡ་ཛ་མ་ཞེས་སོགས་དང༌། ཞེས་བྱ་བའི་སྔགས་ཀྱིས་དབང་པོ་ལ་སོགས་པ་རྣམས་ལའོ། །ཞེས་ལྷ་དང་འབྱུང་པོ་ཐ་མི་དད་ཀྱི་གཏོར་མ་གསལ་བར་བཤད་དོ། །གཉིས་པ་ལྷ་དང་འབྱུང་པོ་ཐ་དད་ཀྱི་ལུགས་ལ་འཇིག་རྟེན་ལས་འདས་པའི་དང༌། འཇིག་རྟེན་པའི་གཏོར་མ་གཉིས་ཀྱི་དང་པོ་ལ། མདུན་བསྐྱེད་དང་འབྲེལ་པ་དང༌། མ་འབྲེལ་པ་གཉིས་ལས། དང་པོ་ནི། བྱིན་གྱིས་བརླབས་པའི་གཏོར་མ་མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ལྗགས་ལས་འོད་བྱུང་བ་དེས་དྲངས་ཤིང་གསོལ་བར་བསམས་ལ་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་བྷུ་ཛ་ཛི་གྷྲ་ལ་སོགས་པ་ལྔའམ་བདུན་གྱིས་ཕུལ་ལ། མེ་ཏོག་ལ་སོགས་པས་མཆོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་དང༌། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད་ལ་འདོད་པའི་དངོས་གྲུབ་ཞུ་བ་རྣམས་བྱའོ། །གཉིས་པ་ལྟར་ན། མདུན་དུ་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་དགུའི་སྟེང་དུ་ཧཱུྃ་ཨཾ་སོགས་ས་བོན་ལས་ལྷ་དགུ་བསྐྱེད། ཡན་ལག་ལྷག་མ་གསུམ་བྱས་ནས། གཏོར་མ་འབུལ་བ་མན་ཆད་གོང་དང་འདྲ་བར་རྗེ་བཙུན་རྩེ་མོས་བཤད་ཅིང༌། རྗེ་ས་སྐྱ་པ་ཆེན་པོས་ཀྱང༌། མཁའ་དབྱིངས་པཾ་རཾ་པད་ཉིའི་སྟེང༌། །ཧཱུྃ་ལས་དཔལ་ལྡན་ལྷག་པའི་ལྷ། །དམིགས་ཏེ་ཡེ་ཤེས་གཞུག་པ་དང༌། །དབང་བསྐུར་བ་ཡང་ཇི་བཞིན་བྱ། །ལྕེ་ཧཱུྃ་རྡོ་རྗེ་ལས་འོད་ཟེར། །ལྡན་པས་མཉེས་བྱ་སྔགས་གསུམ་བརྗོད། །དེ་ནས་མཆོད་དང་བདུད་རྩི་མྱང༌། །བསྟོད་པ་གསོལ་གདབ་གཤེགས་སུ་གསོལ། །ཞེས་གསུངས་སོ། །གཉིས་པ་འཇིག་རྟེན་པའི་གཏོར་མ་ལ། དཀྱིལ་འཁོར་དང་འབྲེལ་པ་དང་མ་འབྲེལ་པ་གཉིས་ལས། དང་པོ་ལ། དཀྱིལ་འཁོར་གྱི་ཆོ་གའི་ཐོག་མཐའ་བར་གསུམ་དུ་སྦྱིན་པའི་གཏོར་མ་གསུམ་ལས། ཐོག་མར་སྦྱིན་པ་ནི་སྔོན་དུ་འགྲོ་བའི་གཏོར་མ་སྟེ། འདི་ལ་བླ་མ་དག་བླ་མེད་ཀྱི་ཆོ་ག་གང་བྱེད་ཀྱང་སྔོན་འགྲོའི་གཏོར་མ་བདེ་མཆོག་ལས་གསུངས་པའི་མཁའ་འགྲོ་སྤྱི་གཏོར་ཁོ་ནས་མཛད་ཀྱང༌། རྗེ་བཙུན་རྩེ་མོས། དང་པོར་བར་དུ་གཅོད་པ་ཐམས་ཅད་ཞི་བར་བྱ་བའི་ཕྱིར་དུ་སྔོན་འགྲོ་གཏོར་མ་བཏང་སྟེ། དེའི་ཆོ་ག་ནི་འབྱུང་པོ་སྤྱིའི་གཏོར་མའམ། ཡང་ན་མཁའ་འགྲོ་སྤྱི་གཏོར་གྱིས་བཏང་ངོ༌། །ཞེས་གདམས་ག་ཅན་དུ་གསུངས་པས། འདིར་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞིའི་གཏོར་མ་བཏང་ན་ཤིན་ཏུ་ལེགས་སོ། །དེ་ལྟར་གཏོར་མ་ཕུལ་ནས་མགྲོན་རྣམས་ཁང་པའི་ཕྱི་རོལ་དུ་བར་ཆད་བསྲུང་བའི་ཕྱིར་བཀོད་དགོས་ཏེ། རྡོ་རྗེ་ཕྲེང་བར། དབང་པོ་ལ་སོགས་པ་བསྲུང་བ་ལ་སོགས་པ་མངོན་པར་འདོད་པ་སྒྲུབ་པ་ལྷུར་བྱེད་པ་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་ངོས་སུ། ཕྱོགས་བཅུར་དཀྱིལ་འཁོར་གྱི་ལས་བརྩམ་པ་ནས་བརྩམས་ཏེ། ཇི་སྲིད་མཐར་ཐུག་པའི་བར་དུ་དགོད་པར་བྱའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་གཤེགས་སུ་གསོལ་བའི་རྗེས་ལ་ནི། དེ་ལྟར་གཏོར་མ་བཏང་བ་ལ་སོགས་པ་བྱས་ནས། ཁྲོ་བོ་རྣམས་ཀྱང་བདག་ཉིད་ལ་བཅུག་ནས། སེ་གོལ་གསུམ་གཏོགས་ཤིང་དབང་པོ་ལ་སོགས་པ་རྣམས་རང་གནས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་ལོ། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་བར་དུ་སྦྱིན་པའི་གཏོར་མ་ནི་ཕྱི་རོལ་པ་སྟེ། འདི་ལ་འབུལ་བའི་ཡུལ་ནི། ཁ་ཅིག་དཀྱིལ་འཁོར་བལྟ་བར་མི་དབང་བའི་འབྱུང་པོ་ཕྱི་རོལ་པའོ། །ཞེས་པ་ནི་མ་ཡིན་ཏེ། འབྱུང་པོ་ཉེར་བཞི་པོ་འདི་དག སྔོན་རྡོ་རྗེ་འཆང་གིས་རྒྱུད་གསུངས་པའི་ཚེ་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ནས་བསྟན་པ་བསྲུང་བར་ཁས་བླངས་པའི་ཕྱིར་རོ། །ཡང་མཁས་པ་ཁ་ཅིག ཡེ་ཤེས་སེམས་དཔའི་ཕྱིར་འབྲང་གི་བགེགས་ཡིན་ཏེ། རྣམ་སྣང་སྒྱུ་དྲྭར། གཏོར་མ་ཕུལ་ལ་ཞེས་བཤད་ཅིང༌། དེའི་འགྲེལ་པར་ཀུན་དགའ་སྙིང་པོས། དེ་ནས་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཕྱི་རོལ་དུ་བྱུང་ལ། བཅོམ་ལྡན་འདས་དང་ལྷན་ཅིག་ཕྱོགས་བཅུ་ནས་འོངས་པའི་སེམས་ཅན་མི་སྣང་བ་ཐམས་ཅད་ལ་ཕྱོགས་ཀྱི་གཏོར་མ་ཇི་ལྟ་བ་བཞིན་བྱིན་ཏེ། ཞེས་དང༌། མཁའ་འགྲོ་རྒྱ་མཚོའི་དཀྱིལ་ཆོག་ལས་ཀྱང༌། གང་དག་བཅོམ་ལྡན་འདས་ལྷན་ཅིག །འོངས་པའི་ཕྱོགས་ཀྱི་བདག་པོ་རྣམས། །གང་ཡང་རྗེས་སུ་འབྲང་བཅས་འདིར། །ཞེས་སོགས་གསུངས་པའི་ཕྱིར། ཞེས་བཞེད་པའང་མི་འཐད་དེ། ལུང་སྔ་མར་སེམས་ཅན་མི་སྣང་བ་ཞེས་བྱ་བ་ཕྱོགས་སྐྱོང་བཅུ་ཡིན་གྱི། ཕྱིར་འབྲང་གི་བགེགས་མ་ཡིན་ཏེ། ཕྱོགས་ཀྱི་གཏོར་མ་ཇི་ལྟ་བ་བཞིན་བྱིན་ཏེ། ཞེས་བཤད་པའི་ཕྱིར་རོ། །ལུང་གཉིས་པར་ཡང་བཅོམ་ལྡན་འདས་དང་ལྷན་ཅིག་འོངས་པའི་ཕྱོགས་ཀྱི་བདག་པོ་ཞེས་བཤད་ཀྱི་བགེགས་ཞེས་མ་བཤད་དོ། །དེས་ན་རང་ལུགས་ལ་ཕྱོགས་སྐྱོང་སྟེ། འཕགས་པ་ཀླུ་སྒྲུབ་ཀྱི་ཆོ་ག་ཉི་ཤུ་པར། དེའི་རྗེས་ལ་ཕྱིར་བྱུང་ནས་གཏོར་མ་དང་མཆོད་པས་ཕྱོགས་སྐྱོང་རྣམས་སོ་སོར་མཉེས་པར་བྱ་སྟེ་ཞེས་དང༌། བཟང་པོ་ཡོངས་བཟུང་ལས། སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ། །བཞག་ནས་ཕྱིར་བྱུང་ཕྱོགས་སྐྱོང་ལ། །འབྲས་དང་ཉ་དང་ཤ་ལ་སོགས། །ཆང་དང་བཅས་པའི་གཏོར་མས་མཆོད། །ཅེས་དང༌། ཨ་བྷ་ཡ་སོགས་ཀྱིས་ཀྱང་དེ་བཞིན་དུ་བཤད་པས་སོ། །དེས་ན་ཕྱི་རོལ་པ་ཞེས་པའི་དོན། སློབ་དཔོན་ནག་པོ་པས། དེ་ནས་སྒྲུབ་གཡོག་དཀྱིལ་འཁོར་དུ་བཞག་ལ་བདག་ཉིད་ཕྱིར་བྱུང་ནས་རྒྱ་ཆེན་པོའི་གཏོར་མ་རིམ་པ་འདིས་བཏང་ངོ་ཞེས་དང༌། རྗེ་བཙུན་རྩེ་མོས། ཕྱི་རོལ་དུ་འབྱུང་པོའི་ཚོགས་གཏོར་མས་ཚིམ་པར་བྱ་སྟེ། ཞེས་གསུངས་པས། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་གཏོར་མ་བཏང་བས་ན་ཕྱི་རོལ་པ་ཞེས་བྱའོ། །གལ་ཏེ་ཕྱི་རོལ་དུ་གཏོང་དགོས་པའི་རྒྱུ་མཚན་ཅི་ཞེ་ན། འདི་ལ་སློབ་དཔོན་པདྨ་བཛྲས། དཀྱིལ་འཁོར་བྲི་ཚར་བ་ན་ཁང་པའི་ཕྱི་རོལ་དུ་ཕྱོགས་སྐྱོང་རྣམས་ཀྱི་ཐོ་བཙུགས་ནས། དེ་དག་ཕྱོགས་སྐྱོང་དུ་བསྐྱེད། སྤྱན་དྲངས་བསྟིམས་ནས་བྱ་བ་མ་ཚར་གྱི་བར་དུ་བཞུགས་པར་བཤད། སློབ་དཔོན་ཨ་བྷ་ཡས་ནི། སྔོན་འགྲོའི་གཏོར་མའི་ཚེ་འདུས་པའི་མགྲོན་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་བཀོད་ནས་དེ་དག་སོ་སོའི་ཁ་དོག་དང་མཐུན་པའི་བ་དན་ཡང་ཕུལ་ལ་དེར་དཀྱིལ་འཁོར་གྱི་ལས་མ་ཚར་གྱི་བར་དུ་བཞུགས་པར་བཤད། སློབ་དཔོན་འདི་དང་དཔའ་བོ་རྡོ་རྗེ་སོགས་ནི་དཀྱིལ་འཁོར་བསྒྲུབ་པའི་གོང་དུ་ཕྱོགས་བཞིའི་གཏོར་མ་བཏང་ནས། དེར་སྤྱན་དྲངས་པའི་མགྲོན་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་བར་ཆད་བསྲུང་བའི་ཕྱིར་དཀྱིལ་འཁོར་གྱི་ཆོ་ག་མ་ཚར་གྱི་བར་དུ་བཞུགས་པར་བཞེད་དེ། བཟང་པོ་ཡོངས་བཟུང་ལས། ཕྱོགས་བཞིའི་གཏོར་མའི་རྗེས་ལ་གཤེགས་གསོལ་གྱི་ཆོ་ག་མ་བཤད་པའི་ཕྱིར་རོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནི། སྔར་ས་ཆོག་གི་ཚེ་གཏོར་མ་ཕུལ་ནས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་བློས་བཀོད་ནས་དཀྱིལ་འཁོར་གྱི་ལས་མ་ཚར་གྱི་བར་དུ་དེར་བཞུགས་པར་བཞེད་པས་ན། ཕྱོགས་སྐྱོང་བཞུགས་སར་གཏོར་མ་འབུལ་བར་བཞེད་པ་ཡིན་ནོ། །འབུལ་བའི་ཚུལ་ལ་རྗེ་བཙུན་རྩེ་མོས། དབུས་སུ་ཐུགས་རྡོ་རྗེ་བསྐྱེད་ཀྱི་དཀྱིལ་འཁོར་མི་བསྐྱེད་པ་དང༌། བྷ་ག་ཝཱན་སོགས་ཀྱི་སྔགས་བོར་ནས་ཨིནྡ་མན་བརྗོད་པ་དང༌། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་ཀྱི་བསྟོད་པ་དོར་ནས་མི་བསྐྱོད་རྡོ་རྗེ་མན་བྱ་བ་སྟེ་ཁྱད་པར་གསུམ་བཤད་ནས། གཞན་གོང་དུ་བཤད་པ་བཞིན་བྱ། ཞེས་བཤད་ལ། ཆོས་རྒྱལ་འཕགས་པས་ཀྱང༌། དེ་ལས་གཞན་མ་གསུངས་མོད། ལག་ལེན་པ་ཁ་ཅིག མན་ངག་གི་ཁྱད་པར་བཅུ་དང་ལྡན་པ་སྟེ། གཏོར་མ་ཆང་ཕལ་པ་དང༌། ཆུ་དང་སླར་ཡང་ཆང་གིས་སྦྱང་གི ནང་མཆོད་མི་བླུགས་པ་མན་ངག་དང་པོ་སྟེ་སྔོན་གྱི་གཏམ་རྒྱུད་དང་སྦྱོར་རོ། །ཕྱིའི་མཆོད་པ་རྣམས་བསང་སྦྱང་བསྐྱེད་བྱིན་གྱིས་རློབ་ཀྱི་གཏོར་མ་བྱིན་གྱིས་མི་རློབ་པ་གཉིས་པ། གཙོ་བོ་གསུམ་གྱི་སྐྱེ་མཆེད་དྲུག་དང་གནས་གསུམ་བྱིན་གྱིས་རློབ་ཀྱི་འཁོར་རྣམས་མི་རློབ་པ་གསུམ་པ། གཙོ་བོ་གསུམ་ལ་རྣམ་སྣང་སོགས་ཀྱི་རྒྱས་འདེབས་ཀྱི་འཁོར་རྣམས་ལ་མི་འདེབས་པ་བཞི་པ། དེ་ནས་གོང་གི་ཁྱད་པར་གསུམ་བྱ་བ་བདུན་པ་མཆོད་པའི་ཚེ་སྔགས་ཀྱི་གོ་རིམ་བཞིན་གཏོར་མའི་ནང་དུ་རྫས་རྣམས་བླུགས་པ་བརྒྱད་པ། འདོད་པ་བསྒོ་བ་བྱའི་སྨོན་ལམ་མི་འདེབས་པ་དགུ་པ། ཆང་ཕལ་པས་འཐོར་འཐུང་བྱིན་ལ། སརྦ་དུཥྚཱན་གཙྪ། སརྦ་བྷཱུ་ཏ་གཙྪ། ཞེས་དང༌། ཨཥྚ། སུམྦྷ་ནི་ཟློས་ཤིང་རོལ་མོ་དྲག་ཏུ་བྱས་ནས་གཏོར་མ་སྒོ་དྲུང་དུ་དོར་བ་མན་ངག་བཅུ་པ་སྟེ་མི་འདྲ་བའི་ཁྱད་པར་ཡིན་ལ། མགྲོན་གྱི་གཙོ་བོ་གསུམ་ནི་འཇིག་རྟེན་ན་དགའ་སྟོན་ཆེན་པོ་བྱེད་པའི་ཚེ་འབངས་ཕལ་པ་རྣམས་གནོན་པ་ལ་རྒྱལ་པོ་གདན་འདྲེན་པ་བཞིན། འདིར་ཡང་འབྱུང་པོའི་རིགས་ཚད་མེད་པ་རྣམས་རིགས་གསུམ་དུ་བསྡུས་ནས། དེ་རྣམས་རང་རང་གི་དམ་ཚིག་ལས་མི་འདའ་བར་བྱ་བའི་ཕྱིར་རྡོ་རྗེ་གསུམ་བཞུགས་སུ་གསོལ་བ་ཡིན་ལ། འབྱུང་པོ་རྣམས་ནི་དཀྱིལ་འཁོར་གསང་སྤྱོད་ལྟ་བར་མི་དབང་བ་ཁོ་ན་ཡིན་ནོ་ཞེས་སྨྲ་བ་ནི་རྣམ་པར་མ་དཔྱད་པ་ཁོ་ན་ཡིན་ཏེ། མན་ངག་དང་པོ་མི་འཐད་དེ། སྔར་བཤད་པ་ལྟར་བར་ཕུད་བླུགས་པར་གསུངས་པའི་ཕྱིར་དང༌། གཏོར་མ་དེ་བདུད་རྩིར་བྱིན་གྱིས་བརླབ་དགོས་པའི་ཕྱིར་རོ། །གཉིས་པ་མི་འཐད་དེ། རྗེ་བཙུན་རྩེ་མོ། འཕགས་པ་རིན་པོ་ཆེ། སློབ་དཔོན་ནག་པོ་པ། ཉིན་འབྱུང་ཟླ་བ་རྣམས་ཀྱིས་ཕྱི་རོལ་པའི་སྐབས་ནས། གཏོར་མ་བྱིན་རླབས་རྒྱས་པར་བཤད་པའི་ཕྱིར་རོ། །གསུམ་པ་དང་བཞི་པའང་ཤིན་ཏུ་མི་འཐད་དེ། གུར་ལས་ཡེ་ཤེས་པ་དགུག་པ་དང་རིགས་བདག་གིས་རྒྱས་འདེབས་གསལ་བར་གསུངས་ཤིང༌། རྗེ་བཙུན་གོང་མ་དང༌། རྒྱ་གཞུང་ཐམས་ཅད་ལས་བཤད་པའི་ཕྱིར་དང༌། གཞན་ཡང་དེ་དག་ཡེ་ཤེས་པར་མི་བསྒྱུར་བར་འབྱུང་པོ་ཕལ་པར་འདོད་པ་ནི་རྡོ་རྗེ་ཐེག་པའི་གཞུང་ལུགས་ལ་འདྲིས་ཆུང་བ་ཡིན་ཏེ། རྣལ་འབྱོར་ཆེན་པོ་ལུགས་ཀྱིས་ཅི་དང་ཅིར་སྣང་བ་ཐམས་ཅད་ལྷའི་རོལ་པར་ཤེས་པར་བྱའི། ཐ་མལ་པའི་སྤྱོད་པ་ནམ་ཡང་བཀག་པ་ཡིན་ལ། རང་ལྷའི་རྣལ་འབྱོར་ལ་གནས་བཞིན་པས་འབྱུང་པོ་ཐ་མལ་པ་ལ་མཆོད་པ་བྱེད་པ་ནི་ཤིན་ཏུ་མི་འཐད་དེ། སློབ་དཔོན་དཔལ་དབྱངས་ཀྱིས། རང་ཉིད་རྡོ་རྗེ་སེམས་དཔར་ཁས་འཆེ་ལ། །འཇིག་རྟེན་ལྷ་ཀླུ་དག་ལ་ཕར་མཆོད་ན། །རྐྱེན་དུ་མི་འཚམ་རྣལ་འབྱོར་ཞིང་དང་འགལ། །རྒྱལ་པོས་དམངས་ཀྱི་སྤྱོད་པ་བྱེད་པ་བཞིན། །ཞེས་བཤད་པའི་ཕྱིར་རོ། །ཁྱད་པར་གཞན་གསུམ་ནི་ཁོ་བོ་ཡང་འདོད་དོ། །བརྒྱད་པ་མཆོད་པ་བསྡུ་བ་ནི། སྐབས་འདིར་བྱས་ཀྱང་མི་འགལ་མོད། རྗེ་བཙུན་རྩེ་མོས་ཁ་བཤལ་སྦྱིན་པ་འོག་ཏུ་བཤད་པའི་རིགས་པས་དེར་བྱའོ། །དགུ་པ་མི་འཐད་དེ། རྗེ་བཙུན་རྩེ་མོས། སྨོན་ལམ་བཏབ་ལ་ཞེས་པ་དང་འགལ་བས་སོ། །མན་ངག་བཅུ་པ་སརྦ་བྷཱུ་ཏ་གཙྪ་སོགས་དང༌། རོལ་མོ་དྲག་པོ་བྱེད་པ་རྗེ་བཙུན་གོང་མས་མ་བཤད་ལ། འཕགས་པ་རིན་པོ་ཆེས་བཞེད་པར་མངོན་ཡང༌། བགེགས་ཕྲ་མོ་དག་བསྐྲད་པའི་ཕྱིར་ཡིན་གྱི་འབྱུང་པོ་ཉེར་བཞི་པོ་བསྐྲད་པ་མ་ཡིན་ནོ། །ཡང་རང་ལུགས་པ་ཁ་ཅིག ལེགས་གྲུབ་ལས། ཁང་པའི་ཕྱི་རོལ་ཁོར་ཡུག་ཏུ། །ལྷ་རྣམས་ཀུན་དང་འབྱུང་པོ་ལ། །གཏོར་མ་གུས་པས་དབུལ་བར་བྱ། །ཞེས་བཤད་པས། ཕྱི་རོལ་པའི་ཚེ་འདས་པའི་ལྷ་ལའང་གཏོར་མ་དབུལ་བར་འདོད་པ་ན། ལྷ་དང་འབྱུང་པོ་ཐ་དད་ཀྱི་གཏོར་མ་ཞེས་པའི་ཚིག་ལའང་དཔྱད་པ་མ་ཞུགས་པར་ཟད་ལ། ལུང་འདིའི་དོན་ཡང་ལྷ་ཕྱོགས་སྐྱོང་བཅུ་དང་འབྱུང་པོ་སྡེ་བརྒྱད་ལ། དཔུང་བཟང་ལས་གསུངས་པ་ལྟར། ཆ་གསུམ་གྱི་གཏོར་མ་འབུལ་བ་ལ་དགོས་པ་ཡིན་ནོ། །ལུགས་གཞན་ལས་འདས་གཏོར་འབུལ་བ་ཡང་བཤད་དེ། སློབ་དཔོན་ཨ་བྷ་ཡས། ཕྱིར་བྱུང་ནས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་འཆད་པར་འགྱུར་བའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གས་རང་གི་འདོད་པའི་ལྷ་དང་དབང་པོ་ལ་སོགས་པ་ལ་གཏོར་མ་འབུལ་ལོ་ཞེས་པས་ཀྱང་ཤེས་སོ། །གསུམ་པ་དཀྱིལ་འཁོར་གྱི་ཆོ་གའི་ཐ་མར་སྦྱིན་པའི་གཏོར་མ་ལ་སློབ་དཔོན་པདྨ་བཛྲ་དང༌། ཨ་བྷ་ཡས་ནི། གཏོར་མ་བྱིན་ནས་དཀྱིལ་འཁོར་བསྡུ་བར་བཞེད་དེ། དཀྱིལ་ཆོག་ནས་གླིང་མར། ཕྱོགས་སྐྱོང་ལ་གཏོར་མ་བཏང༌། སྨོན་ལམ་གི་ཚིག་བརྗོད། དེ་ནས་ཚོན་ལ་སོགས་པའི་དངོས་པོ་རྣམས་ནང་པར་ཐོ་རངས་ལ་བསྡུ་བར་བྱ། ཞེས་དང༌། རྡོ་རྗེ་ཕྲེང་བར་དེ་ནས་སློབ་མ་རྣམས་བཞག་སྟེ་ཕྱི་རོལ་དུ་ཕྱོགས་ཀྱི་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ལ། ནང་དུ་ཞུགས་ནས་འཁོར་ལོ་ལ་ཕྱག་འཚལ་ཏེ། འཁོར་ལོའི་དབང་པོ་ལ་ཨརྒྷཾ་ལ་སོགས་པ་ཕུལ་ནས་དགེ་བ་ཡོངས་སུ་བསྔོ་སྟེ། དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ལ་བཅོམ་ལྡན་འདས་ལ་ཕྱོགས་པས་ཤར་སྒོར་འདུག་སྟེ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས། མ་རྙེད་ཅེས་བྱ་བ་ལ་སོགས་པས་བཟོད་པར་གསོལ་ཏེ། ཨོཾ་ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་དང༌། ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་བྱ་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་ནས། ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་མི་ཐུབ་ཟླ་བས་ནི། དཀྱིལ་འཁོར་བསྡུས་ནས་གཏོར་མ་སྦྱིན་པར་བཞེད་དེ། བཟང་པོ་ཡོངས་བཟུང་ལས། རྡུལ་ཚོན་བསྡུས་པའི་རྗེས་ལ། །དེ་ནས་དཀྱིལ་འཁོར་ནང་གནས་པའི། །ས་ནི་བདུད་རྩིས་ཉེར་བྱུགས་པའི། །ཕྱོགས་སྐྱོང་བ་ཡི་གཏོར་མའམ། །འབྱུང་པོ་ཀུན་ལ་གཏོར་མ་བཏང༌། །ཞེས་གསུངས་ཤིང༌། སློབ་དཔོན་གཞན་ཡང་འདི་དང་མཐུན་པར་བཤད་པ་མང་ངོ༌། །གང་ལྟར་ཡང་འབྱུང་པོ་ཐམས་ཅད་པའི་གཏོར་མ་བཏང་ནས་རང་རང་གི་གནས་སུ་གཤེགས་སུ་གསོལ་བར་བྱའོ། །གཉིས་པ་དཀྱིལ་འཁོར་དང་མ་འབྲེལ་ན། འདས་པའི་གཏོར་མ་སྔར་དཀྱིལ་འཁོར་དང་མ་འབྲེལ་བར་བཏང་བའི་ཚུལ་ལྟར་ཕུལ་བའི་རྗེས་ལ་འཇིག་རྟེན་པའི་གཏོར་མ་ཕྱི་རོལ་པ་ལྟར་ལས། ཕྲིན་ལས་གཞོལ་བ་ཡན་ཆད་བྱའི། ལྷག་མ་རྣམས་མི་དགོས་སོ། །གཉིས་པ་གཞུང་དོན་ལ་གསུམ། སྔོན་འགྲོ་བདག་གི་རྣལ་འབྱོར། དངོས་གཞི་གཏོར་མའི་ཆོ་ག དེ་དག་ནི་ཕན་ཡོན་བསྟན་པའོ། །དང་པོ་ནི་དཀྱིལ་འཁོར་སྒྲུབ་མཆོད་དང༌། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་བདག་བསྐྱེད་སྔོན་དུ་སོང་བ་རྣམས་ལ་མི་དགོས་ལ། ཐུན་མཚམས་སུ་བདག་བསྐྱེད་དང་མ་འབྲེལ་ན་ཧཱུྃ་ལས་སྐད་ཅིག་གིས། ཀྱེ་ཡི་རྡོ་རྗེ་སྦྱོར་ལྡན་པ་སྟེ། ཕྱག་གཉིས་པའི་ང་རྒྱལ་དུ་བྱས་ལ། དེ་དང་མ་འབྲེལ་བའི་རྣལ་འབྱོར་པས་འོག་ནས་འབྱུང་བའི་གཏོར་མའི་བྱ་བ་རྣམས་བསྒོམ་པ་སྟེ། བསྒྲུབ་པར་བྱ་བའི་དོན་ཡིན་ཏེ། དེ་ཉིད་བཅུ་པར། ད་ནི་གཏོར་མ་བཤད་པར་བྱ་སྟེ། གསང་སྔགས་ཧཱུྃ་བརྗོད་ནས་བདག་ཉིད་དཔལ་ཧེ་རུ་ཀའི་རྣམ་པར་གྱུར་པ་དང༌། ཐམས་ཅད་དུ་སྲུང་བ་དེའི་གནས་དང་དཀྱིལ་འཁོར་མདུན་དུ་བསམ་མོ་ཞེས་སོ། །གཉིས་པ་ལ་བཞི། མགྲོན་གྱི་ཏིང་ངེ་འཛིན་དང༌། རྫས་ཀྱི་དང༌། གཏོར་མ་འབུལ་བ། མཇུག་གི་ཆོ་གའོ། །དང་པོ་ལ་བཞི། མགྲོན་བསྐྱེད་པ། དགུག་པ། བྱིན་གྱིས་བརླབ་པ། དབང་བསྐུར་བའོ། །དང་པོ་ནི། ཐོག་མར་ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་བསྒོམས་སྟེ། གུར་འགྲེལ་ལས། བསྒོམ་པར་བྱ་ཞེས་པ་ནི། སྟོང་པ་ཉིད་བསྒོམས་པའི་རྗེས་ལའོ་ཞེས་སོ། །དེ་ནས་མགྲོན་བསྐྱེད་པ་ལ། ཤྲཱི་ཨཱ་ནནྡ་བཛྲའི་གཏོར་ཆོག་ལས། དེ་ལ་སྲུང་བའི་འཁོར་ལོ་ནི་སྟོང་པ་ཉིད་དུ་བསྒོམ་ཞིང༌། དེའི་རྗེས་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་དེ་ཉིད་ཀྱིས་མཚན་པའོ། །དེ་ལས་འོད་ཟེར་སྤྲོས་པས་བདུད་རྣམས་བཏུལ་ནས། སླར་འདུས་པ་ལས་དྲྭ་བ་དང་རྭ་བ་དང་ས་གཞིར་གྱུར་པར་བསམ་པར་བྱའོ། །ཞེས་སྲུང་འཁོར་བསྒོམ་པ་ཡང་བཤད་མོད་ཀྱི་གཞུང་གཞན་རྣམས་ལས་མི་འབྱུང་བས་འདིར་མི་བྱའོ། །དེས་ནས་ཆོས་འབྱུང་བསྐྱེད་པ་ལ་ཁ་ཅིག ཆོས་འབྱུང་གི་ནང་དུ་པདྨ་གསུམ་ཀ་འདོད་པ་ནི་མི་འཐད་དེ། དེ་ཉིད་བཅུ་པར། གོང་མ་གོང་མའི་རིམ་པས་ཆོས་འབྱུང་གསུམ་རྒྱུད་ཀྱི་དབུས་སུ་ཆུད་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་བལྟས་ལ། ཞེས་དང༌། སློབ་དཔོན་ཀཾ་པ་ལས། ཆོས་འབྱུང་སུམ་བརྩེགས་བར་མར་ནི། །ཞེས་དང༌། མར་མེ་མཛད་ཀྱིས། སྟེང་གི་ཆོས་འབྱུང་པདྨ་དཀར། །ཞེས་དང༌། འོག་གི་ཆོས་འབྱུང་པདྨ་དམར། །ཞེས་དང༌། རྗེ་བཙུན་རྩེ་མོས། དཀྱིལ་འཁོར་གྱི་ནུབ་ཕྱོགས་འོག་གི་ཆ་ལ་ཆོས་འབྱུང་གི་ནང་དུ་པདྨ་འདབ་བརྒྱད་ལ་ཞེས་སོགས་དཀྱིལ་འཁོར་དང་འབྲེལ་པའི་སྐབས་ནས་གསུངས་ཤིང༌། རྗེ་བཙུན་གྱིས་སྟེང་གི་ཆོས་འབྱུང་གི་པདྨ་ཞེས་དང༌། བར་གྱི་ཆོས་འབྱུང་གི་པདྨ་ཞེས་དང༌། ཆོས་འབྱུང་འོག་མའི་པདྨ་ཞེས་པ་དང་འགལ་བའི་ཕྱིར་རོ། །ཁ་ཅིག་གུར་ལས། ནམ་མཁའི་ཁམས་ཀྱིས་དབུས་གནས་པར། །པདྨ་འདབ་བརྒྱད་བསྒོམ་པར་བྱ། །ཞེས་དང༌། དེ་བཞིན་དུ་བཟང་པོ་ཡོངས་བཟུང་དང༌། རིན་ཆེན་འབར་བ་ལས་བཤད་པས། ཆོས་འབྱུང་མེད་དོ་ཞེས་པ་ནི་ཤིན་ཏུ་འཁྲུལ་སྟེ། སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་ཀྱི་འགྲེལ་པར། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཞེས་བྱ་བ་ནི། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སོན་པའོ། །ཞེས་བཤད་པའི་ཕྱིར་རོ། །དེས་ན་མདུན་གྱི་ནམ་མཁར་ཆོས་ཀྱི་འབྱུང་གནས་གྲུ་གསུམ་སུམ་བརྩེགས་ཀྱི་ནང་དུ་ནི་པཾ་གསུམ་ལས། ལྷའི་རིགས་ཀྱི་བློ་གྲོས་ཉིན་འབྱུང་ཟླ་བ། ཌོམྦི་པ། གཉིས་མེད་རྡོ་རྗེ་ལྟར་ན་པདྨ་དམར་པོ་འདབ་བརྒྱད་སུམ་བརྩེགས་སམ། མར་མེ་མཛད་དང༌། སློབ་དཔོན་འདི་ལྟར་ན། དང་པོ་དཀར་པོ། གཉིས་པ་ནག་པོ། གསུམ་པ་དམར་པོར་བསམས་ལ། དེར་ཨོཾ་ཨཱཿཧཱུྃ་གསུམ་ལས་རིམ་པ་བཞིན་དུ། ལྷ་ཆེན་བརྒྱད་དང་ནི། ཕྱོགས་སྐྱོང་བརྒྱད་དང༌། ཀླུ་ཆེན་བརྒྱད་རྣམས་པདྨའི་མདོག་བཞིན་དུ་བསྐྱེད་པར་བྱ་སྟེ། དེའང་སྟེང་གི་ཆོས་འབྱུང་ལ་གནས་པའི་པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ་ལྷ་བསྐྱེད་པ་གུར་དང་རྒྱ་གཞུང་ཕལ་མོ་ཆེ་ནས་གསལ་བར་མ་བཤད་ཀྱང༌། མར་མེ་མཛད་ཀྱི་གཏོར་ཆོག་ལས། དེའི་དབུས་སུ་སྣ་ཚོགས་པདྨ་རྒྱ་ཆེན་པོ་དང༌། ཟླ་བ་ལ་སོགས་པའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ཡི་དམ་གྱི་ལྷའི་རྣལ་འབྱོར་བསྐྱེད་པར་བྱའོ། །ཞེས་ལྷག་པའི་ལྷ་བསྒོམ་པར་བཤད་ལ། དེས་མཛད་པའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ལས། པདྨའི་ལྟེ་བ་གསུམ་པོ་ལ། །རང་གི་ཧེ་རུ་ཀ་ཉིད་བསྒོམ། །ཞེས་དང༌། སློབ་དཔོན་ནག་པོ་པས་དེ་ནས་སྐད་ཅིག་ཙམ་གྱིས་ནམ་མཁར་ཆོས་འབྱུང་གི་བར་དུ་ཆུད་པའི་པདྨ་འདབ་བརྒྱད་ཀྱི་ལྟེ་བར་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་རམ། དཔའ་བོ་གཅིག་པུ་བལྟས་ལ་ཞེས་བཤད་ཅིང༌། རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས་པདྨ་གསུམ་གའི་དབུས་སུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་རིམ་པ་བཞིན་བསྐྱེད་པར་བཞེད་པས། དེ་ལྟར་ན་དབུས་སུ་སྐུ་རྡོ་རྗེ། འདབ་མ་བརྒྱད་ལ། ཤར་དུ་དབང་ཕྱུག་ཆེན་པོ་བསྐྱེད། ལྷོར་ནི་ལྷའི་དབང་པོ་བསམ་པར་བྱ། ནུབ་ཏུ་ཚངས་པ་བསྐྱེད་པར་བྱ་སྟེ། བྱང་ཕྱོགས་སུ་ནི་ཁྱབ་འཇུག་གོ །ཤར་ལྷོར་འདོད་པའི་དབང་ཕྱུག་བསྐྱེད། ལྷོ་ནུབ་ཏུ་ཚོགས་ཀྱི་བདག་པོ་སྟེ། བྷྲྀངྒི་རི་ཏི་ནི་ནུབ་བྱང་དུའོ། །བྱང་ཤར་དུ་ནི་གཞོན་ནུ་ཀཱརྟི་ཀའོ། །དེ་ལྟར་ཡང་རྡོ་རྗེ་གུར་ལས། ཉི་ཟླ་ཚངས་པ་ལ་སོགས་དང༌། །ཚངས་པའི་རིགས་ནི་དམ་པ་དང༌། །ཚངས་པ་མདུན་ན་འདོན་ཉིད་དང༌། །དགའ་ལྡན་མཐའ་བྲལ་གནས་པ་དང༌། །རྒྱལ་པོ་ཆེན་པོར་གྱུར་པ་དང༌། །གཞན་འཕྲུལ་དབང་བསྒྱུར་ཉིད་དང་ནི། །གང་ཞིག་འཕྲུལ་དགའི་ལྷ་རྣམས་དང༌། །གཙང་མའི་རིས་སུ་གང་གནས་དང༌། །བདེ་བ་ཅན་ན་འདུག་པ་དང༌། །འོག་མིན་དུ་ནི་གནས་པ་དང༌། །འོད་ཟེར་ཅན་གྱི་འཇིག་རྟེན་ཁམས། །སུམ་ཅུ་རྩ་གསུམ་གནས་པ་དང༌། །དེ་ཀུན་སྟེང་དུ་གནས་པར་བྱ། །ཞེས་སོ། །ཆོས་འབྱུང་བར་མའི་དབུས་སུ་པདྨ་ནག་པོ་འདབ་མ་བརྒྱད་པའི་ལྟེ་བར་རྣལ་འབྱོར་དབང་ཕྱུག་ལྟར་ན་ཐུགས་རྡོ་རྗེ་འདབ་མ་བརྒྱད་ལ། ཤར་གྱི་འདབ་མར་བརྒྱ་བྱིན་བསམ། ལྷོར་ནི་མཐར་བྱེད་དེ་གཤིན་རྗེ་དགོད་པར་བྱ། ཆུ་བདག་ཆུ་ལྷ་ནི་ནུབ་ཀྱི་འདབ་མ་ལའོ། །དེ་བཞིན་དུ་བྱང་དུ་གནོད་སྦྱིན་དགོད། མེའི་མཚམས་སུ་མེ་ལྷ་ཆེན་པོ། བདེན་བྲལ་དུ་ནི་སྲིན་པོའོ། །ནུབ་བྱང་མཚམས་སུ་རླུང་ལྷ་སྟེ། བྱང་ཤར་དུ་ནི་འབྱུང་པོའི་བདག་པོ་དབང་ལྡན་ནོ། །དེ་ལྟར་ཡང་གུར་ལས། དབང་པོ་ཤར་གྱི་འདབ་མར་བསམ། །མཐར་བྱེད་ལྷོར་ནི་དགོད་པར་བྱ། །ཆུ་བདག་ནུབ་ཀྱི་འདབ་མ་ལ། །བྱང་དུ་ནོར་སྦྱིན་དགོད་པར་བྱ། །མེར་ནི་བྱིན་ཟ་ཆེན་པོ་ཉིད། །བདེན་བྲལ་མཚམས་ཕྱོགས་སྐྱོང་དེ་བཞིན། །རླུང་དུ་གནས་མེད་བསམ་པར་བྱ། །དབང་ལྡན་དུ་ནི་འབྱུང་པོའི་གཙོ། །ཞེས་སོ། །ཆོས་འབྱུང་འོག་མར་པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་རྣལ་འབྱོར་དབང་ཕྱུག་ལྟར་ན། གསུང་རྡོ་རྗེ། འདབ་མ་བརྒྱད་ལ་ཤར་དུ་སྟོབས་ཀྱི་རྒྱུ་དང༌། ལྷོར་དུང་སྐྱོང་དང༌། ནུབ་ཏུ་མཐའ་ཡས། བྱང་དུ་ནོར་རྒྱས་རྣམས་བསམ། དེ་བཞིན་དུ་སྟེ་མེར་འཇོག་པོ་དང་ནི་བདེན་བྲལ་དུ་རིགས་ལྡན་དང་རླུང་དུ་པདྨ་ཆེན་པོ། དབང་ལྡན་དུ་ནི་ཤིན་ཏུ་པདྨའོ། །དེ་ལྟར་ཡང་གུར་ལས། ཆོས་འབྱུང་ནང་དུ་སོན་པ་ནི། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང༌། དེ་བཞིན་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་རིགས་ལྡན་ཉིད། །པད་ཆེན་པདྨ་བཟང་པོ་ཅན། །ལྷ་མིན་སེམས་ཅན་དམྱལ་བ་རྣམས། །ཆོས་ཀྱི་འབྱུང་གནས་འོག་ཏུའོ། །ཞེས་སོ། །ཁ་ཅིག་མཚམས་ཀྱི་ལྷ་རྣམས་ཐོག་མར་བྱང་ཤར་ནས་འགོད་པ་ནི། གཞུང་འདི་དང༌། བཟང་པོ་ཡོངས་བཟུང༌། རིན་ཆེན་འབར་བ། ཀུ་མུ་ཏི། རྗེ་བཙུན་གོང་མ། གུར་གྱི་རྒྱུད་རྣམས་ལས་མེ་ནས་ཐོག་མར་བཤད་པ་དང་འགལ་ལོ། །དེ་ལྟར་འབྱུང་པོ་བརྒྱད་གསུམ་ཉེར་བཞི་དང༌། གཙོ་བོ་གསུམ་པོ་ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་ཕྱག་ན་བཅས་ཏེ་དེ་དག་འཛིན་པར་གྱུར། དེ་ཉིད་བཅུ་པ། བཟང་པོ་ཡོངས་བཟུང༌། ཀུ་མུ་ཏི། རིན་ཆེན་འབར་བ། ནག་པོ་པ། ཉིན་འབྱུང་ཟླ་བ། ཨཱ་ནནྡ་བཛྲ། དྷརྨཱ་པ་ཀ ལྷའི་རིགས་ཀྱི་བློ་གྲོས་རྣམས་ཀྱི་གཞུང་དང༌། རྗེ་བཙུན་གོང་མའི་གསུང་རབ་ཐམས་ཅད་ལས་བཤད་ལ། འཕགས་པ་རིན་པོ་ཆེས། རྡོ་རྗེ་གསུམ་གྱི་དབང་དུ་མཛད་ནས་གཡས་པ་རྣམས་ཀྱིས་འཁོར་ལོ་རྡོ་རྗེ་པདྨ། གཡོན་པ་རྣམས་ཀྱིས་དེ་དག་གིས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པར་བཤད་པ་ལ། ཁ་ཅིག་ཨ་ལ་ལ་བཛྲའི་གཏོར་ཆོག་ལས། དཀར་པོ་རྟག་པའི་དབུ་རྒྱན་ཅན། །འཁོར་ལོ་དྲིལ་བུས་ལག་པ་བྲེལ། །སྔོན་པོ་མི་བསྐྱོད་ཅོད་པཎ་ཅན། །རྡོ་རྗེ་དྲིལ་བུས་ལག་གཉིས་བྲེལ། །དམར་པོ་སྣང་མཐའི་དབུ་རྒྱན་ཅན། །པདྨ་དྲིལ་བུས་ལག་པ་བྲེལ། །ཞེས་བཤད་ཟེར་ཏེ་གཞུང་དེ་མཐོང་ན་དཔྱད་དོ། །དེ་དག་ལས་རང་དང་མདོག་མཚུངས་པའི་རིག་མའི་ཡན་ལག་གིས་འཁྱུད་པའོ། །ཡུམ་རྣམས་ཀྱི་ཕྱག་མཚན་ལ་ཁ་ཅིག་གྲི་གུག་དང་ཐོད་པར་བྱེད་པ་ནི། རྒྱུད་རྒྱ་གཞུང་གོང་མའི་གསུང་རབ་ཐམས་ཅད་ནས་མི་འབྱུང་བས་འདིར། རང་མཚུངས་རིག་མས་ལུས་སྤྲས་ནས། །ཞེས་གསུངས་པས་ཡབ་དང་མཚུངས་པར་བྱའོ། །ཤྲཱི་ཨཱ་ནནྡ་བཛྲའི་གཏོར་ཆོག་ལས། ཕྱོགས་སྐྱོང་བརྒྱད་ལ་ཉི་གདན་དང༌། སྟེང་འོག་གཉིས་ལ་ཟླ་གདན་དུ་བཤད་ཀྱང༌། གུར་འགྲེལ་ལས། གདན་ལ་ཞེས་བྱ་བ་ནི་སྣ་ཚོགས་པདྨ་དང་ཉི་མའོ། །ཞེས་པས་པད་ཉིའི་གདན་ལ་གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་པ་ལ། ཡུམ་རྣམས་གཡོན་བརྐྱང་གི་སྟབས་ཀྱིས་འཁྲིལ་བར་ཁ་ཅིག་འདོད་དོ། །རྒྱན་ཆའི་ཚུལ་རྒྱ་གཞུང་ཕལ་མོ་ཆེ་དང་གོང་མའི་གསུང་རབ་རྣམས་ན་མི་གསལ་ལ། ཁ་ཅིག་རུས་པ་དང་རིན་པོ་ཆེའི་ཕྲེང་བ་གཉིས་སྤེལ་ནས་གཉིས་ཀས་བརྒྱན་པར་འདོད་པ་ནི་རྣམ་པ་མ་ཤར་བ་སྟེ། རྒྱན་དེ་གཉིས་ཀྱང་རྒྱུད་ལས་གསུངས་པའི་མཚན་ཉིད་ཚང་བ་ཅིག་དགོས་ཀྱི་གང་འགྲིག་གིས་ཆོག་པ་མིན་ལ། དབུ་ལ་རིན་པོ་ཆེའི་པྲོག་ཞུ་དང་རུས་པའི་མགོ་རྒྱན་གཉིས་ཀས་བརྒྱན་དགོས་པར་སྣང་སྟེ་ཤིན་ཏུ་མཚར་རོ། །དེས་ན་འདིར་སློབ་དཔོན་ཀཾ་པ་ལས། ཕྱོགས་སྐྱོང་འཁོར་བཅས་ཐུགས་ཀྱི་རིགས། །མི་བསྐྱོད་རང་ཉིད་དུར་ཁྲོད་རྒྱན། །ཞེས་དང༌། ལྷ་རྣམས་སྐུ་ཡི་རིགས་ཡིན་ཏེ། །དཀར་པོ་དུར་ཁྲོད་རྒྱན་དང་ལྡན། །ཞེས་དང༌། ཀླུ་བརྒྱད་གསུང་རིགས་དམར་པོ་སྟེ། །འོད་དཔག་རང་བཞིན་དུར་ཁྲོད་རྒྱན། །ཞེས་དང༌། ཤྲཱི་ཨཱ་ནནྡ་བཛྲས། ཞལ་གཅིག་ཕྱག་རྒྱ་ལྔས་བརྒྱན་པ། །ཞེས་བཤད་པས་ཐམས་ཅད་ལ་ཕྱག་རྒྱ་ལྔས་བརྒྱན་པའོ། །དེ་ལྟར་ཡང་གུར་ལས། ཨོཾ་ལས་ཚངས་པ་ལ་སོགས་ལྷ། །ཧཱུྃ་ལས་མ་ཆགས་པ་ལ་སོགས། །ཨཿལས་སྟོབས་ཀྱི་རྒྱུ་ལ་སོགས། །ལག་གཉིས་གདོང་གཅིག་ལྡན་རྣམས་ཏེ། །སྟེང་གི་ལྷ་རྣམས་དཀར་པོ་ཆེ། །དབང་པོ་ལ་སོགས་ནག་པོ་མཚུངས། །སྟོབས་ཀྱི་རྒྱུ་སོགས་དམར་པོ་ཆེ། །རང་མཚུངས་རིག་མས་ལུས་སྤྲས་ནས། །རྡོ་རྗེ་དྲིལ་བུས་ལག་པ་བྲེལ། །གཡས་བརྐྱང་པ་ཡིས་གདན་ལ་གནས། །ཞེས་སོ། །འདིར་ཤྲཱི་ཨཱ་ནནྡ་བཛྲས། ཆོས་འབྱུང་གི་ནང་དུ་པཾ་དམར་པོ་ལས་པདྨ་འདབ་བརྒྱད་ཀྱི་འདབ་མ་རྣམས་ལ་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ནག་པོ་ཧཱུྃ་གིས་མཚན་པ་བརྒྱད་ཡོངས་སུ་གྱུར་པ་ལས་ཤར་དུ་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བརྒྱད་ནག་པོར་བསྐྱེད། དེའི་སྟེང་དུ་ཟླ་བ་ལ་གནས་པའི་བྷྲཱུྃ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དེ་ལས་འོད་འཕྲོས་པས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སེམས་ཅན་ཐམས་ཅད་སྐུ་རྡོ་རྗེར་བྱས་ནས་སླར་འདུས་པ་ལས་གདན་གྱི་སྟེང་དུ་སྐུ་རྡོ་རྗེ་དཀར་པོར་བསྐྱེད། འོག་ཏུ་ཟླ་བ་ལ་གནས་པའི་ཨཱཿདམར་པོ་ལས་པདྨ་འདབ་མ་བརྒྱད་པ་དེ་ལས་འོད་འཕྲོས་པས་ལྷ་མ་ཡིན་ནས་དམྱལ་བ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་གསུང་རྡོ་རྗེར་བྱས་ནས་སླར་འདུས་པ་ལས་གདན་གྱི་སྟེང་དུ་གསུང་རྡོ་རྗེ་དམར་པོ་བསྐྱེད། ཐམས་ཅད་ཀྱང་ཞལ་གཅིག་པ་ཕྱག་རྒྱ་ལྔས་བརྒྱན་པ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་རང་འདྲའི་རིག་མ་ལ་འཁྱུད་པ། གཡས་བརྐྱང་བས་བཞུགས་པར་བསམས་ནས། ཡེ་ཤེས་པ་སྤྱན་དྲངས་དབང་བསྐུར་རྒྱས་འདེབས་སོགས་མཛད་དོ། །སློབ་དཔོན་དྷརྨཱ་པ་ཀ་ནི། མདུན་དུ་ཆོས་འབྱུང་པདྨ་དང་བཅས་པ་སུམ་བརྩེགས་བསམས་ནས་རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་བཀོད་ལ། དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་སྤྲོས། འདོད་པ་དང་གཟུགས་དང་གཟུགས་མེད་ཀྱི་ལྷ་རྣམས་ལ་ཕོག སླར་འདུས་ནས་ཨོཾ་དུ་གྱུར། དེ་ལས་འཁོར་ལོ། དེ་ལས་སྐུ་རྡོ་རྗེ་དཀར་པོ་སྤྱན་མ་དང་སྦྱོར་བར་བསམ། སྙིང་གའི་ཧཱུྃ་ལས་འོད་ཟེར་ནག་པོ་འཕྲོས། ཕྱོགས་སྐྱོང་བཅུ་ལ་ཕོག སླར་འདུས་ནས་ཧཱུྃ་དུ་གྱུར། དེ་ལས་རྡོ་རྗེ། དེ་ལས་ཐུགས་རྡོ་རྗེ་སྔོན་པོ་མཱ་མ་ཀཱི་དང་སྦྱོར་བ། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། མི་དང་ཀླུ་དང་ངན་སོང་གསུམ་རྣམས་ལ་ཕོག སླར་འདུས་ནས་ཨཱཿར་གྱུར། དེ་ལས་པདྨ། དེ་ལས་གསུང་རྡོ་རྗེ་དམར་པོ་གོས་དཀར་མོ་དང་སྦྱོར་བར་བསྐྱེད་ནས། ཡེ་ཤེས་པ་སྤྱན་དྲངས་སོགས་བཞེད་དེ། སློབ་དཔོན་འདི་གཉིས་ཀྱི་དགོངས་པ་གུར་གྱི་དངོས་བསྟན་དང་འགྲིག་རུང་དུ་སྣང་ལ། བྷ་ཝ་བྷ་དྲ། ཌཾ་ཀ་ད་ཤ། གཉིས་མེད་རྡོ་རྗེ། ཀཾ་པ་ལ། ཛཱ་ལནྡྷ་རི་པ་རྣམས་ཀྱིས་རྩ་རྒྱུད་ཀྱི་གཏོར་སྔགས་ལ་གཤེད་དམར་གྱི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པ་ལ་སོགས་པ་རྒྱུད་གཞན་དག་གི་དགོངས་པས་ཁ་བསྐང་ནས་འབྱུང་པོ་སུམ་ཅུ་རྩ་བཞིར་འདོད་པའི་ལུགས་དང༌། མར་མེ་མཛད་ཀྱིས་སྐུ་མདོག་ཕྱག་མཚན་སོགས་མི་འདྲ་བའི་ལུགས་ཀྱང་ཡོད་མོད། འདིར་མ་སྤྲོས་སོ། །གཉིས་པ་ནི། ཁ་ཅིག་གཙོ་བོ་གསུམ་གྱི་ཐུགས་ཀ་ནས་འོད་འཕྲོས་པར་འདོད་པ་ནི། རྒྱུད་རྒྱ་གཞུང་གོང་མའི་གསུང་གང་དུ་ཡང་མ་བཤད་ལ། མར་མེ་མཛད། ཨ་ཝ་དྷཱུ་ཏི་པ། ནག་པོ་པ། རྗེ་བཙུན་སོགས་ཀྱིས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་སྤྲོས་ནས། དེས་ལྷ་ཆེན་པོ་བརྒྱད་པོ་དག་ལ་ཚངས་འཁོར་དང༌། ཚངས་པ་མདུན་ན་འདོན་དང༌། ཚངས་པ་ཆེན་པོ་སྟེ་བསམ་གཏན་དང་པོ་དང་ལྡན་པ་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་ཏེ་བསམ་གཏན་གཉིས་པར་སྐྱེས་པ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་ཏེ་བསམ་གཏན་གསུམ་པར་སྐྱེས་པ་དང༌། སྤྲིན་མེད་འོད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བ་དང༌། མི་ཆེ་བ་དང༌། མི་གདུང་བ་དང༌། ཤིན་ཏུ་མཐོང་བ་དང༌། གྱ་ནོམ་སྣང་བ་དང༌། འོག་མིན་ན་གནས་པ་སྟེ་བསམ་གཏན་བཞི་པ་ལས་སྐྱེས་པ་གཟུགས་ཁམས་ན་སྤྱོད་པ་དང་ལྡན་པའི་ལྷ་རྣམས་དང༌། བདེ་བ་ཅན་དང༌། རི་རབ་ཀྱི་བྱང་ཤར་འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ན་གནས་པ་རྣམས་དང༌། གཟུགས་མེད་སྐྱེ་མཆེད་མུ་བཞི་པའི་ལྷ་ལ་སོགས་པ་བར་སྣང་ན་གནས་པ་སྟེང་ན་རྒྱུ་བ་རྣམས་བསྡུ་བའོ། །གལ་ཏེ་གཟུགས་མེད་ཀྱི་ལྷ་ལ་གཟུགས་མེད་པས་ཇི་ལྟར་བསྡུ་ཞེ་ན། མན་ངག་སྙེ་མར། གཟུགས་མེད་པའི་ལྷ་ནི་ཆུང་བར་གནས་པ་སྟེ་གཟུགས་མེད་པའང་མིན་ནོ་ཞེས་བཤད་པས་དམན་པ་ལ་དགག་སྒྲ་སྦྱར་བར་བཞེད་དོ། །རྗེ་བཙུན་རྩེ་མོ་དང༌། ཉིན་འབྱུང་ཟླ་བ་དང༌། དྷརྨཱ་པ་ཀ་དང༌། ཤྲཱི་ཨཱ་ནནྡ་བཛྲ་རྣམས་ཀྱིས་འདོད་ལྷ་རིགས་དྲུག་ཀྱང་འདིར་སྡུད་དེ་གུར་དང་ཤིན་ཏུ་མཐུན་ནོ། །རྒྱལ་ཆེན་རིགས་བཞི་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དེ་འདོད་པའི་ཁམས་ཀྱི་ལྷ་དྲུག་དང༌། མཁའ་འགྲོ་དང༌། འབྱུང་པོ་དང༌། འདྲེ་དང༌། སྲིན་པོ་དང༌། མི་ལ་སོགས་པ་ས་སྟེངས་ན་རྒྱུ་བ་ཐམས་ཅད་ཕྱོགས་སྐྱོང་བ་བརྒྱད་ལ་རབ་ཏུ་བསྡུའོ། །དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་དང༌། ལྷ་མ་ཡིན་དང་ཀླུ་ལ་སོགས་པ་ས་འོག་ན་གནས་པ་ཐམས་ཅད་ཀླུ་ཆེན་པོ་བརྒྱད་ལ་བསྡུས་ནས་དེ་དག་དང་གཉིས་སུ་མེད་པར་བྱའོ། །གསུམ་པ་ནི། རང་བཞིན་གྱི་གནས་ན་བཞུགས་པའི་ཡེ་ཤེས་ཀྱི་ལྷ་སྤྱན་དྲང་བར་བྱ་བའི་ཕྱིར། རང་གི་སྙིང་གའི་ས་བོན་ལས་སྔར་བཞིན་འོད་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲང་བར་བསམས་ལ། ལུས་ཀྱིས་ལྕགས་ཀྱུའི་ཕྱག་རྒྱ་དང༌། ངག་ཏུ། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿཞེས་དང༌། སེམས་ཀྱིས་སྙིང་ག་ནས་གཽ་རཱི་ལྕགས་ཀྱུ་འཛིན་པ་སྤྲོས། དེས་ནི་ལྷ་ཐམས་ཅད་དགུག་པར་བྱས་ལ། དེ་བཞིན་དུ་ཞགས་པའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཙཽ་རཱི་པྲ་ཝེ་ཤཱ་ཡ་ཧཱུྃ་དང་ཆོམ་རྐུན་མ་ཞགས་པ་ཐོགས་པ་སྤྲོས་ཏེ། དེས་ནི་ཞགས་པས་འཆིང་བར་བསམ། ལྕགས་སྒྲོག་གི་ཕྱག་རྒྱ་དང༌། ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་བཾ་དང༌། རོ་ལངས་མ་ལྕགས་སྒྲོག་ཐོགས་པ་སྤྲོས་ནས་ནི་དེའི་ལྕགས་སྒྲོག་གིས་ཡང་དག་པར་བསྡམས་པར་བསམ། དྲིལ་བུའི་ཕྱག་རྒྱ་དང༌། ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿདང་ཟ་ཕོད་མ་དྲིལ་བུ་འཛིན་པ་སྤྲོས་ཏེ། དེས་ལྷ་ཐམས་ཅད་མཉེས་པར་བྱེད་པར་བསམས་ནས། དམ་ཚིག་པ་ཐམས་ཅད་ཡེ་ཤེས་པའི་ངོ་བོ་ཉིད་དུ་བསྒྱུར་ཏེ། ལྷ་དང་ཕྱོགས་སྐྱོང་དང་ཀླུ་རྣམས་རིམ་པ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བལྟའོ། །དེ་ལྟར་ཡང༌། གུར་ལས། དཀར་མོས་དགུག་པར་བྱས་ནས་ནི། །ཆོམ་རྐུན་མས་ནི་ཞགས་འཆིང་བས། །རོ་ལངས་མས་ནི་སྒྲོག་འཆིང་བས། །གྷསྨ་རཱིས་ནི་དྲིལ་བུས་གདབ། །ཅེས་དང༌། དེ་ཉིད་བཅུ་པར། དེ་ལ་སྟེང་དུ་གཽ་རཱི་ལ་སོགས་པ་དཔག་ཏུ་མེད་པའི་འཇིག་རྟེན་ན་གནས་པའི་ཁྱབ་འཇུག་དང་ལྷ་ཆེན་པོ་དང༌། དབང་ཕྱུག་ཆེན་པོ་དང༌། ཉི་མ་དང་ཟླ་བ་ལ་སོགས་པའི་ལྷའི་སྐྱེ་གནས་པ་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས་ལ། ས་བོན་གྱི་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་སྐུ་མདོག་དཀར་པོ་རང་གི་ཤེས་རབ་ཀྱིས་འཁྱུད་པའི་ལུས་ཅན་གཡས་བརྐྱང་བས་བཞུགས་པ་ཞེས་སོགས་བཤད་པས་སོ། །དེ་ནས་རྒྱ་གཞུང་ཕལ་ཆེར་ན་མི་གསལ་ཡང༌། རྣལ་འབྱོར་དབང་ཕྱུག་གིས། མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་ཀྱིས་སྐྱེ་མཆེད་དྲུག་དང༌། གནས་གསུམ་བྱིན་གྱིས་རློབ་པར་མཛད་པ་ནི་ཤིན་དུ་ལེགས་ཏེ། དེ་ཉིད་བཅུ་པར། ཡན་ལག་བཞིས་བྱིན་གྱིས་བརླབས་པ་རྣམ་པར་སྣང་མཛད་ཀྱི་ཅོད་པཎ། ཨརྒྷཾ་དང་བཏུང་བ་ལ་སོགས་པ་བསྟབ་པ་ཟས་ལ་ཆགས་པ་མེད་པའི་སེམས་ཀྱིས་བསྒོམ་པར་བྱའོ། །ཞེས་ཡན་ལག་བཞི་རྫོགས་སུ་བཤད་པས་སོ། །མགྲོན་དགུག་པ་ནི་ནག་པོ་པ། ཌོམྦི་པ། ཉིན་འབྱུང་ཟླ་བ་སོགས་ཀྱིས་མགྲོན་བསྐྱེད་པའི་གོང་དུ་བཤད་ཅིང༌། གུར་རྒྱན་ལས་ཀྱང༌། སྟེང་གི་ཆོས་འབྱུང་གི་པདྨ་འདབ་མ་བརྒྱད་ཀྱི་སྟེང་དུ། ཚངས་པ་ལ་སོགས་པ་ལྷའི་འགྲོ་བ་དང༌། མཁའ་ལ་སྤྱོད་པ་ཐམས་ཅད་དགུག བར་གྱི་ཆོས་འབྱུང་གི་པདྨར་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་རྣམས་དང༌། ས་སྟེངས་ན་སྤྱོད་པ་ཐམས་ཅད་དགུག ཆོས་འབྱུང་འོག་མའི་པདྨ་འདབ་བརྒྱད་ལ་ངན་སོང་གསུམ་དང་བཅས་པ་ས་འོག་ན་སྤྱོད་པ་ཐམས་ཅད་དགུག དེ་རྣམས་ཞུ་པ་ལས་སྟེང་དུ་ཨོཾ་དགུ་ལས་སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་ཀྱིས་བསྐོར་བ་དཀར་པོ་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་དང༌། ཞེས་སོགས་གསུངས་སོ། །བཞི་པ་ནི། ཡང་རྣལ་འབྱོར་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟར་སྤྲོས་པ་དེས་དབང་གི་ལྷ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དགུག དེ་ལ་སྙིང་ག་ནས་ལྷ་མོ་བརྒྱད་སྤྲོས་ནས་རི་ཁྲོད་མ་གྲུབ་པའི་དངུལ་ཆུས་གང་བའི་ཐོད་པ་འཛིན་པ་དང༌། གདོལ་པ་མོ་ཌཱ་མ་རུ་འཛིན་པ་སྟེ་ཕྱིའི་མཆོད་པ་གཉིས་དང༌། གཽ་རཱི་སོགས་ལྔ་བདུད་རྩི་ལྔས་གང་བའི་ཐོད་པ་འཛིན་པ་ནང་གི་མཆོད་པ་དང༌། གཡུང་མོས་འཁྱུད་པའི་བདེ་བ་ཆེན་པོས་མཉེས་པར་བྱས་པ་གསང་བའི་མཆོད་པ་སྟེ་ལྷ་མོ་དེ་དག་གིས་མཆོད་པ་བྱས་ལ། དེ་ལ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིན་པོ་ཆེའི་བུམ་པའི་ནང་དུ་བདུད་རྩི་ལྔས་གང་བས་དབང་བསྐུར་བའི་མཐར། རང་གི་རིགས་ཀྱིས་བདག་པོས་དབུར་བརྒྱན་པར་བྱ་སྟེ། སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་ལ་རྟག་པ་ཡིས་ཏེ་རྣམ་པར་སྣང་མཛད་དང༌། ཐུགས་རྡོ་རྗེ་ཕྱོགས་སྐྱོང་བརྒྱད་ལ་རྡོ་རྗེ་ཡིས་ཏེ་མི་བསྐྱོད་པས་སོ། །གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་ལ་གར་དབང་གིས་ཏེ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ་མོ། །གུར་རྒྱན་དུ། དབུ་རྒྱན་རང་ཆས་ཅན་དུ་བསྐྱེད་ནས་འདིར་དབང་མི་བསྐུར་བའི་ལུགས་ཀྱང་གསུངས་སོ། །དབང་གི་ལྷ་དེ་དག་རང་ལ་བསྟིམ་པའམ་གཤེགས་སུ་གསོལ་བའམ་མི་དམིགས་པ་གང་བདེ་བྱའོ། །ཞེས་རྗེ་བཙུན་རིན་པོ་ཆེས་བཞེད་ལ། ཁ་ཅིག་ནི། བརྟག་གཉིས་ལས། དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ། །ཞེས་གསུངས་པས་དབང་བསྐུར་བ་པོ་ཉིད་དབུ་རྒྱན་གྱི་ལྷར་གྱུར་པར་འདོད་དོ། །དེ་ལྟར་ཡང་གུར་ལས། ཚངས་སོགས་རྟག་པའི་ཕྱག་རྒྱས་གདབ། །མཆོད་སྦྱིན་བརྒྱ་སོགས་རྡོ་རྗེ་ཡིས། །སྟོབས་ཀྱི་རྒྱུ་སོགས་གར་དབང་གིས། །ཐམས་ཅད་རིགས་གསུམ་ལས་སྐྱེས་པའོ། །ཞེས་སོ། །འདིར་གུར་ལས། དེ་ནས་མཆོད་ཡོན་ཞབས་བསིལ་དབུལ། སྔགས་ནི་འདི་ཡིས་བསང་གཏོར་བྱ། ཨོཾ་ཨཱཿཧཱུྃ་ཞེས་པའི་དོན་འགྲེལ་པར། མཆོད་ཡོན་དང་ཞབས་བསིལ་ནི་ཉེ་བར་མཚོན་པ་ཙམ་སྟེ། མཆོད་པ་དང་བསྟོད་པ་ཡང་བྱས་ལ། ཨོཾ་ལ་སོགས་པའི་ཡི་གེ་གསུམ་གྱིས་སྦྱང་བ་དང༌། གཙོ་བོ་ལ་སོགས་པས་བདུད་རྩིར་བྱས་ལ་ཚིམ་པར་བྱ་སྟེ། ཞེས་དང༌། ནག་པོ་པས། ཕྱི་ནང་གི་མཆོད་པས་མཆོད་ནས་བསྟོད་དེ། ཐམས་ཅད་ཀྱི་ལྕེའི་པདྨའི་འདབ་མ་ལ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་བསམས་ནས་སྔགས་འདིས་བསྟབ་པར་བྱའོ། །ཞེས་མཆོད་བསྟོད་གཉིས་ཀ་བྱས་ནས་གཏོར་མ་དབུལ་བར་བཤད་པ་དང༌། ཤྲཱི་ཨཱ་ནནྡ་བཛྲས། བསྔོ་བ་ནི་དང་པོར་ཡོན་ཆབ། དེ་ནས་དྲི་ཆབ། སྤོས། མེ་ཏོག མར་མེ། དྲི། དེ་ནས་རོལ་ཆ་ལ་སོགས་པས་མཆོད་དེ། ལྷ་མོ་བརྒྱད་ཀྱིས་ཀྱང་མཆོད་དོ། །འདིས་གཏོར་མ་དབུལ་ཏེ། ཞེས་མཆོད་ཡོན་སྔོན་དུ་འགྲོ་བའི་ཕྱི་ནང་གི་མཆོད་པས་མཆོད་ནས་གཏོར་མ་དབུལ་བར་བཤད་པ་དང༌། དྷརྨཱ་པ་ཀས། རང་ཉིད་ས་བོན་ཁྱད་པར་ལས། །འོད་ཟེར་ལས་ནི་ལྷ་ཡི་ཚོགས། །ཕྱུང་སྟེ་ཞབས་བསིལ་ཞལ་བསིལ་དབུལ། །དེ་འོག་མཆོད་པ་རྣམས་ལྔས་མཆོད། །དེ་རྗེས་གཏོར་མ་བྱིན་བརླབས་ལ། །ཨིནྡའི་སྔགས་ཀྱིས་ལྷ་རྣམས་མཆོད། །ཅེས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད་ནས། གཏོར་མ་དབུལ་བར་བཤད་པ་དང༌། ཀུ་མུ་ཏི། བཟང་པོ་ཡོངས་བཟུང༌། རིན་ཆེན་འབར་བ་རྣམས་ལས། དེ་ནས་མཆོད་ཡོན་ཞབས་བསིལ་སྦྱིན། །ཆོ་གས་གཏོར་མ་བསྒྲུབ་པར་བྱ། །ཞེས་དང༌། གུར་རྒྱན་དུའང༌། མཆོད་ཡོན་ཞབས་བསིལ་ཕུལ་ལ་ཡི་གེ་གསུམ་གྱིས་གཏོར་མ་བཏང་སྟེ། ཞེས་ཆུ་གཉིས་ཕུལ་ནས་གཏོར་མ་དབུལ་བར་བཤད་པ་དང༌། གཉིས་མེད་རྡོ་རྗེས་མདུན་དུ་མཆོད་ཡོན་བྱིན་ནས་སྔ་མ་བཞིན་དུ་བདུད་རྩི་མྱང་བའི་ཆོ་གས་གཏོར་མ་ཉེ་བར་ལོངས་སྤྱོད་པ་བདུད་རྩི་ཉིད་དུ་བསྒྲུབས་ལ། ཞེས་དང་ཛ་ལནྡྷ་རི་པས། དེ་བཞིན་དུ་མཆོད་ཡོན་ཁོ་ན་ཕུལ་བའི་རྗེས་ལ་གཏོར་མ་དབུལ་བར་བཤད་པ་སོགས་བཞེད་པ་མང་ཡང༌། བདག་གི་བླ་མའི་ཕྱག་ལེན་ལ་ནི། འདིར་ཆུ་བཞི་ཙམ་ཞིག་འབུལ་བར་མཛོད་དོ། །འདི་ཡན་ཆད་གུར་ལས་བཏུས་པར་མངོན་ནོ། །གཉིས་པ་ནི་མགྲོན་གྱི་ཏིང་ངེ་འཛིན་ཚར་བའི་རྗེས་དེ་ནས་ཇི་སྐད་བཤད་པའི་ཆོ་གས་གཏོར་མ་བསྒྲུབ་པར་བྱའི། སློབ་དཔོན་འདི། ཀུ་མུ་ཏི། བཟང་པོ་ཡོངས་བཟུང་སོགས་དང༌། ཌོམྦི་པ། དཔའ་བོ་རྡོ་རྗེ། ཤྲཱི་ཨཱ་ནནྡ་བཛྲ། མར་མེ་མཛད་དཔལ་བཟང་པོ། གཉིས་མེད་རྡོ་རྗེ། དྷརྨ་པ་ཀ ཀཾ་པ་ལ་རྣམས་ཀྱིས་བཤད་ལ། རྣལ་འབྱོར་དབང་ཕྱུག་གི་མན་ངག་དང༌། ནག་པོ་པ་དང༌། ཉིན་འབྱུང་ཟླ་བས་ནི། མགྲོན་བསྐྱེད་པའི་གོང་དུ་བཤད་དེ། སམྦུ་ཊི་དང་མཐུན་ནོ། །དེ་ནས་རྡོ་རྗེའི་རྩེས་ནང་མཆོད་དམ། ཀུ་ཤའི་རྩེས་བསང་གཏོར་ནས་བླངས་ལ། དེས་གཏོར་མ་ལ་གཏོར་ཞིང༌། ཨ་མྲྀ་ཏ་བརྗོད་པ་ནི་རྫས་བསང་བ་ཡིན་ལ། དེའི་རྗེས་སུ་སྭ་བྷཱ་ཝས་སྟོང་པར་བསྒོམས་པ་ནི་རྫས་སྦྱང་བ་སྟེ་རྒྱ་གཞུང་རྣམས་ལས་མི་འབྱུང་ངོ༌། །དེ་ནས་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ་གཡོ་བའི་བ་དན་གྱིས་མཚན་པ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་འབར་བས་མཚན་པ་དེའི་སྟེང་དུ་ཁ་ཅིག་མི་མགོའི་སྒྱེད་པུ་གསུམ་འདོད་པ་ནི། སྡོམ་འབྱུང་སོགས་ལུགས་གཞན་ནས་དེ་ལྟར་འབྱུང་མོད་ཀྱི། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་དང༌། བརྟག་གཉིས། སམྦུ་ཊ། ཌོམྦི་པ། མི་ཐུབ་ཟླ་བ་སོགས་དང༌། རྗེ་བཙུན་གོང་མ་རྣམས་མི་བཞེད་དོ། །དེའི་སྟེང་དུ་ཨ་ལས་བྱུང་བའི་པདྨའི་སྣོད་དེ་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བར་བསམ་མོ། །ཐོད་པ་འདི། རྩ་རྒྱུད། ཡེ་ཤེས་ཐིག་ལེ་སོགས་ན། དམ་ཚིག་གི་སྣོད་དུམ་བུ་གཅིག་པར་བཤད་ཀྱང་འདིར་གཏོར་མ་ལ་སོགས་ལ་དུམ་བུ་གསུམ་པར་རྗེ་བཙུན་སྐུ་མཆེད་བཞེད་དེ། སྡོམ་འབྱུང་ལས། དུམ་གསུམ་སྒྲུབ་ལ་དངོས་གྲུབ་སྟེར། །ཞེས་པས་སོ། །དེ་ལྟར་ཡང་དེ་ཉིད་བཅུ་པར། དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཡཾ་ལས་གྱུར་པའི་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུའི་དབྱིབས་ལྟ་བུ་དང༌། དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་མདོག་དམར་པོ། དེའི་སྟེང་དུ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་གཏོར་མའི་སྣོད་བཟའ་བ་ལ་སོགས་པས་བཀང་བ་ཞེས་སོ། །དེའི་ནང་དེར་ནི་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་ཐོག་མར་བདུད་རྩི་ལྔ་བསམ་སྟེ། འདི་ལ་བདེ་མཆོག་དང་གསང་འདུས་སོགས་ན་མི་འདྲ་བ་མང་དུ་སྣང་ཡང༌། འདིར་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། རིན་ཆེན་དབང་པོ་ཁྲག་ཅེས་བཤད། །སྣང་བ་མཐའ་ཡས་ཁུ་བར་བརྗོད། །དོན་ཡོད་གྲུབ་པ་ཤ་ཆེན་ཏེ། །མི་བསྐྱོད་པ་ནི་རྡོ་རྗེའི་ཆུ། །རྣམ་པར་སྣང་མཛད་རྟུག་པར་བཤད། །འདི་རྣམས་བདུད་རྩི་ལྔ་མཆོག་གོ །ཞེས་བཤད་པས་ཤར་དུ་བྷྲཱུྃ་ལས་བི་ཌ་དྲི་ཆེན། ལྷོར་ཨྃ་ལས་རཀྟ་ཟླ་མཚན། ནུབ་ཏུ་ཛྲཱིཾ་ལས་ཤུ་ཀྲ་ཁུ་བ། བྱང་དུ་ཁཾ་ལས་མཱཾ་ས་ཤ་ཆེན་གྱི་དྭངས་མ་སྟེ། སྡོམ་འབྱུང་གི་འགྲེལ་པར། ཤ་ལས་སྐྱེས་པའི་དྭངས་མ་ཚིལ་ཏེ་ཐ་མ། སྦུབས་ལས་སྐྱེས་པའི་དྭངས་མ་རྐར་མར་དང་གཞུངས་པ་སྟེ་འབྲིང༌། མགོ་ལས་སྐྱེས་པའི་དྭངས་མ་ཀླད་པ་སྟེ་རབ་ཅེས་བཤད་དོ། །དབུས་སུ་ཧཱུྃ་ལས་མུ་ཏྲ་དྲི་ཆུ་སྟེ་སངས་རྒྱས་ལྔའི་རང་བཞིན་བདུད་རྩི་ལྔའི་དང༌། དེའི་སྟེང་དུ་ཤ་ལྔ་བསམ་སྟེ། སམྦུ་ཊར། ཀྱེ་བཅོམ་ལྡན་འདས་ཡེ་ཤེས་ཀྱི་ལྕགས་ཀྱུ་དུར་གསུངས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོ་སྐྱེ་དགུའི་བདག་པོར་བརྗོད། །དེ་བཞིན་གཉིས་པར་སྒྲོལ་མ་ཉིད། །གསུམ་པ་ལ་ནི་རབ་མཆོག་བརྗོད། །བཞི་པ་ལ་ནི་མང་པོ་སྐྱེས། །ལྔ་པ་ལ་ནི་སྟོབས་ཞེས་བྱ། །ཞེས་བཤད་པས་ཤར་དུ་གོ་ལས་རྡོ་རྗེའི་ལྕགས་ཀྱུ་གོ་ར་བ་ལང་གི་ཤ། ལྷོར་ཀུ་ལས་གནས་ཀྱི་ལྕགས་ཀྱུ་ཀུ་ཀུ་ར་ཁྱིའི་ཤ། ནུབ་ཏུ་ད་ལས་གཡོ་བའི་ལྕགས་ཀྱུ་ད་ན་རྟའི་ཤ། བྱང་དུ་ཧ་ལས་རྒྱལ་པོའི་ལྕགས་ཀྱུ་ཧསྟི་གླང་པོ་ཆེའི་ཤ། དབུས་སུ་ན་ལས་ལྕགས་ཀྱུ་ན་པོ་ན་ར་མིའི་ཤ་སྟེ། གདན་བཞིར། ལྕགས་ཀྱུ་ལ་སོགས་རྣམ་པ་ལྔ། །དེ་ཉིད་ལྔ་རུ་བྱ་བ་སྟེ། །ལྕགས་ཀྱུ་ཆེ་ལ་དགོད་པ་ནི། །ཡེ་ཤེས་ལྔ་རུ་འདོད་པ་སྟེ། །རྡོ་རྗེ་ལྕགས་ཀྱུ་མི་བསྐྱོད་པ། །གནས་ཀྱི་ལྕགས་ཀྱུ་རིན་ཆེན་དབང༌། །རྒྱལ་པོའི་ལྕགས་ཀྱུ་དོན་ཡོད་གྲུབ། །གཡོ་བའི་ལྕགས་ཀྱུ་འོད་དཔག་མེད། །ལྕགས་ཀྱུ་ལྔ་ལ་སོགས་པ་ལ། །དེ་ཉིད་ཐམས་ཅད་སྦྱར་བར་བྱ། །ཞེས་སོ། །ཤ་ལྔ་ལ་ཅིའི་ཕྱིར་ལྕགས་ཀྱུ་ཞེས་བྱ་ཞེ་ན། རྗེ་བཙུན་རྩེ་མོས། དངོས་གྲུབ་ཐམས་ཅད་འགུགས་པར་བྱེད་པས་ན་ལྕགས་ཀྱུའོ། །དང་པོ་སྐྱེ་དགུའི་བདག་པོ་ནི་ལྷོ་ཕྱོགས་སུ་ཀུ་ལས་ཁྱིའི་ཤ། ནུབ་ཕྱོགས་སུ་ད་ལས་རྟའི་ཤ་ནི་གསུམ་པ་རབ་མཆོག བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་ནི་གཉིས་པ་སྒྲོལ་མ། ཤར་དུ་གོ་ལས་བ་ལང་གི་ཤ་ནི་ལྔ་པ་སྟོབས། དབུས་སུ་ན་ལས་མིའི་ཤ་ནི་བཞི་པ་མང་པོས་སྐྱེས་ཡིན་གསུང༌། གཞན་དག་ནི་གོ་ཀུ་ད་ཧ་ན། ཤར་ནས་གོ་རིམ་བཞིན་དང་པོ་སྐྱེ་དགུའི་བདག་པོ་ལ་སོགས་པར་འདོད་དོ་ཞེས་བཤད་པ་ལྟར་རོ། །ས་བོན་དེ་དག་ལས་ནི་རྫས་དེ་དག་བསྐྱེད་པ་ཡིན་ལ། རྫས་དེ་དག་ཀྱང་བདུད་རྩི་ལྔ་ནི་སངས་རྒྱས་ལྔ། ཤ་ལྔ་ནི་སེམས་ཅན་ལྔ་དག་པའོ། །རྒྱ་གཞུང་ཕལ་ཆེར་ཤ་ལྔ་བདུད་རྩི་ལྔ་ལས་མ་བཤད་ཅིང༌། ཤྲཱི་ཨཱ་ནནྡ་བཛྲ་དང༌། མར་མེ་མཛད་ཀྱིས། བདུད་རྩི་ལྔ་ལས་གཞན་མ་བཤད། ཉིན་འབྱུང་ཟླ་བས། གཏོར་མའམ་ཆང་ལ་སོགས་པའི་རྫས་དེ་ཉིད་རྡོ་རྗེ་ཐོད་སྦྱོར་གྱིས་བྱིན་གྱིས་བརླབ་པ་ཙམ་ལས་བསྐྱེད་པ་མི་བཞེད། ཌོམྦི་པས་ཀྱང༌། གཏོར་མ་ས་བོན་ལྔས་བྱིན་གྱིས་བརླབ་ཅིང༌། རླུང་མེས་བཞུ་བསྐོལ་བྱས་པས་བདུད་རྩིར་བསྒྱུར་བ་ཙམ་ལས་བསྐྱེད་ཆོག་མ་བཤད་ཀྱང༌། རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས། ཐོག་མར་སྦྱང་གཞི་ཤ་ལྔ། དེའི་སྟེང་དུ་སྦྱོང་བྱེད་བདུད་རྩི་ལྔ་ལྔ་སྟེ། འདི་དག་རིགས་ལྔར་བཤད་པས་ན་དེ་དག་གི་རྣལ་འབྱོར་གྱིས་སྦྱང་བའི་དོན་ཏོ། །འོ་ན་ཤ་རེ་རེ་ལ་བདུད་རྩི་ལྔ་ཀ་དགོས་པའི་རྒྱུ་མཚན་ཅི་ཞེ་ན། མངལ་སྐྱེས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་བདུད་རྩི་ལྔ་ལྔ་ཡོད་པས་དེ་མཚོན་པའོ། །དེའི་སྟེང་དུ་སྦྱང་གཞི་སེམས་ཅན་དེ་རྣམས་སྦྱོང་བྱེད་རིགས་ལྔའི་རྣལ་འབྱོར་ལ་འབད་པས་སྦྱངས་འབྲས་ཡེ་ཤེས་ལྔ་ཐོབ་ཅེས་པའི་བརྡར། ཤར་དུ་བྷྲཱུྃ་མེ་ལོང་ལྟ་བུའི་ཡེ་ཤེས། ལྷོར་ཨཱྃ་མཉམ་པ་ཉིད། ནུབ་ཏུ་ཛྲཱིཾ་སོ་སོར་རྟོག་པ། བྱང་དུ་ཁཾ་བྱ་བ་གྲུབ་པ། དབུས་སུ་ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཡི་གེ་དེ་དག་ཡེ་ཤེས་དེ་རྣམས་ཀྱི་ངོ་བོར་བསྒོམས་ནས་རྫས་དེ་དག་གི་མཐའ་མར། སམྦུ་ཊར། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །ལྷ་ཀུན་དེ་ནས་ཚིམ་པར་བྱ། །ཞེས་གསུངས་པས་གཡོན་སྐོར་དུ་ཨཱ་ལི་བཅུ་དྲུག་དང༌། གཡས་སྐོར་དུ་ཀཱ་ལི་སོ་བཞི་བསྐྱེད་པ་ནི། དེ་ཐམས་ཅད་ཐབས་ཤེས་རབ་གཉིས་ལས་བྱུང་བ་མཚོན་ནོ། །དེའི་སྟེང་གི་ནམ་མཁའ་ལ་བདུད་རྩིའི་རང་བཞིན་ཨོཾ་ཡིག་དཀར་པོ་མགོ་ཐུར་དུ་བལྟ་བ་རྣམས་བསམ་མོ། །ཞེས་འཆད་དོ། །དེའི་སྟེང་དུ་རཾ་ལས་ཉི་མ་བསྒོམས་ཏེ། འོག་གི་ཟླ་བ་དང་སྟེང་གི་ཉི་མའི་དབུས་སུ་སྔར་གྱི་རྫས་དེ་དག་བསམས་ནས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་བསམ་ཞིང༌། དེ་ལས་བྱུང་བའི་རྡོ་རྗེ་ཧཱུྃ་གིས་མཚན་པར་བལྟ་སྟེ། རྡོ་རྗེ་འདིའི་ཁ་དོག་ཀྱང༌། གཏོར་ཆོག་རིན་ཆེན་ཕྲེང་བར། ཨོཾ་སྐྱེས་ཟླ་དཀྱིལ་འཁོར་ཧཱུྃ་རྡོ་རྗེར། །མདོག་དཀར་དེ་ལས་ཧཱུྃ་བསམ་མོ། །ཞེས་དཀར་པོ་དང་རྩེ་ལྔ་པར་རྗེ་བཙུན་རྩེ་མོས་བཤད་ཅིང༌། ནཱ་རོ་པའི་བརྟག་གཉིས་འགྲེལ་པར། སྟེང་གི་བར་སྣང་ལ་ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཟླ་བ་ལ་གནས་པ་ཧཱུྃ་ཡིག་གིས་བྱིན་གྱིས་བརླབས་པ་འོད་ཟེར་དང་བཅས་པ་བསམས་ནས་ཞེས་བཤད་དེ། རྫས་བསྐྱེད་པའོ། །དེ་ནས་སཾ་ཊར། འབུད་པ་སྦར་བ་ཉིད་དང་ནི། །ཁྱད་པར་དུ་ནི་བསྐོལ་བ་ཉིད། །ཤེལ་གྱི་གཟུགས་ཀྱིས་བསྐྱེད་བྱ་ཞིང༌། །དེ་ཕྱིར་ཐམས་ཅད་བརྟག་པར་བྱ། །ཞེས་བཤད་པའི་དོན། རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་ཐུར་དུ་འཕྲོས་པས་རླུང་གི་བ་དན་ལ་ཕོག དེ་གཡོས་པ་ནི་འབུད་པའི་དོན་ཡིན་ལ། དེ་མེ་སྦར་བས་ཐོད་པའི་ནང་གྱི་ཤ་ལྔ་བདུད་རྩི་ལྔ་རྣམས་བསྐོལ་ཏེ་འོད་དུ་ཞུ་བ་ནི་ཁྱད་པར་དུ་བསྐོལ་བའི་དོན་ཏོ། །དེའི་རླངས་པ་གྱེན་ལ་སོང་སྟེ། ཨོཾ་དང་རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་ཕོག་པས་བདུད་རྩིའི་རྒྱུན་འཛག ཡང་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་སྤྲོ་ཞིང་བསྡུ་བའི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་བྱོན་ནས། རྡོ་རྗེའི་ཧཱུྃ་ལ་ཐིམ་པས་རྡོ་རྗེ་ལྗིད་དང་ལྡན་པར་གྱུར་ཏེ། རྡོ་རྗེ་ཉི་མ་ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་སྟེ་འོད་དུ་ཞུ་བས། སྔར་གྱི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པ་ནི་མཆོག་ཏུ་གྱུར་པའི་བདུད་རྩི་རབ་ཏུ་བསྒྲུབ་པར་བྱ་བའི་དོན་ཡིན་ནོ། །དེ་ལྟར་ཐམས་ཅད་གཅིག་ཏུ་འདྲེས་པས་ཤེལ་དག་པ་ལྟ་བུའམ་ཆུའི་རང་བཞིན་འདི་ལྟ་བུར་བསྒོམས་པས་ཐ་མལ་པའི་རྫས་ཀྱི་རྟོག་པ་དག་པར་བྱས་ནས་སྐུ་གསུང་ཐུགས་ཀྱི་ལྷའི་ངོ་བོར་བསམས་ལ་ཧ་ཧོ་ཧྲཱིཿཡང་ཡང་བརྗོད་པས་ཁ་དོག་ཕུན་སུམ་ཚོགས་པ་བལྟས་པས་ཚིམ་པ་དང༌། དྲི་བསྣམས་པས་ཚིམ་པ་དང༌། རོ་མྱངས་པས་ཚིམ་པར་བསམ་སྟེ། སམྦུ་ཊ་ལས། ཧས་ནི་ཁ་དོག་འཕྲོག་པར་བྱེད། །ཧོ་ཡིས་དྲི་ནི་འཇིགས་པར་བྱེད། །ཧྲཱིཿས་ནི་ནུས་པ་འཇིགས་པར་བྱེད། །ཅེས་སོ། །དེ་ལྟར་དུ་ཡང་ཡང་བསམས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས་དབུལ་བར་བྱའོ། །འདིར་རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས་མངོན་བྱང་ལྔ་དང་སྦྱོར་ཏེ། འོག་གི་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས། སྟེང་གི་ཉི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས། བར་གྱི་རྫས་བཅུ་དང་ཨོཾ་ཡིག་སོ་སོར་རྟོག་པའི་ཡེ་ཤེས། དེ་རྣམས་ལས་འོད་ཟེར་འཕྲོས་རླུང་གཡོས་ནས་བདུད་རྩི་ཁོལ་བའི་རླངས་པས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་བྱེད་པ་བྱ་བ་གྲུབ་པའི་ཡེ་ཤེས། དེ་ལ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཞེས་འཆད་དེ། རྫས་བྱིན་གྱིས་བརླབ་པའོ། །འདི་རྣམས་སམྦུ་ཊ་ལས་བཏུས་པར་མངོན་ནོ། །གསུམ་པ་ནི། དེ་ནས་སྔར་བསྐྱེད་པའི་ལྷ་རྣམས་ཀྱི་ལྗགས་ལ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནས་འབྲས་ཙམ་གྱིས་མཚན་པར། ནག་པོ་པ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། རྗེ་བཙུན་གོང་མ། གཉིས་མེད་རྡོ་རྗེ། ཉིན་འབྱུང་ཟླ་བ་རྣམས་བཞེད་ལ། དེའི་ཁ་དོག་ཀྱང་ལས་དང་མཐུན་པ་སྟེ། གུར་བཀའ་འགྲེལ་ལས། ཞི་བ་ལ་སོགས་པ་ལ་ནི་རྡོ་རྗེ་དཀར་པོ་ལ་སོགས་པས་བརྒྱན་པའི་ཞལ་དུ་འབུལ་ལོ། བསད་པ་ལ་སོགས་པ་ལ་ནི་ཁྲོ་བོའི་རྡོ་རྗེས་བརྒྱན་པའི་ཞལ་གདངས་པར་རོ། །ཞེས་སོ། །མར་མེ་མཛད། ཀཾ་པ་ལ་ལ་སོགས་པ་རྣམས་ལྗགས་རྡོ་རྗེའི་སྦུ་གུ་ཅན་དུ་བཞེད། གང་ལྟར་ཡང་དེ་དག་ལས་འོད་བྱུང་བས་གཏོར་མ་དྲངས་ཤིང་གསོལ་བར་བསམ་མོ། །དེ་ནས་གཏོར་མ་འབུལ་བའི་སྔགས་ནི་རྩ་བའི་རྒྱུད་ལས་གསུངས་པ་འདི་ཡིན་ཏེ། ཨོཾ་ནི་བཀྲ་ཤིས་པའི་ཕྱིར་སྔགས་ཀྱི་མགོ་འདྲེན་པ། ཨིནྡ་དབང་པོ། ཛ་མ་གཤིན་རྗེ། ཛ་ལ་ཆུ་ལྷ། ཛཀྑ་གནོད་སྦྱིན། བྷུ་ཏ་འབྱུང་པོ། བ་ཧི་མེ་ལྷ། བ་ཡུ་རླུང་ལྷ། རཀྑ་སྲིན་པོ་སྟེ་ཕྱོགས་སྐྱོང་བརྒྱད་དོ། །ཙནྡྲ་ཟླ་བ། སཱུ་ཛ་ཉི་མ་གཟའ་སྟེ་གཟའ་རྣམས་ལྷའི་ཁོང་དུ་འདུ་བར་བཤད། མ་ད་སའི་ལྷ་མོ། པཔྤ་ཚངས་པ། འདིས་མཚོན་ནས་ལྷ་ཆེན་པོ་བརྒྱད་དོ། །ཏ་ལཱ་པཱ་ཏ་ལ་རྐང་འོག་ན་གནས་པ། ཨཊྚ་བརྒྱད། སརྤ་སྦྲུལ་ཏེ་འདིས་ཀླུ་བརྒྱད་དོ། །སྭཱ་ཧཱ་གཞི་ཚུགས་ཤིག་པའམ། ཤཱནྟི་པས་ཞི་བའི་དོན་དུ་འཆད། སྔགས་དེ་དག་བརྗོད་ཅིང་པད་སྐོར་བྱ་བ་ནི། གཏོར་མའི་མགྲོན་རྣམས་གསལ་གདབ་པར་བྱ་བ་ཡིན་ནོ། །སྐབས་འདིར་རྗེ་བཙུན་རྩེ་མོས་མཆོད་པ་ལྔ་བྱའོ་ཞེས་མཚོ་སྐྱེས་འགྲེལ་པར་བཤད། དེ་ནས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨི་དཾ་འདི། བ་ལིཾ་གཏོར་མ། བྷུ་ཛ་ཟོ། ཛིགྷ་སྣོམས་ཤིག་པ་སྟེ། གང་སྣོམ་ན་ཕུལླ་མེ་ཏོག དྷཱུཔྤ་སྤོས། མཱཾ་ས་ཤ་ཆེན། པིཾ་ག་ཉ་ཤ་སྟེ་རྫས་དེ་དག་ནི་བཞེས་པར་ཞུའོ། །བཞེས་ནས་ཅི་མཛད་ན་ཨམྦ་བདག་གི སཔྤ་ཐམས་ཅད། ཀཛྫ་སཱ་དྷ་དོན་སྒྲུབས་ཤིག ཁནྟི་ཁུ་ནི་བཟོད་པར་གསོལ་ཅིག ཕེ་ཊ་ག་ཏ་གནོད་པ་སོལ་ཅིག་སྟེ་དེ་ནི་འདོད་པའི་དོན་ཞུ་བའོ། །འདི་དག་པྲ་ཀྲྀ་ཏའི་སྐད་ཡིན་པས་མར་ལོ་ལྟར་སཾ་སྐྲྀ་ཏའི་སྐད་དུ་འཁྲུལ་བར་མི་བྱའོ་གསུང༌། ཨོཾ་ནི་སྔར་བཞིན་ནོ། །ཨ་ནི་གདོད་མ་ནས་མ་སྐྱེས་པ། ཀཱ་རོ་ནི་བྱ་བའམ་བྱེད་པ། མུ་ཁཾ་ནི་སྒོ། སརྦ་ཐམས་ཅད། དྷརྨཱ་ཎཱཾ་ཆོས་ཏེ། ཨ་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པའོ། །ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། ཅེས་པ་ནི། གདོད་མ་ནས་མ་སྐྱེས་པའི་དེ་བཞིན་ཉིད་དོ། །ཞེས་པའོ། །ཨོཾ་ཨཱཿཧཱུྃ་ནི་དེ་ཁོ་ན་ཉིད་ཀྱི་ངོ་བོར་རྣལ་འབྱོར་པ་དང་མགྲོན་གྱི་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་སུ་མཉམ་པའོ། །ཕཊ་དགས་པ་སྭཱ་ཧཱ་གཞི་ཚུགས་ཤིག་པ་སྟེ་འདི་ནི་གཏོར་མ་རྣལ་འབྱོར་པ་མགྲོན་གསུམ་ཀ་དེ་བཞིན་ཉིད་དུ་བྱིན་གྱིས་བརླབས་པའོ། །དེ་ལྟར་ལྔའམ་བདུན་ལ་སོགས་པས་གཏོར་མ་ཕུལ་ལ། དེ་ཉིད་བཅུ་པར། ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ ཞེས་བྱ་བ་ལ་སོགས་པས་གཏོར་མ་སྦྱིན་པར་བྱ་ཞིང༌། དེ་ནས་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་བྱུང་བའི་གཽ་རཱི་ལ་སོགས་པ་ཕྱག་ན་མཆོད་པ་སྣ་ཚོགས་པ་ཐོགས་པ་ལ་སོགས་པས་མཆོད་པས་མཆོད་པར་བྱ་ཞིང༌། དེའི་འོག་ཏུ་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟོད་པར་བྱའོ། །ཞེས་བཤད་ཅིང༌། རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས་འབྱུང་བས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ལ་སོགས་པས་མཆོད་པ་ལྔ་དང༌། ནང་བདུད་རྩི་ལྔས་ཀྱང་མཆོད། རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང༌། དཀར་མོ་རི་དྭགས་མཚན་མ་འཛིན་ལ་སོགས་པས་མཆོད་ལ། ལྷ་ཐམས་ཅད་རིགས་ལྔའི་རང་བཞིན་དུ་ཤེས་པའི་བློས། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །ཞེས་སོགས་གསང་འདུས་ལས་གསུངས་པ། སློབ་དཔོན་འདིས་བཟང་པོ་ཡོངས་བཟུང་དུ་དྲངས་པས་དེས་བསྟོད་པའམ། རྣལ་འབྱོར་དབང་ཕྱུག་གི་མན་ངག་དང༌། ནག་པོ་པས། དེ་མཁའ་འགྲོ་ལྔའི་བསྟོད་པར་བསྒྱུར་བ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ལུགས་སོ་སོར་མ་འདྲེས་པར་བྱའོ། །དེ་ནས་རིན་ཆེན་འབར་བའི་གཏོར་མའི་ལེའུར། རབ་ཏུ་མཆོད་དེ་བསྟོད་ནས་ནི། །འདོད་པའི་དོན་ཀུན་བསྒོས་ནས་ཀྱང༌། །ཞེས་ཕྲིན་ལས་གཞོལ་བར་གསུང་ཞིང༌། རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཞེས་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བརྗོད་པར་བཤད་ལ། ཤྲཱི་ཨཱ་ནནྡ་བཛྲའི་གཏོར་ཆོག་ལས། མཆོད་སྦྱིན་གཏོར་མ་འདི་བསྣམས་ལ། །ཞེས་སོགས་ནས། བྱ་བྱེད་ངན་པ་མེད་པར་མཛོད། །ཅེས་པའི་བར་ལས་མ་བཤད། རྒྱ་གཞུང་གཞན་རྣམས་ལས་ཕྲིན་ལས་གཞོལ་བའི་ཚིག་མ་གསུངས་ཏེ། དེ་དག་ནི་ཕྲིན་ལས་གཞོལ་བའོ། །བཞི་པ་ནི། རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས། རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱི་ཚིགས་བཅད་དང༌། སྨོན་ལམ་དང༌། གཤེགས་སུ་གསོལ་བ་སྟེ་བཞི་བཤད་ལ། སློབ་དཔོན་ཀཾ་པ་ལ་དང༌། གཉིས་མེད་རྡོ་རྗེས་རྡོ་རྗེའི་གླུ་བླང་བ་ཙམ་ཞིག་བཤད་དོ། །གུར་ལས། ཕྱིས་ནི་འཐོར་འཐུང་དབུལ་བར་བྱ། །སྔགས་འདི་ཡིས་ནི་གཤེགས་སུ་གསོལ། །ཞེས་དང༌། སློབ་དཔོན་ནག་པོ་པས། དེ་ནས་ཡང་ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་པཾ་ནིཥ་ཙ་སཾ་ཤོ་དྷ་ཡཿསརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུྃ། ཞེས་བྱ་བས་འཐོར་འཐུང་བྱིན་ལ། ཡི་གེ་བརྒྱ་པའི་མཐར་མུཿཞེས་བརྗོད་ལ་སླར་བཏང་ངོ་ཞེས་དང༌། དེ་བཞིན་དུ་གཉིས་མེད་རྡོ་རྗེ་དང༌། ཀཾ་པ་ལས་ཀྱང་བཤད་པས། སྔགས་དེ་ཉིད་བཟླ་ཞིང་པད་སྐོར་སྔོན་དུ་འགྲོ་བས་འཐོར་འཐུང་གཏོར་མ་ལ་བླུགས་ཤིང༌། གཡས་སྐོར་དུ་བྲན་ནས། གཏོར་མ་གང་དུ་བཏང་བའི་ཕྱོགས་དེ་ཉིད་དུ་ལམ་ཕྱེ་ལ། མཆོད་པ་ལྷག་མ་རྣམས་གཏོར་མ་དང་ལྷན་ཅིག་ཏུ་སྦགས་ཏེ། མཚན་མོ་ཡིན་ན་གྲིབ་གནོན་གྱི་གདོན་བསྲུང་བའི་ཕྱིར་དཔལ་འབར་ཡང་བྱའོ། །དེ་ལྟར་མཆོད་པ་དང་གཏོར་མས་དགྱེས་པར་བྱས་ནས་གཤེགས་སུ་གསོལ་བའི་ཕྱིར། གུར་ལས་གསུངས་པའི་ཡི་གེ་བརྒྱ་པ་བརྗོད་པར་བྱ་སྟེ། གང་ཞེ་ན། ཨོཾ་ནི་སྔགས་ཀྱི་མགོ་འདྲེན་པ། བཛྲ་སཏྭ་ས་མ་ཡ། རྡོ་རྗེ་སེམས་དཔའི་དམ་ཚིག་གིས། མ་ནུ་པཱ་ལ་ཡ། རྗེས་སུ་སྐྱོངས་ཤིག ཇི་ལྟར་སྐྱོང་ཞེ་ན། དྲྀ་ཌྷོ་མེ་བྷ་ཝ། བདག་ལ་བརྟན་པའི་རང་བཞིན་དུའོ། །སུ་པོ་ཥྱོ་མེ་བྷ་ཝ། བདག་ལ་མཛེས་པའི་རང་བཞིན་དུའོ། །སུ་ཏོ་ཥྱོ་མེ་བྷ་ཝ། བདག་ལ་དགའ་བའི་རང་བཞིན་དུའོ། །ཤཱ་ཤྭ་ཏོ་མེ་བྷ་ཝ། བདག་ལ་སེམས་དཔའི་རང་བཞིན་དུའོ། །ཨ་ནུ་རཀྟོ་མེ་བྷ་ཝ། བདག་ལ་རྗེས་སུ་ཆགས་པའི་རང་བཞིན་དུའོ། །ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ། བདག་ལ་སྙིང་པོ་བརྟན་པར་མཛོད། སརྦ་སིདྡྷི་མྨེ་པྲ་ཡཙྪ། བདག་ལ་དངོས་གྲུབ་ཐམས་ཅད་སྩོལ། སརྦ་ཀརྨ་སུ་ཙ་མེ། བདག་ལ་ལས་ཐམས་ཅད་སྩོལ། ཙིཏྟཾ་ཤྲེ་ཡཿཀུ་རུ། བདག་གི་སྙིང་ལ་གནས་པར་མཛོད། གང་གནས་པར་མཛོད་ན། ཧཱུྃ་མི་འགྱུར་བའི་དབྱིངས་དང༌། ཧཱུྃ་གཉིས་པ་ནི་ཆོས་དབྱིངས་ཡེ་ཤེས། ཧ་ཧ་ཧ་ཧ་ཡེ་ཤེས་གཞན་བཞི། ཧོཿདབྱེར་མེད་པ་སྟེ། མདོར་ན་དབྱིངས་དང་ཡེ་ཤེས་དབྱེར་མེད་དོ། །དེ་ལ་མིང་ཇི་སྐད་བྱ་ན། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱའོ། །དེས་ནམ་ཡང་སྤང་བར་བྱ་བ་མ་ཡིན་པས་མཱ་མེ་མུཉྩ། བདག་མ་བཏང་ཞིག བཛྲཱི་བྷ་ཝ་ས་མ་ཡ་སཏྭ་ཨཱཿ རྡོ་རྗེའི་རང་བཞིན་དམ་ཚིག་སེམས་དཔའ་ཞེས་བོད་པའོ། །དེའི་མཐར་སམྦུ་ཊ་ལས། རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །གཡོན་པ་སྙིང་གར་གཞག་པར་བྱ། །ལག་པ་གཡས་པ་བརྐྱང་ནས་ནི། །ས་ལ་བཞག་ནས་གཤེགས་སུ་གསོལ། །ཞེས་པ་ལྟར་བྱས་ལ། བཛྲ་མུཿ ཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ། བདག་དང་གྲོགས་རྣམས་ཀྱི་གནས་གསུམ་དུ་རྡོ་རྗེ་དང་བཅས་པའི་བདུད་རྩིས་རེག་ལ་ཡི་གེ་གསུམ་བརྗོད་པས་བསྲུངས་ནས། རོལ་མོས་སྣ་དྲངས་ལ་གཏོར་མ་འབབ་ཆུའམ་ལམ་གྱི་བཞི་མདོ་ལ་སོགས་པར་དོར་ཞིང༌། ཐམས་ཅད་ཀྱིས་རྩ་བའི་སྔགས་ཟློས་བཞིན་པས་བར་དུ་གཅོད་པ་རྣམས་བསྲུང་བར་བྱའོ། །གསུམ་པ་ནི། དེ་ལྟར་ཆོ་ག་ཇི་ལྟ་བ་བཞིན་གཏོར་མ་འདི་སྦྱིན་ཞིང་རབ་ཏུ་མཆོད་པར་བྱས་པ་ལས་འབྲས་བུ་ཅི་འབྱུང་ན། རྣལ་འབྱོར་པ་དེ་ལ་འབྱུང་པོ་ཐམས་ཅད་ཀྱིས་འདོད་པའི་དོན་ཐམས་ཅད་འགྲུབ་པརབྱེད་པར་འགྱུར་རོ། །དེའི་ཚེ་རྣལ་འབྱོར་པ་དེ་ལ་བདེ་བ་རྙོག་པ་མེད་པ་སངས་རྒྱས་ཉིད་ཐོབ་པ་དང་ལྷག་པའི་ལྷ་མཉེས་པ་དང༌། དེའི་འཁོར་རྣམས་ཀྱང་ལེགས་པར་བྱེད་པར་འགྱུར་རོ། །གལ་ཏེ་འབྱུང་པོའི་ཚོགས་བརྒྱད་གསུམ་ཉེར་བཞི་པོ་འདི་ལ། གཏོར་མ་བྱིན་ན་ཐུན་མོང་གི་དངོས་གྲུབ་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་དང༌། བསད་པ་ལ་སོགས་པ་མངོན་སྤྱོད་ཀྱི་ལས་དང༌། དགྲའི་སྡེ་ནང་བྱེ་བས་འཇིགས་པ་དང༌། དགྲ་བོ་གནས་གཞན་དུ་བསྐྲད་པ་དང༌། བདག་གི་དྲུང་དུ་དགུག་པ་དང༌། སྡིག་པ་ལ་སོགས་པ་ཞི་བ་དང༌། ལུས་ལ་སོགས་པ་བདེ་བ་དང༌། ཚེ་ལ་སོགས་པ་རྒྱས་པར་བྱེད་པར་འགྱུར་རོ། །ཞེས་ཏེ་འདི་རྣམས་ཕལ་ཆེར་རྩ་རྒྱུད་ནས་བཏུས་པར་མངོན་ནོ། །གསུམ་པ་ནི། དཔལ་ཀྱེ་རྡོ་རྗེ་དང༌། རྡོ་རྗེ་གུར་ལ་སོགས་པའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་ཨུ་རྒྱན་དུ་དངོས་གྲུབ་བརྙེས་པའི་རྡོ་རྗེ་སློབ་དཔོན་རྩོད་པ་གཞན་གྱིས་ཐུབ་དཀའ་བས་ཐུབ་དཀའ་ཟླ་བའམ། མི་ཐུབ་ཟླ་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ་ནི་ས་མཔྟཿསྟེ་ཡི་གེ་ཕྱིས་བསྣན་གྱི་ངེས་ཚིག་གིས། སམྱཀ་པྲ་ཏི་ཡང་དག་པར་རྟོགས་པའི་དོན་ཏོ། །རྒྱ་གར་གྱི་མཁན་པོ་ག་ཡ་དྷཱ་ར་དང༌། བོད་ཀྱི་ལོཙྪ་བ་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༈ །།རྣམ་དག་རྒྱུད་དང་གོང་མའི་གསུང་རབ་དང༌། །རྣམ་མང་འཕགས་ཡུལ་མཁས་པའི་ལེགས་བཤད་ལས། །རྣམ་དཀར་ཕྲིན་ལས་རྒྱས་བྱེད་གཏོར་ཆོག་འདི། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱ་ཕྱིར་བཏུས། །དགེ་བ་གང་དེས་མཐའ་ཡས་སེམས་ཅན་རྣམས། །དགེ་ལེགས་ཕན་བདེའི་དཔལ་ལ་ལོངས་སྤྱོད་ཅིང༌། །དགེ་བའི་འབྱུང་གནས་དཔལ་ལྡན་ཧེ་རུ་ཀའི། །དགེ་བའི་ཐུགས་ཀྱིས་རྟག་ཏུ་སྐྱོང་བར་ཤོག །ཅེས་པ་འདི་མཐའ་ཡས་པའི་ཤེས་བྱའི་དཀྱིལ་འཁོར་ལ་བསྙེངས་པ་མི་མངའ་བའི་མཁྱེན་རབ་ཅན། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་གསུང་ལས་སྐྱེས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས། ཀྱེ་རྡོ་རྗེའི་ཆོས་སྐོར་བོད་དུ་འགྱུར་རོ་འཚལ་དང༌། རྡོ་རྗེ་འཆང་གཉིས་པ་རྗེ་བཙུན་གོང་མའི་གསུང་རབ་མཐའ་དག་ལ་བརྟེན་ནས། ཀུན་འཛིན་གྱི་ལོ་གྲོ་ཞུན་གྱི་ཟླ་བ་ལ་ཆོས་གྲྭ་ཆེན་པོ་དཔལ་ས་སྐྱའི་དབེན་གནས་དགེ་ལྡན་ས་བཟངས་སུ་སྦྱར་བའི་ཡི་གེ་པ་ནི་རོང་སྟོན་བློ་གྲོས་རབ་གསལ་ཞེས་བྱ་བས་བགྱིས་སོ། །འདིས་བསྟན་པ་དང་སེམས་ཅན་ཐམས་ཅད་པ་ཕན་ཐོགས་པར་གྱུར་ཅིག། །། «༄། །འདོད་རྒྱལ་གྱི་སྒྲུབ་ཐབས་བཞུགས་སོ།། »༈ །ན་མཿ ཊཀྐི་རཱ་ཛཱ་ཡ། དཔལ་འདོད་པའི་རྒྱལ་པོའི་བསྙེན་པ་བྱེད་པར་འདོད་པས། ཐོ་རངས་སོགས་ཐུན་བཞིའི་ངེས་པས་འདི་ལྟར་ཉམས་སུ་བླངས་ཏེ། སྟན་བདེ་བ་ལ་འདུག་ནས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་ཁྲོ་བོ་འདོད་པའི་རྒྱལ་པོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དམར་པོ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན་ཅོད་པཎ་དུ་བཞུགས་པའི་ཁྲོ་བོ་འདོད་པའི་རྒྱལ་པོ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བར་སྤྱན་དྲངས་པར་བསམས་ལ། ཐལ་མོ་སྦྱར་ཏེ། ན་མོ་གུ་རུ་བྷྱཿ བླ་མ་དང༌། ན་མཿཊཀྐི་རཱ་ཛ་བྷྱཿ འདོད་རྒྱལ་ལ་ཕྱག་བྱ། མཆོད་པ་ཕུལ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་སོགས་གསུམ་གྱིས་རྒྱུན་བཤགས་བྱ། ཚད་མེད་པ་བཞི་བསྒོམ། ཨོཾ་སྭ་བྷཱ་ཝས་སྟོང་པར་བསྒོམས་ཏེ། ཚོགས་གཉིས་བསག་པའོ། །སྟོང་པའི་ངང་ལས་བྷྲཱུྃ་དམར་པོ་ལས། པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་ཟླ་གམ། སྒོ་གཅིག་པའི་སྟེང་དུ། རིན་པོ་ཆེའི་ཕ་གུ་དང༌། དྲྭ་བ་དང༌། དྲྭ་བ་ཕྱེད་པ་དང༌། མདའ་ཡབ་དང་པུ་ཤུ་ལ་སོགས་པས་མཛེས་པར་བྱས་པའི་སྟེང་ཐོག་རིམ་པར་ཕུབ་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པ། སྒོའི་མདུན་དུ་རྟ་བབས་དང་རྒྱན་སྣ་ཚོགས་ཀྱིས་སྦྲས་པའི་ཕྱི་འཁོར་ཡུག་པདྨ་དམར་པོ་འདབ་མ་སུམ་ཅུ་སོ་གཉིས་པས་བསྐོར་བ། གཞལ་གཡས་ཁང་གི་དབུས་སུ་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཧཱུྃ་དམར་པོ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་ཞི་བར་བྱས། འཇིག་རྟེན་གྱི་ཁམས་ཀྱི་ཆོས་དང་དཔལ་འབྱོར་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ། དེ་འོད་དམར་པོར་ཞུ་བ་ལས། རང་ཉིད་ཁྲོ་བོ་འདོད་པའི་རྒྱལ་པོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང༌། ཉི་མའི་དཀྱིལ་འཁོར་ལྟར་འོད་འབར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་པས་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་དམར་པོ་འཕྱར་ཐབས་སུ་འཛིན་ཅིང༌། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ཐུགས་ཀར་བསྣམས་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པ། དབུ་སྐྲ་རལ་པའི་ཐོར་ཅོག་ཅན། རིན་པོ་ཆེའི་རྒྱན་དང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། དེའི་པང་ན་ཡུམ་བདེ་བ་རྒྱས་བྱེད་མ་སྐུ་མདོག་དམར་མོ། གཡས་ལྕགས་ཀྱུ་འཕྱར་ཐབས་སུ་འཛིན་ཅིང༌། གཡོན་བདུད་རྩིས་གང་བའི་བུམ་པ་འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཡས་བརྐྱངས་ཤིང༌། གཡོན་བསྐུམས་པས་འཁྲིལ་བ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་གཉིས་ཀའང་དར་དམར་པོའི་སྟོད་གཡོགས་དང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་ཀྱིས་མཛེས་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསམ། ཡང་རང་གི་ཐུགས་ཀར་ཧཱུྃ་དམར་པོ། དེའི་མཐར་གཡོན་སྐོར་དུ་བཟླ་བྱའི་སྔགས་ཁ་དོག་དམར་པོ་ཅན་དུ་བསམ། དེ་ལས་འོད་ཟེར་དམར་པོ་འཕྲོས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། མཆོད་ལ་བསྟིམ། ཡང་འོད་ཟེར་འཕྲོས་པས་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ལ་མཆོད། དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས་རང་གི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། དེ་ལས་རྣམ་པར་སྣང་མཛད་སྐུ་མདོག་དམར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། མགྲིན་པར་ཨཱཿལས་པདྨ། དེ་ལས་འོད་དཔག་མེད་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། སྙིང་གར་ཧཱུྃ་ལས་རྡོ་རྗེ། དེ་ལས་མི་བསྐྱོད་པ་དམར་པོ་གཡས་པས་ས་གནོན་དང༌། གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན་དུ་བསམ། དེ་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ་མཆོད་ནས། ཛཿཧཱུྃ་བཾ་ཧོཿསོ་སོ་ལ་བསྟིམ་པས། ལྷ་གསུམ་འོད་དམར་པོར་ཞུ་ནས། རང་དང་དབྱེར་མེད་དུ་གྱུར་པར་བསམས་ཏེ་ལྷ་བསྒོམ་པའོ། །དེ་ནས་སྙིང་གར་བཀོད་པའི་སྔགས་རྣམས་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་གི་ཕྲིན་ལས་དང༌། དངོས་གྲུབ་ཐམས་ཅད་འོད་དམར་པོའི་རྣམ་པས་བྱོན་ཏེ། སྔགས་ཀྱི་ཡིག་འབྲུ་ལ་ཐིམ། ཡང་འོད་འཕྲོས་པས་འོད་ཀྱི་རྩེ་མོ་ལས་འདོད་རྒྱལ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་འཕྲོས། འགྲོ་བ་མཐའ་དག་དབང་དུ་བསྡུས་ཏེ་མིག་གི་གནས་སུ་ཐིམ་པར་བསྒོམས་ལ་ཙནྡན་ནམ་པདྨའི་ཕྲེང་བ་བཟུང་སྟེ། ཨོཾ་པུཥྚིཾ་ཀུ་རུ་བྷཱུྃ། ཨོཾ་ཀུ་སུ་མ། མཱ་ལི་བྷི་ཧཱུྃ་ཛཿ ཨོཾ་བཛྲ་ཀུ་སུ་ཛི་ཀཾ་བྷེཿ ཋ་ཋ་ཋ། ཨོཾ་གྲོ་གེ་མ་ཀྲི་ཏེ། ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོཿ ཀ་ཀ་དྷ་ཡ་ཀ་དྷ་ཡ། ཁ་ཁཱ་ཧི་ཁཱ་ཧི། ག་གརྫ་ཡ་གརྫ་ཡ། གྷ་གྷ་ཏ་ཡ་གྷ་ཏ་ཡ། ཙ་ཙ་ལ་ཡ་ཙ་ལ་ཡ། ཚ་ཚ་ཏ་ཡ་ཚ་ཏ་ཡ། ཛ་ཛམྦྷ་ཡ་ཛམྦྷ་ཡ། ཛྷ་ཛྷ་ཏ་ཡ་ཛྷ་ཏ་ཡ། ཊ་ཊ་ལ་ཡ་ཊ་ལ་ཡ། ཋ་ཋ་ཀ་ཡ་ཋ་ཀ་ཡ། ཌ་ཌ་བྷ་ཡ་ཌ་བྷ་ཡ། ཌྷ་ཌྷ་ཀ་ཡ་ཌྷ་ཀ་ཡ། ཎ་ཎ་ཤ་ཡ་ཎ་ཤ་ཡ། ཏ་ཏཾ་བྷ་ཡ་ཏཾ་བྷ་ཡ། ཐ་ཐོ་བྷ་ཡ་ཐོ་བྷ་ཡ། ད་དཱ་ར་ཡ་དཱ་ར་ཡ། དྷ་དྷ་ར་ཡ་དྷ་ར་ཡ། ན་ནཱ་ཤ་ཡ་ནཱ་ཤ་ཡ། པ་པ་ཏ་ཡ་པ་ཏ་ཡ། ཕ་ཕ་ཏ་ཡ་ཕ་ཏ་ཡ། བ་བནྡྷ་ཡ་བནྡྷ་ཡ། བྷ་བྷེ་ཏ་ཡ་བྷེ་ཏ་ཡ། མ་མཱ་ར་ཡ་མཱ་ར་ཡ། ཡ་ཡོ་ཧ་ཡ་ཡོ་ཧ་ཡ། ར་རོ་ཧ་ཡ་རོ་ཧ་ཡ། ལ་ལོ་པ་ཡ་ལོ་པ་ཡ། ཝ་ཝ་ཧཱ་ཡ་ཝ་ཧ་ཡ། ཤ་ཤོ་ཥ་ཡ་ཤོ་ཥ་ཡ། ཥ་ཥུཥྚི་ཡ་ཥུཥྚི་ཡ། ས་སཱ་དྷ་ཡ་སཱ་དྷཱ་ཡ། ཧ་ཧ་ན་ཡ་ཧ་ན་ཡ། ཀྵ་ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཆེ་གེ་མོ་ཝ་ཤཾ་ཀྲྀ་ཏི། ཝ་ཤཾ་ཀུ་རུ་ཧོཿ ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། ཀྵ་ཡཾ་ཀུ་རུ། ཀྵོ་བྷཾ་ཀུ་རུ། མཱ་རཾ་ཀུ་རུ་སྭཱ་ཧཱ། ཨོཾ་སིདྡྷི། སརྦ་སིདྡྷི། མ་ཧཱ་སིདྡྷི། པཱུ་ཛ་ཨགྣི་ཏཾ། བྷ་ན་ཏེ་མཱ་རཱ་ཎི། ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོཿ ཞེས་པ་ཐུན་རེ་ལ་ཉི་ཤུ་རྩ་ལྔ་རེ་བཟླ། དེ་ལ་ཆེ་གེ་དང༌། ཨ་མུ་ཀ་རྣམས་ཀྱི་ཚབ་ཏུ་བསྒྲུབ་བྱ་ཡོད་ན་དེའི་མིང་ངམ། མེད་ན་འགྲོ་བ་མང་པོ་ཞེས་པ་གཞུག་གོ །མཐར་དགེ་བའི་རྩ་བ་སངས་རྒྱས་ཀྱི་སར་བསྔོ་ལ་སྤྱོད་ལམ་ཐམས་ཅད་དུ་འདོད་རྒྱལ་གྱི་ང་རྒྱལ་གནས་པར་བྱའོ། །འདི་ནི་ཡབ་ཡུམ་སྦྲག་པའི་སྒྲུབ་ཐབས་ཏེ། ཡབ་རྐྱང་པར་བསྒྲུབ་ན། ཡུམ་སྤངས་པ་འབའ་ཞིག་གིས་ཆོ་ག་ལ། ཡུམ་རྐྱང་པར་སྒྲུབ་ན། ཡུམ་རྐྱང་དུ་བསྒོམས་པའི་ཐུགས་གར་འདོད་པའི་རྒྱལ་པོ་ཆུང་ངུ་གཅིག་བསྒོམ། ལྷག་མ་ཐམས་ཅད་སྔ་མ་དང་འདྲའོ། །ཐུན་མཚམས་སུ་གཏོར་མ་བཏང་ན། རིན་པོ་ཆེའི་སྣོད་དུ། ཟན་ལེབ་ཟླུམ་པོ་དང༌། དེའི་སྟེང་དུ་གྲུ་བཞི། དེའི་སྟེང་དུ་གྲུ་གསུམ། དེའི་སྟེང་དུ་ཟླ་གམ་རྣམས་ཟན་ལེབ་རྣམས་རིམ་པར་བརྩེགས་པའི་སྟེང་དུ་གཏོར་མའི་སྙིང་པོ་བཞག མཐའ་ཐོག་ཐག་མཐེབ་སྐྱུ་དང་ཁ་ཟས་སྣ་ཚོགས་ཀྱིས་བརྒྱན་ལ། ཐམས་ཅད་མར་དང་འབྲི་མོག་གིས་དམར་པོར་བསྒྱུར། བསྡུ་ན་ཇི་ལྟར་འོས་པའི་གཏོར་མ་བཤམས་ལ། ནང་མཆོད་ཆུ་ཆང་གིས་སྦྱངས། བདེ་མཆོག་གམ། ཀྱེ་རྡོར་གྱི་ནང་མཆོད་བྱིན་རླབས་ལྟར། གཏོར་མ་ཤ་ལྔ་བདུད་རྩི་ལྔར་བསྐྱེད། དེ་ནས་ངག་ཏུ། ཊཀྐི་རཱ་ཛ་ཧཱུྃ་ཛཿ ཞེས་དང༌། ལག་པ་གཉིས་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་སྤྲོས་པས། ནུབ་ཕྱོགས་བདེ་བ་ཅན་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་སྤྱན་དྲངས་པར་བསམ། ཡང་རང་གི་སྙིང་ག་ནས་འོད་འཕྲོས་གཏོར་མ་ལ་ཕོག་པས་འོད་ཟེར་དེས་གཏོར་མ་བཏེག་སྟེ་འདོད་རྒྱལ་གྱི་ཕྱག་ཏུ་གཏད་པས། དེས་གསོལ་བ་བསམས་ལ། ཨོཾ་ཊཀྐི་རཱ་ཛ་ཨི་དཾ་བ་ལིཾ། ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་སིདྡྷིམྨེ་པྲ་ཡཙྪནྟུ་ཧཱུྃ། ཞེས་གསུམ་མམ་བདུན་བརྗོད་པས་ཕུལ། མེ་ཏོག་ལ་སོགས་པས་མཆོད་ཅིང༌། དྲིལ་བུ་དཀྲོལ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དབང་བསྐུར་ཕོ་ཉའི་ལས་བྱེད་པ། །ཁྲོ་རྒྱལ་འདོད་པའི་རྒྱལ་པོ་སྟེ། །ཁམས་གསུམ་འགུགས་པ་ཁྱོད་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་ཕྲིན་ལས་བཅོལ། ཛཿཧཱུྃ་བྃ་ཧོཿ གཏོར་མགྲོན་རང་ལ་བསྡུ། གཏོར་མ་བྱ་ཁྱི་དང༌། མི་གཞན་ལ་མི་སྦྱིན་ནོ།། །། «༄། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་བཞུགས་སོ།། »༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རབ་དཀར་པདྨ་ཟླ་བའི་དཀྱིལ་འཁོར་ལ། །རྣམ་དཀར་ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །སྤྲིན་དཀར་གངས་རི་སོགས་ཀྱི་མདངས་འཕྲོག་མ། །འོད་དཀར་ལྡན་མས་སྙིང་གི་མུན་སེལ་མཛོད། །འདིར་རྒྱུད་ཀྱི་རྒྱལ་པོ་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུ་བརྒྱད་པ་ལས། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྱུང་གནས་ཡང་དག་པར་རབ་ཏུ་བཤད་པར་བྱའོ། །གང་གིས་བསྒོམས་པ་ཙམ་གྱིས་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད་པར་འགྱུར་རོ། །ལྷ་མོ་མོ་ཞལ་གཅིག་ཕྱག་གཉིས་མ། མདོག་དཀར་བ་ཡིད་འཕྲོག་མ། སྐྲ་ཕྱེད་དུ་ལི་པ། ཆུ་སྐྱེས་ཤིན་ཏུ་དཀར་བ་ལ་ཡང་དག་པར་གནས་མ། ལག་པ་གཡས་པར་པདྨ་མདོག་དཀར་བ་ཡང་དག་པར་བསྒོམས་ཤིང༌། རྡོ་རྗེའི་སྐྱིལ་ཀྲུང་དུ་གནས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་མ་ལྟེ་བའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། ཨོཾ་ལས་སྐྱེས་མ་མཆོག་ཏུ་དགའ་བར་བྱེད་མ། དམ་ཚིག་སེམས་བསྐྱེད་ནས་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ་ཞིང༌། རྣལ་འབྱོར་ཟླ་བ་དྲུག་དུ་གོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །མཚན་མོ་བདུན་དུ་སྦྱོར་བས་བསྟན་བཅོས་ཐམས་ཅད་ཤེས་པར་བྱེད་དོ། །འབུམ་བཟླས་པའི་སྦྱོར་བས་ཉི་མ་རེ་རེ་ལ་ཚིགས་བཅད་བརྒྱ་བྱེད་པར་འགྱུར་རོ། །རབ་ཏུ་འབད་པ་མེད་པར་གཞུང་བརྒྱ་ཡང་འཛིན་ནུས་པར་འགྱུར་རོ། །དེ་ལ་སྔགས་ཀྱི་རྐང་པར་གྱུར་པ། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ནི་ཛྭ་ལ་ཛྭ་ལ་མེ་དྷ་ཝརྡྷ་ནི་དྷི་རི་དྷི་རི་བུདྡྷ་ཝརྡྷ་ནི་སྭཱ་ཧཱ། ཁྭ་མི་ཟེར་བ་ན་སྔགས་བདུན་དུ་མངོན་པར་བསྔགས་པ་བྱ་སྟེ་མ་བསླང་བའི་སིངས་པོ་སྐྱུར་སོང་ལ་ལན་བདུན་སྔགས་ཀྱིས་གདབ་པར་བྱ་ཞིང་ཇི་སྲིད་ཟླ་བ་དྲུག་ཏུ་གང་འཐུང་བ་དེ་ཤེས་རབ་ཆེན་པོར་འགྱུར་རོ། །ཞེས་གསུངས་པའི་དོན་རྟེན་གྱི་གང་ཟག་དད་པ་དང་སྙིང་རྗེ་ལྡན་པ་དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པ། འདིའི་མན་ངག་དང་རྗེས་སུ་གནང་བ་ལ་སོགས་པ་ཐོབ་པའི་སྒྲུབ་པ་པོས། ལྷག་པའི་ལྷ་ཁྱད་པར་ཅན་འདིའི་སྒོ་ནས་མ་རིག་པའི་མུན་པ་བསལ་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འཕེལ་བར་བྱ་བ་ལ་དོན་བཞི་སྟེ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱར་བ་དང༌། མ་གྲུབ་ན་སྤོགས་པའི་ཆོ་གའོ། །དང་པོ་ནི་ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ་འཁོར་བའི་དུ་ཁཿདྲན་བཞིན་པས་དེ་དག་ལས་སྐྱབས་པའི་ཆེད་དུ། དཀོན་མཆོག་གསུམ་ལ་ཞེ་ཐག་པ་ནས་སྐྱབས་སུ་སོང་སྟེ། རང་སྐད་ཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་གསལ་བའི་སྙིང་གར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་དཀར་པོ་དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམས་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་སཱ་མ་ཛཿ ཞེས་བརྗོད་ནས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། ན་མོ་གུ་ར་ཝེ་བྷྱཿ ན་མོ་ཤྲཱི་པྲཛྙཱ་པ་ར་མི་ཏཱ་ཡེ་བྷྱཿ ཞེས་པས་ཕྱག་བྱ་སྟེ་རང་རང་གི་ཕྱག་རྒྱ་དང་བཅས་པས། ཨོཾ་ཤྲཱི་པྲཛྙཱ་པ་ར་མི་ཏཱ་ས་པ་རི་ཝཱ་ར་ཞེས་པ་ཐམས་ཅད་ཀྱི་ཐོག་མར་སྦྱར་ལ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། བཛྲ་པུཥྤས་མེ་ཏོག དྷཱུ་པཾ་གྱིས་བདུག་སྤོས། དཱི་པཾ་གྱིས་མར་མེ། གནྡྷེས་དྲི་ཆབ། ནཻ་ཝི་དྱེས་ཞལ་ཟས། ཤབྡས་རོལ་མོ་ཕུལ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ལ་སོགས་པའི་བདུན་རྣམ་དག་བྱས་ལ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག ལ་སོགས་པ་ཚད་མེད་པ་བཞི་བསྒོམས་ཏེ་བསོད་ནམས་གྱི་ཚོགས་བསག་པའོ། །དེ་ནས་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པར་བསམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧ། ཞེས་བརྗོད་པས་ཡེ་ཤེས་ཀྱི་ཚོགས་བསག་སྟེ་སྔོན་འགྲོ་ཚོགས་གཉིས་བསག་པའོ། །དེ་ནས་སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོའི་སྡོང་བུ་འདབ་མ་འབུམ་དང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ། དེའི་སྟེང་དུ་ཡི་གེ་ཨོཾ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ་དེ་ལས་པདྨ་དཀར་པོ་ཨོཾ་གྱིས་མཚན་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་ཐམས་ཅད་བསལ་ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་མ་ཤེས་རབ་ཀྱིས་རོལ་ཏུ་ཕྱིན་མ་སྐུ་མདོག་གངས་རིའི་ཕུང་པོ་ལྟར་དཀར་ཞིང་འོད་ཟེར་དུ་མ་འཕྲོ་བ་ཞལ་གཅིག་ཕྱག་གཉིས་མ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་མཆུ་དང་ཕྱག་དང་ཞབས་ཀྱི་མཐིལ་ཐམས་ཅད་དམར་བ། དབུ་སྐྲ་ནག་པོ་ཕྱེད་ཕྱེད་དུ་འཁྱིལ་ཞིང་གཡོན་དུ་འགྱིང་བ། རིན་པོ་ཆེའི་དབུ་རྒྱན་དང་མགུལ་རྒྱན་དང༌། སྙན་རྒྱན་དང་ཕྱག་གདུབ་དང༌། ཞབས་གདུབ་དང༌། དོ་ཤལ་དང༌། སེ་མོ་དོ་དང༌། སྐ་རགས་ལ་སོགས་པས་བརྒྱན་ཅིང་དར་དཀར་པོའི་ན་བཟའ་བསྣམས་པ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱས་བཞུགས་པའི་ནང་ནས་པདྨའི་སྡོང་བུ་གཡས་ཕྱོགས་སུ་དཀར་པོ་དང༌། གཡོན་ཕྱོགས་སུ་དམར་པོ་གཉིས་སོང་བའི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་བཞུགས་པ། ལང་ཚོ་གཞོན་ཞིང་དར་ལ་བབས་པ་ཤེལ་སྒོང་དག་པ་ལྟ་བུའི་གཟུགས་ཅན་དུ་བསམས་ལ། དེའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨོཾ་ལས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་པ་བསམས་ལ། དེའི་ཐུགས་ཀར་ཡང་པདྨ་དང་ཟླ་བའི་གདན་ལ་ཏིང་ངེ་འཛིན་སེམས་དཔའ་ཨོཾ་དཀར་པོ་བསྒོམ་སྟེ་བསྙེན་པའོ། །དེའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདམར་པོ། སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་སྔོན་པོ་བསྒོམ་སྟེ་སྒྲུབ་པའོ། །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ལ་སྔར་བཞིན་མཆོད་ནས་ཛཿཧཱུྃ་བཾ་ཧོཿ ཞེས་པས་དགུག་གཞུག་བཅིང་དབང་དུ་བྱས་ཏེ་ཉེ་བར་སྒྲུབ་པའོ། །སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ལ་སོགས་པས་མཆོད་ཅིང༌། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། ལུས་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་བསམས་ཏེ་སྒྲུབ་པ་ཆེན་པོའོ། །དེ་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་ཇི་སྲིད་མི་སྐྱོའི་བར་དུ་ཡིད་གཏད་ལ། སྐྱོ་ན་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨོཾ་ལས་སྔགས་ཀྱི་ཕྲེང་བ་མུ་ཏིག་གི་ཕྲེང་བ་ལྟ་བུ་ལྟེ་བ་ནས་འཐོན་ཏེ་ཞལ་དུ་ཞུགས་ནས་ཐུགས་ཀའི་ཨོཾ་ལ་ཐིམ་པར་བསམས་ལ། བཟླས་པའི་སྐྱོ་ན་ཐམས་ཅད་སྤངས་ཏེ་རྩེ་གཅིག་པའི་ཡིད་ཀྱིས། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ནི་ཛྭ་ལ་ཛྭ་ལ་མེ་དྷ་ཝརྡྷ་ནི་དྷི་རི་དྷི་རི་བུདྡྷི་ཝརྡྷ་ནི་སྭཱ་ཧཱ་ཞེས་ཏེ། རབ་མཚན་མའི་བསྙེན་པ་ཞལ་མཐོང་བའམ་གསུང་ཐོས་པ་ལ་སོགས་པ་དང༌། འབྲིང་དུས་ཀྱི་བསྙེན་པ་ཟླ་བ་དྲུག་དང༌། ཐ་མ་གྲངས་ཀྱི་བསྙེན་པ་རྒྱུན་གཅིག་ལ་འབུམ་ཕྲག་དྲུག་བཟླས་སོ། །ཐུན་མཚམས་སུ་དྲི་བཟང་པོའི་ཆུས་མཎྜལ་ལ་བྱུགས་པའི་དབུས་སུ་མེ་ཏོག་གི་ཚོམ་བུ་བཀོད་པའི་མཐར་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང༌། དཀར་གསུམ་གྱིས་བརྒྱན་པའི་གཏོར་མ་གཅིག་བཤམས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་མཎྜལ་གྱི་དབུས་ཀྱི་མེ་ཏོག་དེ་ཉིད་པཾ་ལས་པདྨ་དཀར་པོའི་སྡོང་བུ་སོགས་ཀྱིས་བཅོམ་ལྡན་འདས་མ་བསྐྱེད་པ་ནས། རིགས་བདག་གིས་རྒྱས་གདབ་པའི་བར་སྔར་ལྟར་བྱས་ནས་མཆོད་རྫས་རྣམས་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་ཨཱཿཧཱུྃ། ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར་པར་བསམས་ལ་སྔར་གྱི་སྔགས་དང་ཕྱག་རྒྱ་རྣམས་ཀྱིས་དབུལ་ཞིང༌། ཅི་ཤེས་པའི་བསྟོད་པས་བསྟོད་ལ་ཞེ་ཐག་པ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པ་ནས་གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་འདོད་ཡོན་ལྔ་དང་ལྡན་པར་གྱུར་པར་བསམས་ནས་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་མའི་ཞལ་ནས་འོད་ཀྱིས་སྦུ་གུ་བྱུང་ནས་གཏོར་མ་གསོལ་བར་བསམས་ཏེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་སྙིང་པོའི་མཐར་ཨོཾ་ཨ་ཀཱ་རོ་བཏགས་ལ་ལན་ལྔའམ་བདུན་ལ་སོགས་པས་ཕུལ་ནས་སླར་ཡང་མཆོད་ཅིང་བསྟོད་དེ་འདོད་པའི་དོན་ལ་གསོལ་བ་བཏབ་ནས། ཨོཾ་བཛྲ་མུཿ ཞེས་པས་ཡེ་ཤེས་པ་གཤེགས་དམ་ཚིག་པ་ཛཿཧཱུྃ་བཾ་ཧོཿབདག་ལ་བསྡུས་ནས་མཆོད་གཏོར་རྣམས་ས་གཙང་སར་དོར་ཅིང་མཎྜལ་བསྡུས་ནས་ཡི་གེ་གསུམ་གྱིས་བདག་ཉིད་བསྲུང་སྟེ་བསྔོ་བས་རྒྱས་གདབ་ཅིང་སྤྱོད་ལམ་ཐམས་ཅད་དུ་བཅོམ་ལྡན་འདས་མའི་ང་རྒྱལ་གྱིས་གནས་པར་བྱའོ། །གཉིས་པ་སྒྲུབ་པ་ནི། དགེ་འདུན་གྱི་བསྙེན་བཀུར་དང༌། མགོན་མེད་པ་ལ་སྦྱིན་གཏོང་དང༌། ཆོས་སྒྲོགས་པ་དང༌། ཚ་ཚ་གདབ་པ་དང༌། འབྱུང་པོ་ལ་གཏོར་མ་སྦྱིན་པ་ལ་སོགས་པ་རང་ཉིད་ཀྱིས་ཇི་ལྟར་འབྱོར་པའི་ཚོགས་བསག་པ་སྔོན་དུ་བྱས་ནས་མཚམས་དམ་པར་བྱས་ཏེ་སྔར་བཞིན་བཅོམ་ལྡན་འདས་མ་བསྒོམ་པ་དང༌། བསྙེན་པ་ལ་སོགས་པ་ཟླ་བ་དྲུག་ཏུ་འབད་ནས། མཐར་ཞག་བདུན་བརྩོན་འགྲུས་ཆེན་པོ་དང་ལྡན་པས་བཟླས་པར་བྱའོ། །གསུམ་པ་ལས་ལ་སྦྱར་བ་ནི། སེ་འབྲུའམ་སྟར་བུའི་ཁུ་བ་ལ་སྔགས་ལན་བདུན་བཟླས་ནས་ཐོ་རངས་བྱ་རོག་གི་སྒྲ་མི་གྲག་པའི་ཚེ་ལག་པ་གཡས་པའི་ལག་མཐིལ་དུ་བླུགས་ནས་འཐུངས་ཏེ་ཟླ་བ་དྲུག་བཟླས་བརྗོད་ལ་བརྩོན་པར་བྱའོ། །བཞི་པ་མ་གྲུབ་ན་སྤོགས་པའི་ཆོ་ག་ནི། གལ་ཏེ་གོང་མ་རྣམས་ཀྱིས་མ་གྲུབ་ན་སྲན་མ་མ་ཤ་ཀ་བདུན་རས་གཙང་མར་དྲིལ་ལ་དེ་ལྕེ་འོག་ཏུ་བཅུག་སྟེ་ཚེས་གཅིག་ནས་ཉའི་ཟླ་བ་མ་རྒས་ཀྱི་བར་དུ་བཟླས་ཤིང་སྔགས་མི་ཟློས་པའི་ཚེ་ལྕེ་འོག་ནས་ཕྱུང་སྟེ་ཟ་མ་ཏོག་ཏུ་བཞག་ལ་ཁྲོ་བོའི་སྔགས་ཀྱིས་བསྲུང་ངོ༌། །དེ་ནས་ཉའི་མཐར་མཚན་ཐོག་ཐག་བཟླས་པས་སྲན་མ་རྣམས་ལ་སེའུ་སྐྱེས་ལ་དེ་སོས་མ་རེག་པར་མིད་པར་བྱའོ། །དེ་ལྟར་བྱས་པས་གཞུང་ནས་གསུངས་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་བ་ཐེ་ཚོམ་མེད་དེ། དེ་རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་བླ་མ་རྗེ་བཙུན་ཆེན་པོའི་འགྲེལ་པ་གུར་རྒྱན་གཞིར་བྱས་ཏེ་ཞལ་ཤེས་རྣམས་མ་སྦས་པར་བྲིས་ཤིང་པཎྜི་ཏ་པདྨ་འཕེལ་དང་དགེ་འདུན་སྦྱིན་གྱི་བུས་མཛད་པའི་སྒྲུབ་ཐབས་ལ་བརྟེན་ནས་བསྙེན་སྒྲུབ་ལས་གསུམ་སྤོགས་ཆོག་དང་བཞིའི་མན་ངག་རྣམས་བསྟན་ཟིན་ཏོ། །རྣམ་མང་རྒྱུད་སྡེའི་ཚོགས་ལས་ལེགས་གསུངས་ཤིང༌། །རྣམ་དག་རྒྱ་བོད་མཁས་པས་བཀྲལ་བའི་དོན། །རྣམ་དཀར་བློ་གྲོས་རབ་ཏུ་འཕེལ་བྱེད་པའི། །རྣམ་མཁྱེན་ཤེས་རབ་མཐར་སོན་སྒྲུབ་པའི་ཐབས། །རབ་ཏུ་གསལ་ཞིང་བདེ་བར་བྲིས་ཤིག་ཅེས། །རབ་མང་ཤེས་བྱ་ཀུན་ལ་བློ་རྒྱས་ཤིང༌། །རབ་མཆོག་དགའ་བའི་རྒྱལ་མཚན་ལེགས་འཛིན་པ། །རབ་བཟང་བཤེས་གཉེན་དེ་ཡིས་བསྐུལ་ཕྱིར་བཀོད། །དེ་ཡིས་དགེ་བ་བསིལ་ཟེར་བྱེད་པ་དེས། །མཐའ་ཡས་འགྲོ་བའི་བློ་ངན་པདྨོའི་ཚལ། །རབ་ཏུ་ཟུམས་ནས་རྣམ་དག་བློ་གྲོས་ཀྱི། །འོད་དཀར་བློ་གསལ་ཁྲོད་དུ་འཆར་བར་ཤོག །ཅེས་པ་འདི་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་དད་པ་དང་དུལ་བའི་རྒྱན་གྱིས་རྣམ་པར་མཛེས་ཤིང་བློ་གྲོས་ཀྱི་མིག་དང་ལྡན་པ་བླ་མ་དབོན་པོ་ཀུན་དགའ་རྒྱལ་མཚན་པའི་གསུང་གིས་བསྐུལ་བའི་ངོར། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྟོག་མེད་མཚན་ཅན་གྱི་བཀའ་དྲིན་གྱིས་བསྐྱངས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །འདིས་འགྲོ་བ་རྣམས་ཀྱི་མི་ཤེས་པའི་མུན་པ་དྲུངས་ནས་འབྱིན་ནུས་པར་གྱུར་ཅིག། །། «༄། །གུར་རིགས་བསྡུས་པའི་སྦྱིན་སྲེག་བཞུགས་སོ།། »༈ །རྡོ་རྗེ་གུར་རིགས་བསྡུས་པའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་ཀུན་འགྲུབ་ཅེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་སྡང་གཏི་མུག་སེར་སྣ་ལ་སོགས་ཉོན་མོངས་ལྔ་ཡི་བུད་ཤིང་རྣམས། །མེ་ལོང་མཉམ་ཉིད་སོར་རྟོག་ལ་སོགས་ཡེ་ཤེས་ལྔ་ཡི་རང་བཞིན་མེས། །རྣམ་པར་སྲེག་བྱེད་རྟག་པ་ལ་སོགས་རྒྱལ་བ་ལྔ་ལ་གུས་བཏུད་ནས། །ལས་ཀུན་སྒྲུབ་བྱེད་ཕན་པ་ལ་སོགས་དཀྱིལ་འཁོར་ལྔ་ཡི་སྦྱིན་སྲེག་བཤད། །འདིར་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་སློབ་དཔོན་གྱིས། སྔགས་ཀྱི་ནུས་པ་དབྱུང་བའམ། དཀྱིལ་འཁོར་དང་རབ་གནས་ལ་སོགས་པའི་ཕྱིར་རམ། ཞི་སོགས་ཀྱི་ལས་བསྒྲུབ་པའི་ཕྱིར། སྦྱིན་སྲེག་བྱེད་པར་འདོད་ན། སྔར་ས་ཆོག་བྱས་པའི་ས་ཕྱོགས་སུ་ནི་མི་དགོས་ལ། མ་བྱས་པ་རྣམས་སུ་བྱེད་ན། རང་ལྷའི་ང་རྒྱལ་དང་ལྡན་པས། ལག་པ་གཡས་པ་རྡོ་རྗེ་རྩེ་གསུམ་པར་བསྒོམས་ནས་ས་ལ་བཞག་པས། སའི་སྐྱོན་ཐམས་ཅད་སྦྱངས་པར་བསམ་ཞིང༌། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པས་སྦྱང༌། དེ་ནས་ཐབ་ཁུང་བུར་བྱེད་ན་རྒྱར་ཁྲུ་གང༌། དཔངས་སུ་ཁྲུ་ཕྱེད་པ་བརྐོས་པའི་ནང་དཀར་པོ་བྱ། དེ་ནས་ཕྱིར་སོར་བཞི་བསྐྱེད་པ་ལ་གཞི་བྱ་སྟེ། དེ་ལ་པདྨའི་གེ་སར་སེར་པོ་བྱ། དེ་ནས་དཔངས་སུ་སོར་བཞི་རྩིག་པ་ནི་ཁ་ཁྱེར་ཏེ། དེ་ལ་པདྨ་དམར་པོ་བྱ། དེའི་སྟེང་ཡང་སོར་བཞི་པ་སྟེ། དེ་ལ་རྡོ་རྗེའི་ཕྲེང་བ་སྔོན་པོ་བྱ། དེའི་ཕྱི་རོལ་གྲུ་བཞི་དཀར་པོར་བྱས་ལ། གྲྭ་བཞིར་རྡོ་རྗེ་ཕྱེད་པ་རེ་བྱ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་བྱས་པའི་དབུས་སུ། རྡོ་རྗེ་སྔོན་པོ་ཞེང་དུ་སོར་གཅིག་ཆུར་སོར་བརྒྱད་པ། ཤར་དུ་འཁོར་ལོ་དཀར་པོ། ལྷོར་རིན་ཆེན་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་ལྗང་གུ་རྣམས་བྱ། བྲི་ཐབ་ཏུ་བྱེད་ན། དབུས་ནས་ཁྲུ་གང་གི་ཚད་ཀྱིས་ཟླུམ་པོར་བསྐོར། དེ་ནས་སོར་བཞིས་བསྐོར་བ་གཞི་དང༌། ཡང་སོར་བཞིས་བསྐོར་བ་ཁ་ཁྱེར་དང༌། ཡང་སོར་བཞིས་བསྐོར་བ་རྡོ་རྗེའི་ཕྲེང་བ་རྣམས་བྱ་ཞིང༌། ལྷག་མ་རྣམས་སྔར་དང་འདྲའོ། །སྦྱིན་སྲེག་ཞི་རྒྱས་སོགས་གང་བྱེད་ཀྱང་ཐབ་འདི་ཁོ་ནས་ཆོག་པའི་ཕྱིར། ལས་ཐམས་ཅད་པའི་ཐབ་ཅེས་བྱའོ། །ཡང་ལས་སོ་སོའི་ཐབ་བྱེད་ན། ཞི་བའི་དཀར་པོ་དབྱིབས་དང་རྒྱ་དཔངས་ནི་འདྲ་ལ། སྔར་གྱི་གཞི་ཁ་ཁྱེར་མུ་རན་ཏེ། དེ་གཉིས་ལ་འཁོར་ལོའི་ཕྲེང་བས་བསྐོར། པདྨའི་དབུས་སུ་འཁོར་ལོའོ། །རྒྱས་པའི་གྲུ་བཞི་སེར་པོ་རྒྱར་ཁྲུ་དོ། །དཔངས་སུ་ཁྲུ་གང་པ། ཁ་ཁྱེར་དང་མུ་རན་སོར་བརྒྱད་པ་རིན་པོ་ཆེས་བསྐོར་བ། པདྨའི་དབུས་སུ་རིན་པོ་ཆེའོ། །དབང་གི་ཟླ་གམ་དམར་པོ། རྒྱ་དཔངས་ཞི་བ་བཞིན་ལ་ཁ་ཁྱེར་དང་མུ་རན་ལ་པདྨས་བསྐོར་བ། དབུས་སུ་པདྨའོ། །དྲག་པོ་ལ་གྲུ་གསུམ་ནག་པོ། རྒྱར་སོར་ཉི་ཤུ་པ། དཔངས་སུ་སོར་བཅུ། ཁ་ཁྱེར་དང་མུ་རན་སོར་གསུམ་པ་ལ་རྡོ་རྗེ་གདེངས་པས་བསྐོར་བ། དབུས་སུ་རྡོ་རྗེའོ། །ལས་བཞི་ཀའི་ཐབ་ཀྱི་དབུས་སུ་ཕྱག་མཚན་གང་བཀོད་པའི་ཚབ་ཏུ་རྡོ་རྗེ་བྲིའོ། །དེར་ལས་སོ་སོའི་བུད་ཤིང་ངམ། མ་འབྱོར་ན་ནགས་ཀྱི་བ་ལང་གི་ལྕི་བ་སྲོག་ཆགས་མེད་པས་ཐབས་ལས་ཅུང་ཟད་དམའ་བ་བརྩིགས་ནས། རང་ཞི་བ་ལ་ཤར། རྒྱས་པ་ལ་བྱང༌། དབང་ལ་ནུབ། དྲག་པོ་ལ་ཁ་ལྷོར་བལྟས། ལས་འཇམ་པོ་གསུམ་ལ་རང་གི་གཡོན་ཕྱོགས་ནས་ཆུ་བཞི་དང༌། མེ་ཆུ་ཉུངས་ཀར་ཏེ་ཉེ་རེག་གི་ཡོ་བྱད་དང༌། གཏོར་མ་གཉིས་དང༌། གཡས་ནས་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་དང༌། ཡམ་ཤིང་དང༌། མར་དང༌། ཏིལ་ནག་པོ་དང༌། འབྲས་དང༌། ཞོ་དང༌། ཕྱེ་མར་སྦྱར་བའི་ཟས་མཆོག་དང༌། འབྲས། སོ་བ་དང༌། ནས་དང༌། སྲན་མ་དང༌། གྲོ་དང༌། དཱུར་བ་དང༌། ཀུ་ཤ་རྣམས་བཤམ། ལས་དྲག་པོ་ལ་དེ་ལས་ལྡོག་པ་བཤམ་མོ། །རང་གི་མདུན་དུ་བཟེད་ཞལ་དང༌། རྡོ་རྗེ་དྲིལ་བུའི་བར་དུ་དགང་གཟར་བླུགས་གཟར་ཁ་སྦྱར་བ་དང༌། ནང་མཆོད་ཀྱང་བཞག དེ་ནས་རྣལ་འབྱོར་པས་རྒྱན་གོས་དང༌། བསམ་པ་དང༌། འདུག་སྟངས་རྣམས་ལས་དང་མཐུན་པར་བྱས་ནས། དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་ན། ཞི་བ་ལ་རྟག་པ། རྒྱས་པ་ལ་རྡོ་རྗེ་ཉི་མ། དབང་ལ་པདྨ་གར་དབང༌། དྲག་པོ་ལ་རྡོ་རྗེ་ཅན་གྱི་དཀྱིལ་འཁོར་གྱི་གཙོ་བྱས་པའི་དཀྱིལ་འཁོར་གྱི་བདག་བསྐྱེད་བསྒོམ་ཞིང་དཀྱིལ་འཁོར་བསྡུ་བའི་བར་བྱ། འབྲེལ་ན་ཕྱི་རོལ་པའི་གཏོར་མ་བཏང་ནས་ལྷག་ཆད་ཁ་བསྐང་ཚར་བ་དང༌། འཇུག་སྟེ། བསང་ཆུ་ནས་ཀུ་ཤའི་ཆུན་པོས་བླངས་ནས། བསྲེག་རྫས་ལ་གཏོར་ཞིང༌། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས་ནས། རང་གི་ལག་པ་གཉིས་ཀྱི་ནང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་ནས་རྫས་རྣམས་ལ་ཕོག་པས་རྫས་རྣམས་ཀྱི་སྐྱོན་ཐམས་ཅད་དག་ནས་དྭངས་ཤིང་ཐོགས་པ་མེད་པ་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་ལས་གུང་མོ་གཉིས་གཤིབས་པ་བརྐྱང་སྟེ། ཨོཾ་ཤྲཱི་སྭཱ་ཧཱ། མར་དང༌། ཨོཾ་ཛྲཱི་སྭཱ་ཧཱ། འབྲུ་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་གཞན་རྣམས་དང༌། ཨོཾ་ཨཱཿསྭཱ་ཧཱ། ཡམ་ཤིང་སྦྱང་བའི་སྔགས་ཏེ་དེ་དག་བརྗོད། ཡང་མཆོད་རྫས་རྣམས་བསང་སྦྱངས་བྱས་ནས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལའི་ནང་དུ་མཆོད་རྫས་སོ་སོར་བསྐྱེད་ལ། ཨོཾ་ནཱི་རཱི་ཧཱུྃ་ཁཾ། སོགས་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། ཡང་བསང་ཆུ་དང༌། ཨ་མྲྀ་ཏས་ཐབ་དང་ཡོ་བྱད་བསངས་ནས། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བྱ་སྟེ། དེས་ཡུངས་ཀར་བཟུང་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་བརྗོད་ཅིང་གཡས་ཀྱིས་གཡས་དང༌། གཡོན་གྱིས་གཡོན་ནས་བསྐོར་ཞིང་མེར་དོར། ཡང་ཁུ་ཚུར་དུ་ཆུ་བླུགས་ལ། ཨོཾ་ཧཱུྃ་ཌ་ཌི་ཏ་ཕཊ། ཅེས་པས་སྔར་བཞིན་བསྐོར་ཞིང་མེར་དོར་ཏེ་ཉེ་རེག་གོ །དེ་ནས་ཧཱུྃ་ལས་ལས་སོ་སོའི་ཐབ་བྲིས་པ་བཞིན་བསྐྱེད་པའམ། ཡང་ན་ལས་ཐམས་ཅད་པའི་ཐབ་ཁུང་རྒྱར་ཁྲུ་གང་པ། དཔངས་སུ་ཁྲུ་ཕྱེད་པ། གཞི་ལ་པདྨའི་གེ་སར་སེར་པོ། ཁ་ཁྱེར་ལ་པདྨ་དམར་པོ། དེའི་སྟེང་རྡོ་རྗེའི་ཕྲེང་བ་སྔོན་པོས་བསྐོར་ཞིང༌། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་མཚན་པར་བྱས་པའི་དབུས་སུ་ལྷ་རྫས་ཀྱི་བུད་ཤིང་བརྩིགས་པ་དེའི་དབུས་སུ་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་བགྲང་ཕྲེང་རཾ་གྱིས་མཚན་པ་ལས་འོད་འཕྲོས་བསྡུས་གཅིག་ཏུ་གྱུར་པ་ལས་མེ་ལྷ་ཞལ་བཞི་པ། ལས་དང་མཐུན་པའི་སྐུ་མདོག་དང་རྩ་ཞལ་ཅན་ཕྱག་བཞི་པ་སྤྱན་གསུམ་དང་ལྡན་པའམ། ཡང་ན་སྐུ་མདོག་དམར་པོ་རྩ་ཞལ་ལས་དང་མཐུན་པ། ཕྱག་གཡས་གཉིས་ན་མཆོག་སྦྱིན་དང་བགྲང་ཕྲེང༌། གཡོན་གཉིས་ན་དབྱུག་གུ་དང་སྤྱི་བླུགས་འཛིན་པ། རལ་པའི་ཐོར་ཅོག་ཅན། ཨག་ཚོམ་འཕྱར་ཞིང་གསུང་ཁྱིམ་ཆེ་བ། དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་བསྐྱེད་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ཅིང་མར་གྱི་དགང་བླུགས་ལན་གསུམ་དབུལ། དེ་ནས་ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ནཱི་རཱི་ཧཱུྃ་ཁཾ་སོགས་ཀྱིས་མཆོད་ནས། ཀུ་ཤའི་ཆུན་པོ་བརྒྱད་རྩེ་མོ་ཤར་དུ་བསྟན་ནས་དགྲམ་ཞིང༌། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ །ཚངས་པ་ཡི་ཡང་དག་བྱེད་དེ། །དཀོན་མཆོག་གསུམ་གྱི་དག་བྱེད་ཡིན། །ས་ལས་སྐྱེས་པའི་སྙིང་པོ་མཆོག །འདིས་བདག་ཅག་ལ་བགེགས་མེད་ཅིང༌། །ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ། །ཞེས་བརྗོད། ཙནྡན་ལ་སོགས་པའི་ཤིང་ལ་མེ་སྦར་ནས་ཐབ་ལ་ལས་འཇམ་པོ་གསུམ་ལ་གཡས་སྐོར་དང༌། དྲག་པོ་ལ་གཡོན་དུ་ལན་གསུམ་བསྐོར་ཞིང༌། ཨོཾ་དྷ་ར་སོགས་གཙོ་བོ་གང་རུང་གི་སྔགས་ཀྱི་རྗེས་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་བརྗོད་པས་ཐབ་ནང་དུ་བཅུག་ལ། རླུང་གཡབ་ཀྱིས་དཀྱིལ་འཁོར་ནུབ་ནས་གཡབ། གཟང་བུ་ཆུང་བས་མར་བླུགས་པས་མེ་གསོས་ནས། ཧཱུྃ་ལས་བསང་ཆུ་གཏོར་རོ། །དེ་ནས་མེའི་དབུས་སུ་སྔར་གྱི་ལྷ་དྲན་པར་བྱས་ནས། སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང༌། རྡོ་རྗེ་དྲིལ་བུ་འཛིན་པས། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་དང༌། ལག་པ་གཡས་སྐྱབས་སྦྱིན་ལས། མཐེ་བོང་སྲིན་ལག་གི་རྩར་བཞག གུང་མོའི་རྒྱབ་ནས་མཛུབ་མོས་བཀབ་སྟེ། དེ་རྣ་དྲུང་དུ་གཡོབ་ཅིང༌། ཨོཾ་ཨེ་ཧྱེ་ཧི། མ་ཧཱ་བྷཱུ་ཏ་དེ་ཝ་རྀ་ཥི་དྭི་ཛ་སཏྭ་མ། གྲྀ་ཧི་ཏྭཱ་ཨཱ་ཧ་ར། ཨསྨིན་སནྣི་ཧི་ཏོ་བྷ་ཝ། ཞེས་པས་སྤྱན་དྲངས་ལ། མཆོད་པས་མཆོད་ནས། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྩེ་སྦྱར་བ་བརྐྱང་སྟེ། མཐེ་བོང་དང་མཐེའུ་ཆུང་སོ་སོར་བརྐྱང་བ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ནས། ཨོཾ་བཛྲ་ཨ་ན་ལ་མཧཱ་བྷཱུ་ཏ་ཛྭཱ་ལཱ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ། ཞེས་པས་ཕྲིན་ལས་བཅོལ། དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ ཞེས་པས་དམ་ཚིག་པ་ལ་བསྟིམ། ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཞེས་པས་དམ་ཚིག་བྱིན་ནས། མེ་ལྷའི་སྙིང་གར་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་སྔོན་པོས་མཚན་པ། དཔྲལ་བར་པདྨ་དང་ཟླ་བ་ལ་གནས་པའི་འཁོར་ལོ་དཀར་པོ་ལ་ཨོཾ་དཀར་པོས་མཚན་པ། མགྲིན་པར་པད་ཟླ་ལ་གནས་པའི་པདྨ་དམར་པོ་ལ་ཨཱཿདམར་པོས་མཚན་པ། དེ་དག་ལས་འོད་འཕྲོས་པས་དབང་གི་ལྷ་སྤྱན་དྲངས་ནས་དབང་བསྐུར་བས། ཞི་བ་ལ་རྣམ་སྣང༌། རྒྱས་པ་ལ་རིན་འབྱུང༌། དབང་ལ་འོད་དཔག་མེད། དྲག་པོ་ལ་མི་བསྐྱོད་པས་དབུར་བརྒྱན་པར་བསམས་ལ། དེ་ནས་མེ་ལྷའི་ལྕེ་དང་དགང་བླུགས་ཀྱི་ཁ་ལ་ཧཱུྃ་ལས་རྡོ་རྗེ་རྩེ་གསུམ་པ་ཧཱུྃ་གིས་མཚན་པར་བསྒོམས་ལ། ལག་པ་གཡས་པས་བླུགས་གཟར་དང༌། གཡོན་པས་དགང་གཟར་བཟུང་ནས། པུས་མོ་གཉིས་ཀྱི་བར་དུ་གྲུ་མོ་བཅུག་པར་བྱ་སྟེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་དགང་བླུགས་ཀྱིས་མར་བླངས་ནས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་ནས་དགང་བླུགས་ཁ་སྦྱར་ནས་མེར་བླུགས་ཏེ། དེ་ལྟ་བུ་ལན་གསུམ་བྱས་ནས་མེ་པྲ་བརྟག ངན་ན་བགེགས་མཐར་བྱེད་ཀྱི་སྔགས་དང༌། དྲིའི་ཆུས་གཏོར་བས་ཞི་བར་བྱའོ། །དེ་ནས་བསྲེག་རྫས་རྣམས་དབུལ་ཏེ། དང་པོ་ཡམ་ཤིང་བླངས་ལ། དེ་བྱང་ཆུབ་ཀྱི་ཤིང་དུ་མོས་ནས། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སམ། ཨུ་དུམྦཱ་རར་མོས་ལ། ཨོཾ་བཛྲ་ཨཛྙཱ་ཡ་སྭཱ་ཧཱ། ཞེས་སམ། པ་ལཱ་ཤར་མོས་ནས། ཨོཾ་བཛྲ་པ་ལཱ་ཤཱ་ཡ་སྭཱ་ཧཱ། ཞེས་སམ། ནྱ་གྲོ་ཏར་མོས་ནས། ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཞེས་སམ། ཨ་མྲར་མོས་ནས། ཨོཾ་བཛྲ་ས་ཧ་ཀ་རཱ་ཡ་སྭཱ་ཧཱ། ཞེས་པས་དབུལ། དེ་ནས་ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་དང༌། ཨོཾ་སརྦ་པཱ་པཾ་སོགས་སྔར། ཉེ་རེག་གི་སྐབས་སུ་བསྟེན་པའི་སྔགས་ཀྱིས་ཏིལ་ནག་དང༌། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ་འབྲས་དང༌། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་སྦྱར་བའི་ཟས་མཆོག་དང༌། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲས་སོ་བ་དང༌། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་དང༌། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་དང༌། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ། གྲོ་དང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བ་དང༌། ཨོཾ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ་སྔགས་རྣམས་ཀྱི་མཇུག་ཏུ་ཞི་བའི་སྭཱ་ཧཱའི་དོད་ལ། རྒྱས་པ་ལ་པཽ་ཥ་ཊ། དབང་ལ་ཛཿཧྲཱིཿ དྲག་པོ་ལ་ཧཱུྃ་ཕཊ། ཅེས་བཏགས་ནས་ལན་བདུན་ནམ་ཉེར་གཅིག་དབུལ་བའི་རྗེས་སུ། སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ཞེས་སམ། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི། ཞི་བ་ལ། སྡིག་པ་དང་སྒྲིབ་པ་ནད་དང་གདོན་དང་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ། ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་དང་ལེགས་པའི་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། དབང་ལ། རྒྱལ་པོ་དང་པཎྜི་ཏ་དང་བློན་པོ་ལ་སོགས་པ་མི་དང་མི་མ་ཡིན་པའི་སྐྱེ་འགྲོ་རྣམས་དང༌། ཟས་ནོར་ལོངས་སྤྱོད་ཐམས་ཅད་ཝ་ཤཾ་ཀུ་རུ་ཛཿཧྲཱིཿ དྲག་པོ་ལ། རྡོ་རྗེ་སློབ་དཔོན་ལ་ཐོ་འཚམ་ཞིང༌། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་པར་བྱེད་པའི་དམ་ཉམས་སྡིག་ཅན་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སྦྱར། དེ་ལྟར་ཐུན་མོང་གི་བསྲེག་རྫས་རྣམས་ཕུལ་ནས། ལས་སོ་སོའི་བསྲེག་རྫས། ཞི་བ་ལ། ཨོཾ་པདྨ་རཀྵི་ཨཀྵེ་མ་པྲི་ན་ཡ། ཨ་མུ་ཀ་སྱ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། མར་དང་ལྷན་ཅིག་པདྨའིའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་ཏེ་ཛོ་རཱ་ཛ་པྲི་ན་ཡ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། འོ་མ་དང་ལྷན་ཅིག་ཨུཏྤ་ལའོ། ཨོཾ་སུ་སུ་མེ་ཀུ་ལི་བེ་ལེ་ཛ་ལ་ནི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གུར་གུམ་དང་ལྷན་ཅིག་ཀུ་མུ་ཏིའོ། ཨོཾ་དྷརྨེ་དྷརྨཱ་རཱ་ཛེ་ད་ཧཱ་ད་ཧཱ། སརྦ་བིགྷྣ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཙནྡན་དང་ལྷན་ཅིག་པའི་ཧ་ལོའི་འོ། །ཨོཾ་ཀཱི་ལི་སུ་ཀི་ལི་ཀ་ལ་ར་ཏི་སརྦ་པཱ་པཾ་ད་དྷྱ་ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཏིལ་མར་དང་ལྷན་ཅིག་ཀ་ར་བཱི་རའི་འོ། །རྒྱས་པ་ལ་བིལ་བ་ལ་སོགས་པའི་རྫས་ལྔ་དང༌། ཨོཾ་ག་ག་ནི་ག་ག་ན་བི་ལོ་ཀི་ཏེ་ཧཱུྃ་ཕཊ། ཏེ་ཛོ་ར་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་དང༌། དབང་ལ་ཨ་ཤྭ་ཀ་ལ་སོགས་པ། ཨོཾ་ཨ་ཤྭ་ཀི་ཎི་སུ་རེ་ཀེ་ཨ་ནུ་ར་ག་ཡ་ཏྲཻ་ལོ་ཀྱ་བ་ཤཾ་ན་མཿཧྲི་སྭཱ་ཧཱ། དྲག་པོ་ལ་ཤ་ལྔ་ལ་སོགས་པ། ཨོཾ་མ་ར་མ་ར་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་ཤ་ཏྲཱུཾ་ན་ཤ་ཡ་ཧཱུྃ་ཕཊ། ཅེས་བསྔགས་ནས་དབུལ་སྟེ། དེའང་ཞུ་བའི་རྫས་རྣམས་ནི་གཟར་བུས་བླངས་ནས་ཞལ་དུ་དབུལ་བར་བསམ། གོང་བུའི་རྫས་རྣམས་ནི་ལག་པ་གཡོན་པས་སྣོད་བཟུང་སྟེ་གཡས་པས་རྫས་བླངས་ཏེ་འོག་ནས་བསྐོར་ཞིང་སྟེང་ནས་དབུལ་བའི་ཚུལ་གྱིས་ཕྱག་ཏུ་དབུལ་ལོ། །དཱུར་བ་དང་ཀུ་ཤ་ཡང་དེ་བཞིན་དུ་བྱས་ནས་གཙུག་གཏོར་དུ་དབུལ། ཡམ་ཤིང་ནི་འབར་བའི་དཀྱིལ་འཁོར་དུའོ། །དེ་དག་ཀྱང་ལས་དང་མཐུན་པའི་ཁུ་ཚུར་གྱིས་དབུལ་ལོ། །དེ་ནས་ཆུ་བཞི་སྔོན་དུ་འགྲོ་བས་ཉེར་སྤྱོད་ཀྱིས་མཆོད་ལ། རྡོ་རྗེ་དྲིལ་བུ་གསིལ་ཞིང༌། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གི་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་སམ། གཞན་ཡང༌། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐིག་པ་བཅིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་སརྦ་པཱ་པཾ་ཤོ་དྷ་ནི་སྭཱ་ཧཱ། བསང་གཏོར་དང༌། ཨརྒྷཾ་གྱིས་མཆོད་ཡོན་ཕུལ་ལ། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ། དེ་ནས་འདས་པའི་མེ་ལྷ་མཆོད་པའི་ཕྱིར། དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་ན། བསང་ཆུ་དང༌། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས་པའི་ངང་ལས། ཐབ་ཀྱི་དབུས་སུ། སོ་སོའི་གདན་ལ་མངོན་བྱང་ལྔ་ལས། ལས་ཀྱི་ཁྱད་པར་གྱིས་གཙོ་བོ་འཕོས་ཤིང་སྐུ་མདོག་གམ། འོད་ཟེར་རམ། རྩ་ཞལ་འགྱུར་བའི་ལྷ་ཡོངས་སུ་རྫོགས་པར་བསྐྱེད་པ་ཡེ་ཤེས་པ་སྤྱན་དྲང༌། ཕྱི་ནང་ཡིད་ལས་བྱུང་བའི་མཆོད་པས་མཆོད། དགུག་གཞུག་བྱ། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་རིགས་བདག་གིས་རྒྱས་གདབ་བོ། །སྒྲུབ་མཆོད་དང་འབྲེལ་ན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ནས་ལས་ཀྱི་ཁྱད་པར་གྱི་གཙོ་བོ་དང༌། སྐུ་མདོག་གམ། འོད་ཟེར་འཕྲོས་པའི་རིགས་བསྡུས་པའི་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས། རབ་གནས་ཀྱི་རྟེན་ལ་དབུལ་ན། རྟེན་དེ་ཉིད་ཐབ་ཏུ་སྤྱན་དྲངས་པར་བསམ་ཞིང༌། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་དང༌། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་པཉྩ་ཌཱ་ཀི་ནི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་མེ་ཏོག་གིས་མཚོན་ནས་སྤྱན་དྲངས་པ་ལ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད། སྒེག་སོགས་བརྒྱད་དང༌། ནང་བདུད་རྩི་དང༌། དཀར་མོ་རི་དྭགས་སོགས་ཀྱིས་མཆོད། བསྟོད་པས་བསྟོད་ནས། ལྷ་རྣམས་ཀྱི་ཞལ་ཅུང་ཟད་ཕྱེ་བར་བསམས་ལ། ཨོཾ་དྷ་ར་དྷ་ར་སོགས་གཙོ་བོ་གང་ཡིན་གྱི་སྔགས་ཀྱིས་མར་ལ་བསྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱི་བླུག་གཟར་གྱིས་མར་བཅུས་ནས་དགང་གཟར་བཀང་ནས། ཨོཾ་ཨགྣ་ཡེ་མ་ཧཱ་ཤྲཱི་སོགས་བརྗོད། གཟར་བུ་ཁ་སྦྱར་ནས་ཐབ་ཀྱི་དབུས་སུ་ལན་གསུམ་ཕུལ་ནས། བསྲེག་རྫས་རྣམས་ལྷ་སོ་སོའི་ས་བོན་ནམ་མཚན་སྔགས་སྔོན་དུ་འགྲོ་བས་སྔར་གྱི་རིམ་པ་ལྟར་ཞི་བ་ལ་བརྒྱ། རྒྱས་པ་ལ་བརྒྱ་རྩ་བརྒྱད། དབང་ལ་ལྔ་བཅུ། དྲག་པོ་ལ་དྲུག་ཅུ་ལ་སོགས་པ་གང་འབྱོར་པ་ཕུལ་ནས། བདུན་ཙམ་རེའི་མཇུག་ཏུ་སྤེལ་ཚིག་སྦྱར་ཞིང་མར་བླུགས་པས་མེ་གསོས། དེ་ལྟར་བསྲེག་རྫས་རྣམས་རྫོགས་པ་དང༌། དྲི་མེད་ཡིད་དུ་འོང་བ་ཡི། །ལ་སོགས་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་ནས་བསྟོད་པའི་བར་མཆོད་ཕྲེང་ལྟར་རྒྱས་པར་བྱས་ནས། དཀུ་བག་ཅན་གྱི་གཏོར་མ་བསང་སྦྱངས་བྱིན་གྱིས་བརླབས་ཏེ། ཐབ་ནང་གི་ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱིས་སྦུ་གུ་བྱུང་བས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་པཉྩ་ཌཱ་ཀི་ནི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་བྷུ་ཛ་སོགས་ཀྱིས་ཕུལ་ནས། ཕྱི་ནང་ཡིད་ལས་བྱུང་བས་མཆོད། རིགས་ལྔའི་བསྟོད་པ་བྱ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་ཅག་ལ། ལས་ཆེ་གེ་མོ་ཞེས་བྱ་བའི་དངོས་གྲུབ་སྩལ་དུ་གསོལ། ཞེས་པས་དངོས་གྲུབ་བླང༌། རྡོ་རྗེའི་གླུ་དང༌། སྨོན་ལམ་བྱ། ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་ན། ཨོཾ་ཁྱེད་ཀྱིས་སོགས་དང༌། ཨོཾ་བཛྲ་མུཿ ཡེ་ཤེས་པ་གཤེགས། ཨོཾ་ཨཱཿཧཱུྃ་གིས་དམ་ཚིག་པ་བདག་ལ་བསྡུ། སྒྲུབ་མཆོད་དང་འབྲེལ་ན་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་གཤེགས་སུ་གསོལ། དེ་ནས་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཕྱིར། ཐབ་ཀྱི་དབུས་སུ་འཇིག་རྟེན་པའི་མེ་ལྷ་སྐད་ཅིག་གིས་བསམས་ནས། བསང་གཏོར་དང་མཆོད་ཡོན་སྔོན་དུ་འགྲོ་བས། བསྲེག་རྫས་རྣམས་བདུན་ནམ་ཉེར་གཅིག་ལ་སོགས་པ་ཇི་ལྟར་འབྱོར་པ་དང༌། མཐར་མར་དགང་བླུགས་གསུམ་ཕུལ་ནས། མཆོད་བསྟོད་བྱ། དཀར་གསུམ་གྱི་གཏོར་མ་བསང་སྦྱངས་བྱིན་གྱིས་བརླབས་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་སོགས་ཀྱིས་དབུལ། ཕྱི་མཆོད་དང་སྔར་གྱི་བསྟོད་པ་རྣམས་བྱ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། བསང་གཏོར་དང་མཆོད་ཡོན་ཕུལ་ཏེ། ལྷག་ཆད་ཁ་བསྐང་བར་བྱའོ། །དེ་ནས་སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་ཕྱིར་བཀྱེད་ལ། ཨོཾ་བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་ཡ་ཧི་གཙྪ། ཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ་ནས། ཞི་བ་ལ་འོ་མ། རྒྱས་པ་ལ་གུར་གུམ་གྱི་ཆུ། དབང་ལ་ཙནྡན་དམར་པོའི་ཆུ། དྲག་པོ་ལ་དུག་ཆུ་ལ་སོགས་པས་མེ་ཞི་བར་བྱས་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །མཁའ་འགྲོ་ལྔ་ཡི་དཀྱིལ་འཁོར་གྱི། །སྦྱིན་སྲེག་གསལ་བར་བྲིས་པ་ལས། །བྱུང་བའི་དགེ་བས་འགྲོ་བ་ཀུན། །རྡོ་རྗེ་ཐེག་པའི་སྣོད་འགྱུར་ཤོག །རྒྱུད་འགྲེལ་མཁས་པའི་གསུང་རབ་ལས། །ཇི་ལྟར་བྱུང་བཞིན་བཀོད་པའི་ཕྱིར། །འདི་ལ་ཉེས་པ་ཡོད་མིན་པས། །བླ་མ་མཁའ་འགྲོས་བདེ་ལེགས་མཛོད། །འདི་ནི་དཔལ་ལྡན་ཌོམྦི་པའི། །རྗེས་འབྲངས་རིགས་བསྡུས་སྦྱིན་སྲེག་སྟེ། །ལྷ་དང་སྔགས་ཙམ་མ་གཏོགས་པ། །རིགས་རྐྱང་དག་ལའང་འདི་བཞིན་བྱ། །ཞེས་པ་འདིའང་བདག་གི་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས་སྐྱེ་དགུ་མང་པོའི་དེད་དཔོན་ཆེན་པོར་གྱུར་པ། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་རིགས་བསྡུས་པའི་སྒྲུབ་ཐབས་ལ་སོགས་པ་མཛད་པའི་ཁ་སྐོང་དུ། ཆོས་རྗེ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་པས་སྡོམ་པ་གསུམ་ཕྱིན་ཅི་མ་ལོག་པར་ཐོབ་ཅིང༌། ཆོས་དང་ཟང་ཟིང་གི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས། སློབ་དཔོན་མི་ཐུབ་ཟླ་བའི་བཟང་པོ་ཡོངས་བཟུང༌། དེའི་སྦྱིན་སྲེག་གི་སྐབས་ཀྱི་ཡིག་སྣ་བདག་ཉིད་ཆེན་པོ་བསོད་ནམས་རྩེ་མོས་མཛད་པ་ལ་གཞི་བྱས། དེར་མི་གསལ་བ་རྣམས་རྡོ་རྗེ་གུར་གྱི་རྒྱུད་དང༌། དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་དང༌། གུར་རྒྱན་དང་རིན་ཆེན་འབར་བའི་སྦྱིན་སྲེག་གི་ལེའུ་དང༌། ཀྱེ་རྡོར་མན་ངག་ལུགས་ཀྱི་སྦྱིན་སྲེག་རྗེ་བཙུན་སྐུ་མཆེད་ཀྱིས་མཛད་པ་རྣམས་ལས་བླངས་ནས། ས་སྐྱོང་གི་ལོ་རྒྱལ་གྱི་ཟླ་བ་ལ་སྦྱར་བའོ། །དཔལ་ཌོམྦི་པའི་ལུགས་ཀྱི་ཀྱེ་རྡོར་དང༌། སམྦུ་ཊ་རྡོར་དབྱིངས་ལ་སོགས་པའི་སྦྱིན་སྲེག་ཀྱང་འདིས་རུང་བར་རིགས་པར་བྱའོ། །ཨོཾ་ཆོས་ཀྱི་རྒྱལ་པོའི་སྒྲས་ཆེ་གེའི་བགེགས་ཐམས་ཅད་སྲེག་བསྣུན་ཞི་བར་མཛོད་ཅིག་སྭཱ་ཧཱ། དབང་དྲག་གཉིས་ཀྱི་སྔགས་བཟང་པོ་ཡོངས་བཟུང་ལས་མ་བཤད་ཀྱང༌། སངས་རྒྱས་ཐོད་པ་ནས་ཞི་རྒྱས་ཀྱི་སྔགས་དང་ཐམས་ཅད་བཤད་དོ།། །། «༄། །དཔལ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་གར་གྱི་མི་འདྲ་བའི་ཁྱད་པར་བརྗོད་པ་ལེགས་པར་བཤད་པའི་གླུ་དབྱངས་བཞུགས་སོ།། »༈ །དཔལ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་གར་རྣམས་ཀྱི་མི་འདྲ་བའི་ཁྱད་པར་བརྗོད་པ་ལེགས་པར་བཤད་པའི་གླུ་དབྱངས་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་བརྩེའི་འོད་ཟེར་གྱིས། །ལྟ་ངན་ཐིབ་པོ་ཀུན་བསལ་ནས། །ཡང་དག་ལམ་ལ་འགོད་མཛད་པའི། །ཡོངས་འཛིན་ཉི་མ་དེ་ལ་འདུད། །རྡོ་རྗེ་གུར་ནི་རྡོ་རྗེ་ལྟར། །ཚིག་གི་ཆ་ཤས་དབྱེ་དཀའ་ཡང༌། །རྫོགས་སངས་རྒྱས་ཀྱི་མན་ངག་མཆོག །རབ་འཛིན་དཔལ་ལྡན་ཆོས་ཀྱི་རྗེ། །རྟོག་མེད་མཚན་ཅན་བཀའ་དྲིན་གྱིས། །རྒྱུད་འགྲེལ་ལེགས་བཤད་མན་ངག་བཅུད། །བློ་གསལ་ཁོ་བོས་མྱངས་པ་ལས། །བྱུང་བའི་གླུ་དབྱངས་ཡིད་དུ་འོང༌། །འདིར་རྡོ་རྗེ་གུར་ལེའུ་གཉིས་པར། དེ་ནས་རྡོ་རྗེ་འཛིན་པ་བློ་དང་ལྡན་པ་མཁའ་འགྲོ་མ་རྡོ་རྗེ་གུར། སངས་རྒྱས་རྣམས་ཀྱི་གར་གྱི་ཏིང་ངེ་འཛིན་ལ་ཞུགས་སོ། །ཞེས་པ་ནས། རབ་ཏུ་འབད་པས་བསྲུང་བར་བྱ། །ཞེས་པའི་བར་གྱིས་སངས་རྒྱས་ཀྱི་གར་བསྟན། ལེའུ་བཅུ་བཞི་པར། དེ་ནས་བཅོམ་ལྡན་འདས་སྣ་ཚོགས་བྱེད་པ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མདའ་གཞུའི་ཆར་འདི་ཉིད་ཀྱིས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ༌། །ཞེས་པ་ནས། དེ་ནི་རྡོ་རྗེ་འཛིན་སྤྱོད་དོ། །ཅེས་པའི་བར་གྱིས་རྡོ་རྗེའི་གར་བསྟན། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རོལ་མོའི་སྒྲ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་པ་ནས། དེ་ནི་རྡོ་རྗེ་རོལ་མོའི་སྒྲ། །ཞེས་པའི་བར་གྱིས་རོལ་མོའི་གར་བསྟན། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་གོམ་པ་རྣམ་པར་དགོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་པ་ནས། སྒེག་པས་བྱང་ཆུབ་སྒྲུབ་པའི་ཐབས། །ཞེས་པའི་བར་དང༌། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གར་འདོད་པ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་པ་ནས། འདི་ནི་དམ་ཚིག་རིག་པའི་མཆོག །ཅེས་པའི་བར་གྱིས་རྡོ་རྗེའི་གར་བསྟན་ནོ། །འདི་དག་གི་དགོངས་པ་དེང་སང་གི་ལག་ལེན་པ་རྣམས་ཀྱི་གར་རྣམས་འདྲེས་ནས། རྒྱུད་ཀྱི་དགོངས་པ་བཞིན་མ་ཕྱེད་པར་སྣང་བས་
འདིར་པཎྜི་ཏ་བློ་གྲོས་ཆེན་པོའི་གུར་གྱི་དཀའ་འགྲེལ་དང༌། རྡོ་རྗེ་འཆང་གཉིས་པ་རྗེ་བཙུན་ཆེན་པོའི་གུར་རྒྱན་ལྟར་མ་འདྲེས་པར་བཤད་ན། སངས་རྒྱས་ཀྱི་གར་དང༌། རྡོ་རྗེའི་གར་གཉིས་ནི། གར་སོ་སོ་བ་ཡིན་གྱི་གཅིག་མ་ཡིན། རོལ་མོའི་གར་ནི་དེ་གཉིས་ཀ་ལ་དགོས། སྡིགས་བྱེད་ཀྱི་གར་ནི་རྡོ་རྗེའི་གར་ཁོ་ན་ལ་དགོས་སོ། །དེ་ལ་སངས་རྒྱས་ཀྱི་གར་ནི་དཔལ་མཆོག་དང་པོའི་རྒྱུད་ལས་གསུངས་པའི་སྒྲུབ་པ་རྗེས་སྒྲུབ་ཀྱི་ཆོ་ག་དང་ཚུལ་མཐུན། སྡིགས་བྱེད་ཀྱི་གར་ནི་གཤིན་རྗེ་གཤེད་ཁྲོ་བོ་རྣམ་རྒྱལ་གྱི་རྒྱུད་ལས་གསུངས་པའི་ཚམ་རྔམ་གྱི་སྦྱོར་བ་དང་ཚུལ་མཚུངས། རོལ་མོའི་གར་ནི། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས་བཤད་པ་དང་ཚུལ་མཚུངས། དེའང་པི་ཝང་ལ་སོགས་པ་རོལ་མོ། གླིང་བུ། མུ་ཛ། མུ་ཀུཎྜ། ཆ་ལང༌། རྔ་ངོ་ཆེ། རྔ་ཟླུམ། པ་ཊ་ཧ། གུཉྫ། ཏི་མི་ལ་དང་བཅུའོ། །བཅུ་ཀའི་སྒྲ་དང༌། རྒྱུད་ནས་གསུངས་པའི་སྔགས་རྣམས་འབྱུང་ཞིང༌། དེ་དང་མཐུན་པའི་གར་བྱེད་པར་བཤད་དེ་དེང་སང་བོད་ན་མི་སྣང་ངོ༌། །རྡོ་རྗེའི་གར་ནི། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ནས་གསུངས་པའི། སྟངས་སྟབས་ཀྱི་སྦྱོར་བ་དང་ཚུལ་མཚུངས་སོ། །དེས་ན་རྒྱུད་འདི་ནས་གསུངས་པའི་གར་ཐམས་ཅད་ཀྱང༌། སངས་རྒྱས་ཀྱི་གར་དང༌། རྡོ་རྗེའི་གར་གཉིས་སུ་འདུ་བ་ཡིན་ནོ། །འདི་གཉིས་ཀྱི་མི་འདྲ་བའི་ཁྱད་པར་བཤད་པ་ལ། གང་ཟག་གི་ཁྱད་པར། གྲངས་ཀྱི་ཁྱད་པར། གནས་ཀྱི་ཁྱད་པར། དུས་ཀྱི་ཁྱད་པར། ལག་ཆའི་ཁྱད་པར། རྒྱན་ཆའི་ཁྱད་པར། ཆོ་གའི་ཁྱད་པར། དགོས་པའི་ཁྱད་པར་ཏེ་བརྒྱད་ལས། དང་པོ་གང་གིས་བྱེད་པའི་གང་ཟག་མི་འདྲ་སྟེ། སངས་རྒྱས་ཀྱི་གར་བྱེད་པའི་གང་ཟག་ནི། བསྐྱེད་རིམ་བརྟན་ཞིང་བསྙེན་པ་ཡོངས་སུ་རྫོགས་པ་དགོས་ཏེ། གུར་རྒྱན་ལས། དེ་ལྟར་རྡོ་རྗེ་སློབ་དཔོན་དང༌། མི་གཡོ་བའི་རྣལ་འབྱོར་འཛིན་པ་གཉིས། ཏིང་ངེ་འཛིན་བརྟན་ཞིང་བསྙེན་པ་ཡོངས་སུ་རྫོགས་པས་བྱས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་གསུང༌། རྡོ་རྗེའི་གར་བྱེད་པའི་གང་ཟག་ནི། གྲངས་བསྙེན་རྫོགས་པ་ཙམ་གྱིའང་རུང་གི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་ཁོ་ན་དགོས་པའི་ངེས་པ་མེད་དེ། དབང་གི་ཆུ་བོར། གྲངས་ཀྱི་བསྙེན་པ་གཙོ་བོ་ལ་བཞི་འབུམ་དང༌། འཁོར་ལ་བཞི་ཁྲི་བཟླས་པའམ། ཡང་བླ་མས་བཀའ་གནང་ན། བསྙེན་པ་མ་རྫོགས་ཀྱང་གར་བྱེད་པ་སོགས་དཀྱིལ་འཁོར་གྱི་ལས་ལ་འཇུག་ཏུ་རུང་བར་བཤད་པའི་ཕྱིར་རོ། །གཉིས་པ་གང་ཟག་དུས་བྱ་བའི་གྲངས་མི་འདྲ་སྟེ། སངས་རྒྱས་ཀྱི་གར་ལ་ནི་གང་ཟག་བཅུ་དགོས་ཏེ། རྒྱུད་ལས། སློབ་དཔོན་ལྔ་དང་ལྷ་མོ་བཞི། །མི་གཡོའི་བདག་ཉིད་སྨོད་པ་པོ། །དཀྱིལ་འཁོར་ཁང་པའི་གནས་ཉིད་དུ། །སངས་རྒྱས་གར་མཁན་རོལ་པར་མཛད། །ཅེས་གསུང༌། རྡོ་རྗེའི་གར་ལ་ནི། དཔོན་སློབ་ལྔས་ཆོག་སྟེ། དབང་གི་ཆུ་བོར། དེ་ནས་སྟངས་སྟབས་ཀྱི་བཀོད་པ་ལ་སོགས་པས་ས་གཟུང་བར་བྱ་བའི་ཕྱིར། སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ། སྟན་ནང་ཚངས་ཅན་ལ་འདུག་ལ། ཕྱོགས་བཞིར་ཡང་གཽ་རཱི་ལ་སོགས་པའི་ང་རྒྱལ་འཛིན་པའི་སློབ་མ་བཞི་འདུག་ལ། ཞེས་བཤད་ཅིང༌། དེ་བཞིན་དུ་གུར་རྒྱན་ལས་ཀྱང་བཤད་དེ་གཉིས་ཀའི་གར་གཡོག་པ་མང་ཉུང་ལ་ངེས་པ་མེད་དོ། །གསུམ་པ་གང་དུ་བྱེད་པའི་གནས་མི་འདྲ་སྟེ། སངས་རྒྱས་ཀྱི་གར་ནི། འབྱོར་ན་སོ་ཕག་གི་ཁང་པ་སུམ་རིམ་མམ། མ་འབྱོར་ན་ཡོལ་བས་སུམ་རིམ་དུ་གཅད་པར་བྱ་སྟེ། གུར་བཀའ་འགྲེལ་ལས། དེ་ལ་ཁང་པ་སུམ་བརྩེགས་བྱས་ནས་ཁང་པ་འོག་མར་ནི་གར་བྱེད་པའི་གར་མཁན་རྣམས་བཞག་པའོ། །བར་པར་ནི་བཟའ་བཅའ་ལ་སོགས་པའི་ཡོ་བྱད་རྣམས་གཞག་གོ །དང་པོ་ནི་དཀྱིལ་འཁོར་འཁོར་ལོའི་གར་བཞག་ལ། ཞེས་གསུངས་ལ། སུམ་རིམ་གྱི་བར་མ་ནི་གྲུ་གསུམ་པར་བྱ་སྟེ། རྒྱུད་ལས། ཆོས་འབྱུང་གྲོང་ཁྱེར་ཉམས་དགའ་བར། །རྡོ་རྗེ་དམ་ཚིག་གླུ་ཡིས་དང༌། །རྡོ་རྗེ་རྐང་པའི་གོམ་པས་གར། །མཐར་ནི་རྫ་རྔ་ལ་སོགས་སོ། །ཞེས་གསུང༌། རྡོ་རྗེའི་གར་ལ་ནི། ཡོལ་བ་སུམ་རིམ་སོགས་བྱེད་པར་མ་བཤད་དོ། །བཞི་པ་ནམ་བྱ་བའི་དུས་མི་འདྲ་སྟེ། སངས་རྒྱས་ཀྱི་གར་ནི་འཆི་ལྟས་སོགས་བྱུང་བའི་ཚེ་དང༌། དཀྱིལ་འཁོར་སྒྲུབ་མཆོད་དང༌། རབ་གནས་སོགས་བྱེད་པའི་ཚེ། ཚོགས་འཁོར་གྱི་ཚུལ་དུ་བྱེད་དེ། རྒྱུད་ལས། འཆི་བའི་ཚེའམ་མུ་གེའམ། །ཕས་ཀྱི་འཁོར་ལོའི་གནོད་པའམ། །རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང༌། །ཆར་མེད་པ་དང་ཞི་བ་ལ། །སྔགས་དང་སྒོམ་པར་ལྡན་པ་ནི། །གང་ཞིག་བདག་ནི་རྟག་རོལ་པ། །དེ་ཡི་མདུན་དུ་བདག་འདུག་སྟེ། །དེར་ནི་བརྫུན་དུ་མི་འགྱུར་རོ། །ཞེས་གསུང་ཞིང༌། ལུང་འདི་ལྗོན་ཤིང་གི་ཚོགས་འཁོར་གྱི་སྐབས་སུ། ཁྱད་པར་གྱི་དུས་ཀྱི་ཤེས་བྱེད་དུ་དྲངས་པའི་ཕྱིར་རོ། །རྡོ་རྗེའི་གར་ནི། དཀྱིལ་འཁོར་གྱིས་བཟུང་བའི་ཚེ་བྱེད་དེ། རྒྱུད་ལས། ས་གཞི་ཡོངས་བཟུང་དུས་སུ་ནི། །དམ་ཚིག་འདི་ནི་རབ་བསྐུལ་བ། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བྱ། །འདི་ནི་དམ་ཚིག་རིམ་པའི་མཆོག །ཅེས་གསུང༌། ལྔ་པ་གང་བཟུང་བའི་ལག་ཆ་མི་འདྲ་སྟེ། སངས་རྒྱས་ཀྱི་གར་ལ་ནི། རིགས་ལྔའི་ཕྱག་གཡས་ན་རྡོ་རྗེ་དང༌། འཁོར་ལོ་ལ་སོགས་པ་ལྔ་དང༌། གཡོན་ན་ཐོད་པ་དང༌། ཁ་ཊྭཱཾ་ག་དང༌། ཡུམ་བཞིའི་གཡས་ན་འཁོར་ལོ་སོགས་བཞི་དང༌། གཡོན་པས་ཐུགས་ཀར་སྡིགས་མཛུབ་དང༌། མི་གཡོ་བའི་གཡས་ན་རལ་གྲི་དང་གཡོན་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ཐོགས་པ་རྣམས་དགོས་ཏེ། གུར་དཀའ་འགྲེལ་ལས། གླང་པོ་ཆེ་ལ་སོགས་པའི་ཐོད་པ་རྣམས་ནི་བཅོས་མའི་རྡོ་རྗེ་ལའོ། །དེ་བཞིན་དུ་རྨ་བྱ་ལ་སོགས་པའི་ཐོད་པ་རྣམས་ནི་འཁོར་ལོ་ལའོ། །དཔྱིད་ལ་སོགས་པའི་ཐོད་པ་རྣམས་ནི་རིན་པོ་ཆེ་ལའོ། །དོམ་ལ་སོགས་པའི་ཐོད་པ་རྣམས་ནི་པདྨ་ལའོ། །ཀླུ་ཀར་ཀོ་ཏ་དང་ས་ལ་སོགས་པའི་ཐོད་པ་རྣམས་ནི་རལ་གྲི་ལ་སོགས་པ་ལའོ། །དེ་བཞིན་དུ་གཡོན་པའི་ཕྱག་མཚན་རྣམས་ནི་ཁ་ཊྭཱཾ་ག་དང་ཐོད་པ་ལ་བསྡུའོ། །ཞེས་དང༌། སྤྱན་མ་མདོག་དཀར་མོ་བཅོས་མའི་འཁོར་ལོ་འཛིན་པས། ཞེས་དང༌། མཱ་མ་ཀཱི་མདོག་སྔོན་མོ་བཅོས་མའི་རྡོ་རྗེ་ཐོགས་ནས། ཞེས་དང༌། གོས་དཀར་མོ་མདོག་དམར་པོ་བཅོས་མའི་པདྨ་འཛིན་པ། ཞེས་དང༌། སྒྲོལ་མ་ལྗང་གུ་ཨུཏྤལ་བསྣམས་པ་འབར་བའི་ལྟ་བས་གདུལ་བྱ་རྣམས་འགུགས་པར་མཛད་དོ། །དེ་དག་ཀྱང་སྔ་མ་ལྟར་བཅོས་མའི་སྐྲ་ཁམ་སེར་དང༌། བཅོས་མའི་ཞལ་དང༌། བཅོས་མའི་ན་བཟའ་ཅན། བཅོས་མའི་པདྨ་དང་ཉི་མ་ལ་གཡོན་བརྐྱང་པས་བཞུགས་ཤིང་ཁ་དོག་ཚོན་གྱིས་བསྒྱུར་བ། གཡོན་པ་སྙིང་གར་སྡིགས་མཛུབ་བྱེད་པའོ། །དེ་བཞིན་དུ་ཁྲོ་བོ་མི་གཡོ་བ་རལ་གྲི་དང་སྡིགས་མཛུབ་དང་ཞགས་པ་ཐོགས་པ། ཞེས་སོགས་རྒྱ་ཆེར་བཤད། རྡོ་རྗེའི་གར་ལ་ནི་རྡོར་དྲིལ་གྱིས་ཆོག་སྟེ། རིན་ཆེན་འབར་བར། དཔའ་བོ་རྡོ་རྗེ་དྲིལ་འཛིན་ལ། །སློབ་མའམ་འཁོར་སྤྲུལ་གསོལ་བ་བཏབ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་སོགས་གསུངས། དྲུག་པ་གང་གིས་མཛེས་བྱེད་ཀྱི་རྒྱན་མི་འདྲ་སྟེ། སངས་རྒྱས་ཀྱི་གར་ལ་ནི། གསེར་དང༌། ཤེལ་ཕྲེང་དང༌། འདག་ཕྲེང་དང༌། ཤེལ་རྒྱན་སོགས་གང་གིའང་རུང་སྟེ། རུས་རྒྱན་ཁོ་ན་དགོས་པའི་ངེས་པ་ནི་མེད་དེ། རྒྱུད་ལས། ཁམ་འདུལ་དེ་བཞིན་རྩ་བའམ། །འདག་པ་ཡི་ཡང་རྒྱན་རྣམས་ཀྱི། །སངས་རྒྱས་རྣམས་ཀྱི་གར་མཁན་གར། །ཞེས་གསུངས་ལ། དེའི་དོན། ཁམ་ནི་རུས་པའོ། །ཞེས་མན་ངག་སྙེ་མར་བཤད་ཀྱང༌། བླ་མ་གོང་མ་རྣམས་དཀར་གོང་རུལ་པ་སྟེ་ཤེལ་དུ་བཞེད་དེ། འགྱུར་ཁ་ཅིག་ལས་ནོར་བུ་དང་རྡོ་དཀར་དུ་བསྒྱུར་བ་དང་ཆ་མཐུན་ནོ། །རྩ་བ་ནི་ཤིང་ངོ༌། །ཕྱི་འགྱུར་ལས། ཁམ་དང་གསེར་དང་ཤིང་རྩ་དང༌། ཞེས་འབྱུང༌། རྡོ་རྗེའི་གར་ལ་ནི། རུས་རྒྱན་ངེས་པར་དགོས་ཏེ། ནས་གླིང་མའི་དབང་ཆོག་ཏུ། དེ་ནས་བླ་མ་ཡན་ལག་དྲུག་དང་ལྡན་པ། རྒྱན་སྤྱི་གཙུག་གི་རྒྱ་གྲམ་དང༌། མགུལ་རྒྱན་དང༌། རྣ་རྒྱན་དང༌། སྐེ་རགས་དང༌། ཕྱག་གདུབ་དང་ལྡན་པས་རྡོ་རྗེ་དྲིལ་བུ་ཐོགས་ལ། གོང་དུ་སྨོས་པའི་དབུས་སུ་འདུག་ལ། ཞེས་སྟངས་སྟབས་ཀྱི་སྐབས་ནས་གསུངས་སོ། །བདུན་པ་ཇི་ལྟར་བྱ་བའི་ཆོ་ག་མི་འདྲ་སྟེ། སངས་རྒྱས་ཀྱི་གར་ལ་ནི། དེ་བཞིན་གཤེགས་པ་ཀུན་ཞི་བ་སོགས་དང༌། བགེགས་ལ་བཀའ་བསྒོ་བ་དང༌། བགེགས་བསྐྲད་པ་ལ་སོགས་མི་དགོས་ཏེ། གུར་རྒྱན་ལས། དེའི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། ས་ཕྱོགས་དབེན་པར་གྲུ་བཞིའམ། ཟླུམ་པོའི་ཁྱོན་ཇི་ལྟར་འཚམ་པའི་ཁང་པ་བྱ། དེའི་ནང་དུ། ཆོས་འབྱུང་གི་རྣམ་པ་གྲུ་གསུམ་པའི་ཁང་པ་བྱ། དེའི་ནང་གཞལ་ཡས་ཁང་གྲུ་བཞི་པ་མཛེས་པའི་ཁང་པ་བྱ་སྟེ། ཁང་པ་སུམ་རིམ་དུ་བྱའོ། །དེ་ལ་ནང་གི་ནང་དུ་སློབ་དཔོན་དང་བཅས་པའི་ལྷ་དགུ་ནི་ཡོལ་བའི་ནང་དུ་སྡོད་ལ། མི་གཡོ་བ་ནི་ཡོལ་བའི་ཕྱིར་སྡོད་ཅིང་གཞན་རྣམས་ནི་དབྱུག་སྔོན་ཅན་ནམ་མི་གཡོ་བ་ལ་གསོལ་བ་བཏབ་ནས་བརྡ་དང་བརྡའི་ལན་བྱས་ནས་ནང་དུ་ཞུགས་ཏེ། ཕྱག་དང་མཎྜལ་ཕུལ་ནས་རང་རང་གི་སྟན་ལ་ཇི་ལྟར་མཛེས་པའི་གྲལ་བྱའོ། །བར་དུ་ནི་གཡོས་བྱེད་པ་རྣམས་བཞག་གོ །ཕྱི་རོལ་དུ་ནི་གླུ་གར་བྱེད་པ་རྣམས་གཞག་པར་བྱའོ། །ནང་གི་ཡོལ་བའི་ཕྱི་རོལ་དུ་གཏོར་མ་དང༌། མཆོད་པ་རྒྱ་ཆེ་ཞིང་མཛེས་པར་བཤམ་མོ། །དེ་ནས་ལས་ཀྱི་རྡོ་རྗེ་སློབ་མས་མཎྜལ་དང་མེ་ཏོག་ཕྲེང་བ་སྔོན་དུ་འགྲོ་བས་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། ཡི་གེ་བརྒྱ་པས་རྒྱུད་སྦྱངས་པ་ཡན་ཆད་སྦྱོར་བའི་ཆོས་དྲུག་བྱས་པའི་རྗེས་ལ། རྡོ་རྗེ་སློབ་དཔོན་ལངས་ཏེ་མེ་ཏོག་སྙིམ་པ་ལག་ན་འཛིན་པས། སེམས་ཅན་ཇི་སྙེད་པ་རྣམས་སེམས་ཅན་དུ་བསྡུ་བས་བསྡུས་པ་ཞེས་བྱ་བ་ནས་བརྩམས་ཏེ། བདག་གིས་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་དགོད་པར་བྱའོ། །ཞེས་བྱ་བའི་བར་བརྗོད་ལ། མེ་ཏོག་ནམ་མཁའ་ལ་གཏོར་ཏེ། སྟན་ལ་བསྡད་ལ། དཀྱིལ་འཁོར་པ་དང་བཅས་པ་ཐམས་ཅད་ཀྱིས་རང་རང་གི་མངོན་པར་རྟོགས་པ་རྫོགས་པར་བསྒོམས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པ་རྒྱས་པས་མཆོད། སྙིང་གར་ཡེ་ཤེས་ཀྱི་ལྷ་བདུད་རྩི་མྱང་པས་ཚིམ་པར་བྱ། འབྱུང་པོའི་ཚོགས་གཏོར་མས་ཚིམ་པར་བྱ། དམ་ཚིག་དང་ལྡན་པའི་དཔའ་བོ་དང་རྣལ་འབྱོར་མ་ཚོགས་ཀྱིས་ཁ་ཟས་ཀྱིས་ཚིམ་པར་བྱ། དེ་ནས་གླུ་དང་གར་གྱིས་ལྷ་ཚིམ་པའི་སྔོན་ལ་སེམས་ཅན་གྱི་དོན་ལ་སངས་རྒྱས་ཀྱི་ཐུགས་རྗེ་བསྐུལ་བའི་ཕྱིར་མི་གཡོ་བའི་བསྙེན་པ་སོང་བའི་རྣལ་འབྱོར་པ་ཞིག་མི་གཡོ་བའི་ང་རྒྱལ་དང་ཆ་ལུགས་སུ་ཞུགས་པ་དེ་བཞིན་གཤེགས་པ་སོ་སོ་དང་ལྷ་མོ་སོ་སོ་ལ་ཁ་ལ་སྨོད་ཅིང་དོན་ལ་བསྟོད་པའི་ཚིག་རྣམས་བརྗོད། དེ་ནས་ཐུན་མོང་དུ་དེ་བཞིན་གཤེགས་པའི་ཐུགས་རྗེ་བསྐུལ་བའི་ཕྱིར་ཁ་ལ་སྨོད་ཅིང་དོན་ལ་བསྟོད་པའི་ཚིག་རྣམས་བརྗོད། དེ་ནས་ལེའུ་བཅུ་བཞི་པ་ནས་འབྱུང་བའི་ཡབ་ཡུམ་སོ་སོའི་བྱང་ཆུབ་ཀྱི་སེམས་ཀྱི་ཆེད་དུ་བརྗོད་པ་རྣམས་གླུར་བླང༌། དེ་ནས་སྤྱིའི་དྲུག་གི་རྗེས་སུ་སྐྱེས་པ་ལ་སོགས་པའི་གླུ་དང་འདུག་སྟངས་དང་རྐང་སྟབས་དང་ལག་སྟབས་དང་བཞིན་གྱི་འགྱུར་ཚུལ་དང་རོལ་མོའི་རྣམ་གྲངས་དུ་མ་བྱས་ཏེ་གླུ་དང་གར་གྱིས་ཚིམ་པར་བྱའོ། །དེ་ནས་ཚིམ་པ་དྲུག་པའང་སྤྱད་ལ། ཚོགས་ཀྱིས་འཁོར་ལོའི་མཇུག་གི་བྱ་བ་རྣམས་ཀྱང་རྫོགས་པར་བྱའོ། །དེ་ནས་ཡོན་བདག་གིས་ཡོན་ཕུལ་ཏེ་སྨོན་ལམ་རྣམ་པར་དག་པ་བཏབ་པས་ལས་ཀྱི་རྗེས་བསྡུའོ། །ཞེས་གསུངས། རྡོ་རྗེའི་གར་ལ་ནི། མི་གཡོ་བའི་དྲིས་ལན་དང༌། བྱང་ཆུབ་ཀྱི་སེམས་གླུ་བླང་བ་སོགས་མི་དགོས་ཏེ། གུར་རྒྱན་ལས། ས་ཆོག་གི་སྐབས་སུ། ས་བརྟག་པ་དང༌། བསླང་བ་དང༌། སྦྱངས་པ་སྔོན་དུ་སོང་བས། དཀྱིལ་འཁོར་གྱི་དབུས་སུ། རྡོ་རྗེ་སློབ་དཔོན་བསྡད་ལ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམས་ལ། མངོན་པར་རྟོགས་པ་ཚར་བའི་སེ་གོལ་གྱི་བརྡ་བྱས་པ་དང་རྣམ་པར་སྣང་མཛད་ལ་སོགས་པའི་ང་རྒྱལ་འཛིན་པའི་སྒྲུབ་པ་པོ་བཞིས་ཕྱོགས་བཞི་ནས་མགྲིན་གཅིག་ཏུའམ། ཡང་ན་གཅིག་གིས་ཕྱོགས་བཞིར་ཕྱིན་ལ། དེ་བཞིན་གཤེགས་པ་ཀུན་ཞི་བ་ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་པས་བདག་གིས་བསྒོམས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་ལ་བཏེག་ལ། བདག་ཕྱག་གཉིས་པའི་ང་རྒྱལ་གྱིས་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བར་བྱིན་གྱིས་བརླབས་ལ་ཕྱོགས་ཀུན་ཏུ་བལྟས་པས། བགེགས་བསྲེག་པ་དང་གསོ་བར་བྱས་ནས་དབང་ལྡན་དུ་ཕྱིན་ཏེ། །ང་ནི་དཔལ་ལྡན་སྙིང་རྗེའི་བདག །ཅེས་བྱ་བ་ལ་སོགས་པས་བགེགས་ལ་བཀའ་བསྒོ་ལ། ལེའུ་བཅུ་བཞི་པ་ནས་འབྱུང་བའི་ཚུལ་གྱིས་འདུག་སྟངས་དང༌། རྐང་སྟབས་དང༌། ལག་སྟབས་དང༌། གླུའི་འགྱུར་ཚུལ་ལ་སོགས་པའི་སངས་རྒྱས་ཀྱིས་ས་བཟུང་བས་སའི་ཕྱོགས་བདག་གིར་བྱས་ཏེ་ས་བསྲུང་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །ཞེས་གསུངས། དེས་ན་གར་འདི་གཉིས་གཅིག་ཏུ་བྱེད་པ་ནི། ཀྱེ་རྡོར། འདུས་པ། བདེ་མཆོག་སོགས་སོ་སོའི་དཀྱིལ་ཆོག་དང༌། རྡོ་རྗེ་ཕྲེང་བ་དང༌། བྱ་བ་བསྡུས་པ་ལ་སོགས་པ་སྤྱིའི་དཀྱིལ་ཆོག་རྒྱ་བོད་ཀྱི་མཁས་པ་རྣམས་ལ་ཚད་མར་གྲགས་པའི་གཞུང་ཆེན་པོ་རྣམས་ལས་བཤད་པ་མེད་དོ། །བརྒྱད་པ་དེ་ལྟར་བྱས་པའི་དགོས་པ་མི་འདྲ་སྟེ། སངས་རྒྱས་ཀྱི་གར་ནི་གཞན་རྗེས་སུ་བཟུང་བ་དང༌། གཞན་གྱི་གནོད་པ་བཟློག་པ་དང༌། སྤྲོས་བཅས་ཀྱི་སྤྱོད་པའི་ཚོགས་ཀྱི་འཁོར་ལོའི་ཚུལ་དེས། བདག་ཉིད་ཀྱི་བསྐྱེད་རིམ་བརྟན་པའི་དགོས་པ་ཡོད་དེ། གུར་རྒྱན་ལས། གླུ་གར་ལ་ཞེན་པའི་སེམས་ཅན་རྗེས་སུ་བཟུང་བ་དང༌། འཆི་ལྟས་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང༌། རབ་གནས་ལ་སོགས་པ་བཀྲ་ཤིས་པར་བྱ་བ་བསྒྲུབ་པ་དང༌། བདག་ཉིད་ཀྱི་བསྐྱེད་པའི་རིམ་པའི་དམིགས་པ་བརྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་གར་བྱའོ། །ཞེས་གསུངས། རྡོ་རྗེའི་གར་ནི། ས་བཟུང་བའི་ཚེ། བགེགས་རྣམས་ཚར་གཅད་པའི་དགོས་པ་ཡོད་དེ། སམྦུ་ཊའི་རྒྱུད་ཕྱི་མ་ལས། དཀྱིལ་འཁོར་ལ་སོགས་པའི་སྒྲུབ་པ་དང་རབ་ཏུ་ལྡན་པ་ལྷའི་བུའི་བདུད་ལ་སོགས་པ་ཁ་ཅིག་འབྱུང་བ་ཚར་བཅད་པའི་ཕྱིར། མཚོན་བྱ་ཀུན་གྱི་ཕྱག་རྒྱ་ཆེ། །ཞེས་སོགས་སྡིགས་བྱེད་ཀྱི་གར་རྣམས་གསུངས་ཤིང༌། གུར་རྒྱན་ལས་ཀྱང༌། དཀྱིལ་འཁོར་གྱིས་ཡོངས་སུ་བཟུང་བའི་སྐབས་སུ། རྐང་སྟབས་དང་ལག་སྟབས་ལ་སོགས་པའི་བཀོད་པ་ནི། བགེགས་བསྐྲད་ལས་ཡོངས་སུ་བཟུང་སྟེ་བྱིན་གྱིས་བརླབ་པའི་དགོས་པ་ཡིན་ནོ། །ཞེས་གསུངས། མདོར་ན་སངས་རྒྱས་ཀྱི་གར་ནི། བདག་ཉིད་ཀྱི་བསྐྱེད་རིམ་བརྟན་པར་བྱ་བའི་ཕྱིར་སྤྲོས་བཅས་ཀྱི་སྤྱོད་པས་ཚོགས་ཀྱི་འཁོར་ལོ་བྱ་བ་ཡིན་གྱི། ས་ཆོག་གི་སྐབས་སུ་བྱ་བ་མ་ཡིན་ཏེ། ལྗོན་ཤིང་གི་ཚོགས་འཁོར་གྱི་སྐབས་སུ་དགོས་པས་བྱེད་ན། ལྷ་གྲངས་དང་མཐུན་པའི་འབག་བྱ་སྟེ། ཚར་བཅད་པ་ལ་སོགས་པའི་དུས་སུ་བྱས་ན་སངས་རྒྱས་ཀྱི་གར་རོ། །ཞེས་དང༌། མཁྱེན་རབ་དབང་ཕྱུག་གི་ཞལ་སྔ་ནས་ཀྱི་ཚོགས་འཁོར་དུ་འཇིག་རྟེན་གྱི་གནོད་པ་ཐམས་ཅད་ཞི་བའི་ཕྱིར། སངས་རྒྱས་ཀྱི་ཐུགས་རྗེ་བསྐུལ་བའི་དོན་དུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་གར་མཁན་གྱི་ཚུལ་དུ་བཞུགས་པ་ལ་གླུ་དང་གར་གྱི་སྦྱོར་བས། ཁྲོ་བོའི་རྒྱལ་པོ་བཞད་གད་མཁན་གྱི་སངས་རྒྱས་ཀྱི་ཐུགས་གནད་དུ་བསྐུལ་ཏེ། སེམས་ཅན་གྱི་སྡུག་བསྔལ་ཞི་བར་མཛད་པ་ནི་སངས་རྒྱས་ཀྱི་གར་ཞེས་གསུངས་ལ། དེ་བཞིན་དུ། ཆོས་ཀྱི་རྒྱལ་པོའི་མངོན་པར་རྟོགས་པ་ལྗོན་ཤིང་དང༌། རྗེ་བཙུན་ཆེན་པོའི་ཞལ་སྔ་ནས་ཀྱི་ལོ་ཧི་པའི་སྒྲུབ་ཐབས་དང༌། སྤྱོད་བསྡུས་སྒྲོན་མ་དང༌། སངས་རྒྱས་མཉམ་སྦྱོར་རྩ་འགྲེལ་སོགས་ལས་ཀྱང་གསུངས་པས་དེ་དག་ཏུ་བལྟ་བར་བྱའོ། །དེས་ན། དིང་སང་གི་གུར་འདི་ནི། གཟི་བརྗིད་རྡོ་རྗེ་དང༌། བསོད་ནམས་དཔལ་ལ་སོགས་པ་ཆོས་རྗེ་བླ་མའི་དྲུང་སྐོར་སྣང་ཤས་ཆེ་ལ་ཆོས་རྒྱུས་ཆུང་བ་རྣམས་ཀྱི་ཤན་མ་ཕྱེད་པ་ཡིན་གྱི། ཆོས་རྗེའི་བཞེད་པ་མ་ཡིན་ཏེ། ཉིད་ཀྱི་ཞལ་སྔ་ནས་ཀྱི་གར་གྱི་བསྟན་བཅོས་སུ་དེ་ལྟར་མ་བཤད་པའི་ཕྱིར་དང༌། གར་བྱེད་མཁན་གྱི་གང་ཟག་དང༌། དུས་དང་ལུང་ཁུངས་སྨོས་པ་རྣམས་སཾ་སྐྲྀ་ཏའི་སྐད་དུ་ཡོད་པ་ལ་གར་བྱས་པ་ལ་སོགས་པའི་ནོར་བ་འདི་རྣམས་ཆོས་རྗེས་མི་དགོངས་པ་མི་སྲིད་པའི་ཕྱིར་རོ། །འདིར་སྨྲ་བར་བྱ་བ་མང་དུ་ཡོད་མོད། བློ་ཆུང་ཕྱོགས་ཞེན་ཅན་རྣམས་འཚིག་པར་གདོན་མི་ཟ་བའི་ཕྱིར་རེ་ཞིག་ངག་འཕྲོ་བཅད་དོ། །དེ་ལྟར་བདག་གིས་ལུང་རིགས་རྒྱལ་མཚན་རྩེར། །རང་ལུགས་ཡིད་བཞིན་ནོར་བུ་ལེགས་བཞག་ནས། །རྣམ་དག་ལེགས་པར་བཤད་པའི་འོད་ཟེར་གྱིས། །གཞན་ལུགས་མཆིང་བུའི་གཟི་འོད་ཉམས་པར་བྱས། །དེ་ཡི་དགེ་བ་ཉིན་མོར་བྱེད་པ་དེས། །བློ་གསལ་ནོར་བུའི་མེ་ཤེལ་ལ་རེག་པས། །རྣམ་དཔྱོད་ཡེ་ཤེས་ཆེན་པོའི་མེ་འབར་ནས། །གར་ངན་མུན་པའི་ཚང་ཚིང་བསྲེག་པར་ཤོག །སྡང་ཞེན་རྟོག་པའི་སྤྲིན་གྱིས་མ་བསྒྲིབས་ཤིང༌། །ཚིག་རྩུབ་འབྲུག་སྒྲའི་ང་རོ་མི་སྒྲོགས་པར། །རྣམ་དག་རྒྱུད་འགྲེལ་དཔང་དུ་འཛིན་བྱེད་ན། །རྩོད་པར་བགྱིའོ་རྩོད་པའི་སྐབས་ཕྱེ་ཤིག །ཅེས་པ་འདི་ནི་རྗེ་ས་སྐྱ་པའི་ཐུགས་སྲས་བྱང་ཆུབ་སེམས་དཔའ་ཨ་སེང་གི་དབོན་རྒྱུད། སྡོམ་བརྩོན་སྡེ་སྣོད་འཛིན་པ་སློབ་དཔོན་དབོན་པོ་ཀུན་དགའ་རྒྱལ་མཚན་གྱིས་བསྐུལ་བའི་ངོར། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཞིང༌། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པ་བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་ཡས་པ་ལ་དབང་འབྱོར་པའི་པཎྜི་ཏ་ཆེན་པོ། ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་རྙོག་པ་མེད་པ་ཡན་ལག་མཆོག་གིས་གུས་པར་བླངས་པས་སྡོམ་པ་གསུམ་ཕྱིན་ཅི་མ་ལོག་པར་ཐོབ་ཅིང་ཆོས་དང་ཟང་ཟིང་གི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།། ༈ །།གལ་ཏེ་རྩོད་པའི་གོ་སྐབས་མི་འབྱེད་ཅིང༌། །དངོས་སུ་སྨྲ་བའི་སྐལ་བས་དབེན་གྱུར་ཀྱང༌། །རྣམ་དག་ལུང་དང་རིགས་པའི་ཅི་ཡོད་ཀུན། །ཡི་གེར་བྲིས་ལ་འདི་ཡི་ལན་ཐོབ་ཅིག །ལུང་དང་རིགས་པའི་སྒྲུབ་བྱེད་མེད་གྱུར་ཀྱང༌། །ད་དུང་འདི་ལ་མངོན་ཞེན་མི་འདོར་ན། །བླུན་པོ་རང་གིས་དེ་ཉིད་སྟོན་པར་ཟད། །ཁྱི་ཕག་མི་གཙང་ཟ་བ་སུ་ཡིས་ཁེགས། །ཞེས་ཀྱང་སྨྲའོ།། །།« ༄། །གུར་ལས་གསུངས་པའི་སངས་རྒྱས་ཀྱི་གར་བདེ་ཆེན་རྣམ་རོལ་བཞུགས་སོ།། »༈ །དཔལ་རྡོ་རྗེ་གུར་ལས་གསུངས་པའི་སངས་རྒྱས་ཀྱི་གར་གྱི་ཆོ་ག་བདེ་ཆེན་རྣམ་རོལ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་སྤྲོས་པ་དང་བྲལ་ཡང༌། །སྣ་ཚོགས་སྤྲོས་པས་དཔག་མེད་འགྲོ་བ་རྣམས། །སྤྲོས་བྲལ་བདེ་བ་ཆེ་ལ་འགོད་མཛད་པའི། །བླ་མ་གར་མཁན་མཆོག་ལ་ཕྱག་འཚལ་ལོ། །འདི་ན་སློབ་དཔོན་སྤྲོས་ལ་དགའ་བ་འགའ། །གར་བཟང་ཉི་མ་རྩེ་གར་སྤྲིན་གྱིས་བསྒྲིབས། །བསོད་ནམས་དམན་གང་ལམ་ལོག་མུན་པར་ཁྲིད། །སངས་རྒྱས་དགོངས་པའི་ལམ་ལས་ཕྱི་རོལ་གྱུར། །དེ་ལ་ཕན་ཕྱིར་རྒྱུད་འགྲེལ་ཆུ་གཏེར་ལས། །གར་བཟང་བདུད་རྩིའི་བུམ་པ་ལེགས་བཀང་ནས། །དོན་གཉེར་ལྷ་དབང་བསམ་པ་ཚིམ་བྱའི་ཕྱིར། །བདེ་ཆེན་འདོད་ཀུན་རྣམ་པར་རོལ་པར་མཛོད། །འདིར་རྡོ་རྗེ་གུར་ལས་གསུངས་པའི་སངས་རྒྱས་ཀྱི་གར་རམ། མིང་གཞན་རྡོ་རྗེ་སྒྲུབ་པའི་དམ་ཚིག་གི་ཆོ་ག་བྱ་བ་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ལ། དྲུག་ལས། དང་པོ་གནས་ཁང་བརྒྱན་པར་བྱ་བ་ནི། སོ་ཕག་གི་ཁང་པ་སུམ་རིམ་དུ་ཕྱག་དར་དང་སྐྱང་ནུལ་བྱ། བླ་རེ་ལ་སོགས་པས་མཛེས་པར་བརྒྱན་ཏེ། དབུས་དང་སྒོ་མཚམས་བརྒྱད་དང་བྱང་ཤར་དང༌། ཡང་ཤར་ལྷོ་རྣམས་སུ་ཇི་ལྟར་རིགས་པའི་ཁྲིའི་སྟེང་དུ། ཤར་ཕྱོགས་པ་ལ་པདྨ་ཟླ་བ། གཞན་རྣམས་ལ་པདྨ་དང་ཉི་མའི་གདན་རས་ལ་སོགས་པ་ལ་བྲིས་པ་བཞག དེ་ནས་གུར་རྒྱན་དུ་མི་གསལ་ཡང༌། གུར་འགྲེལ་དུ་བཤད་པས། དེའི་ཕྱི་རོལ་ཡོལ་བས་བསྐོར་རོ། །གཉིས་པ་ཕྱི་ནང་གི་མཆོད་པ་བཤམ་པ་ནི། དེ་དག་རེ་རེའི་མདུན་དུ་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དང༌། རིག་དང་མཐུན་པའི་མཆོད་པའི་ཡོ་བྱད་ཅི་འབྱོར་པ་དང༌། དམ་ཚིག་གི་རྡོ་རྗེ་དྲིལ་བུ་དང་ནང་མཆོད་དང༌། གཞན་ཡང་ཞུ་འབུལ་བའི་ཡོ་བྱད་དང་བསང་ཆུ་ལ་སོགས་པ་ཉེ་བར་མཁོ་བ་ཐམས་ཅད་འཚོག་པར་བྱའོ། །གསུམ་པ་རྡོ་རྗེ་སློབ་དཔོན་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བ་ནི། རྡོ་རྗེ་སློབ་དཔོན་སྤྱན་གྱི་ང་རྒྱལ་དང་ལྡན་པས་གདོང་ནག་པོར་བྱུག་ཅིང༌། ཧཱུྃ་ཡིག་གི་མིག་འབྲས་བྱས་པས་འབར་བའི་ལྟ་སྟངས་ཅན་ཀྱི་རུས་རྒྱན་བྱིན་བརླབ་བྱས་སྟེ། དཔལ་ཀྱེ་རྡོ་རྗེ་ལས། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པར་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཞེས་བཤད་པ་ལྟར། རྒྱན་རྣམས་ལྷ་དེ་དག་གི་ངོ་བོར་ཤེས་པའི་སྒོ་ནས། ཨོཾ་དྷ་ར་དྷ་ར་ལ་སོགས་པའི་སོ་སོའི་སྔགས་བརྗོད་པས་བྱིན་གྱིས་བརླབ་ཅིང་བགོ་བར་བྱ་སྟེ། སློབ་དཔོན་ཌོམྦི་པས། དུར་ཁྲོད་ཀྱི་རྒྱན་བྱིན་གྱིས་མ་བརླབས་པར་བགོ་བར་མི་བྱའོ། །ཞེས་གསུངས་པས་སོ། །དེ་ལྟར་རྒྱན་གོས་གྱོན་པས་ལག་པ་གཡས་པར་རྡོ་རྗེ་དང༌། གཡོན་པར་ཐོད་པ་གྲུ་མོར་ཁ་ཊྭཱཾ་ག་དག་འཛིན་པས་དབུས་ཀྱི་གདན་གྱི་སྟེང་དུ་གནས་པ་ལ་ལས་ཀྱི་རྡོ་རྗེས་ཕྱག་དང་མཎྜལ་ཕུལ་ནས། སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གར་རྣམ་པར་རོལ་པའི་ཕྱིར་ཚོགས་ཀྱི་སློབ་དཔོན་མཛད་དུ་གསོལ། ཞེས་གསོལ་བ་བཏབ། སློབ་དཔོན་གྱིས་བདུད་རྩི་འཁྱིལ་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་བསང་ཆུ་བསྒྲུབས་ཏེ། ཀུ་ཤའི་ཆུན་པོ་དང་བཅས་པ་རེ་ཞིག་ལས་ཀྱི་རྡོ་རྗེ་ལ་གཏད། དེས་ཀྱང་བླངས་ནས་རང་གི་མདུན་དུ་བཞག་ལ། དབྱུག་སྔོན་ཅན་ཀྱི་ང་རྒྱལ་དང་ལྡན་པས། རིན་པོ་ཆེའམ་ཤེལ་ལ་སོགས་པའི་རྒྱན་བགོས་ཞིང་གདོང་ནག་པོར་བྱུགས་ལ། གཡས་པས་དབྱུག་ཐོ་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཡོན་པས་སྙིང་གར་སྡིགས་མཛུབ་བྱས་ནས་ཤར་སྒོའི་གདན་གྱི་སྟེང་དུ་འདུག་པར་བྱའོ། །བཞི་པ་བརྡ་དང་བརྡའི་ལན་བྱས་ཏེ། ནང་དུ་གཞུགས་པ་ནི་ཆས་འཇུག་ཁང་པར་རིགས་བཞི་ཡུམ་བཞིའི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་པ་དང༌། རོལ་མོ་འཛིན་པ་རྣམས་ཀྱི་རུས་པའི་རྒྱན་གོང་དུ་བཤད་པ་ལྟར་བྱིན་གྱིས་བརླབ་ཅིང་བགོ མི་གཡོ་བའི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་པས་རིན་པོ་ཆེའམ་ཤེལ་རྒྱན་གྱོན་ཏེ། ཐམས་ཅད་ཀྱང་འོག་ནས་འཆད་པར་འགྱུར་བའི་མིག་འབྲས་དང་ལྟ་སྟངས་དང༌། ཕྱག་མཚན་དང་རྒྱན་དང༌། ཁ་དོག་དང་ལྡན་པར་བྱས་ནས་ཕྱིར་ཐོན་ཏེ། དེ་ཡང་ཐོག་མར་རོལ་མོ་འཛིན་པར་རྣམས་དང༌། དེ་ནས་མི་གཡོ་བ་དང༌། རིགས་བཞི་དང༌། ཡུམ་བཞི་དང༌། དེའི་རྗེས་ལ་རྡོ་རྗེ་དང་དྲིལ་བུ་ཐོགས་པའི་གར་གཡོག་པ་ཅི་འབྱོར་པ་དང་བཅས་པས་ངག་ཏུ། ཨོཾ་བཛྲ་བུདྡྷ་ནཱི་རཱི་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང༌། ཇི་ལྟར་རིགས་པའི་འགྲོས་དང་བཅས་པས་དཀྱིལ་འཁོར་གྱི་ཤར་སྒོར་སོང་ནས། དེ་ནང་དུ་གཞུགས་པའི་ཕྱིར་སམྦུ་ཊ་ལས་བཤད་པ་ལྟར། ཁྱོད་ཀྱི་དམ་ཚིག་ལ་ནི་ཁྲོ་བོ་སྔོན་པོ་མཛེས། །དངོས་གྲུབ་ཕྱག་ན་དབྱུག་ཏོ་རིན་ཆེན་བཅིངས་པ་འཛིན། །དཔལ་ལྡན་དཔའ་བོ་དཔའ་མོ་འདུ་བར་འཁོར་སྒྲོལ་ཁུམས། །མཁའ་མཛེས་རྣལ་འབྱོར་མ་ཡི་ནང་དུ་བདག་ཐོང་ཞིག །ཅེས་དབྱུག་སྔོན་ཅན་ལ་གསོལ་བ་བཏབ་པ་དང༌། སྒོ་ཕྱེ་ནས། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་པ་ཉིད་དུ་ཟོ། །ཞེས་སམྦུ་ཊ་ལས་བཤད་པ་བརྗོད་ཅིང༌། བསང་ཆུ་གཏོར་ལ་རྒྱུད་ལས་གསུངས་པའི་ལུས་དང་ངག་གི་བརྡ་དང་བརྡའི་ལན་ཅི་རིགས་པར་བྱས་ལ། ནང་དུ་བཏང་ནས་རང་རང་གི་གདན་ལ་འདུག་པར་བྱ་སྟེ། གུར་འགྲེལ་ལས། རྟག་པ་ནི་ཤར་ཕྱོགས་རྣམ་སྣང་མདོག་དཀར་པོ་བཅོས་མའི་འཁོར་ལོ་ཐོགས་ནས་སྔ་མ་བཞིན་དུ་ཐམས་ཅད་བྱ་སྟེ། ཨོཾ་གྱི་མིག་འབྲས་དང་ལྡན་པས་བྱམས་པའི་ལྟ་བས་བལྟས་ཤིང༌། བདུད་རྩི་བསིལ་བའི་འོད་ཀྱི་ཕྲེང་བས་མེད་པའི་བརྟུལ་ཞུགས་འཛིན་པའི་ལྟ་བར་ལྟུང་བ་རྣམས་སངས་རྒྱས་ཀྱི་གཏི་མུག་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པར་བསམ་མོ། །དེ་བཞིན་དུ་ནུབ་སྒོ་ནས་པདྨ་གར་གྱི་དབང་ཕྱུག་མདོག་དམར་པོ་བཅོས་མའི་ཞལ་དང་པདྨ་འཛིན་པ་ཧྲིའི་མིག་འབྲས་དང་ལྡན་པས། ཨོཾ་བཛྲ་དྷྲི་ཌི་རུ་ཙ་ཞེས་བྱ་བ་དང༌། གཡོན་ལ་བརྟེན་པའི་ལྕགས་ཀྱུའི་འོད་ཀྱིས་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་གནས་པ་རྣམས་རྗེས་སུ་ཆགས་པས་འདོད་ཆགས་ཀྱི་བྱང་ཆུབ་ལ་བཀོད་པར་བསམ་མོ། །དེ་བཞིན་ཏུ་བྱང་སྒོར་རྟ་མཆོག་མདོག་ལྗང་གུ་བཅོས་མའི་རལ་གྲི་ཐོགས་ཤིང༌། རྟ་གདོང་ལྗང་གུ་དང་ལྡན་པས་ཇི་ལྟ་བ་བཞིན་དུ་འབར་བས་ལྟ་བའི་ལྕགས་ཀྱུས་ཐམས་ཅད་མཁྱེན་པའི་ལམ་ལ་བརྟེན་ནས་ཉན་ཐོས་ཀྱི་ལམ་ལ་ཞུགས་པ་རྣམས་ལ། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྲུལ་པ་སྣ་ཚོགས་ཀྱིས་བྱང་ཆུབ་ཆེན་པོར་ཁྲིད་པར་བསམ་མོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་སྒོར་རྡོ་རྗེ་ཉི་མ་མདོག་སེར་པོ་བཅོས་མའི་རིན་པོ་ཆེ་དང་ལྡན་པས། ཨོཾ་དྷ་སོདྷ་དྷྲི་ཊི་ཨཾ་ཀུ་ཤ་ཛཿ ཞེས་བྱ་བ་དང༌། ཉི་མ་དང་ཟླ་བའི་མིག་གཡས་སུ་བརྟེན་ཅིང་མྱུར་བར་གཡོ་བའི་ལྟ་བས་པདྨའི་ལྕགས་ཀྱུས་སེར་སྣ་ལ་སོགས་པའི་ཉེས་པ་བསལ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སྦྱར་བར་བསམས་ཏེ། དེ་སྐད་དུ་ཡང་ཤར་དང༌། ནུབ་དང༌། བྱང་ཕྱོགས་དང༌། ལྷོའི་ཕྱོགས་སུ་རིམ་པ་བཞིན་དུ་སྦྱར་ཞེས་གསུངས་པའོ། །དེ་དག་ཐམས་ཅད་ཀྱང་བཅོས་མའི་སྟག་ལྤགས་ཀྱི་ན་བཟའ་དང་བཅོས་མའི་སྐྲ་ཁམས་སེར་དང༌། སངས་རྒྱས་ལྔའི་ཐོད་པའི་ཅོད་པཎ་དང༌། སྤྱན་གསུམ་པ་བཅོས་མའི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཕྱེད་སྐྱིལ་བཅོས་མའི་གར་གྱིས་བཞུགས་པ་སྟེ། ཁྱད་པར་རྟག་པ་ནི་ཟླ་བའི་གདན་དང་འོད་ཅན་ནོ། །དེ་བཞིན་དུ་དབང་ལྡན་གྱི་མཚམས་སུ་སྤྱན་མ་མདོག་དཀར་མོ་བཅོས་མའི་འཁོར་ལོ་འཛིན་པས་བྱམས་པའི་ལྟ་བས་སེམས་ཅན་རྣམས་ཉེ་བར་འཚེ་བ་ཞི་བར་མཛད་དོ། །དེ་བཞིན་དུ་མེ་མཚམས་སུ་མཱ་མ་ཀཱི་མདོག་སྔོན་མོ་བཅོས་མའི་རྡོ་རྗེ་ཐོགས་ནས་རྡོ་རྗེའི་ལྟ་བས་གཞན་གྱི་དཔུང་གིས་ཉེན་པ་རྣམས་བསྲུང་ངོ༌། །དེ་བཞིན་དུ་བདེན་བྲལ་གྱི་མཚམས་སུ་གོས་དཀར་མོ་དམར་མོ་བཅོས་མའི་པདྨ་འཛིན་པ། རྗེས་སུ་ཆགས་པའི་ལྟ་བས་སྐྱེ་བོ་རྣམས་རྗེས་སུ་ཆགས་པར་མཛད་དོ། །དེ་བཞིན་དུ་རླུང་མཚམས་སུ་སྒྲོལ་མ་ལྗང་གུ་ཨུཏྤལ་བསྣམས་པ། འབར་བའི་ལྟ་བས་གདུལ་བྱ་རྣམས་འགུགས་པར་མཛད་དོ། །དེ་དག་ཀྱང་སྔ་མ་ལྟར་བཅོས་མའི་སྐྲ་ཁམ་སེར་དང་བཅོས་མའི་ཞལ་དང༌། བཅོས་མའི་ན་བཟའ་ཅན། བཅོས་མའི་པདྨ་དང་ཉི་མ་ལ་གཡོན་བརྐྱངས་པར་བཞུགས་ཤིང་ཁ་དོག་ཚོན་གྱིས་བསྒྱུར་བ་གཡོན་པ་སྙིང་གར་སྡིགས་མཛུབ་བྱེད་པའོ། །དེ་བཞིན་དུ་ཁྲོ་བོ་མི་གཡོ་བ་རལ་གྲི་དང་སྡིགས་མཛུབ་དང་ཞགས་པ་བཅོས་མའི་སྣ་ཚོགས་པདྨ་དང་ཉི་མ་ལ་གཡོན་བརྐྱངས་པས་གནས་ཤིང་རིན་པོ་ཆེ་ལ་སོགས་པའི་རྒྱན་སྣ་ཚོགས་དང༌། གོས་བཟང་པོ་བགོས་པ། འཁོར་ལོས་སྒྱུར་བ་རྣམས་དང༌། ལྷ་མོ་རྣམས་ཀྱིས་ལོགས་ནས་བསྐོར་ཞིང་སུན་འབྱིན་པར་བྱེད་པ། སྟེང་དང་འོག་ཏུ་ལྟ་བས་སྲིད་པ་དང་ཞི་བ་མཉམ་པར་བསམ་མོ། །ཞེས་བཤད་པ་ལྟར་སོ་སོའི་གནས་སུ་འདུག་ཅིང་མི་གཡོ་བ་ནི། བྱང་ཤར་དང༌། དབྱུག་སྔོན་ཅན་ཤར་སྒོ་བར་བྱའོ། །ལྔ་པ་ལྷའི་རྣལ་འབྱོར་ལ་གནས་པས་གསོལ་བ་གདབ་པ་ནི། ལས་ཀྱི་སློབ་དཔོན་ཁ་ཅིག་གིས་ཞུ་འབུལ་ལག་ལེན་ལྟར་བྱའོ། །དྲུག་པ་རྒྱུད་སྦྱང་བ་ནི། སྐྱབས་འགྲོ་སེམས་བསྐྱེད་དང༌། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔོན་དུ་སོང་ནས། ཚོགས་ཀྱི་ཞིང་སྤྱན་དྲང་ཞིང་མཆོད་པ་དང༌། ཡན་ལག་བདུན་པ་བྱ་ཞིང༌། ཚད་མེད་བཞི་བསྒོམ་པ་རྣམས་ཚར་བར་བྱའོ། །དེ་ནས་གུར་རྒྱན་དུ་མི་གསལ་ཡང་གུར་འགྲེལ་དུ་བཤད་པས། ཡོལ་བ་བསལ་བར་བྱ་སྟེ། དེའང་ས་བཅུ་གཉིས་ཀྱི་སྒྲིབ་པ་བསལ་བའི་ཕྱིར། ཡོལ་བ་རིམ་པ་བཞིན། དབུ་རྒྱན་དང༌། དཔྲལ་བ་དང༌། སྤྱན་དང༌། ཀོས་ཀོ་དང༌། མགྲིན་པ་དང༌། ཕྲག་པ་དང༌། ཕྱག་དང༌། སྙིང་ག་དང༌། ལྟེ་བ་དང༌། རྐེད་པ་དང༌། བརླ་དང༌། ཞབས་ཀྱི་བར་དུ་བསལ་ནས། སློབ་དཔོན་རྣམས་ལངས་ནས། མཉམ་པའི་སྟབས་ཀྱིས་གནས་པས་ལག་པ་གཉིས་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་དཀར་པོར་གྱུར་ཅིང༌། སོར་མོ་རྣམས་ཀྱང་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམས་ཏེ། རྣམ་ལྔ་འདོད་སྐོར་དང་བཅས་པས་མེ་ཏོག་བླངས་ནས་སྤྱི་བོར་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བདག་ཉིད་འབུལ་ལོ། །ཞེས་བརྗོད་པས་ཕྱག་བྱ་ཞིང་བདག་ཕུལ་ནས། རྡོ་རྗེ་ཐལ་མོ་མེ་ཏོག་དང་བཅས་པས་སེམས་ཅན་ཇི་སྙེད་པ་རྣམས་སེམས་ཅན་དུ་བསྡུས་པས་བསྡུ་བ་སྒོ་ང་ལས་སྐྱེས་པའམ། མངལ་ལས་སྐྱེས་པའམ། རྫུས་ཏེ་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ། གཟུགས་ཅན་རྣམས་སམ། གཟུགས་མེད་པ་ཅན་རྣམས་སམ། འདུ་ཤེས་ཅན་རྣམས་སམ། འདུ་ཤེས་མེད་པ་ཅན་རྣམས་སམ། སེམས་ཅན་དེ་དག་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་དགོད་པར་བྱའོ། །ཞེས་བརྗོད་དེ། མེ་ཏོག་ནམ་མཁའ་ལ་དོར་བས་སེམས་བསྐྱེད་ནས། ཕྱེད་སྐྱིལ་གྱིས་གནས་པའི་རང་གི་མིག་གཡས་པ་མ་ལས་ཉི་མ། གཡོན་པ་ཊ་ལས་ཟླ་བ། མིག་འབྲས་སོ་སོའི་ཡི་གེ་ལས་སོ་སོའི་ཕྱག་མཚན་གྱིས་མཚན་པར་བལྟས་ནས། སོ་སོའི་ལྟ་བས་རང་རང་གི་ཕྲིན་ལས་རྣམས་བསྒྲུབ་པར་བསམ། མི་གཡོ་བ་དང༌། དབྱུག་སྔོན་ཅན་དང༌། གར་གཡོག་པ་རྣམས་ཀྱིས་མིག་འབྲས་ཀྱང་ཧཱུྃ་ལས་ཁྲོ་བོའི་རྡོ་རྗེར་བསྐྱེད་ལ་འབར་བའི་ལྟ་བས་བལྟ་ཞིང་ཐམས་ཅད་ཀྱི། ཨོཾ་ཀྲོ་དྷ་ཌི་དྷྲི་ཧྲིཿ ཞེས་པས་གཡས་སྐོར་དུ་བལྟ་བས་མིག་འབྲས་རྣམས་ལས་འོད་ཟེར་འཇིགས་པའི་མེ་ལྟར་འབར་བ་བྱུང་ནས། རང་རང་གི་ཕྲིན་ལས་ལ་གེགས་བྱེད་པ་ཐམས་ཅད་ཚར་བཅད། གཡོན་སྐོར་དུ་བལྟས་པས་དེ་དག་སོས་པར་བསམ་མོ། །དེ་ནས་རྡོ་རྗེའི་འགྲོས་བཞིས་དཀྱིལ་འཁོར་གྱི་གནས་ལ་བསྐོར་བ་བྱ་སྟེ། རང་གི་རྐང་མཐིལ་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པར་བསམས་སྟེ། ཨོཾ་ཨེ་ཀ་སུ་ཙི་བཛྲ་པ་ཏ་བཛྲ་མ་ཧཱ་ཀྲོ་དྷ་བྷཉྩ་བྷཉྫ་སརྦ་དུཥྚན་ཨ་སུ་ར་ཧཱུྃ་ཕཊ། ཅེས་དང༌། དེ་བཞིན་དུ་རྐང་མཐིལ་དུ་རྩེ་གསུམ་པ་བསམས་ཏེ། ཨོཾ་ཏྲི་པུ་ཙི་ཀ་སོགས་དང༌། རྩེ་ལྔ་པ་བསམས་ནས། ཨོཾ་པཉྩ་པུ་ཙི་ཀ་སོགས་དང་ཨཿལས་བྱུང་བའི་སྣ་ཚོགས་རྡོ་རྗེར་བསམས་ནས། ཨོཾ་བི་ཤྭ་བཛྲ་སཏྭ་སོགས་བརྗོད་དེ། འགྲོས་རེས་ལན་རེ་རེ་བསྐོར་ནས་རང་གི་གདན་ལ་འདུག་པར་བྱའོ། །གཉིས་པ་དངོས་གཞི་ལ་དྲུག་ལས། དང་པོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མཆོད་པ་རྒྱས་པས་ཚིམ་པར་བྱ་བ་ནི། ཐམས་ཅད་རིམ་པ་གཉིས་ཀྱི་རྣལ་འབྱོར་བསྒོམ་ཞིང་བཟླས་པ་བྱའོ། །དེ་ནས་རྟེན་དང་བརྟེན་པ་རྣམས་ཕྱག་མཚན་རྣམས་སུ་བསྡུ་བར་བྱ་སྟེ། གུར་འགྲེལ་ལས། དེ་ལ་གཡས་ཀྱི་ཐོད་པ་རྣམས་ཉེ་བར་བསྡུས་པ་ནི་རྡོ་རྗེའོ། །ཕྱག་གཡོན་པའི་ཐོད་པ་རྣམས་ཉེ་བར་བསྡུས་པ་ནི་ཐོད་པ་དང་ཁ་ཊྭཱཾ་གའོ། །ཞེས་དང༌། དེའང་ཁང་བུ་བརྩེགས་པ་རྣམས་ནི་འཁོར་ལོ་ལའོ། །དཔྱིད་ལ་སོགས་པའི་ཐོད་པ་རྣམས་ནི་རིན་པོ་ཆེའོ། །ཌཾ་ལ་སོགས་པའི་ཐོད་པ་རྣམས་ནི་ཁང་བུ་བརྩེགས་པའོ། །ཞལ་རྣམས་ནི་ཞལ་ལའོ། །ཕྱག་རྣམས་ནི་ཕྱག་ལའོ། །ཞབས་རྣམས་ནི་ཞབས་ལའོ། །གླང་པོ་ཆེ་ལ་སོགས་པའི་ཐོད་པ་རྣམས་ནི་བཅོས་མའི་རྡོ་རྗེ་ལའོ། །དེ་བཞིན་དུ་རྨ་བྱ་ལ་སོགས་པའི་ཐོད་པ་རྣམས་ནི་པདྨ་ལའོ། །ཀླུ་ཀར་ཀོ་ཏ་ལ་སོགས་པའི་ཐོད་པ་རྣམས་ནི་རལ་གྲི་ལའོ། །དེ་བཞིན་དུ་གཡོན་པའི་མཚན་མ་རྣམས་ནི། ཁ་ཊྭཱཾ་ག་དང༌། ཐོད་པ་ལ་བསྡུའོ། །ཞེས་ཕྱག་ལ་སོགས་པ་ཇི་ལྟར་བསྡུས་པ་དེ་བཞིན་དུ། མ་མོ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཀྱང་བསྡུ་བར་བྱ་སྟེ། དེ་ལ་གཽ་རཱི་ལ་སོགས་པ་བསྡུས་པ་ནི། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply