བྲཧྨ་པུ་རོ་ཧ་ཏ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་བྲཧྨ་པུ་རོ་ཧི་«་་་་་ཕོ། »ཏ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་བྲཧྨ་ཎ་ཙཀྲ་«་་་་་ཚངས་ཆེན་པའི་འཁོར་ལོ་བསྒྱུར་མ། »ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་«་་་་་ཕོ། »མ་ཧཱ་བྲཧྨ་ཎ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་«་་་་་འོད་ཆུང་མ། »པ་རཱི་ཏ་བྷཱ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་པ་རཱི་ཏ་བྷཱ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ།«་་་་་ཕོ། »ཨོཾ་བཛྲ་«་་་་་ཚད་མེད་འོད་མ། »ཨ་པྲ་མཱ་ཎཱ་བྷཱ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཨ་པྲ་མཱ་ཎཱ་བྷཱ་«་་་་་ཕོ། »ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཨཱ་བྷ་སུ་ར་ཙཀྲ་ཝརྟི་ནཱི་«་་་་་འོད་གསལ་མ། »ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཨཱ་བྷ་སུ་ར་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ།«་་་་་ཕོ། »ཨོཾ་བཛྲ་པ་རཱི་ཏ་ཤུ་བྷ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ།«་་་་་དགེ་ཆུང་མ། »ཨོཾ་བཛྲ་«་་་་་ཕོ། »པ་རི་ཏ་ཤུ་བྷ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཨ་པྲ་མཱ་ཎ་ཤུ་བྷ་ཙཀྲ་ཝརྟི་ནཱི་ཡེ་«་་་་་ཚད་མེད་དགེ་མ། »ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཨ་པྲ་མཱ་ཎ་ཤུ་བྷ་ཙཀྲ་«ཕོ།་་་་་»ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཤུ་བྷ་ཀྲྀསྣཱ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་«་་་་་དགེ་རྒྱས་མ། »ཕཊ། «ཕོ།་་་་་»ཨོཾ་བཛྲ་ཤུ་བྷ་ཀྲྀསྣཱ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཨ་ན་བྷྲ་ཀ་ཙཀྲ་«སྤྲིན་མེད་མ།་་་་་»ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། «ཕོ།་་་་་»ཨོཾ་བཛྲ་ཨ་ན་བྷྲ་ཀ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོྃ་བཛྲ་པུཎྱ་པྲ་«་་་་་བསོད་ནམས་སྐྱེས་མ། »ས་བ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་«་་་་་ཕོ། »པུཎྱ་པྲ་ས་བ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་བྲྀ་ཧཏྥ་ལ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ།«་་་་་འབྲས་བུ་ཆེ་མ། »ཨོཾ་བཛྲ་བྲྀ་ཧཏྥ་ལ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ།«་་་་་ཕོ། »ཨོཾ་བཛྲ་ཨ་བྲྀ་ཧ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ།«་་་་་མི་ཆེ་མ། »ཨོཾ་བཛྲ་ཨ་བྲྀ་ཧ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ།«་་་་་ཕོ། »ཨོཾ་བཛྲ་ཨ་ཏ་པ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ།«་་་་་མི་གདུང་མ། ཕོ།་་་་་»ཨོཾ་བཛྲ་ཨ་ཏ་པ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་སུ་«་་་་་ཤིན་ཏུ་མཐོང་མ། »དྲྀ་ཤ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་སུ་དྲྀ་«་་་་་ཕོ། »ཤ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་སུ་དརྴ་ན་ཙཀྲ་ཝརྟི་ནཱི་«་་་་་གྱ་ནོམ་སྣང་མ། »ཡེ་ཧུཾ་ཧཱུྃ་ཕཊ། «ཕོ།་་་་་»ཨོཾ་བཛྲ་སུ་དརྴ་ན་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཨ་ཀ་ནིཥྛ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཨ་ཀ་ནིཥྛ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ།«་་་་་ཕོ། »ཨོཾ་བཛྲ་ཨཱ་ཀཱ་ཤཱ་ནནྟྱཱཡ་«་་་་་ནམ་མཁའ་མཐའ་ཡས་སྐྱེ་མཆེད་མ། »ཏ་ན་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་«་་་་་ཕོ། »ཨཱ་ཀཱ་ཤ་ནནྟྱ་ཡ་ཏ་ན་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་བི་ཛྙཱ་ནཱ་ནནྟྱཱ་ཡ་ཏ་ན་ཙཀྲ་«རྣམ་ཤེས་མཐའ་ཡས་སྐྱེ་མཆེད་མ།་་་་་»ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་བི་ཛྙཱ་ནཱ་ནནྟྱཱ་ཡ་ཏ་ན་ཙཀྲ་«་་་་་ཕོ། »ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཨ་ཀིཉྩ་ནྱཱ་ཡ་«་་་་་ཅི་ཡང་མེད་པའི་སྐྱེ་མཆེད་མ། »ཏ་ན་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཨ་«་་་་་ཕོ། »ཀིཉྩ་ནྱཱ་ཡ་ཏ་ན་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ནཻ་བ་སཾ་ཛྙཱ་ན་ཙཀྲ་«འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་མ།་་་་་»ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། «ཕོ།་་་་་»ཨོཾ་བཛྲ་ནཻ་བ་སཾ་ཛྙཱ་ནཱ་སཾ་ཛྙཱ་ན་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ནཱ་ར་«་་་་་དམྱལ་བའི་འཁོར་ལོ་སྒྱུར་བ།» ཀ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ནཱ་ར་ཀ་ཙཀྲ་«་་་་་ཕོ། »ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་པྲེ་ཏ་ཀ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ།«་་་་་ཡི་དྭགས་མ། »ཨོཾ་བཛྲ་«ཕོ།་་་་་»པྲེ་ཏ་ཀ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཏིརྻ་ཀ་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ།«་་་་་དུད་འགྲོའི་འཁོར་ལོ་བསྒྱུར་མ། »ཨོཾ་བཛྲ་ཏིརྻ་ཀ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ།«་་་་་ཕོ། »ཨོཾ་བཛྲ་ན་ར་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ།«་་་་་མིའི་འཁོར་ལོ་བསྒྱུར་མ། »ཨོཾ་བཛྲ་ན་ར་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ།«་་་་་ཕོ། »ཨོཾ་བཛྲ་ཨ་སུ་ར་ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ།«་་་་་ལྷ་མ་ཡིན་གྱི་འཁོར་ལོ་བསྒྱུར་མ། »ཨོཾ་བཛྲ་ཨ་སུ་ར་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ།«་་་་་ཕོ། »ཨོཾ་བཛྲ་བི་མཱ་ཎ་«་་་་་ཟླ་བའི་འཁོར་ལོ་བསྒྱུར་མ། »ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་བི་མཱ་ཎ་ཙཀྲ་ཝརྟི་ཧུཾ་«་་་་་ཕོ། »ཧཱུྃ་ཕཊ། ཨོཾ་བཛྲ་ཤ་རི་ར་བི་ཙཀྲ་ཝརྟི་ནཱི་ཡེ་«་་་་་ཉི་མའི་འཁོར་ལོ་བསྒྱུར་མ། »ཧུྃ་ཧཱུྃ་ཕཊ། «ཕོ།་་་་་»ཨོཾ་བཛྲ་ཤ་རི་ར་བི་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཡ་མ་ཙཀྲ་«་་་་་གཤིན་རྗེའི་འཁོར་ལོ་བསྒྱུར་མ། »ཝརྟི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཡ་མ་«་་་་་ཕོ། »ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་ཨིནྡྲ་ཙཀྲ་ཝརྟི་ནཱི་ཡེ་«་་་་་དབང་མོའི་འཁོར་ལོ་བསྒྱུར་མ། »ཧུཾ་ཧཱུྃ་ཕཊ། «ཕོ།་་་་་»ཨོཾ་བཛྲ་ཨིནྡྲ་ཙཀྲ་ཝརྟི་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་བྷ་དྲ་ཀལྤ་བུདྡྷ་བྷྱོ་ཧུཾ་ཧཱུྃ་ཕཊ།«་་་་་བསྐལ་པ་བཟང་པོའི་སངས་རྒྱས་རྣམས། »ཨོཾ་བཛྲ་ཤྭེ་ཏཱཾ་བུ་ཛ་«་་་་་ཆུ་སྐྱེས་མ། »ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་«་་་་་སོར་བཞག »གནྡྷཱ་རཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་བཛྲ་ན་ཊཱི་ཡེ་«་་་་་རྡོ་རྗེ་གར་མ། »ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་བཛྲ་བ་ཌ་བ་«་་་་་རྡོ་རྗེ་རྟ་རྒོད་མའི་གདོང་མ། »མུ་ཁཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་བཛྲ་ཛྭ་ལ་མུ་ཁཱི་ཧུཾ་ཧཱུྃ་«་་་་་རྡོ་རྗེ་འབར་ཞལ་མ། »ཕཊ། ཨོཾ་བཛྲ་བཛྲ་བྷྲྀ་ཀུ་ཊི་མུ་ཁཱི་«་་་་་རྡོ་རྗེ་ཁྲོ་གཉེར་ཞལ་མ། »ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་བཛྲ་ཁཎྜཱི་ཡེ་«་་་་་རྡོ་རྗེ་འཐུབ་མ། »ཧུཾ་ཧཱུྃ་ཕཊ། ཨོཾ་བཛྲ་བཛྲ་ཙཎྜཱི་ཡེ་ཧུཾ་ཧཱུྃ་«་་་་་རྡོ་རྗེ་གཏུམ་མོ། »ཕཊ། དེ་ལྟར་དཀྱིལ་འཁོར་ལྷ་ཚོགས་ཀྱི། །གསང་སྔགས་དག་པར་བྲིས་པ་ལས། །བྱུང་བའི་དགེ་བས་འགྲོ་ཀུན་གྱི། །མཚན་རྟོག་མཐའ་དག་ཞི་གྱུར་ཅིག །ཅེས་པ་འདི་ནི་སློབ་དཔོན་ཆེན་པོ་ཛཱ་ཡ་སེ་ནས་མཛད་པའི་སྒྲུབ་ཐབས་ལྟར་བྲིས་པ་སྟེ། འོན་ཀྱང་གཞུང་དེར་ཡི་གེ་པས་རིམ་གྱིས་མ་དག་པར་གྱུར་པ་རྣམས། བོད་དཔེ་མང་པོ་དང༌། རྒྱུད་ཀྱི་སྔགས་བཏུ་བའི་སྐབས་རྣམས་ལ་བརྟེན་ནས་དག་པར་བགྱིས་ཤིང༌། སྐད་དོད་ཀྱི་མཆན་བུས་ཀྱང་གསལ་བར་བྱས་པ་འདི་ནི། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་བྲིས་པའི་ཡི་གེ་པ་ནི་དགེ་སློང་བསོད་ནམས་རིན་ཆེན་ནོ། །སླན་ཆད་འདྲི་བ་རྣམས་ཀྱིས་ཡི་གེ་དབུ་ཅན་དུ་འདྲི་བ་དང༌། གཅོད་མཚམས་དང་རིང་ཐུང་མཆན་སོགས་འདི་ཁོ་ན་ལྟར་དུ་བྱའོ།། །།སརྦ་མངྒ་ལཾ་བྷ་ཝནྟུ།། །། ༄༅། །དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོ་མཆོད་པའི་ཆོ་ག་བསོད་ནམས་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས་སོ།། ༈ །དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོ་མཆོད་པའི་ཆོ་ག་བསོད་ནམས་རིན་པོ་ཆེའི་མཛོད་ཅེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བསོད་ནམས་ཆུ་གཏེར་དགེ་ལེགས་གཏིང་མཐའ་ཡས། །ཐུན་མོང་མཆོག་གི་དངོས་གྲུབ་ནོར་བུས་གང༌། །ཕྲིན་ལས་རྣམ་བཞིའི་ཆུ་རྒྱུན་རྟག་འབབ་པ། །རྗེ་བཙུན་མ་དྲོས་མཚོ་ཅན་ལ་ཕྱག་འཚལ། །མཆོད་སྤྲིན་རྒྱ་མཚོ་བསམ་ཡས་ཀྱིས། །དཀྱིལ་འཁོར་རྒྱ་མཚོ་མ་ལུས་པ། །ཆོ་ག་རྒྱ་མཚོས་མཆོད་པའི་ཚུལ། །བསོད་ནམས་རྒྱ་མཚོ་སྤེལ་ཕྱིར་བྲི། །འདི་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། ལྷ་སྟ་གོན་གྱི་ཐིག་བཏབ་པའི་མདའ་ཡབ་ཀྱི་སྟེང་དབང་ལྡན་དུ་བསང་གཏོར། དེ་ནས་གཡས་སྐོར་གྱིས་ཤར་གྱི་ཚངས་ཐིག་གི་སྟེང་དུ། ཞབས་བསིལ། དེ་བཞིན་དུ་མེར་མཆོད་ཡོན། ལྷོར་མེ་ཏོག སྲིན་པོར་བདུག་སྤོས། ནུབ་ཏུ་མར་མེ། རླུང་དུ་དྲི་ཆབ། བྱང་དུ་ཞལ་ཟས་ཏེ་སྤྱིའི་མཆོད་པ་བཤམ། འབྱོར་ན་ཕྱོགས་བཞི་ནས་དེ་འདྲ་བའི་མཆོད་པ་ཚར་རེ་བཀོད། བསང་གཏོར་དང་དྲི་ཆབ་ཀྱི་སྟེང་དུ་ཀུ་ཤའི་འཐོར་ཡབ་རེ་གཞག་གོ །དེའི་ནང་འདོད་སྣམ་གྱི་ཐིག་གི་སྟེང་དུ་སྒོས་ཀྱི་མཆོད་པ་རྣམས་བཤམས་ཏེ། དེའང་ལྷ་གྲངས་དང་མཉམ་པའམ། མ་འབྱོར་ན། གཙོ་བོ་ལ་ལྔ་འགྱུར་དུ་བཤད་པ། གཞན་རྣམས་ལ་ལྷའི་སྡེ་ཚན་དང་མཐུན་པར་མཛད། ཤར་གྱི་ཚངས་ཐིག་གི་སྟེང་དུ་གཙོ་བོའི་མར་མེ་གཅིག དེའི་གཡོན་དུ་ཞལ་ཟས། གཡས་སུ་ག་པུར་དང་ཨ་ཀ་རུ་སྦྱར་བའི་སྤོས་རེངས་བཀོད། ལྷོའི་དབུས་སུ་ཐིག་ལེའི་འཁོར་ལོའི་ལྷ་མོ་རྣམས་ཀྱི་དང༌། ནུབ་ཀྱི་དབུས་སུ་ཡུམ་གྱི། བྱང་གི་དབུས་སུ་རིགས་བདག་ཐམས་ཅད་ལ་གཅིག་བཤམ། དེ་རྣམས་དབུས་དྲང་པོར་བྱས་པའི་དབང་ལྡན་ནས་ཤར་ཕྱོགས་སུ། གཙོ་བོའི་གཅིག འཁོར་ལོ་གསུམ་ལ་རེ་རེ་བསྐལ་བཟང་ལ་གཅིག སྒོ་མཚམས་མ་རྣམས་ལ་གཅིག་སྟེ། དཀྱིལ་འཁོར་དང་པོའི་ལྷ་རྣམས་ཀྱི་མཆོད་པ་བཤམ། དེ་བཞིན་དུ་ལྷོར་དཀྱིལ་འཁོར་གཉིས་པ་དང༌། ནུབ་ཏུ་དཀྱིལ་འཁོར་གསུམ་པ་དང༌། བྱང་དུ་དཀྱིལ་འཁོར་བཞི་པའི་ལྷ་རྣམས་ཀྱི་མཆོད་པ་བཟང་ཞིང་མཛེས་པར་བཤམ། བསང་གཏོར་གྱི་ལྷོ་དང་མཆོད་ཡོན་གྱི་བྱང་དུ། བཟེད་ཞལ་གྱི་སྣོད་གཉིས་ཀྱང་བཞག གཞན་ཡང་གདུགས་དང༌། རྒྱལ་མཚན་དང༌། གོས་ཟུང་དང༌། དར་གྱི་ལྡ་ལྡི་སོགས་ཅི་འབྱོར་པ་བཤམ་མོ། །གཉིས་པ་དངོས་གཞི་ལ། ཕྱིའི་མཆོད་པ་དང༌། ཡིད་ལས་བྱུང་བ་དང༌། ནང་གི་མཆོད་པ་དང༌། བསྟོད་པའི་མཆོད་པའོ། །དང་པོ་ནི། མདུན་གྱི་མཆོད་པ་རྣམས་དུམ་སྐྱེས་མས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་བསང་གཏོར། ཞབས་བསིལ། མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་གཙང་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཅི་སྲིད་གནས་ཀྱི་བར་དུ་རྒྱུན་མི་ཆད་པར་གྱུར་པར་བསམས་ལ། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་ཐལ་མོ་སྦྱར་ལ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་བསང་གཏོར་མཆོག་འདི་དག །མཆོག་ཏུ་གུས་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞེས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཌཱ་ཀ་སཱ་ག་ར་མཎྜ་ལ་ས་པ་རི་ཝཱ་ར་ཞེས་པ་ཐམས་ཅད་ཀྱི་སྔོན་དུ་སྦྱར། ཨོཾ་ཨཱཿཧཱུྃ་ཞེས་དང༌། ཕྱག་རྒྱས་བསང་གཏོར་འབུལ། དེ་བཞིན་དུ། གོང་འོག་འདྲ་བ་ལ། ཞབས་བསིལ་མཆོག་འདི་དག ཅེས་དང༌། སྔར་གྱི་སྔགས་ཀྱི་རྗེས་སུ། ཨོཾ་པྲ་ཝ་ར་སཏྐཱ་ར་པ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཞབས་བསིལ། ཡོན་ཆབ་མཆོག་འདི་དག ཅེས་དང༌། ཨོཾ་པྲ་ཝ་ར་སཏྐཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དང༌། ཨོཾ་ལྷ་ཡི་མེ་ཏོག་ཤིན་ཏུ་དམར། །དྲི་ཞིམ་ཤིན་ཏུ་མཛེས་པ་ནི། །མེ་ཏོག་དེ་རིང་བཞེས་ནས་སུ། །འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ། ཞེས་པས་མེ་ཏོག་དང༌། ཨོཾ་ཙནྡན་ག་པུར་དང་བཅས་པའི། །དྲི་ཞིམ་སྤོས་མེ་དགེ་བ་འདི། །མཐུ་དང་བཅས་པར་བྱ་བའི་ཕྱིར། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུྃ། ཞེས་པས་བདུག་སྤོས་དང༌། ཨོཾ་མར་མེ་འོད་ཟེར་འབར་བ་ནི། །ངན་འགྲོའི་འཇིགས་པ་འཇོམས་བྱེད་པ། །ལྷ་ཡི་མིག་འབྱེད་བཀྲ་ཤིས་པ། །མར་མེ་ཁྱེད་ཀྱིས་བཞེས་སུ་གསོལ། །ཨོཾ་ཨཱཿབཛྲ་དཱི་པེ་ཧཱུྃ། ཞེས་པས་མར་མེ་དང༌། ཨོཾ་སྣ་ཚོགས་ལྷ་ཡི་དྲི་ཞིམ་པ། །སྣ་ཚོགས་ག་པུར་རྣམ་བརྒྱན་པས། །སྣ་ཚོགས་ཡི་གེ་ཧཱུྃ་ལས་བྱུང༌། །དྲི་འདི་འབུལ་ཏེ་བཞེས་སུ་གསོལ། །ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ། ཞེས་པས་དྲི་དང༌། ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཨོཾ་ཨཱཿབཛྲ་ནཻ་ཝི་དྱེ་ཧཱུྃ། ཞེས་པས་ཞལ་ཟས་དང༌། པ་ཊ་ཧ་དང་ཅང་ཏེའུ་དང༌། །རྔ་དང་དུང་སོགས་སྒྲ་དབྱངས་དང༌། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་ཀྱིས། །ཧེ་རུ་ཀ་དཔལ་སོགས་ལ་འབུལ། །ཨོཾ་ཨཱཿབཛྲ་ཤཔྟ་ཧཱུྃ། ཞེས་བརྗོད་ཅིང་རོལ་མོ་ཅི་འབྱོར་པ་དཀྲོལ་ལ། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ནི། པྲ་ཛྙཱ་པཱ་ར་མི་ཏཱ་ནཱ་ད། སྭ་བྷཱ་ཝེ་ཏ། བཛྲ་སཏྭ་ཧྲྀ་ད་ཡཾ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་བརྗོད་དོ། །དེའང་སློབ་མ་དཀྱིལ་འཁོར་གྱི་མདུན་དུ་ཕྱག་འཚལ་ཏེ་འདུག་ལ། ཚིགས་བཅད་འདོན་པའི་ཚེ་ཐལ་མོ་སྦྱར། ཨོཾ་སརྦ་སོགས་ལ་པད་སྐོར་བྱ། སོ་སོའི་སྔགས་བརྗོད་པའི་ཚེ་མཆོད་པ་རྣམས་དབུལ་ཏེ། བསང་གཏོར་གྱི་ཚེ། ཀུ་ཤས་བསང་གཏོར་བླངས་ཏེ། མདུན་གྱི་དཀྱིལ་འཁོར་དུ་གཏོར། ཞབས་བསིལ་དང༌། མཆོད་ཡོན་རང་རང་གི་བཟེད་ཞལ་དུ་འབུལ། སྤྱིའི་མེ་ཏོག་གི་སྣོད་ནས་བླངས་ལ་དཀྱིལ་འཁོར་དུ་གཏོར། བདུག་སྤོས་དང༌། མར་མེ་སོ་སོ་ལ་རེག་སྟེ། དབུལ་པའི་ཚུལ་བྱ། ཀུ་ཤས་དྲི་བཟངས་བླངས་ལ་དཀྱིལ་འཁོར་དུ་གཏོར་ཏེ་ཉེར་སྤྱོད་ཀྱིས་མཆོད་པའོ། །དེ་ནས་བདུད་རྩི་ལྔའི་བཏུང་བ་དང༌། ལྡག་དང་གཞིབས་པའི་ཁ་ཟས་མཆོག །ཨོཾ་ཨཱཿཧཱུྃ་གིས་རབ་བསྔགས་པ། །ཧེ་རུ་ཀ་ལ་དབུལ་བར་བགྱི། །ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། ཞེས་བརྗོད་ཅིང་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བས། བཟའ་བཏུང་སྣ་ཚོགས་འབུལ། རེག་ན་བདེ་བ་ལྷ་ཡི་གོས། །སྟོད་སྨད་མཛེས་པར་བྱེད་པའི་རྒྱན། །རྣམ་པར་བཀྲ་བའི་གོས་ཟུང་གིས། །ཧེ་རུ་ཀ་དཔལ་འཁོར་བཅས་མཆོད། །ཨོཾ་ཨཱཿབཛྲ་ཝས་སེ་ཧཱུྃ། ཞེས་པས་གོས་ཟུང་ལྔ་ལས་མི་ཉུང་བ་འབུལ། བཟའ་བཏུང་དང་གོས་ཟུང་གཉིས་ཉེར་སྤྱོད་གྱི་གོང་དུ། དཀྱིལ་ཆོག་གཉིས་ཆར་ལས་འབྱུང་ཡང་ལག་ལེན་བདེ་བས་འདིར་བྱས་སོ། །གཉིས་པ་ནི། རང་གི་སྙིང་ག་ནས་ཨ་ཨཱ་སོགས་བཅུ་དྲུག་ལས་སྐྱེས་པའི་རིག་མ་བཅུ་དྲུག་དཔག་ཏུ་མེད་པ་སྤྲོས་ནས། དཀྱིལ་འཁོར་བ་རྣམས་ལ་མཆོད་པར་བསམས་ལ། སོ་སོའི་ཕྱག་རྒྱ་རྣམས་བཅས་ལ། དབང་སྔོན་མདོག་མཚུངས་རྡོ་རྗེ་པི་ཝང་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་པི་ཝང་སྒྲ་ཡིས་མཆོད། །ཨོཾ་བཛྲ་ཝཱི་ཎི་ཧཱུྃ་ཧཱུྃ་ཕཊ། ཅེས་དང༌། དེ་བཞིན་དུ་རྐང་པ་བར་མ་གཉིས་ཐམས་ཅད་ལ་འདྲ་བར་སྦྱར་ལ། གསེར་བཟང་མདོག་མཚུངས་རྡོ་རྗེ་གླིང་བུ་མ། སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་གླིང་བུའི་སྒྲ་ཡིས་མཆོད། །ཨོཾ་བཛྲ་ཝཾ་སེ་ཧཱུྃ་ཧཱུྃ་ཕཊ། པདྨ་རཱ་གའི་མདོག་མཚུངས་རྔ་ཟླུམ་མ། །སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་རྔ་ཟླུམ་སྒྲ་ཡིས་མཆོད། །ཨོཾ་བཛྲ་མྲྀ་ཏཾ་གི་ཧཱུྃ་ཧཱུྃ་ཕཊ། མར་གད་མདོག་མཚུངས་རྡོ་རྗེ་རྫ་རྔ་མ། །སྣ་ཚོགས༴ །ནམ་མཁའ༴། །དཀྱིལ་འཁོར་ལྷ་ཚོགས་རྫ་རྔའི་སྒྲ་ཡིས་མཆོད། །ཨོཾ་བཛྲ་མུརྫི་ཧཱུྃ་ཧཱུྃ་ཕཊ། ལི་ཁྲིའི་མདོག་མཚུངས་རྡོ་རྗེ་བཞད་པ་མ། །སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་བཞད་པའི་བདེ་བས་མཆོད། །ཨོཾ་བཛྲ་ཧ་སྱེ་ཧཱུྃ་ཧཱུྃ་ཕཊ། ནམ་མཁའི་མདོག་མཚུངས་རྡོ་རྗེ་སྒེག་པ་མོ། །སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་སྒེག་མཛེས་བདེ་བས་མཆོད། །ཨོཾ་བཛྲ་ལཱ་སྱེ་ཧཱུྃ་ཧཱུྃ་ཕཊ། གུར་གུམ་མདོག་མཚུངས་རྡོ་རྗེ་གླུ་ལེན་མ། །སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་སྙན་པའི་གླུ་ཡིས་མཆོད། །ཨོཾ་བཛྲ་གཱི་ཏཱི་ཧཱུྃ་ཧཱུྃ་ཕཊ། པྲི་ཡང་ཀུ་མཚུངས་རྡོ་རྗེ་གར་མཁན་མ། །སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་མཛེས་པའི་གར་གྱིས་མཆོད། །ཨོཾ་བཛྲ་ནྲྀ་ཏྱེ་ཧཱུྃ་ཧཱུྃ་ཕཊ། ཟླ་བའི་མདོག་མཚུངས་རྡོ་རྗེ་མེ་ཏོག་མ། །སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་མེ་ཏོག་སིལ་མས་མཆོད། །ཨོཾ་བཛྲ་པུཥྤེ་ཧཱུྃ་ཧཱུྃ་ཕཊ། ཨིནྡྲ་ནཱི་ལའི་མདོག་མཚུངས་བདུག་སྤོས་མ། །སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་བདུག་སྤོས་སྤྲིན་གྱིས་མཆོད། །ཨོཾ་བཛྲ་དྷཱུ་པེ་ཧཱུྃ་ཧཱུྃ་ཕཊ། ཉི་མའི་མདོག་མཚུངས་རྡོ་རྗེ་མར་མེ་མ། །སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་མར་མེའི་ཕྲེང་བས་མཆོད། །ཨོཾ་བཛྲ་དཱི་པེ་ཧཱུྃ་ཧཱུྃ་ཕཊ། སིནྡྷཱུའི་མདོག་མཚུངས་རྡོ་རྗེ་དྲི་ཆབ་མ། །སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་དྲི་བཟང་བྱུག་པས་མཆོད། །ཨོཾ་བཛྲ་གནྡྷེ་ཧཱུྃ་ཧཱུྃ་ཕཊ། ཆུ་ཤེལ་མདོག་མཚུངས་གཟུགས་ཀྱི་རྡོ་རྗེ་མ། །སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་གཟུགས་ཀྱིས་བདེ་བས་མཆོད། །ཨོཾ་རཱུ་པ་བཛྲི་ཧཱུྃ་ཧཱུྃ་ཕཊ། བནྡྷུའི་མདོག་མཚུངས་རོ་ཡི་རྡོ་རྗེ་མ། །སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་རོ་ཡི་བདེ་བས་མཆོད། །ཨོཾ་ར་ས་བཛྲི་ཧཱུྃ་ཧཱུྃ་ཕཊ། སྣ་ཚོགས་མདོག་མཚུངས་རེག་བྱ་རྡོ་རྗེ་མ། །སྣ་ཚོགས༴ །ནམ་མཁའ༴ །དཀྱིལ་འཁོར་ལྷ་ཚོགས་རེག་བྱའི་བདེ་བས་མཆོད། །ཨོཾ་སྤརྵེ་བཛྲ་ཧཱུྃ་ཧཱུྃ་ཕཊ། སྟོན་ཟླའི་མདོག་མཚུངས་ཆོས་དབྱིངས་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཀྱིལ་འཁོར་ལྷ་ཚོགས་ཆོས་ཁམས་བདེ་བས་མཆོད། །ཨོཾ་དྷརྨ་དྷཱ་ཏུ་བཛྲི་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ལ་པི་ཝང་མ་ལ་སོགས་པའི་ལྷ་མོ་དེ་རྣམས་ཀྱིས་དཀྱིལ་འཁོར་པ་ལ་མཆོད་པ་བསམ་གྱིས་མི་ཁྱབ་པར་བྱེད་བཞིན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧ་སྱ་ལཱ་སྱ་ར་ཏི་ཀྲཱི་ཌཱ་སཽ་ཁྱ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད་དེ། རིག་མ་བཅུ་དྲུག་གི་མཆོད་པའོ། །དེ་ནས་ལག་གཡོན་སྡིགས་མཛུབ་བྱས་པའི་སྟེང་དུ། གཡས་པའི་ཐལ་མོའི་མཐིལ་བཞག་པ་དང༌། རབ་མཛེས་གོས་ཀྱིས་སྟེང་གཡོགས་ཟླུམ་པོར་བྲེས། །སྣ་ཚོགས་དར་གྱི་འཁོར་ཡུག་མཛེས་པའི་གདུགས། །འཁོར་ལོའི་དབང་ཕྱུག་ཧེ་རུ་ཀ་ལ་འབུལ། །བཞེས་ནས་བདག་དང་འགྲོ་ལ་མཆོག་སྩོལ་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཌཱ་ཀ་སཱ་ག་རཙྪ་ཏྲཾ་ཀ་པཱུ་ཛི་ཏེ་ཨཱཿཧཱུྃ། དེ་བཞིན་དུ་འོག་མ་རྣམས་ལ་སྦྱར་ཏེ། ལག་པ་གཡོན་ཁུ་ཚུར་བྱས་པའི་སྟེང་དུ་གཡས་པའི་ཁུ་ཚུར་བཞག་པ་དང༌། ནོར་བུའི་ཏོག་ཅན་དར་གྱི་ལྷབ་ལྷུབ་གཡོ། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་ཆེ། །དྷྭ་ཛ། ལག་གཡས་མཐིལ་གཡོན་དུ་བསྟན་པའི་སྟེང་དུ། ལག་གཡོན་མཐིལ་གཡས་སུ་བསྟན་ནས་སོར་མོ་རྣམས་གཡོབ་པའི་ཚུལ་དང༌། རིན་ཆེན་དབྱུག་པ་ཉི་ཟླའི་ཐོར་ཅོག་མཛེས། །སྣ་ཚོགས་མདངས་བཀྲའི་གོས་ཀྱི་བ་དན་ཅན། །པ་ཏཾ་ཀ ལག་པ་གཡོན་མཉམ་གཞག་ལ། གཡས་ནམ་མཁའ་ལ་བསྐོར་ཞིང༌། ཏིང་འཛིན་སྙིང་རྗེའི་རྒྱན་ཕྲེང་མཛེས་པ་ཅན། །ཆོས་ཉིད་དོན་རྟོགས་རིན་ཆེན་བླ་རེ་རྣམས། །བི་ཏཱ་ནཾ། གཏི་མུག་རྨོངས་པའི་རྡུལ་རྣམས་སེལ་བྱེད་པའི། །རྔ་ཡབ་དཀར་པོ་གསེར་གྱི་ཡུ་བ་ཅན། །ཙཱ་མ་ར། འདོད་ཆགས་ཚད་གདུང་སྐྱོབ་པའི་བསིལ་གྲིབ་ཅན། །བཀོད་ལེགས་ཁ་དོག་ཆེར་བཀྲ་བསིལ་ཡབ་རྣམས། །བི་དྷ་མ་ནཾ་བྱཉྫ་ནཾ། འདི་གཉིས་ཀ་ལ་ལག་པ་གཡས་པས་རྔ་ཡབ་སོགས་གཡོབ་པའི་ཚུལ་དུ་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཁ་ནས་ཚིག་འབྱིན་པའི་ཚུལ་དང༌། དྲུག་གིས་རྗེས་སུ་སྐྱེས་སོགས་སྙན་པའི་དབྱངས། །ཐོས་ན་དབང་པོ་ཚིམ་བྱེད་གླུ་ཡི་སྒྲ། །གཱི་ཏི། ལག་གཉིས་ཏིང་ཤགས་བརྡུངས་པའི་ཚུལ་དང༌། །རྟེན་འབྲེལ་ལས་བྱུང་སྐྱེ་མེད་རང་བཞིན་ཅན། །ཆོས་རྣམས་སྐྱེད་མེད་སྟོན་པའི་སིལ་སྙན་སྒྲ། །ཏུརྻཾ། གཡོན་ཁུ་ཚུར་ལས་མཐེ་བོང་དང་མཛུབ་མོ་སྦྱར་བ་དུང་གི་ཕྱག་རྒྱ་དང༌། དགེ་ལེགས་རིན་ཆེན་ལས་གྲུབ་གཡས་སུ་འཁྱིལ། །རྒྱ་ཆེན་ཆོས་ཀྱི་སྒྲ་སྒྲོགས་དུང་དཀར་མཆོག །ཤཾ་ཁ། ལག་གཉིས་གར་སྐོར་གཡོན་དང༌། གཡས་སུ་བསྐོར་ནས་སྤྱི་བོར་ཐལ་མོ་སྦྱར་བ་དང༌། གཅིག་ཉིད་དུ་མའི་ཚུལ་དུ་རབ་བསྟན་ནས། །འགྲོ་བ་དགའ་བསྐྱེད་གར་གྱི་མཆོད་པའི་ཚོགས། །ནྲྀ་ཏྱེ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་གྱིས་ཕྲེང་བ་འཛིན་པའི་ཚུལ་བྱ་ཞིང༌། ཨིནྡྲ་ནཱི་ལ་ལ་སོགས་འཇིག་རྟེན་ན། །ཤིན་ཏུ་དཀོན་པའི་རིན་ཆེན་ཕྲེང་མཛེས་རྣམས། །མཱ་ལེ། ཁུ་ཚུར་གཉིས་ཁ་འགྲམ་གཡས་གཡོན་དུ་གཞག་ལ། མཛེས་ཤིང་ཡིད་འོང་ཞལ་གྱི་པདྨ་ལས། །ངོ་མཚར་ཆོས་ཀྱི་དབྱངས་སྒྲོགས་བཞད་པའི་སྒྲ། །ཧ་སྱེ། ལག་གཉིས་རྡོ་རྗེ་ཁུ་ཚུར་དཀུར་ཁ་གྱེན་དུ་བསྟན་པའི་ཕྱག་རྒྱ་དང༌། གཟུགས་མཛེས་མཐོང་བས་མི་ངོམས་རེག་ན་བདེ། །ཡིད་འཕྲོག་སྙེམས་པའི་ཚུལ་འཛིན་སྒེག་ཚོགས་རྣམས། །ལཱ་སྱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། བདེ་ཆེན་དགྱེས་པའི་དགའ་སྒྲོ་རྣམ་མང་དང༌། །ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་རྣམས། །ཝརྞ་པཱུ་ཛ། དྲིའི་ཕྱག་རྒྱ་དང༌། རེག་ན་ཚིམ་བྱེད་ཞིམ་པའི་དྲི་ངད་ལྡང༌། །ག་པུར་ལ་སོགས་ལེགས་པར་སྦྱར་བའི་དྲི། །འཁོར་ལོའི་དབང་ཕྱུག་ཧེ་རུ་ཀ་ལ་དབུལ། །བཞེས་ནས་བདག་དང་འགྲོ་ལ་མཆོག་སྩོལ་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཌཱ་ཀ་སཱ་ག་ར་གནྡྷེ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་བརྗོད་ལ་མཆོད་པ་དེ་རྣམས་ཀྱིས་དཀྱིལ་འཁོར་པ་ལ་ཡང་དག་པར་མཆོད་པར་བསམས་ཏེ། ནམ་མཁའ་མཛོད་བཅས་ལ། ཨོཾ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་བྷ་ཝེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་དེ། ཁྱད་པར་གྱི་མཆོད་པ་བཅོ་ལྔ་པའོ། །གསུམ་པ་ནང་གི་མཆོད་པ་ནི། སྔར་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱི་དབུས་ནས་གཡོན་པའི་མཐེབ་སྲིན་སྦྱར་བས་བླངས་ལ། སྤྱི་བོར་གཏོར་ཞིང༌། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་མཆོད་པ་འབུལ། ཨོཾ་ཨཱཿཧཱུྃ། རྒྱལ་བ་རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། དཔའ་བོ་སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་ཆེན། གྲུབ་ཆེན་ཤ་བ་རི་དབང་ཕྱུག སློབ་དཔོན་མཻ་ཏྲི་གུཔྟ། རྒྱ་གར་ཕྱག་ན་རྡོ་རྗེ། འགྲེལ་བྱེད་ཀ་མ་ལ་བཛྲ། པཎྜི་ཏ་ཛ་ཡ་སེ་ན། ལོཙྪ་བ་དར་མ་ཡོན་ཏན། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། རིན་པོ་ཆེ་སྐྱོབ་པ་དཔལ། རྒྱལ་ཚ་ཆོས་ཀྱི་དབང་ཕྱུག ལོཙྪ་བ་མཆོག་ལྡན། བླ་མ་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ངག་དབང་གྲགས་པ། བླ་མ་བྱང་ཆུབ་སེང་གེ རྗེ་བཙུན་དམ་པ་ས་བཟང་འཕགས་པ་རྣམས་ཀྱི་ཞལ་དུ་མཆོད་པ་འབུལ། ཞེས་དབང་བཀའ་དང༌། ལོཙྪ་བ་མཆོག་ལྡན། བློ་ཆེན་སངས་རྒྱས་སྲས། བླ་མ་ཡེ་ཤེས་མགོན། དར་མ་བཟང་པོ། གྲགས་ཆེན་པ། ཆོས་རྗེ་སྤང་སྒང་བ། ཆོས་རྗེ་ས་བཟང་པཎ་ཆེན། ཆོས་རྗེ་ས་བཟང་འཕགས་པ་སྟེ། རྒྱུད་དང༌། རྡོ་རྗེ་འཆང༌། ཤ་བ་རི་དབང་ཕྱུག བི་བྷཱུ་ཏ་ཙནྡྲ། དཔྱལ་ཨ་མོ་གྷ། མར་སྟོན་གཡུང་འབར། རྣལ་འབྱོར་སེང་གེ་འབུམ། ཀུན་སྤངས་ཀུན་ཏུ་བཟང་པོ། བླ་མ་གྲགས་པ་སེང་གེ བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། ཞེས་པ་རྫོགས་རིམ་ཤ་བ་རིའི་སྦྱོར་དྲུག་གི་བརྒྱུད་པ་རྣམས་ལ་འབུལ། དེ་ནས་སྔགས་ཕྲེང་ལྟར་ལྷ་ཐམས་ཅད་ཀྱི་སྔགས་བརྗོད་ཅིང༌། ཨོཾ་ཨཱཿཧཱུྃ་བཏགས་ལ་འབུལ་ནས། སྲིན་ལག་གིས་ལྕེ་རྩེ་སྨིན་མཚམས་སྤྱི་གཙུག་ཏུ་ཐིག་ལེ་བྱས་པས་ལུས་ཀྱི་ལྷ་ཐམས་ཅད་ཚིམ་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བརྗོད། དེ་ནས། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ་ཞེས་པས་གུར་གྱི་མགོན་པོ་དང༌། གཞན་ཡང་གདོང་བཞི་པ་ལ་སོགས་པ་སྒོས་ཀྱི་ཆོས་སྐྱོང་གང་བྱེད་ལ་འབུལ། དེ་ནས་འཇིག་རྟེན་པའི་མཁའ་འགྲོ་རིགས་ལྔ་འཁོར་དང་བཅས་པ་དང༌། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། ཚནྡྷོ་དང་ཉེ་བའི་ཚནྡྷོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། ཡུལ་སུམ་ཅུ་རྩ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་བརྒྱད་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་སྤྲུལ་པའི་སྐུ་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞིང་སྐྱོང་བཞི་བཅུ་རྩ་བརྒྱད། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པའི་མཁའ་འགྲོའི་ཚོགས་དང༌། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་པས་འབུལ། གཞན་ཡང་གནོད་སྦྱིན། སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ་གྲུབ་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ། ཨོཾ་ཨཱཿཧཱུྃ། གཞན་ཡང་བོད་ཁམས་སྐྱོང་བར་བྱེད་པའི་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་དང༌། གནས་བདག གཞི་བདག གྲོང་བདག ཡུལ་བདག གཉུག་མར་གནས་པ་རྣམས་ཀྱི༴ འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཚིམ་ཞིང་ཟག་པ་མེད་པའི་བདུད་རྩིས་རྒྱུད་གང་ནས། མྱུར་དུ་བླ་ན་མེད་པའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཅེས་པའི་མཐར། ཨོཾ་ཨཱཿཧཱུྃ་བཏགས་ལ་འབུལ་ལོ། །བཞི་པ་བསྟོད་པའི་མཆོད་པ་ནི། རྒྱས་པར་ན། རྡོ་རྗེ་ཐལ་མོ་སྦྱར་ཏེ། ལྷ་ཐམས་ཅད་ཀྱི་སྔགས་རྫོགས་པར་བརྗོད་ལ་བསྟོད་པར་བསྒོམ། དེ་ཙམ་མི་ནུས་ན། རྡོ་རྗེ་དྲིལ་བུ་འཛིན་པས། རྐང་པ་བཞི་བཅུ་རྩ་བརྒྱད་པ་བརྗོད། གཤིན་ཏུ་བསྡུ་ན། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། ཞེས་སོགས་དཀྱིལ་ཆོག་ཏུ་བཤད་པ་ལྟར་བརྗོད་དེ། བསྟོད་པ་དང་བདུད་རྩི་མྱང་བ་གཉིས་ཀྱི་སྔོན་དུ་བསྟོད་པ་བྱེད་པར་ལྷ་སྟ་གོན་གྱི་སྐབས་སུ་བཤད་ཀྱང༌། འདིར་སྒྲུབ་ཐབས་ཀྱི་ཚོགས་རྟེན་གྱི་སྐབས་ལྟར་བྱའོ། །གནས་སྐབས་འགའ་ཞིག་ཏུ་ཉེར་སྤྱོད་རྒྱས་པར་འབུལ་བར་འདོད་ན་བསང་གཏོར་དང་ཞབས་བསིལ། སྤྱིར་འབུལ། མཆོད་ཡོན་ལ། སྔར་གྱི་ཚིགས་བཅད་ཀྱི་མཇུག་ཏུ། ཨོཾ་ཤྲཱི་པཙྪ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པྲ་ཝ་ར་སཏྐཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ལྷ་ཐམས་ཅད་ཀྱི་རིགས་བདག་དང༌། ཨོཾ་ཤྲཱི་ཧེ་རུ་ཀ་ཌཱ་ཀ་སཱ་ག་ར་ས་པ་རི་ཝཱ་ར། ཞེས་པས་གཙོ་བོ་དང༌། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧི། ཡུམ་དང༌། ཨོཾ་ཙཀྲ་ཏི་ལ་ཀ་བ་སི་ནཱ་སརྦ་ཝཱི་ར་ཡོ་གི་ནཱི་ཞེས་ཐིག་ལེའི་འཁོར་ལོ་དང༌། ཨོཾ་ཙཀྲ་བཛྲ་སརྦ་བཱི་ར་བ་སི་ནཱ་ཡོ་གི་ནཱི་ཞེས་རྡོ་རྗེའི་འཁོར་ལོ་དང༌། ཨོཾ་ཙཀྲ་གརྦྷ་སརྦ་བཱི་ར་བ་སི་ནཱ་ཡོ་གི་ནཱི་ཞེས་སྙིང་པོའི་འཁོར་ལོ་དང༌། ཨོཾ་ཙཀྲ་གུ་ཎ་བ་སི་ནཱ་སརྦ་བཱི་ར་ཡོ་གི་ནཱི་ཞེས་ཡོན་ཏན་གྱི་འཁོར་ལོ་དང༌། ཨོཾ་བོ་དྷི་སཏྭ་ཞེས་བསྐལ་བཟང་དང༌། ཨོཾ་མུ་ཁ་བ་སི་ནཱ་ཨཥྚ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཞེས་སོགས་སྦྱར་ལ་དཀྱིལ་འཁོར་དང་པོའི་ལྷ་ལ་མཆོད་ཡོན་འབུལ། དེ་བཞིན་དུ། ཨོཾ་ཙཀྲ་ཨཱ་ཀཱ་ཤ་བ་སི་ནཱ་སརྦ་བཱི་ར་ཡོ་གི་ནཱི་ཞེས་ནམ་མཁའི་འཁོར་ལོ་དང༌། ཨོཾ་ཙཀྲ་པཱ་ཡུ་བ་སི་ནཱ་སོགས་ཀྱིས་རླུང་འཁོར་དང༌། ཨོཾ་ཙཀྲ་བྷཱུ་མི་བ་སི་ནཱ་སོགས་ཀྱིས་སའི་འཁོར་ལོ་དང༌། བསྐལ་བཟང་དང་སྒོ་མཚམས་མ་རྣམས་ལ་སྔར་བཞིན་ཏེ། དཀྱིལ་འཁོར་གཉིས་པ་དང༌། ཨོཾ་ཙཀྲ་ཨགྣི་བ་སི་ནཱ་ཞེས་མེའི་འཁོར་ལོ་དང༌། ཨོཾ་ཙཀྲ་ཨུ་ད་ཀ་བ་སི་ནཱ་ཞེས་ཆུའི་འཁོར་ལོ་དང༌། ཨོཾ་ཙཀྲ་ཛྙཱ་ན་བ་སི་ནཱ་ཞེས་ཡེ་ཤེས་ཀྱི་འཁོར་ལོ་དང༌། བསྐལ་བཟང་དང་སྒོ་མཚམས་མ་རྣམས་སྔར་བཞིན་ཏེ་དཀྱིལ་འཁོར་གསུམ་པ་དང༌། ཨོཾ་ཙཀྲ་ཙིཏྟ་བ་སི་ནཱ་ཞེས་ཐུགས་འཁོར་དང༌། ཨོཾ་ཙཀྲ་ཝཱཀྐ་བ་སི་ནཱ་ཞེས་གསུང་འཁོར་དང༌། ཨོཾ་ཙཀྲ་ཀཱ་ཡ་བ་སི་ནཱ་ཞེས་པས་སྐུ་འཁོར་དང༌། ཨོཾ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ཞེས་བསྐལ་བཟང་དང༌། ཨོཾ་མུ་ཁ་བ་སི་ནཱ་ཨཥྚ་ཡོ་གི་ནཱི་ས་པ་རི་ཝཱ་ར་པྲ་ཝ་ར་སཏྐཱ་ར་ཨ་རྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བརྗོད། ལས་ཀྱི་རྡོ་རྗེས་བཟེད་ཞལ་དུ་རེ་རེ་ཞིང་མཆོད་ཡོན་འབུལ། དེ་བཞིན་དུ་ཞལ་ཟས་ཀྱི་བར་ཚིགས་བཅད་དང་བཅས་པས་སྔར་བཞིན་ཕུལ་ལ། རོལ་མོ་སྤྱིར་འབུལ་ལོ། །གསུམ་པ་རྗེས་ནི། དེ་ལྟར་མཆོད་པའི་ཆོ་ག་མཐའ་དག་ཚར་བ་དང༌། མཆོད་རྫས་དམན་པ་རྣམས་ཆུ་བོ་ལ་དོར་བ་སོགས་བྱའོ། །ཤེས་རབ་ནམ་མཁར་དད་པའི་སྤྲིན་བསྡུས་ནས། །སྣ་ཚོགས་མཆོད་པའི་ཆར་ཆེན་ལེགས་ཕབ་སྟེ། །རྣམ་དག་ཆོ་གའི་འབྲུ་སྒྲ་འདི་བསྒྲགས་པས། །མཆོད་ཡུལ་རྨ་བྱའི་ཚོགས་ཀུན་དགྱེས་གྱུར་ཅིག །དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་མཆོད་པའི་ཆོ་ག་འདི་ནི། རྗེ་བཙུན་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོ་ལ་དོན་གཉེར་གྱི་སློབ་མ་རིན་ཆེན་གྲུབ་ཀྱིས་བསྐུལ་ཞིང་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས་འདིའི་དཀྱིལ་ཆོག་དང་ཆོ་ག་དགུ་བརྒྱ་པ་ལས་འབྱུང་བའི་མཆོད་པ་རྣམས་ཚང་བར་བཀོད། གཞན་སྤྲོས་པ་མང་པོ་བཏང་སྙོམས་སུ་བྱས་ནས་ཀུན་དགའི་ལོ་ཆོ་འཕྲུལ་གྱི་ཟླ་བའི་ཡར་ཚེས་བརྒྱད་ལ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའོ།། །།ཨི་དཾ་ཤཱ་ས་ན་ཤྩ་སརྦ་སཏྭ་ཧི་ཏོ་བྷ་ཝནྟུ།། །། ༄། །དཔལ་མཁའ་འགྲོ་རྒྱ་མཚོའི་འཁོར་ལོ་བཅུ་གཉིས་སུ་མངོན་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས་སོ།། ༈ །དཔལ་མཁའ་འགྲོ་རྒྱ་མཚོའི་འཁོར་ལོ་བཅུ་གཉིས་སུ་མངོན་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་རིན་པོ་ཆེའི་མཛོད་ཅེས་བྱ་བ། བླ་མ་དང་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །འདྲེན་པ་གང་གིས་དབང་བཞིའི་ཆུ་རྒྱུན་གྱིས། །འགྲོ་བའི་སེམས་ཀྱི་དྲི་མ་ཀུན་སྦྱངས་ནས། །རིམ་གཉིས་མཆོག་གི་རྟོགས་པ་བསྐྱེད་མཛད་པ། །རྡོ་རྗེ་འཆང་བདག་དཔལ་ལྡན་བླ་མར་འདུད། །ཟབ་ཡངས་བདེ་མཆོག་ཉུང་ངུའི་བཤད་པའི་རྒྱུད། །དཔལ་ལྡན་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ། །སྐལ་ལྡན་མཆོག་གི་ཆོ་གས་སྨིན་པའི་ཚུལ། །གཞུང་དང་བརྒྱུད་པའི་སྲོལ་བཞིན་བཤད་ཀྱིས་ཉོན། །འདིར་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་དབང་བསྐུར་བ་རྣམ་པར་དག་པ་ནོད་པ་ནི། རྡོ་རྗེ་ཐེག་པའི་ལམ་མཐའ་དག་གི་རྩ་བ་ཡིན་པས། དེ་བཤད་པར་བྱ་བ་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་ལ་གསུམ་གྱི། གསོལ་བ་གདབ་པ་ནི། དོན་དུ་གཉེར་བའི་སློབ་མས། མཚན་ཉིད་དང་ལྡན་པའི་སློབ་དཔོན་ལ། མཎྜལ་ལ་སོགས་པ་ཕུལ་ནས་མཉེས་པར་བྱའོ། །དེ་ལ་བླ་མས་བུ་ཁྱོད་ཅི་འདོད་ཅེས་དྲི། དེས་ཀྱང་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུའོ་ཞེས་བརྗོད་དོ། །དེ་ནས་སློབ་མས་ཅི་འབྱོར་བའི་མཆོད་པས་བླ་མ་མཆོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩི་ཏྟ་པྲ་ཎ་མྱ་ན་བཛྲ་བནྡྷ་ནཾ་ཀ་རོ་མི་ཞེས་སམ། ཡབ་ཀྱི་སྙིང་པོས་ཕྱག་བྱ། དེ་བཞིན་གཤེགས་པ་ཀུན་ཞི་བ་སོགས་འོག་ས་བཟུང་གི་སྐབས་སུ་འབྱུང་བ་ལྟར་ཚིགས་བཅད་བཞིས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས། བདག་གིས་འཁོར་ལོ་སྡོམ་པའི་ཆོ་ག་ལ་བརྟེན་ནས་འགྲོ་བ་མཐའ་དག་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ། འཁོར་བའི་རྒྱ་མཚོར་བྱིང་བ་ནི། །དེ་རྣམས་ཉོན་མོངས་འདམ་གྱིས་གོས། །བརྒལ་བར་མི་ནུས་པ་ཡི་སེམས། །ཤིན་ཏུ་སྡུག་བསྔལ་ཚོགས་རྣམས་ལ། །ཉན་ཐོས་ལ་སོགས་བསྒྲལ་བ་དང༌། །བྱང་ཆུབ་སེམས་དཔའ་རྒྱལ་བའི་སྲས། །དཔའ་རྣམས་བདེ་ཆེན་ཐོབ་པ་ཡི། །འཁོར་ལོ་བཅུ་གཉིས་དྲི་མ་སྤངས། །བླ་ན་མེད་པའི་དཀྱིལ་འཁོར་དུ། །རབ་ཏུ་འཇུག་པར་ཁྱོད་སྤྲོའམ། །ཞེས་ལན་གསུམ་དྲི། སློབ་མས་ཀྱང༌། ཚིགས་བཅད་གོང་མའི་རྗེས་སུ་བདག་སྤྲོའོ། །ཞེས་ལན་གསུམ་བརྗོད་དོ། །ཡང་བླ་མས་ཁྱོད་ཀྱིས་ཉེ་བར་མཁོ་བ་ཐམས་ཅད་ཚོགས་སམ་ཞེས་དྲི། སློབ་མས། ཅུང་ཟད་ཚོགས་ཤིང་ཅུང་ཟད་མ་འཚོགས་སོ། །ཞེས་ཞུ་བར་བྱའོ། །གཉིས་པ་སློབ་མ་ཡོངས་སུ་བཟུང་བ་ནི། བླ་མས་སྒྲུབ་ཐབས་རྒྱས་བསྡུས་གང་རུང་བསྒོམ་པ་སྔོན་དུ་འགྲོ་བས། མདུན་དུ་འདུག་པའི་སློབ་མའི་སྤྱི་བོར་ཧེ་ཡིག མགྲིན་པར་རུ། སྙིང་གར་ཀ་བསམས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའི་དོན་དྲན་པས། སློབ་མ་རང་བཞིན་མེད་པར་བྱས་པའི་ངང་ལས། པདྨ་དང་ཉི་མར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་ལྗང་སྔོན་གྱིས་མཚན་པ་དེ་ལས་མཁའ་འགྲོ་རྒྱ་མཚོ་ཡབ་ཡུམ་དུ་བསྐྱེད་ལ། རང་གི་སྙིང་ག་ནས་བྱུང་བའི་མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ཕྱག་ན་བདུད་རྩི་ལྔས་གང་བའི་བུམ་པ་ཐོགས་པས་དབང་བསྐུར་ཞིང་ཁྲུས་བྱས་པར་བསམ། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། གོ་ཆ་བགོ་བ་རྣམས་སྒྲུབ་ཐབས་ལྟར་བྱའོ། །འདི་གཉིས་ཀྱི་ཚབ་ཏུ། དཀྱིལ་ཆོག་དགུ་བརྒྱ་པར། སྤྱི་བོ་སོགས་གནས་ཉེར་བཞིར། པཱུ་ཛ་སོགས་བཀོད་པས་སློབ་མའི་སེམས་ལས་བྱུང་བའི་བགེགས་བསྲུང་བར་བཤད་དེ་དོན་གཅིག་གོ །གསུམ་པ་སྔོན་དུ་བསྙེན་པའི་ཆོ་ག་ནི། བླ་མས་གནས་དབེན་པར་སྒྲུབ་ཐབས་ལྟར་རྣལ་འབྱོར་རྫོགས་པར་བསྒོམས་ནས། གཙོ་བོའི་སྔགས་འབུམ་ཕྲག་གཅིག ཡུམ་ལ་ཁྲི་ཕྲག་ལྔ། འཁོར་རྣམས་ལ་ཁྲི་ཕྲག་རེ་རེ་བཟླའོ། །འདི་ལྷ་ཤིན་ཏུ་མང་བས་འཁོར་རྣམས་ཀྱི་བཟླས་པ་མ་གྲུབ་ན། གཙོ་བོ་ཡབ་ཡུམ་གྱི་བསྙེན་པས་ཆོག་པར་གཞུང་གཞན་ལས་འབྱུང་ངོ༌། །དགུ་བརྒྱ་པར། དཀྱིལ་འཁོར་བྲི་བའི་སྔོན་དུ་ཞག་བདུན་བསྙེན་པ་དང༌། ཁ་སྐོང་གི་སྦྱིན་སྲེག་བྱ་བར་བཤད་དོ། །གཉིས་པ་དངོས་གཞི་ལ། ས་ཆོག་ལྷ་གནས་དཀྱིལ་འཁོར་བྲི། །སྒྲུབ་མཆོད་བདག་འཇུག་དབང་བསྐུར་བའོ། །ཞེས་པ་ལྟར་དོན་དྲུག་ལས། དང་པོ་ས་ཡི་ཆོ་ག་ལ། ཁང་པ་གསར་དུ་བྱ་བ་དང༌། གནས་ཁང་རྙིང་པར་བྱ་བའི་ཆོ་ག་གཉིས་ཀྱི་དང་པོ་ནི། ལྷ་ཁང་དང་གྲོང་ཁྱེར་གྱི་ཤར་ལ་སོགས་པའི་ཕྱོགས་མདུན་དུ་དཀྱིལ་འཁོར་བྲིས་ན་ཉེས་པ་སྣ་ཚོགས་བསྐྱེད་ཅིང༌། མཆོད་རྟེན་གྱི་གནས་སུ་བྲིས་ན། སློབ་དཔོན་འཆི་བར་བཤད་པས། དེ་དག་སྤངས་ལ་བྱང་ཤར་གྱི་ཕྱོགས་སུ་ས་གཞི་དཀར་ཞིང་སྣུམ་པ་ཤར་དང་བྱང་གཞོལ་བ་ཉམས་དགའ་བའི་གནས་བཙལ་ཏེ་ས་བརྟག་པའོ། །དེ་ནས་ཡུལ་གྱི་རྒྱལ་པོ་ལ། ཚིག་གམ་རིན་གྱི་ས་བསླང་ཞིང༌། གཞི་བདག་ལ་གཏོར་མ་སྦྱིན་པས་བསླང་བ་ནི། གཞུང་འདིར་མ་བཤད་ཀྱང༌། གཞན་ནས་ཁ་བསྐངས་ཏེ་ས་བསླང་བའོ། །དེ་ནས་ས་སེལ་ཤིན་ཏུ་ཆེ་བའི་ས་ཕྱོགས་ཡིན་ན་ཁྲུ་དོ་ཙམ་དུ་བརྐོས་ལ་ཕུབ་མ་དང༌། རྡོ་བ་ལ་སོགས་པའི་སྐྱོན་རྣམས་བསལ་ནས། དཀྱིལ་འཁོར་གྱི་རྒྱ་ཇི་ཙམ་བྱེད་པའི་ཉིས་འགྱུར་གྱི་ཚད་དུ་སའི་སྐྱོན་རྣམས་སྦྱང་ངོ༌། །ཚད་ཀྱང་སློབ་མའི་འབྱོར་པ་དང་བསྟུན་པའི། རྒྱལ་པོ་ལ་ཁྲུ་བརྒྱ། བློན་པོ་ལ་ལྔ་བཅུ། ཡུལ་དཔོན་ལ་ཉི་ཤུ་རྩ་ལྔ། ཚོང་དཔོན་ལ་བཅུ་གཉིས། སྒྲུབ་པ་པོ་རྣམས་ལ་ཁྲུ་དྲུག་དང༌། དཀྱིལ་འཁོར་གྱི་དབང་དུ་བྱས་ན་ཁྲུ་བརྒྱད་དོ། །ས་སེལ་ཅུང་ཟད་ཉུང་བའི་ས་ཕྱོགས་ཡིན་ན་གནས་དེར་སློབ་དཔོན་གཙོ་བོའི་རྣལ་འབྱོར་སྔོན་དུ་སོང་ནས་རྩ་བའི་སྔགས་ལན་གསུམ་བཟླས་པས་ས་ཕྱོགས་དེ་ཉིད་ཀྱི་བགེགས་རྣམས་བསྐྲད་པར་བསམ། དེ་ནས་ཁང་པ་ཇི་ཙམ་བྱེད་པའི་རྒྱ་པུས་མོ་ནུབ་ཙམ་དུ་བརྐོས་ཏེ། རུས་པ་ལ་སོགས་པའི་སྐྱོན་རྣམས་བསལ་ཏེ་ས་དེ་ཉིད་ཀྱིས་འཐས་པར་བཅག་གོ །དེའི་དབུས་སུ་རྒྱ་དང་དཔངས་མཐོ་གང་བའི་ཁུང་བུ་བྱས་ལ་ཆུས་བཀང་སྟེ། རང་རྩ་སྔགས་ཟློས་པས་ཤར་དུ་གོམ་པ་བརྒྱར་ཕྱིན་ནས་ལོག་པ་ན་ཆུ་དེ་མ་ཟད་ན་ཤིས་པ་ཡིན་ནོ། །གལ་ཏེ་ཆུ་སྐམ་པ་སོགས་མཚན་མ་མི་ཤིས་པ་བྱུང་ན་ས་དེའི་དབུས་སུ་དྲག་པོའི་ཐབ་ཁུང་དུ་རུས་པའི་ཕྱེ་མ་དང༌། དུག་དང་ཕྲག་དང་སྐེ་ཚེ་ལ་སོགས་པས་དྲག་པོའི་སྦྱིན་སྲེག་བྱའོ། །མཚན་མ་དགེ་ན་སློབ་མ་དང༌། སའི་བདག་པོའི་དོན་དུ་ཞི་བའི་སྦྱིན་སྲེག་བྱས་ནས། དཀྱིལ་འཁོར་ཇི་ཙམ་བྱེད་པའི་ས་དེ་ས་བཟང་པོ་གཞན་དང་བསྲེས་ལ་ས་སྟེགས་བྱ། དེ་ནས་ཕྱི་རོལ་དུ་དཀྱིལ་འཁོར་གྱི་ཁང་པ་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ་སོགས་མཚན་ཉིད་དང་ལྡན་པ་བརྩིགས་ལ་རྒྱན་དགྲམ་པ་སོགས་འོག་ནས་འབྱུང་བའི་ཆོ་ག་རྣམས་བྱ་སྟེ་ས་སྦྱང་བའོ། །གལ་ཏེ་ཁང་པ་མ་འབྱོར་ན་ནགས་ཚལ་དང་དུར་ཁྲོད་ལ་སོགས་པ་གནས་དབེན་པར་སྔར་བཤད་པའི་ཆོ་གས་ས་སྟེགས་བྱས་ལ། དེར་དཀྱིལ་འཁོར་བྲིས་ནས་སློབ་མ་ལ་དབང་བསྐུར་བ་ཡིན་ནོ། །གནས་འདི་ལ་བླ་གབ་མེད་ཀྱང་འཕགས་པའི་ཡུལ་རླུང་ཆུང་བས་སྐྱོན་མི་བསྐྱེད་ལ། བརྒྱ་ལ་རླུང་གི་གནོད་པ་སོགས་བྱུང་ན། དེ་བསྲུང་བའི་དོན་དུ་མི་གཡོ་བའི་རླུང་བཅིང་བ་དང༌། ཐོག་བཟློག་པ་སོགས་མང་དུ་གསུངས་སོ། །གཉིས་པ་ནི། གཙུག་ལག་ཁང་ལ་སོགས་པ་སྔར་ཁང་པ་གྲུབ་ཟིན་གྱི་གནས་སུ་བྱེད་ན་གསུམ་སྟེ། ས་ལྷ་ལ་གསོལ་བ་གདབ་པ། ས་སྦྱང་བ། ས་གཟུང་བའི་ཆོ་གའོ། །དང་པོ་ནི། གནས་ཁང་དེ་ཉིད་དུ་རས་བྲིས་ལ་སོགས་པའི་རྟེན་དང་མཆོད་པ་རྒྱ་ཆེར་བཤམ། བླ་རེ་བྲེ། རྒྱལ་མཚན་དང་བ་དན་སོགས་བཀོད་ནས། སྔ་དྲོའི་དུས་སུ། རང་ལྷའི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་ཇི་ཙམ་བྲི་བའི་ཚད་དུ་ཁཎྜ་རོ་ཧཱའི་སྔགས་བཟླས་པའི་དྲི་བཟངས་ཀྱིས་ཆུས་བསང་གཏོར་བྱ། ཙནྡན་གྱི་ཆུས་ཁྱེ་མ་མེད་པར་བྱུགས་ལ་དབུས་སུ་ལག་པ་གཡས་པ་ས་ལ་རེག་སྟེ། ཧཱུྃ་ལན་བརྒྱར་འདོན་ཞིང་ཡི་གེ་བརྒྱ་པ་ལན་བདུན་གྱིས་བྱིན་གྱིས་བརླབ་བོ། །དེ་ནས་སའི་དབུས་སུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད། མཐའ་སྐོར་དུ་ཆུ་གསུམ་དང་ཉེར་སྤྱོད་ལྔ་དང་གཏོར་མ་རྣམས་བཤམས་ནས་སློབ་དཔོན་འཁོར་བཅས་བསྟན་ལ་འདུག་སྟེ། སྒྲུབ་ཐབས་ལྟར་རྣལ་འབྱོར་བསྒོམས་ཏེ། དེའང་ཚོགས་ཞིང་གི་སྐབས་སུ་ནམ་མཁའ་ལ་འཁོར་ལོ་བཅུ་གཉིས་ཀྱི་དཀྱིལ་འཁོར་རྫོགས་པ་མངོན་སུམ་བཞིན་དུ་ཡུན་རིང་དུ་བསྒོམས་ལ། དེའི་གཟུགས་བརྙན་དང་འདྲ་བའི་བདག་བསྐྱེད་ཀྱི་དཀྱིལ་འཁོར་རྫོགས་པར་བསྒོམ་ཞིང་བཟླས་པ་ཅི་ནུས་པ་བྱས་ནས་དཀྱིལ་འཁོར་བསྡུ་བའི་བར་དུ་བྱའོ། །དེ་ནས་མདུན་གྱི་མཆོད་པ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་སོ་སོར་བསྐྱེད་ལ། རང་རང་གི་སྔགས་རྒྱས་བྱིན་གྱིས་བརླབས་ནས། རང་མཁའ་འགྲོ་རྒྱ་མཚོར་གསལ་བའི་ལག་པ་གཡས་པའི་སོར་མོ་དབུས་མ་གསུམ་གྱི་རྩེ་མོར་ཟླ་བའི་དཀྱིལ་འཁོར་འོད་འཕྲོ་བ་ལ་ཧཱུྃ་རེ་རེ་མཚན་པར་བསྒོམས་ལ། སོར་མོའི་རྩེ་མོ་ས་ལ་ལན་གསུམ་བརྡབས་པས་དེའི་སྒྲ་དང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ས་འོག་ནས་བྱོན་པའི་སའི་ལྷ་མོ་ཞི་བ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་མི་འཇིགས་པ་སྦྱིན་པ་དང༌། གཡོན་པས་ཐུགས་ཀར་རིན་པོ་ཆེའི་བུམ་པ་འཛིན་པ། ན་བཟའ་དཀར་པོ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞལ་གྱི་པདྨ་རབ་ཏུ་བཞད་ཅིང་ལྟེ་བ་ཡན་ཆད་སའི་སྟེང་དུ་འཐོན་པ་ལ་ཀླུ་དང་ས་བདག་གི་ཚོགས་ཀྱིས་བསྐོར་བ་མདུན་དུ་བཞུགས་པར་བསམ། དེ་ལ་ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བའི་ཨོཾ་ཨཱཿཧཱུྃ་གིས་བསང་གཏོར་དབུལ། དེ་བཞིན་དུ་ཞབས་བསིལ་དང༌། མཆོད་ཡོན་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། གཏོར་མ་སྦྱངས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་དང་མཚན་སྔགས་ཀྱི་རྗེས་སུ་ཨ་ཀཱ་རོ་བཏགས་ལ་གསུམ་མམ་བདུན་གྱིས་དབུལ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་གཏོར་ཞིང་སའི་ལྷ་མོ་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། ས་ཕྱོགས་འདི་བདག་ལ་གནང་བར་མཛད་དུ་གསོལ། ཞེས་ཕྲིན་ལས་གཞོལ། དེ་ནས་སྤོས་དང་བཅས་པས་རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་དང༌། བདག་གིས་སའི་ཕྱོགས་འདིར་དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོ་འདྲི་བར་འཚལ་ན། སའི་ཕྱོགས་འདི་བདག་ལ་གནང་ཞིང་དངོས་གྲུབ་ཀྱང་བདག་ལ་སྩལ་དུ་གསོལ། ཞེས་བརྗོད་ལ། སླར་ཡང་མཆོད་པས་དགྱེས་ནས། དེ་ལྟར་བགྱིའོ་ཞེས་གསུངས་པར་བསམས་ལ། ཨོཾ་བཛྲ་མུཿ ཞེས་པས་ས་དེ་ལ་ཐིམ་པར་བསམ། འདིར་ས་འོག་ནས་སྤྱན་དྲངས་པའི་ལྷ་མོ་ལ་མཁྱེན་གསོལ་བྱས་པས་ཆོག་གི་གནས་གསུམ་བྱིན་གྱིས་བརླབ་པ་སོགས་མི་དགོས་པ་དཀྱིལ་ཆོག་གཉིས་ཀྱི་དགོངས་པ་ཡིན་ནོ། །དེ་ནས་ཨོཾ་བཛྲཱི་བྷ་ཝ་ཧཱུྃ་ཞེས་དང༌། ལག་གཉིས་རྡོ་རྗེ་བསྡམས་པ་བྱས་པ་བརྐྱངས་ཏེ་ལག་མཐིལ་ས་ལ་བཞག ཡང་ཨོཾ་བཛྲ་དྲི་ཌྷ་ཏིཥྛ། ཞེས་བརྗོད་པས་ས་བྱིན་གྱིས་བརླབས་པར་བསམས་ལ། མཆོད་པ་སོགས་བསྡུས་ལ་གནས་གསུམ་བསྲུང་ངོ༌། །གཉིས་པ་ས་སྦྱང་བའི་ཆོ་ག་ལ་གསུམ་གྱི་དང་པོ་བགེགས་བསྐྲད་པ་ནི། ཉི་མའི་གུང་ལ་བབ་པ་ན་སྔར་གྱི་ས་གཞིའི་དབུས་སུ་སློབ་དཔོན་འཁོར་བཅས་རྣམས་འཁོད། ཐམས་ཅད་ཀྱང་སྟག་གི་པགས་པའི་ཤམ་ཐབས་བཅིང༌། ལུས་མཐའ་དག་ལ་ཐལ་ཆེན་གྱིས་བྱུག སྐྲའི་ཐོར་ཅོག་དང༌། རུས་པའི་རྒྱན་ལྔ་བགོ དར་དཔྱངས་སོགས་ཀྱིས་མཛེས་པར་བྱས་ཤིང༌། རྡོ་རྗེ་དྲིལ་བུ་བཟུང༌། སློབ་དཔོན་གྱི་མདུན་དུ་ཆུ་གསུམ་ཉེར་སྤྱོད་ལྔ། ཡུངས་ཀར་གུ་གུལ་སོགས་དང༌། སེང་ལྡེང་གི་ཕུར་བུ་བཞི་ཐོ་བ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་བཤམ་མོ། །དེ་ནས་ཚོགས་གཉིས་བསགས་པ་སྔོན་དུ་འགྲོ་བས། ཆོ་ག་གསུམ་གྱིས་རང་མཁའ་འགྲོ་རྒྱ་མཚོ་ཡབ་ཡུམ་རྐྱང་པར་བསྐྱེད་ཡན་ལག་བཞི་རྫོགས་སུ་བྱས་ལ་རྩ་སྔགས་ཅི་ནུས་སུ་བཟླའོ། །དེ་ནས་རང་མཁའ་འགྲོ་རྒྱ་མཚོར་གསལ་བའི་ཐུགས་ཀ་ནས་ཁཎྜ་རོ་ཧཱ་སྤྲོས་པས་གྲོགས་རྣམས་དང་དབྱེར་མེད་དུ་འདྲེས་པས་སློབ་མ་རྣམས་ཁཎྜ་རོ་ཧཱ་ཞལ་གཅིག་ཕྱག་གཉིས་མ་སྐུ་གཡོན་དམར་གཡས་སེར་བ་གྲི་གུག་དང་ཐོད་པ་འཛིན་ཅིང་ཤིན་ཏུ་ཁྲོས་པའི་སྐུར་གྱུར་པར་བསམ་མོ། །དེ་ནས་དང་པོར་བསྒོམས་ཏེ་བཞག་པའི་ནམ་མཁའི་དཀྱིལ་འཁོར་ལ་མཆོད་པ་རྣམས་བྱིན་གྱིས་བརླབས་ཤིང་དབུལ། རིག་མ་བཅུ་དྲུག་དང༌། ལྷ་མོ་བརྒྱད་ཀྱིས་ཀྱང་མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབས་ཏེ། བདུད་དང་བར་དུ་གཅོད་པ་ཐམས་ཅད་འཇོམས་པའི་ནུས་པ་ཅན་དུ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ལ་དཀྱིལ་འཁོར་དབུས་སུ་ལྡང༌། ཧཱུྃ་ཞེས་པས་རང་བདེ་མཆོག་རྡོ་རྗེ་ཁྲོ་བོར་གསལ་བའི་མིག་གཡས་པ་མ་ལས་ཉི་མ་དང༌། གཡོན་པ་ཊ་ལས་ཟླ་བ། མིག་འབྲས་གཡས་དང་ལག་པ་གཡས་པར་ཉི་མ་ལ་གནས་པའི་ཧཱུྃ་ཡིག མིག་འབྲས་གཡོན་དང་ལག་པ་གཡོན་པར་ཟླ་བ་ལ་གནས་པའི་ཨོཾ་ཡིག་བསམས་ལ་ཧཱུྃ་ཞེས་གཡོན་སྐོར་དུ་བལྟས་པས་ཉི་མ་དང་ཧཱུྃ་ཡིག་རྣམས་ལས་རྡོ་རྗེའི་མེ་དཔག་ཏུ་མེད་པ་འཕྲོས་པས་གདུག་པ་ཅན་རྣམས་ཚིག་ནས་བྲོས་པར་བསྒོམ། ཡང་གཡས་སྐོར་དུ་བལྟས་པས་ཟླ་བ་དང༌། ཨོཾ་ཡིག་རྣམས་ལས་འོད་ཟེར་དཀར་པོ་བདུད་རྩིའི་ཚོགས་དང་ལྡན་པ་དཔག་ཏུ་མེད་པ་འཕྲོས་པས་རང་གི་སློབ་མ་དང་འཁོར་རྣམས་ཀྱིས་འཐུངས་པས་ཚིམ་ནས་ཚེ་དང་བསོད་ནམས་རྒྱས་པར་བསམ་མོ། །དེ་ནས་རྐང་པ་གཉིས་ཨཱཿལས་བྱུང་བའི་སྣ་ཚོགས་རྡོ་རྗེར་བསམས་ལ། སློབ་དཔོན་དབང་ལྡན་དུ་འོང༌། དེ་ནས་གཡས་སྐོར་དུ་རྡོ་རྗེའི་འགྲོས་ཀྱིས་བསྐོར་བས་གསེར་གྱི་ས་གཞི་ལ་ཐུག་གི་བར་གྱི་ས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ། དེ་ནས་སློབ་དཔོན་དབུས་ནས་དབང་ལྡན་དུ་བལྟས་ལ་ཁྲོ་བོའི་ང་རྒྱལ་དང༌། ཧཱུྃ་དེངས་ཤིག་ཡོད་པར་གྱུར་པ་གང་སུ་དག ལྷ་དང་ལྷ་མ་ཡིན་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། བརྗེད་བྱེད་དང༌། འབྱུང་པོ་དང༌། མཁའ་འགྲོ་མ་དང༌། གནོན་པོ་དང༌། རྒན་པོ་དང༌། རྒན་མོ་དང་རྗེས་སུ་སྤྱོད་པའི་འཁོར་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། སྐྱེས་བུ་སྔགས་གྲུབ་པ་རྣམས་སའི་ཕྱོགས་འདིར་སློབ་མ་ཆེ་གེ་མོ་ཞེས་བྱ་བ་ཡང་དག་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་དོན་དང༌། སེམས་ཅན་གྱི་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་རྒྱུར་དཔལ་ཧེ་རུ་ཀ་མཁའ་འགྲོ་རྒྱ་མཚོའི་འཁོར་ལོ་བཅུ་གཉིས་སུ་མངོན་པར་བརྗོད་པའི་དཀྱིལ་འཁོར་བདག་གིས་བྱའོ། །དཔལ་མཁའ་འགྲོ་རྒྱ་མཚོའི་བཀའ་འདི་ཐོས་ནས་མྱུར་དུ་འགྲོ་བར་གྱིས་ཤིག གང་ཞིག་མི་འགྲོ་ན་དེ་ལ་བདག་དཔལ་ཧེ་རུ་ཀ་རྡོ་རྗེ་རབ་ཏུ་འབར་བའི་ཧཱུྃ་ཞེས་བརྗོད་པས་རབ་ཏུ་ཁྲོས་པའི་ཞལ་ཅན་ཀུན་ནས་འབར་བས་ཡེ་ཤེས་ཆེན་པོའི་རྡོ་རྗེས་སྤྱི་བོ་བརྒྱར་འགས་པར་བྱའོ། །ཞེས་དྲག་ཏུ་བརྗོད་ལ་ལུས་ཀྱི་ཚམ་རྔམས་དང་རོལ་མོ་དྲག་ཏུ་བྱ། ཕྱོགས་ཐམས་ཅད་དུ་ཡུངས་ཀར་གཏོར་ཞིང་གུ་གུལ་གྱིས་བདུག ངག་ཏུ་སུམྦྷ་སོགས་ཁྲོ་བོའི་སྔགས་འདོན། སེམས་ཀྱིས་བགེགས་ཐམས་ཅད་བྲོས་པར་བསམ་མོ། །དེ་ནས་ཤར་དུ་གཡས་བརྐྱང༌། ལྷོར་གཡོན་བརྐྱང༌། ནུབ་ཏུ་ས་ག བྱང་དུ་ཟླུམ་པོ། དབུས་སུ་མཉམ་པ་སྟེ། དེ་ཙམ་གྱིས་ཀྱང་དོན་འགྲུབ་ལ། རྒྱས་པར་སྤྲོ་ན་སྟངས་སྟབས་དྲུག་ཅུ་རྩ་བཞི་བྱེད་པར་བཤད་དེ། ཁོ་བོས་ལོགས་སུ་བཀོད་པ་ལས་ཤེས་སོ། །གཉིས་པ་ཕུར་བུ་གདབ་པ་ནི། རང་བདེ་མཆོག་རྡོ་རྗེ་ཧཱུྃ་མཛད་དུ་གསལ་བའི་ཐུགས་ཀ་ནས་ཧཱུྃ་གིས་སྒྲས་བསྐུལ་ནས། དཔལ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཐོད་པ་འཛིན་པ་དྲག་པོའི་ལུས་ཅན་བསྐལ་པའི་མེ་ལྟ་བུར་མི་བཟད་པ་དཔག་ཏུ་མེད་པ་སྤྲོས། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ་སོགས་གནས་གསུམ་དུ་བཀོད་པས་བགེགས་འགུགས་པའི་ནུས་པ་ཅན་དུ་བསམས་ལ་ཨོཾ་སུམྦྷ་སོགས་དྲག་ཏུ་བཀའ་བསྒོས་པས། དེ་རྣམས་ནམ་མཁའི་ཁམས་གང་བར་འཕྲོས་ཕྱོགས་བཅུའི་བགེགས་ཀྱི་བདག་པོ་འཁོར་དང་བཅས་པ་བཀུག་སྟེ། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་མེ་ལ་སོགས་པའི་གྲྭ་བཞིར་ཧཱུྃ་ལས་ཁྲོན་པ་མེ་རབ་ཏུ་འབར་བ་བཞིར་གྱུར་པའི་ནང་དུ་བཞག་པར་བསམ། དེ་ནས་མདུན་གྱི་ཕུར་བུ་བཞི་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་བཞིའི་སྟེང་དུ་སྐད་ཅིག་གིས་ཤར་ལྷོའི་ཕུར་བུ་ནམ་མཁའི་སྙིང་པོ་ལྷོ་ནུབ་ཀྱི་པདྨ་གར་གྱི་དབང་ཕྱུག ནུབ་བྱང་གི་རྣམ་པར་སྣང་མཛད། བྱང་ཤར་གྱི་ཕུར་བུ་རྡོ་རྗེ་སེམས་དཔའ་རྣམས་ལྟེ་བ་ཡན་ཆད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ། གཡས་འོག་མས་ཌཱ་མ་རུ། གཡོན་འོག་མས་ཐོད་པ་འཛིན་པ་རུས་པའི་རྒྱན་གྱིས་བརྒྱན་པ། ལྟེ་བ་མན་ཆད་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་དུ་བསམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ཁྲོ་བོ་དཔག་ཏུ་མེད་པ་སྤྱན་དྲངས་ལ་ཕུར་བུ་རྣམས་ལ་ཐིམ་པར་བསམས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་པས་ཕུར་བུ་རྣམས་བགེགས་ཀྱི་ལུས་འབིགས་པའི་ནུས་པ་དང་ལྡན་པར་བལྟའོ། །དེ་ནས་སློབ་དཔོན་མེར་སོང་ལ་བགེགས་ཀྱི་སྤྱི་བོར་ཕུར་བུ་བཙུགས་པར་བསྒོམས་ནས། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཧཱུྃ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལ་ཡ། བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི། སརྦ་བིགྷྣཱན་ཀཱ་ཡ་ཝཱཀྩིཏྟ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བརྗོད་ལ་ཕུར་ཁུང་དུ་བཙུགས་ཏེ། གཡོན་གྱིས་བཟུང་ལ་གཡས་པའི་རྡོ་རྗེ་ཐོ་བས་བརྡུགས་པས། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུག་པར་བསམ་ཞིང༌། ཨོཾ་བཛྲ་མུཀྟར་ཨ་ཀོ་ཊ་ཡ་ཨ་ཀོ་ཊ་ཡ་ཧཱུྃ། ཞེས་བརྗོད་དོ། །དེ་བཞིན་དུ་མཚམས་གཞན་གསུམ་དུའང་བྱས་པས་འགྲོ་བ་བགེགས་དང་བྲལ་བར་བསམ་མོ། །དགུ་བརྒྱ་པར། ཡང་ན་ཡེ་ཤེས་ཀྱིས་ནུས་ན། ཏིང་ངེ་འཛིན་གྱི་ཕུར་བུ་གདབ། ཀྱེ་རྒྱལ་བའི་སྲས་དག་སེམས་ཙམ་མོ། །ཞེས་བྱ་བའི་ཚིག་གི་འཐད་པས་སོ། །ཞེས་འབྱུང་ངོ༌། །ལུང་འདིས་ནི་ལས་དང་པོ་པས་བསམ་གཏན་གྱི་སྒྲུབ་མཆོད་བྱེད་པ་བཀག་པ་ཡིན་ནོ། །དེ་ནས་ཕུར་བུ་རྣམས་ཀྱི་སྟེང་དུ་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེ་རྣམས་ཀྱི་འོད་ཟེར་གྱིས་བགེགས་ཐམས་ཅད་བསྲེགས་ཏེ་ཐལ་བར་གྱུར་པར་བལྟའོ། །གསུམ་པ་བདེན་པ་གཉིས་ཀྱིས་སྦྱང་བ་ནི། སྔར་སྤྲོས་པའི་ཧེ་རུ་ཀ་རྣམས་རང་གི་སྙིང་གར་ཐིམ་པས་བདག་དང་བགེགས་ལ་སོགས་པའི་སྣང་བ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་དུ་བསམས་ཏེ་དོན་དམ་པའི་སྦྱང་བའོ། །དེ་ནས་གནས་ཁང་དེ་ཉིད་གཞལ་ཡས་ཁང་པ་མཚན་ཉིད་དང་ལྡན་པར་གྱུར་པའི་ཕྱི་རོལ་དུ་རྟ་མགྲིན་དཀར་པོ་གཡས་བརྐྱང་གིས་བཞུགས་པ། ཕྱག་མཚན་ཕུར་བུ་བཞི་དང་འདྲ་བ་དཔག་ཏུ་མེད་པ་སྤྲོས་པས་བགེགས་ཐམས་ཅད་བསྲུང་བའི་ལས་མཛད་པར་བསམ། དེའི་ཐུགས་ཀ་ནས་མཚོན་ཆ་སྣ་ཚོགས་བྱུང་ནས་རྭ་བའི་ཚུལ་གྱིས་བསྐོར་བས་བདུད་དང་བར་དུ་གཅོད་པས་མི་ཚུགས་པར་བྱས་སོ། །ཞེས་བསམ། འོག་ཏུ་ཧྲཱིཿལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གནས་ཁང་ཚུད་པ། འོག་གི་ས་གཞི་ཨཱཿལས་བྱུང་བའི་སྣ་ཚོགས་རྡོ་རྗེར་བསམས་ལ་ཧཱུྃ་ལན་བརྒྱར་འདོན་ཞིང་རྡོ་རྗེའི་ལྟ་བས་ཕྱོགས་ཐམས་ཅད་དུ་བལྟའོ། །དགུ་བརྒྱ་པར། རྡོ་རྗེ་སེམས་དཔའི་གསང་སྔགས་བཟླ་བར་ཡང་བཤད་དེ་ཀུན་རྫོབ་ཀྱི་སྦྱང་བའོ། །དེ་ནས་གནས་དེ་ཉིད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་གཏོར་མ་ཕུལ་ནས་གནས་གསུམ་བསྲུང་ཞིང་དགེ་བ་བསྔོ་བ་རྣམས་བྱའོ། །གསུམ་པ་ས་གཟུང་བ་ནི། ནངས་པར་སྔ་བར་འདྲི་བར་འགྱུར་བའི་དཀྱིལ་འཁོར་གྱི་སའི་དབུས་སུ། སློབ་དཔོན་ཤར་དུ་ཕྱོགས་པ་དང༌། ཕྱོགས་བཞིར་སློབ་མ་རྣམས་སློབ་དཔོན་ལ་ཕྱོགས་པར་འདུག་ནས་སྒྲུབ་ཐབས་ལྟར་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་གྱི་བར་མངོན་རྟོགས་ཐམས་ཅད་རྫོགས་པར་བསྒོམ། དཀྱིལ་འཁོར་མི་བསྡུ་བར་བཟླས་པ་ཅི་ནུས་བྱའོ། །དེ་ནས་ཕྱོགས་བཞིའི་སློབ་མ་དུམ་སྐྱེས་མའི་ང་རྒྱལ་འཛིན་པ་རྣམས་ཀྱིས་སློབ་དཔོན་བདེ་མཆོག་གི་ངོ་བོར་བསྒོམས་པ་ལ། ཆུ་གསུམ་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང༌། རོལ་མོས་མཆོད་ལ། ཤར་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལྷོ་ནས། མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མིན་པ་ཐམས་ཅད་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ནུབ་ནས། ཞི་བའི་ཆོས་མཆོག་ལས་བྱུང་བའི། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །བྱང་ནས། སེམས་ཅན་ཀུན་གྱི་སེམས་ཅན་པོ། །དེ་བཞིན་དག་པ་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞེས་གསོལ་བ་གདབ། སློབ་མ་མེད་ན་གཞན་གྱིས་བྱས་པར་བསྒོམས་ལ། རང་གིས་ཆོ་ག་ཚང་བར་བྱའོ་གསུང༌། དེ་ནས་སློབ་དཔོན་ལྷའི་ང་རྒྱལ་བརྟན་པོས། དེང་འདིར་བདག་སྐྱེས་འབྲས་བུ་ཡོད། །བདག་གི་འཚོ་བ་འབྲས་བུར་བཅས། །དམ་ཚིག་ལྷ་རྣམས་ཐམས་ཅད་དང༌། །བདག་ནི་མཉམ་འགྱུར་ཐེ་ཚོམ་མེད། །བདག་ནི་ཉི་མ་དེང་མཆོག་ཡིན། །དེང་བདག་མཆོག་སྦྱིན་བླ་ན་མེད། །སངས་རྒྱས་ཀྱིས་རྗེས་བརྩེ་བ་ཡི། །བཀའ་ལུང་ཐོབ་པར་བདག་གིས་ཤེས། །ཞེས་དགའ་བའི་སེམས་ཀྱིས་བརྗོད་ལ། །སྔར་གྱི་ནམ་མཁའི་དཀྱིལ་འཁོར་ལ་དམིགས་ནས། ཆུ་དང༌། ཉེར་སྤྱོད་དང༌། རོལ་མོ་དབུལ། རིག་མ་བཅུ་དྲུག་དང་ལྷ་མོ་བརྒྱད་ཀྱིས་མཆོད་ནས། རྡོ་རྗེ་དྲིལ་བུ་འཛིན་པས། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །རྣལ་འབྱོར་ཆེན་པོ་ཐུབ་ཆེན་པོ། །མགོན་པོ་ཆེན་པོ་བྱེད་པ་ཆེ། །ཐེག་པ་ཆེན་པོ་ཤིང་རྟ་ཆེ། །གསུང་བ་ཆེན་པོ་ཤེས་རབ་ཆེ། །དཔའ་བོ་ཆེན་པོ་དོན་ཆེན་མཛད། །འཛིན་པ་ཆེན་པོ་ང་རྒྱལ་ཆེ། །རྒྱལ་པོ་ཆེན་པོ་མཆོད་པ་ཆེ། །སྲིད་པ་ཆེན་པོ་སིམ་པ་ཆེ། །རོལ་པ་ཆེན་པོ་གནས་ཆེན་པོ། །མཚོན་ཆ་ཆེན་པོ་དྲག་པོ་ཆེ། །བཞད་པ་ཆེན་པོ་དཀའ་ཐུབ་ཆེ། །ཞེ་སྡང་ཆེན་པོ་འདོད་ཆགས་ཆེ། །གཏི་མུག་ཆེན་པོ་སྟོབས་ཆེན་པོ། །སྣུམ་པ་ཆེན་པོ་སྒྲ་ཆེན་པོ། །སྙེམས་པ་ཆེན་པོ་སྟོབས་ཆེན་པོ། །སྐུ་གསུམ་ལམ་གསུམ་ཆ་བྱད་ཅན། །འཁོར་ལོ་གསུམ་དང་སྲིད་གསུམ་མཆོག །དྲི་མ་གསུམ་སྤངས་དགེ་བ་གསུམ། །སྤྱན་གསུམ་སུམ་ཅུ་གསུམ་དབང་ཕྱུག །སྲིད་པ་གནོན་པ་སྲིད་རྩེའི་མཆོག །སྲིད་པ་ལྡན་པ་སྲིད་ལས་འདས། །སྲིད་པ་དངོས་མེད་སྲིད་སྣང་བའི། །སྲིད་པའི་སྟེང་མ་སྲིད་གཙོ་བོ། །རྣལ་འབྱོར་སྤྱོད་པས་རྣལ་འབྱོར་ཆེ། །རྣལ་འབྱོར་མ་ཡི་རྣལ་འབྱོར་བརྩོན། །སྦྱོར་ཤེས་རྣལ་འབྱོར་པ་ཡང་འབྱུང༌། །རྣལ་འབྱོར་རྣལ་འབྱོར་མངོན་འཇོམས་པའོ། །རྡོ་རྗེ་དཔལ་དབང་ཕྱུག་དགྱེས་པ། །རྡོ་རྗེའི་ཕྲེང་བས་རྣམ་པར་བརྒྱན། །རྡོ་རྗེ་ཁ་ཊྭཱཾ་ཕྲད་པའི་ལུས། །རྡོ་རྗེ་རྡོ་རྗེའི་ཕྱག་ཆེན་པོ། །རྡོ་རྗེའི་གར་ནི་བརྟན་པ་ཆེ། །རྡོ་རྗེའི་གླུ་ནི་སྒྲ་ཆེན་པོ། །རྡོ་རྗེ་པདྨའི་ཏིང་འཛིན་བཞུགས། །རྡོ་རྗེའི་གདན་ནི་དགའ་བར་དགྱེས། །བདེ་བའི་བཞེས་པ་ཐོབ་པ་སྟེ། །འོད་ཀྱིས་སྐྱེ་བོ་སྐྱོང་བ་པོ། །ལུས་ངག་ཡིད་ཀྱིས་ཐམས་ཅད་དུ། །ཁྱོད་ལ་གུས་པས་བདག་འདུད་དོ། །མཁའ་འགྲོ་དྲྭ་བ་ལ་ཕྱག་འཚལ། །ཕྱག་འཚལ་མཁའ་འགྲོའི་དཀྱིལ་འཁོར་ལ། །སྟོང་པའི་ཐུགས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་དང༌། ཨེ་མའོ་ཆོས་ཨེ་མའོ་ཆོས། །ཨེ་མའོ་ཆོས་ཀྱི་དོན་བྱུང་བ། །ཆོས་བདག་པ་ཡི་དོན་བདག་མེད། །རྡོ་རྗེ་རྒྱལ་པོ་ཕྱག་འཚལ་འདུད། །སྐུ་གསུང་ཐུགས་ནི་ཤིན་ཏུ་དག །ནམ་མཁའ་མཉམ་པ་ཉིད་ཀྱི་གནས། །རྣམ་པར་འགྱུར་མེད་སྣང་བ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་འདུད། །དེ་བཞིན་གཤེགས་པ་ཐུགས་ཀྱི་གཙོ། །དུས་གསུམ་ལམ་ལ་གནས་པ་སྟེ། །གོ་སྐབས་ཆེན་པོའི་དབྱིངས་འབྱུང་བ། །ནམ་མཁའ་ལ་ནི་ཕྱག་འཚལ་འདུད། །ནམ་མཁའི་སྐུ་ནི་ཡང་དག་འབྱུང༌། །ནམ་མཁའི་གསུང་ནི་རབ་འཇུག་པ། །ནམ་མཁའི་ཐུགས་ནི་ཆོས་ཀྱི་མཆོག །སྤྱོད་པའི་གོ་འཕང་ཕྱག་འཚལ་འདུད། །རྡོ་རྗེ་སེམས་དཔའ་ཐེག་པ་ཆེ། །ནམ་མཁའི་སྤྱོད་པ་རྣམ་སྦྱང་བ། །ཀུན་ཏུ་བཟང་པོ་མཆོད་པའི་མཆོག །རྒྱལ་བ་མཆོག་གི་མཆོད་པ་གསུངས། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །རྡོ་རྗེ་ཐེག་པ་ཉེར་སྟོན་པ། །ནམ་མཁའི་ཁམས་དང་མཉམ་པའི་མཆོག །རྒྱལ་བ་མཆོག་གི་མཆོད་པ་གསུངས། །ཐར་པའི་ལམ་གྱིས་རབ་གྲོལ་བ། །ཐེག་གསུམ་མཆོག་ལམ་གནས་པ་པོ། །སངས་རྒྱས་བསྐལ་བཟང་པ་ཡི་བདག །དོན་ཡོད་མཆོད་པ་མི་ཡི་མཆོག །བྱང་ཆུབ་སེམས་ནི་ཡངས་པའི་སྤྱན། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །སྐུ་གསུང་ཐུགས་ནི་ཡོངས་སུ་དག །རྡོ་རྗེ་ཐེག་པར་ཕྱག་འཚལ་ལོ། །ཞེས་པའམ། བསྡུ་ན། རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད་པས་ཀྱང་རུང་ངོ༌། །དེ་ནས་མཆོད་པའི་ལྷ་མོ་རྣམས་རང་ཉིད་ལ་བསྡུ། ཡབ་ཀྱི་ཉེ་སྙིང་བཟླས་པས་རང་གིས་བསྒོམས་པའི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ལ། སྔར་གྱི་དཀྱིལ་འཁོར་དང་རོ་གཅིག་ཏུ་གྱུར་པར་བསམ། རང་ཉིད་གཙོ་བོའི་ང་རྒྱལ་གྱིས་ལངས་ལ་མིག་སྔར་བཞིན་བྱིན་གྱིས་བརླབས་ལ་བལྟ། རྐང་པའམ་བྱིན་གྱིས་བརླབས་ནས་སྔར་བཞིན་བསྐོར། དེ་ནས་དབུས་སུ་འདུག་ལ་རང་གི་མིག་གཡས་པ་ཨཱཿལས་བྱུང་བའི་ཉི་མ། མིག་འབྲས་ཧཱུྃ་གིས་མཚན་པ། དེ་ལས་རྡོ་རྗེའི་མེ་དཔག་ཏུ་མེད་པ་བྱུང་བས་ཕྱི་རོལ་མཐའ་དག་མེའི་རྭ་བས་བསྐོར་བར་བསམ། ཡང་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། དེ་རྣམས་རྡོ་རྗེ་སྔོན་པོ་དཔག་ཏུ་མེད་པར་གྱུར་ཏེ། མེའི་ནང་དུ་རྡོ་རྗེའི་རྭ་བས་བསྐོར་བར་བསམ། ཡང་ཨཱཿལས་འོད་དམར་པོ་འཕྲོས་པ་ལས། པདྨ་དམར་པོའི་རྭ་བས་བསྐོར་བ་དང༌། མིག་འབྲས་ལ་ཨོཾ་དཀར་པོ། དེ་ལས་འོད་དཀར་པོ་འཕྲོས་པ་ལས། འཁོར་ལོ་དཀར་པོའི་རྭ་བས་བསྐོར་བར་བསམ། ཡང་རང་གི་མིག་གཡས་པར་ཉི་མ། གཡོན་པར་ཟླ་བ་སྣའི་རྩེ་མོར་ཨཾ་དཀར་པོ་དེ་རྣམས་ལས་འོད་འཕྲོས་པས། ཡང་ཕྱི་རོལ་དུ་རྭ་བ་གསུམ་དང༌། སྟེང་རྡོ་རྗེའི་གུར་དུ་གྱུར་པར་བསམ་མོ། །དེའི་སྟེང་དུ་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། གཡས་པདྨས་མཚན་པའི་དབྱུག་ཏོ། །གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པས་བགེགས་ལྷག་མ་རྣམས་བཅོམ་པར་བསམ། དེ་ནས་ནམ་མཁའི་ལྷ་ལ་མཆོད་བསྟོད་རྒྱས་པར་བྱ་ཞིང༌། གཏོར་མ་དབུལ་བ་ནས་དགེ་བ་བསྔོ་བའི་བར་སྔར་བཞིན་བྱས་ལ། འོག་ནས་བཤད་པ་ལྟར་ལས་ཀྱི་ཐིག་ཚུལ་བཞིན་དུ་བཏབ་ལ། སའི་དབུས་དེ་ཉིད་དུ་ཉལ་བར་བྱའོ། །གཉིས་པ་ལྷ་གནས་ཀྱི་ཆོ་ག་ལ་གསུམ། སྔོན་འགྲོ་ལས་ཐིག་གདབ་པ། དངོས་གཞི་སྟ་གོན་བཞི་བྱ་བ། རྗེས་ལྷ་ལ་སྙན་གསན་དབབ་པའོ། །དང་པོ་ལས་ཐིག་གདབ་པ་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ལ་བཞིའི་དང་པོ་སའི་ལྷ་མོ་སྟ་གོན་ནི། འདིར་བྱེད་པ་གཞུང་གཉིས་ཀ་ན་མི་སྣང་ཡང༌། བླ་མ་རྣམས་མཛད་ཀྱིན་སྣང་བས་སྔར་བཞིན་བྱས་ཀྱང་རུང་ངོ༌། །གཉིས་པ་ལྷ་སྟ་གོན་ནི། ཕྱི་མ་རེད་ཀྱི་དུས་སུ། དཀྱིལ་འཁོར་གྱི་ཐིག་ལ་མི་གནོད་པའི་བྱི་དོར་བྱ། ལྷའི་གནས་རྣམས་སུ་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་ཚང་བར་བཀོད་པའི་མཐར་ཆུ་གསུམ་སྔོན་འགྲོའི་མཆོད་པ་ལྷའི་གྲངས་དང་མཉམ་པའམ། མ་འབྱོར་ན་གཙོ་བོ་ལ་ལྔ། ཡུམ་ལ་གཅིག རིགས་བདག་ལ་གཅིག གཞན་འདབ་མའི་ལྷ་དང༌། འཁོར་ལོ་དང༌། བསྐལ་བཟང་དང༌། སྒོ་མཚམས་མ་རྣམས་ལ་རེ་རེ་སྟེ། ཉི་ཤུ་རྩ་བདུན་ཅིས་ཀྱང་བཤམ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་དང་སྔོན་འགྲོ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འཚོག་པར་བྱ། སློབ་དཔོན་གྱི་མདུན་དུ་ནང་མཆོད་དང༌། རྡོ་རྗེ་དྲིལ་བུ་སོགས་བཤམས་ནས་ཐམས་ཅད་གྲལ་ལ་འཁོད་པ་ལ། སྔོན་འགྲོའི་གཏོར་མ་ཆང་དང་ཆུས་སྦྱངས། ཨོཾ་བཛྲ་ཁཎྜ་རོ་ཧཱ་ཡཻ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་དུམ་སྐྱེས་མས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་སྣོད་ཐོད་པར་གྱུར་པའི་ནང་དུ་གཏོར་རྫས་ཤ་ལྔ། བདུད་རྩི་ལྔའི་རང་བཞིན་གྱི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་པ་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཡི་གེ་གསུམ་ལ་ཐིམ། དེ་དག་ཀྱང་གཏོར་མ་ལ་ཐིམ་པས་ཐམས་ཅད་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་ལན་གསུམ་བརྗོད་དོ། །དེ་ནས་ཕཻཾ་གྱི་སྒྲ་དང་འབར་བའི་ཕྱག་རྒྱས་དུར་ཁྲོད་ཀྱི་བདག་པོ་རྣམས་སྤྱན་དྲངས་ཏེ། དེ་རྣམས་ཀྱིས་གཏོར་མ་གསོལ་བར་བསམས་ལ། ཨོཾ་ཁ་ཁ་སོགས་གསུམ་མམ་བདུན་གྱིས་ཕུལ། ཕྱི་མཆོད་དང་ནང་མཆོད་ཀྱིས་མཆོད། དྲིལ་བུ་གསིལ་ཞིང་ཕྲིན་ལས་གཞོལ། སླར་ཡང་ཕྱོགས་སྐྱོང་བ་ལ་སོགས་པ་དུར་ཁྲོད་ཀྱི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། བདག་གི་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། བར་དུ་གཅོད་པ་ཐམས་ཅད་ལས་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་བརྗོད། སྲིད་པ་ཞི་བ་ཞེས་སོགས་ཀྱིས་སྨོན་ལམ་ནས་གཤེགས་སུ་གསོལ་བའི་བར་སྒྲུབ་ཐབས་ལྟར་བྱས་ལ་གཏོར་མ་རོལ་མོ་དང་བཅས་པས་ས་གཙང་སར་དོར་ཏེ། སྔོན་འགྲོའི་གཏོར་མའོ། །དེ་ནས་སློབ་མས་མཎྜལ་ཕུལ་ཏེ། གསོལ་བ་བཏབ་ལ། སྐྱབས་འགྲོ་སེམས་བསྐྱེད་ནས་བརྩམས་ཏེ་དཀྱིལ་འཁོར་བསྡུ་བའི་བར་སྒྲུབ་ཐབས་ལྟར་བསྒོམ་མོ། །དེ་ནས་མདུན་དུ་བཤམས་པའི་མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ལ། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་བསང་སྦྱངས་སྟོང་པའི་ངང་ལས། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་བྱུང་བའི་རྡོ་རྗེའི་རྭ་བ་གྲུ་བཞི་པ་དང༌། རྡོ་རྗེ་དང་ཧཱུྃ་གི་འོད་ཟེར་གྱིས་སྟེང་དུ་རྡོ་རྗེའི་གུར་དང་རྭ་བ་དང་གུར་གྱི་མཚམས་སུ་རྡོ་རྗེའི་བླ་རེ་དང༌། དེ་དག་གི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ལྗང་གུ་མདའི་དྲྭ་བ་རྣམས་སུ་གྱུར་པར་བསམ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད་པ་ནས་བསྐལ་བཟང་གི་ཟླ་བའི་གདན་གྱི་བར་གཞལ་ཡས་ཁང་གདན་དང་བཅས་པ་སྒྲུབ་ཐབས་ལྟར་བསྐྱེད་དོ། །དེ་ནས་བདུད་རྩི་དང་དྲི་བཟངས་ཀྱི་ཆུས་དཀྱིལ་འཁོར་ལ་གཏོར་ཞིང༌། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱུག་རིས་བྱས་པར་བསྒོམ། ལྷ་གནས་རྣམས་སུ་བདུད་རྩི་ལྔ་དང་དྲིའི་ཐིག་ལེ་བྱ་ཞིང་སྔགས་དང་མེ་ཏོག་གི་ཚོམ་བུ་བཀོད། སྔར་བཀོད་ཚར་ན་སོ་སོའི་སྔགས་བཟླ་ཞིང་བཀོད་པར་བསམས་པས་མེ་ཏོག་གི་སྟེང་དུ་སྔགས་རྣམས་ཡིག་འབྲུའི་གཟུགས་སུ་བྱུང་བར་བསམ་མོ། །དེ་ནས་དབུས་ཀྱི་གདན་གྱི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུྃ་སྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཉི་མ་ལ་ཧཱུྃ་གིས་མཚན་པ། དེ་ནས་འཁོར་ལོ་བཅུ་གཉིས་ཀྱི་ལྷ་རྣམས་སྤྲོས། སེམས་ཅན་ཐམས་ཅད་ཧེ་རུ་ཀའི་ལྷ་ཚོགས་སུ་བྱས་ནས། དེ་རྣམས་དང་གདོད་མ་ནས་གྲུབ་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས། དེ་ཉིད་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། ལྷ་ཐམས་ཅད་དུས་གཅིག་ལ་ཡོངས་སུ་རྫོགས་པར་བསམས་ལ། དབུས་སུ་བཅོམ་ལྡན་འདས་མཁའ་འགྲོ་རྒྱ་མཚོ་ཡབ་ཡུམ་བསྐྱེད། དེའི་ཕྱི་རོལ་ཐིག་ལེའི་འཁོར་ལོ་པདྨ་འདབ་མ་བཞི་བཅུ་ཞེ་བརྒྱད་ལ་རྣལ་འབྱོར་མ་ཉེར་བཞི་བསྐྱེད་པ་ནས་བརྩམས་ཏེ། དུར་ཁྲོད་རྣམས་སུ་རྒྱུ་སྐར་སྣ་ཚོགས་པ་དང་བཅས་པས་ཡོངས་སུ་གང་བར་བསྒོམ་པའི་བར་སྒྲུབ་ཐབས་ལྟར་བྱའོ། །དེ་ནས་སྔར་གྱི་ནམ་མཁའི་དཀྱིལ་འཁོར་ལ་ཕྱི་དང་རིག་མ་བཅུ་དྲུག་གིས་མཆོད་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་ཞེས་སོགས་ཀྱིས་བསྟོད་ནས་ཕྱག་བྱས་པར་བསམས་ལ། ཛཿཧཱུྃ་བཾ་ཧོཿནམ་མཁའི་གསང་བའི་དཀྱིལ་འཁོར་དང༌། ས་གཞིའི་དཀྱིལ་འཁོར་གཉིས་རོ་གཅིག་ཏུ་གྱུར་པར་བསམ་མོ། །འདི་དགུ་བརྒྱ་པར་འབྱུང་ལ། དཀྱིལ་ཆོག་འདིར་ཆད་པ་འདྲའོ། །དེ་ནས་གཙོ་བོའི་ཐུགས་ཀར་ཧཱུྃ་གཉིས་ཀྱི་བར་དུ་རཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམ་པ་ནས་ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ཙཎྜི་ཀཱའི་ངོ་བོར་དགོད་པའི་བར་གྱིས་གོ་ཆ་བགོ དེ་ཉིད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ནམ་མཁར་སྤྱན་དྲངས་ལ། ཨོཾ་བཛྲ་མཎྜ་ལ་ཧཱུྃ་ཛཿ ཞེས་དང་སེ་གོལ་གཏོགས། ཕྱི་དང་རིག་མ་བཅུ་དྲུག་གིས་མཆོད་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གུ་ཧྱ་མཎྜ་ལ་ཧཱུྃ་ཕཊ་དང༌། ཛཿཧཱུྃ་བཾ་ཧོཿ མདུན་གྱི་དཀྱིལ་འཁོར་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ་མོ། །དེ་ནས་བྱིན་གྱིས་བརླབ་པའི་ཕྱིར། ཨོཾ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷི་ཧཱུྃ། ཞེས་ལན་བདུན་གྱིས་གཙོ་བོ་བརྟན་པར་བྱ། ཡང་ལྷ་ཐམས་ཅད་ཀྱི་སྔགས་མ་ལུས་པ་ཚར་གསུམ་གསུམ་མམ་ཚར་གཅིག་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་དབང་བསྐུར་ཞིང་རིགས་ཀྱི་བདག་པོའི་རྒྱས་གདབ་པ་སྒྲུབ་ཐབས་ལྟར་རོ། །དེ་ནས་སྔར་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་ཀྱིས་མཆོད་དེ། ཕྱི་དང་ཡིད་ལས་བྱུང་བ་དང༌། ནང་དང་བསྟོད་པ་རྣམས་མཆོད་ཕྲེང་ལྟར་བྱའོ། །གསུམ་པ་བུམ་པ་སྟ་གོན་ནི། མཚན་ཉིད་དང་ལྡན་པའི་བུམ་པ་ལྷ་གྲངས་དང་མཉམ་པའམ། ཉི་ཤུ་རྩ་བཞིའམ་དྲུག་གམ། བསྡུ་ན་གཉིས་ཀྱང་རུང་སྟེ། རྣམ་པར་རྒྱལ་བ་ལ་པད་ཉིའི་སྟེང་དུ་རྡོ་རྗེ་དང་གྲི་གུག་བྲི། གཞན་རྣམས་ལ་པདྨ་དང་རོའི་སྟེང་དུ་གྲི་གུག་སོ་སོའི་མདོག་ཅན། བསྐལ་བཟང་གི་བུམ་པ་ལ་པད་ཟླ་ལ་གནས་པའི་ཆོས་འཆད་ཀྱི་ཕྱག་རྒྱ་བྲི། བུམ་པ་རྣམས་གུ་གུལ་གྱིས་བདུག དུམ་སྐྱེས་མ་བཟླས་ཤིང་བགེགས་བསལ། རས་དཀར་པོ་ཟུང་གིས་མགུལ་པ་དཀྲི། ནང་དུ་སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ། ཤ་ལྔ། བདུད་རྩི་ལྔ་རྣམས་བཅུག དྲི་ལྔའི་ཆུས་བཀང་ལ། བྱང་ཆུབ་ཀྱི་ཤིང་ལོ་སོགས་ཀྱིས་ཁ་བརྒྱན་ཏེ། ཀུ་ཤའི་གདན་ལ་རྣམ་རྒྱལ་བུམ་པ་ཤར་གྱི་ནང་དང༌། གཞན་རྣམས་དཀྱིལ་འཁོར་གྱི་མཐའ་སྐོར་དུ་མཛེས་པར་བཤམ། ལས་བུམ་བྱང་ཤར་དུ་བཞག གཉིས་ལས་མེད་ན་སློབ་དཔོན་གྱི་མདུན་དུ་བཤམ་ཞིང་རྣམ་རྒྱལ་བུམ་པའི་སྟེང་དུ་དུང་ཆོས་དྲིའི་ཆུས་བཀང་བ་དང༌། དེའི་སྟེང་དུ་རྡོ་རྗེ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་གཞག་གོ །དེ་ནས་རྣམ་རྒྱལ་བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བ་ལ་བཾ་དཀར་པོ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་ཧྲཱིཿལས་སྣ་ཚོགས་པདྨ་ཤིན་ཏུ་རྒྱ་ཆེ་བའི་དབུས་སུ་ཉི་མ་ལ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དེ་ལས་བཅོམ་ལྡན་འདས་མཁའ་འགྲོ་རྒྱ་མཚོ་ཡབ་ཡུམ། དེའི་ཕྱི་རོལ་དུ་ཉི་མའི་གདན་ཉི་ཤུ་རྩ་བཞིར་ཏཾ་ཉི་ཤུ་རྩ་བཞི་ལས་གྲི་གུག་ཉེར་བཞི། དེ་རྣམས་ལས་རྣལ་འབྱོར་མ་ཉེར་བཞིར་གྱུར་པ་ནི། ཤར་དུ་མཁའ་འགྲོ་མ་སོགས་བསྐྱེད། དེའི་ཕྱི་རོལ་དུ་གདན་སོ་དྲུག་ལ་ཤར་ནས་གཡོན་སྐོར་དུ་བཾ་སྔོ་ནག་སོ་དྲུག་ལས་གྲི་གུག་སོ་དྲུག དེ་རྣམས་ལས་མཁའ་འགྲོ་མ་དང༌། ལཱ་མ་སོགས་བསྐྱེད། དེའི་ཕྱི་རོལ་དུ་གཾ་དམར་སེར་སོ་དྲུག་ལས་གྲི་གུག་སོ་དྲུག དེ་རྣམས་ལས་རྡོ་རྗེ་འཆང་མ་སོགས་དང༌། དེའི་ཕྱི་རོལ་དུ་ཤཾ་དཀར་པོ་སོ་དྲུག་ལས་གྲི་གུག་སོ་དྲུག དེ་རྣམས་ལས་རྡོ་རྗེ་བྲམ་ཟེ་མོ་སོགས་དང༌། དེའི་ཕྱི་རོལ་དུ་ཟླ་གདན་རྣམས་ལ་བཾ་ཉིས་བརྒྱ་བཞི་བཅུ་ཞེ་དགུ་ལས་ཆོས་འཆད་ཀྱི་ཕྱག་རྒྱ་ཉིས་བརྒྱ་བཞི་བཅུ་ཞེ་དགུ་དེ་རྣམས་ལས་བྱམས་པ་སོགས་བསྐལ་བཟང་དང༌། དེའི་ཕྱི་རོལ་ཕྱོགས་བཞིར་གཡོན་སྐོར་གྱིས། ཀཾ་ཨཾ་ཤཾ་སཾ། མཚམས་བཞིར་གཡས་སྐོར་དུ་ཡཾ་རེ་རེ་ལས་གྲི་གུག དེ་རྣམས་ལས་ཤར་དུ་ཁྭ་གདོང་མ་སོགས་བསྐྱེད། དེའི་ཕྱི་རོལ་དུ་གདན་སོ་དྲུག་གི་སྟེང་དུ་ཨཾ་སྔོན་པོ་སོ་དྲུག་ལས་གྲི་གུག་སོ་དྲུག་དེ་རྣམས་ལས་མིའམ་ཅི་མོ་སོགས་དང༌། དེའི་ཕྱི་རོལ་དུ་བཾ་སྔོ་ལྗང་སོ་དྲུག་ལས་གྲི་གུག་སོ་དྲུག དེ་རྣམས་ལས་རྡོ་རྗེ་མཁའ་ལྡིང་མ་སོགས་དང༌། དེའི་ཕྱི་རོལ་དུ་བྷྃ་སེར་པོ་སོ་དྲུག་ལས་གྲི་གུག་སོ་དྲུག དེ་རྣམས་ལས་སེང་གེ་མ་སོགས་དང༌། དེའི་ཕྱི་རོལ་དུ་ཟླ་གདན་རྣམས་ལ་བཾ་ཉིས་བརྒྱ་བཞི་བཅུ་ཞེ་དགུ་ལས་ཆོས་འཆད་ཀྱི་ཕྱག་རྒྱ་ཉིས་བརྒྱ་བཞི་བཅུ་ཞེ་དགུ། དེ་རྣམས་ལས་མཆོད་པ་སོགས་དང༌། དེའི་ཕྱི་རོལ་ཕྱོགས་བཞིར་གཡོན་སྐོར་གྱིས་ཝཾ་མཾ་ཀཾ་བཾ་དང༌། མཚམས་བཞིར་གཡས་སྐོར་དུ་བཾ་ཨཾ་ཙཾ་མཾ་རྣམས་ལས་གྲི་གུག དེ་རྣམས་ལས་ཤར་དུ་ཚངས་མ་སོགས་བསྐྱེད། དེའི་ཕྱི་རོལ་གདན་སོ་དྲུག་ལ་ཨཾ་དམར་པོ་སོ་དྲུག་ལས་གྲི་གུག་སོ་དྲུག དེ་རྣམས་ལས་ལྷ་མོ་སོགས་དང༌། དེའི་ཕྱི་རོལ་དུ་བཾ་དཀར་པོ་སོ་དྲུག་ལས་གྲི་གུག་སོ་དྲུག དེ་རྣམས་ལས་མ་ཀ་མ་སོགས་དང༌། དེའི་ཕྱི་རོལ་དུ་ཛྙཾ་སྣ་ཚོགས་མདོག་སོ་དྲུག་ལས་གྲི་གུག་སོ་དྲུག དེ་རྣམས་ལས་ཏིལ་མཆོག་མ་སོགས་དང༌། དེའི་ཕྱི་རོལ་ཟླ་གདན་རྣམས་ལ་བཾ་ཉིས་བརྒྱ་བཞི་བཅུ་ཞེ་དགུ་ལས་ཆོས་འཆད་ཀྱི་ཕྱག་རྒྱ་ཉིས་བརྒྱ་བཞི་བཅུ་ཞེ་དགུ། དེ་རྣམས་ལས་ཟླ་གདུགས་སོགས་དང༌། དེའི་ཕྱི་རོལ་ཕྱོགས་བཞིར་གཡོན་སྐོར་གྱིས། གཾ་གྷཾ་བཾ་ཙཾ། མཚམས་བཞིར་གཡས་སྐོར་དུ། བཾ་ཤཾ་ལཾ་ཌཾ་རྣམས་ལས་གྲི་གུག དེ་རྣམས་ལས་ཤར་དུ་གཽ་རཱི་སོགས་བསྐྱེད། དེའི་ཕྱི་རོལ་དུ་ཙཾ་ནག་པོ་སོ་དྲུག་ལས་གྲི་གུག་སོ་དྲུག དེ་རྣམས་ལས་རྡོ་རྗེ་ཀླུ་མོ་སོགས་དང༌། དེའི་ཕྱི་རོལ་དུ་ཝཾ་དམར་པོ་སོ་དྲུག་ལས་གྲི་གུག་སོ་དྲུག དེ་རྣམས་ལས་མཆོད་མ་སོགས་དང༌། དེའི་ཕྱི་རོལ་དུ་ཀཾ་དཀར་པོ་སོ་དྲུག་ལས་གྲི་གུག་སོ་དྲུག དེ་རྣམས་ལས་རྒྱལ་ཆེན་རིགས་བཞི་མ་སོགས་དང༌། དེའི་ཕྱི་རོལ་དུ་ཟླ་གདན་རྣམས་ལ་བཾ་ཉིས་བརྒྱ་བཞི་བཅུ་ཞེ་དགུ་དེ་ལས་ཆོས་འཆད་ཀྱི་ཕྱག་རྒྱ་ཉིས་བརྒྱ་བཞི་བཅུ་ཞེ་དགུ་དེ་རྣམས་ལས་འཕགས་པ་དགྱེས་པ་སོགས་དང༌། དེའི་ཕྱི་རོལ་ཕྱོགས་བཞིར་གཡོན་སྐོར་གྱིས་ཤཾ་གཾ་ནཾ་ཌཾ་དང༌། མཚམས་བཞིར་གཡས་སྐོར་དུ། ཛཾ་བྷཾ་ཁཾ་ཙཾ་རྣམས་ལས་གྲི་གུག དེ་རྣམས་ལས་ཤར་དུ་ཆུ་སྐྱེས་དཀར་མོ་སོགས་བསྐྱེད། ཐམས་ཅད་ཀྱང་ཞལ་ཕྱག་སྒྲུབ་ཐབས་ལྟར་རྫོགས་པར་བསྒོམ། དུར་ཁྲོད་དང་གཞལ་ཡས་ཁང་རྣམས་བུམ་པར་མི་བསྐྱེད་དོ། །དེ་ནས་གོ་ཆ་བགོ་བ། ཡེ་ཤེས་པ་གཞུག་པ། དབང་བསྐུར་ཞིང་རྒྱས་གདབ་པ་རྣམས་སྒྲུབ་ཐབས་ལྟར་བྱས་ལ། ཆུ་གསུམ་སོགས་ཕྱི་མཆོད་དང༌། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་གི་མཇུག་ཏུ་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་དབུལ། དྲིལ་བུ་དཀྲོལ་ཞིང༌། རྐང་པ་བཞི་བཅུ་ཞེ་བརྒྱད་པས་བསྟོད་ལ། ལྷ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་པར་བསམ་ཞིང་ལག་པས་མེ་ཏོག་ཕྲེང་བ་ནས་བཟུང་ལ། ཡབ་ཀྱི་སྙིང་པོ་སྟོང་ཕྲག་གཅིག་དང་བརྒྱ་རྩ་བརྒྱད། ལྷ་གཞན་རྣམས་ཀྱི་བརྒྱ་རྩ་བརྒྱད་རེ་བཟླས་པར་བཤད་ཀྱང༌། བོད་སཾ་སྐྲྀ་ཏའི་སྐད་ལ་སྦྱངས་པ་ཆུང་བས་དེ་ཙམ་མི་ཐོན་ན། གཙོ་བོ་ལ་སུམ་བརྒྱ། འཁོར་རྣམས་ལ་གསུམ་གསུམ་བཟླས། དགུ་བརྒྱ་པར། ཨོཾ་བཛྲོ་ད་ཀ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་ཀྱང་བཟླས་པར་བཤད་པ་བཞིན་བྱ། དེ་ནས་སྔར་བཞིན་དུ་ཕྱི་ནང་གི་མཆོད་པ་དང་བསྟོད་པ་རྣམས་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་བུམ་ནང་དུ་ཕུལ་བས་ལྷ་ཐམས་ཅད་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་ཆུའི་ངོ་བོར་གྱུར་པར་བསམས་ཏེ། རྣམ་རྒྱལ་བུམ་པ་ལྷག་གནས་སོ། །དེ་ནས་ཐིག་ལེའི་འཁོར་ལོའི་བུམ་པར་ཆོ་ག་གསུམ་གྱིས་རྣལ་འབྱོར་མ་ཉེར་བཞི་བུམ་ཐོད་དང་བཅས་པ་བསྐྱེད་པ་སོགས་སྔར་གྱི་རིགས་འགྲེས་སྦྱར་བས་ཤེས་ལ། བུམ་པ་མ་འབྱོར་ན་འདི་རྣམས་མ་བྱས་ཀྱང་རུང་ངོ༌། །དེ་ནས་ལས་བུམ་བསང་སྦྱངས་སྟོང་པའི་ངང་ལས་བཾ་ལས། ལས་ཀྱི་བུམ་པ་མཚན་ཉིད་དང་ལྡན་པར་བསྐྱེད། དེའི་ནང་དུ་ཧྲཱིཿལས་པདྨ་དང་རོའི་གདན་གྱི་སྟེང་དུ་ཁཾ་ལས་གྲི་གུག དེ་ལས་དུམ་སྐྱེས་མ་ཞལ་གཅིག་ཕྱག་གཉིས་སྐུ་གཡོན་དམར་གཡས་སེར་བ། གཡས་གྲི་གུག་དང་གཡོན་ཐོད་པ་ཐུགས་ཀར་འཛིན་པ། གཡས་བརྐྱང་གིས་བཞུགས་པར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། དབང་བསྐུར་ནས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པ་ལ། ཕྱི་ནང་གི་མཆོད་པ་དབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །ཞེས་སོགས་ཤླཽ་ཀ་གཅིག་གིས་བསྟོད། མེ་ཏོག་ཕྲེང་བ་བཟུང་ལ་དུམ་སྐྱེས་མའི་སྔགས་བརྒྱ་རྩ་བརྒྱད་བཟླས། སླར་ཡང་མཆོད་བསྟོད་དང་ལྷ་ཞུ་བ་སོགས་སྔར་བཞིན་བྱས་ལ། བུམ་པ་དེ་དཀྱིལ་འཁོར་གྱི་བྱང་ཤར་དུ་བཞག་སྟེ། ཇི་སྲིད་དཀྱིལ་འཁོར་བྱས་པ་ཡི། །དེ་སྲིད་བྱ་བ་མ་རྫོགས་པར། །བཅོམ་ལྡན་འདས་མ་ཁྱོད་ཀྱིས་ནི། །བདག་གི་གདུག་པ་བསྐྲད་པར་མཛོད། །ཅེས་བརྗོད་དེ་ལས་བུམ་ལྷག་གནས་སོ། །དེ་ནས་དཀྱིལ་འཁོར་གྱི་མདུན་གྱི་གཏོར་མ་རྣམས། ནང་མཆོད་ཆུ་ཆང་གིས་སྦྱངས་ལ། གཏོར་མ་དང་པོ་སྒྲུབ་ཐབས་ལྟར་འདས་པའི་ལྷ་ལ་དབུལ། གཉིས་པ་དཔལ་གུར་གྱི་མགོན་པོ་དང༌། གསུམ་པ་མགོན་པོ་གདོང་བཞི་པ་ལ། བཞི་པ་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་དབུལ་ལོ། །དེ་ནས་དཀྱིལ་འཁོར་གྱི་བྱང་དུ་རྒྱས་པའི་ཐབ་ཁུང་དུ་མེ་ལྷ་མཆོད་ནས། ལྷ་སོ་སོའི་སྔགས་བརྗོད་པས་དཀྱིལ་འཁོར་ནས་མེ་ཏོག་གི་སྤྱན་དྲངས་ལ། ཚིམ་པར་བྱས་པ་ལ་སླར་ཡང་སོ་སོའི་སྔགས་དང༌། མེ་ཏོག་གི་དཀྱིལ་འཁོར་དུ་སྤྱན་དྲངས་ནས་སྦྱིན་སྲེག་ལྷག་མ་རྣམས་ཆོ་ག་བཞིན་བྱའོ། །བཞི་པ་སློབ་མ་སྟ་གོན་ནི། དེ་ནས་དཀྱིལ་འཁོར་ཁང་པའི་ཤར་སྒོའི་ཕྱིར་འཐོན་ལ། སྔར་རྗེས་སུ་གཟུང་བའི་སློབ་མ་དགེ་བསྙེན་ཡིན་ན། བསྙེན་གནས་ཀྱི་སྡོམ་པ་བཟུང་བ་རྣམས་ཁྲུས་བྱས། ཕྱག་དང་མཎྜལ་ཕུལ་ཏེ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་པུས་མོ་གཡས་པ་ས་ལ་བཙུགས་ནས་འདུག་པ་ལ། བླ་མས། ཁ་ཅིག་གསང་སྔགས་གྲུབ་དོན་གཉེར། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་མཆོག་དོན་གཉེར། །འཇིག་རྟེན་མཆོག་དོན་གཉེར་བ་ཡི། །དད་པ་མང་དུ་བྱེད་པ་ཡི། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདིར་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་ཐོབ་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་བསྐྱེད། །འཇིག་རྟེན་འདི་ཡི་ཕ་རོལ་རྒྱས། །ཞེས་པའི་དོན་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀའི་གོ་འཕང་ལ་འགོད་པའི་ཆེད་དུ་དཀྱིལ་འཁོར་དུ་ཞུགས་ལ། དམ་ཚིག་དང་སྡོམ་པ་བསྲུང་སྙམ་པའི་མྱང་འདས་ཀྱི་བསམ་པ་བསྐྱེད་དུ་གཞུག སློབ་མས། ཁྱོད་ནི་སྟོན་པ་དཔའ་ཆེན་པོ། །རྡོ་རྗེ་ཕག་མོ་བདག་སྦྱོར་བ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །དེ་ཉིད་དམ་ཚིག་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སློབ་མ་སྟོང་པར་བྱས་པའི་ངང་ལས་ཆོ་ག་གསུམ་གྱིས་གཙོ་བོར་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པས་ལྷར་བྱས་པར་བསམ་མོ། །དེ་ནས་བླ་མས། བུ་ཚུར་ཤོག་ཅིག་ཐེག་ཆེན་གྱི། །ཆོ་ག་སྔགས་ཀྱི་སྤྱོད་པའི་ཚུལ། །ཁྱོད་ལ་ཡང་དག་བཤད་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་གང༌། །འགྲོ་ལ་ཕན་ཕྱིར་བཞུགས་པ་སྟེ། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚེགས་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་མཐུན་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །རྟོགས་པ་དག་ནི་སྤངས་ནས་སུ། །བཟང་པོ་བརྩོན་པའི་ཡིད་ཀྱིས་ཉོན། །མ་ལུས་བརྗེད་མེད་བློ་གྲོས་ལ། །རྡོ་རྗེ་སེམས་དཔའ་ལ་སོགས་ཀྱི། །བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་རློབས། །ཞེས་སྤྲོ་བ་བསྐྱེད། དེ་ནས་སློབ་མས། མདུན་དུ་སངས་རྒྱས་སྲས་བཅས་བསམས་ལ། ངག་ཏུ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་གསུམ་དུ་རྣམ་པར་བཞུགས་པ་ལ་སྐྱབས་སུ་མཆིའོ། །བླ་ན་མེད་པ་ངེས་པར་འབྱུང་བ་ཆེན་པོ་ཅན་གྱི་ཆོས་ལ་སྐྱབས་སུ་མཆིའོ། །བླ་ན་མེད་པའི་ཕྱིར་མི་ལྡོག་པ་ཅན་གྱི་བྱང་ཆུབ་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་དང༌། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་ཐོག་མ་མེད་པའི་འཁོར་བ་ནས་འཁོར་བ་ན། སྡིག་པ་ཅན་གྱི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་སོ་སོར་བཤགས་པར་བྱའོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། ནོར་བུ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་ཆེ་གེ་མོ་ཞེས་བྱ་བ། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། ནོར་བུ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་ཀྱི། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་པའི་ལྷ་ཐམས་ཅད་ཀྱི་མདུན་དུ་སྡིག་པ་ཐམས་ཅད་བླ་ན་མེད་པའི་བཤགས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་པ་བཞིན་དུ་སོ་སོར་བཤགས་པར་བྱའོ། །ཆོས་ཀྱི་དབྱིངས་མ་ལུས་པ་དང་མཉམ་པར་སོན་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ༌། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ། དེ་རྣམས་བླ་ན་མེད་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་བ་གདབ་པར་བྱའོ། །གང་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་རྣམས་སེམས་ཅན་གྱི་ཁམས་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བགྱིའོ། །བདག་གིས་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་འགྱུར། །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་དེ། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་གྲོལ། །ཞེས་ལན་གསུམ་དུ་བརྗོད་ལ་རྒྱུན་བཤགས་བྱ། དེ་ནས་ཡབ་ཀྱི་སྙིང་པོ་བཟླས་ཤིང༌། རྡོ་རྗེ་དང་བཅས་པའི་ལག་པས་དྲིའི་ཆུ་བླངས་ལ་སློབ་མའི་སྙིང་གར་རེག་པས། སྔར་བཞིན་ལྷར་དྲན་དུ་བཅུག་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་དྲིའི་ཆུས་སྤྱི་བོ་སོགས་གནས་གསུམ་དུ་རེག་པས། སྤྱི་བོར་ཟླ་བ་དང་འཁོར་ལོ་ལ་གནས་པའི་ཨོཾ་དཀར་པོ། མགྲིན་པར་ཟླ་བ་དང་པདྨ་ལ་གནས་པའི་ཨཱཿདམར་པོ། སྙིང་གར་ཟླ་བ་དང་རྡོ་རྗེ་ལ་གནས་པའི་ཧཱུྃ་སྔོན་པོ་རྣམས་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་རྡོ་རྗེ་གསུམ་གྱི་རྣམ་པར་སྤྱན་དྲངས་ཡི་གེ་གསུམ་ལ་ཐིམ་པས། སློབ་མའི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་གྱུར་པར་བསམ། ཡང་སློབ་མའི་ཐུགས་ཀར་ཧཱུྃ་རཾ་ཧཱུྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་ཧཾ་བཾ་སོགས་གོ་ཆ་དྲུག་བཀོད་པས་བསྲུང་བར་བསམ། དེ་ལ་མེ་ཏོག་སོགས་ཉེར་སྤྱོད་ལྔས་མཆོད་དོ། །དེ་ནས་དྲི་བཟངས་ཀྱིས་བྱུགས་པའི་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་དཀར་པོ་བཅིངས་པ་རྣམས་དུམ་སྐྱེས་མ་བཟླས་ཤིང་ལག་ཏུ་སྦྱིན། དེས་ཀྱང་བ་བྱུང་གི་མཎྜལ་ཁྲུ་དོའམ་གྲུ་བཞི་པ་མེ་ཏོག་གི་ཚོམ་བུ་དགུའམ་གཅིག་བཀོད་པར་ཁ་ཤར་དུ་བལྟས་ལ། དུམ་སྐྱེས་མ་བཟླས་ཤིང་དོར་ཏེ་ལྟས་བརྟག་གོ །དེ་ནས་སྔར་གྱི་སྟན་ལ་བཞག་ལ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བསྔགས་པའི་ཀུ་ཤ སྔས་དང་སྟན་དུ་སྦྱིན། དྲི་བཟང་དང་བདུད་རྩི་ལྔའི་ཆུ། ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་པཾ་ནིཤྩ་སྱ་བི་ཤ་དྷ་ཡ་བི་ཀལྤཱན་ཨ་པ་ན་ཡ་ཧཱུྃ། ཞེས་ལན་གསུམ་གྱིས་བསྔགས་ལ་བླུད་དོ། །དེ་ནས་ཨོཾ་ཨཱཿཧཱུྃ་གིས་བསྔགས་པའི་སྲད་བུ་དམར་པོ་ལུས་ཀྱི་ཚད་ཅན་སུམ་ཁུགས་སུ་བྱས་པ། མདུད་པ་གསུམ་པོར་ནས་གཙོ་བོ་ཡབ་ཡུམ་གྱི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་དཔུང་པ་གཡོན་པར་བཅིང་ངོ༌། །ཡང་སློབ་མའི་སྙིང་གར་ཨོཾ་ཧ་རྡོ་རྗེ་སེམས་དཔའ་སོགས་ཀྱིས་ཡབ་ཀྱི་གོ་ཆ་དྲུག་བཀོད། སླར་ཡང་གནས་གསུམ་བྱིན་རླབས་སྔར་བཞིན་བྱས་པས་བསྲུང་བར་བསམ་མོ། །དེ་ནས་སློབ་དཔོན་གྱིས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་ཆོ་ག །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པར་གྱུར་པ་གང༌། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་འབྱུང་འགྱུར་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་བསྐྱེད་བཞིན་པས། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །རང་བྱུང་སྐལ་པ་ཆེན་པོ་དང༌། །འཇིག་རྟེན་ཀུན་གྱི་འདྲེན་པ་ཡིན། །ཡོད་དང་མེད་པ་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་གི་ཐམས་ཅད་ཀྱི། །རབ་ཏུ་བརྟག་མེད་རྙོག་པ་མེད། །སྤྲོས་པ་ཐམས་ཅད་དང་བྲལ་བ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །བྱ་དང་ལས་ལ་སོགས་དང་བྲལ། །བདེན་པ་གཉིས་ལ་མ་བརྟེན་པའི། །ཡེ་ཤེས་མཆོག་དང་གཙོ་འདི་ཡིས། །ཚུལ་ལ་གནས་པར་འགྱུར་བ་ཡིན། །ཞེས་ཆོས་བཤད་དོ། །དེ་ནས་སློབ་དཔོན་ལ་དབང་དོན་དུ་གཉེར་བའི་སློབ་མས་ཕྱག་དང་མཎྜལ་ཕུལ་ལ། ཕྱིར་མི་ལྡོག་པ་འཁོར་ལོའི་དབང༌། །བྱིན་ནས་མགོན་པོ་བདག་ལ་གསུང༌། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་གྱིས་ནི་ལས་རྣམས་དང༌། །སངས་རྒྱས་རྣམས་ཀྱི་དམ་ཚིག་དང༌། །གསང་བའི་སྡོམ་པ་བླ་ན་མེད། །སེམས་ཅན་རྣམས་ཀྱི་དོན་བྱེད་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་འགྱུར། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས། འཁོར་ལོ་བཅུ་གཉིས་དཀྱིལ་འཁོར་ཆེ། །དྲག་པོའི་སྟེང་དུ་ཡང་དག་གནས། །མཁའ་འགྲོ་རྒྱ་མཚོ་ཀུན་བཞེངས་པ། །དཔལ་ཧེ་རུ་ཀའི་དྲིན་གྱིས་བསྲུངས། །ཞེས་དང༌། རྨི་ལམ་ཇི་ལྟར་རྙེད་པ་ཡང༌། །བདག་གི་མདུན་དུ་སྨྲ་བྱའོ། །ཞེས་བརྗོད་ལ་སློབ་མ་ཉལ་སར་ཕྱིན་ནས་བསྒོམ་བཟླས་དང་རྨི་ལམ་བརྟག་གོ །གསུམ་པ་ལྷ་ལ་སྙན་གསན་དབབ་པ་ནི། དེ་ནས་སློབ་དཔོན་ནང་དུ་འོངས་ལ་ཚོམ་བུའི་དཀྱིལ་འཁོར་ལ་ཕྱི་དང་རིག་མ་བཅུ་དྲུག་གིས་མཆོད་ནས། གཡས་རྡོ་རྗེ་དང་བཅས་པའི་སྤོས་ཕོར་དུ། ག་བུར་དང་ཨ་ཀ་རུ་བསྲེས་པའི་བདུག་པ་དབུལ། གཡོན་དྲིལ་བུ་གསིལ་ཞིང༌། ཕྱོགས་བཅུའི་རྫོགས་པའི་སངས་རྒྱས་ནི། །སྲས་བཅས་འཇིག་རྟེན་ལ་གྲགས་དང༌། །རྡོ་རྗེ་རིན་ཆེན་རིགས་དང་ཡང༌། །པདྨ་ལས་ཀྱི་ལས་དེ་བཞིན། །སྙིང་པོ་ཕྱག་རྒྱ་སྔགས་རིག་པས། །གང་ཞིག་ལྷ་ཡི་ཚོགས་ཐམས་ཅད། །ཆོས་ཀྱི་དབྱིངས་ལ་བཞུགས་པ་ནི། །དེ་རྣམས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡང༌། །མཁའ་འགྲོ་རྒྱ་མཚོ་དཔལ་མཆོག་གི །ཇི་ལྟར་ནུས་པའི་ཉེར་སྤྱོད་ཀྱིས། །དཀྱིལ་འཁོར་བྲི་བར་བྱའོ་ཀྱེ། །སློབ་མ་རྣམས་ལ་བརྩེ་དོན་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྗེས་སུ་བརྩེ་བས་ཉེར་དགོངས་ལ། །ཉེ་བ་ཉིད་དུ་མཛད་པར་རིགས། །ཞེས་ལན་གསུམ་གྱི་རྗེས་སུ། སའི་ལྷ་མོའི་སྐབས་ལྟར་གནང་བ་ཞུའོ། །དེ་ལྟར་ལྷག་གནས་རྣམས་ལེགས་པར་གྲུབ་ནས། རྗེས་ཆོག་བྱ་སྟེ། མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ཏེ། སོ་སོའི་སྔགས་ཀྱིས་ཕྱི་མཆོད་དབུལ། རིག་མ་བཅུ་དྲུག་དང༌། ནང་བདུད་རྩིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད་ལ། དངོས་གྲུབ་བླང་ངོ༌། །དེ་ནས་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ཆོ་གའི་ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ་ལ། ཧཱུྃ་བཛྲོད་ཏིཥྛཿཞེས་དང་ཕྱག་རྒྱས་ཚོམ་བུའི་དཀྱིལ་འཁོར་གྱི་ལྷ་གཞལ་ཡས་ཁང་དང་བཅས་པ་ནམ་མཁར་བཏེག་པས། ནམ་མཁའི་དབུས་སུ་ལྷ་ཐམས་ཅད་ཤེལ་ལྟར་ཤིན་ཏུ་དྭངས་པའི་སྐུ་འོད་ཟེར་དཀར་པོས་བརྒྱན་པ། གཞལ་ཡས་ཁང་གི་ནང་ན་བཞུགས་པར་བསམས་ལ། སྔར་བཞིན་དུ་མཆོད་བསྟོད་དངོས་གྲུབ་བླང་བ་སོགས་བྱས་ལ། རང་ཉིད་གོ་ཆ་གཉིས་ཀྱིས་བསྲུང་ཞིང་སྨོན་ལམ་སོགས་བྱའོ། །དེའི་ནུབ་མོ་དཀྱིལ་འཁོར་གྱི་ས་དེ་ཉིད་དུ་ཉལ་ལ་གཉིད་ལོག་པའི་ཚེ། རང་གཙོ་བོ་ཡབ་ཡུམ་གྱི་སྙིང་གར་ཟླ་བ་ལ་ཧཱུྃ་བསམ། དེའི་འོད་ཟེར་དང་རང་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ནམ་མཁའི་དཀྱིལ་འཁོར་སྤྱན་དྲངས། ཁང་བརྩེགས་དང་བཅས་པ་རང་གི་ལུས་ལ་ཐིམ་པས་རང་གི་ལུས་དཀྱིལ་འཁོར་དུ་བསྒོམས་ལ་གཉིད་དོ། །ནང་པར་ལྷ་རྣམས་ཀྱིས་བསྐུལ་བས་གཉིད་སད་པར་བསམས་ལ་ལངས་ཏེ། དཀྱིལ་འཁོར་འདེགས་པའི་སྔགས་རྒྱས་རང་ལ་བཅུག་པའི་དཀྱིལ་འཁོར་ནམ་མཁར་སྤྱན་དྲངས་ལ། དེར་བཞུགས་པར་བསམ། དེ་ལ་མཆོད་བསྟོད་སྔར་བཞིན་དུ་བྱས་ནས་ཁང་པའི་ཕྱིར་འཐོན་ཏེ། སློབ་མ་རྣམས་བོས་ལ་རྨི་ལམ་དྲི། བཟང་ན་སྤྲོ་བ་བསྐྱེད། ངན་ན་སྦྱིན་སྲེག་དང་གཏོར་མ་ལ་སོགས་པ་བྱའོ། །གསུམ་པ་དཀྱིལ་འཁོར་བྲི་བ་ལ་གསུམ། ཐིག་གིས་བྲི་བ། ཚོན་གྱིས་བྲི་བ། མཆོད་པ་དང་རྒྱན་དགྲམ་པའོ། །དང་པོ་ལ་གཉིས་ཀྱི་ཐིག་སྐུད་བྱིན་གྱིས་བརླབ་པ་ནི། དེ་ལྟར་སྟ་གོན་ཟིན་པ་དང༌། གཞོན་ནུ་མས་བཀལ་བའི་རས་སྐུད་རིང་བ་དཀྱིལ་འཁོར་གྱི་ཉིས་འགྱུར། སྦོམས་སུ་སྒོའི་ཉི་ཤུའི་ཚད་དང་ལྡན་པ་སྔོན་པོ་ལ་སོགས་པའི་ཁ་དོག་ལྔར་བཙོས་ལ། མདུད་པ་མི་འབྱུང་བའི་ཕྱིར་ཤིང་ལ་སོགས་པ་ལ་དཀྲིས་ནས་གསེར་ལ་སོགས་པའི་སྣོད་དུ་གཞག་གོ །དེ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཐིག་སྐུད་དཀར་པོ་ཧཱུྃ་ལས་རྡོ་རྗེ། དེ་ལས་ཆུའི་ཧེ་རུ་ཀ་ཞལ་ཕྱག་རྒྱུ་རྡོ་རྗེ་འཆང་དང་འདྲ་བ། ཐིག་སྐུད་སྔོན་པོ་ཧཱུྃ་ལས་རྡོ་རྗེ། དེ་ལས་ནམ་མཁའི་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་ཞལ་སྔོ། གཡོན་ལྗང༌། རྒྱབ་དམར། གཡས་སེར་བ། ཕྱག་མཚན་དང༌། རྒྱན་དང༌། དེའི་པང་ན་རང་འདྲ་བའི་ཡུམ་བསྐྱེད་པ་སོགས་རྒྱུ་རྡོ་རྗེ་འཆང་ལྟར་བྱ། ཐིག་སྐུད་སེར་པོ་ཧཱུྃ་དང་རྡོ་རྗེ་ལས་སའི་ཧེ་རུ་ཀ་རྩ་ཞལ་སེར། གཡོན་ལྗང༌། རྒྱབ་དམར། གཡས་དཀར་བ། ཐིག་སྐུད་དམར་པོ་ཧཱུྃ་དང་རྡོ་རྗེ་ལས་མེའི་ཧེ་རུ་ཀ་དམར་པོ་རྩ་ཞལ་དམར། གཡོན་ལྗང༌། རྒྱབ་དཀར། གཡས་སེར་བ། ཐིག་སྐུད་ལྗང་གུ་ཧཱུྃ་དང་རྡོ་རྗེ་ལས་རླུང་གི་ཧེ་རུ་ཀ་ལྗང་གུ་རྩ་ཞལ་ལྗང༌། གཡོན་དཀར། རྒྱབ་དམར། གཡས་སེར་བར་བསྐྱེད། རིགས་ལྔའི་ས་བོན་ཧཱུྃ་འབའ་ཞིག་ཏུ་བཤད་པའི་རིགས་པས། ཆོ་ག་གཉིས་པ་ཡང་རྡོ་རྗེ་རྐྱང་དུ་བྱས་སོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ནམ་མཁའི་དཀྱིལ་འཁོར་ལ་ཕྱི་མཆོད་དབུལ། བདག་ལ་རྡོ་རྗེའི་ཐིག་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས། རང་གི་མིག་གཉིས་ཛ་ལས་བྱུང་བའི་ཉི་ཟླ་སེར་པོ། དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་ནམ་མཁའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་ཐིག་སྐུད་དཔག་ཏུ་མེད་པ་བྱུང་སྟེ། དམ་ཚིག་གི་ཐིག་སྐུད་ལ་ཐིམ་པར་བསམས་ལ། ཨོཾ་དཱིཔྟ་དྲྀཥྚ་ཨཾ་ཀུ་ཤ་ཛཿཞེས་ལན་གསུམ་བརྗོད་ལ། འབར་བའི་ལྟ་བས་མིག་གི་རྫི་མ་བསྒུལ་ཞིང་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་ཨོཾ་ཨཱཿཧཱུྃ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿབྲུཾ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿཨཱྃ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿཛྲཱིཾ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿཁཾ་ཧཱུྃ་སྭཱ་ཧཱ། ཞེས་ཐིག་སྐུད་སོ་སོ་ལ་དམིགས་ལ་བརྒྱ་རྩ་བརྒྱད་རེ་བཟླས་སོ། །དེ་ནས་སྒྲུབ་གཡོག་དང་ལྷན་ཅིག ཨོཾ་ཨ་ནྱོ྅་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿ ཨོཾ་སྥ་ར་སྥ་ར་ཨ་ནུ་པྲ་བིཥྛ་སརྦ་དྷརྨཱཿ ཨོཾ་ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ ཞེས་བརྗོད་ཅིང་སོ་སོར་བསྒྲིལ་ནས་ཡི་གེ་བདུན་པ་བཟླས་ཤིང་གསེར་ལ་སོགས་པའི་སྣོད་དུ་བཞག་ལ། མེ་ཏོག་སོགས་ཉེར་སྤྱོད་ལྔས་མཆོད། སྔར་བཞིན་མིག་ཉི་ཟླར་བྱིན་གྱིས་བརླབས་ཤིང་བལྟས་པས་བརྟན་པར་བསམས་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ། བརྒྱ་རྩ་བརྒྱད་དང༌། ཨོཾ་ཨཱཿཧཱུྃ་སྟོང་ཕྲག་གཅིག་བཟླས་སོ། །གཉིས་པ་ཡེ་ཤེས་ཀྱི་ཐིག་གདབ་པ་ནི། མདང་སྟ་གོན་བྱས་པའི་སར་མེ་ཏོག་སྣ་ཚོགས་བཀྲམ། མཆོད་པ་དང་གཏོར་མ་བཤམས་ནས་ནམ་མཁའི་དཀྱིལ་འཁོར་ལ་ཕྱི་མཆོད་དང་རིག་མ་བཅུ་དྲུག་དབུལ། རྐང་པ་བརྒྱད་པས་བསྟོད། གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱིས་བཏང་ལ། མཆོད་གཏོར་རྣམས་བསྡུའོ། །དེ་ནས་སློབ་དཔོན་ལངས་ཏེ། ནུབ་ནས་ཁ་ཤར་དུ་བལྟ། ཐིག་སྐུད་རྣམས་དང་རྡོ་རྗེ་དང་དྲིལ་བུ་བཟུང༌། སློབ་མ་ཤར་ནས་ནུབ་ཏུ་བལྟས་པ་ལ། སློབ་དཔོན་རང་ཧེ་རུ་ཀ་དང༌། སློབ་མ་དུམ་སྐྱེས་མར་བསམས་ལ། ཨོཾ་ཛྫཿཛྫཿཛྫཿཞེས་བརྗོད་ཅིང༌། ཐིག་སྐུད་ལག་པ་གཡོན་པས་བཟུང་ལ། གཡས་པས་གྲོགས་ལ་གཏད། དེས་ཀྱང་ཛཿཛཿཛཿཞེས་བརྗོད་ཅིང་བླངས་ལ། ལས་ཐིག་གི་དབུས་དྲང་པོའི་ནམ་མཁར་བཟུང་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ། ཞེས་དང༌། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱིས། །དོན་ཡིན་དེ་ཕྱིར་འདིར་བྱོན་ཅིག །ཅེས་པའི་སྒྲས་སངས་རྒྱས་རྣམས་སེམས་ཅན་གྱི་དོན་ལ་བསྐུལ་བར་བསམ་ཞིང་བར་སྣང་ལ་ལན་གསུམ་བཏབ། དེ་ནས་ས་གཞིའི་ཚངས་ཐིག་གི་སྟེང་དུ་ཡང་བཏབ་པས། ལས་ཐིག་བྱིན་གྱིས་བརླབས་པར་བསམ། དེ་ནས་གཡོན་སྐོར་དུ་འགྲོ་བ་གཙོ་ཆེ་ཡང་རྟོགས་དཀའ་བས་གཡས་སྐོར་བྱ་བར་བཤད་པ་ལྟར་གདབ་སྟེ། དེའང༌། ཤར་ནུབ་གནས་པས་ཚངས་ཐིག་དང་པོ་དང༌། །ལྷོ་བྱང་གནས་པས་ཚངས་ཐིག་གཉིས་པ་གདབ། །བདེན་བྲལ་དབང་ལྡན་གནས་པས་ཟུར་ཐིག་སྟེ། །རླུང་དང་མེར་གནས་ཟུར་ཐིག་གཉིས་པའོ། །མེ་དང་དབང་ལྡན་ལོགས་ཐིག་དང་པོ་སྟེ། །རླུང་དང་བདེན་བྲལ་ནུབ་ཀྱི་ལོགས་ཐིག་གོ །སློབ་དཔོན་དེར་གནས་སློབ་མ་དབང་ལྡན་བྱང༌། །མེ་དང་བདེན་བྲལ་གནས་པས་ལྷོ་ཐིག་གདབ། །ཅེས་སོ། །ཐིག་བཏབ་ཟིན་པ་དང༌། ཐིག་སྐུད་ལ་མཆོད་ནས་གཤེགས་སུ་གསོལ་ལ་བསྡུའོ། །གཉིས་པ་ཚོན་གྱིས་བྲི་བ་ལ་གཉིས་ཀྱི། དང་པོ་ཚོན་བྱིན་གྱིས་བརླབ་པ་ནི། གསེར་ལ་སོགས་པའི་སྣོད་དུ་རྡུལ་ཚོན་ཁ་དོག་ལྔ་བཀོད། ཐམས་ཅད་ལ་ཧཱུྃ་རེ་རེ་བྲིས་ལ། རས་ལ་སོགས་པའི་སྟེང་དུ། དབུས་སུ་དཀར་པོ། ཤར་དུ་སྔོན་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་རྣམས་བཀོད་པ་བསང་ཤིང་སྦྱངས་ཏེ། སྟོང་པའི་ངང་ལས་རྡུལ་ཚོན་དཀར་པོ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་ཆུའི་ཧེ་རུ་ཀ དེའི་ཕྱི་རོལ་དུ་མ་ཀ་མ་དང་རུས་སྦལ་མོ་ལ་སོགས་པ་སོ་དྲུག་གིས་བསྐོར་བ། སྔོན་པོ་ནམ་མཁའི་ཧེ་རུ་ཀ་ལ་མིའམ་ཅི་མོ་སོགས་ཀྱིས་བསྐོར་བ། སེར་པོ་སའི་ཧེ་རུ་ཀ་ལ་སེང་གེ་མ་སོགས་ཀྱིས་བསྐོར་བ། དམར་པོ་མེའི་ཧེ་རུ་ཀ་ལ་ལྷ་མོ་སོགས་ཀྱིས་བསྐོར་བ། རྡུལ་ཚོན་ལྗང་གུ་ཉི་མའི་སྟེང་དུ་ཧཱུྃ་ལས་རླུང་གི་ཧེ་རུ་ཀ་ལྗང་གུ་ལ། རྡོ་རྗེ་མཁའ་ལྡིང་མ་སོགས་སོ་དྲུག་གིས་བསྐོར་བར་བསྐྱེད། ཞལ་ཕྱག་སོགས་གསལ་གདབ། དེ་ཙམ་མི་ནུས་ན་འཁོར་རྣམས་མ་བསྒོམས་ཀྱང་རུང་ངམ་སྙམ་མོ། །དེ་ནས་ཐིག་སྐུད་ལྟར་གནས་གསུམ་བྱིན་གྱིས་བརླབ། ནམ་མཁའི་ལྷ་ལ་མཆོད། བདག་ལ་རྡོ་རྗེའི་རྡུལ་ཚོན་སྩལ་དུ་གསོལ། ཞེས་དང་མིག་བྱིན་གྱིས་བརླབ། དེའི་འོད་ཀྱིས་ནམ་མཁའི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་རྡུལ་ཚོན་དཔག་ཏུ་མེད་པ་བྱུང་སྟེ། དམ་ཚིག་གི་རྡུལ་ཚོན་ལ་ཐིམ་པར་བསམས་ལ། ཨོཾ་དཱིཔྟ་སོགས་གསུམ་བརྗོད་ལ་བསྟིམ་མོ། །ཡང་ཚོན་རྣམས་ཀྱི་སྟེང་དུ་ཨོཾ་དཀར་པོ་འོད་འཕྲོ་བ་རེ་རེ་བསམས་ལ། མིག་མི་གཡོ་བར་བལྟས་ལ། བདེན་པའི་བྱིན་རླབས་གང་གིས་ནི། །ཇི་སྲིད་རྡུལ་ཚོན་རྣམ་སྦར་བ། །རྡུལ་ཚོན་མང་པོ་གང་གིས་ནི། །བདེན་པས་སེམས་ཅན་རྗེས་ཆགས་པ། །བདེན་པ་དེ་ཡི་རྡུལ་ཚོན་ནི། །མངོན་པར་འབར་བར་འགྱུར་བར་ཤོག །ཅེས་བརྗོད་པས། རྡུལ་ཚོན་རྣམས་མང་པོར་འབར་བར་བསམས་ལ། ཡི་གེ་གསུམ་བརྒྱ་རྩ་བརྒྱད་དང༌། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ། ཉེར་སྤྱོད་ཀྱིས་མཆོད། རྐང་པ་བརྒྱད་པས་བསྟོད། ལྷ་རྣམས་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡུལ་ཚོན་དུ་བསམ་མོ། །གཉིས་པ་ཚོན་དགྱེ་བ་ནི། སློབ་དཔོན་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་འདུག་ལ། རྩ་སྔགས་བརྗོད་པས་ཡེ་ཤེས་ཀྱི་ཐིག་ནམ་མཁའ་ལ་བཏེག བྲིས་ཟིན་པ་དང་ཕབ་ལ་བསྟིམ། དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ཁ་ཤར་དུ་ཕྱོགས་པས། ཁུ་ཚུར་གཡོན་པས་རྡུལ་ཚོན་བཟུང་ལ། དཀྱིལ་འཁོར་བཞི་པའི་རྩིག་པའི་དབང་ལྡན་ནས་གཡས་སྐོར་དུ་བྲིས་ཏེ། ཨོཾ་བཛྲ་རཱ་ག་ས་མ་ཡ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་ནང་དུ་དཀར་པོ། ལྗང་གུ། དམར་པོ། སེར་པོ་དང༌། དེའི་ཕྱི་རོལ་དུ་སྔོན་པོ་རྣམས་སྒོ་ཚད་གཅིག་གི་བར་དུ་བྲི། དེ་ནས་གཞུང་འདིར་བཤད་པ་མི་སྣང་ཡང༌། རྩིག་པ་ཡེ་ཤེས་ལྔར་མོས་ལ། མཆོད་བསྟོད་བྱ། ཟངས་གཞོང་ལ་སོགས་པས་བཀབ་ལ་སྟེང་དུ་རྡོ་རྗེ་བཞག་སྟེ་བསྲུང་ངོ༌། །དེ་ནས་དཔོན་སློབ་ཐམས་ཅད་ཀྱིས་བྲིས་ཏེ། དེ་ལ་འདོད་ཡོན་གྱི་སྣམ་བུ་དང་དྲྭ་ཕྱེད་ལ་སོགས་པ་ནི་དཀྱིལ་འཁོར་སྤྱི་དང་མཐུན། དཀྱིལ་འཁོར་སོ་སོའི་རྩིག་པ་ཕྱོགས་མདོག་སོགས་ནི་སྒྲུབ་ཐབས་སུ་བསྟན་པ་ལྟར་བྲི། དཀྱིལ་འཁོར་སོ་སོའི་རྩིག་པ་བྲིས་ཟིན་པ་དང༌། མཚན་མ་དགོད་དེ། དབུས་སུ་རྡོ་རྗེ་སྔོ་ལྗང་དང༌། གཡོན་དུ་གྲི་གུག་བྲི། པད་འདབ་ཀྱི་ཐོད་པའི་གནས་སུ་ཐོད་པ་དཀར་པོ་ཉེར་བཞི་དང༌། ལྷ་མོའི་གནས་སུ་གྲི་གུག་ཉེར་བཞི་བྲི། གཞན་འཁོར་ལོ་བཅུ་གཉིས་སྒོ་མཚམས་མ་བརྒྱད་ཚན་བཞི་རྣམས་ཀྱི་གནས་སུ་ལྷ་སོ་སོའི་མདོག་དང་མཐུན་པའི་གྲི་གུག་རེ་རེ། བསྐལ་བཟང་རྣམས་ཀྱི་གནས་སུ་ཆོས་འཆད་ཀྱི་ཕྱག་རྒྱའམ་ཚོན་གྱི་ཐིག་ལེ་རེ་དགོད་དོ། །དཀྱིལ་འཁོར་བཞི་པའི་རྩིག་པ་སྦྲེལ་རན་པ་དང༌། སྔར་གྱི་ཟངས་གཞོང་སོགས་བསལ་ཏེ་ཚོན་པྲ་བརྟགས་ལ་རྩིག་པ་རྣམས་བར་མ་ཆད་པར་སྦྲེལ། གཞིའི་དཀྱིལ་འཁོར་གྱི་པདྨའི་ལྟེ་བ་ལྗང་གུ། འདབ་མ་སྣ་ཚོགས། དུར་ཁྲོད་ཀྱི་ས་ནག་པོ་ལ་མཚན་མ་སྒྲུབ་ཐབས་བཞིན་དང༌། གཞན་ཡང་རོ་སྣ་ཚོགས་དང༌། ཀེང་རུས་དང༌། ཤ་ཟ་དང༌། སྲིན་པོའི་གཟུགས་ལ་སོགས་པ་རབ་ཏུ་མང་པོ་བྲི། རྡོ་རྗེའི་རྭ་བ་གཞི་སེར་པོ་ལ། རྡོ་རྗེ་ནག་པོའི་ཕྲེང་བ་བར་མ་ཆད་པ་དང༌། མེ་རི་ཁ་དོག་ལྔ་ལྡན་དུ་བྲིའོ། །དེ་ལྟར་དཀྱིལ་འཁོར་བྲི་བའི་ཚེ་ཡང་ཡང་བརྟག་ཅིང་མ་དག་ན་དྲིལ་བུ་དཀྲོལ་ཞིང་ཡིག་བརྒྱ་བཟླས་པས་མཚན་མ་ངན་པ་བསལ་ལ། སླར་དག་པར་བྲི་ཞིང་བཅོས། དེ་ནས་རྡུལ་ཚོན་རྣམས་ལ་མཆོད་བསྟོད་བྱས་ལ་ཡེ་ཤེས་པ་གཤེགས། རྡུལ་ཚོན་ལྷག་མ་རྣམས་གནས་དབེན་པར་གཞག་གོ །གསུམ་པ་ཆོད་པ་བཤམ་པ་ནི། དཀྱིལ་འཁོར་གྱི་མཐར་དྲི་བཟང་པོའི་ཆུས་ཁྱེ་མ་མེད་པར་བྱུག་ཅིང་ཡི་གེ་བརྒྱ་པ་བཟླས་སོ། །བྱུག་རིས་ཀྱི་སྟེང་དུ་ལྷ་གྲངས་དང་མཉམ་པའི་མཆོད་པའམ། མ་འབྱོར་ན་མཆོད་ཕྲེང་དུ་བཤད་པ་ལྟར་བཀོད། དཀྱིལ་འཁོར་གྱི་དབུས་སུ་ལག་པས་རེག་པར་བསམས་ལ། དངོས་སུ་རྡོ་རྗེ་རྭ་བའི་ནང་དུ་ལག་པས་རེག་ནས་རྩ་སྔགས་ལན་བདུན་བཟླས་སོ། །ཡང་མཐའ་སྐོར་དུ་བུམ་པ་རྣམས་བཀོད་དེ། ཤར་གྱི་ཚངས་ཐིག་གི་སྟེང་དུ་རྣམ་རྒྱལ་བུམ་པ། དེའི་ལྷོ་ནས་གཡས་སྐོར་གྱིས་ཐིག་ལེའི་འཁོར་ལོ་དང༌། རྡོ་རྗེ་དང༌། མེར་སྙིང་པོ་དང༌། ཡོན་ཏན་དང༌། བསྐལ་བཟང་དང༌། ལྷོའི་ཚངས་ཐིག་གི་སྟེང་དུ་སྒོ་མཚམས་མ་སྟེ་དཀྱིལ་འཁོར་དང་པོའི་བདུན་དགོད། དེ་བཞིན་དུ་ནམ་མཁའ་དང་རླུང་དང༌། བདེན་བྲལ་དུ་ས་དང༌། བསྐལ་བཟང་དང༌། སྒོ་མཚམས་མ་སྟེ། དཀྱིལ་འཁོར་གཉིས་པའི་དང༌། ནུབ་ཀྱི་རྩ་ཐིག་གི་སྟེང་དུ་མེ་དང༌། ཆུ་དང༌། ཡེ་ཤེས་དང༌། རླུང་དུ་བསྐལ་བཟང་སྒོ་མཚམས་མ་སྟེ་དཀྱིལ་འཁོར་གསུམ་པའི་དང༌། ཐུགས་དང་བྱང་གི་རྩ་ཐིག་གི་སྟེང་དུ་སྐུ་དང༌། གསུང་དང༌། བསྐལ་བཟང་དང༌། དབང་ལྡན་དུ་སྒོ་མཚམས་མ་སྟེ་དཀྱིལ་འཁོར་བཞི་པའི་བུམ་པ་དང༌། དྲི་མ་ཁྲུས་བུམ་དང༌། རྣམ་རྒྱལ་བུམ་པའི་བྱང་དུ་ལས་བུམ་རྣམས་རས་ཀྱི་པདྨའི་སྟེང་དུ་གཞག བུམ་པའི་སྒོས་མཆོད་རྣམ་རྒྱལ་གྱི་མདུན་དུ་བཤམ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་སོགས་ཇི་ཙམ་དགོས་པའི་གཏོར་མ་རྣམས་གསེར་དངུལ་དང་ཟངས་གཞོང་ལ་སོགས་པའི་སྣོད་བཟང་པོར་བཟའ་བ་དང་བཅའ་བ་གྱ་ནོམ་པ་དང༌། ཁ་ན་མ་ཐོ་བ་མེད་པའི་ཤ་དང༌། བུར་ཆང་དང༌། ནས་ཆང་དང་བཅས་པ་དར་སྣ་ཚོགས་ཀྱི་ལྷབ་ལྷུབ་ཀྱིས་བརྒྱན་པ་བཤམ། གཞན་ཡང་སྔོན་འགྲོའི་གཏོར་མ་དང༌། ཕྱི་རོལ་པའི་གཏོར་མ་ཤིན་ཏུ་ཆེ་བ་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་བཤམ་མོ། །བཞི་པ་སྒྲུབ་མཆོད་ལ་གསུམ་གྱི་དང་པོ་བདག་བསྐྱེད་ནི། ཕྱི་མ་རེད་ཀྱི་དུས་སུ། སློབ་དཔོན་དཔོན་སློབ་ཤར་ཕྱོགས་སུ་འཁོད་ལ། སྔོན་འགྲོའི་གཏོར་མ་ནས་དཀྱིལ་འཁོར་བསྡུ་བའི་བར་སྟ་གོན་ལྟར་བྱའོ། །གཉིས་པ་སྒྲུབ་མཆོད་དངོས་ལ་གཉིས། མདུན་བསྐྱེད་ཀྱི་ཚུལ་དུ་སྒྲུབ་པ་དང༌། བདག་བསྐྱེད་ཀྱི་ཚུལ་དུ་སྒྲུབ་པའོ། །དང་པོ་ནི་མདུན་གྱི་མཆོད་པ་རྣམས་བྱིན་གྱིས་བརླབས་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་བསང་སྦྱངས། སྟོང་པའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་པ་ནས། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་བར་སྟ་གོན་བཞིན་བྱ། དབུས་ཀྱི་གདན་གྱི་སྟེང་དུ་སངས་རྒྱས་རྣམས་ཀྱི་ཐུགས་ཡེ་ཤེས་ལྔའི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་ལྗང་སྔོན་གྱིས་མཚན་པ། དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་ནས་སངས་རྒྱས་སྲས་དང་བཅས་པ་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ནམ་མཁའི་དབྱིངས་སུ་བཞུགས་པ་ལ་མཆོད་པར་བསམས་ལ། ཉེར་སྤྱོད་དང༌། རིག་མ་བཅུ་དྲུག་དབུལ། རྡོ་རྗེ་དྲིལ་བུ་འཛིན་པས། ཕྱོགས་བཅུ་མ་ལུས་རྣམས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་འཆང་བདག་ཆེ་གེ་མོ། །དཀྱིལ་འཁོར་བདག་གིས་བརྟགས་པར་བྱ། །དེ་ཕྱིར་སངས་རྒྱས་ཀུན་གཤེགས་ལ། །དེང་བདག་དངོས་གྲུབ་རབ་ཏུ་སྩོལ། །ཞེས་ལན་གསུམ་དུ་སྤྱན་དྲངས་ཤིང༌། ཀཱ་ཡ་ཝཱ་ཀ་སོགས་ཀྱིས་ཕྱག་བྱས་ཏེ་སྔར་སྤྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་སྤྱན་དྲངས་པའི་སངས་རྒྱས་རྣམས། དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་གྱི་རྣམ་པར་བྱས་ནས། རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་ཐིམ་པར་བསམ། དེ་ཡོངས་སུ་གྱུར་པ་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ལྷ་ཐམས་ཅད་དུས་གཅིག་ལ་ཡོངས་སུ་རྫོགས་པར་གྱུར་ཅིང༌། དེ་དང་དུས་མཉམ་དུ་སྟ་གོན་གྱི་དཀྱིལ་འཁོར་ནམ་མཁར་གནས་པ་དུས་གཅིག་ལ་གསལ་བཏབ་པར་བསམས་ལ། དབུས་སུ་བཅོམ་ལྡན་འདས་བསྐྱེད་པ་ནས་ཕྱིའི་དུར་ཁྲོད་ཀྱི་བར་སྒྲུབ་ཐབས་ལྟར་བྱ། དེ་ནས་སྟ་གོན་གྱི་དཀྱིལ་འཁོར་ལ་མཆོད་བསྟོད་བྱས་ལ། ཛཿཧཱུྃ་བཾ་ཧོཿས་རྡུལ་ཚོན་དང་དབྱེར་མེད་དུ་འདྲེས་པར་བསམ། ཡང་ཧཱུྃ་ཞེས་བརྗོད་པས་ལྷ་ཐམས་ཅད་རོ་གཅིག་ཏུ་གྱུར་པར་བསམས་ལ། ཨོཾ་བཛྲ་ཨཱ་བེ་ཤ་པྲ་མ་ཧཱུྃ་དང༌། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །དཀྱིལ་འཁོར་སྒྲུབ་པའོ། །དེ་ལ་མཆོད་པའི་ཕྱིར། སྔར་བཞིན་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་ཕུལ་བར་བསམ་ཞིང༌། ལྷ་སོ་སོ་ལ་མཆོད་པ་རྒྱས་པར་འབུལ་བར་བཤད་པ་ལྟར་རམ། དེ་ཙམ་མ་ནུས་ན་ཆུ་གསུམ་སྔོན་འགྲོའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། རིག་མ་བཅུ་དྲུག་དང་ལྷ་མོ་བརྒྱད་དབུལ། ནང་མཆོད་དང་བསྟོད་པ་རྣམས་བྱས་ཏེ། མདུན་བསྐྱེད་ཀྱི་ཚུལ་དུ་བསྒྲུབ་ཅིང་མཆོད་པའོ། །གཉིས་པ་ལ་གསུམ། རང་རྡུལ་ཚོན་དུ་འཇུག་པ། ཞུགས་ནས་བདག་འཇུག་བླང་བ། དབང་ཐོབ་ནས་བསྒྲུབ་མཆོད་དངོས་བྱ་བའོ། །དང་པོ་ནི། རང་གཙོ་བོའི་ང་རྒྱལ་གྱིས། །རྡོ་རྗེ་དྲིལ་བུ་ཐོགས་ལ། ཁྲོ་བོ་ཧཱུྃ་མཛད་ཀྱི་ང་རྒྱལ་དང་ཧཱུྃ་བརྗོད་པས་མེ་ཏོག་གི་ཕྲེང་བ་བཟུང༌། ཡང་ཧཱུྃ་ཞེས་བརྗོད་ལ། རྡོ་རྗེ་ཤུགས་ཀྱི་འཇུག་པས་རྡུལ་ཚོན་གྱི་འོག་ནས་འཛུལ་ཏེ། དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས་ལྷ་རྣམས་ལ་བསྐོར་བ་བྱས་པར་བསམ། དངོས་སུ་རྡུལ་ཚོན་གྱི་ཕྱི་ནས་ལན་གསུམ་དུ་བསྐོར་ཞིང་ལྷག་ཆད་ཀྱི་ཉེས་པ་ཞི་བའི་ཕྱིར་ཡི་གེ་བརྒྱ་པ་བརྗོད། རྡོ་རྗེ་དྲིལ་བུ་དཀྲོལ། དེ་ནས་མེ་ཏོག་གི་ཕྲེང་བ་གཙོ་བོ་ལ་ཕུལ་ཏེ་དེ་རང་གི་མགོ་ལ་བཞག་པར་བསམས་ལ། དངོས་སུ་མེ་ཏོག་རང་གི་སྤྱི་བོར་བཅིང༌། ཡང་ཧཱུྃ་མཛད་ཀྱི་ང་རྒྱལ་གྱིས་གཙོ་བོ་དང་གོ་ས་ཐ་མི་དད་པར་བསམས་ལ། ལག་གཉིས་རྡོ་རྗེ་ཁུ་ཚུར་ཁ་གྱེན་དུ་བསྟན་ལ་མཛུབ་མོ་གཉིས་བརྐྱང་པའི་ལོགས་ཀྱི་རྩེ་མོ་མཉམ་པར་སྦྱར་བའི་མཛུབ་མོ་དྲག་ཏུ་དབྱེ་བ་སྒོ་དབྱེ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲོད་གྷ་ཊ་ཡ་ས་མ་ཡ་པྲཱ་ཝེ་ཤ་ཡ་ཧཱུྃ་ཕཊ། ཅེས་སྒོ་མ་རྣམས་ལ་བསྒོས་པས་དེ་རྣམས་ཀྱིས་སྒོ་ཕྱེ་བར་བསམས་ལ། དངོས་སུ་དཀྱིལ་འཁོར་གྱི་ནུབ་ཏུ་གནས་པས། ཨོཾ་ཨཱཿཧཱུྃ་དང་སྔར་གྱི་སྔགས་བརྗོད་ལ་ཤར་སྒོ་དབྱེ། དེ་བཞིན་དུ་བྱང་ནས་ལྷོ་དང༌། ཤར་ནས་ནུབ་དང༌། ལྷོ་ནས་བྱང་སྒོ་ཕྱེ་ལ། དངོས་སུ་ཤར་སྒོར་འདུག སེམས་ཀྱིས་གཙོ་བོའི་དྲུང་དུ་བསྡད་པར་བསམ་མོ། །གཉིས་པ་ནི། དེ་ནས་དཀྱིལ་འཁོར་གྱི་གཙོ་བོ་དང་རང་གི་རྩ་བའི་བླ་མ་ཐ་མི་དད་དུ་མོས་པ་ལ་དབང་བསྐུར་བ་ཞུ་བར་བསམས་ལ། འཇུག་པ་དང་བུམ་པའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ལ་སོགས་པ་དབང་མཐའ་དག་བདག་འཇུག་གི་ཚུལ་དུ་བླངས་ལ། སླར་ཡང༌། དཀྱིལ་འཁོར་ལ་ཉེར་སྤྱོད་དང་རིག་མ་བཅུ་དྲུག་གིས་མཆོད་ནས། རྡོ་རྗེ་དྲིལ་བུ་འཛིན་པས། དམ་ཚིག་གསུམ་གྱི་གླུ་བླངས་ཏེ། །ཨོཾ་ནམ་མཁའ་ལས་ནི་སྐྱེས་པའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །དམ་ཚིག་སེམས་དཔའ་རྡོ་རྗེ་ཆེ། །རྡོ་རྗེ་སེམས་དཔའ་དེང་བདག་གྲུབ། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཆང་བ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་འགྲུབ་འགྱུར། །ཉེས་པ་མི་མངའ་རྟག་པ་ནི། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་གྲུབ་པར་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་ལ་བདག་འགྲུབ་ཤོག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེ་མཆོག་ཕྱག་རྒྱར་ལྡན། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་ཕྱག་འཚལ་ལོ། །ཞེས་བརྗོད། སློབ་མ་ལ་དབང་བསྐུར་མི་བྱེད་ན་དེ་ཙམ་གྱིས་ཆོག་ལ། བྱེད་ན། བདག་མིང་ཆེ་གེ་ཞེས་བྱ་ཡིས། །ཧེ་རུ་ཀ་དཔལ་སློབ་དཔོན་ཆེ། །སངས་རྒྱས་བྱང་ཆུབ་སེམས་ཀུན་གྱིས། །གསུང་བའི་ཆོ་ག་དག་གིས་ནི། །ཕུན་སུམ་ཚོགས་པའི་ཆོ་ག་ཡིས། །སེམས་ཅན་དོན་ནི་བདག་གིས་བགྱི། །དེ་ལ་རྗེས་གནང་སྩལ་མཛོད་ལ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་དང༌། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཉིད། །དམ་ཚིག་མཆོག་རྣམས་ཀྱི་སྐུ་མཆོག །བྱུང་དང་འབྱུང་བར་འགྱུར་བ་ཡི། །དེ་བཞིན་གཤེགས་རྣམས་ཁྱེད་ཀྱིས་བསྒྲུབས། །བདེན་པ་དེ་ཡིས་བདག་མགོན་པོ། །འདོད་པ་ཁྱོད་ཀྱིས་རྫོགས་པར་མཛོད། །ཅེས་པས་བདེན་པའི་སྟོབས་བརྗོད་ནས། ཡང་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། །དམ་ཚིག་ཀྱང་ནི་དྲན་པ་ཡིས། །བརྩེ་བས་སེམས་ཅན་ཀུན་གྱི་དོན། །དངོས་གྲུབ་ཀུན་ཕྱིར་མཛད་དུ་གསོལ། །ཞེས་བརྗོད་དོ། །གསུམ་པ་ནི། དེ་ལྟར་དབང་ཐོབ་པས་བདག་དཀྱིལ་འཁོར་སྒྲུབ་པའི་གནང་བ་བྱིན་པར་བསམས་ཏེ། རང་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་དུ་མོས་ལ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་ཧཾ། ཞེས་རང་གི་ལྷའི་མིང་ནས་བརྗོད་པས་ང་རྒྱལ་བཟུང༌། དེ་བཞིན་དུ་རྡུལ་ཚོན་གྱི་ལྷ་སོ་སོ་དང༌། རང་ཐ་མི་དད་དུ་མོས་ལ་སོ་སོའི་སྔགས་ཀྱི་མཇུག་གི་ཧཱུྃ་ཧཱུྃ་ཕཊ་བཞག་ལ་ཨ་ཧཾ་བཏགས་ལ་ཚར་རེ་བརྗོད། བསྐལ་བཟང་ལྷ་གྲངས་དང་མཉམ་པ་མི་ནུས་པས་ཕྱོགས་ཀྱི་གྲངས་བཞིན་ལན་བཞི་བརྗོད་དོ། །དེ་ནས་རང་གཙོ་བོར་བསྒོམས་པའི་སྤྱི་བོར་ཟླ་བ་དང་འཁོར་ལོ་ལ་ཨོཾ་དཀར་པོ་བསྒོམ་པ་སོགས་གནས་གསུམ་བྱིན་གྱིས་བརླབ་པ། ཐུགས་ཀར་ས་བོན་དགོད་པ། གོ་ཆ་གོང་འོག་གཉིས་དགོད་པའི་བར་སྒྲུབ་ཐབས་བཞིན་བྱ། དེ་ནས་ཨོཾ་སུམྦྷ་སོགས་ཧཱུྃ་བཞི་པའི་སྔགས་བརྗོད་པས། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་སྤྱན་དྲངས་པར་བསམས་ལ། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད་པ་རྣམས། །རང་ཉིད་བྱུང་བ་མཐའ་ཡས་སྲིད་པའི་རང་བཞིན་རྣམས། །མ་ལུས་པས་བཏུས་སྣོད་ཀྱི་སྙིང་པོ་རྣམས། །ས་ཀུན་མ་ལུས་སྙིང་པོ་གཅིག་རྣམས་འདིར་བྱོན་ཅིག །ཅེས་བརྗོད། ཀཱ་ཡ་ཝཱ་ཀ་སོགས་ཀྱིས་ཕྱག་བྱ། ཆུ་དང་ཕྱི་མཆོད་དང༌། རིག་མ་བཅུ་དྲུག་གིས་མཆོད་ལ། སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་གཞལ་ཡས་ཁང་གི་སྟེང་གི་ནམ་མཁར་ལ་ཐུགས་དགེས་པས་ཞལ་རབ་ཏུ་འཛུམ་ཞིང་བཞད་པའི་རྣམ་པ་ཅན། སྒྲུབ་པ་པོ་ལ་ཇི་ལྟར་འདོད་པའི་དངོས་གྲུབ་སྟེར་ཞིང་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྩོལ་བར་མཛད་བཞིན་དུ་བཞུགས་པར་བསམས་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །ཞེས་སོགས་ཀྱིས་བསྟོད་པས་ལྷ་རྣམས་དགེས་ཏེ། ལྷ་སོ་སོ་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམས་ལ། ཛཿཧཱུྃ་བཾ་ཧོཿ ལྷའི་སྡེ་ཚན་གྱི་གྲངས་དང་མཉམ་པར་བརྗོད་དོ། །དེ་ལྟར་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྣམ་པ་ཀུན་གྱི་མཆོག་དང་ལྡན་ཞིང༌། རང་རང་གི་སྐུ་མདོག་དང་ཕྱག་མཚན་དང་རྒྱན་ལ་སོགས་པ་ཡོངས་སུ་རྫོགས་པར་གསལ་བའི་སྤྲུལ་པའི་སྐུ་མཆོག་གི་གཟུགས་སུ་གྱུར་པ་ནི་ཕྱག་རྒྱ་ཆེན་པོ་དང༌། ལྷ་ཡབ་ཡུམ་ཐམས་ཅད་སྙོམས་པར་འཇུག་བཞིན་པ་དང༌། བསྐལ་པ་བཟང་པོ་རྣམས་ཀྱི་ཐུགས་རྒྱུད་ལ་ཟག་པ་མེད་པའི་བདེ་བ་ཆེན་པོ་འཁྲུངས་པ་ནི་དམ་ཚིག་གི་ཕྱག་རྒྱ། དེ་ནས་དཀྱིལ་འཁོར་པ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུྃ་རང་མདོག་དང་མཚུངས་པ་རེ་རེར་གྱུར་པ་ཆོས་ཀྱི་ཕྱག་རྒྱ། ཡབ་ཡུམ་རྣམས་རྡོ་རྗེ་པདྨ་སྦྱོར་བ་ལས་དཀྱིལ་འཁོར་པའི་ཚོགས་སྤྲོ་ཞིང༌། བསྐལ་པ་བཟང་པོ་རྣམས་ཀྱི་ཐུགས་ཀ་ནས་དེ་བཞིན་གཤེགས་པའི་སྐུ་དཔག་ཏུ་མེད་པ་སྤྲོས་ཏེ། སེམས་ཅན་གྱི་དོན་མཛད་པ་ནི་ལས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་བཞིས་རྒྱས་གདབ། དེ་ནས་ཐུགས་ཀའི་ས་བོན་ལས་དབང་གི་ལྷ་སྤྱན་དྲངས་པ་ནས་དབུ་རྒྱན་བཀོད་པའི་བར་སྒྲུབ་ཐབས་ལྟར་བྱའོ། །དེ་ནས་རང་དང་དཀྱིལ་འཁོར་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་རང་འདྲ་བའི་སངས་རྒྱས་དཔག་ཏུ་མེད་པ་སྤྲོས་ཏེ། སེམས་ཅན་སོ་སོའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་རྣམས་མཛད་ནས་སོ་སོའི་སྐུ་ལ་ཐིམ་པས་རང་རང་གི་གཟུགས་དང༌། ཕྱག་མཚན་ཀྱང་གསལ་བར་གྱུར་པ་ཡང་བསྒོམས་ཤིང༌། གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དང༌། འཁོར་རྣམས་ཀྱི་ཉེར་གཅིག་རེ་བཟླས་ཏེ། དཀྱིལ་འཁོར་སྒྲུབ་པའོ། །དེ་ལ་མཆོད་པའི་ཕྱིར། རང་རྡུལ་ཚོན་གྱི་གཙོ་བོའི་ང་རྒྱལ་གྱིས། དཀྱིལ་འཁོར་གྱི་མཐའ་སྐོར་དུ་བཀོད་པའི་མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ལ། ཆུ་གསུམ་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ། རོལ་མོ་བཟའ་བཏུང༌། ན་བཟའ་རྣམས་ཀྱི་མཆོད་པ་ནས་བསྟོད་པའི་བར་རྒྱས་པར་བྱ་སྟེ་མཆོད་ཕྲེང་ལྟར་རོ། །དེ་ནས་ཡི་གེ་བརྒྱ་པ་ལན་བདུན་བརྗོད་ལ་ལྷག་ཆད་ཀྱི་སྐྱོན་བསལ་བར་བསམ། ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། །དམ་ཚིག་ཀྱང་ནི་དྲན་པ་ཡིས། །སྙིང་རྗེ་ཡིས་ནི་སེམས་ཅན་དོན། །དངོས་གྲུབ་ཐམས་ཅད་མཛད་དུ་གསོལ། །ཞེས་དང༌། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བརྟན་པར་བསམ། རང་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པས་ཧེ་རུ་ཀ་ཕྱག་གཉིས་པར་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་དཀྱིལ་འཁོར་གྱི་ཤར་སྒོ་ནས་འཐོན་ཏེ་ཤར་ཕྱོགས་ཀྱི་སྟན་ལ་འཁོད་པར་བསམ་མོ། །སྒྲུབ་མཆོད་ཀྱི་ཚུལ་འདི་རྣལ་འབྱོར་བླ་མེད་ཀྱི་ཆོ་ག་གཞན་ལ་གྲགས་ཆུང་ཡང་གཞུང་འདི་དང༌། ཆོ་ག་དགུ་བརྒྱ་པ་གཉིས་ཀྱི་དགོངས་པ་དཔྱིས་ཕྱིན་པར་བཀོད་པ་ལ། ཆོ་ག་རང་གཞུང་ལྟར་མཛད་པའི་རྡོ་རྗེ་སློབ་དཔོན་རྣམས་དགྱེས་པར་མཛད་དུ་གསོལ། གསུམ་པ་གཏོར་མ་དབུལ་ཞིང་སྦྱིན་སྲེག་བྱ་བ་ནི། སྒྲུབ་པའི་གྲོགས་དཀྱིལ་འཁོར་གྱི་དྲུང་དུ་རྩ་སྔགས་འདོན་བཞིན་པས་དཀྱིལ་འཁོར་བསྲུང་དུ་བཅུག རང་འཁོར་དང་བཅས་པས་ཁང་པའི་ཕྱི་རོལ་དུ་རྡོ་རྗེ་དྲིལ་བུ་དང་རོལ་མོ་སྣ་ཚོགས་ཐོགས་པས་སོང་སྟེ། ས་གཙང་སར་འབྱུང་པོའི་ཚོགས་ལ་གཏོར་མ་དབུལ་ལོ། །དེའང་ཤིང་སྟེགས་ཀྱི་སྟེང་དུ་ཅི་འབྱོར་བའི་རྫས་ཀྱིས་གང་བའི་གཏོར་མ་ཆེན་པོ་བ་དན་དང་བཅས་པ་དང༌། ཆུ་གསུམ་དང་ཉེར་སྤྱོད་བཤམ། ཆང་དང་ཆུས་གཏོར་མ་སྦྱང་ངོ༌། །དེ་ནས་སྒྲུབ་ཐབས་ལྟར་གཏོར་མ་བྱིན་གྱིས་བརླབ། ཕཻཾ་གྱི་སྔགས་རྒྱ་སོགས་བྱས་ལ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བ་ཆེན་པོ་བཅུ་འཁོར་དང་བཅས་པ་དང༌། གཞན་ཡང་ཡུལ་སུམ་ཅུ་སོ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ན་རྒྱུ་བའི་མཁའ་འགྲོ་དང་འབྱུང་པོའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ། རྡོ་རྗེ་དྲིལ་བུ་འཛིན་པས། ཨོཾ་གང་དུ་བཅོམ་ལྡན་འདས་ལྷན་ཅིག །འོངས་པའི་ཕྱོགས་ཀྱི་བདག་པོ་རྣམས། །གང་ཡང་རྗེས་སུ་འབྲང་བཅས་འདིར། །གནས་པ་དེ་དག་ཐམས་ཅད་རྣམས། །བདག་ནི་རྗེས་སུ་བཟུང་བའི་ཕྱིར། །ཇི་ལྟར་རིགས་པར་གྱུར་པ་འདི། །དྲི་དང་མེ་ཏོག་སོགས་གཏོར་མ། །སོ་སོར་བཞེས་ཏེ་སེམས་ཅན་ལ། །བྱམས་པའི་སེམས་དང་སློབ་མ་ལ། །གེགས་མེད་པར་ནི་མཛད་དུ་གསོལ། །ཞེས་དང༌། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། དེ་ནས་ཆུ་གསུམ་དང་ཉེར་སྤྱོད་ལྔས་མཆོད་ལ། སྔར་བྱིན་གྱིས་བརླབས་པའི་གཏོར་མ་ཟོས་པར་བསམས་ལ། ཨོཾ་ཁ་ཁ་སོགས་སྤྱི་གཏོར་གྱི་སྔགས་ལན་ལྔའམ་བདུན་བརྗོད་པས་དབུལ་ལ། སྔར་བཞིན་མཆོད་ནས་དྲིལ་བུ་དཀྲོལ་ཞིང༌། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཞེས་སོགས་གཞུང་གཞན་དུ་འབྱུང་བའི་ཚིག་གིས་ཕྲིན་ལས་གཞོལ། ཡི་གེ་བརྒྱ་པས་ཆོ་ག་ཁ་བསྐང༌། ནོངས་པ་བཟོད་པར་གསོལ། མཆོད་པ་རྣམས་གཏོར་མ་དང་ལྷན་ཅིག་ཏུ་སྦྲགས། ལག་པ་གཉིས་ཀྱི་མཐེབ་མཛུབ་སྦྱར་བའི་རྩེ་གཉིས་སྤྲད་པ་མིག་གི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུྃ་བརྗོད། པད་སྐོར་དང་ལྟེ་བར་འཁྱུད་པས་སེ་གོལ་གཏོགས་ཏེ། ཨོཾ་བཛྲ་མུཿས་གཏོར་མགྲོན་གཤེགས་སུ་གསོལ། རོལ་མོ་དང་བཅས་པས་གཏོར་མ་ས་གཙང་སར་དོར། ཧཱུྃ་བཞི་པ་ཤུབ་བུར་བཟླས་ཏེ། ཕྱི་རོལ་དུ་གཏོར་མ་སྦྱིན་པའི་ཆོ་གའོ། །དེ་ནས་ནང་དུ་འོངས་ལ་རྣལ་འབྱོར་ཕོ་མོའི་འཚོགས་པ་ཡོད་ན་ཚོགས་ཀྱི་འཁོར་ལོ་བྱ། མེད་ན་དཔའ་བོའི་སྟོན་མོའམ། རབ་ཏུ་བྱུང་བ་ཡིན་ན་ཚོགས་འཁོར་རྗེས་མཐུན་པ་བྱ་སྟེ་ཚོགས་ཀྱི་མཆོད་པའོ། །གལ་ཏེ་རྣལ་འབྱོར་ཕོ་མོ་མ་འཚོགས་པའམ་ཚོགས་རྫས་མ་འབྱོར་ན། ཞི་བའི་སྦྱིན་སྲེག་བྱ་སྟེ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཞི་བའི་ཐབ་ཁུང་བྲིས་ལ་ཆོ་ག་བཞིན་དུ་ལྷ་སྤྱན་དྲངས་ཏེ་བསྲེག་རྫས་ཀྱིས་ཚིམ་པར་བྱ་སྟེ། སྦྱིན་སྲེག་གིས་མཆོད་པའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཕྱི་དང༌། རིག་མ་བཅུ་དྲུག་དང༌། ནང་བདུད་རྩི་དང༌། བསྟོད་པ་རྣམས་མདོར་བསྡུས་པ་བྱ་སྟེ་སྒྲུབ་མཆོད་འཁོར་དང་བཅས་པའོ། །ལྔ་པ་སློབ་མ་ལ་དབང་བསྐུར་བའི་ཆོ་ག་ནི། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ལམ་ཡོལ་བའི་ཕྱི་རོལ་དུ། སྟ་གོན་གྱིས་སྨིན་པར་བྱས་པའི་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཀྱིལ་འཁོར་ཆེན་པོར་ཞུགས་ལ་དབང་བླངས་ཏེ། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་སྙམ་པ་གྱིས་ཤིག་ཅེས་བརྗོད། འདི་ལ་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བའི་ཆོ་ག་གཉིས་ལས། དང་པོ་ལ་གསུམ་གྱི། ཐོག་མར་ཡོལ་བའི་ཕྱི་རོལ་དུ་བྱ་བའི་ཆོ་ག་ནི། སློབ་མས་མཎྜལ་ཕུལ། ཁྱོད་ནི་སྟོན་པ་དབལ་ཆེན་པོ། །ཞེས་སོགས་ལན་གསུམ་དུ་གསོལ་བ་གདབ། སློབ་མ་སྟོང་པ་ཉིད་ལས་ཆོ་ག་གསུམ་གྱིས་གཙོ་བོར་བསྐྱེད། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། དུམ་སྐྱེས་མ་བཟླས་པའི་སྨད་གཡོགས་ཁ་དོག་སྣ་ཚོགས་པ་དང༌། སྟོད་གཡོགས་དམར་པོ་དང༌། ཨོཾ་བཛྲཽ་ཥྞཱི་ཥ་ཧཱུྃ་ཕཊ། ཅེས་པས་གཙུག་ཏོར་བཅིང༌། སྒོ་མ་བཞིའི་སྙིང་པོས་གདོང་གཡོགས། ཨ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་གཏད། སློབ་མས་ཡོན་ཕུལ་ལ་ཕྱོགས་བཞི་ནས་ཕྱག་བྱ་སྟེ། ཤར་སྒོ་ནས་རྡོ་རྗེ་ཐལ་མོ་སྦྱར་ལུས་ཐམས་ཅད་བརྐྱང་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱ་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་ཕྱག་བྱས་པས་གཙོ་བོ་ལས་གཙོ་བོ་གཉིས་པ་སྤྲུལ་ནས་སློབ་མའི་སྙིང་གར་ཐིམ་པས་བྱིན་གྱིས་བརླབས་པར་བསམ། ཡང་ལྷོ་སྒོ་ནས་ཐལ་མོ་སྙིང་གར་སྦྱར་ཏེ། དཔྲལ་བ་ས་ལ་རེག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་རཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་ཕྱག་བྱས་པས། ལྷོ་ཕྱོགས་ཀྱི་རྣལ་འབྱོར་མ་རྣམས་ལས་དེ་འདྲ་བ་མང་པོ་སྤྲུལ་ཏེ་སློབ་མའི་དཔྲལ་བར་ཐིམ་པར་བསྒོམ། ཡང་ནུབ་སྒོར་ཐལ་མོ་སྤྱི་བོར་སྦྱར་ཏེ། ཁ་ས་ལ་རེག་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏཱ་བྷ་ཝ་པྲ་ཝརྟ་ཡ་མཱཾ། ཞེས་ཕྱག་བྱས་པས། ནུབ་ཀྱི་རྣལ་འབྱོར་མ་རྣམས་ལས་དེ་འདྲ་བ་གཉིས་པ་སྤྲུལ་ནས་སློབ་མའི་ལྐོག་མར་ཐིམ་པར་བསམ། ཡང་བྱང་སྒོར་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས། མགོ་བོ་ས་ལ་རེག་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཀ་ར་ཎ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་སིདྡྷིཾ་ཀུ་རུ་མཱཾ། ཞེས་ཕྱག་བྱས་པས། བྱང་གི་རྣལ་འབྱོར་མ་རྣམས་ལས་དེ་འདྲ་བ་གཉིས་པ་སྤྲུལ་ནས་སློབ་མའི་སྤྱི་བོར་ཐིམ་པར་བསམ་མོ། །དེ་ནས་ཤར་སྒོ་ནས་སློབ་དཔོན་ལ་ཕྱག་བྱས་ལ་དེ་ཉིད་དུ་འདུག་སྟེ། སྐྱབས་འགྲོ་དང༌། སྡིག་བཤགས་ནས་བསྔོ་བའི་བར་སྟ་གོན་ལྟར་ལན་གསུམ་བྱ། ཐལ་མོ་སྦྱར་ནས། དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་ཡང་ནི་བདག་ལ་སྩོལ། །རྡོ་རྗེའི་རིགས་ཀུན་བསྡུས་པ་ལ། །སློབ་དཔོན་ཆེན་པོ་བདག་གཞུག་མཛོད། །ཕྱིར་མི་ལྡོག་པའི་དབང་བསྐུར་བའི། །སྐལ་བ་ཆེན་པོ་བདག་ལ་སྩོལ། །དུས་གསུམ་བཞུགས་རྣམས་སངས་རྒྱས་ཀྱི། །སངས་རྒྱས་བྱང་ཆུབ་གོ་འཕང་མཆོག །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །མཚན་ཉིད་དང་ནི་དཔེ་བྱད་དང༌། །ནམ་མཁའི་འོད་སོགས་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བརྩོན་པས། །རྟག་ཏུ་བདག་ནི་སློབ་དཔོན་འགྱུར། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་ཤར་སྒོར་ལངས་ལ། དཀྱིལ་འཁོར་ལ་ཐལ་མོ་སྦྱར་ཏེ། སློབ་མ་མིང་འདི་ཞེས་བྱ་བ་ཡིས། །བྱང་ཆུབ་སེམས་ནི་ཡོངས་བཟུང་དང༌། །གསང་བའི་དཀྱིལ་འཁོར་འདིར་འཇུག་ཅིང༌། །དམ་ཚིག་སྡོམ་པ་ནོད་པར་འཚལ། །ཞེས་ལན་གསུམ་དུ་བརྗོད་པས། དཀྱིལ་འཁོར་གྱི་གཙོ་བོས། གསང་བ་ཆེན་པོ་རིགས་དགེ་བ། །གསང་ཆེན་ཡོངས་སུ་བཟུང་བ་རུ། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །ཞེས་གསུངས་བར་བསམ། སློབ་མ་རྣམས་ཀྱིས་ལན་དུ། རྐང་པ་གོང་མ་གཉིས་ཀྱི་མཇུག་ཏུ། བདག་ཉིད་ཆེན་པོ་བདག་འདོད་དོ། །ཅེས་པས་ལན་གདབ། དེ་ནས་ཁྱོད་ཀྱི་གཟུང་རྒྱུའི་དམ་ཚིག་དང་སྡོམ་པ་འདི་རྣམས་ཡིན་ནོ་ཞེས་བསྒོས་ལ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །རིན་ཆེན་གསུམ་གྱི་དམ་ཚིག་བསྟེན། །དེ་ལྟར་སངས་རྒྱས་རིགས་དག་ལ། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །བློ་གྲོས་ཆེན་པོ་ཁྱོད་ཀྱིས་ཟུང༌། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུང༌། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་སྦྱིན་བྱ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །ཁྱོད་ཀྱིས་དམ་པའི་ཆོས་གཟུང་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་མཆོག་ཡིན་ནོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །རང་གི་དེ་ཉིད་སོ་སོར་ཟུང༌། །མཆོད་པའི་ལས་ཀྱང་ཅི་ནུས་གྱིས། །གཞན་ཡང་བཅུ་བཞིར་བཤད་འདི་རྣམས། །ཕས་ཕམ་པ་ཞེས་བྱ་བར་གྲགས། །རྩ་བའི་ལྟུང་བ་ཤེས་བྱ་སྟེ། །ཉིན་ལན་གསུམ་དང་མཚན་ལན་གསུམ། །ཉི་མ་རེ་རེར་འདོན་པར་གྱིས། །རྡོ་རྗེའི་སྤུན་རྣམས་བཤེས་ཉིད་པས། །རྣལ་འབྱོར་རྣམས་ལ་བསྙེན་བཀུར་བྱ། །སྤང་ཞིང་དོར་བར་མི་བྱ་སྟེ། །ཇི་ལྟར་ནུས་པས་ཡང་དག་སྤྱད། །ཐེག་པ་དམན་ལ་འདོད་མི་བྱ། །འཁོར་བ་ཡོངས་སུ་མི་སྤང་ཞིང༌། །རྟག་ཏུ་མྱ་ངན་འདར་མི་དགའ། །གསང་བ་གསུམ་གྱི་ལྷ་རྣམས་ལ། །བརྙས་པ་ཉིད་དུ་མི་བྱའོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །སྲོག་ཆགས་གསད་པར་མི་བྱ་ཞིང༌། །མ་བྱིན་མི་བླང་ཉིད་དུ་བྱ། །འདོད་ལོག་སྤྱད་པར་མི་བྱ་ཞིང༌། །རྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །ལེགས་པ་ཡི་ནི་ཉེ་བར་གནས། །རྣལ་འབྱོར་གསུམ་ལ་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་ལས་ནི་རྣམ་བཞི་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཇི་ལྟར་ནུས་པས་རྗེས་སུ་བསྐྱེད། །འདི་དག་དམ་ཚིག་ཡིན་པར་གསུང༌། །ཁྱོད་ཀྱིས་ད་ལྟ་ཉིད་ནས་སྲུངས། །ཞེས་སྡོམ་པ་བསྒྲགས་ལ། སློབ་དཔོན་འདི་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་དུ་ནི་བདག་གིས་བགྱི། །ཞེས་ལན་ཅིག་གིས་སྡོམ་པ་མདོར་བསྡུས་ཏེ་གཟུང༌། ཡང་རྒྱས་པར་གཟུང་བའི་ཕྱིར། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །མགོན་པོ་སངས་རྒྱས་རྣམས་དང་ནི། །དེ་སྲས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་འདི། །དུས་འདི་ནས་ནི་རབ་བཟུང་སྟེ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །འདི་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང༌། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་དུ་གཞུག དེ་ནས་སེམས་ཅན་ཐམས་ཅད་ལ་ཕན་བདེ་བསམ་གྱིས་མི་ཁྱབ་པ་བསྒྲུབ་པར་བྱའོ་སྙམ་པ་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་དུ་བཅུག་ལ། བློ་དེ་སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསམ། དེ་ནས་ཆོས་ཐམས་ཅད་ཀྱི་ཡིན་ལུགས་སྟོང་པ་ཉིད་ཀྱི་ངང་དུ་སེམས་བཞག བློ་དེ་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འཕྲོ་བ་གཅིག་ཏུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་ག་ཀཱ་ཡ་ཝཱཀྩིཏྟ་ཨུཏྤཱ་ད་ཡཱ་མི་ཤེ་ཥྱ་ན་བ་ཤེ་ཥ་ས་ཏཱ་དྷཱ་ཏུ་ཧི་ཏ་སུ་ཁོཏྟ་མ་སིདྡྷི་ཨ་དྱ་ན་ཏ་བྷ་ཝ་སིདྡྷི་མ་ཧེ་ཤྭརྻ་དྷི་པ་ཏྱེ་ཙ་ཡ། ཞེས་བརྗོད་དུ་བཅུག་ནས། མེ་ཏོག་དང་བཅས་པས་རྡོ་རྗེ་དེ་སྙིང་གར་བཞག་ལ། སུ་ར་ཏེ་ས་མ་ཡ་སྟཾ་ཧོ། སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་པས་སེམས་བསྐྱེད་བརྟན་པར་བྱ། དེ་ནས་ས་མ་ཡ་སྟྭཾ། ཞེས་མེ་ཏོག་གི་ཕྲེང་བ་བཟུང་ལ། སློབ་དཔོན་གྱིས་དཀྱིལ་འཁོར་ལ། བདག་མིང་ཆེ་གེ་ཞེས་བྱ་བའི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བྱ། །དཀྱིལ་འཁོར་སྙིང་པོ་འདི་ཉིད་དུ། །ཡེ་ཤེས་རྡོ་རྗེ་ཐོབ་བྱའི་ཕྱིར། །དེ་བཞིན་གཤེགས་ཀུན་གྲོང་ཁྱེར་དུ། །བདག་གིས་སློབ་མ་གཞུག་པར་བྱ། །ཞེས་བརྗོད་དོ། །དེ་ནས་འདིར་མ་བཤད་ཀྱང་གཞན་ནས་འབྱུང་བ་ལྟར་གསང་བར་གདམས་པ་བྱས་ཀྱང་འགལ་བ་མེད་པར་སེམས་སོ། །གཉིས་པ་ཡོལ་བའི་ནང་དུ་གཞུགས་པ་ནི། སློབ་དཔོན་གྱི་ལག་གིས་རྡོ་རྗེས་སློབ་མ་རྣམས་ནང་དུ་དྲངས་ཤིང༌། ཨཱ་ཁཾ་བཱི་ར་ཧཱུྃ་ངམ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ་ཌཱ་ཀི་ནི་ཛཱ་ལ་སཾ་བ་ར། ཞེས་བརྗོད་ལ་ཡོལ་བའམ། ཁང་པའི་ནང་དུ་ཤར་ཕྱོགས་སུ་གཞག་གོ །གསུམ་པ་ནང་དུ་བྱ་བའི་ཆོ་ག་ནི། སློབ་མའི་མགོ་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱའོ། །ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་བརྗོད་པར་མ་བྱེད་ཅིག་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་ཕན་ཡོན་གྱི་སྒོ་ནས་དང༌། ཡང་སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ལ་ལར་ཁྱོད་འདི་སྨྲ། །ཁྱོད་ཀྱི་སྤྱི་བོ་འགས་པར་བྱེད། །ཅེས་ཉེས་དམིགས་ཀྱི་དང༌། སྙིང་གར་རྡོ་རྗེ་བཞག་ལ། རྡོ་རྗེ་སེམས་དཔའ་རང་ཉིད་ནི། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་གཉིས་ཀའི་དང༌། ཐོད་པར་གནས་པའི་བདུད་རྩི་ལྔའི་ཆུ་ལ་སྙིང་པོ་ལན་གཅིག་གིས་བསྔགས་ལ། ཨོཾ་བཛྲོད་ཀཾ་ཞེས་སམ། ཨོཾ་ཨཱཿཧཱུྃ་ཞེས་དང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །དཀྱིལ་འཁོར་མེད་ལ་གལ་ཏེ་སྨྲ། །སྐྱེ་བོའི་ཚོགས་ནང་གནས་ན་ནི། །མ་དད་བཞད་གད་ཀྱིས་མ་ཡིན། །ཞེས་མནའ་ཆུའི་སྒོ་ནས་དང༌། ཡང་སྤྱི་བོར་རྡོ་རྗེ་བཞག་ལ། དེང་ཚུན་ཆོད་ཁྱོད་ཀྱི་མཁའ་འགྲོ་རྒྱ་མཚོ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་བསྒོ་བ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་ཏེ། སྔོན་འགྲོ་དམ་ལ་བཞག་པ་བཞིའོ། །དེ་ནས་སློབ་མས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་དཔལ་རྡོ་རྗེ་མཁའ་འགྲོ་རྒྱ་མཚོ་བདག་ལ་དབབ་ཏུ་གསོལ། ཞེས་ལན་གསུམ་བརྗོད་ལ། སློབ་མ་མེའི་ཧེ་རུ་ཀ་ཕྱག་བཅུ་གཉིས་པ་གཡས་བརྐྱང་གིས་གནས་པའི་སྤྱི་བོའི་ནང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པའི་དབུས་སུ་ཟླ་བ་ལ་ཧ་དཀར་པོ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དབུས་སུ་ཉི་མ་ལ་ཧཱུྃ་སྔོན་པོ། སུམ་མདོར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རཾ་གྱིས་མཚན་པའི་དབུས་སུ་ཉི་མ་ལ་ཨཱཿས་མཚན་པ། རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གཉིས་ཀྱིས་མཚན་པ། རྐང་མཐིལ་གཉིས་ཀྱི་འོག་ཏུ་ཛྷཻཾ་དམར་པོ་དྲག་ཅིང་བཟོད་པར་དཀའ་བ་བསམ། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་རླུང་གི་བ་དན་ལ་ཕོག་ཅིང་གཡོས་པས་ཛྷཻཾ་མེ་འབར་རྐང་མཐིལ་ནས་ཞུགས་སུམ་མདོའི་མེ་དང་འདྲེས་པས་ཆེར་འབར། དེའི་ནུས་པས་སྙིང་གའི་ས་བསྲེགས་པས་དྲོད་དང་དེའི་རྐྱེན་གྱིས། སྤྱི་བོའི་ཆུའི་དཀྱིལ་འཁོར་ལས་བདུད་རྩིའི་ཚོགས་འཛག་པས་བདེ་བས་ཚིམ་པར་བསྒོམ་ཞིང༌། འོག་གི་རླུང་གིས་ཀྱང་བར་སྣང་ལ་འདེགས་བཞིན་པར་བསམས་ཏེ། སློབ་མས། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །མཁའ་འགྲོ་རྒྱ་མཚོ་ཞེས་བྱར་གྲགས། །ཡེ་ཤེས་རྡོ་རྗེ་བླ་མེད་པ། །དེ་རིང་བདག་ལ་དབབ་ཏུ་གསོལ། །ཞེས་ཡང་ཡང་བརྗོད་པས། སློབ་དཔོན་གྱིས་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་འཁོར་ལོ་བཅུ་གཉིས་ཀྱི་ལྷའི་རྣམ་པར་སྤྱན་དྲངས་ཏེ། སློབ་མའི་ལུས་ཀྱི་བུ་ག་ཐམས་ཅད་ནས་ཞུགས་པས་བྱིན་གྱིས་བརླབས་པར་བསམས་ལ། ལུས་ཀྱིས་རྡོ་རྗེ་དྲིལ་བུ་དྲག་ཏུ་དཀྲོལ། ངག་ཏུ་ཡབ་ཡུམ་གྱི་སྙིང་པོ་དང༌། ཉེ་སྙིང་གི་རྗེས་ལ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་བཛྲ་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུྃ་ཧཿཨཿཛྷཻཾ་ཞེས་བཅུ་ནས་བརྒྱའི་བར་དུ་བརྗོད། ལས་ཀྱི་རྡོ་རྗེས་རོལ་མོ་དྲག་ཏུ་བྱ་ཞིང༌། རོ་རས་དང་ཟླ་མཚན་བསྒོས་པའི་འདོམས་དཀྲིས་ཀྱི་རས་དང༌། བདུད་རྩི་ལྔ་དང༌། རོའི་ཁ་ནས་བྱུང་བའི་གུ་གུལ་རྣམས་ཞིབ་ཏུ་བཏགས་པ་ཐོད་པར་རོ་སོལ་གྱི་མེ་ལ་བསྲེགས་པས་བདུག་ལ་དབབ་བོ། །གལ་ཏེ་མ་ཕེབས་ན་སློབ་མའི་སྙིང་ཟླ་བ་ཁ་སྦྱོར་གྱི་དབུས་སུ་མཁའ་འགྲོ་རྒྱ་མཚོ་ཡབ་ཡུམ་ཡུངས་ཀར་གྱི་ཚད་ཙམ་བསམ། དེའི་སྙིང་གར་ཨཱཿདམར་པོ་བསམས་ལ་ཡབ་ཡུམ་སྙོམས་པར་ཞུགས་པས་སྙིང་གའི་ཨཱཿཡིག་བསྐུལ། དེ་ལས་བདེ་བའི་རང་བཞིན་འོད་ཟེར་དམར་པོ་འཕྲོས་ལུས་ཀྱི་ནང་ཐམས་ཅད་འོད་ཀྱིས་ཁྱབ་པས་སེམས་ལ་བདེ་བ་སྐྱེས་པར་བསམས་ལ། ཨཱཿཨཱཿཞེས་བཅུ་ནས་བརྒྱའི་བར་རོལ་མོ་དང་བཅས་པས་བརྗོད་ན་འབབ་པར་འགྱུར་རོ། །བབས་ན། སྐུ་བབས་ན་ནམ་མཁའ་ལ་འགྲོ་བ་དང་རྡོ་རྗེའི་གར་བྱེད་པ། གསུང་བབས་ན་ཚིགས་བཅད་སྨྲ་བ། ཐུགས་བབས་ན་དུས་གསུམ་གྱི་ཤེས་བྱ་ཤེས་པ་སོགས་འབྱུང་ལ། ཅི་སྟེ་དགོད་ན་སྨྲ་འདོད་པ་ཡིན་པས། སློབ་མ་དུམ་སྐྱེས་མར་དམིགས་པའི་ལྕེ་ཧྲཱིཿལས་སྐྱེས་པའི་པདྨ་དམར་པོ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་ཨཱཿདམར་པོ་འོད་འབར་བར་བསྒོམས་ལ། སྙིང་གའི་ཧཱུྃ་གི་འོད་ཀྱིས་ལྕེ་སྟེང་གི་ཨཱཿབསྐུལ་བར་བསམས་ཏེ། བྲུ་ཧི་བཛྲ་ཞེས་བརྗོད་ན། དགེ་བ་དང་མི་དགེ་བ་ཐམས་ཅད་ལུང་སྟོན་པར་འགྱུར་རོ། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་སྟེ། ཏིཥྛ་བཛྲ་དྲྀཌྷོ་མེ་བྷ་ཝ། ཤཱ་ཤྭ་ཏོ་མེ་བྷ་ཝ། ཧྲྀ་ད་ཡ་མི་ཨ་དྷི་ཏིཥྛ་སརྦ་སིདྡྷིམྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ ཞེས་ཡིག་བརྒྱ་ཕྱེད་པ་བཟླས་ལ་བརྟན་པར་བྱའོ། །དེ་ནས་སློབ་དཔོན་རྡོ་རྗེ་དྲིལ་བུ་འཛིན་པས་ཤར་སྒོར་འདུག་ལ། དཀྱིལ་འཁོར་འདི་རུ་ཡང་དག་པར། །བདག་གིས་སློབ་མ་བཅུག་པ་ལ། །ཇི་ལྟའི་བསོད་ནམས་དེ་བཞིན་ཤོག །ལྷ་རྣམས་ཀྱི་ནི་རིགས་ཀྱི་རིམ། །གང་གི་རིགས་ཀྱི་སྣོད་ཡིན་པ། །གང་འདྲར་འདི་ཡི་དངོས་གྲུབ་འགྱུར། །གང་འདྲའི་བསོད་ནམས་རྗེས་མཐུན་པའི། །དེ་འདྲའི་དཀྱིལ་འཁོར་འདིར་གྱུར་ཅིག །ཅེས་སློབ་མ་འཇུག་པར་གསོལ་བ་བཏབ་ནས། སློབ་མ་གདོང་རས་དང་བཅས་པས། དཀྱིལ་འཁོར་ལ་ཕྱོགས་པ་ལ། ཀྱེ་ཁྱོད་ཀྱི་མིག་ལམ་ན་ཇི་ལྟར་སྣང༌། ཞེས་དྲིས་པས། དཀར་སེར་དམར་ལྗང་ནག་པོར་སྣང་ན་རིམ་པ་བཞིན། ཞི་རྒྱས་དབང་ལས་སྣ་ཚོགས་དྲག་པོ་རྣམས་འགྲུབ་པར་གོ་བར་བྱས་ནས། སློབ་མ་དཀྱིལ་འཁོར་གྱི་ཤར་སྒོར་འདུག་པ་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་ལྟ་བུར་སློབ་མ་ནི། །གསལ་ཞིང་སྡིག་མེད་མཐོང་བར་ཤོག །ཅེས་བདེན་པའི་སྟོབས་བརྗོད་ནས། སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ་ལས་ཡང་ཞིང་མ་རྙིངས་པའི་མེ་ཏོག་གཅིག་བཏོན་ནས་སློབ་མའི་ལག་པ་ཐལ་མོ་སྦྱར་བར་བྱིན་ལ་གུས་པ་དང་བཅས་པས། དཀྱིལ་འཁོར་གྱི་ནང་དུ་རྡོ་རྗེ་ཤུགས་ཀྱི་འཇུག་པས་ཞུགས་ནས་དཀྱིལ་འཁོར་གྱི་གཙོ་བོའི་དབུ་ལ་མེ་ཏོག་ཕུལ་བར་བསམས་ལ། ཡིག་བརྒྱ་ཕྱེད་པ་དང༌། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་པས་དཀྱིལ་འཁོར་ལ་མེ་ཏོག་ལྟོས་པ་མེད་པར་དོར་རོ། །དེའི་ཚེ་ལྷའི་མཛོད་སྤུའམ། དབུའམ། གཙུག་ཏོར་ལ་བབས་ན་མཆོག་གི་དངོས་གྲུབ། སྤྱན་ནམ་ཞལ་ལ་སྔགས་ཀྱི་དངོས་གྲུབ། སྐུ་སྟོད་ལ་དངོས་གྲུབ་ཆེན་པོ། བར་གྱི་ཆ་ལ་འབྲིང་པོ། སྨད་ཀྱི་ཆ་ལ་ཐ་མ། སྐུ་ལ་ཉེ་ན་དངོས་གྲུབ་མྱུར། རིང་ན་རིང༌། ལྷ་གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིགས། མཉམ་ན་གང་ལ་མོས་པ་དེའི་རིགས་ཡིན། རྩིག་པ་ཕྱི་མའི་སྟེང་མན་ཆད་རྡོ་རྗེ་རྭ་བའི་ནང་ཡན་ཆད་དུ་ལྷུང་ན་དངོས་གྲུབ་ཕྲ་མོ། གལ་ཏེ་རྡོ་རྗེ་རྭ་བའི་ཕྱིར་ལྷུང་ན་ལན་གསུམ་དུ་བསྐྱར་ཏེ་དོར། དེས་ཀྱང་ཕྱིར་ལྷུང་ན། རེ་ཞིག་དངོས་གྲུབ་ཀྱི་སྐལ་བ་མེད་པས། བསག་སྦྱང་གི་ལམ་བསྟན་ལ་སྡིག་པ་དག་པའི་ཚེ་དཀྱིལ་འཁོར་དུ་འཇུག་པར་བཤད་དོ། །དེ་ནས་སློབ་དཔོན་གྱིས་ཨོཾ་པྲ་བི་ཤྱ་ཀུ་ལཾ་མ་ཧཱ་བ་ལཾ། ཞེས་པས་ཕྲེང་བ་བླངས་ཏེ། སློབ་མའི་མགོ་བོར་བཅིང་བ་ནི་མེ་ཏོག་ཕྲེང་བའི་དབང་ངོ༌། །སློབ་མའི་མིག་གཉིས་སུ་ཟླ་བ་ལ་ཨོཾ། སྙིང་གར་ཟླ་བ་ལ་ཧཱུྃ་བསྒོམས་ནས། དེ་རྣམས་ཀྱི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བཀུག་སྟེ། སློབ་མའི་མིག་གཉིས་ལ་བསྟིམས་པས་ལྷའི་སྤྱན་དང་དབྱེར་མེད་པར་བསམས། ཨོཾ་བཛྲ་ཌཱ་ཀཱརྞ་བཱ་སྭ་ཡནྟེ་དྱ། ཙཀྵུ་རུདྒྷ་ཊ་ན་ཏ་ཏ་པ་ར། ཨུཏྒཧ་ཊ་ཡ་ཏི་སརྦ་ཀྵོ། བཛྲ་ཙཀྵུ་ར་ནུཏྟ་ར་ཞེས་སམ། དེ་ཉིད་བོད་སྐད་དུ་བྱས་ན། མཁའ་འགྲོ་རྒྱ་མཚོ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་སོགས་བརྗོད་དོ། །དེ་ནས་ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་པས་དཀྱིལ་འཁོར་བལྟར་བཅུག་ལ། ད་ནི་དད་པ་རབ་ཏུ་བསྐྱེད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །སངས་རྒྱས་རྣམས་ཀྱི་རིགས་སུ་སྐྱེས། །མཐོང་བས་དངོས་གྲུབ་ཐམས་ཅད་འོང༌། །ཕུན་སུམ་ཚོགས་པ་མངོན་དུ་འགྱུར། །དམ་ཚིག་བསྲུངས་ལ་དངོས་གྲུབ་སྟེ། །ཁྱོད་ཀྱིས་སྔགས་རྣམས་ལ་བརྩོན་བྱ། །ཅི་ལྟར་བསོད་ནམས་དག་སྟོབས་ལས། །དཀྱིལ་འཁོར་མཐོང་བ་དེ་ནས་ནི། །སྣ་ཚོགས་འོད་ཟེར་འཕྲོ་བ་ཡིས། །དཀྱིལ་འཁོར་མཐོང་བ་ཐེ་ཚོམ་མེད། །ཅེས་བརྗོད་པ་སྔོན་དུ་འགྲོ་བས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མཐའ་དག་གི་མངོན་རྟོགས་རྒྱས་བསྡུས་ཅི་རིགས་པ་བཤད་ལ། ལྷ་ངོ་བསྟན། བྱེ་བྲག་ཏུ་མེ་ཏོག་ཕོག་པའི་ལྷ་འདི་ཡིན་ནོ་ཞེས་བསྒོ་བར་བྱའོ། །དེ་ནས། གང་ཞིག་ཤྲཱི་གང་བླ་མེད་དེའི། །རུ་ཉིད་ཀྱང་ནི་མེད་པ་ཡིན། །བརྗོད་དངོས་མེད་ལས་དེ་རྣམས་ཀུན། །དཔལ་ཧེ་རུ་ཀ་ཞེས་བྱར་དྲན། །རྡོ་རྗེ་ཡེ་ཤེས་དབྱེར་མེད་ཕྱིར། །རྟག་ཏུ་སྡིག་པ་ལས་སྒྲིབ་དང༌། །འདོད་ཆགས་དམན་པའི་སྦྱོར་བ་གང༌། །རྡོ་རྗེ་སྔོ་བསངས་ཅན་ཕག་མོ། །མཆོག་ཏུ་འགྲོ་བའི་ངང་ཚུལ་ཕྱིར། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །དེའི་རིགས་ལྔ་པོའང་དེ་འདྲའོ། །གང་ཞིག་རྟག་ཏུ་བདུག་ཟ་བས། །ལཱ་མཱ་ཞེས་བྱར་དེ་བཞིན་དྲན། །དེའི་རིགས་ལྔ་པོའང་དེ་དང་འདྲ། །དེ་བཞིན་ཤེས་བྱ་གཞན་གཉིས་ཀྱིའང༌། །དུམ་བུར་བྱེད་ཅིང་བསྐྱེད་པས་ཀྱང༌། །དུམ་སྐྱེས་མ་ཞེས་བྱ་བར་བརྗོད། །སྣ་ཚོགས་པ་ཡི་གཟུགས་འཛིན་ཕྱིར། །གཟུགས་ཅན་མ་ཞེས་རབ་ཏུ་བཤད། །གཞན་ཡང་གཙོ་བོའི་རྣམ་དག་པ། །བདུན་ཅུ་རྩ་གཉིས་ཕྱག་རྣམས་ནི། །བདུད་དག་པར་ནི་རྣམ་པར་བརྗོད། །ཕྱག་བཞི་དགོད་པ་ལ་སོགས་པ། །བཞི་པོ་རྣམས་ནི་དག་པར་འདོད། །ཞལ་རྣམས་དག་པའི་དངོས་པོ་ནི། །ལྷན་སྐྱེས་རྫོགས་བྱང་ཆུབ་བཅུ་དྲུག །བཅུ་བདུན་པའི་ཞལ་ཡིད་དུ་བཤད། །སྲིད་དང་མྱ་ངན་འདས་ཞབས་གཉིས། །ཐམས་ཅད་རྒྱན་གྱི་དག་པ་ནི། །ཆོས་དང་ཆོས་པའི་སྐྱེ་གནས་སོ། །ལྷག་མ་ལྷ་རྣམས་ཐམས་ཅད་ཀྱི། །སོ་སོར་བརྗོད་པར་མི་ནུས་པས། །འཁོར་ལོ་བཅུ་གཉིས་དག་པར་ཡང༌། །གནས་བཅུ་གཉིས་དང་ས་བཅུ་གཉིས། །རྡོ་རྗེ་འཆང་བ་སྒོར་གནས་རྣམས། །དེ་རྣམས་དག་པའི་ངོ་བོ་ཡིན། །ཡེ་ཤེས་ཆོས་དང་ལོངས་སྤྱོད་རྫོགས། །སྤྲུལ་པ་དག་པས་དཀྱིལ་འཁོར་བཞི། །ཡིད་ཀྱི་དཀྱིལ་འཁོར་མཆོག་ཡིན་པ། །གང་ཕྱིར་དཀྱིལ་འཁོར་ཡང་དག་བཤད། །ཡེ་ཤེས་ཆོས་དང་ལོངས་སྤྱོད་རྫོགས། །ཀུན་ནས་ཀུན་ཏུ་མཉམ་པའི་ཕྱིར། །ཟླུམ་པའི་དཀྱིལ་འཁོར་གསུམ་ཡིན་ནོ། །སྤྲུལ་པ་ཀུན་དུ་འཕྲུལ་རྒྱས་པས། །དཀྱིལ་འཁོར་བཞི་པ་གྲུ་བཞི་པ། །ཡང་ན་མཐའ་བཞི་གཅོད་ཕྱིར་རོ། །རླུང་གཉིས་དབུ་མར་འདུས་པ་ལ། །སྐུ་གསུམ་དང་ནི་དགའ་བ་བཞི། །ཡེ་ཤེས་ལྔ་རྣམས་དག་པ་ནི། །དཀྱིལ་འཁོར་བཞི་རྩིག་ལ་རིམ་སྦྱར། །བཞི་པོ་ཀུན་གྱི་ཐུན་མོང་གི །རྣམ་དག་རྒྱས་པར་གསུངས་བཤད་བྱ། །བྱིན་གྱིས་བརླབས་པའི་ཐིག་ཡིན་ཕྱིར། །མཉམ་པའི་ཚད་མེད་པ་ལས་སོ། །ཚུལ་ཁྲིམས་སྡོམ་པ་བླ་མེད་པ། །རྒྱན་གང་ཡིན་པར་ཡང་དག་བཤད། །དད་པའི་དབང་པོ་སོགས་ཅན་སེམས། །རྩིག་པ་ལྔ་རུ་བྱུང་བ་ཡིན། །རྣམ་པར་ཐར་པ་རྣམ་པ་བཞི། །གང་གི་སྒོར་ནི་ཡང་དག་བཤད། །ཡང་དག་རབ་ཏུ་སྤང་བ་བཞི། །རྟ་བབས་ཀྱང་ནི་ཀ་བར་བྱུང༌། །དྲན་པའི་ཡེ་ཤེས་བཞི་རྣམས་ནི། །ཁ་ཁྱེར་བཞི་རུ་དྲན་པར་བྱ། །རྫུ་འཕྲུལ་གྱི་ནི་རྐང་པ་བཞི། །སྒོ་ཁྱུད་རྣམ་པ་བཞི་ཡིན་ནོ། །བྱང་ཆུབ་ཡན་ལག་བདུན་ཕྲེང་བ། །བ་དན་མེ་ཏོག་ཕྲེང་བར་བརྗོད། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །ཏིང་འཛིན་གཉིས་སུ་བཏགས་པ་ཡིན། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་དུ་ནི་བརྗོད་པའོ། །ཉོན་མོངས་ཐམས་ཅད་ཟད་བྱེད་པས། །དེ་བཞིན་དྲྭ་བ་ཞེས་བརྗོད་དོ། །ཡང་དག་གཅོད་པའི་རབ་འཕྲོག་པ། །ཚོགས་གཉིས་ཀྱི་ནི་སྦྱོར་བ་སྟེ། །ཉོན་མོངས་རྣམས་ཀྱི་ཕྱེད་འཕྲོག་ཕྱིར། །དྲྭ་བ་ཕྱེད་པ་ཞེས་བརྗོད་དོ། །སངས་རྒྱས་ཀུན་གྱི་ཉམས་ཆེན་རྣམས། །དུས་ཐམས་ཅད་དུ་ཀ་བར་བྱུང༌། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །ཀ་བ་བརྒྱད་ཅེས་བྱ་བར་དྲན། །དེ་ཡི་དབུས་ཀྱི་པདྨ་གང༌། །སྐྱོན་གྱིས་མ་གོས་པར་སྟོན་ཏོ། །འཁོར་ལོ་བཅུ་གཉིས་བཤད་པ་རྣམས། །ས་ཡི་མི་མཐུན་ཕྱོགས་སྤངས་པའོ། །ཡང་དག་བཤད་པའི་རྩིབས་འདི་རྣམས། །ཉོན་མོངས་ཉེ་བའི་ཉོན་མོངས་སེལ། །རྡོ་རྗེ་ལ་སོགས་ཕྲེང་བ་གང༌། །གློ་བུར་བ་ཡི་དྲི་མ་སེལ། །ཆ་ཤས་བཅུ་དྲུག་རྣམས་ཀྱི་བར། །དུར་ཁྲོད་དག་པ་ཤེས་པར་བྱ། །དཀྱིལ་འཁོར་དག་པ་ཐམས་ཅད་ཀྱང༌། །མདོར་བསྡུས་སྟོན་པ་པོ་ཡིན་ནོ། །རྣམ་དག་གསལ་དང་མི་གསལ་བའོ། །སངས་རྒྱས་ཡོན་ཏན་དེ་དག་ཀུན། །དཀྱིལ་འཁོར་དུ་ནི་བརྗོད་པ་ཡིན། །སེམས་ཅན་ཀུན་དོན་བརྩོན་རྣམས་ཀྱིས། །རྫོགས་སངས་རྒྱས་ཀྱི་དེ་ཉིད་བསྟན། །ཞེས་བརྗོད་ལ་དོན་བཤད་དེ། དཀྱིལ་འཁོར་དུ་འཇུག་ཅིང་བསྟན་པའི་ཆོ་གའོ། །གཉིས་པ་དབང་བསྐུར་བ་ལ་གསུམ་སྟེ། རྡོ་རྗེ་སློབ་མར་དབང་བསྐུར་བ། སློབ་དཔོན་དུ་དབང་བསྐུར་བ། རྗེས་གནང་སྦྱིན་པའི་ཆོ་གའོ། །དང་པོ་ནི་སློབ་མས་མཎྜལ་ཕུལ་ལ། ཧེ་རུ་ཀ་དཔལ་དབང་བསྐུར་ནས། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་བཞིན་བདག་ལ་དེང་སྩོལ་ཅིག །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། དབང་རྫས་བུམ་པ་དང་སློབ་མ་གཉིས་ཀ་བསང་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་སློབ་མ་དང་བུམ་པའི་ཆུ་རྣམས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་ནམ་མཁའི་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པར་བསྐྱེད། དེ་དག་གི་དཔྲལ་བར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་བསམ། ཧཱུྃ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་མི་བསྐྱོད་པའི་རྣམ་པས་སྤྱན་དྲངས་ཏེ། གཉིས་ཀ་ལ་བསྟིམ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད། དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བུམ་ཆུས་དབང་རྫས་ལ་དབང་བསྐུར་སྐུ་ཐམས་ཅད་གང་ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམ། དེ་ནས་དབང་རྫས་ཀྱི་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་བུམ་པའི་ཆུར་གྱུར་པར་བསམས་ལ། བུམ་པ་གཞན་གྱི་ཆུ་རྣམ་རྒྱལ་དུ་བསྡུ། དེ་ནས་བླ་མའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་མི་བསྐྱོད་པ་ཡབ་ཡུམ་གཙོ་བོར་གྱུར་པའི་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ལ། སློབ་མས། རྡོ་རྗེ་ཅན་གྱིས་འགྲོ་བསྐྱབ་ཕྱིར། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་བཞིན་བདག་ལའང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས། སློབ་མ་ལ་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་གླུ་ལེན། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། རིགས་མ་རྣམས་ཀྱིས་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་གང་བས་དབང་བསྐུར་བར་བསམས་ལ། དངོས་སུ་ལས་ཀྱི་རྡོ་རྗེས་རྣམ་རྒྱལ་བུམ་པ་བཏེག་སྟེ། སློབ་མའི་ཕྱོགས་སུ་ཅུང་ཟད་ཡོ་བར་བཟུང༌། སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་འཛིན་པས་སློབ་མ་ལ་མེ་ཏོག་གཏོར་ཞིང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། དེ་ནས་སློབ་དཔོན་གྱིས་རྣམ་རྒྱལ་བུམ་པ་བླངས་ཏེ། སློབ་མའི་སྤྱི་བོར་བཞག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ཡི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་དང༌། ཨོཾ་ཨཱཿཧཱུྃ་བཛྲ་ཨ་བྷི་ཥིཉྩ། ཞེས་བརྗོད་ཅིང༌། རྡོ་རྗེ་ཁུ་ཚུར་གྱིས་བུམ་པའི་ཆུ་བླངས་ལ། སློབ་མའི་སྤྱི་བོར་བླུགས་ཤིང་དབང་བསྐུར། འཐུང་ཞིང་ཁྲུས་བྱས་པས་སྒོ་གསུམ་གྱི་དྲི་མ་དག་པར་བསམ། ཡང་ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཆུའི་དབང་བསྐུར། ཆུའི་ལྷག་མ་ཡར་འཁྱིལ་པ་ལས་མི་བསྐྱོད་པས་དབུར་བརྒྱན། དེའི་ཚེ་མི་བསྐྱོད་པ་གཙོ་བོར་གྱུར་པའི་དབང་གི་ལྷ་རྣམས་སློབ་མའི་བ་སྤུའི་བུ་ག་རྣམས་ནས་ཞུགས་ནས་ལུས་ཐམས་ཅད་ལ་ཐིམ་པར་བསྒོམས་ལ། སྔར་ལྟར་མཆོད། དེ་ལྟར་ན་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག དྲི་མ་དང་བཅས་པའི་དེ་བཞིན་ཉིད་གནས་གྱུར་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང༌། དེའི་རིགས་ཀྱི་ལྷ་དང༌། དེ་ལ་བརྟེན་པའི་དངོས་གྲུབ་དང༌། ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱས། ཞེས་རྟོགས་པ་བསྐྱེད་དེ་ཆུའི་དབང་ངོ༌། །དེ་ནས་དབུ་རྒྱན་དང་སློབ་མ་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང༌། ཉི་མའི་སྟེང་དུ་ཨཱྃ་ལས་རིན་པོ་ཆེ་ཨཱྃ་གིས་མཚན་པ་དེ་ལས་སའི་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པར་བསྐྱེད་ལ་གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག དབང་རྫས་ལ་དབང་བསྐུར་བ་སོགས་སྔར་ལྟར་བྱ། དེ་ཞུ་བ་ལས་བྱུང་བའི་ཅོད་པཎ་དུ་བལྟས་ལ། ཐུགས་ཀའི་ས་བོན་གྱི་འོད་ཀྱིས་སྤྱན་དྲངས་པའི་རིན་ཆེན་འབྱུང་ལྡན་གཙོ་བོར་གྱུར་པའི་དབང་གི་ལྷ་རྣམས་ལ། རིན་ཆེན་ཅན་གྱིས་འགྲོ་བསྐྱབ་ཕྱིར། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས་རིག་མ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པཎ་གྱིས་དབང་བསྐུར་བར་བསམ་ཞིང༌། དངོས་སུ་སློབ་དཔོན་གྱིས་གསེར་ལ་སོགས་པ་ལས་བྱས་པའི་ཅོད་པཎ་སློབ་མའི་མགོ་ལ་བཞག་ལ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་ཀུན་གྱི་མཆོག་བྱེད་པས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་སོགས་དང༌། ཨ་བྷི་ཥིཉྩ་ཞེས་བརྗོད། ཡང་ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བུམ་པའི་ཆུས་དབང་བསྐུར་ཞིང༌། ཆུའི་ལྷག་མ་ཡར་འཁྱིལ་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམས་ལ། དབང་གི་ལྷ་རྣམས་བསྟིམ། མཆོད་པས་མཆོད། རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་ཅོད་པཎ་གྱི་དབང་ཐོབ། ཉོན་མོངས་པ་ང་རྒྱལ་དག སེར་སྣའི་དྲི་མ་སྦྱངས། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་དང༌། དེའི་རིགས་ཀྱི་ལྷ་དང༌། དེ་ལ་བརྟེན་པའི་དངོས་གྲུབ་དང༌། ཕྲིན་ལས་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་བརྗོད་དེ། ཅོད་པཎ་གྱི་དབང་ངོ༌། །དེ་ནས་རྡོ་རྗེ་དང་སློབ་མ་བསང་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ། ཛྲཱིཾ་ལས་པདྨ་ཛྲཱིཾ་གིས་མཚན་པ་དེ་ལས་མེའི་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡབ་ཡུམ་དུ་བསྐྱེད་ལ། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག དབང་རྫས་ལ་དབང་བསྐུར་བ་སོགས་བྱ། ཞུ་བ་ལས་བྱུང་བའི་རྡོ་རྗེར་བལྟས་ལ། ཐུགས་ཀའི་ས་བོན་གྱི་འོད་ཀྱིས་སྤྱན་དྲངས་པའི་འོད་དཔག་མེད་གཙོ་བོར་གྱུར་པའི་དབང་གི་ལྷ་རྣམས་ལ། པདྨ་ཅན་གྱིས་འགྲོ་བསྐྱབ་ཕྱིར། །ཞེས་སོགས་ཀྱིས་གསོལ་བ་བཏབ་ལ། རིག་མ་རྣམས་ཀྱིས་རྡོ་རྗེའི་དབང་བསྐུར་བར་བསམ་ཞིང༌། སློབ་དཔོན་གྱིས་སློབ་མའི་གནས་གསུམ་དུ་རེག་ལ་ལག་པ་གཡས་པར་གཏད་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་ཕྱིར་ན་རྡོ་རྗེ་ལོངས། །བཛྲ་ཨ་བྷི་ཥིཉྩ། ཞེས་དབང་བསྐུར། ཡང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཆུ་དབང་བསྐུར་ཏེ། ཆུའི་ལྷག་མ་ཡར་འཁྱིལ་པ་ལས། འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམས་ལ། དབང་གི་ལྷ་རྣམས་བསྟིམས་ལ་མཆོད། འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་བསྐུར་བ་ཐོབ། ཉོན་མོངས་པ་འདོད་ཆགས་སྦྱངས། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང༌། དེའི་རིགས་ཀྱི་ལྷ་དང༌། དེ་ལ་བརྟེན་པའི་དངོས་གྲུབ་དང་ཕྲིན་ལས་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་བརྗོད་དེ་རྡོ་རྗེའི་དབང་ངོ༌། །དེ་ནས་དྲིལ་བུ་དང་སློབ་མ་བསང་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཁཾ་ལས་སྣ་ཚོགས་རྡོ་རྗེ་ཁཾ་གིས་མཚན་པ་དེ་ལས་རླུང་གི་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡབ་ཡུམ་དུ་བསྐྱེད་ལ། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག དབང་རྫས་ལ་དབང་བསྐུར་བ་སོགས་བྱ། ཐུགས་ཀའི་ས་བོན་འོད་ཀྱིས་སྤྱན་དྲངས་པའི་དོན་ཡོད་གྲུབ་པ་གཙོ་བོར་གྱུར་པའི་དབང་གི་ལྷ་རྣམས་ལ། སྣ་ཚོགས་ཅན་གྱིས་འགྲོ་བསྐྱབ་ཕྱིར། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། རིག་མ་རྣམས་ཀྱིས་དྲིལ་བུའི་དབང་བསྐུར་བར་བསམ་ཞིང༌། དངོས་སུ་སློབ་མའི་ལག་པ་གཡོན་པར་དྲིལ་བུ་གཏད་ལ། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོངས། །ཞེས་བརྗོད། སློབ་མས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ལག་པ་གཉིས་པད་སྐོར་སྔོན་དུ་འགྲོ་བས། འཁྱུད་པའི་ཚུལ་བྱེད་དུ་གཞུག་སྟེ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩཱ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བདག་པོའི་དབང་སྦྱིན། ཡང༌། ཀརྨ་ཨ་བྷི་ཥེ་ཀ་ཏ་སོགས་ཀྱིས་ཆུ་དབང་བསྐུར། ཆུའི་ལྷག་མ་ཡར་འཁྱིལ་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ། དེ་ལ་དབང་གི་ལྷ་རྣམས་བསྟིམས་ལ་མཆོད། དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་སྦྱངས། སྒོ་ལྔའི་རྣམ་ཤེས་གནས་གྱུར་པས་བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པ་དང༌། དེའི་རིགས་ཀྱི་ལྷ་དང༌། དེ་ལ་བརྟན་པའི་དངོས་གྲུབ་དང༌། ཕྲིན་ལས་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་བརྗོད་དེ་དྲིལ་བུའི་དབང་ངོ༌། །དེ་ནས་མིང་དབང་ལ་དབང་རྫས་མེད་པས། སློབ་མ་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་དེ་ལས་ཆུའི་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡབ་ཡུམ་དུ་བསྐྱེད་ལ། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག ཐུགས་ཀའི་ས་བོན་གྱི་འོད་ཀྱིས་སྤྱན་དྲངས་པའི་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་དབང་གི་ལྷ་རྣམས་ལ། འཁོར་ལོ་ཅན་གྱིས་འགྲོ་བསྐྱབ་ཕྱིར། །ཞེས་པའི་ཚིགས་སུ་བཅད་པས་གསོལ་བ་གདབ། དེ་ནས་རིག་མ་རྣམས་ཀྱིས་དབང་བསྐུར་བར་བསམ་ཞིང༌། དངོས་སུ་སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་མཉམ་པར་བཟུང་བ་སློབ་མའི་མགོ་བོར་བཞག་ཅིང༌། རྡོ་རྗེ་མིང་གི་དབང་བསྐུར་བས། །རྟག་པའི་རྡོ་རྗེ་རབ་ཞུགས་ཏེ། །མི་ཤིགས་རྡོ་རྗེའི་མིང་ལྡན་པས། །བུ་ཁྱོད་དེ་རིང་དབང་བསྐུར་རོ། །ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་ཞེས་བོས་ལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་སོགས་མེ་ཏོག་གང་ལ་ཕོག་པའི་རིགས་དང་རྗེས་སུ་འབྲེལ་པའི་མིང་གིས་དབང་བསྐུར་ཏེ། དེའང་གཙོ་བོ་ལ་ཕོག་ན། མི་བསྐྱོད་རྡོ་རྗེ་དང༌། ཞེ་སྡང་རྡོ་རྗེ་སོགས་བཏགས། ཡུམ་ལ་ཕོག་ན་གསུང་གི་རྡོ་རྗེ། པདྨའི་མཁའ་འགྲོ་མ་རྣམས་དང༌། སའི་འཁོར་ལོ་ལ་ཕོག་ན། རིན་ཆེན་དང༌། སེར་སྣ་རྡོ་རྗེ་དང༌། རྡོ་རྗེའི་འཁོར་ལོ་དང༌། ནམ་མཁའི་འཁོར་ལོ་དང༌། ཐུགས་ཀྱི་འཁོར་ལོའི་ལྷ་རྣམས་ལ་ཕོག་ན་གཙོ་བོ་བཞིན་དུ་བཏགས། སྙིང་པོ་དང༌། མེ་དང༌། གསུང་གི་འཁོར་ལོའི་ལྷ་རྣམས་ལ་ཕོག་ན་འོད་དཔག་མེད་དང་འདོད་ཆགས་རྡོ་རྗེར་བཏགས། ཡོན་ཏན་དང༌། ཆུ་དང༌། སྐུ་འཁོར་རྣམས་ལ་ཕོག་ན་རྣམ་སྣང་རྡོ་རྗེ་དང༌། གཏི་མུག་རྡོ་རྗེ་དང༌། རླུང་དང་ཡེ་ཤེས་ཀྱི་འཁོར་ལོ་དང༌། སྒོ་མཚམས་མ་རྣམས་ལ་ཕོག་ན། དོན་ཡོད་རྡོ་རྗེ་དང༌། ཕྲག་དོག་རྡོ་རྗེ་སོགས་སུ་བཏགས་ལ་ཡང་ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཆུའི་དབང་བསྐུར། ཆུའི་ལྷག་མ་ཡར་འཁྱིལ་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམས་ལ། དབང་གི་ལྷ་རྣམས་བསྟིམས་ལ་མཆོད་པས་མཆོད། རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་ཐོབ། ཉོན་མོངས་པ་གཏི་མུག་སྦྱངས། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པས་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་དང༌། དེའི་རིགས་ཀྱི་ལྷ་དང༌། དེ་ལ་བརྟེན་པའི་དངོས་གྲུབ་དང༌། ཕྲིན་ལས་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་བརྗོད་དེ་མིང་གི་དབང་ངོ༌། །དབང་ལྔ་པོ་དེ་དག་གིས་ནི་སྤང་བྱ་མ་རིག་པ་ལྔ་སྤངས་ཤིང་གཉེན་པོ་རིག་པ་ཡེ་ཤེས་ལྔ་བསྐྱེད་པར་བསམ། ཐམས་ཅད་དུ་སངས་རྒྱས་སྤྱན་མ་ལ་སོགས་པ་རིག་པའི་ལྷ་མོས་དབང་བསྐུར་བར་བྱེད་པའི་ཕྱིར། རིག་པའི་དབང་ཞེས་བྱ་སྟེ། དབང་དེ་ཐོབ་པས་བྱ་སྤྱོད་ཀྱི་རྒྱུད་མན་ཆད་ཉན་པ་དང་འཆད་པ་དང༌། སྔགས་བསྒྲུབ་པ་ལ་དབང་བའི་སློབ་དཔོན་དུ་འགྱུར་བ་ཡིན་ནོ། །ཞེས་བརྗོད་དེ་རིག་པའི་དབང་ལྔའོ། །དེ་ནས་སློབ་དཔོན་ལ་ཕྱག་དང་ཡོན་ཕུལ་ལ། སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །ཞེས་ལན་གསུམ་བརྗོད་ལ། སློབ་དཔོན་གཙོ་བོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཧཱུྃ་དེའི་མཐར་གཡས་སྐོར་གྱིས་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་བཀོད། དེ་ལས་སྔགས་ཀྱི་ཕྲེང་བ་མར་མེ་ལས་མར་མེ་ཆད་པའི་ཚུལ་གྱིས་བླ་མའི་ཐུགས་ཀ་ནས་འཐོན་ཞལ་གྱི་སྒོ་ནས་བྱུང་སྟེ། སློབ་མའི་རྣ་བ་གཡོན་པ་ནས་ཞུགས། སློབ་མ་བདེ་མཆོག་ཏུ་བསྒོམས་པའི་སྙིང་གའི་ཧཱུྃ་གི་མཐར་བྲིས་པ་བཞིན་དུ་བྱུང་བར་མོས་པ་གྱིས་བྱས་ལ། སློབ་མས་ཐལ་མོ་སྦྱར་བས་མེ་ཏོག་ཕྲེང་བ་བཟུང་ལ་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ལན་གསུམ་གསུམ་རྗེས་སུ་བཟླས་པར་བྱའོ། །མེ་ཏོག་དེ་བླ་མ་ལ་དྲིན་ལན་གྱི་ཚུལ་དུ་འབུལ་ཞིང༌། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད། བླ་མས་མེ་ཏོག་དེ་སློབ་མའི་མགོ་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་པས་སྔགས་བསྒྲུབ་པ་ལ་དབང་བར་བསམས་ཏེ། སྔགས་ཀྱི་རྗེས་གནང་ངོ༌། །དེ་ནས་རྡོ་རྗེ་དང་སློབ་མ་སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དེ་ལས་རྒྱུ་རྡོ་རྗེ་འཆང་དཀར་པོ་ཡུམ་མེད་པར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། དབང་རྫས་ལ་དབང་བསྐུར་ནས་མི་བསྐྱོད་པས་རྒྱས་གདབ། ཞུ་བ་ལས་བྱུང་བའི་རྡོ་རྗེར་བལྟས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་སློབ་མའི་ལག་པ་གཡས་པར་སྦྱིན། དེས་ཀྱང་ལན་གསུམ་གསོར་ཞིང་སྙིང་གར་བཟུང་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ། ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད། ཡང་ཨོཾ་ཨཱཿཧཱུྃ་བཛྲ་ཨ་བྷི་ཥིཉྩ། ཞེས་སློབ་མ་ལ་དབང་བསྐུར་ནས་མི་བསྐྱོད་པས་དབུར་བརྒྱན་པར་བསམས་ཏེ། རྡོ་རྗེའི་བརྟུལ་ཞུགས་སོ། །དྲིལ་བུ་དང་སློབ་མ་སྟོང་པའི་ངང་ལས་པད་ཉིའི་གདན་ལ་བཾ་ལས་རྡོ་རྗེ། དེ་ལས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་བཞི་ཕྱག་བཅུ་གཉིས་མ། རྩ་ཞལ་དམར། གཡོན་ལྗང༌། རྒྱབ་དཀར། གཡས་སེར་བ། སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་འཛིན་པ། ལྷག་མ་རྒྱུའི་ཧེ་རུ་ཀ་དང་འདྲ་བ། མི་མགོ་སྐམ་པོ་ལྔའི་དབུར་བརྒྱན་ཅིང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་དུ་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། དྲིལ་བུས་དབང་བསྐུར། འོད་དཔག་མེད་ཀྱི་རྒྱས་གདབ། ཞུ་བ་ལས་བྱུང་བའི་དྲིལ་བུར་བལྟས་ལ། དེ་སློབ་མའི་ལག་པ་གཡོན་པར་གཏད་དེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་བརྗོད་དེ། སློབ་མས་ཨོཾ་བཛྲ་གྷཎྜེ་ཨཿཨཿཞེས་བརྗོད་ཅིང་དཀྲོལ། ཆུའི་དབང་བསྐུར། འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། དྲིལ་བུའི་བརྟུལ་ཞུགས་འདི་ནི་གྲགས་ཆུང་ཡང་ཆོ་ག་འདི་གཉིས་དང་ཡེ་ཤེས་ཞབས་ལུགས་པ་རྣམས་བཞེད་པ་མཐུན་ནོ། །དེ་ནས། གང་གི་ལྷ་ཡི་དབང་བསྐུར་བའི། །གང་དེའི་དངོས་གྲུབ་ཐེ་ཚོམ་མེད། །གང་རྣམས་ལྷ་ནི་མངོན་བྱས་པའི། །ལས་རྣམས་འབྲས་བུ་འགྲུབ་པར་བྱེད། །ཅེས་པ་ལྟར། ལྷ་སོ་སོའི་དངོས་གྲུབ་དང་ཕྲིན་ལས་བསྒྲུབ་པ་དང་ལས་ཚོགས་མཐའ་དག་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་བརྗོད་དོ། །གཉིས་པ་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ལ་བཞི་ལས། དང་པོ་བུམ་པའི་དབང་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུ་དོ་ཙམ་སྤངས་པའི་སར། རྩ་བའི་དཀྱིལ་འཁོར་གྱི་ཕྱེད་ཙམ་གྱི། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ། ཤར་དཀར་པོ་ལ་སོགས་པའི་ཕྱོགས་མདོག་ཅན། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། གེ་སར་དང་བཅས་པའི་ཕྱོགས་ཀྱི་འདབ་མ་བཞི་ལ་ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་བྲིས་པའི་དབུས་སུ་ཤིང་གདན་ཟླ་བའི་དཀྱིལ་འཁོར་བྲིས་པ་བཀོད། སྟེང་དུ་བླ་རེ་དང༌། གཡས་སུ་ཨོཾ་ལས་གདུགས་དཀར་པོ་དང༌། གཡོན་དུ་ཧཱུྃ་ལས་རྒྱལ་མཚན། མཐའ་སྐོར་དུ་མཆོད་པ་མང་པོ་བཀོད་དོ། །དེ་ནས་སློབ་མས་ཕྱག་དང་མཎྜལ་ཕུལ་ལ། ཐལ་མོ་སྦྱར་ཏེ། བདག་མིང་རྡོ་རྗེ་ཆེ་གེ་མོ། །བྱང་ཆུབ་སེམས་ནི་བསྒོམ་བྱེད་པ། །སློབ་དཔོན་ཞབས་ཀྱིས་ཆུ་སྐྱེས་ལ། །དབང་བསྐུར་དོན་དུ་གསོལ་བ་འདེབས། །སློབ་དཔོན་གོ་འཕང་རྨད་བྱུང་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་རྒྱལ་བ་རྣམས་ཀྱིས་ནི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །གང་གིས་བདག་སེམས་ཅན་ཀུན་གྱི། །རྙོག་པ་མེད་པའི་དོན་བྱའོ། །ཁྱོད་ལེགས་བརྟུལ་ཞུགས་བཀའ་དྲིན་གྱིས། །སངས་རྒྱས་ཀུན་དོན་དོན་བྱའོ། །ཞེས་ལན་གསུམ་དུ་གསོལ་བ་འདེབས་པའི་སློབ་མ་དབང་སྟེགས་ཀྱི་སྟེང་དུ་བཞག སློབ་དཔོན་གཙོ་བོའི་ང་རྒྱལ་དང་ལྡན་པས་སློབ་མ་སྟོང་པའི་ངང་ལས་དབང་སྟེགས་ཀྱི་ཁྲིའི་སྟེང་དུ་སྣ་ཚོགས་པད་ཉི་ལ་ཧཱུྃ་ལས་རྡོ་རྗེ། དེ་ལས་དཔལ་མཁའ་འགྲོ་རྒྱ་མཚོ་ཞལ་ཕྱག་རྫོགས་པ་ཡབ་ཡུམ་དང་བཅས་པར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། གོ་ཆ་བགོ ཕཻཾ་གྱིས་སྔགས་རྒྱས་ཡེ་ཤེས་པ་བཀུག་ལ་བསྟིམ་མོ། །དེ་ནས་སློབ་མས་དབང་བསྐུར་བར་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕོག་པས། དེ་དག་གི་ཐུགས་རྒྱུད་བསྐུལ་བར་བསམ་ཞིང༌། སྔར་བསྙེན་པ་གང་ལ་བྱས་པའི་གསང་སྔགས་དང༌། ཨོཾ་ཨཱཿཧཱུྃ་ཟློས་བཞིན་པས། དཀྱིལ་འཁོར་ལ་ཡུངས་ཀར་གཏོར། དེའི་མཐུས་དཀྱིལ་འཁོར་གྱི་ལྷ་རྣམས་དགྱེས་བཞིན་དུ། སློབ་མ་རྡོ་རྗེ་འཆང་གི་རྒྱལ་ཚབ་ཏུ་དབང་བསྐུར་བའི་དགོངས་པ་མཛད། ཐུགས་ཀ་ནས་དཀྱིལ་འཁོར་པའི་ཚོགས་དཔག་ཏུ་མེད་པ་སྤྲོས་ནས་ནམ་མཁའི་ཁམས་ཁྱབ་པར་བྱས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད་པ་ནས་བཀྲ་ཤིས་བརྗོད་པའི་བར་ཆུ་དབང་ལྟར་བྱས་ལ། རྣམ་པར་རྒྱལ་བའི་བུམ་པའི་ཆུ་སྤྱི་བོར་བཞག་ཅིང༌། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ཏྭཾ་ཨ་བྷི་ཥིཉྩཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ན་དྲྀཌྷོ་མེ་བྷ་ཝ་སིདྡྷྱ་ན་མསྟེ་བྷ་ག་ཝཱན་མ་ཧཱ་བཛྲ་དྷ་ར་སུ་ར་ཏ་སྟྭཾ་ཨ་ཧཾ་བཛྲ་སཏྭ་ཨོཾ་ཨཱཿཧཱུྃ་བཛྲ་ཨ་བྷི་ཥིཉྩ། ཞེས་བརྗོད། དེ་བཞིན་དུ་གཡོན་སྐོར་གྱི་རིམ་པས། མཁའ་འགྲོ་མ་རྣམས་དང་དཔའ་བོ་སོ་སོའི་སྔགས་ཀྱི་རྗེས་ལ། ཨོཾ་ཨཱཿབཛྲ་ཨ་བྷི་ཥིཉྩ་བཏགས་ལ་དབང་བསྐུར་བ་ནི་ཆུ་དབང་ངོ༌། །སློབ་མ་མཁའ་འགྲོ་རྒྱ་མཚོར་གྱུར་པའི་མགོ་བོར་སངས་རྒྱས་ཐམས་ཅད་ཀྱིས་ཅོད་པཎ་བཅིང་བར་བསམས་ལ། སྔར་གྱི་ཚིགས་བཅད་དང་སྔགས་ཀྱི་དབུ་རྒྱན་དང༌། དར་དཔྱངས་དང་བཅས་པའི་རྡོ་རྗེའི་ཕྲེང་བ་སྦྱིན་པ་ནི་ཅོད་པཎ་གྱི་དབང་ངོ༌། །དེ་ནས་སྔར་གྱི་ཚིག་གིས་ཁྲོ་བོའི་རྡོ་རྗེ་ལག་པ་གཡས་སུ་སྦྱིན་ལ། དེས་ཀྱང་སྙིང་གར་བཟུང་ལ། རྟག་ཏུ་འདོད་ཆགས་ལས་བྱུང་ཁྲོ། །རྡོ་རྗེ་མེ་ཡི་ཕུང་པོའི་སྐུ། །འབར་བའི་རྡོ་རྗེ་རྣལ་འབྱོར་ཆེ། །ཀུན་ནས་མཁའ་འགྲོ་འབར་བའོ། །ཞེས་དང༌། ཧྲཱིཿཞེས་བརྗོད་པས། སློབ་མའི་སེམས་ཐུགས་རྡོ་རྗེར་གྱུར་བར་བསམས་པ་ནི་རྡོ་རྗེའི་དབང་དང༌། རྡོ་རྗེ་ཐུགས་ཀྱི་དམ་ཚིག་ལྷན་ཅིག་ཏུ་སྦྱིན་པའོ། །ཡང་སྔར་གྱི་ཚིགས་བཅད་དང༌། ཨ་ཀཱ་རོ་མུ་ཁཾ་སོགས་ཀྱིས་དྲིལ་བུ་གཡོན་དུ་སྦྱིན། དེས་ཀྱང་དཀྲོལ་ཞིང༌། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བ། །ཐམས་ཅད་མཆོག་ཉིད་བསྒྲུབ་པར་བྱ། །ཅེས་དང༌། དྷཱིཿཞེས་བརྗོད། ཡང༌། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་མཆོག་ཏུ་བྱེད་པར་འགྱུར། །ཞེས་དེ་ཁོ་ན་ཉིད་བརྗོད་པ་ནི་དྲིལ་བུའི་དབང་དང༌། དྲིལ་བུ་གསུང་གི་དམ་ཚིག་ལྷན་ཅིག་ཏུ་སྦྱིན་པའོ། །སློབ་མའི་སྤྱི་བོར་རྡོ་རྗེ་དྲིལ་བུ་བཟུང་ལ། སྔར་གྱི་ཚིག་དང་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་བརྗོད་པ་ནི་མིང་གི་དབང་ངོ༌། །དེ་ནས་སློབ་མ་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་པང་ན་རིག་མ་རྡོ་རྗེ་ཕག་མོར་གྱུར་པའི་ནུ་མ་སོགས་ལུས་ཀྱི་གནས་རྣམས་ཕན་ཚུན་རེག་པས་མི་འགྱུར་བའི་བདེ་བ་སྐྱེས་པར་བསམས་ལ། རྡོ་རྗེ་དྲིལ་བུ་དང་བཅས་པས་འཁྱུད་རྒྱ་བྱེད་དུ་བཅུག་ལ། ཤིན་ཏུ་སླ་བས་བདེ་འགྱུར་དང༌། །སྡུག་བསྔལ་མང་པོ་ཞི་བྱའི་ཕྱིར། །ཤིན་ཏུ་དམ་པའི་བདེ་བའི་ཐབས། །དམ་ཚིག་འདི་ནི་བདེ་བ་འགུགས། །འདོད་པ་ཀུན་གྱི་ལོངས་སྤྱོད་ཀྱིས། །ཇི་ལྟར་འདོད་པ་བསྟེན་པར་བྱ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །རང་གཞན་མཆོད་པ་ཉིད་དུ་བྱ། །ཇི་སྲིད་འཁོར་བའི་གནས་འདུག་པ། །བརྟུལ་ཕོད་མང་པོར་གྱུར་པ་ཡི། །དེ་སྲིད་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་ནུས་པར་གྱིས། །གསུང་མཆོག་དམ་ཚིག་གི་ནི་ཐབས། །བསོད་ནམས་བྱིན་རླབས་ཀྱིས་བསྒྲུབ་པ། །དངོས་གྲུབ་ཀུན་དབང་ཕྱུག་གྲུབ་པས། །སེམས་ཅན་དོན་ནི་རྟག་པར་གྱིས། །ཕྱག་རྒྱའི་དམ་ཚིག་མངོན་པར་བཤད། །ཡིད་ཀྱི་སྐུ་ནི་བརྟན་པའི་ཕྱིར། །གང་གིས་ཐམས་ཅད་སྐུ་བསྟན་པ། །དེ་ཡི་ཕྱག་རྒྱ་རབ་ཏུ་གྲགས། །ཞེས་དེ་ཁོ་ན་ཉིད་བརྗོད་པས། སློབ་མའི་ལུས་སྐུ་རྡོ་རྗེ་བདེ་སྟོང་གཉིས་སུ་མེད་པའི་ལྷའི་སྐུ་སྒྱུ་མ་ལྟ་བུ་ཞལ་སྦྱོར་གྱི་རྣམ་པ་ཅན་དུ་གཉིས་ཀས་བསྒོམས་པ་ནི་ཕྱག་རྒྱའི་དམ་ཚིག་གོ །དེ་ནས་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་བའི་རྡོ་རྗེ་འཆང་གཙོ་བོར་གྱུར་པའི་ནམ་མཁའ་ཁྱབ་པའི་དབང་གི་ལྷ་རྣམས་ལ། བདེ་གཤེགས་ཀུན་གྱིས་འགྲོ་བསྐྱབ་ཕྱིར། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། སྔར་བཞིན་དབང་བསྐུར་བར་བསམས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་སོགས་དང༌། སྔར་སློབ་མའི་དབང་གི་སྐབས་ལྟར་བརྗོད་ཅིང༌། རྣམ་པར་རྒྱལ་བའི་ཆུས་དབང་བསྐུར་ནས། མི་བསྐྱོད་པས་དབུར་བརྒྱན་པ་ལ། དབང་གི་ལྷ་རྣམས་བསྟིམ། དེ་ལ་མཆོད་ཅིང་མེ་ཏོག་གཏོར་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་གོ་འཕང་ཐོབ་པར་བསམ་མོ། །དེ་ནས་སློབ་མ་དབང་སྟེགས་ནས་བབས་ནས་སྔར་གྱི་གྲལ་དུ་འཁོད་པ་ལ། དེ་ལྟར་ཁྱོད་ཀྱིས་དཀྱིལ་འཁོར་བཞི་ལས། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། གཙོ་བོར་ལུས་ཀྱི་དྲི་མ་འཁྲུད། ལམ་བསྐྱེད་པའི་རིམ་པ་བསྒོམ་པ་དང༌། དམ་ཚིག་ཉི་ཤུ་རྩ་གཉིས་བསྲུང་བ་ལ་དབང༌། སྤྲུལ་པའི་སྐུའི་བག་ཆགས་འཇོག་ཅིང་སྐུ་རྡོ་རྗེ་མངོན་དུ་འགྱུར་པའི་སྐལ་བ་དང་ལྡན་པར་བྱས། དཔེ་ཞིང་ས་ཤིན་ཏུ་སྦྱངས་པ་དང་འདྲའོ། །ཞེས་བརྗོད་པར་བྱའོ། །གཉིས་པ་གསང་བའི་དབང་ནི། བླ་མ་ལ་ཚོགས་ཀྱི་མཆོད་པ་དང༌། རིག་མ་དང་མཎྜལ་ཕུལ་ནས། ཐལ་མོ་སྦྱར་ཏེ། སྐྱོབ་པ་མེད་པའི་སྐྱོབ་པ་སྐྱབས། །འཁོར་ལོ་སྡོམ་དཔལ་བདག་ལ་སྐྱོབས། །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་མགོན་བདག་བཀའ་དྲིན་སྩོལ། །བདག་ཉིད་ཆེ་ཁྱོད་ཅི་བཞིན་དུ། །ཁྱབ་བདག་བདག་ཀྱང་མཛད་དུ་གསོལ། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བདག་བྱིང་འདི་ལས་བདག་ལ་སྐྱོབས། །ཞེས་ལན་གསུམ་བརྗོད། དེ་ནས་ཨོཾ་ཨཱཿཧཱུྃ་གིས་མ་དད་པ་སྤང་བའི་ཕྱིར། གདོང་གཡོགས་བཅིངས་ནས། བླ་མ་མཁའ་འགྲོ་རྒྱ་མཚོ་དང༌། རིག་མ་རྡོ་རྗེ་ཕག་མོར་བསམ། ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབ། ལྟེ་བ་དང་སྙིང་ག་སོགས་སུ་སྔགས་དགོད་པ་ནས་སྙོམས་པར་ཞུགས་པའི་བར་སྒྲུབ་ཐབས་ལྟར་བྱ། དགའ་བའི་སྒྲ་དང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས་ནས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ངོ་བོར་ཞུ་སྟེ། དངུལ་ཆུའི་རྡོག་མ་ལྟ་བུའི་ཐིག་ལེར་གྱུར་པ་རྡོ་རྗེ་ནོར་བུའི་རྩེ་མོར་བབས་ཤིང་བརྟན་པར་བྱས་པ་དེ། རང་གི་མཐེ་བོང་དང༌། སྲིན་ལག་གིས་སློབ་མའི་ལྕེ་ཐོག་ཏུ་སྦྱིན་པར་བསམ་ཞིང་དངོས་སུ་བདུད་རྩི་རིལ་བུ་སྦྲང་རྩིའང་ཆང་ངམ་བུ་རམ་སོགས་ལ་སྦྱར་བ་ལྕེ་ལ་བཞག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ནི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཨོཾ་ཨཱཿཧཱུྃ་ཞེས་དང༌། ཇི་ལྟར་འདས་པའི་སོགས་གཞན་དུ་བཤད་པའི་ཚིག་གིས་ཀྱང་དབང་བསྐུར། དེས་ཀྱང་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ཏེ། ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བརྗོད་ཅིང་མྱངས་པས། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འགག གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་པར་བསམས་ལ། གདོང་གཡོགས་བཀྲོལ། དེ་ལྟར་ན་དཀྱིལ་འཁོར་བཞི་ལས་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། གཙོ་བོར་ངག་གི་དྲི་མ་འཁྲུད། ལམ་སྲོག་རྩོལ་གྱི་རྣལ་འབྱོར་བསྒོམ་པ་དང༌། ཤ་ལྔ་བདུད་རྩི་ལྔ་བསྟན་པ་ལ་དབང༌། ལོངས་སྐུའི་བག་ཆགས་འཇོག་ཅིང༌། གསུང་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་དང་ལྡན་པར་བྱས། དཔེ་ཞིང་ས་སྦྱངས་པ་ལ་ས་བོན་བཏབ་པ་དང་འདྲ་ཞེས་བརྗོད་དོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སྔར་གྱི་རིག་མའམ། དེ་ལས་གཞན་པའི་རིག་མ་དང་མཎྜལ་ཕུལ་ལ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །མི་ཕྱེད་ཕྱག་རྒྱ་རབ་ཏུ་བསྒྲུབ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །བདག་ཉིད་ཆེན་པོ་ཁྱོད་བཞིན་དུ། །གཙོ་བོས་བདག་ཀྱང་མཛད་དུ་གསོལ། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་ལན་གསུམ་དུ་གསོལ་བ་གདབ། ཕན་ཚུན་ངོ་ཚས་བཅིངས་ནས་ཡེ་ཤེས་ངོས་མི་ཟིན་པས་དེ་དགག་པའི་ཕྱིར་གདོང་གཡོགས་བཅིང་ངོ༌། །དེ་ནས་བླ་མས། རྒྱལ་བ་རྣམས་དཔང་པོར་བྱས་ལ། སློབ་མའི་ལག་པ་གཡས་པར་རིག་མའི་ལག་པ་གཡོན་པ་གཏད། སྤྱི་བོར་རྡོ་རྗེ་བཞག་ལ་སྐད་ཆུང་ངུས། འདི་ནི་ཁྱོད་ཀྱི་གཟུངས་མ་མཆོག །བརྟན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་ཡང་དག་མྱོང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་བ་གསུམ་པོ་འདི་ཡིས་དག །དེ་ཕྱིར་འདི་དང་མི་འབྲལ་ཞིང༌། །ཁྱོད་ཀྱིས་ནམ་ཡང་མི་བཏང་ངོ༌། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་ན། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད། །རིག་མ་དེས་ཀྱང་གོས་མེད་པར་བྱས་ནས། སློབ་མ་ལ། བུ་ཁྱོད་ཀྱང་ནི་འདོད་དམ་ཅི། །དྲི་ཆེན་དྲི་ཆུ་སོགས་ཟ་ཞིང༌། །ཤ་ཁྲག་ཁུ་བ་དེ་བཞིན་དུ། །དེ་བཞིན་གཞན་ཡང་བུད་མེད་གུས། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་སྨྲོས་ཤིག་ཅི་བདེ་བར། །ཞེས་དྲི་བར་བསམ། དེས་ཀྱང་ལན་བཏབ་པར་མོས་ཏེ། ལྷ་མོ་ཅི་ཕྱིར་བདག་མི་འདོད། །ཁྲག་དང་ཁུ་བ་སོགས་ཟ་ཞིང༌། །བུད་མེད་རྣམས་ལ་བདག་གུས་བགྱིད། །བྷ་ག་ལ་ཡང་འོ་བགྱིད་དོ། །ཞེས་བརྗོད་དུ་བཅུག་པས། རིག་མ་དགའ་སྟེ་ཐབས་ཀྱི་གདོང་ལ་བལྟ་ཞིང་ཙོག་པུར་འདུག པདྨ་གསལ་བར་བསྟན་ནས། ཨ་ཧོ་བདག་གི་པདྨ་འདི། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །གང་ཞིག་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་བདག་གནས་སོ། །ཅི་ལྟར་པདྨའི་དགོས་པ་ཉིད། །ཡང་དག་སངས་རྒྱས་མཉེས་བྱེད་སོགས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ལ་ནི་ཡང་དག་ཞུགས། །བྷཉྫཿམོཀྵ་ཧོཿཞེས་གསུང་ཞིང་པང་དུ་བྱོན་པར་བསམ། དེ་ནས་སློབ་མ་སྐད་ཅིག་གིས་གཙོ་བོ་དང་རིག་མ་ཕག་མོར་བསམ་པ་ལྷའི་འདུ་ཤེས། མཁའ་གསང་བྱིན་གྱིས་བརླབ་པ་དང༌། སྔགས་རྣམས་ལུས་ལ་དགོད་པ་སྒྲུབ་ཐབས་བཞིན་རྒྱས་པར་བྱ་བ་ནི་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་སྔོན་དུ་འགྲོ་བས་པདྨའི་རྩ་བདེ་བ་མཆོག་གི་རྟེན་བཙལ་ནས་སྙོམས་པར་འཇུག་པར་བསམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས། རང་དང་བླ་མའི་ཐུགས་ཀའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་དང་རིག་མ་ལ་སོགས་པ་ཐམས་ཅད་བཀུག་སྟེ་ལུས་ལ་ཐིམ་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རོ་གཅིག་ཏུ་གྱུར་པར་བསམ། དེའི་ཚེ་ཡབ་ཡུམ་རྗེས་ཆགས་ཀྱི་མེས་གཙུག་ཏོར་གྱི་ཧཾ་ཡིག་ཞུ་བའི་ཐིག་ལེ་སྤྱི་གཙུག་ནས་དཔྲལ་བར་བབས་པས་དགའ་བ། མགྲིན་པ་ནས་སྙིང་གའི་བར་བབས་པས་མཆོག་དགའ། གསང་གནས་ཀྱི་བར་དུ་བབས་པས་ཁྱད་པར་གྱི་དགའ་བ། རྡོ་རྗེ་ནོར་བུའི་རྩེ་མོའི་བར་དུ་གང་ནས་ཕྱིར་མ་འཕོས་པ་ཆ་བཅུ་དྲུག་ལ་ཆགས་པ་དང་ཆགས་བྲལ་ཟུང་དུ་ཆུད་པ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ལྟ་བུའི་དགའ་བ་བཞི་ངོ་ཤེས་པར་བྱས་ལ། བདེ་སྟོང་གི་ངང་ལ་ཅུང་ཟད་མཉམ་པར་འཇོག་ཏུ་གཞུག་སྟེ། གང་དེའམ་དགའ་བའི་གཟུགས་ཀྱིས་སྙིང་ལ་བདེ་བ་བྱེད་པ་དེ་ཡང་ཀུན་ཏུ་རྟོག་པ་ཙམ། །གང་ཡང་ཆགས་བྲལ་རྒྱུ་ཡང་དེ་གཉིས་དེ་ཡི་དེ་མིན་སྲིད་པའི་རྩེ་མོའི་རྒྱུ། །ཇི་སྲིད་རྒྱལ་བ་ཡིད་ལ་རྣམ་པར་རྟོག་པ་འཕྲོ་བ་སྤངས་པའི་གཟུགས་དེ་སྲིད། །མྱ་ངན་ལས་འདས་གཞན་ན་ཅུང་ཟད་ཀྱང་ནི་ཡོད་མིན་ཡུལ་ནི་རྣམ་པར་རྟོག་པའི་བདག་ཉིད་བསམ་པའོ། །ཞེས་བཤད་པ་ལྟར། བདེ་བ་ཆེན་པོ་རྟོག་པ་དང་བྲལ་བ་ལ་ཡུན་རིང་དུ་གོམས་པར་བྱའོ། །གལ་ཏེ་བདེ་བ་ཉམས་པ་འདྲ་ན་ཧཱུྃ་ཞེས་བརྗོད་ཅིང༌། རླུང་གི་སྦྱོར་བས་གྱེན་དུ་དྲངས་ཏེ། ལྟེ་བར་དགའ་བ། སྙིང་གར་མཆོག་དགའ། དཔྲལ་བར་ཁྱད་དགའ། གཙུག་ཏོར་ཏུ་ལྷན་ཅིག་སྐྱེས་པའི་དགའ་བ་བརྟན་པར་བསམ། མ་ནུས་ན་དལ་བུས་བཏང་ལ། པདྨ་ནས་ལྕེས་བླངས་ཏེ། བདེ་བ་བསྒོམ། དེའི་ཚེ་སློབ་དཔོན་གྱི་ཐུགས་ཀ་ནས་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་ཚོགས་དཔག་ཏུ་མེད་པ་སྤྲོས། སློབ་མའི་སྙིང་ལ་ཞུགས་པས་བརྟན་གཡོ་མཐའ་དག་བདེ་བ་ཆེན་པོའི་རང་བཞིན་དུ་བསམ་མོ། །དེ་ནས་གདོང་གཡོགས་བཀྲོལ། ཡེ་ཤེས་ཀྱི་རྟེན་ཕྱག་རྒྱ་དེ་གདན་བཟང་པོ་ལ་བཞག་ལ་ཚོགས་ཀྱི་ཡོ་བྱད་དང༌། ཕྱི་ནང་གི་མཆོད་པ་གཏང་རག་ཏུ་ཕུལ་ནས། དེ་ལྟར་ན་དཀྱིལ་འཁོར་བཞི་ལས་ཁྱོད་ཀྱིས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཙོ་བོར་ཡིད་ཀྱི་དྲི་མ་འཁྲུད། འཛིན་པ་དང་རྗེས་སུ་དྲན་པའི་རྣལ་འབྱོར་བསྒོམ་པ་དང་བུད་མེད་ལ་མི་སྨོད་པ་ལ་དབང༌། ཆོས་སྐུའི་བག་ཆགས་འཇོག་ཅིང་ཐུགས་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་དང་ལྡན་པར་བྱས། དཔེ་ས་བོན་བཏབ་པ་ལས་མྱུ་གུ་འཁྲུངས་པ་དང་འདྲའོ་ཞེས་བརྗོད་དོ། །བཞི་པ་དབང་བཞི་པ་ནི། སློབ་མས་རིན་པོ་ཆེ་སྣ་ཚོགས་དང་མཎྜལ་ཕུལ་ལ། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོས་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་རབ་ཏུ་སྩོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ། རྣམ་རྟོག་བཀག་སླ་བའི་ཕྱིར་གདོང་གཡོགས་བཅིངས་ལ། འདི་སྐད་བརྗོད་དེ། ཁྱོད་ཀྱི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྐབས་སུ་དགའ་བ་བཞི་པ་ལྷན་སྐྱེས་ཀྱི་དགའ་བ་བརྒྱུད་ལ་སྐྱེས་པའི་དུས་སུ་རྣམ་རྟོག་ཐམས་ཅད་འགག་ཅིང་སེམས་ཉིད་བདེ་བ་ཆེན་པོའི་ངོ་བོར་ཤར་བ་དེ་ནི། དབང་གི་ཡེ་ཤེས་སམ་མཚོན་བྱེད་དཔེའི་ཡེ་ཤེས་ཡིན་ལ། དེས་མཚོན་པའི་དོན་གྱི་ཡེ་ཤེས་ཟུང་དུ་འཇུག་པ་དབང་བཞི་པའི་དོན་ཚིག་ཙམ་གྱི་སྒོ་ནས་བཤད་ན། དཔལ་སམྦུ་ཊི་ལས། བདག་དང་གཞན་དུ་འཛིན་སྤངས་ཤིང༌། །རང་གི་རིག་པའི་ཡེ་ཤེས་ཏེ། །དངོས་དང་དངོས་མེད་བདག་ཉིད་མཆོག །མཁའ་མཉམ་སྟོང་པ་རྡུལ་དང་བྲལ། །འདོད་ཆགས་ཆགས་བྲལ་འདྲེས་པ་སྟེ། །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་སྟེ། །དེ་ཉིད་ཀྱིས་ནི་ཐམས་ཅད་ཁྱབ། །དེ་འདིར་སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། །ཞེས་གསུངས་པའི་དོན། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བྱེད་པ་པོ་ནི་རང་གི་སེམས་མ་གཏོགས་པ་གང་ཡང་མེད་ལ། སེམས་ཀྱི་མཚན་ཉིད་ཀྱང་ཀུན་རྫོབ་ཏུ་རིག་ཅིང་གསལ་བ་ཙམ་དེ་ཉིད། ད་ལྟ་དབང་དུས་ཀྱི་བདེ་བའི་མཐུས་བདེ་བ་ཆེན་པོའི་ངོ་བོར་གསལ་བ་ཡིན་ལ། དོན་དམ་པར་རང་བཞིན་མེད་པ། ནམ་མཁའ་ལྟ་བུ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་ཡིན་ནོ། །དེ་ལྟ་བུའི་བདེ་བ་དང་སྟོང་པ་དེ་ཡང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས། ཟུང་དུ་འཇུག་པའམ་དབང་བཞི་པའི་དོན་ཡིན་ལ། དེ་ལྟ་བུའི་ཆོས་གསུམ་ལྡན་དེ་ལ་སེམས་ཅན་ཐམས་ཅད་འཚོ་བར་བྱེད་པས་སྲོག་དང༌། དེ་ཉིད་གཞན་དུ་མི་འགྱུར་བས་ཡི་གེ་དམ་པ་དང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ལས་བྱུང་ཞིང༌། དེའི་རྣམ་འཕྲུལ་ཡིན་པས་དངོས་པོ་ཀུན་ལ་ཁྱབ་ཅེས་བྱ་བ་ཡིན་ཞིང༌། དེ་ཉིད་ལ་སངས་རྒྱས་ཀྱི་ཡེ་ཤེས་དང༌། བསམ་གྱིས་མི་ཁྱབ་པ་དང༌། གཉིས་སུ་མེད་པ་དང༌། ཤྲཱི་ཧེ་རུ་ཀ་ལ་སོགས་པ་མཚན་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་སྒོ་ནས་གསུངས་པ་རྣམས་དོན་གཅིག་ཏུ་ཤེས་པར་བྱའོ། །དེས་ན་ཟབ་མོ་དབང་བཞི་པའི་དོན་རྟོགས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པར་འགྱུར་ཏེ། ཇི་སྐད་དུ། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་གསུངས་པས་སོ། །ཇི་ལྟར་རྟོགས་པའི་ཚུལ་ཡང༌། སྔགས་ཀྱི་ཐེག་པ་འདིར། ཐབས་ཁྱད་པར་ཅན། དབང་གསུམ་པ་ལ་བརྟེན་ནས་དཔེའི་ཡེ་ཤེས་དངོས་སུ་སྐྱེ་ལ་དེ་ཉིད་གོམས་པར་བྱས་པས་དོན་གྱི་ཡེ་ཤེས་དབང་བཞི་པ་ཚེ་འདི་ཉིད་ལ་རྟོགས་ནས། བརྩོན་འགྲུས་ཅན་ཚེ་འདི་ཉིད་ལ་གྲོལ་བར་འགྱུར་རོ། །དེས་ན་དཔེའི་ཡེ་ཤེས་དེ་ཉིད་བསྒོམ་པ་ལ་ནན་ཏན་དུ་བྱེད་དགོས་ལ། དེའི་ཚུལ་ཡང་རྒྱུད་སྡེ་རྣམས་ལས། སྟོན་ཚུལ་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་གཅིག་གསུངས་པ་ལས། རྒྱུད་འདིར། ཤྲཱི་ཡིག་འབྱུང་བ་ཀུན་གྱི་དོན། །ཕྱི་དང་ནང་གི་བདག་ཉིད་འདོད། །འདི་དག་ཀུན་རྫོབ་གཟུགས་དང་ནི། །འགྱུར་མེད་བདེ་བའི་མཐའ་ཅན་གང༌། །ཨེ་ཝཾ་ལ་སོགས་གཉིས་མེད་པའང༌། །ཤྲཱི་ཞེས་བྱ་བའི་ཡིག་དེས་བརྗོད། །ཧེ་ཡིག་སྙིང་ག་ནས་ཀུན་དུ། །ཧེ་རུ་ཀ་སོགས་རང་འཁོར་འགྲོ། །བསྒོམ་པ་ཀུན་གྱི་འབྱུང་གནས་ལས། །འཛིན་པ་ལ་སོགས་རྣམ་བསྐྱེད་འགྱུར། །དེ་ནི་རྒྱུ་སྟོང་བདག་ཉིད་དེ། །རྒྱུ་ཡི་བདག་ཉིད་མི་རྟོག་པའོ། །རང་བཞིན་ཆོས་བདག་མེད་པ་ཉིད། །དེ་ནི་སྟོང་པའི་རྣལ་འབྱོར་གནས། །བཀོད་པ་གང་ཟག་བདག་མེད་པ། །རྟོག་པའི་དྲྭ་བ་ཆེན་པོ་ནི། །རུ་ཡིག་རྐྱེན་གྱི་བདག་ཉིད་ཅན། །དེ་དག་བདག་གིས་བཀོད་བྲལ་བའོ། །སླར་བརྗོད་ཀ་ནི་མ་ལུས་པའི། །བདག་གི་གཉིས་ཆར་མེད་ཤེས་གང༌། །གང་ཕྱིར་ཅི་ལའང་མི་གནས་པ། །དེ་ཕྱིར་ཀ་ཞེས་བྱ་བར་བརྗོད། །ཅེས་གསུངས་པའི་དོན། ལུས་མཉམ་གཞག་གི་སྤྱོད་ལམ་དང་ལྡན་པས། ངག་རླུང་རྒྱུ་བ་རང་སོར་གཞག སེམས་དུག་གསུམ་གྱི་རྣམ་རྟོག་ཐམས་ཅད་སྤངས་ཏེ། རང་གི་སེམས་བདེ་ཆེན་དུ་སྐྱེས་པ་དང་དེའི་ངོ་བོ་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་དབྱེར་མེད་དུ་ཤེས་པར་བྱས་ལ། ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་མཉམ་པར་བཞག་པས། དེ་ཁོ་ན་ཉིད་ཀྱི་དོན་རིམ་གྱིས་རྟོགས་པར་འགྱུར་རོ། །ཞེས་བརྗོད་པས་བསྒོམ་དུ་བཅུག་གོ །དེ་ནས་གདོང་གཡོགས་བཀྲོལ་ལ། དེ་ལྟར་ཁྱོད་ཀྱིས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་ཙམ་གྱི་སྒོ་ནས་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་འཁྲུད། ལམ་ཏིང་ངེ་འཛིན་གྱི་རྣལ་འབྱོར་བསྒོམ་པ་དང༌། དགོངས་ཏེ་གསུངས་པའི་དམ་ཚིག་བཞི་བསྲུང་བ་ལ་དབང༌། ངོ་བོ་ཉིད་ཀྱི་སྐུའི་བག་ཆགས་འཇོག་ཅིང་ཡེ་ཤེས་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་དང་ལྡན་པར་བྱས། དཔེ་མྱུ་གུ་སྔོན་པོ་ལས་ལོ་ཏོག་ཕུན་སུམ་ཚོགས་པ་གྲུབ་པ་དང་འདྲའོ། །ཞེས་བརྗོད་དོ། །དེ་ལྟར་དབང་བཞི་རྫོགས་པར་ཐོབ་པས་རྒྱུད་ཀྱི་དོན་མཐའ་དག་ཉམས་སུ་ལེན་པ་དང༌། གཞན་ལ་འཆད་པ་ལ་དབང་ཐོབ་པས་སེམས་ཅན་དཔག་ཏུ་མེད་པའི་དོན་གྱི་ཤིག་ཅེས་བརྗོད་ལ། རྡོ་རྗེ་དྲིལ་བུ་བྱིན་ཏེ། དེང་ནས་བརྩམས་ཏེ་རྣལ་འབྱོར་པས། །རྒྱུད་ཀུན་ལས་ནི་གསུང་རྣམས་ཀྱི། །མ་ལུས་ལུས་པ་མེད་པ་ཡི། །ཆོ་ག་ཡིས་ནི་དཀྱིལ་འཁོར་བྲི། །ཇི་ལྟར་མངོན་པར་འདོད་པའི་ལྷ། །རང་གི་འདོད་པས་འཇུག་པ་ཉིད། །རྣལ་འབྱོར་དམིགས་པའི་དངོས་གྲུབ་ནི། །ཐ་མ་དང་ནི་མཆོག་དང་འབྲིང༌། །ཕྲ་མོ་ཡི་ནི་ལས་ལ་སོགས། །ཇི་ལྟར་དེ་རྣམས་སྒྲུབ་པར་བྱེད། །རང་གཞན་བཤད་པའི་དངོས་གྲུབ་ཕྱིར། །དེ་ཡིས་འགྲུབ་པར་ཐེ་ཚོམ་མེད། །ཅེས་བརྗོད་ལ། སྔར་ལྟར་མཆོད་ཅིང་རབ་ཏུ་གནས་པ་བྱས་པས་སློབ་དཔོན་དུ་གྱུར་པར་བསམ་མོ། །གསུམ་པ་རྗེས་གནང་གི་ཆོ་ག་ནི། རྗེས་གནང་དངོས་དང་མཐའ་རྟེན་སྦྱིན་པའོ། །དང་པོ་ནི། དེ་ལྟར་དབང་ཐོབ་པས་དེ་བཞིན་གཤེགས་པ་རྣམས་འདོད་ཡོན་གྱི་བདེ་བས་མཉེས་པར་བྱེད་དགོས་པས། མཆོད་པའི་རྗེས་གནང་སྦྱིན་ཏེ། སློབ་མ་གཟུགས་རྡོ་རྗེ་མར་བསྒོམ་དུ་བཅུག་ལ། གཟུགས་བརྙན་རྣམ་པར་ཆོས་ཐམས་ཅད། །སྲིད་མཚོར་དེ་རྣམས་ལྷག་རྟོགས་པས། །ཆོས་ཐམས་ཅད་ནི་ཞེས་བྱ་བ། །གཟུགས་བརྙན་ལྟ་བུར་དབབ་བྱས་ལ། །སེམས་ཅན་ཀུན་ལ་བསྟན་པར་གྱིས། །ཞེས་དང༌། སྒྲ་རྡོ་རྗེ་མར་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྒྲ་ཡི་རྗེས་སུ་འགྲོ་བ་ཡི། །ཤེས་རབ་མངོན་དུ་རྟོགས་གྱུར་ཅིག །གང་གིས་འཇིག་རྟེན་ཐམས་ཅད་དུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཀུན་དུ་སྒྲ་བརྙན་ལྟ་བུ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དྲི་རྡོ་རྗེ་མར་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐྱེ་མེད་ལྷག་པར་རྟོགས་གྱུར་ཅིག །གང་གིས་སངས་རྒྱས་ཞིང་ཀུན་དང༌། །འཇིག་རྟེན་ཀུན་དུ་བླ་མེད་པའི། །བསམ་གྱིས་མི་ཁྱབ་པ་ཡི་དྲི། །རང་གི་ལུས་ལས་སྤྲོ་བར་བྱོས། །རོ་རྡོ་རྗེ་མར་བསམས་ལ། རོ་ཀུན་གཅིག་གི་རྣམ་པར་ནི། །རང་བཞིན་མེད་པའི་གཟུགས་ཀྱིས་སུ། །ལྷག་པ་རུ་ནི་རྟོགས་གྱུར་ཅིག །གང་གིས་སངས་རྒྱས་བྱང་སེམས་དང༌། །སྲོག་ཆགས་གྱུར་པ་ཐམས་ཅད་ལ། །ལྷ་རྫས་དཔེ་མེད་རོ་ཡི་མཆོག །སྤྲུལ་ནས་སུ་ནི་སྦྱིན་པར་བྱོས། །རེག་རྡོ་རྗེ་མའི་ང་རྒྱལ་གྱིས། རེག་བྱས་རྗེས་སུ་མི་གོས་པར། །དེ་ནི་ལྷག་པར་རྟོགས་གྱུར་ཅིག །གང་གིས་རེག་བྱའི་ཁྱད་པར་རྣམས། །རང་གི་སེམས་ལས་བྱུང་ཞེས་པར། །ལྷག་པར་མོས་བྱས་སྣ་ཚོགས་པའི། །བླ་མེད་རེག་བྱའི་ཁྱད་པར་རྣམས། །རང་གི་སེམས་ནི་ཡོངས་གྱུར་ལས། །ལྷ་ཐམས་ཅད་དུ་གནས་རྣམས་དང༌། །བྱང་ཆུབ་སེམས་དཔའ་སོགས་ཀུན་ལ། །ཀུན་སྦྱོར་རེག་བྱའི་བདེ་བ་ནི། །ངེས་པར་སྦྱར་བར་བྱ་བ་ཡིན། །ཞེས་བརྗོད་དེ། ལྷ་མཆོད་པའི་རྗེས་གནང་ངོ༌། །དེ་ནས་གསེར་གྱི་ཐུར་མ་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཀྱིས་མངོན་པར་བསྔགས་པས་སློབ་མའི་མིག་དབྱེ་བའི་ཚུལ་བྱས་ལ། ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བཞིན་དུའོ། །ཞེས་བརྗོད་ཅིང་སློབ་མའི་མིག་ལ་མིག་སྨན་བསྐུ་བའི་ཚུལ་བྱ་སྟེ་མིག་ཐུར་གྱི་རྗེས་གནང་ངོ༌། །དེ་ནས་ཨཱཿས་བསྔགས་པའི་མེ་ལོང་བསྟན་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །དེ་ལྟར་ཤེས་བྱས་ཆོས་འདི་ནི། །རང་བཞིན་མེད་པ་རྙོག་མེད་པ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །སྐྱོབ་པ་རྣམས་ཀྱི་རིགས་སུ་སྐྱེ། །ཞེས་པ་མེ་ལོང་དང་པོའི་རྗེས་གནང་ངོ༌། །དེ་ནས་ཧོཿས་བསྔགས་པའི་མདའ་གཞུ་བྱིན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡཱ་མི་ཞེས་བརྗོད། སློབ་མས་ཀྱང་བླངས་ལ་ཕྱོགས་བཞི་དང་སྟེང་འོག་ཏུ་འཕངས་པར་བསམས་ལ། ཨ་ནུ་རཱ་ག་ཡཱ་མི་ཞེས་བརྗོད་དེ། མདའ་འཕངས་པའི་རྗེས་གནང་ངོ༌། །དེ་ནས། བཛྲ་སཏྭ་ཨ། ཞེས་པས་མེ་ལོང་རྡོ་རྗེ་དང་བཅས་པ་བསྟན་ལ། རྡོ་རྗེ་སེམས་དཔའི་རང་བཞིན་ཉིད། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་གྱི་བདག་པོ་གང༌། །བུ་ཡི་སྙིང་ལ་གནས་པའོ། །ཞེས་བརྗོད་དེ་མེ་ལོང་གཉིས་པའི་རྗེས་གནང་ངོ༌། །སློབ་མའི་མདུན་དུ་ཧཱུྃ་གིས་ཆོས་ཀྱི་འཁོར་ལོ་དང༌། ལག་པ་གཡོན་དུ་ཨཱཿས་དྲིལ་བུ་དང༌། གཡས་སུ་ཤཾ་གིས་དུང་བྱིན་ལ། དེང་ནས་བརྩམས་ཏེ་འཇིག་རྟེན་དུ། །སྐྱོབ་པ་རྣམས་ཀྱིས་འཁོར་རབ་བསྐོར། །ཆོས་ཀྱི་འཁོར་ལོ་བླ་མེད་པ། །དྲི་མ་མེད་པ་ཀུན་ཏུ་ལོངས། །ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །འདི་ལ་བློ་ངན་མེད་པར་མཛོད། །ཆོས་ཀྱི་སྤྱོད་པའི་ཚུལ་མཆོག་ནི། །རང་གི་མཉམ་མེད་རབ་ཏུ་སྟོན། །དེ་ལྟར་སངས་རྒྱས་རྣམས་ཀྱིས་ནི། །བྱས་ཤེས་དགོས་པ་བྱེད་ཅེས་བརྗོད། །དེ་ཡི་རྡོ་རྗེ་འཆང་ཀུན་གྱིས། །ཐམས་ཅད་དུ་ནི་ཁྱོད་བསྲུང་འགྱུར། །ཞེས་བརྗོད་དེ། ཆོས་བཤད་པའི་རྗེས་གནང་ངོ༌། །དེ་ནས་དམ་ཚིག་བསྒྲག་པར་བྱ་སྟེ། ཐབས་དང་ཤེས་རབ་སེམས་ཀྱིས་ནི། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་དོགས་མེད་གྱུར་བྱས་ནས། །འདོད་པ་ལྔ་ལ་ལོངས་སྤྱོད་བྱ། །ཇི་ལྟར་ཇི་ལྟར་འདུལ་གྱུར་པ། །སེམས་ཅན་དེ་ཡི་རང་བཞིན་གྱིས། །དེ་ལྟ་དེ་ལྟར་སེམས་ཅན་དོན། །འདོད་ཆགས་སོགས་པས་དག་པར་བྱ། །རང་བཞིན་དམ་ཚིག་ལ་སྡང་བ། །དམ་ཚིག་ཉམས་པའི་སྐྱེ་བོ་དེ། །འབད་པ་ཡིས་ནི་གསད་པར་བྱ། །སངས་རྒྱས་བསྟན་པ་སྐྱོང་བ་ལ། །སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །སངས་རྒྱས་རྣལ་འབྱོར་རབ་སྐྱོང་བ། །ཕ་རོལ་པོ་ཡི་སེམས་རྣམས་འཕྲོག །སྡིག་པས་གོས་པར་མི་འགྱུར་རོ། །འདོད་ཆགས་ལྟ་བུའི་བདེ་མེད་པས། །སྐྱེ་བོ་རྣམས་ལ་དེ་རྟག་སྦྱིན། །སེམས་ཅན་དོན་དུ་གཞན་བུད་མེད། །བསྟེན་པས་བསོད་ནམས་ཐོབ་པར་འགྱུར། །སངས་རྒྱས་ལ་སོགས་སྨོད་པ་ལ། །རིན་ཆེན་འབྱུང་ལྡན་རྣལ་འབྱོར་གྱིས། །ཚིག་ནི་རྩུབ་མོ་ལ་སོགས་པས། །བླ་མེད་དངོས་གྲུབ་ཐོབ་པར་འགྱུར། །འོད་དཔག་མེད་ཀྱི་རྫུན་ངག་སྨྲ། །དོན་ཡོད་གྲུབ་མཆོག་ཏིང་འཛིན་གྱིས། །བློ་ལྡན་རྒྱུད་གསུང་ཆོ་ག་ཡིས། །དམ་ཚིག་དག་པ་བསྟེན་པར་བྱ། །ཞེས་བརྗོད་དེ་དམ་ཚིག་གི་རྗེས་སུ་གནང་བའོ། །དེ་ནས་སློབ་མས། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །ཞེས་སོགས་སམ། དེ་ཙམ་མི་ནུས་ན། ཀཱ་ཡ་ཝཱ་ཀ་སོགས་དང༌། ཡི་གེ་ཉི་ཤུ་རྩ་གཉིས་པས་བསྟོད་ཅིང་ཕྱག་བྱས་ནས་གྲལ་དུ་འཁོད་པ་ལ། སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཅི་ལྟར་གདུལ་བྱ་སྣ་ཚོགས་པ། །རྡོ་རྗེའི་འཁོར་ལོ་བསྐོར་བར་གྱིས། །དེ་བཞིན་གཤེགས་ཀུན་རྒྱལ་བ་རྒྱལ། །བདག་པོའི་འཁོར་ལོ་བསྐོར་བར་གྱིས། །ཞེས་བརྗོད་དེ། དེ་བཞིན་དུ་རིགས་གཞན་བཞི་ལ་ཡང་འདོད་པ་བསྒྱུར་ཏེ་རྗེས་སུ་གནང་བའི་ཆོ་གའོ། །གཉིས་པ་མཐའ་རྟེན་ནི། དེ་ནས་གྲུབ་ན་ཚོགས་ཀྱི་འཁོར་ལོ་བྱ་བར་བཤད་དོ། །སློབ་དཔོན་ལངས་ཏེ་གཡོན་པས་ཆོས་གོས་ཀྱི་གྲྭ་གཉིས་སྙིང་གར་བཟུང་གཡས་མཆོག་སྦྱིན་སློབ་མའི་སྤྱི་བོར་བརྐྱངས་ལ། ངས་འདིར་ཁྱོད་ལ་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་དེ་བཞིན་གཤེགས་པ་གྲུབ་ནས་ཁྱོད་ཀྱི་དམ་ཚིག་གོ །ཅེས་བརྗོད་ཅིང༌། གང་གི་ཆོ་ག་འདི་ཡིས་ནི། །ཕྱག་རྒྱ་ཆེན་པོའི་ཚུལ་གང་གིས། །གང་ལ་ལུང་བསྟན་བྱེད་བཞིན་པ། །དཔལ་ཧེ་རུ་ཀ་སོགས་ལྷ་དང༌། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང༌། །དཀྱིལ་འཁོར་འཁོར་དུ་གནས་རྣམས་ཀྱིས། །དམ་ཚིག་སྤྱོད་པའི་མགྲིན་པ་ཡི། །རྫོགས་པའི་བྱང་ཆུབ་བསྟན་པ་མཛད། །འདི་ལྟར་འདིའི་ཕྱག་རྒྱ་ཆེན་པོས་མཆོག་ཏུ་གསང་བ་ཆེན་པོ་བཟང་པོ་བདེན་པའི་བྱིན་གྱིས་བརླབས་ཀྱིས་འགྲུབ་པར་འགྱུར་ཏེ་འདིའི་དམ་ཚིག་གི་ཞེས་བྱ་བ་ལ་དད་པར་བྱའོ་ཞེས་བརྗོད་དེ་ལུང་བསྟན་པའི་ཆོ་གའོ། །དེ་ནས། གསང་མཆོག་དཀྱིལ་འཁོར་དམ་པར་ནི། །བལྟས་ནས་སུ་ནི་རབ་ཞུགས་པས། །སྡིག་པ་ཀུན་ལས་རྣམ་ངེས་གྲོལ། །དེ་རིང་ལེགས་པར་གནས་པར་གྱུར། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་ཡང་འཆི་བ་ཡོད་མ་ཡིན། །མི་ཚུགས་པ་དང་མི་ཆོམ་པར། །འཇིགས་པ་མེད་པས་རོལ་པར་གྱིས། །སྲིད་པའི་སྡུག་བསྔལ་ལས་ནི་འདས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །དངོས་གྲུབ་དམ་ཚིག་སྡོམ་པ་ནི། །འདི་ནི་རྟག་ཏུ་བསྲུང་བར་གྱིས། །རྗེས་གནང་མཆོག་ཏུ་དབུགས་འབྱིན་པས། །སངས་རྒྱས་ཀུན་དངོས་རབ་ཏུ་གསུང༌། །རྡོ་རྗེ་ཞེས་གང་ཕྱག་རྒྱ་དང༌། །བྱང་ཆུབ་སེམས་ནི་མི་སྤང་ཞིང༌། །གང་གིས་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའོ། །དམ་པའི་ཆོས་ནི་སྤང་མི་བྱ། །མི་ཤེས་པའམ་རྨོངས་པ་ཡིས། །གལ་ཏེ་ན་ནི་སྤངས་པ་ན། །གང་ལས་དེ་ནི་ངེས་པར་སྦྱངས། །རང་གི་བདག་ཉིད་མི་སྤང་ཞིང༌། །དཀའ་ཐུབ་ཀྱིས་ཀྱང་བརྩིར་མི་བྱ། །ཇི་སྲིད་བདེ་བའི་བདེ་བ་བཟུང༌། །འདི་ནི་མ་འོངས་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ནམ་ཡང་སྤང་བར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །གང་ཞིག་སློབ་དཔོན་ལ་སྨོད་པ། །བླ་མ་སངས་རྒྱས་ཀུན་དང་མཉམ། །སངས་རྒྱས་ཐམས་ཅད་སྨད་པས་ན། །དེས་ནི་རྟག་ཏུ་སྡུག་བསྔལ་འཐོབ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོས་འཚེ་དང་གདོན་རྣམས་དང༌། །བགེགས་དང་ལོག་འདྲེན་དྲག་རྣམས་ཀྱིས། །བསད་ནས་དམྱལ་བར་ལྟུང་བར་བྱེད། །དེ་ཕྱིར་ཀུན་ནས་རབ་འབད་པས། །རྡོ་རྗེ་སློབ་དཔོན་བླ་མ་ཆེ། །དགེ་མཆོག་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་གུས་དེ་ལ་ཡོན། །དེ་ལ་རྗེས་མཐུན་དབུལ་བར་བྱ། །དེ་ཡིས་རིམ་སོགས་གདུང་བ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་དམ་ཚིག་སྤྱོད་པ། །སྦྱིན་མིན་བུ་དང་བུ་མོ་སོགས། །སྲོག་རྣམས་ཀྱིས་ཀྱང་བསྟན་བྱ་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །གང་ཕྱིར་བསྐལ་པ་བྱེ་རྣམས་ཀྱིས། །རྟག་ཏུ་རྙེད་པར་དཀའ་བ་ཡི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གི་དམ་ཚིག་བསྒྲུབ། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་ཡིས་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེ་རིང་བདག་སྐྱེ་འབྲས་བུར་བཅས། །གང་འདིར་ལེགས་པར་རབ་ཏུ་གནས། །དམ་ཚིག་ལྷ་རྣམས་དང་མཉམ་མོ། །རང་བྱུང་དུ་ནི་ད་ལྟ་སྐྱེས། །དེང་འདིར་དབང་བསྐུར་ཚེ་ལྡན་པ། །རྡོ་རྗེ་བཅས་སངས་རྒྱས་ཀུན་གྱི། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་པོ་བདག་པོས་གནས་པ་ཡིན། །དེ་རིང་བདུད་ལས་རྒྱལ་བྱས་ནས། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །དེ་རིང་སངས་རྒྱས་ཉིད་ཐོབ་པར། །ཁྱོད་འགྱུར་བ་ནི་ཐེ་ཚོམ་མེད། །ཅེས་བྱ་བ་ཡི་བཀའ་དྲིན་རྡོ་རྗེ་ཡིད་ཀྱིས་ཏེ། །རང་གི་དམ་ཚིག་མི་བཟད་བདེ་བསྐྱེད་བསྟེན་པར་གྱིས། །ཤིན་ཏུ་སྐྱེ་སླའི་བདེ་བ་སངས་རྒྱས་ཀུན་གཟུགས་ཅན། །རྟག་པ་ཉིད་ནི་མངོན་པར་རྟོགས་པར་འགྱུར་བར་ཤོག །ཅེས་བརྗོད་དེ་དབུགས་དབྱུང་བའོ། །དེ་ནས་བླ་མ་ལ་ཕྱག་བྱས་ལ། གཙོ་བོ་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་བརྗོད། སློབ་དཔོན་གྱིས་འདི་དེ་ཞེས་སོགས་ཚིགས་བཅད་དང་སྔགས་རྐྱང་བས་རྡོ་རྗེ་དང་དྲིལ་བུའི་བརྟུལ་ཞུགས་གཉིས་སྦྱིན། དེ་ནས་སློབ་མའི་ལུས་རྒྱན་གྱིས་བརྒྱན། སྤོས་དང་མེ་ཏོག་སྣ་ཚོགས་ཐོགས་ཤིང་མགོ་བོར་གདུགས་བཟུང་ནས་དཀྱིལ་འཁོར་ལ་བསྐོར་བ་བྱ་སྟེ། མངའ་བདག་སྐུ་མདོག་སྔོན་པོ་རྒྱལ་གྱུར་ཅིག །དམར་པོས་ཇི་ལྟར་མཛེས་བྱས་རྒྱལ་གྱུར་ཅིག །དམ་ཚིག་གིས་བརྒྱན་མཛེས་པ་རྒྱལ་གྱུར་ཅིག །ཟླ་ཕྱེད་དབུ་ལ་བརྒྱན་པ་རྒྱལ་གྱུར་ཅིག །ལྷ་མོའི་འཁོར་ལོས་བརྒྱན་པ་རྒྱལ་གྱུར་ཅིག །དང་པོ་སངས་རྒྱས་སྐུ་མཆོག་གནས་པ་རྒྱལ་གྱུར་ཅིག །འདོད་པ་ཐར་པ་ནོར་དང་ཆོས་སྦྱིན་རྒྱལ་གྱུར་ཅིག །རྣམ་པར་དགྱེས་རོལ་རང་བཞིན་རྒྱལ་གྱུར་ཅིག །ཕྱག་རྡོར་བདེ་བའི་མགོན་པོ་རྒྱལ་གྱུར་ཅིག །དེ་ནས་ཤར་སྒོ་གདུགས་དང་བཅས་པས་ཕྱག་བྱས་ལ། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་བརྗོད་ལ་གདུགས་བསལ་ཏེ། ཤར་སྒོར་དེ་ཉིད་དུ་འདུག་པ་ལ། སློབ་དཔོན་ལངས་ནས་འདི་སྐད་བསྒོ་སྟེ། དེ་རིང་དཀྱིལ་འཁོར་སློབ་དཔོན་དང༌། །སྔགས་དང་རྒྱུད་ནི་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་བཞེད། །སེམས་ཅན་ལ་རྗེས་བརྩེ་དོན་དུ། །ཁྱོད་ཀྱི་དཀྱིལ་འཁོར་ཆོ་ག་ཡི། །འབད་པ་ཡིས་ནི་བྲི་བར་བྱ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །སེར་སྣ་དོགས་པ་ཐམས་ཅད་ལ། །སེམས་ཅན་རྣམས་ལ་ཕན་པ་དང༌། །དེ་ལ་བུ་ཁྱོད་ཀྱིས་བྱ་སྟེ། །རང་ཉིད་དགའ་བ་ཆེན་སྤང་ངོ༌། །ཞེས་བརྗོད་དེ། གཟེངས་བསྟོད་པའི་ཆོ་གའོ། །དཀྱིལ་ཆོག་འདིར་གཟེངས་བསྟོད་ཀྱི་ཆོ་ག་འོག་རྡུལ་ཚོན་བསྡུས་ཚར་ནས་འབྱུང་ཡང་བོད་དཔེ་འཁྲུགས་པའམ་རྒྱ་དཔེ་འཁྲུགས་པ་ལས་བསྒྱུར་བ་ཡིན་གྱིས་སྐབས་དེར་བྱེད་པ་ལ་དགོས་པ་མེད་པས། ཆོ་ག་དགུ་བརྒྱ་པ་ལྟར་འདིར་བྱེད་པ་དག་པ་ཡིན་ནོ། །སློབ་མས་ཅི་འབྱོར་པའི་ཡོན་དང་གཏང་རག་གི་མཎྜལ་ཕུལ་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ཉིད་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད་དེ། དབང་བསྐུར་བའི་ཆོ་ག་འཁོར་དང་བཅས་པའོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི། བླ་མས་ཞི་བའི་སྦྱིན་སྲེག་བྱ། དེ་ནས་མདུན་གྱི་དཀྱིལ་འཁོར་ལ་མཆོད་བསྟོད་རྒྱས་པར་བྱས་ལ་དངོས་གྲུབ་བླངས། དགེ་བའི་རྩ་བ་བསྔོ་ཞིང༌། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པའི་རྗེས་ལ། གང་ཡང་སྐྱེ་བོའི་དངོས་གྱུར་དང༌། །མ་རྙེད་རྣལ་འབྱོར་དབང་ཕྱིར་དང༌། །ཉེ་བར་དགོས་པ་མ་ཚང་བའམ། །དྲན་པ་རབ་ཏུ་རྨོངས་བྱས་པ། །དེ་ཐམས་ཅད་ལ་བཟོད་པར་རིགས། །ཞེས་ནོངས་པ་བཟོད་པར་གསོལ། དཀྱིལ་འཁོར་གྱི་ཤར་སྒོ་ནས་རྡོ་རྗེ་དྲིལ་བུ་དང་སྤོས་འཛིན་པས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་པས་དཀྱིལ་འཁོར་གྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། དམ་ཚིག་པའི་ལྷ་ཐམས་ཅད་དགྱེས་བཞིན་དུ་བཞུགས་པའི་ཐུགས་ཀའི་འོད་ཟེར་སེམས་ཅན་ཐམས་ཅད་ལ་ཕོག་པས། དེ་རྣམས་སྡིག་པ་དང་བྲལ་བར་བྱས་ཏེ། སླར་འདུས་ལྷ་སོ་སོ་ལ་ཐིམ་པས་ལྷའི་སྐུ་ཤིན་ཏུ་གསལ་བར་བྱས་པར་བསམ། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་ལྕགས་ཀྱུ་ལྟ་བུ་སྤྲོས་པས། དམ་ཚིག་གི་ལྷའི་འཁོར་ལོ་ཐམས་ཅད་རང་གི་ལུས་ལ་ཞུགས་པར་བསམས་ལ། ཛཿཧཱུྃ་བཾ་ཧོཿབརྗོད། དེ་ནས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་བརྗོད་ཅིང་ཆོས་རྣམས་ཀྱི་ཆོས་ཉིད་དྲན་པའི་སྒོ་ནས་ལག་པ་གཡོན་པས་དྲིལ་བུ་དཀྲོལ། གཡས་པས་རྡོ་རྗེས་ཤར་སྒོ་ནས་བརྩམས་ཏེ། ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དུ་བསུབ་ཅིང༌། རང་གི་སྤྱི་བོར་རྡུལ་ཚོན་བག་ཙམ་བཀོད་ལ། དེ་ནས་པད་འདབ་ལ་སོགས་པ་དབྱི། དེ་ནས་སྒོ་དང༌། ཟུར་ལ་སོགས་པ་རྡོ་རྗེའི་རྩེ་མོས་བཤིག་ཅིང༌། རྡུལ་ཚོན་རྣམས་ཕྱགས་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ནས་ཕུར་བུ་རྣམས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྷྣཱན་བཛྲ་དྷ་རོ་ཛྙཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཞེས་དང༌། སྐམ་པའི་ཕྱག་རྒྱས་ཕྱུང་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨ་ཐ་སཱ་དྷ་ནི་སྭཱ་ཧཱ། ཞེས་བཟླས་པའི་འོ་མ་ཁུང་བུར་གཏོར་བས་བགེགས་ཀྱི་རྨ་སོས་པར་བསམས་ལ། ཕུར་བུའི་ཡེ་ཤེས་པ་གཤེགས་ནས་གནས་དབེན་པར་གཞག་གོ །དེ་ནས་རྡུལ་ཚོན་དོན་དུ་གཉེར་བ་ཡོད་ན་ཅུང་ཟད་སྦྱིན་ཞིང༌། གཞན་རྣམས་རྡུལ་ཚོན་སྤྱན་དྲངས་པའི་ཆོ་གས་རྒྱ་མཚོར་འབབ་པའི་ཆུ་བོར་དོར་རོ། །སླར་ཡང་ནང་དུ་ལོག་སྟེ། ཐིག་རྣམས་རྗེས་མི་མངོན་པར་བསུབ་ཅིང༌། ཞི་བའི་སྦྱིན་སྲེག་བྱས་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་བདག་དང་སློབ་མ་རྣམས་བཀྲ་ཤིས་པར་བྱའོ། །སྦྱིན་བདག་གམ་སློབ་མས་ཀྱང༌། སློབ་དཔོན་ལ་མུ་ཏིག་དང་གསེར་ལ་སོགས་པ་ཅི་འབྱོར་པའི་ཡོན་གྱིས་མཉེས་པར་བྱ་ཞིང༌། མཚན་མོ་དེ་ཉིད་ལ་རྣལ་འབྱོར་ཕོ་མོའི་ཚོགས་པ་ཡོད་ན། ཆོ་ག་བཞིན་བཅོས་པའི་ཆང་དང༌། བསད་པ་མ་ཡིན་པའི་ཤས་ཚོགས་ཀྱི་འཁོར་ལོ་ཚུལ་བཞིན་དུ་བྱའོ། །སང་སྔ་དྲོ་ལ་བབ་པ་ན་རྡོ་རྗེ་འཛིན་པ་དགེ་སློང་དང༌། དགེ་ཚུལ་དུ་གྱུར་པ་རྣམས་སྤྱན་དྲངས་ཏེ་ཤ་དང་བྲལ་བའི་སྡིག་པ་མེད་པའི་ཁ་ཟས་ཀྱིས་དབང་གི་སྟོན་མོ་བྱ་སྟེ། རྣལ་འབྱོར་པ་ལ་ཚོགས་འཁོར་དང༌། །དགེ་འདུན་སྟོན་མོ་ནངས་པར་བྱ། །ཞེས་གསུངས་པའི་ལུང་གིས་སོ། །གང་གི་ཚེ་རྡུལ་ཚོན་དང་ལས་ཀྱི་རྡོ་རྗེ་དུ་མ་མེད་པ་དེའི་ཚེ། རས་རིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་འདི་དང་ཆོ་ག་དགུ་བརྒྱ་པ་གཉིས་སུ་འབྱུང་བས། དེ་ལྟར་ན་ཞག་གསུམ་དུ་བྱས་ལ། ཞག་དང་པོ་ལ་བདག་བསྐྱེད་ཀྱི་ཕུང་ཁམས་སྐྱེ་མཆེད་ལྷར་བསྒོམས་ཏེ། པྲ་ཀྲྀ་ཏས་ང་རྒྱལ་བཟུང་བ་ཡན་ཆད་རྫོགས་པར་བྱ། དེ་ནས་སའི་ལྷ་མོ་སྟ་གོན་བྱས་ལ། ལས་ཀྱི་སློབ་མས་རས་རིས་དང་མཉམ་པའི་ས་ཟླུམ་པོར་བསྐོར། དེར་ལྷ་གནས་མི་འཆོལ་བའི་ཐིག་དང་ཟླུམ་སྐོར་ཅི་རིགས་པར་བྱས་ལ། དེར་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་བཀོད་ཅིང་མཆོད་པ་རྣམས་རྒྱས་པར་བཤམ་མོ། །སློབ་དཔོན་གྱིས་ས་ལྷའི་སྟ་གོན་ཟིན་མ་ཁད། སྲུང་འཁོར་ནས་བརྩམས་ཏེ། དཀྱིལ་འཁོར་བསྡུ་བའི་བར་སྒྲུབ་ཐབས་བཞིན་རྒྱས་པར་བསྒོམ། དེ་ནས་ལྷ་སྟ་གོན་བྱ། བུམ་པ་སྟ་གོན་ལ། རྣམ་རྒྱལ་ལ་ལྷ་ཡོངས་རྫོགས་དང༌། ལས་བུམ་དུ་དུམ་སྐྱེས་མ་བསྐྱེད། བུམ་པ་གཉིས་ལས་མི་མཛད། གཏོར་མ་འབུལ་བ་དང༌། གྲུབ་ན་སྦྱིན་སྲེག་རྣམས་བྱས་ལ། སློབ་མ་ལྷ་གནས་བྱ་བ་ནས་སློབ་མ་ལ་རྨི་ལམ་དྲི་བའི་བར་རྫོགས་པར་བྱའོ། །ཉི་མ་གཉིས་པ་ལ་མདང་སྟ་གོན་བྱས་པའི་ས་གཞིར་རས་བཟང་པོ་དང་རྟེན་ཁེབས་ལ་སོགས་པས་བརྒྱན་པའི་སྟེང་དུ་ལྷའི་སྐུ་རྫོགས་པར་བྲིས་པའི་རས་རིས་ཀྱི་དཀྱིལ་འཁོར་རབ་གནས་ཅན་ཞལ་ཤར་དུ་ཕྱོགས་པའི་ཚུལ་དུ་བཀན་ཏེ་བཞག དེའི་མཐར་མཆོད་པ་བཤམ་པ་ནས། ཕྱི་རོལ་དུ་གཏོར་མ་སྦྱིན་པ་དང༌། སྦྱིན་སྲེག་སོགས་སྒྲུབ་མཆོད་འཁོར་དང་བཅས་པ་བྱ། དེ་ནས་མདང་སྟ་གོན་བྱས་པའི་སློབ་མ་རྣམས་ལ་འཇུག་པ་ནས་རྡོ་རྗེ་སློབ་མའི་དབང་གི་བར་རྫོགས་པར་བསྐུར་ལ་སྡོམ་པ་བསྡུས་ཏེ་ཁས་བླང་བ་དང་ཡོན་དབུལ་བ་རྣམས་བྱ། སློབ་དཔོན་གྱིས་རས་བྲིས་ལ་མཆོད་བསྟོད་ནོངས་པ་བཟོད་པར་གསོལ་བ་རྣམས་བྱས་ལ། རས་རིས་ཀྱི་དཀྱིལ་འཁོར་ལ་ཡེ་ཤེས་པ་རྣམས་བརྟན་བཞུགས་བྱས་ལ། གོ་ཆ་བགོ་བ་དང༌། བསྲུང་བ་རྣམས་བྱའོ། །ཞག་གསུམ་པ་ལ་སྒྲུབ་མཆོད་འཁོར་དང་བཅས་པ་ཡན་ཆད་སྔར་བཞིན་བྱས་ལ། སློབ་མ་རྣམས་ཀྱིས། སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ཞིང༌། གསོལ་བ་བཏབ་ལ། རྒྱུན་བཤགས་དང༌། སྡོམ་པ་གཟུང་བ་རྣམས་ལན་གསུམ་དུ་བྱས་ལ། དབང་སྟེགས་ཀྱི་སྟེང་དུ་བཞག་པ་སོགས་ནས། ཡོན་དབུལ་བའི་བར་རྫོགས་པར་བསྐུར། སློབ་དཔོན་གྱིས་དཀྱིལ་འཁོར་ལ་བརྟན་བཞུགས་བྱ་བ་སོགས་སྔར་བཞིན་རྫོགས་པར་བྱའོ། །གལ་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞག་མང་པོར་སྒྲུབ་མཆོད་བྱེད་ན་ཆོ་ག་ཚར་གཅིག་སྔར་བཞིན་ཡིན་ལ། ཚར་གཉིས་པ་ལ་བདག་བསྐྱེད་ཀྱི་ཚོགས་རྟེན་ནམ་མཁར་སྤྱན་དྲངས་པ་ལ་མཆོད་པ་ནས་རྒྱུན་བཤགས་ཀྱི་བར་བྱས་ནས། དེ་ཉིད་མི་གཤེགས་པར་ནམ་མཁར་བཞུགས་པར་བསམ། དེ་ནས་ཆོ་ག་ལྷག་མ་མཐའ་དག་རྫོགས་པར་བྱས་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་ལ། ནམ་མཁའི་དཀྱིལ་འཁོར་དེ་བསྲེ་བ་སོགས་ཚུལ་བཞིན་དུ་བྱའོ། །འདི་ནི་ཆོ་ག་དགུ་བརྒྱ་པ་དང༌། གཞུང་འདི་གཉིས་ཀྱི་དགོངས་པ་སྟེ། ཆོ་ག་གཞན་ལ་ལུགས་འདི་བསྲེ་བར་མི་བྱའོ། །འཁོར་ལོའི་དབང་ཕྱུག་དཔལ་ལྡན་ཧེ་རུ་ཀ །བཅུ་ཕྲག་དྲུག་དང་གཉིས་ཀྱི་ལྷག་པའི་ལྷ། །བདེ་སྟོང་སྐུ་བཞིའི་དཔལ་གྱིས་རབ་རྩེན་པའི། །དཀྱིལ་འཁོར་ཆོ་ག་རྒྱལ་བ་བཟང་པོས་བཀྲལ། །དེ་ཉིད་བཤད་པའི་རྒྱུད་འདིར་ལེགས་སྦྱར་ནས། །བསྐལ་བཟང་སློབ་མ་དབང་གིས་སྨིན་བྱེད་པའི། །དཀྱིལ་འཁོར་ཆོ་ག་ལ་སོགས་གཞུང་ཕྲན་བདུན། །མཁས་མཆོག་རྒྱལ་བའི་སྡེ་ཡིས་རྣམ་པར་ཕྱེ། །དཔག་མེད་སྙིང་རྗེས་འགྲོ་ལ་བརྩེ་བ་ཅན། །རྒྱལ་བའི་སྲས་དེ་གངས་ཅན་འདིར་བྱོན་ནས། །སུམ་པ་རྒ་ལོ་རྒྱ་དང་རྗེ་བཙུན་ཏེ། །སྐལ་ལྡན་བཞི་ལ་རྒྱུད་འདིའི་དགའ་སྟོན་སྤེལ། །འདིར་ནི་ཐུབ་པའི་རྒྱལ་ཚབ་ས་སྐྱ་པ། །གྲུབ་པའི་དབང་ཕྱུག་གྲགས་པ་རྒྱལ་མཚན་གྱིས། །ལོ་པཎ་གཉིས་ལས་དབང་གི་ཆུ་བོ་དང༌། །རྒྱུད་འགྲེལ་ཕྲན་བཅས་ནོད་དེ་སྣང་བར་བྱས། །ཡང་དག་བརྒྱུད་པའི་བླ་མའི་སྲོལ་ལས་འོངས། །འཁྲུལ་དག་གཞུང་གི་དགོངས་པ་ཅི་བཞིན་ཕྱེ། །མ་དག་ཆོ་གའི་ལག་ལེན་ཐག་བསྲིངས་པ། །རྣམ་དག་ཆོ་ག་འདི་བསྐྲུན་ཡ་མཚན་ཏོ། །འདིར་འབད་དགེ་བ་རྣམ་དཀར་ཆུ་འཛིན་ལས། །དགེ་ལེགས་དབང་བཞིའི་ཆར་ཆེན་ལེགས་སྤྲོས་པས། །བསྐལ་བཟང་འགྲོ་བའི་ཡིད་ཀྱི་ས་གཞི་ལ། །བསོད་ནམས་ཕན་བདེའི་ལོ་ཏོག་རྒྱས་གྱུར་ཅིག །དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་རིན་པོ་ཆེའི་མཛོད་ཅེས་བྱ་བ་འདི་ནི། གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་རྣམ་པར་དཔྱོད་པའི་བློ་གྲོས་རྒྱས་ཤིང་སྡོམ་པ་གསུམ་ཚུལ་བཞིན་དུ་ཉམས་སུ་ལེན་པ་སྡེ་སྣོད་འཛིན་པ་ཆེན་པོ་དཀོན་མཆོག་བཟང་པོའི་བཀས་བསྐུལ་བ་ལ་བརྟེན་ནས། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པ་རྗེ་བཙུན་དམ་པ་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་པཎྜི་ཏ་ཆེན་པོ་ཛ་ཡ་སེ་ནའི་དཀྱིལ་འཁོར་གྱི་ཆོ་གའི་དགོངས་པ་ཇི་ལྟ་བ་བཞིན་དུ་ཀུན་དགའི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་མཁའ་འགྲོ་འདུ་བའི་དུས་ཉི་ཤུ་ལྔ་ལ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའི་ཡི་གེ་པ་ནི་བྱང་བཟང་ལྡན་པ་རིན་ཆེན་གྲུབ་ཅེས་པས་བགྱིས་སོ།། །།ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭཱ་ཧི་ཏོ་བྷ་ཝནྟུ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply