༼ག༽༄༅། །རྣལ་འབྱོར་ཆེན་པོའི་སྒྲུབ་ཐབས་ཐམས་ཅད་ལ་ཉེ་བར་མཁོ་བའི་ཆོ་ག་གསང་བ་ཀུན་རྒྱན་ཞེས་བྱ་བ་བཞུགས་སོ།།
རྣལ་འབྱོར་ཆེན་པོའི་སྒྲུབ་ཐབས་ཐམས་ཅད་ལ་ཉེ་བར་མཁོ་བའི་ཆོ་ག་གསང་བ་ཀུན་རྒྱན་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་རྨད་བྱུང་ཚོགས་གཉིས་མཐར་ཕྱིན་པས། །ཕུན་ཚོགས་སྐུ་བཞིའི་དཔལ་གྱིས་ལེགས་འབྱོར་པ། །ཁྱབ་བདག་རྡོ་རྗེ་འཆང་ལ་གུས་བཏུད་ནས། །གསང་བ་སྤྱི་ཡི་ཆོ་ག་བཤད་ཀྱིས་ཉོན། །འདིར་རྣལ་འབྱོར་བླ་ན་མེད་པའི་སྒྲུབ་པའི་ཐབས་ཐམས་ཅད་ལ་ཉེ་བར་མཁོ་བ་ཚོགས་ཀྱི་འཁོར་ལོ་བྱ་བར་འདོད་པས། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ལ་དྲུག དང་པོ་ལ་གནས་ཁང་བརྒྱན་པར་བྱ་བ་ནི། དབེན་པའི་གནས་སུ་ཕྱག་དར་དང༌། སྐྱང་ནུལ་བྱས་པའི་དབུས་སུ་སློབ་དཔོན་དང༌། གཡས་སུ་དཔའ་བོ་དང༌། གཡོན་དུ་དཔའ་མོ་རྣམས་ཀྱི་གདན་བཤམ། དེ་རྣམས་ཀྱི་དབུས་སུ་སྒྲུབ་པའི་མཎྜལ་ཁྲུ་གང་ལས་མི་ཆུང་བ། དྲི་བཟངས་ཀྱིས་བྱུགས་པ་ལ་ཀྱེ་རྡོ་རྗེའམ། བདེ་མཆོག་གམ། གསང་འདུས་སོགས་རྣལ་འབྱོར་གང་བྱེད་ཀྱི་ལྷའི་མེ་ཏོག་གི་ཚོམ་བུ་བཀོད་དོ། །གཉིས་པ་ཕྱི་ནང་གི་མཆོད་པ་བཤམ་པ་ནི། མཎྜལ་གྱི་མཐར་ཀྱེ་རྡོར་གསང་འདུས་སོགས་ལ་ཆུ་གསུམ་མམ་བཞི། བདེ་མཆོག་སོགས་ལ་ཆུ་གཉིས་ཏེ། དེ་དག་སྔོན་དུ་འགྲོ་བའི་མཆོད་པ་ལྔ་ལྷ་རེ་རེ་ལ་བཅུ་ལས་མི་ཉུང་བ་དང༌། མཎྜལ་གྱི་གཡོན་དུ་འཇིག་རྟེན་ལས་འདས་པའི་གཏོར་མ་དང༌། གཡས་སུ་འཇིག་རྟེན་པའི་གཏོར་མ། དེ་དག་གི་བར་དུ་རང་གི་ཆོས་སྐྱོང་གི་གཏོར་མ་དུ་དགོས་པ་བཤམས་ལ། ཐམས་ཅད་ཀྱང་ཤ་དང་ཆང་དང་བདུད་རྩི་རིལ་བུས་སྦགས། དེ་དག་གི་མདུན་དུ་ཚོགས་འཁོར་གྱི་རྫས། ཤ་དང་ཆང་དང་ཟན་ལ་སོགས་པའི་བཟའ་བ་དང་བཏུང་བ་འཚོག་ཚད་བཞག་གོ །སློབ་དཔོན་གྱི་མདུན་གྱི་གཡོན་དུ་ནང་མཆོད་དང༌། དེའི་གཡས་སུ་དྲིལ་བུ་དང༌། དེའི་གཡས་སུ་རྡོ་རྗེ་དང༌། དེའི་གཡས་སུ་དུང་ཆོས་སུ་བདུད་རྩི་དང་དྲི་བཟང་སྦྱར་བའི་ཆུས་གང་དང༌། ཀུ་ཤའི་འཐོར་ཡབ་དང་བཅས་པ་བཤམ་ཞིང༌། གཞན་རྣམས་ཀྱི་གདན་གྱི་མདུན་དུའང་བསང་ཆུ་མ་གཏོགས་པ་རྣམས་ཚང་བར་བཤམ་མོ། །གསུམ་པ་རྡོ་རྗེ་སློབ་དཔོན་བཞུགས་པ་ནི། ཚོགས་ཀྱི་སློབ་དཔོན་སྤྱན་དྲངས་ཏེ། གདན་དབུས་མ་ལ་བཞུགས་པ་ལ། ལས་ཀྱི་རྡོ་རྗེས་ཕྱག་དང་མཎྜལ་ཕུལ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མཆོད་པའི་ཕྱིར། ཚོགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས། མདུན་གྱི་བསང་ཆུ་སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། ཤཾ་ལས་བྱུང་བའི་དུང་ཕོར་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། ཧཱུྃ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསང་ཆུ། རྫས་ཀྱི་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་བསམས་ལ། གཙོ་བོ་གང་ཡིན་གྱི་སྙིང་པོ་ཉེར་གཅིག་དང༌། ལས་ཐམས་ཅད་པ་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབ་བོ། །བཞི་བ་བརྡ་དང་བརྡའི་ལན་བྱ་སྟེ་ནང་དུ་གཞུག་པ་ནི། དབྱུག་སྔོན་ཅན་གྱི་ང་རྒྱལ་དང་ཆ་ལུགས་འཛིན་པའི་སློབ་དཔོན་ཞིག བསང་ཆུ་དང་བཅས་པ་སྒོ་ནང་དུ་འདུག་པ་ལ། དམ་ཚིག་དང་ལྡན་པའི་དཔའ་བོ་དང་རྣལ་འབྱོར་མ་ལུས་དྲི་ཆུས་ཁྲུས་བྱས་པ་རྣམས་ཀྱིས་ཕྱི་ནས། ཁྱོད་ཀྱི་དམ་ཚིག་ལ་ནི་ཁྲོ་བོ་དབྱུག་པ་སྔོན་པོ་མཛེས། །དངོས་གྲུབ་ཕྱག་ན་དབྱུག་ཐོ་རིན་ཆེན་བཅིངས་པ་འཛིན། །དཔལ་ལྡན་དཔའ་བོ་དཔའ་མོ་འདུ་བར་འཁོར་སྒྲོལ་ཁུམས། །མཁའ་མཛེས་རྣལ་འབྱོར་པ་ཡི་ནང་དུ་བདག་ཐོངས་ཤིག །ཅེས་པས་གསོལ་བ་གདབ། དེ་ནས་སྒོ་ཅུང་ཟད་ཕྱེ་ལ། དབྱུག་སྔོན་ཅན་གྱིས། ཀསྟམྦྷོ། ཞེས་དྲི། ཕྱི་པ་རྣམས་ཀྱིས། ཀ་ལི་མཉྫ་ར། ཞེས་ལན་གདབ། པོ་ཏཾ་གིས་གཟེར་བ་ལ། ནང་ནས། པྲ་ཏི་པོ་ཏཾ་གི ཅེས་ངག་གི་བརྡ་དང་བརྡའི་ལན་དང༌། དབྱུག་སྔོན་ཅན་གྱིས་ལག་པ་གཡོན་པ་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེངས་ཏེ་སྟོན་པ་འོངས་སམ་ཞེས་ཟེར་བ་ལ། ཕྱི་པ་རྣམས་ཀྱིས་གཡོན་པའི་གུང་མོ་དང་མཛུབ་མོ་གཉིས་གཤིབས་ནས་བསྒྲེངས་ཏེ་སྟོན་པ་འོངས་སོ་ཞེས་པའི་དོན་ཏོ། །དེ་ལ་སོགས་པའི་ལུས་ཀྱི་བརྡ་དང་བརྡའི་ལན་བྱས་ལ། མི་ཤེས་པ་རྣམས་ཕྱིར་བསྐྲད། ཤེས་པ་རྣམས་ནང་དུ་འོང་དུ་བཅུག་ལ། བསང་ཆུ་གཏོར་ཞིང༌། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུ་བ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་ཡང༌། །རང་བཞིན་གཅིག་པ་ཉིད་དུ་ཟོ། །ཞེས་བརྗོད། དེ་ནས་ནང་དུ་འོངས་པ་རྣམས་ཀྱིས་སློབ་དཔོན་ལ་ཕྱག་བྱས་ལ། དབང་གི་རྒན་རིམ་གྱིས་གྲལ་ལ་འཁོད་ཅིང༌། སྒོ་དམ་དུ་བསྡམས་ལ། ཕྱི་ནང་གི་འགྲུལ་བཅད་དོ། །ལྔ་པ་གསོལ་བ་གདབ་པ་ནི། དེ་ནས་ལས་ཀྱི་རྡོ་རྗེས་སློབ་དཔོན་ནས་བརྩམས་ཏེ། རྣལ་འབྱོར་པ་རེ་རེའི་མདུན་དུ་མཎྜལ་རེ་རེ་དབུལ་ཞིང༌། སྤྱིར་ཕྱག་ཕུལ་ལ། སེམས་ཅན་དོན་དུ་སེམས་དགེ་བར། །རྣལ་འབྱོར་རྣལ་འབྱོར་མ་རྣམས་ཀུན། །ཚུལ་བཞིན་ཆོ་ག་ལྡན་པ་ཡིས། །རྣལ་འབྱོར་ལ་ནི་ཉེར་གནས་མཛོད། །ཅེས་པས་གསོལ་བ་གདབ་པའམ། ཡང་ན། བླ་མ་དག་གི་ཕྱག་བཞེས་ཀྱི། ཐོག་མར་ལས་ཀྱི་རྡོ་རྗེས་ཕྱག་གསུམ་བྱས་ཏེ། རྡོ་རྗེ་སློབ་དཔོན་རིག་པ་འཛིན་པའི་དགེ་འདུན་དང་བཅས་པ་ལ་མཎྜལ་སྤྱིར་ཕུལ་ནས། ཕྱག་བྱས་ཏེ། བླ་མ་ལ་བདུག་སྤོས་དང་བཅས་པའི་མེ་ཏོག་དང་གཞན་རྣམས་ལ་མེ་ཏོག་རྐྱང་པ་དབུལ། དེ་ནས་ཕྱག་བྱ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། མེ་ཏོག་དང་བཅས་པས་རྡོ་རྗེ་ཐལ་མོ་སྦྱར་ལ། ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཆེན་གྱིས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་པ་དང༌། །ཡོན་བདག་བགེགས་ཞི་ཚོགས་གཉིས་བསག་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་དག་ལ་གནས་པར་མཛོད། །ཅེས་ལན་གསུམ་བརྗོད་ལ་མེ་ཏོག་གཏོར། ཡང་ཕྱག་བྱས་ཏེ། བླ་མ་མ་གཏོགས་པའི་མེ་ཏོག་བསྡུ། ཕྱག་བྱས་ཏེ། བླ་མ་ལ་ཚོགས་ཀྱི་སློབ་དཔོན་ཞུ་བའི་ཆེད་དུ་གཞན་ཐམས་ཅད་ཀྱིས་མཎྜལ་དབུལ། བླ་མས་ཀྱང༌། གཞན་རྣམས་ཀྱིས་ཕུལ་བའི་མཎྜལ་གྱི་སྟེང་དུ། རང་གིས་མེ་ཏོག་བཀོད་པས་མཎྜལ་དབུལ་ཞིང༌། མེ་ཏོག་གི་སྣོད་ཉིད་ཀྱང་མཎྜལ་གྱི་དབུས་སུ་བཞག་ལ། རྟེན་གྱི་དྲུང་དུ་དབུལ། དེ་ནས་ཕྱག་བྱས་ཏེ། རང་གནས་སུ་འཁོད་པར་བཞེད་པས་དེ་ལྟར་བྱའོ། །དྲུག་པ་ཡི་གེ་བརྒྱ་པ་བརྗོད་དེ་རྒྱུད་དག་པར་བྱ་བ་ནི། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་བྱ་སྟེ། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་ད་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་བྱས་ལ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་རྗེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་སངས་རྒྱས་ཐོབ་པར་བགྱིའོ། །ཞེས་སམ། བསྡུ་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་རིམ་པ་གཉིས་ཀྱི་ལམ་བསྒོམ་སྙམ་དུ་བསམ་མོ། །དེ་ནས་བདེ་མཆོག་སོགས་མ་རྒྱུད་རྣམས་ལ་དཀྱིལ་འཁོར་གྱི་སྟེང་དུ། «རང་གི་སྤྱི་བོར་པདྨ་དང་ཟླ་བའི་་་་་་»སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཅོག་དང་ཐོད་པའི་ཕྲེང་བའི་ཅོད་པཎ་ཅན། རྡོ་རྗེ་སྐྱེལ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམ་མ་སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཕྱག་རྒྱ་ལྔས་སྤྲས་པར་བསམ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཧཱུྃ་ལ་ཐིམ། ཧཱུྃ་ལས་བདུད་རྩིའི་རྒྱུན་བབས་པས། ཡབ་ཀྱི་སྐུ་གང་རྡོ་རྗེའི་ལམ་ནས་བརྒྱུད། ཡུམ་གྱི་སྐུ་གང་བས་སྦྱོར་མཚམས་དང་སྐུ་ཐམས་ཅད་ལས་བྱུང་བའི་བདུད་རྩི་རང་གི་སྤྱི་གཙུག་ནས་ཞུགས་ཏེ། ལུས་ཐམས་ཅད་གང་བར་བསམ་ཞིང༌། སྡིག་སྒྲིབ་རྣམས་ཁ་དོག་ནག་པོའི་གཟུགས་ཀྱིས། བཤང་གཅི་དང་རྐང་མཐིལ་གཉིས་ནས་ཐོན་པར་བསམས་ལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སཾདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། བཛྲ་ཧེ་རུ་ཀ མ་མེ་མུཙྪ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཿཧཱུྃ་ཕཊ། ཅེས་པ་ཉི་ཤུ་རྩ་གཅིག་ནས་བརྒྱའི་བར་ཅི་ནུས་བཟླས་ནས། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་པས་གསོལ་བ་གདབ། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་ལྟུང་བའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བཤགས་སྡོམ་བྱས་པའི་རྗེས་ལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ། སྤྱི་བོ་ནས་རང་ལ་ཐིམ་པས། རང་ཉིད་སྐད་ཅིག་གིས་དཔལ་ཀྱེའི་རྡོ་རྗེ་ལ་སོགས་པ་བསྒོམ་པར་འགྱུར་བའི་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པར་བསམ་མོ། །གསང་འདུས་སོགས་ཕ་རྒྱུད་རྣམས་ལ། རང་གི་སྤྱི་བོར་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཅོག་ཅན། ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རྒྱན་བརྒྱད་ཀྱིས་སྤྲས་ཤིང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམ་མ་སྐུ་མདོག་དཀར་མོ་རྡོ་རྗེ་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བསམས་ལ། དེའི་ཐུགས་ཀར་ཧཱུྃ་བསྒོམས་པ་ནས། སྡིག་སྒྲིབ་ཕྱིར་ཐོན་པའི་བར་སྔར་བཞིན་བསམས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཿ ཞེས་བཟླས་པའི་མཐར། ཕྱག་འཚལ་བསྟོད་ཅིང་ཕྱག་འཚལ་བསྟོད། །ཕྱག་འཚལ་བསྟོད་དེ་ཕྱག་འཚལ་འདུད། །གུས་པས་སྐུ་ལ་བདག་གསོལ་འདེབས། །རྡོ་རྗེ་སེམས་དཔའ་བདག་སྒྲུབས་ཤིག །ཅེས་གསོལ་བ་བཏབ་པའི་རྗེས་ལ། བཤགས་སྡོམ་སོགས་སྔར་བཞིན་བྱ་སྟེ་སྦྱོར་བའོ། །གཉིས་པ་དངོས་གཞི་ལ། ཚིམ་པ་དྲུག་གི་དང་པོ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མཆོད་པ་རྒྱས་པས་ཚིམ་པ་ལ། བདག་བསྐྱེད་ཀྱི་དཀྱིལ་འཁོར་ཚིམ་པ་དང༌། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཚིམ་པར་བྱ་བ་གཉིས་ཀྱི་དང་པོ་ནི། བདེ་མཆོག་གམ་གསང་འདུས་སོགས་སོ་སོའི་མངོན་པར་རྟོགས་པ་རྫོགས་པར་བསྒོམས་ལ། དཀྱིལ་འཁོར་བསྡུ་བའི་བར་བྱ་སྟེ། སོ་སོའི་གཞུང་དུ་ཤེས་སོ། །འོན་ཀྱང་བཟླས་པའི་རྗེས་སུ། བླ་མ་དང་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་གསོལ་བ་གདབ་དང༌། ཡིག་བརྒྱ་གསུམ་ཙམ་བཟླ་བ་ཕྱག་ལེན་ལ་མཛད་དེ། དེ་ལྟར་བྱས་ཀྱང་རུང་ངོ༌། །གཉིས་པ་ནི། མཆོད་པ་རྣམས་བསང་ཆུས་གཏོར་ཞིང༌། སོ་སོའི་ལས་ཐམས་ཅད་པས་བསང༌། ཤཱུ་ནྱ་ཏཱའམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ་ལ་སོགས་དང༌། མེ་ཏོག་དང༌། བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་གཙང་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་ཆད་པར་གྱུར་པར་བསམས་ལ། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་མདུན་གྱི་མཎྜལ་བསང་སྦྱངས་པ་ནས། དབང་བསྐུར་བའི་བར་སོ་སོའི་གཞུང་བཞིན་བྱས་ལ། དཀྱིལ་འཁོར་གྱི་གཙོ་བོ་དང་རང་གི་རྩ་བའི་བླ་མ་ཐ་མི་དད་དུ་བསམ། དཀྱིལ་འཁོར་གྱི་མཐར་བླ་མ་བརྒྱུད་པ། ཡི་དམ་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་བ་བཞུགས་པར་བསམ། མཆོད་པ་དབུལ་ཏེ། སོ་སོའི་མཆོད་ཕྲེང་དུ་ཤེས་སོ། །གལ་ཏེ་མཆོད་འབུལ་གྱི་ཚིག་མ་བཤད་པའི་མ་རྒྱུད་རྣམས་ལ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞེས་པས་མཆོད་ཡོན་དང༌། ཞབས་བསིལ་སོགས་ལ་འདོན་པ་སྤོ། ཨོཾ་ལྷ་ཡི་མེ་ཏོག་ཤིན་ཏུ་དམར། །དྲི་ཞིམ་ཤིན་ཏུ་མཛེས་པ་ནི། །མེ་ཏོག་དེ་རིང་བཞེས་ནས་སུ། །འདི་ལ་བྱིན་གྱིས་བརླབ་པར་གསོལ། །ཨོཾ་ཙནྡན་ག་བུར་དང་བཅས་པའི། །དྲི་ཞིམ་སྤོས་མེ་དགེ་བ་ནི། །མཐུ་དང་བཅས་པར་བྱ་བ་ནི། །བཞེས་ནས་བྱིན་གྱིས་བརླབ་དུ་གསོལ། །ཨོཾ་མར་མེ་འོད་ཟེར་འབར་བ་ནི། །ངན་འགྲོའི་འཇིགས་པ་འཇོམས་བྱེད་པ། །ལྷ་ཡི་མིག་འབྱེད་བཀྲ་ཤིས་པས། །མར་མེ་ཁྱེད་ཀྱིས་བཞེས་སུ་གསོལ། །ཨོཾ་སྣ་ཚོགས་ལྷ་ཡི་དྲི་ཞིམ་པ། །སྣ་ཚོགས་ག་པུར་རྣམ་བརྒྱན་པས། །སྣ་ཚོགས་ཡི་གེ་ཧཱུྃ་ལས་བྱུང༌། །དྲི་འདི་འབུལ་ཏེ་བཞེས་སུ་གསོལ། །ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །པ་ཊ་ཧ་དང་ཅང་ཏེའུ་སོགས། །རྔ་དང་དུང་སོགས་སྒྲ་དབྱངས་དང༌། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་ཀྱིས། །ཧེ་རུ་ཀ་དཔལ་སོགས་ལ་འབུལ། །ཞེས་བརྗོད་ཅིང་རོལ་མོ་ཅི་འབྱོར་པ་དཀྲོལ་ལ། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ནི། པྲ་ཛྙཱ་པཱ་ར་མི་ཏཱ། ནཱ་ད་སཾ་བྷཱ་ཝེ་ཏ། བཛྲ་སཏྭ་ཧྲྀ་ད་ཡ། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་བཞིན་དུ་ཕ་རྒྱུད་རྣམས་ལ། ལྷ་ཡི་མཆོད་ཡོན་དམ་པ་འདིས། །དཀྱིལ་འཁོར་མཆོད་པར་བགྱིད་པར་འཚལ། །ཐུགས་ནི་བརྩེ་བར་ཉེར་དགོངས་ཏེ། །མགོན་པོས་མཆོད་པ་འདི་བཞེས་ཤིག །ཅེས་པས་མཆོད་ཡོན་དང༌། ཞབས་བསིལ་ལ་སོགས་ལའང་འདོན་པ་བསྒྱུར་རོ། །ཆུ་སྐྱེས་དེ་བཞིན་ཐང་ལས་སྐྱེས། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང༌། །དེ་བཞིན་བདུག་སྤོས་མཆོག་འདི་དག །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །ཞུན་མར་འབྲུ་མར་མར་མེ་འདི། །ལྷ་རྫས་འབར་བས་མུན་པ་འཇོམས། །མི་ཤེས་ཐམས་ཅད་ཞི་བྱའི་ཕྱིར། །བདག་ཉིད་དད་པས་འབུལ་བར་བགྱི། །ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །བཟའ་དང་བཅའ་བར་ཡང་དག་ལྡན། །ཁ་དོག་དྲི་དང་རོ་ལྡན་ཞིང༌། །ཐམས་ཅད་སྦྱར་བའི་བཤོས་འདི་དག །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །སིལ་སྙན་ལ་སོགས་རོལ་མོའི་ཚོགས། །དབྱངས་ཀྱི་ང་རོ་ལྡན་པ་འདི། །མཆོག་ཏུ་དད་པས་བདག་འབུལ་གྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞེས་པ་བྱ་ཞིང༌། གོང་མ་གཉིས་ཀའི་ཚིག་སོ་སོའི་མཚམས་སུ། དཀྱིལ་འཁོར་གང་ཡིན་གྱི་མཚན་སྔགས་དང༌། མཆོད་པ་སོ་སོའི་སྔགས་སྤེལ་ཞིང༌། ཕྱག་རྒྱ་དང་བཅས་པས་དབུལ་ལོ། །དེ་ལ་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའམ། ཡང་རྡོ་རྗེ་ཁུ་ཚུར་གྱི་གུང་མོ་གཉིས་རྩེ་སྤྲད་པ་མཆོད་ཡོན་གྱི་ཕྱག་རྒྱ་དང༌། ཐལ་མོ་གཉིས་ཁ་ཐུར་དུ་བསྟན་ལ་འོག་ནས་དྲངས་ཏེ། སྟེང་དུ་རྡོ་རྗེ་ཁུ་ཚུར་དུ་བྱས་པ་མེ་ཏོག་གི་དང༌། དེ་ཉིད་འོག་ཏུ་བསྐོར་ཏེ། རྡོ་རྗེ་ཁུ་ཚུར་བཅིངས་པ་བདུག་སྤོས་ཀྱི་དང༌། རྡོ་རྗེ་ཁུ་ཚུར་ལས་མཐེ་བོང་གཉིས་གཤིབས་ནས་བརྐྱང་པ་མར་མེའི་དང༌། ཐལ་མོ་སྟེང་ནས་འོག་ཏུ་བསྐོར་བ་སྙིང་གར་ཁ་ཕྱིར་བསྟན་ཏེ་གྱེན་དུ་བརྐྱང་བ་དྲིའི་དང༌། ཐལ་མོ་འོག་ནས་སྟེང་དུ་བརྐྱང་བ་གཤིབས་ཏེ། མཐེ་བོང་གཉིས་ནང་དུ་ཅུང་ཟད་གཡབ་པ་ནི་ཞལ་ཟས་ཀྱི་ཕྱག་རྒྱའོ། །དེ་ནས་ནང་མཆོད་ཀྱི་དབུས་ནས་མཐེབ་སྲིན་སྦྱར་བས་བླངས་ལ། སྤྱི་བོར་གཏོར་ཞིང༌། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། བླ་མ་སེ་མཁར་ཆུང་བ། ཞང་དགོན་པ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་ལ་སོགས་པ། ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་བརྒྱུད་པ་དང༌། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། བྲམ་ཟེ་ས་ར་ཧ། སློབ་དཔོན་ཀླུ་སྒྲུབ། ཤ་བ་རི་དབང་ཕྱུག ལོ་ཧི་པ། དྷ་རི་ཀ་པ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཤྲཱི་ཛ་ལནྡྷ་ར། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་པར་རྒྱལ་བའི་ཞབས་ཅན། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ཇོ་བློ་གྲོས་གྲོགས་པ། བླ་མ་ས་སྐྱ་པ་ཆེན་པོ་ལ་སོགས་པ། བདེ་མཆོག་ལོ་ནག་གི་བརྒྱུད་པ་དང༌། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སློབ་དཔོན་ཀླུ་སྒྲུབ། ཨཱརྻ་དེ་བ། ཟླ་བ་གྲགས་པ། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། བིཀྵ་ཏ་དེ་བ། པཎ་ཆེན་ཤཱཀྱ་ཤྲཱི། ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་སོགས་པ། གསང་འདུས་འཕགས་ལུགས་ཀྱི་བརྒྱུད་པ་དང༌། དེ་བཞིན་དུ་དཀྱིལ་འཁོར་གང་ཡིན་གྱི་དབང་བཀའི་བླ་མ་བརྒྱུད་པ་རྣམས་ཀྱི་མཚན་ལ་ཨོཾ་ཨཱཿཧཱུྃ་བཏགས་པ་དང༌། རྩ་བའི་བླ་མ། བརྒྱུད་པའི་བླ་མ། དབང་བསྐུར། རྒྱུད་བཤད། མན་ངག་ནོས། ཆོས་ཀྱི་འདྲེས་པ་ཐོབ་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་པས་བླ་མ་རྣམས་ལ་དབུལ། དེ་ནས་ཀྱེ་རྡོར་ལ་སོགས་པ་ཡི་དམ་གཙོ་འཁོར་རྣམས་ཀྱི་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་བཏགས་ལ་དབུལ་ཞིང༌། བྱ་བའི་རྒྱུད། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་དབུལ་ལོ། །གཉིས་པ་སྙིང་གར་ཡེ་ཤེས་ཀྱི་ལྷ་བདུད་རྩི་མྱང་བས་ཚིམ་པ་ནི། དེ་ནས་སྲིན་ལག་གིས་ལྕེ་རྩེ་སྨིན་མཚམས་སྤྱི་གཙུག་ཏུ་ཐིག་ལེ་བྱས་པས། ལུས་ཀྱི་ལྷ་ཐམས་ཅད་ཚིམ་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བརྗོད། དེ་ནས་ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཨོཾ་ཨཱཿཧཱུྃ། ཞེས་པས་གུར་མགོན་དང༌། ཨོཾ་ཤྲཱི་དྷརྨཱ་པཱ་ལ་ཙ་ཏུརྨུ་ཁ་ཨོཾ་ཨཱཿཧཱུྃ། ཞེས་པས་གདོང་བཞི་པ་ལ་སོགས་པ་སྒོས་ཀྱི་ཆོས་སྐྱོང་གང་བྱེད་ལ་དབུལ། གཞན་ཡང་ཆོས་འཁོར་བསྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་དོ། །དེ་ནས་མ་རྒྱུད་རྣམས་ལ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། ཚནྡོ་དང་ཉེ་བའི་ཚནྡོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། ཡུལ་སུམ་ཅུ་སོ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་བརྒྱད་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ། སྤྲུལ་པའི་སྐུས་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞིང་སྐྱོང་བཞི་བཅུ་རྩ་བརྒྱད། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པའི་མཁའ་འགྲོའི་ཚོགས་དང༌། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་པས་དབུལ། ཕ་རྒྱུད་ལ་འདི་རྣམས་ཀྱི་ཚབ་ཏུ། ཕྱོགས་སྐྱོང་བ་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། འཇིགས་བྱེད་ཆེན་པོ་དགུ། རྒྱལ་པོ་བཞི། གཟའ་དགུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་གང་རུང་གི་མཐར། གཞན་ཡང་གནོད་སྦྱིན་སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་བོད་ཁམས་སྐྱོང་བར་བྱེད་པའི་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་དང༌། གནས་བདག གཞི་བདག གྲོང་བདག ཡུལ་བདག་གཉུག་མར་གནས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཚིམ་ཞིང༌། ཟག་པ་མེད་པའི་བདུད་རྩིས་རྒྱུད་གང་ནས། མྱུར་དུ་བླ་ན་མེད་པའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཅེས་པའི་མཐར་ཨོཾ་ཨཱཿཧཱུྃ་བཏགས་ལ་དབུལ་ལོ། །དེ་ནས་སོ་སོའི་གཞུང་བཞིན་དུ་བསྟོད་པ་རྒྱས་པས་བསྟོད་ལ། རྒྱུན་བཤགས་དང་སྡོམ་པ་བཟུང་བ་སོགས་བྱེད་པར་འདོད་ན། སྐབས་འདི་ཉིད་དུ་བྱའོ། །གསུམ་པ་ཕྱི་རོལ་གྱི་འབྱུང་པོའི་ཚོགས་གཏོར་མས་ཚིམ་པར་བྱ་བ་ནི། གཏོར་མ་རྣམས་སྔར་སློབ་དཔོན་ལུས་ཀྱི་ལྷ་མཆོད་པའི་བར་ལ་ལས་ཀྱི་རྡོ་རྗེས་ནང་མཆོད་ནས་གཟར་བུས་བླངས་པ་བྲན་ཞིང༌། ཆུ་དང་ཆང་བླུགས་པས་སྦྱངས་ལ་ཕྱག་བྱས་ཏེ། གཏོར་མ་བྱིན་གྱིས་བརླབས་ནས་དབུལ་བར་ཞུ། ཞེས་བརྗོད། སློབ་དཔོན་གྱིས་གཏོར་མ་དང་པོ་བྱིན་གྱིས་བརླབ་པ་དང༌། མགྲོན་བསྐྱེད་པ་ནས། ཕྲིན་ལས་འཆོལ་བའི་བར་སོ་སོའི་གཞུང་བཞིན་དུ་བྱའོ། །དེ་ནས་གཏོར་མ་གཉིས་པ་ལ། ལག་པ་གཡོན་པ་བསྟན་ཏེ། ཨོཾ་ཞེས་བརྗོད་པས་སྟོང་པར་བསམ། གཡས་པ་བསྟན་ཏེ། ཨཱཿཞེས་བརྗོད་པས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པ་དང༌། གཉིས་ཀ་བསྟན་ཏེ་ཧཱུྃ་ཞེས་བརྗོད་པས་ཤ་ལྔ་བདུད་རྩི་ལྔ་དང༌། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ། ཧོཿཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། མདུན་གྱི་ནམ་མཁའི་གནས་སུ། པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་མཐིང་ནག་ལས་འོད་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་ཆེན་པོ་ཆེར་འབར་བ་ཞལ་གཅིག་ཕྱག་གཉིས་པ། གཡས་ཀྱི་གྲི་གུག་གཡོན་པས་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཀའི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན་དར་སྣ་ཚོགས་ཀྱི་ཅོད་པཎ་དང་ལྷབ་ལྷུབ་ཀྱིས་ཀླུབས་པ། མིའུ་ཐུང་གེལ་པའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག གཡོན་ན་ཁྱི་ནག རྒྱབ་ན་ལྕགས་སྤྱང༌། མདུན་ན་མི་ནག སྟེང་ན་ནམ་མཁའ་ལྡིང་གི་ཕོ་ཉ་འཕྲོ་བ། མི་བསྐྱོད་པའི་དབུ་རྒྱན་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་ཊཾ་ལས་ཨེ་ཀ་ཛ་ཊི་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་ན་བཟས་སྟོད་གཡོགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རལ་པ་ལན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱང་བ། ཁྲོ་མོའི་རྣམ་པ་ཅན། དེའི་ལྟོ་བ་ཡངས་པའི་ནང་དུ། ཏྲག་ལས་ཁྲག་གི་རྒྱ་མཚོའི་ནང་དུ། བྷྱོ་ལས་དཔལ་ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་མ་བོང་བུ་གྭ་པ་ལ་ཞོན་པ། སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་གང་བ་འཛིན་པ། གཡོན་གྱི་དང་པོ་ན་མདུང༌། གཉིས་པ་ན་རྩེ་གསུམ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང༌། བ་གླང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན། ཀླུའི་དབང་པོའི་སྐ་རགས་བཅིངས་པ། སྤྱན་གསུམ་དང་ལྡན་ཞིང༌། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྙན་གཡས་པ་དུག་སྦྲུལ་དང༌། གཡོན་པ་ལ་སེང་གེས་བརྒྱན་པ། སྐུ་ལ་ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས་དང༌། ཐལ་ཆེན་གྱི་ཚོམ་བུ་བཀོད་པ་ཤིན་ཏུ་རིད་པ། ལྟེ་བའི་ཐད་ཀ་ན་ཉི་ཟླ་འཆར་བ། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་ཧཱུྃ་དང་བྷྱོའི་སྒྲ་སྒྲོགས་པ། ལྕམ་དྲལ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཧཱུྃ་ལས་འོད་འཕྲོས། འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང༌། རང་བཞིན་གྱི་གནས་ནས་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་པར་མོས་ལ། ཐལ་མོ་ཁོང་སྟོང་དུ་སྦྱར་བ་མགོན་པོའི་དམ་ཚིག་གི་ཕྱག་རྒྱ་བཅས་ཏེ། མཛུབ་མོ་གཡབ་པའམ་རྡོ་རྗེ་དྲིལ་བུ་འཛིན་པས། མགོན་པོ་ཀུན་གཤེགས་གདན་ལ་བཞེངས། །ད་ལྟར་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཨེ་ཧྱེ་ཧི། ཞེས་པ་དང༌། རྡོ་རྗེ་ཐལ་མོ་ཁ་སྦྱར་བ་ལྷ་མོའི་དམ་ཚིག་གི་ཕྱག་རྒྱ་གཡབ་པའམ་དྲིལ་བུའི་སྒྲས། ལྷ་མོ་འདིར་གཤེགས་ལ་སོགས་དང༌། མ་ཧཱ་ཀཱ་ལ་དེ་ཝཱི། ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝི་ཡེ། གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། པདྱཾ་སྭཱ་ཧཱ། བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་མཆོད་ལ། སོ་སོའི་དམ་ཚིག་གི་ཕྱག་རྒྱ་བཅས་ལ་སྤྱི་བོར་བཞག་པར་མོས་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་ཝི། ས་མ་ཡ་སྨ་ར། ས་མ་ཡ་མཱ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དམ་ཚིག་སྲུངས། བསྟན་པ་སྐྱོང༌། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུ་བསྟན་པ་དང་བསྟན་པ་འཛིན་པ་རྣམས་དང༌། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བ། ལམ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་ན། གང་ལ་གང་འཚམས་པའི་འཆད་པས་བཅད་པ་དང༌། བསྐྲད་ཅིང་གཟིར་བ་དང་དབྱེ་བ་དང་བསྡིགས་ཤིང་སྤ་བཀོང་བར་མཛད་དུ་གསོལ། མདོར་ན་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང༌། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང༌། བསྟན་པ་དང་བསྟན་པ་འཛིན་པ་དང༌། འཇིག་རྟེན་པ་ཀུན་དར་ཞིང་རྒྱས་པར་མཛོད་ཅིག ཅེས་ཕྲིན་ལས་བཅོལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། མ་ཧཱ་ཀཱ་ལཱི་དེ་ཝི། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ཕྱག་རྒྱ་དང་བཅས་པས་དབུལ། གོང་ལྟར་མཆོད། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཥ་ཙི་མ་ཀ་ལོ། ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏཱིཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་རྩ་སྔགས་དང༌། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྙིང་པོ་དང༌། ཨོཾ་རོ་རུ་རོ་རུ་བི་ཏིཥྛ་བ་དྷྭོཏྶཱི་ཀཱ་མ་ལ་རཀྵ་སཱི་ཧཱུྃ་བྷྱོཿཧཱུྃ། ཞེས་ལྷ་མོའི་སྙིང་པོས་ནང་མཆོད་གཏོར། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ་སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པའི། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པས་ཞབས་བརྡབས་ས་གཞི་གཡོས། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པའི། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཞེས་པས་བསྟོད། ཧཱུྃ་དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡེ། །ལྷ་ཆེན་དཔལ་འབར་ནག་པོ་མཐུ་བོ་ཆེ། །མ་ཧཱ་དེ་ཝའི་སྲས་པོ་དྲག་ཤུལ་ཅན། །ཚོགས་བདག་ཆེན་པོ་མ་ཧཱ་ཀཱ་ལ་ཡེ། །འཇིགས་བྱེད་ཆེན་པོ་མ་ཧཱ་ཀཱ་ལ་ཡེ། །ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་དགྲ། །བསྟན་པ་ཡོངས་ཀྱི་སྲུང་མ་ནག་པོ་ཆེ། །ཆོས་འཁོར་ཡོངས་ཀྱི་སྲོག་ཤིང་ནག་པོ་ཆེ། །དམ་ཚིག་ཅན་གྱི་དགྲ་བླ་ནག་པོ་ཆེ། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམྦུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །སྨན་རག་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏང་རག་གཉེན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉེན་པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། །བསྟན་པ་བསྲུང་བའི་ལས་འདི་མྱུར་དུ་སྒྲུབས། །ཞེས་པ་དང༌། བྷྱོ་གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་བསྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །དཔལ་ལྡན་ལྷ་མོ་ཁྱོད་ཀྱི་སྐུ། །རི་རབ་ལྷུན་པོ་ལྟ་བུར་བརྗིད། །དབང་པོ་སྔོན་པོ་ལྟ་བུར་འབར། །ཉི་མའི་འོད་ལྟར་སྤྲུལ་པ་འགྱེད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །སྤྱན་རྩ་དམར་པོ་གློག་ལྟར་འཁྲུག །མི་རོ་ཁར་བཅུག་མཆེ་བ་གཙིགས། །ཁྲག་གིས་གང་བའི་ཐོད་པ་དང༌། །འཇིགས་པའི་མཚོན་ཆས་ཕྱག་རྣམས་བྲལ། །མི་མགོ་རིན་ཆེན་རུས་པས་བརྒྱན། །ཀླུ་དབང་སེང་གེ་ལྕགས་སྒྲོག་དང༌། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །ཀོ་རློན་རེ་ལྡེ་གོས་སུ་གྱོན། །བོང་བུ་གྭ་ཞོན་མཚན་མོ་རྒྱུ། །ཤིན་ཏུ་རིད་ཅིང་མི་སྡུག་མ། །འཇིགས་གཟུགས་མ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གསུང་གི་ང་རོའི་དབྱངས། །འབྲུག་སྟོང་ལྡིར་བའི་སྒྲ་སྒྲོགས་པས། །ཁམས་གསུམ་མ་ལུས་ཟིལ་མནན་ནས། །ས་གསུམ་གཡོ་བར་མཛད་ལ་འདུད། །ཁྱོད་ཐུགས་ཞི་ལ་རབ་གཞོལ་ཡང༌། །སྙིང་རྗེའི་དབང་གིས་སྲིད་ལ་བཞུགས། །ཁྲོ་དང་འཁྲུགས་དང་རྔམ་པ་ཡིས། །བདུད་དཔུང་ངེས་པར་འཇོམས་ལ་འདུད། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ལ་སོགས་པས་བསྟོད་ཅིང་ཕྲིན་ལས་གཞོལ་ལོ། །དེ་ནས་གཏོར་མ་གསུམ་པ། ཨོཾ་ཨཱཿཧཱུྃ་ཧོཿསྔར་བཞིན་བྱིན་གྱིས་བརླབས་ནས། མདུན་དུ་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ནག་པོ་ཆེན་པོ་གདོང་བཞི་པ་རྩ་ཞལ་བརྩེགས་མ་གཉིས་ནག་པོ། གཡས་གཡོན་གཉིས་ལྗང་ནག ཕྱག་བཞིའི་གཡས་གཡོན་གྱི་དང་པོ་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་རལ་གྲི། གཡོན་འོག་མས་རུས་ཕྲེང་འཕྱར་ཐབས་སུ་མཛད་པ། སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་ཤིང་མ་མཆུ་འཕྱངས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཚངས་པའི་སྐུད་པ་དང་རུས་པ་དང་སྦྲུལ་གྱིས་བརྒྱན་ཅིང༌། ཞབས་གཡས་བསྐུམས་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། དྲག་ལ་རྔམ་པའི་ཆ་ལུགས་ཅན། ངག་ཏུ་ཧ་ཧ་དང་ཧཱུྃ་ཧཱུྃ་དང་ཀྵིཾ་ཀྵིཾ་གིས་སྒྲ་སྒྲོགས་པར་བསམ། དེའི་གཡས་སུ་གཡུང་མོ་ནག་མོ། གཡོན་དུ་གཏུམ་མོ་ལྗང་གུ། མདུན་དུ་སྲིན་མོ་ནག་མོ། རྒྱབ་ཏུ་སིངྒ་ལི་མ་སེར་ནག བཞི་ཀའང་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་འཛིན་པ། གཅེར་བུ་རྒྱན་མེད་པ་རབ་ཏུ་གྲིམས་ཤིང་ཁྲོས་པའི་ཆ་ལུགས་ཅན། གཡོན་བརྐྱངས་གཡས་བསྐུམས་བཞེངས་པའི་ཚུལ་གྱིས་བཞུགས་པ། གཙོ་འཁོར་ལྔའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་བསམ། དེ་ལས་འོད་ཟེར་འཕྲོས། ཏི་སེ་བསིལ་བའི་ཚལ་པོ་ཏ་ལ་ཧ་ཧ་རྒོད་པའི་དུར་ཁྲོད་ནས་ཡེ་ཤེས་པ་སྤྱན་དྲངས་པར་མོས་ལ། སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཅི་ལྟར་ཁས་བླངས་བཞིན། །ཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ་རཱ་ཏྲྀ་ཏ། ཌོམྦི་ནཱི་ཙཎྜ་ལཱི། རཀྵ་སཱི། སིཾ་ག་ལཱི་དེ་ཝཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ས་པ་རི་ཝཱ་རའི་རྗེས་སུ་གྲྀཧྞེ་དཾ་ཨརྒྷཾ་ལ་སོགས་པས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྤྱི་བོར་བཞག་པར་མོས་ལ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ་རཱ་ཏྲྀ་ཏ། ཌོམྦི་ནཱི་ཙཎྜ་ལཱི། རཀྵ་སཱི། སིཾ་ག་ལཱི་དེ་ཝཱི་ས་མ་ཡ་སྨ་ར་ནས། ཕྲིན་ལས་བཅོལ་བའི་བར་དང༌། དེ་ཝཱིའི་རྗེས་སུ། ན་མཿསརྦ་ཏ་ཐཱ་ག་ཏ་ལ་སོགས་པ་བཏགས་ལ། སྔར་བཞིན་གཏོར་མ་དབུལ། ཨརྒྷཾ་ལ་སོགས་པས་མཆོད་དེ། དེ་ཝིའི་རྗེས་སུ། ཨོཾ་ཨཱཿཧཱུྃ་བཏགས་ལ་ཕུད་ཀྱིས་མཆོད་དེ། དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང༌། །མཆེ་བ་གཙིགས་ཤིང་མཆུ་འཕྱངས་ཤུགས་ཆེ་བ། །སྒྲ་སྒྲོགས་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གཞོན་ནུའི་ལུས་ཅན་བགེགས་འཇོམས་ཁྱོད་ལ་འདུད། །དུ་མའི་མིང་ཅན་དྲག་པོའི་ཕྲེང་བ་ཅན། །ཉི་ཟླ་འབར་བའི་མིག་གིས་བདུད་འཇོམས་ཤིང༌། །བརྐྱང་བསྐུམ་གློག་སྟོང་འགྱུར་འདྲའི་ཁྲོ་གཉེར་ཅན། །མདུང་ཐུང་གྲི་གུག་བུམ་ཐོད་འཛིན་ལ་བསྟོད། །འཇིགས་བྱེད་མྱུར་འགྲོ་ཚངས་སྐུད་མི་མགོ་ཡི། །ཕྲེང་བ་འཛིན་ཅིང་ས་གསུམ་སྐྲག་བྱེད་པ། །ཀྵིཾ་ཀྵིཾ་སྒྲ་སྒྲོག་སྲིན་པོའི་གཟུགས་འཛིན་པ། །དུས་མཐའི་མེ་ལྟར་འབར་བ་ཁྱོད་ལ་བསྟོད། །དཔལ་ལྡན་གྲུ་འཛིན་ཆེན་པོ་ན། །ཁྱོད་བཞུགས་ཏི་སེའི་གངས་རི་ལ། །གདོང་བཞི་ལྡན་ཁྱོད་ཞིང་སྐྱོང་མཛད། །ཀུན་སྲུང་ཁྱོད་ལ་བསྟོད་པར་བྱ། །ཧ་ཧའི་གད་རྒྱངས་འབྲུག་སྒྲ་སྒྲོགས། །ཧཱུྃ་ཧཱུྃ་སྒྲོག་པའི་དཔལ་ཁྱོད་ཀྱིས། །སྲིད་གསུམ་གནས་པའི་བགེགས་རྣམས་ཀུན། །སྐྲག་མཛད་ཁྱོད་ལ་བསྟོད་པར་བྱ། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །དམ་བཅས་དོན་དེ་ད་ལྟ་འདིར། །བསྒྲུབས་ལ་ཐོགས་པ་མེད་གྱུར་པའི། །དམ་ཚིག་ལྡན་ཁྱོད་བསྟོད་པར་བགྱི། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་ལ་དགའ་བ། །ཁྱོད་ནི་བྱང་ན་རབ་བཞུགས་ཀྱང༌། །ཕྱོགས་བཅུར་དབང་བྱེད་ཁྱེད་ལ་བསྟོད། །གཡུང་མོ་གཏུམ་མོ་སྲིན་མོ་དང༌། །སིངྒ་ལ་ནི་རྣལ་འབྱོར་མ། །དམར་དང་ལྗང་ནག་ཁྲོས་པའི་ཞལ། །གྲི་གུག་ཐོད་འཛིན་བསྟོད་པར་བགྱི། །ཁྱོད་ཀྱིས་རང་ཕྱོགས་ལེགས་བསྲུངས་ཤིང༌། །གཞན་ཕྱོགས་རྣམ་པར་སུན་འབྱིན་པ། །དོན་གཉིས་སྒྲུབ་པའི་ཡབ་ཡུམ་ལ། །བདག་གིས་རྟག་ཏུ་བསྟོད་པར་བགྱི། །དེ་ལྟར་བསྟོད་པས་རབ་བསྔགས་པ། །བདག་ཅག་འཁོར་བཅས་བསྲུང་བ་དང༌། །འདོད་པ་ཐམས་ཅད་བསྒྲུབ་པ་དང༌། །བགེགས་རྣམས་མ་ལུས་མེད་པར་མཛོད། །ཁྱོད་ཀྱིས་བསྒྲུབ་པའི་ལས་བྱས་ཤིང༌། །རྗེས་སུ་བསྒྲུབས་ན་བརྩེ་བ་དང༌། །ཡོངས་སུ་བསྟེན་ན་དགྱེས་པ་དང༌། །སུན་འབྱིན་རྣམ་པར་གཞོམ་པར་མཛོད། །ཀློག་པ་རྣམས་ནི་རྒྱས་པ་དང༌། །ཁ་ཏོན་ཕུན་སུམ་ཚོགས་པ་དང༌། །བསྒྲུབ་པ་དྲི་མ་མེད་པ་ཡིས། །བསྟན་པ་དག་ཀྱང་དར་བར་མཛོད། །མདོར་ན་གང་དང་གང་བཅོལ་བ། །དེ་དང་དེ་ཡི་ལས་རྣམས་ལ། །བཏང་སྙོམས་གཡེལ་བ་མ་མཛད་པར། །བདག་ལ་རྗེས་སུ་བརྩེ་བར་མཛོད། །ཅེས་པས་བསྟོད། དེ་ནས་གཏོར་མ་བཞི་པ་དཀྱིལ་འཁོར་སོ་སོ་ནས་བཤད་པའི་འབྱུང་པོའི་གཏོར་མས་བསྔོ། མ་བཤད་པའི་མ་རྒྱུད་རྣམས་ལ། བདེ་མཆོག་ནས་བཤད་པ་ལྟར། མཁའ་འགྲོ་སྤྱིའི་གཏོར་མས་བཏང་སྟེ། ཨོཾ་ཨཱཿཧཱུྃ་ཧོཿས་སྔ་མ་ལྟར་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་དཔྲལ་བར་བཅིངས་ལ། ཕཻཾ། བཛྲ་ཨ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནྱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿས་སྤྱན་དྲངས། སྔར་བཞིན་ཕྱག་རྒྱ་བཅས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲཻ་ཏ། པི་ཤཱ་ཙི། ཨུནྨཱ་ད། ཨ་པསྨཱ་ར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མ་བ་ལིཾ་གྲིཾཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུཉྫ་ཐ། ཛི་གྷ་ཐ། པི་པ་ཐ། མཱ་ཏི་ཀྲཱ་མ་ཐ། མ་མ་སརྦ་ཀཱརྟ་ཡཱ་སད་སུ་ཁཾ་བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསུམ་གྱིས་གཏོར་མ་དབུལ། མཆོད་པས་མཆོད་ལ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་ཕྲིན་ལས་གཞོལ་ལོ། །ཡང་ཕ་རྒྱུད་ཀྱི་ཆོ་ག་སྤྱིའི་གཏོར་མ་བཤད་པ་རྣམས་ལ། གསང་འདུས་ནས་འབྱུང་བ་འདི་བྱ་སྟེ། གཏོར་མ་བྱིན་བརླབ་སྔར་བཞིན་བྱས་ལ། སྙིང་གའི་ས་བོན་གྱི་འོད་ཀྱིས་ཕྱོགས་སྐྱོང་འབྱུང་པོའི་ཚོགས་རྣམས་སྤྱན་དྲངས་ལ། དེ་དག་གིས་གཏོར་མ་གསོལ་བར་བསམ་ཞིང༌། སྔར་གྱི་ཕྱག་རྒྱ་དང༌། ཨོཾ་ད་ཤ་དི་ཀ་བྱ་བསྠི་ཏེ་བྷྱཿ ཨི་ཧ་ཨ་བསྠི་ཏེ་བྷྱ་ཤྩ་དེ་ཝ་ནཱ་ག་ཡཀྵ། ག་ན་དྷརྦ་ཨ་སཱུ་ར་ག་རུ་ཌ། ཀིནྣ་ར་མ་ཧོ་ར་ག བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ། ཨུདྨཱནྡ་ཨ་པསྨ་ར། ཨོསྟཱ་ར་ཀ་ཨཱ་དི་བྷྱོ། བ་ལིཾ་དཱ་པ་ཡཱ་མི་གྲྀ་ཧཱི་དྭཱ། སུ་ཁ་སཽ་མ་ན་སྱ་ལ་གྷི་ནོ་བྷ་ཝནྟུ། སྠཱ་ནཾ་ཙ་ནི་རུ་པ་དྲ་བཾ་ཀུརྦནྟུ། སརྦ་བུདྡྷ་ཨ་དྷིཥྛ་ནེ་ན། ཨོཾ་ཨཱཿཧཱུྃ། ཨི་དཾ་ཨ་མྲྀ་ཏ་པིཎྜཾ་བྷུཀྟ་མ་མ་ས་པ་རི་ཝཱ་ར་སྱ་ཤཱནྟི་ཀུརྦནྟུ་སྭ་སྟི་སྭཱ་ཧཱ། ཞེས་ལན་གསུམ་གྱི་རྗེས་ལ། ཨོཾ་ཕྱོགས་བཅུར་རྣམ་པར་གནས་རྣམས་དང༌། །འདིར་ནི་ཀུན་ཏུ་གནས་པ་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང༌། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དྭགས་ཤ་ཟ་དང༌། །སྨྱོ་བྱེད་དང་ནི་བརྗེད་བྱེད་དང༌། །གནོན་པོ་ལ་སོགས་པ་རྣམས་ལ། །གཏོར་མ་འབུལ་གྱིས་བསྣམས་ནས་ཀྱང༌། །བདེ་དང་ཡིད་བདེ་ཐོབ་གྱུར་ཅིག །གནས་འདིར་ཉེར་འཚེ་མེད་པར་མཛོད། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །ཨོཾ་ཨཱཿཧཱུྃ་གི་བདུད་རྩི་ཡི། །བཟའ་བ་ལ་ནི་ལོངས་སྤྱོད་ནས། །བདག་ཅག་འཁོར་དང་བཅས་པ་ལ། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ་ཞེས་པས་བསྔོ་ཞིང་ཕྲིན་ལས་གཞོལ་ལོ། །དེ་ནས་ལྔ་པ་གཞི་བདག་དབང་ཐོབ་ཅིང༌། གསང་མཆོད་བསྟན་པས་ལྟུང་བ་མི་འབྱུང་བ་ཡིན་ན་ནང་དུ་བསྔོ་སྟེ། ཨོཾ་ཨཱཿཧཱུྃ་གིས་གཏོར་མ་བདུད་རྩིར་བསྐྱེད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ནས། སླར་ཡང་ཨོཾ་ཨཱཿཧཱུྃ་གིས་ཕུད་གཏོར་ལ། གཏོར་མ་འདི་གནས་བདག་གཞི་བདག་གཉུག་མར་གནས་པའི་ཚོགས་རྣམས་ལ་འབུལ་ལོ། །མཆོད་དོ། །མགྲོན་ནོ། །སྦྱིན་ནོ། །གསོལ་ལོ། །བསྟན་པ་དར་བ་དང་འཇིག་རྟེན་དུ་བདེ་ལེགས་རྒྱ་ཆེན་པོ་འབྱུང་བ། བདག་ཅག་དཔོན་སློབ་རྣམས་ཀྱི་བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་དོ། །དབང་མ་ཐོབ་པའི་གཞི་བདག་ལ་གཏོར་མ་སྟེར་ན། སྒྲུབ་ཁང་གི་ཕྱི་རོལ་དུ་སོང་ལ། གཏོར་མ་ཆང་ཕལ་པ་དང་ཆུས་སྦྱང་ཞིང༌། འདོད་དགུ་འབྱུང་བའི་རྒྱ་མཚོར་བྱིན་གྱིས་བརླབས་ལ། ཨོཾ་བྷཱུ་མི་པ་ཏི་ཨཱ་ཀརྵཱ་ཡ་ཛཿ ཞེས་པས་བཀུག ཨ་ཀཱ་རོ་ལན་གསུམ་བརྗོད་པས་ཚིམ་པར་བསམས་ལ། གནས་བདག་ཡུལ་བདག་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་བསྔོ་ཞིང་ཕྲིན་ལས་བཅོལ་ལ། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་གཞི་བདག་གཉུག་མར་གནས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ། བདག་ཅག་དཔོན་སློབ་ཆོས་སྒྲུབ་པའི་སྟོང་གྲོགས་མཛོད་ཅིག ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོ་གདུག་པ་ཅན་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་འགྲོ་བར་གྱིས་ཤིག ཅེས་བརྗོད་ལ། ཁྲོ་བོའི་སྔགས་དང་རོལ་མོ་དྲག་ཏུ་བྱ་ཞིང༌། གཏོར་མ་ལམ་གྱི་བཞི་མདོར་དོར་ལ། རྩ་སྔགས་སོགས་ཤུབ་བུར་བཟླ་ཞིང་ནང་དུ་འཇུག་གོ །བཞི་པ་དམ་ཚིག་དང་ལྡན་པའི་གང་ཟག་ནང་གི་སྦྱིན་སྲེག་གིས་ཚིམ་པ་ནི། དེ་ནས་སློབ་དཔོན་གྱི་རང་གི་གནས་གསུམ་དུ་རྡོ་རྗེ་དང་བཅས་པའི་བསང་གཏོར་གྱི་ཐིག་ལེ་བྱས་ལ། སྒོ་གསུམ་བྱིན་གྱིས་བརླབ། གཞན་རྣམས་ལའང་སློབ་དཔོན་གྱིས་དེ་ལྟར་བྱ་བའམ་རང་གིས་བྱས་ཀྱང་རུང༌། ལས་ཀྱི་རྡོ་རྗེས་ཐམས་ཅད་ལ་མེ་ཏོག་གི་ཐོད་དང༌། ག་ཤ་དང་མཆོད་པ་སྣ་ཚོགས་དབུལ། དེ་ཙམ་མ་གྲུབ་ན། ཐུན་མོང་དུ་ཉེར་སྤྱོད་ལྔ་བཤམས་ལ། ཕྱག་སྔོན་དུ་འགྲོ་བས། ཀྱེ་རྡོ་རྗེར་བསྒོམས་པ་ཡིན་ན། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར། ཞེས་པ་ལ། མཆོད་པ་སོ་སོའི་སྔགས་སྦྱར་ལ། རོལ་མོ་དང་བཅས་པས་དབུལ། དེ་བཞིན་དུ། དཀྱིལ་འཁོར་གཞན་ལའང་འགྲེའོ། །དེ་ནས་ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་མདུན་དུ་འདུས་བྱས་ནས། ལས་ཀྱི་རྡོ་རྗེས་ཕྱག་བྱས་ལ། ཚོགས་ཀྱི་ཡོ་བྱད་བྱིན་བརླབ་མཛད་པར་ཞུ། །ཞེས་བརྗོད་ཅིང༌། ནང་མཆོད་ནས་གཟར་བུས་བཅུས་ལ། བཟའ་བཏུང་ཐམས་ཅད་ལ་ཁྱབ་པར་གཏོར། ཐམས་ཅད་ཀྱི་དེ་རྣམས་གཏོར་མ་ལྟར་བདུད་རྩིར་བྱིན་གྱིས་བརླབས་ལ། ཨོཾ་ཨཱཿཧཱུྃ་དང༌། ཧ་ཧོ་ཧྲཱིཿམང་དུ་བརྗོད། སླར་ཡང་བདུད་རྩི་གཏོར་ཞིང༌། ཟག་མེད་ཀྱི་བདུད་རྩིར་ཡང་ཡང་བསམ་མོ། །དེ་ནས་ཆང་ལ་སོགས་པའི་བཏུང་བ་ཐམས་ཅད་ཀྱི་ཕུད་ཐོད་པར་བསྡུས་པ་དང༌། ཤ་ལ་སོགས་པའི་བཟའ་བ་ཐམས་ཅད་ཀྱི་ཕུད་བསྡུས་ལ་ཆ་གཉིས་སུ་བྱས་པའི་ཆ་གཅིག་ཐོད་པར་བཅུག་ལ། དཀྱིལ་འཁོར་གྱི་མདུན་དུ་བཞག་ལ་ཕྱག་བྱས་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕུད་དབུལ་བར་ཞུ། ཞེས་བརྗོད་པ་དང༌། ཀུན་གྱིས་འདས་པའི་ལྷའི་གཏོར་སྔགས་ལན་གསུམ་བརྗོད་ལ་ཚོགས་ཕུད་དབུལ། ཆ་གཅིག་འཇིག་རྟེན་པའི་གཏོར་མ་རྣམས་ལ་བཞག་ཅིང༌། ཆང་གིས་བྲན་ལ། སོ་སོའི་གཏོར་སྔགས་གསུམ་རེ་བརྗོད་པས་དབུལ་ཏེ། ཚོགས་འཁོར་གྱི་ཆ་དང་པོ་ལའོ། །དེ་ནས་རང་ལྷར་གསལ་བར་བསྒོམ་པའི་ཁ་ཧོམ་ཁུང་དང༌། ལག་པ་གཉིས་ཧཱུྃ་ལས་རྡོ་རྗེའི་གཟར་བུ་གཉིས་དང༌། ལྟེ་བར་རཾ་ལས་གཏུམ་མོ་འབར་བའི་མེ་ལྕེའི་ཁྲོད་ན་འཇིག་རྟེན་པའི་ཚོགས་དང༌། སྙིང་གར་པཾ་ལས་པདྨའི་སྟེང་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་རང་གི་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱང་ལྷར་གསལ་བར་བསྒོམས་ལ། རྡོ་རྗེའི་བཟླས་པ་ཅུང་ཟད་བྱ་ཞིང༌། ལྷའི་ང་རྒྱལ་དང་གསལ་སྣང༌། ཐ་མལ་གྱི་རྟོག་པ་འགྱུར་ངེས་སུ་བསྒོམ་པ་ནི། ཆ་གཉིས་པའོ། །དེ་ནས་ཡོན་བདག་དམ་ཚིག་དང་ལྡན་པ་ཡིན་ན། དེས་ཕྱག་བྱས་ལ། མཎྜལ་ཕུལ་ཐལ་མོ་སྦྱར་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ལ། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །བདག་གིས་ཚོགས་མཆོད་ཁྱད་འཕགས་འདི། །དང་བའི་སེམས་ཀྱིས་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞེས་གསོལ་བ་བཏབ་ཅིང་མེ་ཏོག་གཏོར། གལ་ཏེ་ཡོན་བདག་དམ་ཚིག་དང་མི་ལྡན་ན། ཚོགས་གྲལ་དུ་འོང་དུ་མི་བཏུབ་པས། དེའི་ཚབ་ལས་ཀྱི་རྡོ་རྗེས་བྱ། དེ་ནས་སློབ་དཔོན་གྱིས། ཨེ་མ་ཧོ་ཡེ་ཤེས་ཆེན་པོ་རྣམས། །ཚོགས་ཆེན་འབར་བས་ཉོན་མོངས་བསྲེགས། །འདི་འདྲའི་བདེ་བ་ཐོབ་ནས་ནི། །ཀུན་གྱིས་ཨ་ཧོ་སུ་ཁ་བརྗོད། །ཅེས་བརྗོད་པའི་རྗེས་སུ། ཐམས་ཅད་ཀྱིས། ཨ་ཧོ་སུ་ཁ་བྷཀྵཱ་ནཱཾ། ཨ་ཧོ་སུ་ཁ་པྲཱ་ཡ་ནཱཾ། མ་ཧཱ་མུ་ཏྲ་སིདྡྷི་ནཾ། པྲ་བརྟ་ནྲྀར་ཏེན་ནཾ། ཧཱུྃ་ཧ་ཧ་ཧོ་ཧོ། ཞེས་བརྗོད། དེ་ནས་ལས་ཀྱི་རྡོ་རྗེས། ཐམས་ཅད་ཀྱི་མདུན་དུ་ཐོད་པའམ་མ་འབྱོར་ན། ཐོད་པར་བསམས་པའི་སྣོད་ཆང་གིས་བཀང་བར་བཞག་ལ། སློབ་དཔོན་ལ་ཕྱག་དང་པད་སྐོར་དང༌། གཞན་རྣམས་ལ་པད་སྐོར་སྔོན་དུ་འགྲོ་བས། ཐོད་པ་ལག་པ་གཡས་པས་བཟུང༌། གཡོན་པའི་མཐེབ་སྲིན་གྱིས་ཤ་ཅུང་ཟད་བཟུང༌། ཐོད་པའི་སྟེང་ནས་དགབ་སྟེ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །ཞེས་སོགས་བརྗོད། ལེན་པ་པོས་ཀྱང༌། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་སྤང༌། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །ཞེས་བརྗོད་ཅིང༌། གཉིས་ཀས། ཨ་ཧོ་སུ་ཁ། ཞེས་བརྗོད་ལ། ལས་ཀྱི་རྡོ་རྗེས་དམ་ཚིག་མ་ཐོབ་ཀྱི་བར་དུ་ལག་ཏུ་བཟུང༌། དམ་ཚིག་ཐོབ་པ་དང་སྟེགས་ཀྱི་སྟེང་དུ་བཞག དེ་ནས་ཤ་ལ་སོགས་པའི་བཟའ་བ་རྣམས། སློབ་དཔོན་ལ་ཉིས་འགྱུར་དང༌། གཞན་རྣམས་ལ་ཆེ་ཆུང་མེད་པར་རིམ་གྱིས་དྲང༌། སྟོབ་པ་པོས་ཀྱང༌། ཨ་ཧོ་སུ་ཁ། ཞེས་བརྗོད་ཅིང་ལག་པ་གཉིས་ཀས་བསྟབ། ལེན་པ་པོས་ཀྱང་ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང་བླངས་ལ། བཟའ་བཏུང་རྣམས་སྟེགས་མེད་པར་ས་ལ་མི་བཞག ཡོ་བྱད་ཐམས་ཅད་བསྟབས་ཚར་བ་དང༌། བདེ་མཆོག་པ་ཡིན་ན། ལག་མཆོད་སྐབས་འདིར་བྱས་ལ། ཁ་ཟས་ཀྱི་ཕུད་ཀྱིས་དཀོན་མཆོག་དང་ཡི་དམ་མཆོད་ཅིང༌། འཕྲོག་མ་ལ་སོགས་ལའང་ཆང་བུ་བྱིན་ལ། རང་ལྷའི་འདུ་ཤེས་དང་རྣམ་པ་མ་འཁྲུལ་བའི་ངང་ནས་ནང་གི་སྦྱིན་སྲེག་གསལ་བཏབ་ལ་ཚིམ་པར་བཟའ་འོ། །འདིར་རབ་ཏུ་བྱུང་བ་སྡོམ་བརྩོན་རྣམས་ཀྱིས་ཚོགས་འཁོར་བྱེད་ན། གོང་འོག་གི་ཆོ་ག་ཐམས་ཅད་འདྲ་བ་ལས། དམ་ཚིག་བླངས་ཏེ་ལྕེ་ལ་རེག་པ་ཙམ་བྱ། བུ་རམ་དང་སྦྲང་རྩི་དང་ཞུན་མར་རྣམས་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ལ། ནང་གི་སྦྱིན་སྲེག་གི་ཚུལ་དུ་བཟའོ། །རྣལ་འབྱོར་པ་རྣམས་ཀྱིས་ཀྱང་དམ་ཚིག་གི་རྫས་ལ་རན་པར་ལོངས་སྤྱད་ཀྱི། ཆང་མྱོས་ཀྱི་བར་དུ་འཐུང་བ་དང༌། ཁ་ཟས་ཧ་ཅང་རྒྱག་པར་ལོངས་སྤྱད་པ་ནི། ཚོགས་འཁོར་གྱི་སྐབས་ཀྱི་དགག་བྱ་ཡིན་ལ། ཁྱད་པར་བསད་ཤ་ལ་ལོངས་སྤྱོད་པ་ནི། ཐེག་པ་ཆེན་པོའི་མདོ་རྒྱུད་མཐའ་དག་ལས་བཀག་པས། དགྲ་ནག་དང་ཨ་རལླིའི་རྒྱུད་སོགས་ནས་བཤད་པ་ལྟར་བ་གླང་སོགས་རང་ཤི་བའི་ཤ་ཁོ་ན་ཚོགས་འཁོར་གྱི་དམ་རྫས་སུ་གཟུང་ངོ༌། །དེ་ལྟར་མཆོད་པ་དང་ལོངས་སྤྱོད་ལ་ཚིམ་པར་ལོངས་སྤྱད། ཟས་ལ་དཔྱས་མི་དགས་པར་མང་དུ་བཟའ། སྐོམ་ཇི་སྙེད་པ་བཏུང༌། སྣོད་སྟོངས་པར་མི་བཞག ཟས་ས་རྗེན་ལ་མི་བཞག ཚོགས་ཀྱི་གཙོ་བོ་ལ་སྣོད་གཉིས། གཞན་ལ་རེ་རེ། བདེ་མཆོག་ལྟར་ནས་ཐམས་ཅད་སྣོད་གཅིག་ཏུ་བཟའ། སྣོད་མུ་དང་ཁད་ཆད་དུ་མི་དགང༌། འདྲེན་པ་དང་ལེན་པ་ཐམས་ཅད་ལག་པ་གཉིས་ཀས་དྲང་ཞིང༌། གཉིས་ཀས་བླང་ཞིང་ཚོགས་ཀྱི་གཙོ་བོ་ལ་འདྲེན་པ་དང་ལེན་པ་ན་ཕྱག་བྱ། འགྲོ་ན་ཚོགས་ཀྱི་གཙོ་བོ་ལ་ཕྱག་བྱས་ཏེ་ཞུ། འོངས་པ་ན་ཕྱག་བྱ། གཞན་ཡང་བྱ་བ་ཞུ་བ་ཐམས་ཅད་ཕྱག་བྱས་ཏེ་ཞུ། སྤྱོད་ལམ་གྱི་ཤུགས་ཀྱིས་འགྲོ་དགོས་པ་བྱུང་ན་མི་དགག བྲེལ་པ་གཞན་བྱུང་ནས་འགྲོ་དགོས་ན་མཁྱེན་པར་གསོལ། བཟོད་པར་གསོལ་ཏེ་འགྲོ། རྩོད་པ་བྱེད་པ་བྱུང་ན་གདོན། འདོན་མ་ནུས་ན་རང་གཞན་དུ་འགྲོ། གཙོ་བོས་བཀའ་མ་བསྒོས་པར་སྟན་ལ་མི་འདུག གླུ་གར་དང་རོལ་མོ་དང༌། དྲིས་ལན་དང་མ་ལེགས་པར་སྨྲ་བར་མི་བྱ། རྐང་པ་བརྐྱངས་ཏེ་མི་འདུག ལུས་མ་བསྡམས་པར་མི་འདུག བཟའ་བཏུང་དང་རྣལ་འབྱོར་ཕོ་མོ་ལ་ཆགས་པར་མི་བྱ། འཇིགས་པ་དང་དོགས་པ་དང་ངོ་ཚ་བ་དང༌། གཙང་མི་གཙང་གིས་རྣམ་རྟོག་དང༌། བཟང་ངན་གྱི་རྣམ་རྟོག་ལ་འཛེམ་པར་མི་བྱ། རྣལ་འབྱོར་ཕོ་མོ་ལ་མ་གུས་པ་དང་སྐུར་བ་མི་གདབ། སྤྱོད་པའི་བརྟུལ་ཞུགས་ལ་སྐྲག་པར་མི་བྱ། ཟས་ལ་སྐོམ་པ་དང་ཆགས་པ་དང་འཚག་གི་ཕྱིར་མི་བཟའ། འདུ་འཛིའི་གཏམ་དང་ཉན་ཐོས་ཀྱི་བསླབ་བྱ་དང༌། རིགས་ངན་དང་སྨད་འཚོང་མའི་གཏམ་མི་བྱ། ཉོན་མོངས་པའི་སེམས་མི་བསྐྱེད། ལས་དང་པོ་པས་ཀྱང་དྲན་པ་ཉེ་བར་གཞག་སྟེ། སྤྱོད་པ་གང་ཡང་མ་དག་པར་མི་བྱ། ཟས་ཀྱིས་ལུས་མ་འབྱངས་པ་དང༌། གཏོར་མ་མ་མཐོང་བར་ཕྱིར་མི་འགྲོ། མ་ཞུས་པ་དང་བསྔོ་བ་སྨོན་ལམ་མ་བྱས་པར་མི་ཉལ། ཡོན་བདག་གིས་ཀྱང་བཟའ་བཏུང་གི་ཚིམ་པར་མི་འགྱུར་བའི་མགྲོན་སྤྱན་མི་དྲངས། སྤྱན་དྲངས་པ་རྣམས་བཟའ་བཏུང་གིས་ཚིམ་པར་བྱ། ཕན་ཚུན་རྩོད་པ་དང་ཤགས་མི་བྱ། ནང་དུ་ཞུགས་པ་རྣམས་ཀྱིས་གསང་ཐུབ་པར་བྱའོ། །དེ་ལ་སོགས་པའི་ཚོགས་འཁོར་གྱི་བསླབ་བྱ་རྒྱས་པར་གཞུང་རྣམས་ལས་ཤེས་པར་བྱ་བ་ནི་ཆ་གསུམ་པའོ། །དེ་ནས་སློབ་དཔོན་དེ་ཁོ་ན་ཉིད་ཀྱིས་དོན་ལ་ཅུང་ཟད་མཉམ་པར་བཞག་ལ། སྐབས་འདིར་ཡོན་བདག་ཚོགས་བསག་པའི་ཕྱིར། དོན་ཐབས་ཤེས་རབ་དང་ལྡན་པའི་ཆོས་ཟབ་མོ་བཤད་པར་གསུངས་པ་ལས། དཔལ་རྡོ་རྗེ་གུར་གྱི་རྒྱུད་ལས། དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་གྱིས། བྱང་ཆུབ་ཀྱི་སེམས་བཀའ་སྩལ་པ་འདི་ལྟར་གདའ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ས་བོན་གྱི་ཐིག་ལེ་ཐོས་ནས། སེམས་གསལ་བ་བསྒྲུབ་པ་ཉེ་བར་གྱུར་ནས་ཚིག་འདི་དག་གསུངས་པ། སེམས་པ་མེད་ཅིང་བསྒོམ་པ་མེད། །སྔགས་མེད་ལྷ་ཡང་མེད་པ་སྟེ། །སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །འདི་ནི་བྱང་ཆུབ་རིམ་བརྟན་པའོ། །བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གི་དེ་སྐད་ཅེས་བཀའ་སྩལ་ཏོ། །བསོད་ནམས་མེད་ཅིང་སྡིག་པའང་མེད། །བྱང་ཆུབ་མེད་ཅིང་སངས་རྒྱས་མེད། །ཡེ་ཤེས་ལྔ་ཡི་སྦྱོར་བ་ཡིས། །བྱང་ཆུབ་སེམས་འདི་བརྟན་པའོ། །བཅོམ་ལྡན་འདས་འཁོར་ལོའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྔགས་མེད་བཟླས་པའང་ཡོད་མ་ཡིན། །འཁོར་བ་གསུམ་པོ་ཐམས་ཅད་མེད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས། །བསྒོམ་པ་དང་ནི་བསྒོམ་པ་མེད། །བཅོམ་ལྡན་འདས་རིན་པོ་ཆེའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཀུན་རྫོབ་འཇིག་རྟེན་པ་ཡང་ཡོད། །དཔྱད་ན་གང་དུ་འཇིག་རྟེན་པ། །རྟག་ཏུ་འཇིག་རྟེན་པ་ཉིད་འཁོར། །འདི་ནི་བྱང་ཆུབ་རིམ་བརྟན་པའོ། །བཅོམ་ལྡན་འདས་པདྨའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །མ་སྐྱེས་པ་དང་མི་དམིགས་པ། །མི་ཕྱེད་ནམ་མཁའ་ལྟ་བུ་སྟེ། །ཟབ་ཅིང་ཞི་བའི་རང་བཞིན་ནི། །འདི་ནི་བྱང་ཆུབ་རིམ་བརྟན་པའོ། །བཅོམ་ལྡན་འདས་རལ་གྲིའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྒྱུ་མ་ཇི་ལྟར་མེ་ལོང་ལྟར། །ནམ་མཁའ་ཅི་ལྟར་བདེ་ཇི་ལྟར། །ཅི་ལྟར་དངོས་པོ་ཡོངས་ཤེས་པ། །འདི་ནི་བྱང་ཆུབ་རིམ་བརྟན་པའོ། །བཅོམ་ལྡན་འདས་མཁའ་འགྲོ་མ་བདག་མེད་མས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྟོང་ཉིད་དྲི་མེད་དམ་པའི་གནས། །རྨི་ལམ་སྒྱུ་མའི་རང་བཞིན་ཉིད། །ཇི་སྲིད་མ་ཞིག་བར་དུ་ནི། །སེམས་ཀྱི་རང་བཞིན་བསྒོམ་པར་གྱིས། །མཱ་མ་ཀཱིའི་འོ། །སྲིད་མེད་མྱ་ངན་འདས་པའང་མེད། །འདི་ནི་བདེ་ཆེན་རྡོ་རྗེ་སྟེ། །གང་ཞིག་ཡིད་ཀྱིས་བསྒོམ་པས་བསྒོམ། །དེ་ནི་མཆོག་གི་བསྒོམ་པས་བསྒོམ། །སྤྱན་གྱིའོ། །སྔགས་དང་ཡི་གེ་རྣམ་པར་སྤངས། །དེ་ནི་སེམས་མེད་ཐིག་ལེ་མེད། །འདི་དེ་དམ་པའི་བདེ་ཆེན་ཏེ། །བྲི་བ་མེད་ཅིང་གང་བ་མེད། །གོས་དཀར་མོའི་འོ། །གཟུགས་བརྙན་རང་བཞིན་ཇི་ལྟ་བར། །དེ་ལྟར་དངོས་པོ་བསྒོམ་པར་བྱ། །སྟོང་ཉིད་དྲི་མེད་མཆོག་གི་གནས། །དེར་ནི་བསོད་ནམས་སྡིག་པ་མེད། །སྒྲོལ་མའི་འོ། །ཇི་ལྟར་ཆུ་ནང་ཟླ་བ་དེ། །བདེན་མིན་བརྫུན་པ་མིན་པ་སྟེ། །དེ་ལྟར་དཀྱིལ་འཁོར་འཁོར་ལོ་ནི། །ལུས་ཀྱི་རང་བཞིན་རྙོག་པ་མེད། །འཁོར་ཐམས་ཅད་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་གསུངས་པ་རྣམས་ཀྱི་དོན་ལ་ཐུགས་མཉམ་པར་འཇོག་པ་དང༌། རིག་པ་འཛིན་པ་སོ་སོ་ནས་ཀྱང་རྒྱུད་ཀྱི་ཚིག་ཟབ་མོ་རེ་གསུང་བར་ཞུ། ཞེས་བརྗོད་ཅིང༌། གཞན་རྣམས་ཀྱིས་ཀྱང་གོ་རིམ་བཞིན་དུ། ཆོས་ཅུང་ཟད་བཤད་པ་ནི་གསུང་གི་འཁོར་ལོའོ། །ལྔ་པ་ཕྱི་ནང་གི་མཁའ་འགྲོ་མ་རྣམས་གླུ་གར་གྱིས་ཚིམ་པ་ནི། དེ་ནས་གླུ་གར་བྱ་བར་འོས་པ་ལ། སློབ་དཔོན་གྱིས་བཀའ་སྩལ་ཞིང༌། དེ་རྣམས་ཀྱིས་ཀྱང་ལྷའི་དམིགས་པ་བརྟན་པོས། བདག་དང་ཚོགས་པ་རྣམས་བསྲུང་བའི་ཕྱིར། སྐྱེས་པས་གླུ་ལེན་པ་འོད་དཔག་མེད་དང༌། གར་བྱེད་པ་རྣམ་སྣང་གི་ང་རྒྱལ་དང༌། བུད་མེད་གླུ་ལེན་པ་ན་གོས་དཀར་མོ་དང༌། གར་བྱེད་པ་ན་སྤྱན་མའི་ང་རྒྱལ་གྱིས། རྡོ་རྗེའི་གླུ་གར་རྒྱས་པར་བྱ་བའམ། དེ་ཙམ་མ་གྲུབ་ན། སྔར་གྱི་ཨ་ཧོ་སུ་ཁ་སོགས་རྐང་པ་བཞི་པ་ལ་གླུ་གར་བྱ་བ་ནི་སྐུའི་འཁོར་ལོའོ། །དྲུག་པ་ལུས་ཀྱི་དཀྱིལ་འཁོར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཚིམ་པ་ནི། རྣལ་འབྱོར་པ་རླུང་གི་ནུས་པ་དང་ལྡན་པ་རྣམས་ལ་ནི། ཡོན་བདག་གིས་རང་དབང་བའི་ཕྱག་རྒྱ་ཕུལ་ལ། དེ་དང་ལྷན་ཅིག་ཡོལ་བའི་ནང་དུ་ཕོ་ཉའི་ལམ་བསྒོམས་པས། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་ལ། དེའི་ངང་ལ་ཡུན་རིང་དུ་མཉམ་པར་བཞག་གོ །རླུང་གི་ནུས་པ་དང་མི་ལྡན་པའམ། རབ་བྱུང་རྣམས་ཀྱིས་ནི་སྙིང་གར་མར་གྱི་ཉིང་ཁུའམ། མ་ད་ན་བླུགས་ལ་ཅུང་ཟད་མཉེས་ཏེ། རང་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་བསྒོམ་པ་སྙོམས་པར་ཞུགས་པས། བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ་པ་ནི་ཐུགས་ཀྱི་འཁོར་ལོ་སྟེ། དངོས་གཞི་ཚིམ་པ་དྲུག་གོ །གསུམ་པ་རྗེས་ལ་དྲུག་གི་དང་པོ་ཕྱི་རོལ་གྱི་འབྱུང་པོ་ལ་ཕྲིན་ལས་གཞོལ་བའི་ཕྱིར། ལྷག་མའི་གཏོར་མ་སྦྱིན་པ་ནི། བཟའ་བཏུང་གི་ལྷག་མ་རྣམས་སྣོད་ཆེན་པོ་ཅིག་གི་ནང་དུ་མས་རིམ་གྱིས་བསྡུས་ལ། གཙོ་བོའི་དྲུང་དུ་བཞག་ལ་ཕྱག་བྱས་ཏེ། ལྷག་མའི་གཏོར་མ་བྱིན་བརླབ་མཛད་པར་ཞུ། ཞེས་བརྗོད། སློབ་དཔོན་གྱིས་མ་ད་ན་ཅུང་ཟད་འཐུང་སྟེ། ལག་པ་འབར་བའི་ཕྱག་རྒྱར་བྱས་པའི་ནང་དུ། ངག་ཏུ་བྷྲཱུྃ་ཞེས་པའམ། ཕཻཾ་ཞེས་བརྗོད་པ་དང་བསྟུན་ལ། གཏོར་མ་ལ་ཁ་ཕྲུ་གདབ། དེ་ནས་ཅུང་ཟད་ཀྱང་བྲན་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་ཨུཙྪིཥྛ། བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་པ་གསུམ་མམ་བདུན་བརྗོད་པའམ། ཨ་ཀཱ་རོས་བསྔོས་ལ་སེ་གོལ་གཏོགས། དེས་ལྷག་མ་ལ་དབང་བའི་འབྱུང་པོ་ཐམས་ཅད་ཚིམ་པར་བསམས་ལ། མཚན་མོ་ཡིན་ན་དཔལ་འབར་དང་བཅས་པས་ལྷག་མ་ལམ་གྱི་བཞི་མདོར་དོར་རོ། །གཉིས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྡུས་ཏེ་བཀྲ་ཤིས་པར་བྱ་བ་ནི། སློབ་དཔོན་རྡོ་རྗེ་དྲིལ་བུ་འཛིན་པས། ཀོལླ་ཨི་རེཊཋི་ཨ་བོ་ལཱ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲྀ་པི་ཊ་ཧོ་བཱཛྫ་ཨི། ཀ་རུ་ཎེ་ཀི་ཨ་ཨི། ན་རོ་ཝཱ། ཏ་ཧིཾ་བ་ལ་ཁཱཛྫ་ཨི། གཱཌྷེཾ་མ་ཨ་ཎཱ་པིཛྫ་ཨི། ཧ་ལེ་ཀཱ་ལིཉྫར་པ་ཎི་ཨ་ཨི། དུནྡུར་པཱཛྫི་ཨ་ཨི། ཙ་ཨུ་ས་མ་ཀཙྪུ་རཱི་སིཧླཱ། ཀཱཔྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨིནྡྷ་ཎ་སཱ་ལཉྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ་ན་མུ་ཎི་ཨ་ཨི། ནི་རཾ་སུ་ཨཾ་གེ་ཙ་ཌཱ་ཝི། ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི། མ་ལ་ཨ་ཛེ་ཀུནྡྷུ་རུ་བཱ་ཊ་ཨི། ཌིནྟི་མ་ཏ་ཧིནྣ་བཱཛྫི་ཨ་ཨི། ཞེས་པས་རྡོ་རྗེའི་གླུ་བླང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོབ་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་པའི་བཀྲ་ཤིས་གསུམ་པའོ། །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམས་པ་དང༌། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་དང༌། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང༌། །རྒྱུད་ནི་ཉི་ཟླ་བཞིན་དུ་གསལ་བ་དང༌། །སྙན་པ་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང༌། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང༌། །འདོད་པ་གྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་ཡི། །ལྔ་པོ་དེས་ཀྱང་དེར་འདིར་བདེ་ལེགས་ཤོག །སྤྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང༌། །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་བརྩམ་པ་དང༌། །མཉམ་པར་འཇོག་ཅིང་ཤེས་རབ་བསྐྱེད་པ་སྟེ། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མོའི་གུང་ལ་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད། དམ་ཚིག་གསོ་བའི་ཆོ་ག་བྱེད་ན། སྐབས་འདིའམ། འཇིག་རྟེན་པའི་གཏོར་མ་གཏོང་བའི་རྗེས་ལ་བྱའོ། །གསུམ་པ་ལྷག་ཆད་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་བརྗོད་པ་ནི། སེམས་ཀྱིས་སྡིག་པ་ཐམས་ཅད་བཤགས་པ་དང༌། ཆོ་ག་ལྷག་ཆད་ཁ་བསྐང་བར་བསམས་ལ། ཡི་གེ་བརྒྱ་པ་བརྒྱ་རྩ་གཅིག་ལ་སོགས་པ་ཅི་ནུས་བཟླས་པའི་མཐར། བདག་ནི་མི་ཤེས་རྨོངས་པ་སྟེ། །ཞེས་སོགས་དང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་པ་དང༌། གང་ཡང་བདག་ལས་དང་པོ་པའི་རྟེན་གྱི་གང་ཟག་དུ་གྱུར་པས། ཏིང་ངེ་འཛིན་མི་གསལ་བ་དང༌། བྱིང་བ་དང་རྒོད་པ་དང༌། ཆོ་གའི་ཡོ་བྱད་མ་ཚང་བ་དང༌། ལྷག་པ་དང༌། ཉམས་པ་དང༌། ཕྱིན་ཅི་ལོག་ཏུ་གྱུར་པ་ཐམས་ཅད་བཟོད་པ་ཆེན་པོ་མཛད་དུ་གསོལ། ཞེས་བརྗོད་དོ། །བཞི་པ་ལས་བསགས་པ་འབྲས་བུ་དང་ལྡན་པའི་སྨོན་ལམ་གདབ་པ་ནི། ཡོན་བདག་གིས་གསེར་ལ་སོགས་པའི་ཡོན་སློབ་དཔོན་ལ་ཉིས་འགྱུར་དང༌། གཞན་རྣམས་ལ་མཉམ་པར་ཕུལ་ནས། མཎྜལ་བྱས་ནས། པུས་བཙུགས་ཐལ་མོ་སྦྱར་ལ། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །ཁྱེད་ལ་རབ་ཏུ་དྭང་བ་ཡིས། །མཆོད་པའི་ཚོགས་ནི་རབ་ཕུལ་བས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བའི་སྡུག་བསྔལ་སྤངས་ནས་ནི། །བདེ་ཆེན་རྡོ་རྗེ་འཛིན་རྒྱལ་ཤོག །ཅེས་བརྗོད་ཅིང་ཚོགས་པ་ཐམས་ཅད་མཐུན་འགྱུར་བྱ། གལ་ཏེ་སྦྱིན་བདག་གིས་བསྔོ་བ་མི་ཤེས་ན། སློབ་དཔོན་གྱིས། བསོད་ནམས་མཐར་ཐུག་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དགེ་བའི་རྩ་བ་འདིས་གཙོ་བྱས། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ཀྱི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་གྱུར་ཅིག སྙམ་པ་གྱིས། ཞེས་བརྗོད་ལ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ། དགེ་བ་འདི་ཡིས་ནམ་མཁའི་མཐའ་བཀླས་པའི། །ལུས་ཅན་ཀུན་གྱི་བསོད་ནམས་ཡེ་ཤེས་ཚོགས། །མྱུར་དུ་བསྒྲུབ་སྟེ་ཚེ་འདི་ཁོ་ན་ལ། །རྡོ་རྗེ་འཛིན་པའི་ས་ལ་གནས་པར་ཤོག །ཅེས་པ་ཙམ་མམ། བདག་གི་དུས་གསུམ་དགེ་བ་ཅི་སྤྱད་པ། །ནམ་མཁའ་མཐས་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པའི་བདག་ཉིད་ཤོག །ཅེས་པ་ལན་གསུམ་གྱིས་མཐར་ཐུག་སངས་རྒྱས་སུ་བསྔོས་ལ། བདག་ཀྱང་སངས་རྒྱས་མ་ཐོབ་པར། །སྐྱེ་དང་སྐྱེ་བ་གནས་བཟང་པོར། །རིགས་བཟང་སྤྱོད་པ་བཟང་བ་དང༌། །གྲོགས་བཟང་བླ་མས་རྗེས་འཛིན་ཤོག །ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིན། །རྣམ་པར་དག་ཅིང་རྒྱུད་གཅིག་ལ། །སྐལ་བཟང་སྤྱོད་པས་རྣམ་བརྒྱན་པ། །ཐོས་ནས་ལེགས་པར་སྟོན་པར་ཤོག །མགོ་བོར་བླ་མའི་ཅོད་པཎ་འཆང༌། །ལག་པས་ཐབས་ཤེས་རྡོ་དྲིལ་འཛིན། །ངག་ཏུ་གསང་སྔགས་རྒྱལ་པོ་བཟླས། །ཡིད་ཀྱིས་ཟུང་འཇུག་བསྒོམ་པར་ཤོག །འདི་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་ལྷ་དང་མི་འབྲལ་ཞིང༌། །སྒྲུབ་ལ་བར་ཆད་མེད་པ་དང༌། །བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་གནས་སྐབས་ཀྱི་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གིས་ལམ་ཀྱི་གྲོལ་གྱུར་པ། །དེ་ཡིས་སངས་རྒྱས་ཉིད་ཐོབ་ཤོག །ཅེས་སེམས་ཅན་གྱི་དོན་དུ་བསྔོས་ལ། སླར་ཡང༌། དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། ཕན་བདེའི་འབྱུང་གནས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག བསྟན་པའི་རྩ་ལག་དམ་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་རྩ་བརྒྱུད་ཀྱི་བླ་མ་དམ་པ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་ཐམས་ཅད་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག ད་ལྟར་ཞལ་བཞུགས་པའི་སྐྱེས་བུ་དམ་པ་རྒྱུད་སྡེ་བཞི་ལ་ཀློག་པ་ཐོས་བསམ་གྱི་འཁོར་ལོ་མཛད་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བར་གྱུར་ཅིག རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་སྤོང་བ་བསམ་གཏན་གྱི་འཁོར་ལོ་མཛད་པའི་སྒྲུབ་པ་པོ་ཐམས་ཅད་ཀྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག དེ་དག་གི་བྱིན་རླབས་དང་ནུས་མཐུ་ལ་བརྟེན་ནས། སྦྱིན་བདག་ཆེ་གེ་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཞི་བ་དང༌། ལུས་དང་ལོངས་སྤྱོད་དང་སྐལ་བ་དང་དགེ་བ་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག ཅེས་སམ། ཆེ་གེའི་རིམ་པ་གཉིས་ཀྱི་མངོན་པར་རྟོགས་པའི་ཡོན་ཏན་དང༌། ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་དང་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག ཅེས་སོགས་སྦྱིན་བདག་གི་འདོད་པའི་དོན་ལ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་ཏུ་སྨོན་ལམ་གདབ། གཞན་ཡང་ས་ཕྱོགས་འདི་ཉིད་ཀྱིས་གཙོ་བྱས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཁྲུག་ལོང་དང༌། རིམས་ནད་མེད་ཅིང་ལོ་ལེགས་པ་དང་བཀྲ་ཤིས་པ་ལ་སོགས་པའི་དགེ་ལེགས་ཐམས་ཅད་ཀྱིས་ཁྱབ་པར་གྱུར་ཅིག མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱང་ཆོས་དགེ་བ་བཅུ་ལ་གནས་ཤིང་རྡོ་རྗེ་ཐེག་པའི་སྣོད་དུ་གྱུར་ཅིག བླ་མེད་བླ་མའི་ཐུགས་རྗེ་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །ཅི་ལྟར་བསྔོས་བཞིན་འགྲུབ་པར་ཤོག །ཅེས་སོགས་ཀྱིས་བསྔོ་བ་དང་སྨོན་ལམ་རྒྱ་ཆེར་བྱས་ལ། ཡོན་བདག་སྤྲོ་བ་བསྐྱེད་པའི་ཕྱིར། །ཨེ་མ་སེམས་ཅན་ཆེན་པོ་ཁྱོད། །དེང་ནས་སངས་རྒྱས་རྣམས་ཀྱིས་ནི། །ཁྱོད་ལ་རབ་ཏུ་དགོངས་འགྱུར་ཞིང༌། །སངས་རྒྱས་ཉིད་དུ་འགྱུར་བས་ན། །འབྲས་བུ་ཆེན་པོ་མཐོང་ནས་ནི། །ཡིད་ཆེས་པ་ཡིས་བརྩོན་པར་བྱོས། །ཞེས་བརྗོད་དོ། །གསུང་གི་འཁོར་ལོ་ནས་སྨོན་ལམ་གྱི་བར་ནི་ཆ་བཞི་པའོ། །ལྔ་པ་མདུན་བསྐྱེད་ཀྱི་མགྲོན་གཤེགས་སུ་གསོལ་ཏེ་གཏོར་མ་གཏོང་བ་ནི། མདུན་གྱི་ལྷ་ལ་མཆོད་པ་བསང་སྦྱངས་སྔོན་དུ་འགྲོ་བས། ཕྱི་ནང་ཡིད་ལས་བྱུང་བས་མཆོད་ཅིང༌། བསྟོད་པ་ལ་སོགས་པ་སོ་སོའི་གཞུང་བཞིན་བྱས་པའི་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང༌། གནས་སྐབས་སུ་བྱང་ཆུབ་ཀྱི་སེམས་གཉིས་དང༌། རིམ་པ་གཉིས་ཀྱི་མངོན་པར་རྟོགས་པའི་ཡོན་ཏན་མ་ལུས་པའི་དངོས་གྲུབ་སྩལ་དུ་གསོལ། ཞེས་དངོས་གྲུབ་བླང༌། དེ་ནས་ཡིག་བརྒྱ་ལན་གསུམ་གྱི་རྗེས་སུ། མ་འབྱོར་པ་སོགས་དང༌། ཁྱེད་ཀྱིས་སེམས་ཅན་གྱི་ཁམས་ལ་རྗེས་སུ་བརྩེ་བས་བཀའ་སྩལ་ཞིང༌། དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་ཏེ། སེམས་ཅན་གྱི་དོན་མཛད་ན། སོ་སོ་སྐྱེ་བོ་རྣལ་འབྱོར་ལ་དབང་མ་ཐོབ་པ་རྣམས། བརྗེད་ངས་པས་ཡོ་བྱད་མ་ཚང་བ་ལ་ཉེས་པ་གང་ཅུང་ཟད་གྱིས་པ་དེ་དག་བཟོད་པར་མཛད་དུ་གསོལ། ཞེས་ནོངས་པ་བཟོད་པར་གསོལ། རས་བྲིས་ཀྱི་དཀྱིལ་འཁོར་སོགས་ཡོད་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ཅག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་ཡེ་ཤེས་པ་ཐམས་ཅད་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུའང་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་པ་དེ་སྲིད་དུ། ཡེ་ཤེས་པ་རྣམས་བརྟན་པར་བཞུགས་ནས། སྦྱིན་པའི་བདག་པོས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་པས་བརྟན་བཞུགས་བྱ། ཚོམ་བུའི་དཀྱིལ་འཁོར། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཞེས་པས་ཡེ་ཤེས་པ་རྣམས་གཤེགས་སུ་གསོལ། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་རང་ལ་བསྡུ། དེ་ནས་འཇིག་རྟེན་པའི་མགྲོན་རྣམས་བཛྲ་མུཿ གཤེགས་སུ་གསོལ་བའམ། སྤྲོ་ན་གཏོར་མ་རྣམས་ས་གཙང་སར་ཁྱེར་ལ། རོལ་མོ་དང་བཅས་པས། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་དང༌། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས། །མཁའ་ལྡིང་བྱ་ཁྱི་ལྕགས་སྤྱང་འཁོར་དང་བཅས། །པུ་ཏྲ་ལ་སོགས་ལས་མཁན་འཁོར་དང་བཅས། །འདིར་གཤེགས་བརྒྱན་གྱི་རྗེས་སུ། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་ཀུན། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་མཛོད། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང༌། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ཅེས་པས་བཏང་ལ་མགྲོན་གཤེགས་པར་བསམ་མོ། །དྲུག་པ་བདག་ཉིད་བསྲུངས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱ་བ་ནི། གནས་གསུམ་བྱིན་གྱིས་བརླབ་པ་སོགས་རང་རང་གི་གཞུང་བཞིན་བྱས་ནས། ཆོས་བདག་མེད་པའི་དོན་ལ་མཉམ་པར་གཞག་པས་ངལ་བསོས་ལ། མེ་ཏོག་གི་ཕྲེང་བ་སོགས་བསྡུ་ཞིང༌། ལུས་ལ་ཐིག་ལེ་བཀོད་པ་རྣམས་ཀྱང་ཕྱིས་ལ། སློབ་དཔོན་གྱིས་ཚུལ་འདི་གཞན་ལ་སྨྲས་ན། དམྱལ་བ་ལ་སོགས་པའི་སྡུག་བསྔལ་མཐོང་བར་འགྱུར་བས། ཁྱེད་རྣམས་ཀྱིས་སུ་ལ་ཡང་སྨྲ་བར་མ་བྱེད་ཅིག ཅེས་གསང་བར་གདམས་ལ། རྫས་དམན་པ་རྣམས་ཆུ་བོར་དོར་ལ། ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །གང་གི་ཚེ་དཔའ་མོ་ལྷའི་རྣལ་འབྱོར་བརྟན་ཞིང་དམ་ཚིག་དང་ལྡན་པ་མ་རྙེད་པ་དེའི་ཚེ། སྔར་གྱི་གཡོན་གྲལ་ལ་ཡང་དཔའ་བོ་རྣམས་བཞག་ཅིང༌། ཆོ་ག་ཐམས་ཅད་སྔར་བཞིན་མ་ཚང་བ་མེད་པར་བྱ་བ་ནི་དཔའ་བོའི་སྟོན་མོ་སྟེ། དེའི་ཚེ་ཚོགས་ཀྱི་འཁོར་ལོ་ཞེས་མི་བརྗོད་དོ། །ཡང་བདེ་མཆོག་ལུས་དཀྱིལ་ལྟ་བུ་མདུན་བསྐྱེད་མེད་པ་རྣམས་ལ་ནི། མདུན་གྱི་རྟེན་བཅའ་བ་དང༌། མདུན་བསྐྱེད་སྒྲུབ་མཆོད་རྣམས་བོར་ལ། བདག་བསྐྱེད་ཀྱི་རྗེས་ལ་གཏོར་མ་མན་ཆད་སྔར་བཞིན་བྱས་ཏེ། འདི་ལ་མདུན་བསྐྱེད་མེད་པའི་ཕྱིར། ཚོགས་འཁོར་དུ་བྱ་དགོས་ཀྱི། དཔའ་བོའི་སྟོན་མོར་མི་རུང༌། གང་ཡང་ལྷའི་རྣལ་འབྱོར་དང༌། ཚོགས་འཁོར་གྱི་ཚིག་ཙམ་དང༌། ཆོ་ག་ལ་མ་བྱང་བར་ཚོགས་གྲལ་དུ་འཇུག་པ་ནི། རྫུན་གྱི་རྣལ་འབྱོར་ང་རྒྱལ་བྱེད་པའི་སྦོམ་པོ་འབྱུང་བར་བཤད་ལ། རང་ལྷའི་ཏིང་ངེ་འཛིན་དང་བྲལ་བས་ཟོས་ན། དུད་འགྲོའི་གནས་སུ་སྐྱེ་བར་གསུངས་ཤིང༌། ཚོགས་འཁོར་བྱས་ནས་ཟས་ཧུབ་སྒྲ་ཅན་དུ་ཟ་བ་སོགས་བསླབ་བྱ་ཕྲ་མོ་དང་ཡང་འགལ་ན། མནར་མེད་པའི་དམྱལ་བར་སྐྱེ་བར་བཤད་པས། སྔོན་དུ་བསྐྱེད་རིམ་ལ་བརྟན་པར་བྱ་བ་དང༌། ཚོགས་ཀྱི་བསླབ་བྱ་རྣམས་ལ་མཁས་པར་སྦྱང་བ་སོགས་ལག་ལེན་དགོས་ཕྱོགས་ནས་བྱེད་པ་ནི། རང་ཉིད་ལ་ཕན་པ་ཁོ་ནར་འདོམ་པའི་སྙིང་གཏམ་ཡིན་ནོ། །དེའི་ཕྱིར་བཤད་རྒྱུད་རྡོ་རྗེ་ཕྲེང་བར། ཕྱི་རུ་ཉན་ཐོས་སྤྱོད་པ་བསྲུང༌། །ནང་དུ་འདུས་པའི་དོན་ལ་མཁས། །ཞེས་བཀའ་སྩལ་པའང༌། སྟོན་པ་ཐུགས་རྗེ་ཆེན་པོས་གདུལ་བྱ་རྣམས་ལ་ཕན་པ་ཁོ་ནར་གསུང་པ་ཡིན་ནོ། །གསང་བའི་སྤྱོད་པ་འདི་དག་འཆོལ་བར་སྤྱད་ན་འཇིག་རྟེན་ཐ་མལ་པ་དང༌། མུ་སྟེགས་འཆོལ་པ་འགའ་ཞིག་གི་སྤྱོད་པ་དང་ཐུན་མོང་བར་འགྱུར་ཞིང༌། དེ་ལ་བརྟེན་ནས་ཁྱིམ་པ་རྣམས་མ་དད་པ་དང༌། སྔགས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ལ་གཞན་གྱིས་བརྙས་པར་འགྱུར་ལ། རྒྱུ་དེ་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་ལ་གནོད་པར་འགྱུར་བས། བག་ཡོད་པ་ནན་ཏན་དུ་བྱ་ཞིང་དོན་མཁས་པར་ཤེས་པ་གལ་ཆེ་བས། རྒྱུད་འགྲེལ་དང་ཚོགས་འཁོར་གྱི་གཞུང་མཐའ་དག་ལ་ནན་ཏན་བྱ། དེ་ཙམ་མི་ནུས་ན་ཁོ་བོས་བྱས་པའི་ཚོགས་འཁོར་གྱི་རྣམ་གཞག་ཏུ་ཞིབ་ཏུ་འདྲི་བར་འགྱུར་བས་དེར་ཤེས་པར་བྱའོ། །རྒྱ་ཆེན་བསོད་ནམས་ཚོགས་ཀྱི་མཐར་ཐུག་པ། །གང་གིས་ཚུལ་བཞིན་སྤྱད་ན་ཚེ་འདི་ལ། །བླ་མེད་བྱང་ཆུབ་ངེས་པར་ཐོབ་བྱེད་པའི། །གསང་བ་སྤྱི་ཡི་ཆོ་ག་ཚོགས་འཁོར་འདི། །རྒྱ་ཆེན་ཐོས་པས་ཕྱི་ཡི་སྒྲོ་འདོགས་བཅད། །ཟབ་དོན་བསྒོམས་པས་ནང་གི་རྟོགས་པ་རྒྱས། །ཐུགས་རྗེས་འགྲོ་ལ་ཕན་པ་ལྷུར་ལེན་པ། །བཤེས་གཉེན་མཁས་པ་གྲགས་པ་རིན་ཆེན་གྱིས། །གསུང་གིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། །ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་བཀོད། །དེ་ཡི་དགེ་བས་མཐའ་ཡས་སྐྱེ་དགུ་རྣམས། །ཚོགས་གཉིས་མཐར་ཕྱིན་སངས་རྒྱས་ཐོབ་པར་ཤོག །རྣལ་འབྱོར་ཆེན་པོའི་སྒྲུབ་ཐབས་ཐམས་ཅད་ལ་ཉེ་བར་མཁོ་བའི་ཆོ་ག་གསང་བ་ཀུན་རྒྱན་ཞེས་བྱ་བ་འདི་ནི། རྗེ་བཙུན་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་ལེན་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་གྲུབ་ཆེན་ཌོམྦྷི་ཧེ་རུ་ཀའི་གཞུང་དང་དཔལ་ས་སྐྱ་པ་ཡབ་སྲས་ཀྱི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བསོད་ནམས་རིན་ཆེན་ནོ།། །། ༄༅། །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཀུན་བཟང་རྣམ་རོལ་བཞུགས་སོ།། ༈ །རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ལས་བྱུང་བའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཀུན་བཟང་རྣམ་རོལ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྟོང་ཉིད་ཆོས་དབྱིངས་ཁང་བརྩེགས་ཡངས་པའི་རྩེར། །འོད་གསལ་ལྷ་དང་ལྷ་མོའི་དཀྱིལ་འཁོར་རྣམས། །འགྱུར་མེད་བདེ་བའི་གར་གྱིས་རྣམ་རོལ་པའི། །ཁྱབ་བདག་ཧེ་རུ་ཀ་ལ་བདག་ཕྱག་འཚལ། །རྣམ་མང་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །རྣམ་མཁྱེན་མྱང་འདས་སྐམ་སར་ཕྱིན་འདོད་ནས། །རྣམ་དག་ཚོགས་ཀྱི་འཁོར་ལོ་འདིར་ཞུགས་ནས། །རྣམ་གྲོལ་དངོས་གྲུབ་ཚེ་འདིར་བསྒྲུབ་པར་རིགས། །དེ་ལྟའི་རྨ་མེད་ལམ་མཆོག་བདེ་ཞིང་མྱུར། །སྲས་བཅས་རྒྱལ་བའི་རིང་ལུགས་བླ་ན་མེད། །སྐལ་བཟང་བསྔགས་པའི་དགའ་སྟོན་ཚོགས་འཁོར་ལོའི། །ཆོ་ག་ཀུན་བཟང་རྣམ་རོལ་འདིར་བཤད་བྱ། །འདིར་སྔགས་དང་སྨན་གྱིས་ཀུན་དུ་བྱིན་གྱིས་བརླབ་པའི་དུག་ཡོངས་སུ་བསྟེན་པ་ནི། ཟས་དང་སྨན་གཞན་པས་བཅུད་དང་ཕན་ཡོན་ཆེ་བ་ལྟར། གང་གིས་ཡོངས་སུ་གདུང་བར་འགྱུར་བ་འདོད་པའི་ལོངས་སྤྱོད་དང་ཀུན་ནས་ཉོན་མོངས་པ་དེ་དང་དེ་དག་ཐབས་ལ་མཁས་པའི་ཁྱད་པར་གྱིས་བྱིན་གྱིས་བརླབས་ནས་ཡོངས་སུ་སྤྱད་ན། འདོད་པའི་ལོངས་སྤྱོད་དང་ཉོན་མོངས་པ་ལ་མི་མཐུན་པའི་ཕྱོགས་སུ་ལྟ་བ་དེ་དག་ལས་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་ཀྱི་སྡེ་སྣོད་ལས། འདོད་པ་དང་འདོད་པའི་ལོངས་སྤྱོད་རྣམས་དུག་དང་མཚོན་ཆ་དང་ཆོམ་རྐུན་དང་རབ་ཏུ་འབར་བའི་མེ་དང་འདྲ་བར་ཤིན་ཏུ་སྨད་པར་བསྟན་པ་དེ་ཉིད། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐབས་ཀྱིས་ཡོངས་སུ་ཟིན་ན་ལམ་གྱི་གྲོགས་སུ་འགྱུར་བར་གསུངས་ཏེ། ཅི་སྐད་དུ་ཡུམ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱད་དེ། ཆུང་མའི་འཁོར་གྱི་ནང་ནས་རྣམ་པར་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྟོགས་པར་འཚང་རྒྱའོ་ཞེས་གསུངས། རིག་པ་འཛིན་པའི་སྡེ་སྣོད་ལས་ནི། ལམ་གྱི་དངོས་གཞིར་གསུངས་ཏེ། གསང་བ་འདུས་པའི་རྒྱུད་ལས། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་ཡོན་ལྔ་རྣམས་བསྟེན། །ཞེས་དང༌། ཀྱེ་རྡོ་རྗེར། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་འབྱུང་ངོ༌། །དེའི་ཕྱིར། ཕྱི་དང་ནང་གི་བདེ་བ་ཆེན་པོ་ལས་ཁྱད་པར་དུ་འཕགས་པ་དང་བཅས་པ་ལས་བྱུང་བའི་ཏིང་ངེ་འཛིན་དམ་པ་ནི། ངེས་པར་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཕྲལ་དུ་མངོན་དུ་བྱེད་པའི་ཕྱིར། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་རྨད་དུ་བྱུང་བའི་ཐབས་ཀྱིས་ཕྱི་དང་ནང་གི་དཀྱིལ་འཁོར་མཆོད་པ་དང༌། ཡེ་ཤེས་བསྒྲུབ་པ་ལ་བརྩོན་པར་བྱའོ། །དེའི་ཚུལ་སྐལ་བ་དང་ལྡན་པ་དག་ལ། ཉེ་བར་ཕན་གདགས་པའི་ཕྱིར་བརྗོད་པར་བྱ་བ་ལ་བཞི་སྟེ། ཆོ་གའི་དབྱེ་བ། ཆོ་ག་དངོས། དེ་དག་གི་དགོས་པ། དེ་དག་ལ་རྩོད་པ་སྤང་བའོ། །དང་པོ་ལ། གང་ཟག་གི་སྒོ་ནས་དབྱེ་ན། སྐྱེས་པ་ཁོ་ན་འདུ་ན་དཔའ་བོའི་སྟོན་མོ། བུད་མེད་ཁོ་ན་འདུ་ན་དཔའ་མོའི་སྟོན་མོ། ཞེས་བླ་མ་གོང་མ་དག་བཞེད་ལ། མན་ངག་སྙེ་མ་ལས་ནི། འདིར་གལ་ཏེ་བླ་མ་ལས་གཞན་པ་རྣམས་ལ་ཤེས་རབ་མེད་པ་དེའི་ཚེ། དཔའ་བོའི་སྟོན་མོར་བརྗོད་པར་བྱའི་ཚོགས་ཀྱི་འཁོར་ལོར་ནི་མ་ཡིན་ནོ། །བླ་མ་ལ་ནི་དཔའ་བོའི་སྟོན་མོ་ལ་ཡང་ཕྱག་རྒྱ་ངེས་པར་དབུལ་བར་བྱ་སྟེ། བསོད་ནམས་བསགས་པའི་ཆེད་དུའོ། །ཞེས་གསུངས་ཞིང༌། དཔའ་མོའི་སྟོན་མོ་ལ་ཡང་དེ་དང་ཚུལ་མཚུངས་པར་བདེ་མཆོག་སྟོད་འགྲེལ་ལས་བཤད་མོད། དམ་ཚིག་ལྔ་པར། དེས་ཀྱང་རང་རིག་མ་ལ་འཁྱུད། །མི་ནུས་བསམ་གཏན་དག་གིས་བྱ། །ཞེས་བཤད་ཅིང༌། རྒྱུད་སྡེ་རྣམས་ལས། དབང་པོ་རབ་ཕྱག་ཆེན། འབྲིང་ཡེ་ཕྱག ཐ་མ་ལས་ཕྱག་ཏུ་གསུངས་པས། ཡེ་ཤེས་ཀྱི་ཕྱག་རྒྱར་དམིགས་པས་ཆོག་གི གཞན་དུ་ན། དགེ་སློང་དང་དགེ་ཚུལ་བསླབ་པས་བཅིངས་པ་རྣམས་ལ་དཔའ་བོའི་སྟོན་མོ་ཙམ་གྱིའང་སྐལ་བ་མེད་པར་འགྱུར་རོ། །ཕོ་མོ་གཉིས་ཀ་འཚོགས་ན་ཚོགས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཌོམྦི་ཧེ་རུ་ཀས། དཔའ་བོ་དང་མི་ལྡན་པའི་དཔའ་མོ་དང༌། དཔའ་མོ་དང་མི་ལྡན་པའི་དཔའ་བོ་དག་གིས། ཚོགས་ཀྱི་འཁོར་ལོ་བསྐོར་བར་མི་བྱའོ། །ཞེས་སོ། །དུས་ཀྱི་སྒོ་ནས་དབྱེ་ན། དབང་བསྐུར་བ་དང༌། སྦྱིན་སྲེག་དང༌། རབ་གནས་དང་འབྲེལ་བ་ལས། དགའ་སྟོན་ནམ་ཙཱ་རུའི་བཟའ་བ་འདོགས་ཞེས་གོང་མ་དག་བཞེད་ལ། སློབ་དཔོན་ཨ་བྷ་ཡས་ནི། འོ་ཐུག་ཆོ་ག་བཞིན་བསྒྲུབས་ནས་འགྱེད་པ་ལ་ཙཱ་རུའི་བཟའ་བར་བཞེད་དོ། །རྣལ་འབྱོར་གྱི་སྒོ་ནས་དབྱེ་ན། ཀྱེ་རྡོར་དང་བདེ་མཆོག་ལ་སོགས་པ་ལྷའི་རྣལ་འབྱོར་མི་འདྲ་བ་དུ་མ་བསྒོམས་ནས་མཆོད་པ་ལ་མཛའ་བ་འདུས་པའི་སྟོན་མོ་དང༌། ལྷ་གྲངས་དང་མཉམ་པའི་གང་ཟག་དཀྱིལ་འཁོར་གྱི་བཀོད་པ་ལྟར་འཁོད་ནས། དཀྱིལ་འཁོར་གཅིག་བསྒོམས་ནས་མཆོད་ན། བདག་བསྐྱེད་གཙོ་བོར་མཆོད་པ་དང༌། མདུན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། ཚོམ་བུའི་དཀྱིལ་འཁོར་ལ་ཆོ་ག་གཅིག་པས་མཆོད་ན། མདུན་བསྐྱེད་གཙོ་བོར་མཆོད་པ་ཞེས་བྱ། དགོས་པས་དབྱེ་ན། རིམས་དང་མུ་གེ་ལ་སོགས་པའི་གནོད་པ་བཟློག་པའི་དོན་དུ། རྡོ་རྗེ་གུར་ལས་གསུངས་པ་ལྟར། ལྷ་གྲངས་དང་མཉམ་པའི་གང་ཟག་འདུས་ནས། ལྷ་སོ་སོའི་སྐུ་མདོག་དང་རྒྱན་ཆ་ལུགས་དང་ལྡན་པས། ཕན་ཚུན་དྲིས་ལན་དང༌། དམ་ཚིག་གླུར་བླང་བ་རྣམས་བྱ་བ་སྟེ། ཤེས་པར་འདོད་ན། ཁོ་བོས་བྱས་པའི་སངས་རྒྱས་ཀྱི་གར་གྱི་ཆོ་ག་བདེ་ཆེན་རྣམ་རོལ་ལས་རྟོགས་པར་བྱའོ། །མཆོད་ཡུལ་གྱི་སྒོ་ནས་དབྱེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མཆོད་པ། རིག་ལྡན་མ་མཆོད་པ་དང༌། གཞོན་ནུ་མ་མཆོད་པ་གཉིས་ལས། དང་པོ་ནི། རྒྱུད་ལས་གསུངས་པའི་མཁའ་འགྲོ་མ་མཚན་ཉིད་དང་ལྡན་པ་མིའི་བུ་མོ་རྣལ་འབྱོར་མར་བསྐྱེད་དེ་མཆོད་པའམ། དེ་མ་འབྱོར་ན་རོ་རས་ལ། །ཐོད་པ་དགྲ་སྟྭ་མཆེ་བ་དང༌། །ཆུ་སྲིན་རྒྱལ་མཚན་རལ་གྲི་དང༌། །འཕང་མདུང་དུང་དང་མདུན་དུ་གསུང༌། །ཞེས་སམྦུ་ཊར་བཤད་པ་ལྟར་བྲིས་ནས་དེ་དག་ལ་མཆོད་པའོ། །གཉིས་པ་ནི། བུ་མོ་གཞོན་ནུ་མ་གྲོང་པའི་ཆོས་ཀྱིས་མ་ཕོག་པ་གཅིག་ནས་སོ་བདུན་གྱི་བར་རམ། མ་འབྱོར་ན་ཅུང་ཟད་རྒན་པ་འགའ་ཡང་ཁ་བསྐང་དུ་རུང་བས། དེ་དག་བོས་ནས་དབང་བསྐུར་ཐོབ་ན་དཀྱིལ་འཁོར་གྱི་ཁང་པ་དང༌། མ་ཐོབ་ན་ཁང་པ་གཞན་དུ་སྤྱན་དྲང་ཁྲུས་བྱ། ཀུ་ཤའི་གདན་ལ་བཞག ལས་ཐམས་ཅད་པས་བགེགས་བསྲུང་ནས། སློབ་དཔོན་ལྷའི་རྣལ་འབྱོར་དང་ལྡན་པས། གཞོན་ནུ་མ་གཅིག་ལས་མེད་ན། རྡོ་རྗེ་རྣལ་འབྱོར་མ་དང༌། ལྔ་ཡོད་ན་སྙིང་པོའི་རྣལ་འབྱོར་མ་བཞི་གཙོ་མོ་དང་སྔར་བསྐྱེད་པ་ནས། སོ་བདུན་ཡོད་ན་རྣལ་འབྱོར་མ་སུམ་ཅུ་སོ་བདུན་དུ་བསྐྱེད་པའི་བར་བྱས་ལ། རང་བཞིན་གྱི་གནས་ནས་རྣལ་འབྱོར་མ་ཐམས་ཅད་སྤྱན་དྲངས་ནས་བཞུགས་པར་བསམ་སྟེ། གཞོན་ནུ་མ་ལ་བསྟིམ་པ་ནི་མ་ཡིན་ནོ། །དེ་ནས་དེ་དག་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང༌། ག་བུར་ལ་སོགས་པའི་དྲིས་ལུས་ལ་བྱུག དཔྲལ་བར་སིནྡྷཱུ་ར་དང༌། མིག་ལ་མིག་སྨན་བསྐུ། དབུ་ལ་མེ་ཏོག་དམར་པོའི་ཕྲེང་བ་དང༌། སྐུ་ལ་དར་དམར་པོའི་ན་བཟའ་དབུལ། ཤ་དང་ཆང་ལ་སོགས་པའི་སྟོན་མོས་ཚིམ་པར་བྱས་ནས་ལྟས་བརྟག་སྟེ། དང་པོར་གྲལ་བྱས་མ་ཐག་དང༌། བར་དུ་ཟས་ལ་ལོངས་སྤྱོད་པ་དང༌། ཐ་མ་གྱེས་པའི་དུས་གསུམ་དུ། ལུས་གར་བྱེད་པ་དང༌། ངག་སྔགས་དང་བཀྲ་ཤིས་བརྗོད་པ། དགེ་བར་ལུང་སྟོན་པ་སོགས་བྱུང་ན་ཤིས་ལ། ངུ་བ་དང༌། ཕན་ཚུན་རྩོད་པ་དང༌། མི་དགེ་བར་ལུང་སྟོན་པ་དང༌། བླ་མའི་མཚང་ནས་འབྲུ་བ་སོགས་མི་ཤིས་པའི་ལྟས་བྱུང་ན། གཞོན་ནུ་མའི་མཆོད་པ་སླར་ཡང་བྱེད་པའོ། །གཉིས་པ་ཆོ་ག་དངོས་ལ། གང་ཟག གནས། དུས། ཡོ་བྱད། ཆོ་ག དེ་དག་གི་བསླབ་བྱ་དང་དྲུག་གི་དང་པོ་ནི། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས། ཆོ་གའི་རིམ་པ་མཁས་པར་ཤེས་པ་རྣམས་དང༌། དེ་ཉིད་བཅུ་ཤེས་པའི་རྡོ་རྗེ་སློབ་དཔོན་དེ། ཌོམྦི་ཧེ་རུ་ཀས། དེ་ནས་དང་པོར་ཚོགས་འདོད་ཀྱི། །ཚོགས་ཀྱི་སློབ་དཔོན་དགེ་སློང་ལ། །རྣལ་འབྱོར་བརྩོན་ལ་རྟོག་པ་སྤང༌། །དེ་ཉིད་བཅུ་ཤེས་སྙིང་རྗེ་ཆེ། །དམ་ཚིག་ལྡན་ལ་འདོད་ཆུང་ངམ། །ཡང་ན་དེ་འདྲའི་སློབ་དཔོན་ལ། །སེམས་བསྐྱེད་པ་ནས་སྙན་གསན་དབབ། །དེ་ནས་གཞན་ཡང་དམ་ཚིག་ལྡན། །བླ་མ་ལ་གུས་རྟོག་པ་ཆུང༌། །འཁོན་གཅུགས་མེད་ཅིང་རབ་དད་པས། །ལྷ་གྲངས་མི་ལ་གསོལ་བ་གདབ། །ཅེས་པ་ལྟར་རོ། །གཉིས་པ་ནི་ཀྱེ་རྡོ་རྗེར། དུར་ཁྲོད་རི་ཡི་བྱ་སྐྱིབས་དང༌། །དེ་བཞིན་མི་མེད་གྲོང་ཁྱེར་དང༌། །ཡང་ན་དབེན་པའམ་རྒྱ་མཚོའི་མཐར། །བཟའ་བ་འདི་ནི་རབ་ཏུ་བཟའ། །ཞེས་པ་ལྟར་རོ། །གསུམ་པ་ནི། ཡིད་བཏགས་རྒྱུ་བའི་དུས་ཉི་ཤུ་དགུ་དང༌། ཉ་དང་གནམ་སྟོང་སྟེ་ཟླ་ཕྱེད་གཉིས་དང༌། ཡར་ངོའི་བཅུ་བཞི་དང༌། ཡར་ངོ་མར་ངོ་གཉིས་ཀའི་བརྒྱད་དེ། ཀྱེ་རྡོ་རྗེར། ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང༌། །དེ་བཞིན་དུ་ཡང་བརྒྱད་པ་ཉིད། །ཅེས་གསུངས། ཌོམྦི་པས་ནི། བརྒྱད་དང་བཅུ་བཞི་དང་བཅོ་ལྔ་གསུམ་པོའི་ཡར་ངོ༌། མར་ངོ་གཉིས་ཀ་ལ་བཤད་དེ། ཅི་སྐད་དུ། མར་ངོའི་བརྒྱད་དང་བཅུ་བཞི་དང༌། །བཅོ་ལྔ་དག་ནི་རབ་ཏུ་བསྔགས། །དེ་བཞིན་ཡར་ངོའི་བརྒྱད་དང་ནི། །བཅུ་བཞི་དང་ནི་བཅོ་ལྔ་ལ། །མཁས་པ་ཡིས་ནི་འཁོར་ལོ་བསྐོར། །ཞེས་སོ། །བདེ་མཆོག་ལྟར་ན། དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། ཟླ་བ་སོ་སོ་ལ་བསོད་ནམས་འཕེལ་བའི་ཕྱིར། ཡར་ངོའི་ཚེས་བཅུ་དང༌། སྡིག་པ་སྦྱང་བའི་ཕྱིར་མར་ངོའི་ཚེས་བཅུ་ལ་བཤད་དོ། །བཞི་པ་ལ་དཀྱིལ་འཁོར་མཆོད་པའི་ཡོ་བྱད་དང༌། གང་ཟག་མཆོད་པའི་ཡོ་བྱད་གཉིས་ཀྱི་དང་པོ་ནི། ཉེར་སྤྱོད་ལྔ་དང༌། ཤ་དང་ཆང་དང༌། སྦྲང་ཆང་དང་བུར་ཆང་ལ་སོགས་པ་མཆོད་པའི་རྫས་ཅི་སྙེད་ཚོགས་པའོ། །གཉིས་པ་ལ། རྣལ་འབྱོར་པ་ནུས་ལྡན་དང༌། རབ་ཏུ་བྱུང་བ་མཆོད་པའི་རྫས་གཉིས་ཀྱི་དང་པོ་ནི། ཌོམྦི་ཧེ་རུ་ཀས། དེ་ལ་ཤ་དང་ཆང་དག་དང༌། །འབྲས་ཆེན་ལ་དུ་ཁུར་བ་དང༌། །དེ་བཞིན་བཟའ་བ་བཅའ་བ་དང༌། །བཏུང་བ་དེ་བཞིན་བལྡག་དང་མྱང༌། །འཇིག་རྟེན་པ་ཡི་འབྱོར་པ་ཡིས། །ཚོགས་འཁོར་འབྱོར་བའི་ཚད་སྟ་གོན། །དེ་བཞིན་སྤོས་དང་བྱུག་པ་དང༌། །དྲི་དང་མེ་ཏོག་ཕྲེང་མཆོག་དང༌། །མར་མེ་བདུག་པ་སྣ་ཚོགས་བཞག །ཅེས་དང༌། སྙིང་པོ་རྒྱན་དུ། ཆང་ནི་དཔའ་མོས་མ་སྤྱད་པར། །དཔའ་བོ་ལ་ནི་སྐལ་མེད་དེ། །ཤ་ལ་དེ་བཞིན་དཔའ་བོས་སོ། །ཞེས་སོ། །གཉིས་པ་ནི་བུ་རམ་དང་བུ་རམ་གྱི་ལྦུ་བ་དང་ཞུན་མར་ལ་སོགས་པ་སོ་སོ་ཐར་པར། ཕྱི་དྲོར་གནང་བའི་རྫས་རྣམས་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ནས་ལོངས་སྤྱོད་ཀྱི། ཐབས་ཤེས་ཀྱི་རྫས་ལ་ལོངས་སྤྱོད་པ་མ་ཡིན་ནོ། །འོ་ན་ཚོགས་འཁོར་གྱི་གཞུང་རྣམས་ལས། ཐབས་ཤེས་ཀྱིས་རྫས་གཉིས་ལ་ལོངས་སྤྱོད་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་རྣལ་འབྱོར་པ་ཆང་འོ་མར་བསྒྱུར་ནུས་པ་ལ་སོགས་པ་དང་ལྡན་པའི་དབང་དུ་བྱས་པ་སྟེ། དྲི་མེད་འོད་ལས། གང་དག་གིས་སྔགས་ཀྱི་སྟོབས་ཀྱིས་སམ་བསམ་གཏན་གྱི་སྟོབས་ཀྱིས་སྦྱང་བ་བྱས་པ་དང༌། རྟོགས་པ་བྱས་པ་དང༌། རབ་ཏུ་འབར་བར་བྱས་པ་དང་བདུད་རྩིར་བྱས་པའི་དུག་རྣམས་ནི་དུག་མེད་པར་འགྱུར་བ་དང༌། ཆང་རྣམས་ནི་འོ་མར་འགྱུར་བ་དང་དུག་གི་ཆུ་ལ་སོགས་པའི་གདུག་པ་རྣམས་དང་སེམས་ཅན་རྣམས་ལ་འཆི་བ་སྟེར་བར་བྱེད་པ་ལ་སོགས་པ་རྣམས་ནི་བཅུད་ལེན་དུ་འགྱུར་བ་དང༌། རུས་པ་རྣམས་ནི་མེ་ཏོག་ཏུ་འགྱུར་བ་དང༌། སོ་རྣམས་ནི་མུ་ཏིག་གི་འབྲས་བུར་འགྱུར་བ་དང༌། ཐོད་པ་ནི་པདྨར་འགྱུར་བ་དང༌། ཤ་ནི་པུ་ཊ་ཀེ་ཤར་འགྱུར་བ་དང༌། ཁྲག་ནི་སིཧླར་འགྱུར་བ་དང༌། གཅི་བ་ནི་གླ་རྩིར་འགྱུར་བ་དང༌། བཤང་བ་ནི་བཞི་མཉམ་དུ་འགྱུར་བ་དང༌། བ་སྤུ་རྣམས་ནི་གུར་གུམ་གྱི་གེ་སར་དུ་འགྱུར་བ་སྟེ། དེ་ལྟར་གདུག་པའི་རྫས་དུ་མ་རྣམས་ནི་གདུག་པའི་རང་བཞིན་ཡོངས་སུ་གཏོང་བའི་ཕྱིར་སྦྱང་བ་བྱས་པ་དང༌། རྟོག་པ་བྱས་པ་དང་རབ་ཏུ་འབར་བ་བྱས་པ་དང༌། བདུད་རྩིར་བྱས་པ་རྣམས་ནི་རང་བཞིན་གྱིས་དག་པར་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་གསུངས་པ་དེ་ནི་བདེན་ནོ། །དུག་ལ་སོགས་པ་རང་བཞིན་གྱིས་དག་པ་བདུད་རྩིར་བྱས་པ་དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་ཟོས་པ་ཡང་ལུས་ལ་སྟོབས་ཆེན་པོ་རྒྱས་པར་བྱེད་པར་འགྱུར་རོ། །བཤང་བ་ལ་སོགས་པ་རང་བཞིན་གྱིས་རྣམ་པར་དག་པ་རྣམས་ལུས་ལ་བྱུག་པ་ནི་མཆོག་གི་དྲི་རབ་ཏུ་ལྡང་བར་བྱེད་པའོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་དེ་བཞིན་གཤེགས་པས་གསུངས་པ་རྣམས་ཏེ་གཞན་ལྷ་དང་སྔགས་མ་བསྒྲུབས་པར་བཀླགས་པའི་རྨོངས་པ་མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་ཆུ་སྐྱར་གྱི་སྒྱུར་མ་འཛིན་པ་ཚོགས་ཁང་དང་གཙུག་ལག་ཁང་གི་རྫས་ལ་མངོན་པར་ཆགས་པ་དང་ལྡན་པ་ཡི་དྭགས་དང་དམྱལ་བའི་སྐྱེ་བར་སྐྱེ་བ་འབྱུང་བ་ངེས་པར་བཅིངས་པ། རང་གི་དོན་དང་གཞན་གྱི་དོན་ཉམས་པ་རྒྱུད་ལས་གསུངས་པའི་དོན་ལ་ཕྱིན་ཅི་ལོག་གི་དོན་སྟོན་པ་པོ་ཡོངས་སུ་བརྟག་པ་མི་བྱེད་པའི་སྐྱེ་བོ་བདུད་ཀྱི་རིས་ཆེན་པོ་རྣམས་ཀྱི་བཟའ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམས་སུ་མི་འགྱུར་རོ། །ཞེས་བཤད་པའི་ཕྱིར་རོ། །དགེ་སློང་དང་དགེ་ཚུལ་ཆང་འོ་མར་བསྒྱུར་བའི་ནུས་པ་དང་མི་ལྡན་པ་ལ་ནི། རྫས་དེ་དག་ལྕེ་ལ་རེག་པ་ཙམ་མ་གཏོགས་ལོངས་མི་སྤྱད་པར། འཕགས་པ་ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད། ཁ་ཆེ་པཎ་ཆེན་སོགས་ཀྱང་བཞེད་པར། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་ཚོགས་འཁོར་དུ་བཤད་ལ། དུས་ཀྱི་འཁོར་ལོར་ཡང༌། གསུང་གི་རྡོ་རྗེ་མཆོད་པའི་དོན་ཏེ་ངེས་པར་སྔགས་པ་རྣམས་ལ་མྱོས་བྱེད་གསུངས་པ་ཉིད་མ་ཡིན། ཞེས་དང༌། འགྲེལ་པར། ཆང་གི་བཏུང་བ་ནི་ཅུང་ཟད་ཁ་ཚིམ་པར་བྱེད་པ་སྟེ་བུམ་པ་ལ་སོགས་པ་བཞིན་དུ་མ་ཡིན་ཏེ། མྱོས་བྱེད་ནི་རྣལ་འབྱོར་གྱི་དབང་པོ་རྣམས་ལ་ཐར་པ་སྟེར་བར་བྱེད་པར་མི་འགྱུར་རོ། །ཞེས་དང༌། སྡོམ་འབྱུང་དུ། སྔགས་པ་ཆང་ལ་སྲེད་པ་ནི། །ངུ་འབོད་ཆེན་པོར་འཚེད་པར་འགྱུར། །ཞེས་གསུངས་པས། ཐར་པ་དོན་དུ་གཉེར་བའི་སྒྲུབ་པ་པོ་རྣམས་ཀྱི་ཕྱི་རོལ་པའི་མཆོད་སྦྱིན་དང་ཚུལ་མཚུངས་པར་ཤ་ཆང་ཁོ་ན་ལ་ལོངས་སྤྱོད་པའི་འཇིག་རྟེན་པའི་དགའ་སྟོན་ལ་ཚོགས་ཀྱི་འཁོར་ལོའི་མིང་གདགས་པར་མི་བྱའོ། །ལྔ་པ་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ལ་དྲུག གནས་ཁང་བརྒྱན་པ། ཕྱི་ནང་གི་ཡོ་བྱད་བཤམ་པ། སློབ་དཔོན་སྤྱན་དྲང་བ། བརྡ་དང་བརྡའི་ལན་བྱ་བ། རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ། ཡི་གེ་བརྒྱ་པས་རྒྱུད་སྦྱང་བའོ། །དང་པོ་ནི་གནས་དབེན་པར་སྐྱང་ནུལ་བྱ། བླ་རེ་ལ་སོགས་པས་བརྒྱན་པའོ། །གཉིས་པ་ནི། དེའི་དབུས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། སྒྲུབ་པའི་མཎྜལ་གྱི་མཐར་མཆོད་པ་དང་གཏོར་མ་བཟང་བར་བཤམ། སློབ་དཔོན་གྲོགས་དང་བཅས་པ་ལ་ཡང༌། རྒན་རིམ་གྱིས་གདན་བཤམས་པའི་མདུན་དུ། རྡོ་རྗེ་དྲིལ་བུ་དང་ནང་མཆོད་བཞག་ཅིང༌། ཚོགས་འཁོར་གྱི་ཡོ་བྱད་རྣམས་མ་ཚང་བ་མེད་པར་སྟ་གོན་བྱའོ། །གསུམ་པ་ནི། ལས་ཀྱི་རྡོ་རྗེས་ཚོགས་ཀྱི་སློབ་དཔོན་སྤྱན་དྲངས་ཏེ། གདན་ལ་བཞུགས་སུ་བཅུག་ནས། ཕྱག་དང་མཎྜལ་ཕུལ་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇིག་རྟེན་ལས་འདས་པ་མཆོད་པའི་ཕྱིར། ཚོགས་ཀྱི་སློབ་དཔོན་མཛད་དུ་གསོལ། ཞེས་གསོལ་བ་གདབ། སློབ་དཔོན་གྱིས་དྲི་བཟང་པོའི་ཆུ་དུང་ཕོར་དུ་བླུགས་ལ། ལས་ཐམས་ཅད་པའི་སྔགས་བརྒྱ་རྩ་བཟླས་ལ་སློབ་མ་ལ་གཏད་དོ། །བཞི་པ་ནི། སློབ་མ་དབྱུག་སྔོན་ཅན་གྱི་ང་རྒྱལ་འཛིན་པ་དུང་ཕོར་དང་ལྡན་པས་སྒོ་དྲུང་དུ་སོང་ནས། ཚོགས་འཁོར་ལ་འདུ་བའི་རྣལ་འབྱོར་པ་རྣམས་ལ་བརྡ་དང་བརྡའི་ལན་བྱ་སྟེ། ལས་ཀྱི་རྡོ་རྗེས་ལག་པ་གཡོན་པའི་མཐེའུ་ཆུང་བསྟན་ནས། ཁྱེད་འོངས་སམ་འདྲི། ལན་དུ་རྣལ་འབྱོར་པ་རྣམས་ཀྱིས་གཡས་པའི་གུང་མཛུབ་གཉིས་བསྟན་ནས་འོངས་སོ་བྱ། དེ་བཞིན་དུ། འདྲི་བ་པོས་གཡོན་རྡོ་རྗེ་ཁུ་ཚུར་དུ་བྱས་པའི་གུང་མཛུབ་གཉིས་ཀྱི་བར་དུ། མཐེ་བོང་བཅུག་ལ་བསྟན་ནས་བདེའམ་བྱ། ཕྱག་རྒྱ་སྔར་བཞིན་ལས་བདེའོ་ཞེས་ལན་བྱ། དེ་བཞིན་དུ་འདྲི་བ་པོས་སྲིན་ལག་ཐད་སོར་བརྐྱང་སྟེ་བསྟན། ལན་དུ་མཐེའུ་ཆུང་བརྐྱང༌། འདྲི་བ་པོས་གུང་མོ་གྱེན་དུ་བསྟན། ལན་དུ་མཛུབ་མོ་ཐད་ཀར་བརྐྱང༌། འདྲི་བ་པོས་སྲིན་ལག་ནམ་མཁར་འཕྱར། ལན་དུ་ལག་པས་རང་གི་མགྲིན་པ་ལ་རེག འདྲི་བ་པོས་གོས་གྱོན་པའི་ཚུལ་བྱ། ལན་དུ་མཐེའུ་ཆུང་མཐེ་བོས་མནན་ནས། སོར་མོ་དབུས་མ་གསུམ་གྱེན་དུ་བསྒྲེང༌། འདྲི་བ་པོས་རང་གི་ནུ་མ་ལ་རེག ལན་དུ་དཔྲལ་བར་རེག འདྲི་བ་པོ་ས་གཞི་ལ་རེག ལན་དུ་ས་གཞི་ལ་འཁོར་ལོ་རྩིབས་བཞི་པ་བྲི་བའི་ཚུལ་བྱ། འདྲི་བ་པོས་ཁྲོ་གཉེར་བསྡུས་ཏེ་བསྟན། ལན་གཙུག་ཕུད་དགྲོལ་བའི་ཚུལ་བྱ། འདྲི་བ་པོས་དཔྲལ་བར་རེག ལན་དུ་ལྟག་པ་བསྟན། འདྲི་བ་པོས་རྐང་མཐིལ་ལ་རེག ལན་དུ་སྒང་འཕན་པའི་སྟངས་བྱ། དེ་ལྟར་བརྡ་མི་ཤེས་པ་རྣམས་ཕྱིར་བསྐྲད་ལ། ཤེས་པ་རྣམས་ཀྱིས་མགྲིན་གཅིག་ཏུ། ཁྱོད་ཀྱི་དམ་ཚིག་ལ་ནི་ཁྲོ་བོ་དབྱུག་པ་སྔོན་པོ་མཛེས། །དངོས་གྲུབ་ཕྱག་ན་དབྱུག་ཏོ་རིན་ཆེན་བཅིངས་པ་འཛིན། །དཔལ་ལྡན་དཔའ་བོ་དཔའ་མོ་འདུ་བར་འཁོར་སྒྲོལ་ཁུམས། །མཁའ་མཛེས་རྣལ་འབྱོར་པ་ཡི་ནང་དུ་བདག་ཐོངས་ཤིག །ཅེས་ལས་ཀྱི་རྡོ་རྗེ་ལ་གསོལ་བ་གདབ། དེས་ཀྱང༌། འདི་རྣམས་ཆོས་ལ་བཟང་པོར་ལྟོས། །ཞེས་སོགས་བརྗོད་ཅིང༌། དུང་ཆོས་ཀྱི་ཆུས་ཁ་བཤལ་བྱིན་ལ་ནང་དུ་རིམ་གྱིས་བཏང་ནས། རྒན་རིམ་གྱིས་གྲལ་ལ་འཁོད་དུ་གཞུག་གོ །ལྔ་པ་ནི། ལས་ཀྱི་རྡོ་རྗེས་ཞུ་འབུལ་བ་ལག་ལེན་ལྟར་བྱའོ། །དྲུག་པ་ནི། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱིས་རྒྱུད་སྦྱང་བར་བྱའོ། །དངོས་གཞི་ལ་དྲུག ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མཆོད་པས་ཚིམ་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་བདུད་རྩི་མྱང་བས་ཚིམ་པ། ཕྱི་རོལ་གྱི་འབྱུང་པོ་གཏོར་མས་ཚིམ་པ། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཁ་ཟས་ཀྱིས་ཚིམ་པ། སྐྱེ་མཆེད་ཀྱི་ལྷ་གླུ་གར་གྱིས་ཚིམ་པ། ལུས་ཀྱི་དཀྱིལ་འཁོར་ལྷན་སྐྱེས་ཀྱི་བདེ་བས་ཚིམ་པའོ། །དང་པོ་ནི་ཚོགས་ཀྱི་ཞིང་སྤྱན་དྲངས་པ་ནས་བཟླས་པའི་བར་རང་རང་གི་སྒྲུབ་ཐབས་ལྟར་བྱའོ། །གཉིས་པ་ནི། མདུན་གྱི་མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས། མདུན་གྱི་དཀྱིལ་འཁོར་སྒྲུབ་པའི་མཎྜལ། ཡན་ལག་བཞི་རྫོགས་སུ་བསྒྲུབ་ལ། ཕྱི་དང་ནང་དང་བསྟོད་པའི་མཆོད་པ་རྣམས་དབུལ། གསུམ་པ་ནི། སོ་སོའི་སྒྲུབ་ཐབས་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ལ་གཏོར་མ་དབུལ། བཞི་པ་ནི། ལས་ཀྱི་རྡོ་རྗེས་མེ་ཏོག་ལ་སོགས་པའི་ཉེར་སྤྱོད་ལྔས་མཆོད་ནས། ཚོགས་འཁོར་གྱི་ཡོ་བྱད་རྣམས་མདུན་དུ་འདུ་བྱས་ལ་བྱིན་བརླབ་ཞུ། སློབ་དཔོན་གྱིས་བདུད་རྩི་གཏོར་ཞིང་བྱིན་གྱིས་བརླབས། ཐམས་ཅད་ལ་བདུད་རྩི་སྦྲེངས། ཐམས་ཅད་ཀྱིས་ཕུད་དཀྱིལ་འཁོར་དང་གཏོར་མ་རྣམས་ལ་ཕུལ་ནས། སོ་སོའི་གཏོར་སྔགས་ཀྱིས་བསྔོ། དེ་ནས་ལས་ཀྱི་རྡོ་རྗེས། སྣོད་ཆང་གིས་བཀང་བ་སོ་སོའི་མདུན་དུ་བཞག་པ་ལ། ཕྱག་དང་པད་སྐོར་སྔོན་དུ་འགྲོ་བས། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲལ་ཟེ་ཁྱི་དང་གདོལ་པ་ཡང༌། །རང་བཞིན་གཅིག་པ་ཉིད་དུ་ཟོ། །ཞེས་བརྗོད་ལ་ལག་པ་གཡས་པས་ཐོད་པ་བཟུང༌། གཡོན་པས་མཐེའུ་ཆུང་དང་མཐེ་བོས་ཤ་ཅུང་ཟད་བཟུང་ལ། སོར་མོ་དབུས་མ་གསུམ་རྩེ་གསུམ་དུ་བསྒྲེང་བ་ཐོད་པ་ལ་བཀབ་ལ་དབུལ། ལེན་པ་པོས་ཀྱང་པད་སྐོར་དང༌། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །ཞེས་བརྗོད་ཅིང་བླང༌། གཉིས་ཀས་ཨ་ཧོ་སུ་ཁ་ཞེས་བརྗོད་ལ། ཟས་རྣམས་རིམ་པ་བཞིན་དྲང་ཞིང་རྣལ་འབྱོར་དང་ལྡན་པས་ཚིམ་པར་བྱའོ། །ལྔ་པ་ནི། ཀོལླ་ཨི་རི་ལ་སོགས་པ་རྡོ་རྗེའི་གླུ་གར་ཡང་གྲུབ་ན་བྱ་ཞིང༌། མི་ཤེས་ན་མ་བྱས་ཀྱང་ཆོག་གོ །དྲུག་པ་ནི། སྙིང་གར་ཆང་ཅུང་ཟད་བསྐུས་ལ་མཉེས་ཏེ། སྙིང་གར་ཡི་དམ་ཡབ་ཡུམ་དང༌། སྤྱི་བོར་བླ་མ་རྣམས་གསལ་བཏབ་ནས། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་དྲན་པས་བདེ་སྟོང་གི་ཏིང་ངེ་འཛིན་ལ་བློ་བཞག་གོ །རྗེས་ལ་དྲུག ལྷག་མའི་གཏོར་མ་གཏོང་བ། བཀྲ་ཤིས་བརྗོད་པ། ལྷག་ཆང་ཁ་བསྐང་བ། སྨོན་ལམ་གདབ་པ། མགྲོན་གཤེགས་སུ་གསོལ་བ། བསྔོ་བ་བྱས་ཏེ་ལས་ཀྱི་རྗེས་བསྡུ་བའོ། །དང་པོ་ནི། ལོངས་སྤྱད་པའི་ལྷག་མ་མཐའ་དག་བསེ་དང་རིན་པོ་ཆེའི་སྣོད་མ་ཡིན་པ། ཤིང་གཞོང་ལ་སོགས་པའི་སྣོད་དུ་བསྡུས་པ་སློབ་དཔོན་གྱི་མདུན་དུ་བཞག་ལ། མ་ད་ན་ཅུང་ཟད་འཐུངས་ཏེ། ལག་པ་འབར་བའི་ཕྱག་རྒྱ་བཅས་པའི་ནང་ནས། ངག་ཏུ་བྷྲཱུྃ་ཞེས་པའམ་ཕཻཾ་ཞེས་བརྗོད་པ་དང་བསྟུན་ལ། གཏོར་མ་ལ་ཁ་ཕྲུ་བཏབ་ལ་ཡི་གེ་གསུམ་པ་དང་ཨ་ཀཱ་རོའི་སྔགས་ཀྱིས་བྱིན་གྱིས་བརླབ། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་བརྗོད་དེ། ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ཚིམ་པར་བསམ། གཉིས་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས་ཀོལླ་ཨི་རེ་ཊཋི་ལ་སོགས་པ་རྡོ་རྗེའི་གླུ་དང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་བརྗོད་དོ། །གསུམ་པ་ནི། འཇིག་རྟེན་པའི་གཏོར་མ་རྣམས་མཚན་མོ་ཡིན་ན་གྲིབ་གནོན་བསྲུང་བའི་ཕྱིར་དཔལ་འབར་བཙུགས་ནས་ས་གཙང་སར་དོར་ལ་བཏང་ལ། མདུན་གྱི་དཀྱིལ་འཁོར་ལ་མཆོད་བསྟོད་བྱ་སྟེ། ཡི་གེ་བརྒྱ་པ་བརྗོད་པས་ལྷག་ཆད་ཁ་བསྐང༌། བཞི་པ་ནི། རང་རང་གི་གཞུང་ལས་འབྱུང་བ་ལྟར་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་རྒྱས་གདབ། ལྔ་པ་ནི། དཀྱིལ་འཁོར་གྱི་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུས་ཏེ། བདག་བསྐྱེད་ཀྱི་ཡེ་ཤེས་པ་ནི་གཤེགས་སུ་གསོལ་བར་མི་བྱའོ། །དྲུག་པ་ནི་བདག་བསྐྱེད་བསྡུས་ནས། རང་ཐུན་མཚམས་ཀྱི་ཧེ་རུ་ཀར་མོས་པས། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་བསྲུང་བ་བྱའོ། །དྲུག་པ་བསླབ་བྱ་ནི། དེ་ལྟ་བུའི་ཚོགས་ཀྱི་འཁོར་ལོ་དེ་དག་ལ། རྡོ་རྗེ་འཆང་གིས་བཅས་པའི་བསླབ་བྱ་རྣམས་ཆེས་བསྲུང་བ་གལ་ཆེ་བས། དེ་དག་མན་ངག་སྙེ་མ་ལྟར་བཤད་ན། ཟས་ལ་ལྕེས་མི་གདགས་པར་མང་དུ་བཟའ། སྐོམ་ཅི་སྙེད་པ་བཏུང༌། སྣོད་སྟོངས་པར་མི་བཞག ཟས་ས་རྗེན་ལ་མི་བཞག ཚོགས་ཀྱི་གཙོ་བོ་ལ་སྣོད་གཉིས། གཞན་ལ་རེ་རེ། བདེ་མཆོག་ལྟར་ན་ཐམས་ཅད་སྣོད་གཅིག་ཏུ་བཟའ། སྣོད་མུ་དང་ཁད་ཆད་དུ་མི་དགང༌། འདྲེན་པ་དང་ལེན་པ་ཐམས་ཅད་ལག་པ་གཉིས་ཀས་དྲང་ཞིང་གཉིས་ཀས་བླང༌། ཚོགས་ཀྱི་གཙོ་བོ་ལ་འདྲེན་པ་དང་ལེན་པ་ན་ཕྱག་བྱ། འགྲོ་ན་ཚོགས་ཀྱི་གཙོ་བོ་ལ་ཕྱག་བྱས་ཏེ་ཞུ། འོངས་པ་ན་ཕྱག་བྱ། གཞན་ཡང་བྱ་བ་ཞུ་བ་ཐམས་ཅད་ཕྱག་བྱས་ཏེ་ཞུ། སྤྱོད་ལམ་གྱི་ཤུགས་ཀྱིས་འགྲོ་དགོས་པ་བྱུང་ན་མི་དགག བྲེལ་བ་གཞན་བྱུང་ནས་འགྲོ་དགོས་བྱུང་ན། མཁྱེན་པར་གསོལ་བཟོད་པར་གསོལ་ཏེ་འགྲོ། རྩོད་པ་བྱེད་པ་བྱུང་ན་གདོན། འདོན་མ་ནུས་ན་རང་གཞན་དུ་འགྲོ། གཙོ་བོས་བཀའ་མ་བསྒོས་པར་སྟན་ལ་མི་འདུག གླུ་གར་དང་རོལ་མོ་དང༌། དྲིས་ལན་དང་མ་ལེགས་པར་སྨྲ་བར་མི་བྱ། རྐང་པ་བརྐྱངས་ཏེ་མི་འདུག ལུས་མ་བསྡམས་པར་མི་འདུག བཟའ་བཏུང་དང་རྣལ་འབྱོར་ཕོ་མོ་ལ་ཆགས་པར་མི་བྱ། འཇིགས་པ་དང་དོགས་པ་དང་ངོ་ཚ་བ་དང༌། གཙང་མི་གཙང་གི་རྣམ་རྟོག་དང་བཟང་མི་བཟང་གི་རྣམ་རྟོག་ལ་འཛེམ་པར་མི་བྱ། རྣལ་འབྱོར་ཕོ་མོ་ལ་མ་གུས་པ་དང་སྐུར་བ་མི་གདབ། སྤྱོད་པའི་བརྟུལ་ཞུགས་ལ་སྐྲག་པར་མི་བྱ། ཟས་ལ་སྐོམ་པ་དང་ཆགས་པ་དང་འཚག་གི་ཕྱིར་མི་བཟའ། འདུ་འཛིའི་གཏམ་དང༌། ཉན་ཐོས་ཀྱི་བསླབ་བྱ་དང༌། རིགས་ངན་དང་སྨད་འཚོངས་མའི་གཏམ་མི་བྱ། ཉོན་མོངས་པའི་སེམས་མི་བསྐྱེད། ལས་དང་པོ་པས་ཀྱང་དྲན་པ་ཉེ་བར་གཞག་སྟེ་སྤྱོད་པ་གར་ཡང་མ་དག་པ་མི་བྱ། ཟས་ཀྱིས་ལུས་མ་འབྱོངས་པ་དང༌། གཏོར་མ་མ་ཐོང་བར་ཕྱིར་མི་འགྲོ། མ་ཞུས་པ་དང་བསྔོ་བ་སྨོན་ལམ་མ་བྱས་པར་མི་ཉལ། ཡོན་བདག་གིས་ཀྱང་བཟའ་བཏུང་གིས་ཚིམ་པར་མི་འགྱུར་བའི་མགྲོན་སྤྱན་མི་དྲང༌། སྤྱན་དྲངས་པ་རྣམས་ཟས་ཀྱིས་ཚིམ་པར་བྱ། ཕན་ཚུན་རྩོད་པ་དང་ཤགས་མི་བྱ། ནང་དུ་ཞུགས་པ་ཐམས་ཅད་ཀྱིས་གསང་ཐུབ་པར་བྱའོ། །ཞེས་པ་ལྟར་དྲན་པ་དང་ཤེས་བཞིན་ལྡན་པས་བག་ཡོད་པའི་རྣལ་འབྱོར་བྱའོ། །གསུམ་པ་དགོས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་རྣམས་མཆོད་པ་དང༌། བདག་ཉིད་ཀྱི་རྒྱུད་ལ་ཚོགས་བསག་པ་དང༌། དམ་ཚིག་གི་ཉམས་ཆགས་འདག་པ་ལ་སོགས་པ་མཐའ་ཡས་ཏེ། རྡོ་རྗེ་གུར་གྱི་རྒྱུད་དུ་ཤེས་པར་བྱའོ། །བཞི་པ་ནི། ཕྱི་རོལ་གྱི་བྲིས་སྐུ་ལ་སོགས་པ་ལྷར་དམིགས་ཏེ་མཆོད་པས་ཚོགས་རྫོགས་པར་འདོད་ན། རང་གི་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རང་བཞིན་གྱི་ལྷར་གནས་པ། ཆོ་གས་གསལ་བཏབ་ནས་མཆོད་ན། ཚོགས་རྫོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བྱམས་པ་སེང་གེ་སྒྲའི་མདོ་ལས། གང་སངས་རྒྱས་མཆོད་པ་བས་བདག་ཉིད་མཆོད་པར་བྱའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དམ་ཚིག་གི་རྫས་རྣམས་ལའང་ལྷའི་རྣལ་འབྱོར་ལ་སྐད་ཅིག་ཀྱང་མ་ཡེངས་པར། དྲན་པ་རྒྱུན་ཆགས་དང་ལྡན་པས་ལོངས་སྤྱད་ན། ཚོགས་རྫོགས་པའི་མཆོག་ཏུ་འགྱུར་ཏེ། དཔེར་ན། མཁའ་ལྡིང་དུ་འདུ་ཤེས་མ་འཁྲུལ་བས་དུག་ཟོས་ཀྱང་ཉེས་པས་མི་གོས་ལ། བཅུད་ལེན་གྱི་མཆོག་ཏུ་འགྱུར་བ་ལྟར་རོ། །ཨཱརྻ་དེ་བས་ཀྱང༌། ནམ་མཁའ་ལྡིང་དུ་བསྒོམས་པ་ཡིས། །དུག་རྣམས་ཐམས་ཅད་ཟ་བར་བྱེད། །ཅེས་ཏེ། མཁའ་ལྡིང་བསྒོམས་ནས་དུག་ཟ་བ་ལ། མཁའ་ལྡིང་གི་འདུ་ཤེས་མ་འཁྲུལ་བ་དགོས་པ་ལྟར། ལྷར་འདུ་ཤེས་ནས་ཚོགས་ཀྱི་ཡོ་བྱད་ལ་ལོངས་སྤྱོད་པ་ལའང༌། ལྷའི་ང་རྒྱལ་ལས་སྐད་ཅིག་ཀྱང་མ་བྲལ་བར་རྒྱུན་ཆགས་སུ་ངེས་པར་དགོས་པ་ནི། གནད་ཀྱི་དོན་དུ་གོ་བར་བྱ་སྟེ། རྒྱས་པར་ན། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་གར་ཤེས་པར་བྱའོ། །ཟག་མེད་བདེ་བའི་རྣམ་རོལ་རྡོ་རྗེ་འཆང༌། །མཐའ་ཡས་རིགས་ཀྱི་རྣམ་རོལ་ལྷག་པའི་ལྷ། །རྨད་བྱུང་ཕྲིན་ལས་རྣམ་རོལ་སྲུང་མ་རྣམས། །མཉེས་བྱེད་ཀུན་བཟང་རྣམ་རོལ་འདི་བྲིས་པས། །མཐའ་ཡས་དགེ་བ་བདག་གིས་གང་ཐོབ་དེས། །དཔག་ཡས་འཁོར་བར་འཁྱམས་པའི་སེམས་ཅན་རྣམས། །བསམ་ཡས་རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །བགྲང་ཡས་ཡི་དམ་ལྷ་རྣམས་མཉེས་བྱེད་ཤོག །ཅེས་པ་འདི་ཡང་རྨད་དུ་བྱུང་བའི་བསོད་ནམས་ལ་དབང་འབྱོར་ཞིང༌། སྡེ་སྣོད་དང་རྒྱུད་སྡེ་མཐའ་ཡས་པའི་ཐོས་བསམ་མཐར་སོན་ནས། འཇིག་རྟེན་གྱི་བྱ་བ་ངན་སྐྱུགས་ལྟར་གཟིགས་ཏེ། རྩེ་གཅིག་ཏུ་སྒྲུབ་པ་ལ་མི་ལྷོད་པའི་བརྟུལ་ཞུགས་བཟུང་བ། ཉམས་དང་རྟོགས་པ་མཐའ་ཡས་པ་ལ་མངའ་འབྱོར་བའི་རྣལ་འབྱོར་པ་ཆེན་པོ། བླ་མ་གྲགས་པ་རིན་ཆེན་པའི་བཀའ་རྒྱང་རིང་པོ་ནས་གནང་བ་ལ་བརྟེན་ནས་ཤེས་བྱའི་དཀྱིལ་འཁོར་མཐའ་ཡས་པ་ལ་བསྙེལ་བ་མི་མངའ་བའི་མཁྱེན་རབ་ཅན། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་ཡེ་ཤེས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་གུས་པར་བླངས་ལ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་རྣམ་འགྱུར་གྱི་ལོ་སྣྲོན་གྱི་ཟླ་བའི་ཉེར་ལྔ་ལ་དགེ་ལྡན་ས་བཟང་གི་དབེན་གནས་སུ་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །། ༄༅། །བླ་མ་མཆོད་པའི་ཆོ་ག་བསོད་ནམས་རབ་རྒྱས་ཞེས་བྱ་བ་བཞུགས་སོ།། ༈ །རྗེ་བཙུན་བླ་མ་དམ་པ་མཆོད་པའི་ཆོ་ག་བསོད་ནམས་རབ་རྒྱས་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དགེ་ལེགས་ཆོས་སྐུའི་ཆུ་གཏེར་ལས་འོངས་བསོད་ནམས་བརྒྱ་ཡི་དཔལ་ཡོན་ཅན། །ཕུན་ཚོགས་ལོངས་སྐུའི་ཡིད་བཞིན་ནོར་མཆོག་སྐྱེ་དགུའི་ཅི་བསམ་ལྷུན་གྲུབ་སྟེ། །རྨད་བྱུང་སྤྲུལ་སྐུའི་རྒྱལ་མཚན་རྩེར་སོན་ཕྲིན་ལས་གཟི་འོད་རབ་འཕྲོས་པས། །གདུལ་བྱའི་དོན་སྒྲུབ་དབང་གི་རྒྱལ་པོ་དཔལ་ལྡན་བླ་མ་ལ་ཕྱག་འཚལ། །རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་མཆོད་པ་བས། །རྗེ་བཙུན་བླ་མའི་བ་སྤུ་གཅིག་མཆོད་པས། །བསོད་ནམས་ཕུང་པོ་ཁྱད་པར་འཕགས་སོ་ཞེས། །ཁྱབ་བདག་རྡོ་རྗེ་འཆང་གིས་གསུངས་པའི་ཕྱིར། །དད་པའི་དཔལ་འབར་སྐལ་ལྡན་གང་ཟག་གིས། །དངོས་གྲུབ་དཔལ་འབར་དྲིན་ཆེན་ཆོས་ཀྱི་རྗེ། །བཀྲ་ཤིས་དཔལ་འབར་མཆོད་པའི་ཡོ་བྱད་ཀྱིས། །བསོད་ནམས་དཔལ་འབར་སླད་དུ་མཆོད་པར་རིགས། །འདིར་དངོས་གྲུབ་དང་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བླ་མ་དམ་པ་མཆོད་པའི་ཚུལ། དཔལ་འཁོར་ལོ་བདེ་མཆོག་རྩ་བ་དང་བཤད་པའི་རྒྱུད་རྣམས་ལས་གསུངས་པ་ལྟར། ཉམས་སུ་བླང་བར་བྱ་བ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་ནི་གནས་ཡིད་དུ་འོང་བར། བླ་མ་རྣམས་དང་དཀོན་མཆོག་གི་རྟེན་མཛེས་ཤིང་མཐོ་བར་བཞུགས་སུ་གསོལ་ལ། སྟེང་དུ་བླ་རེ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པས་བརྒྱན་ཅིང༌། ས་གཞི་བསྟར་བ་སྤོས་ཆུས་བྱུག་པ་ལ། བླ་མ་བརྒྱུད་པ་རེ་རེ་ཞིང༌། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་མཚན་པ་བཅུར་རེའམ། མ་འབྱོར་ན་རེ་རེ་བཤམ། རྩ་བའི་བླ་མ་ལ་མཆོད་པ་བརྒྱ་རྩ་གཅིག་གམ། མ་འབྱོར་ན་བཅུ་བཤམ། གཞན་ཡང་ཡི་དམ་དང༌། སངས་རྒྱས་སྲས་བཅས་ལ་ཅི་འབྱོར་པའི་མཆོད་པ་བཤམ་སྟེ། དེ་ཐམས་ཅད་ཀྱང་རྒྱུ་བཟང་ཞིང་བཀོད་པ་མཛེས་པ། སྐྱེ་བོ་གཞན་གྱིས་མཐོང་ན་དད་པ་སྐྱེ་བ། རང་གིས་འབྱོར་པ་གང་ཡོད་ཐམས་ཅད་མཆོད་པའི་ཡོ་བྱད་དུ་ཕུལ་བ་ལྟ་བུ་རྒྱ་ཆེ་ཞིང་གྲངས་མང་བར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། མཆོད་པ་བྱིན་གྱིས་བརླབ་ཅིང་སྔོན་འགྲོ་བྱ་བ། མཆོད་པའི་ཡུལ་སྤྱན་དྲང་བ། དེའི་སྤྱན་སྔར་མཆོད་ཅིང་ཚོགས་བསག་པའོ། །དང་པོ་ནི་སྒྲུབ་པ་པོ་རྣམས་རྟེན་ལ་ཁ་ཕྱོགས་པར་འདུག་ལ། མཆོད་རྫས་རྣམས་བསང་སྦྱངས་བསྐྱེད་ཅིང་བྱིན་གྱིས་བརླབས་ལ་རོལ་མོའི་སྒྲ་རྒྱ་ཆེར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་དང༌། ཚད་མེད་པ་བཞི་བསྒོམ་པ་རྣམས་ཡུན་རིང་དུ་བྱའོ། །གཉིས་པ་ནི། རང་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། རང་བཞིན་གྱི་གནས་ནས་རྩ་བའི་བླ་མ་དམ་པ་རྣམས་ལ་བརྒྱུད་པའི་བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ཀྱི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ། ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད་དོ། །དེ་ལྟར་སྤྱན་དྲངས་པས། མདུན་དུ་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་བཏེག་པའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་དམ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་སྐུ་མདོག་དམར་པོ་ཞལ་གཅིག་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རལ་པའི་ཐོར་ཅོག་དང་ཐོད་པའི་ཕྲེང་བའི་ཅོད་པཎ་ཅན། ཕྱག་རྒྱ་དྲུག་གིས་སྤྲས་པ། སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། ཞལ་འཛུམ་བག་དང་ལྡན་པས་བདག་ལ་དགྱེས་བཞིན་དུ་བཞུགས་བར་བསམ། དེའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་རང་སངས་རྒྱས་འཇིག་རྟེན་སྐྱོང་བའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པར་བསམ་མོ། །གསུམ་པ་ལ་ཚོགས་བསག་བཅུ་གསུམ་ལས། དང་པོ་ཕྱག་གིས་མཆོད་པ་ནི། རང་གི་ལུས་བླ་མ་ལ་ཕུལ་བར་བསམས་ལ། དངོས་སུ་ཡན་ལག་ལྔ་ས་ལ་གཏུགས་པའི་ཕྱག་བྱ་ཞིང༌། ངག་ཏུ། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གང་གིས་སྐྱེ་དང་འཇིག་པ་དག །རིང་དུ་ཡོངས་སུ་སྤོང་གྱུར་ཅིང༌། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །རྒྱུད་རྣམས་ཀུན་གྱི་དོན་འཛིན་ཅིང༌། །སེམས་ཅན་ཀུན་ལ་ཀུན་སྩོལ་པ། །ཀུན་མཆོག་རྡོ་རྗེ་འཆང་དབང་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྫོགས་སངས་རྒྱས་ལས་མངོན་སུམ་དུ། །ཁྱོད་ཀྱིས་ཆོས་ཀུན་ཐུགས་ཆུད་པས། །མདའ་འཛིན་སྤྱོད་པ་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཐུབ་པས་ཐུབ་པར་ལུང་བསྟན་ཅིང༌། །ཆོས་རྣམས་དོན་སྟོན་ཀླུ་སྒྲུབ་མཆོག །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཉིད་ཀྱིས་དེ་ཉིད་མཆོག་བརྙེས་ནས། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །རྔོན་པའི་ཆ་ལུགས་འཛིན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཡི་གེའི་སྦྱོར་བ་སྤངས་ནས་སུ། །བརྩོན་པས་ཉ་རྒྱུ་གསོལ་མཛད་དེ། །བརྩེ་བས་གཞན་དོན་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྒྱལ་པོའི་བྱ་བ་རབ་སྤངས་ནས། །སྦྲུལ་འཚོང་རྗེས་སུ་སྒྲུབ་མཛད་དེ། །ཀཉྩིའི་གྲོང་དུ་གྲུབ་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཡེ་ཤེས་མཁའ་འགྲོས་རྗེས་གནང་ཞིང༌། །གཞན་དོན་སྤྱོད་པས་དོན་གསུམ་མཛད། །རྡོ་རྗེ་དྲིལ་བུ་འཛིན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །དམ་པའི་དེ་ཉིད་དོན་རྟོགས་ཏེ། །བརྩེ་བས་རུས་སྦལ་ཞབས་ལྡན་པས། །སེམས་ཅན་སྨིན་པར་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཁྱོད་ནི་བརྩོན་པས་གྲུབ་བརྙེས་ཏེ། །འབར་བས་འབར་བའི་སྤྱོད་འཛིན་ཅིང༌། །ཀུན་ལ་ཕན་པར་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ནུས་པ་ལ་ནི་མངའ་བརྙེས་ཤིང༌། །སྤྱོད་པ་ཀུན་གྱིས་རྨད་བྱུང་བས། །འཇིག་རྟེན་འདྲེན་པར་མཛད་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྣལ་འབྱོར་དབང་ཕྱུག་གུ་ཧྱ་པ། །བརྩེ་བས་ལོག་འདྲེན་རྣལ་འབྱོར་མ། །བཏུལ་ནས་འགྲོ་བ་སྐྱོང་བ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །མི་མཐུན་ཕྱོགས་རྣམས་རབ་སྤངས་ཏེ། །དཀར་པོ་རྣམ་པར་འཕེལ་མཛད་པ། །རྣམ་པར་རྒྱལ་བའི་ཞབས་པད་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །གྲུབ་ནས་གྲུབ་པའི་ལམ་སྟོན་ཅིང༌། །གྲོལ་ནས་རྣལ་འབྱོར་ཕན་མཛད་པ། །བར་མའི་སློབ་དཔོན་དམ་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཏིལ་བརྡུངས་པས་ནི་རབ་གྲུབ་པས། །སྐལ་ལྡན་གཞན་ལ་བརྩེ་བ་ཅན། །མུ་སྟེགས་རྣམ་པར་སུན་འབྱིན་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བྲམ་ཟེ་ལས་ནི་རབ་བྱུང་ཞིང༌། །གནས་ལྔ་ལ་ནི་རབ་སྦྱངས་པ། །དཀའ་བས་དམ་པ་སྟེན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཤེས་བྱ་ལ་ནི་རབ་མཁས་ཤིང༌། །ནུས་པ་ཀུན་ལ་ཐོགས་མེད་པ། །ཕ་ན་ཕིང་གུར་གྲགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །སྐད་གཉིས་སྨྲ་བའི་མཆོག་གྱུར་ཅིང༌། །ཤེས་རབ་ལྡན་པས་ཕན་མཛད་པ། །བརྩེགས་པའི་མཐའ་དང་ལྡན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བརྩོན་པས་དཀའ་བ་ཆེར་མཛད་དེ། །རྒྱུད་ཀུན་འདྲེན་མཛད་སྐད་གཉིས་སྨྲ། །རྗེ་བཙུན་བློ་གྲོས་གྲགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ། །ཁྱོད་ལ་བྱིན་གྱིས་བརླབས་པ་ཡིས། །ཤེས་བྱ་ཀུན་ལ་ཐོགས་མེད་ལྡན། །རྒྱུད་ཀུན་གྱི་ནི་བདག་པོར་གྱུར། །ཀུན་དགའ་སྙིང་པོར་གྲགས་པ་ཡི། །དཔལ་ལྡན་ས་སྐྱར་བཞུགས་གྱུར་ཅིང༌། །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །གང་གི་སྲས་ཀྱི་ཐུ་བོ་པ། །འཇམ་པའི་དབྱངས་ཀྱིས་བྱིན་རླབས་པས། །གནས་ལྔ་ལ་ནི་རབ་མཁས་ཤིང༌། །བསོད་ནམས་ཡེ་ཤེས་རྩེར་གྱུར་པ། །ཉིད་ཀྱིས་གཞན་དོན་རྫོགས་མཛད་ནས། །འཇིག་རྟེན་རྣམས་ནི་གཞུགས་པའི་ཕྱིར། །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཁྱེད་ཀྱི་ཐུགས་ནི་འཇམ་དབྱངས་ལྟར། །ཤེས་བྱ་ཀུན་ལ་མ་རྨོངས་ཤིང༌། །འཇིག་རྟེན་ཀུན་གྱི་རྩ་ལག་ཏུ། །དགོངས་པ་ཁྱེད་ཀྱི་གྲགས་པ་ཡིས། །རྒྱལ་མཚན་དྲི་མ་མེད་པ་ཐོབ། །ངོ་མཚར་དུ་མའི་སྤྱོད་པ་འཛིན། །ཀུན་ནས་ཡོན་ཏན་ལྡན་ཁྱོད་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བརྩེ་བས་སེམས་ཅན་ཐམས་ཅད་ལ། །དཔལ་འབྱོར་ཆེན་པོའི་འོད་ཟེར་གྱིས། །རྟག་ཏུ་སྐྱོང་བར་མཛད་ཁྱོད་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །འགྲོ་ཀུན་དགའ་མཛད་ཡོན་ཏན་རྒྱལ་མཚན་འཛིན། །ཆོས་ཀྱི་དཔལ་གྱིས་སྲིད་པ་གསུམ་ན་གསལ། །རྨད་དུ་བྱུང་བའི་ཕྲིན་ལས་བཟང་པོ་ཅན། །མཚུངས་མེད་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །བློ་གྲོས་ཆེན་པོ་བསྟན་པའི་རྒྱལ་མཚན་འཛིན། །ཆོས་ཀྱི་དཔལ་གྱིས་མཐའ་ཡས་འགྲོ་རྣམས་ལ། །ཕན་བདེ་བཟང་པོ་འབད་མེད་སྩོལ་མཛད་པའི། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་དངོས་བླ་མ་གུས་པས་བསྟེན། །ཟབ་མོའི་ལམ་གྱི་རྨད་བྱུང་ཡོན་ཏན་བརྙེས། །སྙན་བརྒྱུད་བདུད་རྩིས་གདུལ་བྱ་ཚིམ་མཛད་དཔལ། །ཞང་སྟོན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་ཚོགས་ལས་འཁྲུངས་པའི་དཔལ། །གསུང་ངག་རིན་ཆེན་གཏེར་གྱི་མཛོད་བཟུང་ནས། །དད་ལྡན་སྐུ་བཞིའི་དཔལ་ལ་འགོད་མཛད་པ། །རྒྱལ་བ་བྲག་ཕུག་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་གཏིང་དཔག་དཀའ་བའི་བློ་གྲོས་ཀྱིས། །ཕྱི་ནང་རྟེན་འབྲེལ་ཟབ་མོ་ཐུགས་སུ་ཆུད། །གཟུང་འཛིན་རྟོག་པས་མི་གཡོ་ཏིང་འཛིན་བརྟན། །མཚུངས་མེད་རི་ཁྲོད་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྩ་བའི་བླ་མ་བཀའ་དྲིན་ཅན། །ཚུལ་ཁྲིམས་དམ་ཚིག་ཚོགས་རྣམས་སྲོག་བཞིན་བསྲུངས། །འགྲོ་ཀུན་བརྩེ་བས་བུ་གཅིག་ལྟ་བུར་གཟིགས། །འདྲེན་མཆོག་འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐར་ཕྱིན་པས། །ནོར་བུ་རིན་ཆེན་རྒྱལ་མཚན་རྩེར་སོན་ལྟར། །དཔལ་འབྱོར་བཟང་པོའི་འབྲས་སྩོལ་ཆོས་ཀྱི་རྗེ། །ཐམས་ཅད་མཁྱེན་པའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བླ་མ་རྣམས་ལ་ཕྱག་བྱ་ཞིང༌། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱི་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདག་མེད་དབང་ཕྱུག་སྐུ་དང་གཉིས་མེད་ཅིང༌། །བདེ་ཆེན་འོད་གསལ་དག་པའི་དཀྱིལ་འཁོར་ནས། །རྒྱལ་བ་སྲས་བཅས་ལ་སོགས་སྤྲིན་འཕྲོ་མ། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པའི་ཡེ་ཤེས་སྐུ། །འཁོར་བ་སྟོངས་པར་མཛད་པའི་ཐུགས་རྗེ་ཡིས། །གདུལ་བྱ་ཀུན་མཁྱེན་ས་ལ་འགོད་མཛད་པ། །རིག་ལྔ་བདེ་བར་གཤེགས་པ་ལ་ཕྱག་འཚལ་ལོ། །ནམ་མཁའ་ལྟ་བུར་ཐམས་ཅད་ཐོགས་མེད་ཅིང༌། །འདོད་དགུ་བསྒྱུར་བའི་རྫུ་འཕྲུལ་ལུས་དང་ལྡན། །ཐུགས་དམ་དབང་གིས་སྒྲུབ་ལ་བརྩེར་དགོངས་པ། །གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་ཏེ། །སྲིད་པའི་འཁོར་ལོ་མ་ལུས་གཅོད་པའི་ཕྱིར། །ཐབས་མཁས་ཐུགས་རྗེས་འགྲོ་བ་འདྲེན་མཛད་པ། །རྒྱལ་ཉིད་རྡོ་རྗེའི་ཞབས་ཀྱི་པད་ལ་འདུད། །ཅེས་ཡི་དམ་ལ་ཕྱག་བྱའོ། །གཉིས་པ་མཆོད་པ་འབུལ་བ་ནི། སྔར་བཤམས་ཤིང་བྱིན་གྱིས་བརླབས་པའི་མཆོད་རྫས་རྣམས། བཟང་ཞིང་རྒྱ་ཆེ་བར་བསམས་ལ། ངག་ཏུ། སྟོང་གསུམ་འདི་དང་སྟོང་གསུམ་གཞན་དག་ན། །ལྷ་རྫས་མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །ཨོཾ་བཛྲ་སཏྭ་གུ་རུ་པ་དེ་བྷྱཿ སརྦ་སཏྭ་ཨུ་པ་ཀ་ར་ཎ་ཡ་ཨརྒྷཾ་སྭཱ་ཧཱ། ཞེས་པས་མཆོད་ཡོན་འབུལ། དེ་བཞིན་དུ་ཚིགས་བཅད་རྐང་པ་ཐ་མ་གཉིས་དང༌། གོང་མ་སྔར་བཞིན་ལས། རྐང་པ་གཉིས་པའི་མཆོད་ཡོན་གྱི་ཚབ་ཏུ། ཞབས་བསིལ་དང༌། སྔར་གྱི་ཨརྒྷཾ་གྱི་ཚབ་ཏུ། པཱ་དྱཾ་བཅུག་པས་ཞལ་བསིལ་འབུལ། དེ་བཞིན་དུ་མེ་ཏོག་དང༌། པུཥྤཾ། བདུག་སྤོས་དང༌། དྷཱུ་པཾ། མར་མེ་དང༌། དཱི་པཾ། དྲི་མཆོག་དང༌། གནྡྷཾ། ཞལ་ཟས་དང༌། ནཻ་ཝི་དྱེ། སིལ་སྙན་དང༌། ཤབྡ་སོགས་འདོན་པ་བསྒྱུར་ལ་འབུལ་ཞིང༌། རོལ་མོའི་སྒྲ་རྒྱ་ཆེར་བྱའོ། །དེ་ནས་གོས་སྣ་ཚོགས་པ་འབུལ་ཞིང༌། ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡང་མཛེས་ལྷ་ལས་བྱུང་བ་ཡི། །ན་བཟའི་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བགྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་བ་ས་སྱེ་ཨཱཿཧཱུྃ། ཞེས་བརྗོད། ཡང་རང་གི་སྙིང་ག་ནས་རིག་མ་བཅུ་དྲུག་དཔག་ཏུ་སྤྲོས་ལ། དེ་རྣམས་ཀྱིས་བླ་མ་དཀོན་མཆོག་མཆོད་པར་བསམ་ཞིང༌། སོ་སོའི་ཕྱག་རྒྱ་རྣམས་བཅས་ལ། དབང་སྔོན་མདོག་མཚུངས་རྡོ་རྗེ་པི་ཝང་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་པ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་པི་ཝང་སྒྲ་ཡིས་མཆོད། །ཨོཾ་བཛྲ་ཝཱི་ནི་ཧཱུྃ་ཧཱུྃ་ཕཊ། ཅེས་དང༌། དེ་བཞིན་དུ་རྐང་པ་བར་པ་གཉིས་ཐམས་ཅད་ལ་འདྲ་བར་སྦྱར་ལ། གསེར་བཟང་མདོག་མཚུངས་རྡོ་རྗེ་གླིང་བུ་མ། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས༴ །དཔལ་ལྡན་བླ་མ་གླིང་བུའི་སྒྲ་ཡིས༴། །ཨོཾ་བཛྲ་ཝཾ་སེ་ཧཱུྃ་ཧཱུྃ་ཕཊ། པདྨ་རཱ་གའི་མདོག་མཚུངས་རྫ་རྔ་མ། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས༴ །དཔལ་ལྡན་བླ་མ་རྫ་རྔའི་སྒྲ་ཡིས་མཆོད། །ཨོཾ་བཛྲ་མྲྀ་དཾ་གེ་ཧཱུྃ་ཧཱུྃ་ཕཊ། མརྒད་མདོག་མཚུངས་རྡོ་རྗེ་རྔ་ཟླུམ་མ། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས༴ །དཔལ་ལྡན་བླ་མ་རྔ་ཟླུམ་སྒྲ་ཡིས༴ །ཨོཾ་བཛྲ་མུརྫི་ཧཱུྃ་ཧཱུྃ་ཕཊ། ལི་ཁྲིའི་མདོག་མཚུངས་རྡོ་རྗེ་བཞད་པ་མ། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས༴ །དཔལ་ལྡན་བླ་མ་བཞད་པའི་བདེ་བས༴ །ཨོཾ་བཛྲ་ཧ་སྱེ་ཧཱུྃ་ཧཱུྃ་ཕཊ། ནམ་མཁའི་མདོག་མཚུངས་རྡོ་རྗེ་སྒེག་མོ་ནི། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས༴ །དཔལ་ལྡན་བླ་མ་སྒེག་མཛེས་བདེ་བས༴ །ཨོཾ་བཛྲ་ལཱ་སྱེ་ཧཱུྃ་ཧཱུྃ་ཕཊ། གུར་གུམ་མདོག་མཚུངས་རྡོ་རྗེ་གླུ་ལེན་མ། །སྣ་ཚོགས་དར་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས༴ །དཔལ་ལྡན་བླ་མ་སྙན་པའི་གླུ་ཡིས༴ །ཨོཾ་བཛྲ་གཱི་ཏཱི་ཧཱུྃ་ཧཱུྃ་ཕཊ། པྲི་ཡང་ཀུ་མཚུངས་རྡོ་རྗེ་གར་མཁན་མ། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས༴ །དཔལ་ལྡན་བླ་མ་མཛེས་པའི་གར་གྱིས༴ །ཨོཾ་བཛྲ་ནྲྀ་ཏྱེ་ཧཱུྃ་ཧཱུྃ་ཕཊ། ཟླ་བའི་མདོག་མཚུངས་རྡོ་རྗེ་མེ་ཏོག་མ། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས༴ །དཔལ་ལྡན་བླ་མ་མེ་ཏོག་སིལ་མས༴ །ཨོཾ་བཛྲ་པུཥྤེ་ཧཱུྃ་ཧཱུྃ་ཕཊ། ཨིནྡྲ་ནཱི་ལའི་མདོག་མཚུངས་བདུག་སྤོས་མ། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས༴ །དཔལ་ལྡན་བླ་མ་བདུག་སྤོས་སྤྲིན་གྱིས༴ །ཨོཾ་བཛྲ་དྷཱུ་པེ་ཧཱུྃ་ཧཱུྃ་ཕཊ། ཉི་མའི་མདོག་ཅན་རྡོ་རྗེ་མར་མེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས༴ །དཔལ་ལྡན་བླ་མ་མར་མེའི་ཕྲེང་བས༴ །ཨོཾ་བཛྲ་དཱི་པེ་ཧཱུྃ་ཧཱུྃ་ཕཊ། སིནྡྷཱུའི་མདོག་མཚུངས་རྡོ་རྗེ་དྲི་ཆབ་མ། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས་རབ༴ །དཔལ་ལྡན་བླ་མ་དྲི་བཟང་བྱུག་པས༴ །ཨོཾ་བཛྲ་གནྡྷེ་ཧཱུྃ་ཧཱུྃ་ཕཊ། ཆུ་ཤེལ་མདོག་མཚུངས་གཟུགས་ཀྱི་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས༴ །དཔལ་ལྡན་བླ་མ་གཟུགས་ཀྱི་བདེ་བས་མཆོད། །ཨོཾ་རཱུ་པ་བཛྲེ་ཧཱུྃ་ཧཱུྃ་ཕཊ། བཙོད་ཀྱི་མདོག་མཚུངས་རོ་ཡི་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་ཀྱིས༴ །དཔལ་ལྡན་བླ་མ་རོ་ཡི་བདེ་བས༴། །ཨོཾ་ར་ས་བཛྲེ་ཧཱུྃ་ཧཱུྃ་ཕཊ། སྣ་ཚོགས་མདོག་མཚུངས་རེག་བྱ་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས༴ །ནམ་མཁའ་གང་བར་སེམས་གྱིས༴ །དཔལ་ལྡན་བླ་མ་རེག་བྱའི་བདེ་བས༴ །ཨོཾ་སྤརྵེ་བཛྲི་ཧཱུྃ་ཧཱུྃ་ཕཊ། སྟོན་ཟླའི་མདོག་མཚུངས་ཆོས་དབྱིངས་རྡོ་རྗེ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ནས། །དཔལ་ལྡན་བླ་མ་ཆོས་ཁམས་བདེ་བས་མཆོད། །ཨོཾ་དྷརྨ་དྷཱ་ཏུ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་དོ། །དེ་ནས་ཕྱི་རོལ་མཆོད་པའི་ཆོ་ག་ལས་བཤད་པ་ལྟར། རིན་ཆེན་སྣ་བདུན་དང༌། འདོད་ཡོན་ལྔས་ཀྱང་མཆོད་ལ། རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་ནག་དང་སེར་སྐྱ་དང༌། །དེ་བཞིན་གོས་ནི་སྣ་ཚོགས་དང༌། །མེ་ཏོག་ཕྲེང་བ་དུ་མ་དང༌། །བླ་རེ་དག་དང་བཅས་པ་ཡིས། །འཕན་དང་ཡོལ་བས་ཤིན་ཏུ་མཛེས། །དེ་བཞིན་བཟའ་བཅའ་དུ་མ་ཡིས། །རབ་མཉམ་གཞག་པས་བླ་མ་མཆོད། །དྲིལ་དཔྱངས་མེ་ཏོག་སྤོས་ཀྱིས་བརྒྱན། །ཤིན་ཏུ་སྙན་པའི་དྲིལ་བུ་འཁྲོལ། །སྙན་པའི་རྔ་ཡི་སྒྲ་སྒྲོགས་ཤིང༌། །བཞད་པའི་སྒྲ་ཡིས་བླ་མ་མཆོད། །གསེར་དངུལ་བརྒྱ་སྟོང་དུ་མ་དང༌། །རིན་ཆེན་རྣམ་པ་སྣ་ཚོགས་དང༌། །རས་ནི་ཟུང་གྱུར་བརྒྱ་ཉིད་དང༌། །གླང་པོ་རྟ་དང་ཡུལ་འཁོར་དང༌། །རྣ་རྒྱན་དང་ནི་གདུ་བུའམ། །མགུལ་གདུབ་སོར་གདུབ་དམ་པ་དང༌། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་རྣམས། །བླ་མ་རྡོ་རྗེ་འཆང་ལ་འབུལ། །ཞེས་བརྗོད་དོ། །དེ་ནས་ནང་མཆོད་རྒྱས་པར་འབུལ་བའམ། དེ་ཙམ་མི་ནུས་ན། བར་མ་དབུགས་དབྱུང་མཆོག་དག་དང༌། །དྲི་ཡི་ཆུ་དང་བཅས་པ་ཡི། །ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེས། །ཧེ་རུ་ཀ་དཔལ་བླ་མ་མཆོད། །ཨོཾ་སརྦ་བཛྲ་ཀཱ་མི་ནི། སརྦ་བྷཀྵ་ཤོ་དྷ་ཡ། གུ་ཧྱ་བཛྲི་ཎི་ཧཱུྃ། ཞེས་བརྗོད་དོ། །དེ་ནས་བླ་ན་མེད་པའི་མཆོད་པ་སྒྲུབ་ཐབས་ནས་བཤད་པ་ལྟར་བྱས་ལ། རོལ་མོའི་སྒྲ་དང་བཅས་པས། ལྷ་མིའི་ལོངས་སྤྱོད་ཕུན་ཚོགས་ཐམས་ཅད་དང༌། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་དང༌། །གསང་དང་རབ་གསང་གསང་ཆེན་བླ་མེད་ཀྱིས། །མཆོད་པའི་སྤྲིན་ཆེན་རྒྱ་མཚོ་དག་གིས་མཆོད། །ཅེས་བརྗོད་ཅིང་ཅི་ནུས་པའི་མཆོད་པ་དབུལ་བར་བྱའོ། །དེ་ནས་སྡིག་པ་བཤགས་པ་དང༌། དགེ་བ་ལ་རྗེས་སུ་ཡི་རངས་བ། སྐྱབས་སུ་འགྲོ་ཞིང་ལུས་དབུལ་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། དགེ་བ་བསྔོ་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། དམ་ཚིག་དང་སྡོམ་པ་བཟུང་ཞིང་ལམ་སྟོན་པ་རྣམས་རྒྱུན་བཤགས་ནས་འབྱུང་བ་ལྟར་བྱ་སྟེ། བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཀྱང༌། །ཆགས་དང་ཞེ་སྡང་རྣམ་པར་རྨོངས་སེམས་ཀྱིས། །སྲིད་པ་ཉམ་ངར་སྡིག་པ་ཅི་བགྱིས་པ། །དེ་རྣམས་བསྡམས་ཏེ་ཐམས་ཅད་སོ་སོར་བཤགས། །རྫོགས་སངས་རྒྱས་མགོན་བྱང་ཆུབ་སེམས་དཔའ་དང༌། །འཕགས་པ་གཞན་གྱི་དགེ་བ་གང་བགྱིས་པ། །དེའང་བླ་མེད་བྱང་ཆུབ་འབྲས་ཐོབ་པར། །མ་ལུས་པ་ལ་རྟག་ཏུ་རྗེས་ཡི་རངས། །རྫོགས་སངས་རིན་ཆེན་རང་གི་སེམས་གནས་དང༌། །རྟོག་པའི་དྲྭ་བ་རབ་དྲལ་དམ་པའི་ཆོས། །ས་དབང་ཚོགས་དང་བརྟུལ་ཞུགས་དབང་དགེ་འདུན། །རབ་ཏུ་དད་པས་རྟག་ཏུ་སྐྱབས་སུ་མཆི། །རྒྱལ་དང་བདག་ཉིད་ལེགས་སྐྱེས་དེ་དག་ལ། །ཀུན་ནས་ཀུན་ཏུ་བདག་གིས་ལུས་འདི་འབུལ། །སེམས་དཔའ་མཆོག་གིས་བདག་ཉིད་ཡོངས་བཞེས་ལ། །དད་པས་ཁྱེད་ལ་འབངས་སུ་མཆི་བར་བགྱི། །གློ་བུར་ཉོན་མོངས་ཚད་པས་གདུངས་པ་ཡི། །བསྐྱེད་པའི་སྐྱེ་བོ་མཐའ་དག་གྲོལ་བའི་ཕྱིར། །དམ་ཆོས་བདུད་རྩིའི་ཆོས་རྣམས་བཤད་པ་རུ། །སྨན་མཆོག་མགོན་པོ་ལ་ནི་བདག་བསྐུལ་ལོ། །མཆོག་ཏུ་མི་དགེ་ལ་སོགས་རབ་བཅོམ་པའི། །བདུད་རྩི་སྐྱེ་རྒ་ན་དང་འཆི་བ་ལས། །མྱ་ངན་འདའ་བཞེད་གྱུར་པ་སྤངས་ནས་ནི། །སྨན་མཆོག་མགོན་པོ་ལ་ནི་བདག་གསོལ་འདེབས། །ལུས་ངག་ཡིད་ཀྱིས་བསོད་ནམས་ནི། །བགྱིས་སམ་བགྱིད་དུ་སྩལ་བའམ། །རྗེས་སུ་ཡི་རང་གང་ཅིའང་རུང༌། །དེས་ནི་འཇིག་རྟེན་ཀུན་མཁྱེན་ཤོག །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་དུ་ནི་སེམས་བསྐྱེད་ལྟར། །དེ་རིང་ཉིད་དུ་སེམས་བསྐྱེད་དོ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་གཟུང་བར་བགྱི། །ཇི་ལྟར་ཕྱོགས་བཅུའི་རྒྱལ་བ་ཡིས། །སྔོན་གྱི་བདེ་གཤེགས་གྲངས་མེད་ལ། །ཐུགས་བསྐྱེད་དམ་ཚིག་དཔག་མེད་དག །འཚང་རྒྱའི་བར་མི་བཏང་བ་ལྟར། །བདག་ནི་དེང་ནས་བྱང་ཆུབ་བར། །ལུས་སྲོག་ལྟོས་པ་མེད་པར་ཡང༌། །བསླབ་འདི་མིག་བཞིན་བསྲུང་ལ་གནས། །ཡེ་ཤེས་ཐུགས་ཀྱིས་དགོངས་སུ་གསོལ། །རྣམ་རྟོག་ཡེ་ཤེས་ལྔར་གྱུར་ལྔ། །རྟག་ཏུ་བསྟེན་ཅིང་སྤྱད་པར་བགྱི། །རྒྱལ་བ་རིགས་ལྔའི་བརྟུལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་བཏང་ངོ༌། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དག །རྟག་ཏུ་མི་ཕྱེད་བརྟུལ་ཞུགས་བཟུང༌། །རྒྱལ་བས་དགོངས་ཏེ་གསུངས་པ་ཡིས། །དམ་ཚིག་བཞི་པོ་བསྲུང་བར་བགྱི། །རྩ་བའི་ལྟུང་བ་བཅུ་བཞི་སོགས། །རིག་སྔགས་འཆང་ཀུན་མི་འདའ་ལྟར། །དེང་ནས་བླ་མེད་བྱང་ཆུབ་བར། །བདག་གིས་ཚུལ་བཞིན་བསྲུང་བར་བགྱི། །ཉིན་དང་མཚན་མོ་ལན་གསུམ་བཟླ། །ཟླ་རེ་བཅུ་ཕྲག་གཉིས་པ་དང༌། །བཅོ་ལྔ་ལ་ནི་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །འཁོར་བ་དག་ཀྱང་མི་སྤོང་ཞིང༌། །མྱ་ངན་འདས་ལ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །གུས་པས་བསྙེན་བཀུར་མཆོད་པར་བྱ། །བདག་གིས་སེམས་ཅན་ཐམས་ཅད་ལ། །བརྙས་པ་ཉིད་དུ་མི་བྱའོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །ཞེས་བརྗོད་པའམ། དེ་ཙམ་མི་ནུས་ན་དྷ་རི་ཀ་པའི་སྒྲུབ་ཐབས་ནས་བཤད་པ་ལྟར་རམ། བླ་མ་རྗེ་བཙུན་ཆེན་པོས་ལོ་ཧི་པའི་སྒྲུབ་ཐབས་སུ་གསུངས་པ་ལྟར། ཚིག་ལྷུག་པ་རྣམས་བརྗོད་པས་ཀྱང་དོན་གྲུབ་པ་ཉིད་དོ། །དེ་ནས་ཡིད་གྱིས་རྩེ་གཅིག་ཏུ་སྨོན་པའི་གནས་འདི་དག་མྱུར་དུ་འགྲུབ་པར་གྱུར་ཅིག་སྙམ་དུ་བསམས་ལ། བདག་གིས་དུས་གསུམ་དགེ་བ་ཅི་སྤྱད་པ། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་བདག་ཉིད་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ལྡན་བླ་མ་ལ་དད་ཅིང༌། །འཁོར་ལོ་བདེ་མཆོག་དམ་ཚིག་ལ་གནས་ཤོག །རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་འཆང༌། །ཟབ་ཅིང་རྒྱ་ཆེའི་ཆོས་ནི་རྟོགས་པ་དང༌། །ཀ་ཀོ་སི་ལ་ལ་སོགས་རྟག་བཟའ་ཞིང༌། །མཐར་ཐུག་བདེ་ཆེན་བསྒྲུབ་པའི་སྐལ་ལྡན་ཤོག །དེང་ནས་བྱང་ཆུབ་སྙིང་པོ་མཆིས་བར་དུ། །བཅོམ་ལྡན་བདེ་གཤེགས་ཀུན་ཏུ་བཟང་པོ་དང༌། །གསང་བའི་ཐེག་པ་དབྱེར་མེད་རྨད་བྱུང་ནི། །མི་འབྲལ་ཚུལ་བཞིན་རྟག་ཏུ་བསྒྲུབ་པར་ཤོག །སྒྲུབ་མཆོག་འདི་ལ་བར་ཆད་མི་འབྱུང་ཞིང༌། །ཚེ་འདི་ལ་སོགས་སྐྱེ་བ་བདུན་བར་དུ། །བཅོམ་ལྡན་བདེ་མཆོག་འཁོར་ལོ་ཆེན་པོ་ཡི། །ཞབས་རྡུལ་ཟེའུ་འབྲུ་སྤྱི་གཙུག་གནས་པར་ཤོག །གང་ཚེ་འགྲོ་བའི་མགོན་ལ་ལྟ་བའམ། །ཕྱིར་ཞིང་ཅུང་ཟད་འདྲི་བར་འདོན་ན་ཡང༌། །བཅོམ་ལྡན་བདེ་མཆོག་ཐུགས་ཀྱི་བདག་པོ་ནི། །ཐམས་ཅད་སྒྲིབ་མེད་ས་ལེར་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐའ་དང་མཉམ་པ་ཡི། །སེམས་ཅན་མ་ལུས་བྱང་ཆུབ་དགོད་པའི་ཕྱིར། །ཐུབ་པའི་དབང་པོའི་སྤྱོད་པ་ཅི་ལྟ་བར། །བདག་གི་སྤྱོད་པའང་དེ་དང་འདྲ་བར་ཤོག །སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་གི་བདེ་བས་དེ་ཀུན་བདེ་བར་ཤོག །ཚེ་རབས་ཀུན་ཏུ་སྒོ་གསུམ་རིན་ཆེན་དང༌། །བུམ་བཟང་དཔག་བསམ་ཤིང་སོགས་ལྟ་བུར་ཤོག །མགོན་པོ་ཀུན་མཁྱེན་ཐུགས་རྗེའི་བྱིན་རླབས་དང༌། །སྒྲུབ་པ་མཆོག་ལ་རྩེ་གཅིག་སྦྱངས་པ་ཡི། །བདེར་གཤེགས་མཁའ་འགྲོའི་དངོས་གྲུབ་མཆོག་ཐོབ་ནས། །སེམས་ཅན་ཐམས་ཅད་སྨིན་པའི་མཐུ་ལྡན་ཤོག །དབང་དང་མངོན་ཤེས་སོ་སོར་རིག་པ་དང༌། །གཟུངས་དང་རྣམ་པར་ཐར་པའི་སྒོ་ཐོབ་ནས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །གནས་དང་ཉེ་གནས་ལ་སོགས་འགོད་པར་ཤོག །ཏིང་འཛིན་མང་པོས་གདུལ་བྱའི་རྒྱུད་མཁྱེན་ནས། །ཐམས་ཅད་འདུན་གནས་སྔགས་ཀྱི་གཟུངས་ཀྱིས་ནི། །སྣ་ཚོགས་ནམ་མཁའ་ཁྱབ་པའི་ཆོས་བསྟན་ནས། །ཞིང་དང་ཉེ་བའི་ཞིང་སོགས་འགོད་པར་ཤོག །བདེར་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡིས། །དམ་བཅས་བསྲུང་ཞིང་དངོས་གྲུབ་མཆོག་སྩོལ་བའི། །ཐུགས་དམ་བཞིན་དུ་རྟག་བསྲུང་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་སྩོལ་བར་ཤོག །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་རྒྱལ་མཚན་གདུགས་ཚོགས་ཐོགས་ནས་ཀྱང༌། །རོལ་མོའི་སྒྲ་དང་གླུ་སྙན་ཚོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་ཕྱིན་པར་ཤོག །སྐད་ཅིག་དེ་ལ་སྣང་བ་གསུམ་ཐོབ་ནས། །གསལ་དང་རྟགས་སྣང་རང་གི་རིག་ཐོབ་ནས། །དུར་ཁྲོད་ལ་སོགས་རྒྱལ་གཉིས་ས་ཐོབ་སྟེ། །ཚནྡོ་ལ་སོགས་ས་ལ་འགོད་པར་ཤོག །ཤིན་ཏུ་རྣམ་པར་དག་པ་ཀུན་གྱི་མཆོག །གདོད་ནས་རྣམ་པར་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་པོ་རུ། །སྲས་ཀྱི་བདག་པོ་ཉིད་དུ་བདག་གྱུར་ཅིག །ས་གསུམ་མཐར་ཕྱིན་གསུམ་ཕྲག་གསུམ་གནས་ཤོག །ཤེས་བརྒྱད་གྱུར་པ་ཡེ་ཤེས་ལྔར་གྱུར་ཏེ། །ཡེ་ཤེས་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི། །ཆོས་སྐུ་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག །ཆོས་དབྱིངས་ལས་བྱུང་ནམ་མཁའི་མཚན་ཉིད་འདྲ། །ཐོག་མ་དང་ནི་ཐ་མ་མེད་པའི་བདག །སེམས་དཔའ་རྡོ་རྗེ་ཐུགས་ཀྱི་བདག་པོ་རུ། །རྡོ་རྗེ་སེམས་དཔའ་ཉིད་དུ་བདག་གྱུར་ཅིག །དངོས་གྲུབ་མ་ལུས་པ་ནི་ཀུན་གྱི་གནས། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷར་གྱུར་པ། །སྡུག་པོས་བརྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །མི་འགྱུར་དམ་པ་ཉིད་དུ་བདག་གྱུར་ཅིག །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་པ། །འདོད་ཆགས་ཀུན་གྱི་རྗེས་སུ་རབ་ཆགས་པས། །འདོད་ཆགས་མེ་ཀུན་རང་བཞིན་རྣམ་དག་པ། །གསུང་གི་དབང་ཕྱུག་ཉིད་དུ་བདག་གྱུར་ཅིག །ང་རྒྱལ་གནས་དག་མཉམ་ཉིད་ལྷུན་གྱིས་གྲུབ། །ཡོན་ཏན་ཡིད་བཞིན་རྒྱ་ཆེ་མཁའ་འདྲ་བ། །གདུལ་བྱ་རྫོགས་སངས་ཉིད་དུ་རེ་སྐོང་བ། །རྡོ་རྗེ་ཉི་མ་ཉིད་དུ་བདག་གྱུར་ཅིག །ཕྲག་དོག་དག་པས་བྱ་བ་གྲུབ་བརྙེས་ཤིང༌། །ཕྲིན་ལས་རྒྱ་མཚོ་གདུལ་བྱ་དཔག་མེད་རྣམས། །སྒྲུབ་མཆོག་ཕྱག་རྒྱ་ཆེ་ལ་འགོད་མཛད་པ། །བདེར་གཤེགས་གདོན་མི་ཟ་བར་བདག་གྱུར་ཅིག །དུས་གསུམ་བདེ་བར་གཤེགས་པ་ཀུན་གྱི་བདག །དཔལ་ལྡན་བདེ་གཤེགས་འཁོར་ལོའི་སྐུ་རུ་གྲུབ། །ནམ་མཁའ་དག་དང་མཉམ་པའི་མཐུ་སྟོབས་ཀྱིས། །འཁོར་འདས་མ་ལུས་འདྲེན་པའི་དཔལ་དུ་ཤོག །ཅེས་ཞེ་ཐག་པ་ནས་སྨོན་ལམ་གདབ་བོ། །བཅུ་གཉིས་པ་གནང་བ་ནོད་པ་ནི། བླ་མ་ལ་སོགས་པ་ཚོགས་ཞིང་དེ་དག་གི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱི་གནས་པ་འདི་ལེགས་པར་གནས་པ་ཡིན་གྱི། གནས་པ་འདིས་གནས་ན་མཆོག་འགྲུབ་པར་འགྱུར་རོ། །ཞེས་གསུངས་པར་བསམ་མོ། །བཅུ་གསུམ་པ་གཤེགས་སུ་གསོལ་བ་ནི། གོང་དུ་བཤད་པའི་སྔགས་ཀྱིས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་ཕུལ་ནས། འདོད་པའི་དོན་ལ་གསོལ་བ་དྲག་ཏུ་གདབ་ཅིང༌། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས་ལ། སོ་སོ་སྐྱེ་བོར་གྱུར་གང་དང༌། །རྣལ་འབྱོར་མ་ཐོབ་དབང་གིས་དང༌། །ཉེ་བར་མཁོ་བ་མེད་པ་དང༌། །བརྗེད་དང་ཤེས་བཞིན་མ་ཡིན་པས། །ཅུང་ཟད་ཆོ་ག་ཉེར་མ་ཚང༌། །དེ་དག་བཀྲུ་ཞིང་བཟོད་མཛད་རིགས། །ཆོ་གའི་བྱ་བ་མ་ཚང་བ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང༌། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་བཟོད་པར་མཛོད། །ཅེས་པས་ཆོ་གའི་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང༌། ཨོཾ་བཛྲ་མུཿཞེས་བརྗོད་པས། ཚོགས་རྟེན་འཁོར་བཅས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་བར་བསམ་མོ། །གསུམ་པ་ནི། དེ་ལྟར་ཚོགས་བསགས་བཅུ་གསུམ་ཉམས་སུ་བླངས་པ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་མཆོག་ལ་དབང་ནོད་ནས། །ཡང་དག་ལམ་གྱིས་གྲོལ་གྱུར་ཏེ། །རྡོ་རྗེ་འཛིན་པར་འཇུག་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པ། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེས་ནི་སངས་རྒྱས་མྱུར་ཐོབ་ཤོག །བསོད་ནམས་འདིས་ནི་ཡང་ཡང་སྐྱེ་བའི་རིམ་པ་རྣམས་སུ་ཡང༌། །གཙོ་བོ་དབང་བསྐུར་སྐུ་ཡི་འོད་ཟེར་ནམ་མཁའ་ཁྱབ་པར་གྲགས་པ་ཡིས། །རྡོ་རྗེ་རོལ་པར་ལྷན་ཅིག་སྲིད་གསུམ་དེ་ཡི་གོ་འཕང་འཐོབ་པར་ཤོག །བསོད་ནམས་ཀྱིས་ནི་འགྲོ་བ་རྣམས་ལ་ནི། །ཡུན་རིང་འཇིགས་པ་མེད་པ་དགའ་བ་དང༌། །བདག་གཞན་བདེ་བ་མཆོག་ནི་སྐྱེད་གྱུར་ཅིག །དེ་ཉིད་གསལ་བྱེད་རྨོངས་པ་རབ་འཛོམས་ཤིང༌། །མཆོག་ཏུ་མི་འཇིགས་སྟེར་བའི་མངའ་བདག་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཤོག །བདེ་བ་ཕུན་ཚོགས་ཡང་དག་ལྡན། །ནད་མེད་དགེ་བའི་སེམས་དང་ནི། །འདོད་དང་ཐར་སོགས་ཡང་དག་ཐོབ། །ཕུན་སུམ་ཚོགས་པ་འགྲུབ་གྱུར་ཅིག །སྦྱིན་པ་ལ་སོགས་རྣམས་ཀྱི་འགྲོ་བའི་ཡིད་ལ་རེ་བ་ཡང་དག་རྫོགས་པའི་མཆོག །རྣམ་རྟོག་གཏི་མུག་གྲོང་ཁྱེར་ཐམས་ཅད་བཅོམ་ཞིང་ཧེ་རུ་ཀ་སོགས་མཁའ་འགྲོ་མས། །འཁོར་ལོ་ཡོངས་བསྐོར་རྒྱལ་བ་བླ་མ་ཡེ་ཤེས་འབྱུང་གནས་ཐར་པ་སྟེར་བ་གང༌། །འདི་དང་ཤིན་ཏུ་བརྩེ་བ་ཆེ་ལྡན་འཕགས་དཔལ་འབྱོར་བའི་མྱུར་བར་རྟག་ཏུ་ཤོག །ཞེས་སོགས་ཅི་ལྟར་རིགས་པའི་བསྔོ་བ་དང༌། བཀྲ་ཤིས་བརྗོད་ནས་མཆོད་རྫས་དམན་པ་རྣམས་བསྡུས་ལ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ཞིང༌། ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཚུལ་འདི་ལ་རྟག་ཏུ་རྣལ་འབྱོར་དུ་བྱས་ན། རྡོ་རྗེ་འཆང་གིས་སྐྱེ་བ་འདི་ལ་མངོན་དུ་བྱེད་ཅིང༌། དངོས་གྲུབ་གཞན་ཐམས་ཅད་ཞར་ལ་གྲུབ་པ་ཉིད་དོ། །རྨད་བྱུང་ཡོན་ཏན་ཀུན་གྱི་གཞི་གཅིག་པུ། །དངོས་གྲུབ་རྩ་བ་དཔལ་ལྡན་བླ་མ་ཉིད། །བསམ་སྦྱོར་དག་པས་བསྟེན་ཅིང་གུས་མཆོད་ན། །འཕྲལ་དང་ཡུན་གྱི་དགེ་ལེགས་ཀུན་འབྱུང་ཞེས། །ལུང་ལས་གསུང་ཞིང་ཚད་མར་གྲུབ་པས་ན། །བདག་ཉིད་ལེགས་པར་འདོད་པའི་སྐྱེ་བོ་དག །ལུས་དང་ལོངས་སྤྱོད་བདོག་པའི་དངོས་ཀུན་དང༌། །སྲོག་གི་བར་གྱི་བླ་མ་བསྟེན་པ་གཅེས། །དེ་ཕྱིར་བདག་ཀྱང་ཚུལ་འདིར་འབད་འདོད་ནས། །བདག་ཉིད་ཆེན་པོ་བླ་མ་མཆོད་པའི་ཚུལ། །དྲི་མེད་རྒྱུད་དང་གཞུང་གི་དགོངས་པ་ལྟར། །འཁྲུལ་མེད་གོ་སླའི་ངག་གིས་གསལ་བར་བཤད། །འདི་སྦྱར་དགེ་བ་དལ་འགྲོའི་རྒྱུན་བཟང་དེས། །ཀུན་མཁྱེན་བསོད་ནམས་རྒྱ་མཚོ་ཆེར་ཞུགས་ནས། །དཔལ་འབྱོར་ཡིད་བཞིན་ནོར་བུས་འགྲོ་ཀུན་གྱི། །ཆོས་དང་བསོད་ནམས་རྒྱས་པར་བྱེད་གྱུར་ཅིག །དཔལ་འཁོར་ལོ་བདེ་མཆོག་གི་རྒྱུད་རྣམས་ལས་གསུངས་པ། གྲུབ་པའི་དབང་ཕྱུག་ཆེན་པོ་ནཱ་རོ་ཏ་པའི་མན་ངག བླ་མ་མཆོད་པའི་ཆོ་ག་བསོད་ནམས་རབ་རྒྱས་ཞེས་བྱ་བ་འདི་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྗེ་བཙུན་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་གུས་པས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་ཁྲོ་མོའི་ལོ་དབོ་ཟླ་བའི་ཚེས་གཅིག་ལ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་ཤཱཀྱའི་རྒྱལ་མཚན་ནོ། །ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭ་ཧི་ཏོ་བྷ་ཝནྟུ། འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །། ༄༅། །བདེ་མཆོག་འཁོར་ལོའི་ཕོ་བྲང་གི་རྣམ་བཤད་བཞུགས་སོ།། ༈ །ཨོཾ་སྭ་སྟི། ཐབས་ཤེས་གཉིས་མེད་བདེ་བ་ཆེ། །དཔལ་ལྡན་འཁོར་ལོ་སྡོམ་པ་ལ། །བཏུད་དེ་དེ་ཡི་དཀྱིལ་འཁོར་གྱི། །ཚད་དང་རྣམ་བཞག་གསལ་བར་བྲི། །འདིར་རྡོ་རྗེ་འཆང་གཉིས་པ་རྗེ་བཙུན་རིན་པོ་ཆེའི་ཞལ་སྔ་ནས། བདེ་མཆོག་ལཱུ་ཧི་པའི་སྒྲུབ་ཐབས་ལས། དེ་ལ་འཁོར་ལོའི་བཞིའི་ས་གཞི་ནི་སྔོན་པོ་ཡིན་ལ། ས་གཞིའི་སྟེང་ནས་རྩིབས་ཀྱི་ངོ་བོ་ཅུང་ཟད་ཙམ་འཕག་པ་ཡིན་ལ། འཁོར་ལོ་སོ་སོའི་མཐོ་དམན་གྱི་ཁྱད་པར་ནི། ལྷ་རྣམས་རང་གི་པུས་མོའི་ཚད་ཙམ་རེས་འཕག་པ་ཡིན་ལ། རྡོ་རྗེ་ལ་སོགས་པ་རྭ་བའི་དཔངས་ནི། ལྷ་དེ་དག་གི་སྐུའི་རྐེད་པ་ཙམ་སླེབས་པ་ཡིན་ཅིང༌། ཀ་བའི་དཔངས་ནི་དབུའི་སྟེང་ནས་ཡར་ཁྲུ་གང་ཙམ་གྱི་འཕག་པའི་ཚད་ཡིན་ལ། སྟེང་གི་ཕུབ་ཀྱིས་ནི་འོག་མའི་ཕུབ་ནོན་པ་སྟེ། བློའི་སྣང་བ་ལ་ཆར་གྱི་ཆུ་ལྟ་བུར་ཡང་གཅིག་གི་སྟེང་དུ་གཅིག་གི་ཆུ་བབས་ནས། དམ་ཚིག་འཁོར་ལོའི་ཕུབ་ཀྱི་འདོད་ཡོན་གྱི་སྣམ་བུའི་ཐད་སོ་ནོན་པ་ཙམ་སྟེ། ཆུ་ཡང་འདོད་ཡོན་གྱི་ཕྱི་སོར་འགྲོ་བ་ལྟ་བུའོ། །དམ་ཚིག་གི་འཁོར་ལོ་ནི། དཀྱིལ་འཁོར་གྱི་ས་གཞི་ལ་ཕེབས་པ་སྟེ། ཁ་དོག་ནི་ཤར་སྔོ་བ། ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བའོ། །ཞེས་གསུངས་ལ། དེའི་དོན་བཤད་ན། དེ་ལ་གཞལ་ཡས་ཁང་ཆ་ཆེན་བཅུ་དྲུག་དུ་བྱས་ལ། ཚངས་ཐིག་ནས་བགྲངས་པའི་ཆ་ཆེན་ལྔ་པ་དབུས་དོར་མཐའ་གཉིས་བཏབ་པའི་ནང་མ་ལ་རྩིག་པ་རིམ་པ་ལྔ་དཔངས་སུ་ཆ་ཆེན་བཞི། ཕ་གུ་ཆ་ཕྲན་གཅིག དྲྭ་བའི་ས་ཆ་ཕྲན་གཉིས། གསེར་གྱི་སྐ་རགས་ཆ་ཕྲན་གཅིག་གི་ལྔ་ཆ་དང་བཅས་པའོ། །སྒོའི་ནང་དུ་དམ་ཚིག་འཁོར་ལོའམ། ལྷ་སྣམ་ཕྱོགས་རེ་རེ་ནས་ཆ་ཆེན་རེ་རེ་པ། དཔངས་ཆ་ཕྲན་གཅིག་པ། དེའི་སྟེང་དུ་འཁོར་ལོ་བཞིའི་སྟེགས་བུའམ། ས་གཞི་ནི་གྲུ་བཞི་པ། རྒྱར་ཆ་ཆེན་དྲུག་པ། དཔངས་སུ་ཆ་ཆེན་གསུམ་དང༌། ཆ་ཕྲན་ཅིག་དང་ཆ་ཕྲན་གཅིག་གི་ལྔ་ཆ་ཡིན་ལ། ཁ་དོག་ནི་སྔོན་པོ་སྟེ། ཨིནྡྲ་ནཱི་ལའི་ས་གཞི་ལ། །འཁོར་ལོ་གསུམ་གྱི་བདག་ཉིད་བསམ། །ཞེས་པས་སོ། །གལ་ཏེ་དེ་ནི་ཕྱོགས་མདོག་གི་དབུས་སྔོན་པོར་འདྲི་བའི་ལུང་ཡིན་གྱི། སྟེགས་བུའི་ཤེས་བྱེད་མ་ཡིན་ནོ་སྙམ་ན། ལུང་དེས་ཕྱོགས་མདོག་གི་དབུས་སྔོན་པོར་བྲི་བ་བསྟན་ན། ཤར་སྔོན་པོར་ཡོད་པས་དབུས་དཀར་པོར་རིགས་པ་ལ་དེ་ལྟར་མ་བསྟན་པས་སོ། །གལ་ཏེ་སྟེགས་བུ་བྲི་བྱའི་སྐབས་སུ་འཆད་པ་མི་རིགས་སོ་ཞེ་ན་སྐྱོན་མེད་དེ། །རིག་པ་མཆོག་གི་རྒྱུད་ལས་དཀྱིལ་འཁོར་གྱི་དབུས་སུ་ལག་ན་རྡོ་རྗེ་གནས་པའི་སྟེགས་བུ་བྱས་ལ། ཞེས་བྲི་བྱའི་སྐབས་ནས་སྟེགས་བུ་བཤད་པའི་ཕྱིར་རོ། །སྟེགས་བུ་དེའི་སྟེང་དུ་ཕྱོགས་བཞི་ནས་ཆ་ཕྲན་ཕྱེད་ཕྱེད་དོར་བའི་དབུས་སུ། འཁོར་ལོ་སོ་སོའི་ས་གཞིའམ་སྟེགས་བུ་ཟླུམ་པོ་དེ་དག་གི་སྟེང་ནས་ཡར་འཁོར་ལོའི་རྩིབས་ཀྱི་ངོ་བོ་ཅུང་ཟད་དེ། ནས་རེ་ཙམ་འཕག་པ་ཡིན་ལ། སྐུ་གསུང་ཐུགས་དང་བདེ་ཆེན་འཁོར་ལོ་རྣམས་ཀྱི་སོ་སོའི་མཐོ་དམན་གྱི་ཁྱད་པར་ནི། ལྷ་རྣམས་རང་རང་གི་པུས་མོའི་ཚད་ཙམ་རེ། ལྷའི་སྐུ་ཚད་ཆ་ཆེན་གཅིག་ལ། པུས་མོ་མན་ཆད་ལུས་ཀྱི་བཞི་ཆ་ཡིན་པས་ན། སྟེགས་བུ་ལས་ཆ་ཕྲན་གཅིག་གི་སྐུ་འཁོར་མཐོ་བ་ནས་རིམ་པ་བཞིན་ཆ་ཕྲན་རེས་འཕག་པ་ཡིན་ལ། རྡོ་རྗེ་ལ་སོགས་པ་པདྨ་འཁོར་ལོ་གྲི་གུག་རྣམས་ཀྱི་རྭ་བའི་དཔངས་ནི་ལྷ་དེ་དག་གི་སྐུའི་རྐེད་པ་ཙམ་སླེབས་པ་དེར་ཆ་ཕྲན་གཉིས་ཡིན་ཞིང༌། འཁོར་ལོ་གསུམ་བདེ་ཆེན་འཁོར་ལོ་དང་བཅས་པའི་ཀ་བའི་དཔངས་ནི་ལྷ་རང་རང་གི་དབུའི་སྟེང་ནས་ཡར་ཁྲུ་གང་ཙམ་རེ་ཆ་ཕྲན་གཅིག་གིས་འཕག་པའི་ཚད་ཡིན་ལ། ཀ་བའི་སྟེང་དུ་གདུང་ཆ་ཕྲན་ཕྱེད་ཕྱེད་དང༌། ཐོག་གི་དཔངས་ལ་ཆ་ཕྲན་ཕྱེད་ཕྱེད་ཀྱིས་འཕག་པ། འཁོར་ལོ་གོང་མ་གོང་མའི་ཀ་བ་སོ་སོའི་གཤམ་ནས་གྱེན་དུ་ཆ་ཆེན་རེ་རེས་འཕག་པའི་སར། འཁོར་ལོ་འོག་མ་འོག་མའི་ཁྱམས་འདེགས་པའི་བར་བཀགས་དང་བཅས་པ་བདེ་ཆེན་འཁོར་ལོའི་ཀ་བ་བརྒྱད་ཀྱི་སྟེང་དུ་གདུང་བཞིས་མིག་མངས་རིས་སུ་ཕུབ་པའི་ཕྱོགས་མཚམས་ཀྱི་རེ་མིག་བརྒྱད་ལེགས་པར་ཕུབ་ནས། རེ་མིག་དབུས་མའི་སྟེང་དུ་རིན་པོ་ཆེའི་རྩིག་པ་ཆ་ཕྲན་གསུམ་དང་ཆ་ཕྲན་གཅིག་གི་ལྔ་ཆ། ཕ་གུ་ཆ་ཕྲན་སུམ་ཆ། དྲྭ་བའི་ས་ལ་ཆ་ཕྲན་སུམ་གཉིས། དེའི་སྟེང་མཉམ་པར་ཕུབ་པའི་རྩེ་མོར་ཏོག་གིས་སྤྲས་ཏེ། བདེ་ཆེན་འཁོར་ལོའི་སྟེང་གི་ཕུབ་ཀྱི་འོག་མ་བདེ་ཆེན་འཁོར་ལོའི་ཕུབ་ནོན་ལ། དེ་བཞིན་དུ་ཐུགས་འཁོར་གྱི་གསུང༌། གསུང་གི་སྐུ། སྐུས་དམ་ཚིག་གི་འཁོར་ལོ་ནོན་པ་སྟེ། བློའི་སྣང་བ་ལ། ཁང་པ་གོང་མའི་ཆར་གྱི་ཆུ་ཁང་པ་འོག་མའི་ཐོག་ཏུ་འབབ་པ་ལྟ་བུ། འཁོར་ལོ་བཞི་པོ་ཡང་གཅིག་གི་སྟེང་དུ་གཅིག་གི་ཆུ་བབས་ནས་དམ་ཚིག་འཁོར་ལོའི་ཁྱམས་ཕྱི་མ་གསེར་གྱི་སྐེ་རགས་དང༌། ནང་མ་སྐུ་འཁོར་གྱི་བར་བཀབ་པ་ལ་བརྟེན་ནས་ཕུབ་པའི་འདོད་ཡོན་གྱི་སྣམ་བུའི་ས་སྟེགས་ནོན་པ་ཙམ་སྟེ། ཆུ་ཡང་འདོད་ཡོན་གྱི་སྣམ་བུའི་རྒྱར་ཆ་ཕྲན་གཉིས་པ། དཔངས་སུ་ཆ་ཕྲན་གཅིག་པའི་ཕྱི་སོར་འགྲོ་བ་ལྟ་བུའོ། །དམ་ཚིག་འཁོར་ལོ་ནི། དཀྱིལ་འཁོར་གྱི་གཞི་ལ་ཕེབས་པ་སྟེ། ཁ་དོག་ནི་འདིར་རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པའི་སྐུ་མདོག་གི་དབང་དུ་བྱས་ནས། ཤར་དུ་མཁའ་འགྲོ་མ་ལ་མི་བསྐྱོད་པས་རྒྱས་འདེབས་པས་སྔོ་བ། དེ་བཞིན་དུ་ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བ། དབུས་སུ་རྡོ་རྗེ་ཕག་མོ་ལ་རྣམ་སྣང་གིས་རྒྱས་འདེབས་པས་ན་དཀར་པོའོ། །གཞལ་ཡས་ཁང་གི་ཏོག་གི་རྩ་བ་ནས་འདོད་ཡོན་གྱི་བར་དང༌། ཤར་གྱི་རྩིག་པ་ནས་ནུབ་ཀྱི་རྩིག་པའི་བར་མཉམ་པོ་ཡིན་ཏེ། ལུས་གྲུ་བཞི་མཉམ་པ་དང་མཚུངས་པའི་ཕྱིར་རོ། །རྩིག་པའི་དཔངས་ནི་རྒྱ་དཔངས་མཉམ་པོ་དང༌། རྒྱ་ཕྱེད་དཔངས་ལ་སོགས་པ་བཞེད་པ་མང་ཡང་འདིར་ནོར་བུ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པའི་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ལས། ས་ཕྱོགས་དེར་ནི་རིན་པོ་ཆེ་སྣ་བདུན་གྱིས་ཁང་པ་བརྩེགས་མ། གྲུ་བཞི་པ། ཀ་བ་བཞི་ཟུག་པ། སྒོ་བཞི་བཏོད་པ། མཉམ་པ། ཉམས་དགའ་བ། ཤིན་ཏུ་རྣམ་པར་ཕྱེ་བ། ཆེས་མཛེས་པར་བྱས་པ། བཀྲ་བ། བལྟ་ན་སྡུག་པ། འོད་འབར་བ། ཐེམ་སྐས་བཞི་དང་ལྡན་པ། འཕང་དུ་དཔག་ཚད་གསུམ་ཡོད་པ། རྒྱར་དཔག་ཚད་ལྔ་ཡོད་པ་ཞིག་བྱུང་ངོ༌། །ཞེས་གསུངས་པའི་རྗེས་སུ་འབྲངས་པ་སྟེ་རྒྱས་པར་ལོགས་སུ་ཤེས་སོ། །བདེ་མཆོག་འཁོར་ལོའི་ཕོ་བྲང་གི །རྣམ་བཤད་ཞིབ་མོར་ཕྱེ་བའི་ཚུལ། །ཀུན་མཁྱེན་གཉིས་པ་བུ་སྟོན་སོགས། །བོད་ཡུལ་སྔོན་བྱོན་མཁས་རྣམས་ཀྱིས། །གསལ་བར་བཤད་པ་མ་མཐོང་ནས། །རྗེ་བཙུན་བླ་མའི་དགོངས་པ་ལྟར། །དགེ་སློང་ཀུན་དགའ་བཟང་པོས་བྲིས། །དགེ་བས་རྡོ་རྗེ་འཛིན་ཐོབ་ཤོག། །། ༄༅། །མཁའ་སྤྱོད་ཀྱི་མན་ངག་རིལ་བུ་ལ་བརྟེན་ནས་སྒྲུབ་པ་བཞུགས་སོ།། ༈ །ན་མཿཤྲཱི་ཙཀྲ་སཾ་བྷ་རཱ་ཡ། དཔལ་འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད་ཀྱི་མན་ངག རྣལ་འབྱོར་གྱི་དབང་ཕྱུག་ནཱ་རོ་ཏ་པའི་ཞལ་གྱི་བདུད་རྩི་མཁའ་སྤྱོད་ཀྱི་དངོས་གྲུབ་བསྒྲུབ་པར་འདོད་ན། བསྙེན་པ། སྒྲུབ་པ། ལས་ལ་སྦྱར་དང་གསུམ་གྱི་དང་པོ་ནི། མངལ་སྐྱེས་སམ་སྒོང་སྐྱེས་གང་རུང་བསྒོམས་ནས་ཡབ་ཀྱི་ཡི་གེ་བདུན་པ་ལ་བསྙེན་པ་འབུམ་ཕྲག་བཞིའམ། མི་གྲུབ་ཁ་མེད་དུ་འབུམ་ཕྲག་བདུན་བཟླའོ། །གཉིས་པ་ནི། དེ་ནས་དཔའ་བོ་གཡུལ་དུ་བསད་པའི་རྐང་མཐིལ་གྱི་པགས་པ་སྐམ་པོ་དང༌། དཔའ་བོ་དེ་ཉིད་ཀྱི་ཁྲག་ཆ་གཅིག ལིག་པུ་མིག་སྟེ་ཟངས་གླིང་ལ་སོགས་པའི་གླིང་གཞན་ནས་འབྱུང་བའི་རྡོའི་བྱེ་བྲག་ཡིན་ཏེ་ཆ་གཅིག དམར་ཆོས་རྒྱལ་གླིང་མཐའི་རྡོ་བས་རུང་གསུང༌། སྡོང་རོས་དང༌། གི་ཝང་དང༌། ཁ་ཆེ་གུར་གུམ་གསུམ། ཞོ་ཆ་ལ་ཆ་མཉམ་པ། དཔའ་བོའི་ཁྲག་བསྲེས་པ་ཆ་གཅིག བླ་མ་དམར་དཔའ་བོའི་སྙིང་ཁྲག་དགོས་གསུང༌། རྫས་ལྔ་པོ་དེ་ལ་རིལ་བུ་སྲན་མ་འབྲིང་པོ་ཙམ་བྱས་ལ་གྲིབ་མ་ལ་བསྐམས་ཏེ། དེ་གསེར་མ་ཤ་ཀ་གསུམ་དང་ར་ཏི་ལྔ་ལ་བྱས་པའི་ག་འུར་བཅུག དེ་དངུལ་མ་ཤ་ཀ་གསུམ་དང་ར་ཏི་བདུན་ལ་བྱས་པའི་ག་འུར་བཅུག དེ་ཟངས་མ་ཤ་ཀ་བཞི་དང་ར་ཏི་གསུམ་ལས་བྱས་པའི་ག་འུར་བཅུག དེ་གྲོག་གམ། ཤོག་བུའམ། དར་རམ། རས་ལ་གི་ཝང་དང་གུར་གུམ་བསྲེས་པས། ཡི་གེ་བདུན་པའི་འཁྲུལ་འཁོར་བྲིས་ལ་རབ་གནས་བྱས་པས་དྲིལ་ནས། ཐོད་པ་མཚན་ལྡན་ནམ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཅུག་ལ་བཞག་གོ །དེ་ནས་མཚམས་དམ་པོར་བྱས་ལ་ཐུན་བཞིའི་ངེས་པས་བདག་བསྐྱེད་མངལ་སྒོང་གང་རུང་བསྒོམ་མོ། །མདུན་དུ་རིལ་བུའི་སྣོད་བཞག་ལ། སུམྦྷ་དང་ནང་མཆོད་གཏོར་བས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྫས་ཀྱི་རིལ་བུ་མཁའ་སྤྱོད་ཀྱི་དངོས་གྲུབ་སྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ལ་ཡུལ་ཉི་ཤུ་རྩ་བཞི་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ནས་རིལ་བུ་ལ་ཐིམ་པར་བསམས་ལ། སྣོད་ལ་གཟུངས་ཐག་བཏགས་པ་བཟུང་ནས་ཡི་གེ་བདུན་པ་བཟླས་སོ། །འདི་ལ་གྲངས་ཀྱི་ངེས་པ་མི་དགོས། རིལ་བུ་དྲོ་བའམ་དུ་བ་འཐུལ་བའམ་འོད་འབར་བའི་རྟགས་གསུམ་གང་རུང་མ་བྱུང་གི་བར་དུ་བྱའོ། །གསུམ་པ་ནི། དུར་ཁྲོད་དམ་རང་གནས་སུ་ཡང་རུང་སྟེ། བདེ་མཆོག་གི་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་ལ། མི་འགགས་ནས་ཤི་བའི་རོ་བདུད་རྩི་ལྔས་བཀྲུས་སྟེ་རྡུལ་ཚོན་གྱི་ཤར་སྒོར་བཞག་ལ་རིལ་བུ་དེའི་ཞལ་དུ་གཞུག རང་སྟན་བདེ་བ་ལ་བསྡད་ནས་ཡི་དམ་ལྷའི་ཏིང་ངེ་འཛིན་བསྒོམ། རང་གི་སྙིང་ག་ནས་འོད་ཟེར་སྤྲོས་ཏེ་རོའི་སྙིང་གར་ཕྱིན་པས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་གྲུབ་པར་བསམ། ཧཱུྃ་དེའི་འོད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ཏེ་ཧཱུྃ་དེ་ལ་ཞུགས་པས་ཡབ་གྱི་ཡི་གེ་བདུན་པའི་སྔགས་སུ་གྱུར་པར་བསམ། སྔགས་དང་ཧཱུྃ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར་པར་བསམས་ནས། སྔགས་བཟླས་ཤིང་ཐུན་མཚམས་སུ་མཆོད་པ་དང༌། འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པ་ལ་གཏོར་མ་འབུལ་ཞིང་ཐུན་བཞིར་བསྒྲུབ་པ་བྱས་པས་རོ་དེའི་སྔགས་ཀྱི་རིལ་བུ་ཕྱིར་ཕུལ་བྱུང་བ་བླང་སྟེ། གའུ་དང་བཅས་པ་རང་གི་ཁར་བཅུག་ནས། མཁའ་སྤྱོད་དང་བདེ་བ་ཅན་སོགས་གང་དུ་འགྲོ་བར་འདོད་པའི་གནས་ཡིད་ལ་བྱས་ན་ཐེ་ཚོམ་མེད་དེ། སིནྡྷཱུ་ར་ཡི་བྱུང་ཁུངས་རྒྱུ། །པ་ཏིའི་འོག་ཏུ་ཉིན་བཅུག་ན། །ནམ་མཁར་ཐིག་ལེ་སྣང་བར་འགྱུར། །ཞེས་དང༌། ཙཀྲ་སཾ་བྷ་ར་ཡི་སྐུ། །ཙ་ཏུརྨུ་ཁའམ་ཨེ་ཀ་པ། །གང་རུང་མུ་ཁར་ཀུ་ལི་ཀ །བཅུག་ནས་སྔར་བཞིན་བསྒྲུབ་བྱས་ན། །དེ་ཡིས་སྔར་བཞིན་སྟེར་བར་འགྱུར། །ཞེས་སོ། །དེ་ལྟར་དངོས་སུ་མ་བྱུང་ན། དྲོ་བ་དང་འབར་བ་སོགས་ཀྱི་རྟགས་བྱུང་བ། དེའི་ཚེ་སྐར་མ་རྒྱལ་ལ་བབས་པའི་དུས་སུ་བླངས་ནས་རང་གི་ཁར་བཅུག་ན་སྔར་བཞིན་དུ་འགྱུར་རོ། །ཡི་གེ་བདུན་པའི་འཁྲུལ་འཁོར་བྲི་ན་པདྨ་འདབ་མ་དྲུག་པ་བྲི། དེའི་མཐར་མུ་ཁྱུད་གཉིས་བྱས་པའི་དང་པོ་ལ་ཨཱ་ལི། གཉིས་པ་ལ་ཀཱ་ལི། དེའི་མཐར་རྡོ་རྭ་མེ་རི་བྲི། ལྟེ་བ་ལ་ཧཱུྃ་དང༌། འདབ་མ་དྲུག་ལ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་རྣམས་མགོ་ཕྱིར་བསྟན་ལ་བྲི། རབ་གནས་ནི་མདུན་གྱི་འཁོར་ལོ་དེ་སྟོང་པར་བསྒོམས་ལ། སྟོང་པའི་ངང་ལས་འཁོར་ལོའི་ལྟེ་བ་ལ་བཀོད་པའི་ཡི་གེ་ལས་འཁོར་ལོ་བྲིས་པ་བཞིན་བསྐྱེད་ལ། དེ་ནས་རང་གི་སྙིང་གའི་ས་བོན་དང༌། འཁོར་ལོའི་ཡི་གེ་རྣམས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་དམ་ཚིག་གི་འཁོར་ལོ་ལ་བསྟིམས་ལ། མཆོད་པ་ལྔ་དང་བསྟོད་པ་བྱས་ནས་འཁོར་ལོ་ལ་བཀོད་པའི་སྔགས་ཐམས་ཅད་རིམ་པ་བཞིན་དུ་བརྒྱ་བརྒྱ་བཟླས་པས་རབ་ཏུ་གནས་པར་འགྱུར་རོ། །མན་ངག་འདི་ལ་ཞལ་ཤེས་གཉིས་ཡོད་དོ། །དཔལ་ནཱ་རོ་པའི་ཞལ་གདམས་རྗེ་བཙུན་མལ་དང༌། རྗེ་པུ་ཧྲངས་ལོ་ཆུང་གི་མན་ངག རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ས་སྐྱ་པའི་མན་ངག་ལྟར་བྲིས་པའོ། །བདེ་མཆོག་གི་སྒྲུབ་པ་མི་བྱེད་པ་ལ་དཔེ་འདི་མི་སྟོན་པ་དང༌། ཉམས་སུ་ལེན་པར་འདོད་པའི་རྣལ་འབྱོར་པས་ཚོགས་ཀྱི་མཆོད་པ་གསེར་ཡོན་དང་བཅས་པ་མི་བྱེད་ན་མན་ངག་ཟབ་མོ་མི་སྦྱིན་པ་རྒྱས་བཏབ་བོ།། །།གུ་ཧྱ།། །། ༄༅། །རྣལ་འབྱོར་མའི་སྒྲུབ་ཐབས་བཞུགས་སོ།། ༈ །སྭ་སྟི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་དེ་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། དེའི་ཕྱིར་དུ་རྡོ་རྗེ་རྣལ་འབྱོར་མ་བསྒོམ་མོ། །རང་གི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲིའི་སྟེང་དུ་རྩ་བའི་བླ་མ་སྐུ་མདོག་དམར་པོ་ཌཱ་མ་རུ་དང་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བླ་མ་དེ་རང་ལ་ཐིམ་པས་རང་གི་སྙིང་གར་ཨེ་ཡིག་ཉིས་བརྩེགས་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས། དེའི་སྟེང་དུ་ཨ་ལས་ཟླ་བའི་སྟེང་དུ་བཾ་ཡིག་དམར་པོ། དེའི་མཐའ་མར་གཡོན་སྐོར་དུ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་བསྐོར་ཏེ་གནས་པའི་འོད་ཀྱིས་ལུས་ཐམས་ཅད་གང་བས། ཚེ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེག་སྦྱངས་ནས་ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་པདྨ་དང་ཉི་མའི་གདན་ལ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་མནན་པ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་འཕྱང་བ། གཡོན་ཐོད་པ་ཁྲག་གིས་གང་བ་སྟེང་གི་ཕྱོགས་སུ་བཟུང་སྟེ། ཞལ་གྱེན་དུ་ཕྱོགས་པས་གསོལ་བ། ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱྃ་ག་ལ་ཌཱ་མ་རུ་དང་དྲིལ་བུ་དང་འཕན་རྩེ་གསུམ་པ་འཕྱང་བཞིན་པ་བསྣམས་པ་དབུ་སྐྲ་ནག་པོ་སིལ་བུར་གྱུར་པ། ཐོད་པ་སྐམ་པོ་ལྔས་དབུར་བརྒྱན་པ། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གནས་རྣམས་སུ་ཟླ་བའི་གདན་ལ། ལྟེ་བར་ཨོཾ་བཾ།«་་་་་གོ་ཆ་རྣམས་ཡིག་འབྲུ་ལས་བྱུང་བ་ལྷར་བསྐྱེད་པ་ཡོད་ནའང༌། འདིར་ནཱ་རོ་པས་ཡི་གེ་ཉིད་ལྷའི་ངོ་བོར་བཞེད་དེ། ཨ་བྷི་དྷཱ་ནར། ལྷ་ཉིད་»གསང་སྔགས་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་སྟེར་བར་བྱེད། །ཅེས་སོ། །དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྃ་ཡྃ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་དམར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ། ཐུགས་ཀའི་བཾ་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མ་ཛཿ འདིར་མཆོད་པ་མ་བྱས་ཀྱང་མི་འགལ་ཏེ། གྲུབ་ཆེན་ལཱུ་ཧི་པས། ཡེ་ཤེས་འཁོར་ལོ་སྤྱན་དྲངས་ནས། དམ་ཚིག་འཁོར་ལོ་ལ་མྱུར་གཞུག ཞེས་པའི་འགྲེལ་པར། ལཱ་བ་པས། མྱུར་དུ་ཅེས་པ་ནི་མཆོད་པ་ལ་མ་ལྟོས་པར་རོ། །ཞེས་གསུངས་སོ། །སྤྱན་དྲངས་པའི་ལྷ་ཛཿསྤྱི་བོར་བཀུག ཧཱུྃ་གིས་བསྟིམ། བཾ་གྱིས་དབྱེར་མེད་དུ་འདྲེས། ཧོཿའདྲེས་པ་ལས་བྱུང་བའི་བདེ་བ་ལ་སེམས་གཏད་དོ།། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། རྫོགས་རིམ་ནི། གསང་གནས་སུ་ཆོས་འབྱུང་དམར་སེང་ངེ་བ་ཅིག་གི་ནང་དུ་དགའ་བ་འཁྱིལ་པ་གཡོན་དུ་བསྐོར་བ་ལ་སེམས་གཏད་པས་བདེ་བའི་ཏིང་ངེ་འཛིན་སྐྱེ་ཞིང༌། སྨིན་མཚམས་ཀྱི་ཐད་དུ་དགའ་བ་འཁྱིལ་པ་ལ་སེམས་གཏད་པས་མི་རྟོག་པའི་ཏིང་ངེ་འཛིན་སྐྱེའོ། །བཟླས་པ་ནི། སྔར་གྱི་སྙིང་གའི་བཾ་ཡིག་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་དང་ཡོན་ཏན་རྣམས་འོད་ཟེར་དམར་པོའི་རྣམ་པར་སྤྱན་དྲངས། སྔགས་ཕྲེང་ལ་ཐིམ་པས། བདག་གི་སྡིག་སྒྲིབ་དག་ཅིང་ཡོན་ཏན་རྒྱས་པར་བསམས་ལ་ཅི་ནུས་བཟླས། ཡིད་བཟླས་ནི། རླུང་ཁ་སྦྱར་ལ་སྔར་ལྟར་ཡིད་ཀྱིས་ལན་བདུན་བཟླའོ། །དེ་ནས་གཏོར་མ་མི་འབུལ་ན་དགེ་རྩ་བསྔོས་ལ། རང་རྗེ་བཙུན་མའི་ང་རྒྱལ་གྱིས་བྱ་བ་གཞན་ལ་འཇུག་གོ །ཐུན་རྗེས་སམ་གནས་སྐབས་གཞན་དུ་གཏོར་མ་བཏང་ན། ཤ་ཆང་གིས་སྦགས་པའི་གཏོར་མ་ནང་མཆོད་ཆུ་ཆང་གིས་སྦྱངས་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་ན་ཡ་ཧོ། བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་«་་་་་རྡོ་རྗེ་མཁའ་འགྲོར་སྒྱེད་བུ་མ་བཤད་པས་ནཱ་རོ་པ་རྗེས་འབྲངས་དང་བཅས་པ་སྒྱེད་བུ་མི་བཞེད། »ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲིཿ རང་གི་སྙིང་གའི་འོད་ཀྱིས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་དང༌། ཆོས་སྐྱོང་དང༌། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་གསུམ་དང༌། བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྱཾ་པྲ་ཏཱིཙྪ་སྭཱ་ཧཱ། པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། དཱི་པཾ་པྲ་ཏཱིཙྪ་སྭཱ་ཧཱ། གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ། ནེ་ཝི་ཏེ་པྲ་ཏཱིཙྪ་སྭཱ་ཧཱ། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཞེས་པས་ནང་མཆོད་བདུད་རྩིས་མཆོད་ལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་པ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་གདབ། དགེ་བ་འདི་ཡིས་མྱུར་དུ་བདག །མཁའ་སྤྱོད་མ་དངོས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དང༌། འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་གདུགས་དང་རྒྱལ་མཚན་ཐོགས་ནས་ཀྱང༌། །རོལ་མོ་སིལ་སྙན་སྒྲ་སྙན་སོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག །ཅེས་པས་བསྔོ་བ་བྱ། ཨོཾ་བཛྲ་མུཿ ཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ་ལ། གནས་སྐབས་ཐམས་ཅད་དུ་རྗེ་བཙུན་མའི་ང་རྒྱལ་གྱིས་གནས་པར་བྱའོ།། ༈ །།ན་མཿཤྲཱི་གུ་ར་ཝེ། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཐོབ་ནཱ་རོ་ཏ་པ་ཕམ་མཐིང་པ། །ཤེས་རབ་བརྩེགས་དང་མལ་ཇོ་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་རྣམས་ལ་གསོལ་བ་འདེབས། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །དཀོན་མཆོག་དཔལ་དང་ཆོས་རྗེ་བྲག་ཕུག་པ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །ཡེ་ཤེས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །བསྐྱེད་རིམ་ཟབ་མོའི་མཁའ་སྤྱོད་རྣལ་འབྱོར་དང༌། །རྫོགས་རིམ་དབུ་མའི་རྣལ་འབྱོར་བསྒོམས་པའི་མཐུས། །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྐྱེ་བ་དང༌། །མཁའ་སྤྱོད་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ནཱ་རོ་པའི་མན་ངག་གི་སྙན་བརྒྱུད་ལ་གསོལ་བ་འདེབས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།། །། ༄༅། །དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བྱིན་རླབས་ཆོ་ག་དང་བཅས་པ་བཞུགས་སོ།། ༈ །ཨོཾ་སྭ་སྟི་སིདྡྷཾ། དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་པའི་ཐབས་བྱིན་རླབས་ཀྱི་ཆོ་ག་དང་བཅས་པ་རྫོགས་པའི་རྣལ་འབྱོར་གསལ་བ་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་དང༌། །འོད་གསལ་རྣམ་པ་ཀུན་ལྡན་སྟོང་པ་ཉིད། །དབྱེར་མེད་ཟུང་དུ་འཇུག་པའི་ཡེ་ཤེས་སྐུ། །ལྷན་སྐྱེས་བདེ་བའི་མཆོག་ལ་གུས་བཏུད་ནས། །རྣལ་འབྱོར་གསང་མཐའི་རྒྱུད་ཀྱི་ངེས་པའི་དོན། །གྲུབ་བརྙེས་ལུ་ཧིའི་བཞེད་པ་བླ་ན་མེད། །རྫོགས་རིམ་ཟབ་མོའི་ཡེ་ཤེས་སྒྲུབ་པའི་ཐབས། །རྒྱུད་འགྲེལ་གདམས་པ་ཇི་བཞིན་བཤད་ཀྱིས་ཉོན། །འདིར་ཁ་ཆེའི་པཎྜི་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་མན་ངག བདེ་མཆོག་དཀར་པོ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། འཁོར་ལོ་བདེ་མཆོག་ལོ་ཧི་པའི་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པར་ལྡན་པས་བསྐྱེད་པའི་རིམ་པ་ལ་བརྟེན་པ་ཅུང་ཟད་ཐོབ་ཅིང༌། རྫོགས་པའི་རིམ་པ་བསྒོམ་པར་འདོད་པའི་གང་ཟག་གིས། དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ། སྟན་བདེ་བ་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་ལ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་འོད་གསལ་བར་བསྒོམ་མོ། །དེ་ལྟར་སྟོང་པར་བསམས་པའི་ངང་ལས། སྐད་ཅིག་གི་ས་འོག་གི་མཐར་ཐུག་པར་ཇི་ལྟར་མངོན་པར་འདོད་པའི་རྒྱར། གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང༌། བསྐལ་པའི་མཐའི་མེ་ལྟར་འབར་བའི་འོད་ཟེར་འབར་བའི་ཕྲེང་བས་མཚམས་བཅིངས་པ་དང༌། ས་འོག་ནས་ས་སྟེང་གི་བར་དུ་ཤིན་ཏུ་མཐོ་བ་མཐུག་ཅིང་མཁྲེགས་པ་སྲ་ཞིང་འབར་བའི་རྡོ་རྗེའི་རྭ་བ་དང༌། རྡོ་རྗེའི་རྭ་བའི་སྟེང་དུ་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་ཅིང༌། སྟེང་རྡོ་རྗེའི་མདའི་དྲྭ་བ་དང༌། འོག་རྡོ་རྗེའི་ས་གཞི་དང༌། སྟེང་རྡོ་རྗེའི་བླ་རེས་བརྒྱན་པའི་རྡོ་རྗེའི་གུར་འབར་བའི་དབུས་སུ། སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་སྐྱེ་འགག་གནས་གསུམ་གྱིས་སྟོང་པའི་རྣམ་ཐར་སྒོ་གསུམ་གྱི་རང་བཞིན། ངེས་དོན་གྱི་ཧེ་རུ་ཀར་བསམས་ལ། ཤྲཱི་ཧེ་རུ་ཀ་ཨ་ཧཾ། ཞེས་བརྗོད་དེ་དེའི་ངང་ལས་སྐད་ཅིག་གིས་འཇིགས་བྱེད་དང་དུས་མཚན་མའི་སྟེང་དུ། དཔལ་རྡོ་རྗེ་སེམས་དཔའ་འཁོར་ལོ་བདེ་མཆོག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་དང་ལྡན་ཞིང་ཞལ་རྣམ་པར་འགྱུར་བ་ཅན། མཆེ་བ་གཙིགས་པ། ཕྱག་གཡས་པས་རྡོ་རྗེ་དང་གཡོན་པས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། གཡོན་ན་ཚེས་གཅིག་གི་ཟླ་བ། མཚོགས་མའི་སྟེང་ན་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་སྡིགས་མཛུབ་བཅས་པའི་ཕྱག་གཡས་བརྐྱངས་ཤིང་ཁྲག་གིས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་གྱིས་ཡབ་ལ་འཁྱུད་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྲིལ་བར་བསམ་མོ། །འདིའི་མན་ངག་ཏུ་ཡབ་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་ཕྱེད་ནོར་བུ་མ་གཏོགས་པའི་རྒྱན་དང་བྲལ་བ། ཡུམ་རྒྱན་དང་བཅས་པར་བཤད་ལ། སློབ་དཔོན་ཨ་བྷ་ཡཱས་ནི། ཡབ་ལ་ཕྱག་རྒྱ་དྲུག་དང་ནོར་བུ་དང་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་མཚན་པ་རལ་པའི་ཐོར་ཅོག་ཅན་དུ་བཞེད་དོ། །དེ་ལྟར་སྐད་ཅིག་གིས་བསྐྱེད་པའི་སྤྱི་བོ་མི་བསྐྱོད་པས་རྒྱས་བཏབ་ལ། ཐུགས་ཀར་ཉི་མ་ལ་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི་ལྟ་བར་ཉི་མ་ལ་ཧཱུྃ་དཀར་པོ་ཏིང་ངེ་འཛིན་སེམས་དཔའི་ངོ་བོར་བསམས་ཏེ། ཇི་སྲིད་མི་སྐྱོའི་བར་དུ་ཡིད་མཉམ་པར་གཞག་གོ །དེ་ནས་ཐུགས་ཀའི་ས་བོན་ལས་དེ་བཞིན་གཤེགས་པའི་ཚོགས་དཔག་ཏུ་མེད་པ་སྤྲོས། ནམ་མཁའི་ཁམས་ཐམས་ཅད་ཁྱབ་པས་སེམས་ཅན་ཐམས་ཅད་སྐལ་བ་ཅི་ལྟ་བ་བཞིན་དུ་སྨིན་པར་བྱས། སླར་འདུས་ཏེ་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམས་ལ། ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་སཏྭ་ཌཱ་ཀི་ནི། ཛྭ་ལ་སཾ་བྷ་རཾ་ཧཱུྃ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་སོ། །མཐར་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་བྱས་ཏེ། རང་གིས་བསྒོམས་པའི་སྲུང་འཁོར་ལ་བསྡུ། དེ་ཡང་རང་ལ། དེ་ཡང་ཐུགས་ཀའི་ཧཱུྃ་ལ། དེ་ཡང་རིམ་གྱིས་ནཱ་དའི་བར་བསྡུས་ལ། ནཱ་ད་ཡང་མི་དམིགས་པར་བྱས་པའི་ངང་ལ་སེམས་མཉམ་པར་གཞག དེ་ནས་སྐད་ཅིག་གིས་ལྷན་ཅིག་སྐྱེས་པའི་སྐུར་ལངས་ལ་ཐུན་མཚམས་ཀྱི་རྣལ་འབྱོར་བྱའོ། །རྫོགས་པའི་རྣལ་འབྱོར་འདི་ལས་དང་པོ་པས་བསྒོམ་བྱ་མ་ཡིན་གྱི། བསྐྱེད་རིམ་ཅུང་ཟད་བརྟན་པས་ཉམས་སུ་བླང་བྱ་ཡིན་པའི་ཕྱིར་དང༌། མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པ་དགུགས་གཞུག་ལ་སོགས་པ་མི་དགོས་ཤིང༌། ལྷའི་བསྐྱེད་ཚུལ་ཡང་ཡེ་ཤེས་ཀྱི་བསྐྱེད་པ་ཡིན་གྱི། བསྐྱེད་རིམ་ལྟར་སྔགས་ཀྱི་བསྐྱེད་པ་མ་ཡིན་པས་ཆོ་ག་འདི་ལ་དབྲི་བསྣན་པ་མི་བྱའོ། །ཐུན་མཚམས་སུ་གཏོར་མ་གཏོང་བར་འདོད་ན། ཤ་ཆང་དང་བཅས་པའི་གཏོར་མ། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད་པས། ཐོད་པ་ཆེན་པོར་ཤ་ལྔ་དང་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ་བོ། །དེ་ནས་འབར་བའི་ཕྱག་རྒྱ་དང་བཅས་པ་ཕཻཾ་ཞེས་བརྗོད་པས། རང་གི་སྙིང་ག་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་འཁོར་ལོ་བདེ་མཆོག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་དང་རྣལ་འབྱོར་མ་དང་ཆོས་སྐྱོང་དང་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་པ། མདུན་གྱི་ནམ་མཁར་བཞུགས་པ་རྣམས་ཀྱིས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས། ཨོཾ་བཛྲ་ཨ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནྱ། ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ཨོཾ་ཨཱཿཧཱུྃ། ཞེས་ལྔའམ་བདུན་གྱིས་ཕུལ་ནས། ཨརྒྷཾ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་དེ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པའི། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ཅིང་གསོལ་བ་བཏབ་པས། ཅི་འདོད་པའི་དངོས་གྲུབ་གནང་བར་བསམས་ལ། ཨོཾ་བཛྲ་མུཿཞེས་བརྗོད་པས་གཤེགས་སུ་གསོལ་ཞིང༌། འཇིག་རྟེན་པའི་གཏོར་མ་ཡོད་ན་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་བསྔོའོ། །ཁ་ཟས་ཟ་བའི་ཚེ་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རང་ཧེ་རུ་ཀ་དམིགས་པའི་ལྟེ་བ་ནས་གཏུམ་མོའི་མེ་འབར་བའི་མེ་ལྕེའི་ཁྲོད་དུ། སྙིང་གར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་ལྟོ་བར་འཇིག་རྟེན་པའི་ཚོགས་དང་བཅས་པ་དམིགས་ནས། ཐོག་མར་ཕུད་ཀྱིས་བླ་མ་དང་ཡི་དམ་ལ་མཆོད་ལ། དེ་ནས་ཁ་ཐབ་ཁུང་དུ་བསམས་པར་ཕུལ་ནས་ལུས་ཀྱི་ལྷ་རྣམས་མཉེས་པར་བསམ་ཞིང་བཟའོ། །དེ་ནས་ལྷག་མ། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་པས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །སྤྱོད་ལམ་ལ་འཇུག་པའི་ཚེ། རང་ཧེ་རུ་ཀ་ལ། ཕྱི་རོལ་གྱི་སྣང་བ་ཐམས་ཅད་མཆོད་པའི་ལྷ་མོར་དམིགས་པ་རྣམས་ཀྱིས་འདོད་ཡོན་གྱི་མཆོད་པ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། ཁ་ན་མ་ཐོ་བ་མེད་པར་ཅི་བདེ་བར་སྤྱོད་དོ། །ཉལ་བའི་ཚེ་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱི་རོལ་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པས། རང་གི་ལུས་ཀྱང་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་སྟོང་པ་ཉིད་དུ་ཐིམ་པའི་ངང་ལ་ཉལ་ལོ། །ལྡང་བའི་ཚེ་སྟོང་པ་ཉིད་ཀྱི་ངང་ལས་རང་སྐད་ཅིག་གིས་ཧེ་རུ་ཀར་གྱུར་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་གསལ་བར་དམིགས་ནས་ལྡང་བར་བྱ་སྟེ། ཡེ་ཤེས་ཀྱི་སྐུ་བསྐྱེད་པའི་སྒྲུབ་ཐབས་ཡན་ལག་དང་བཅས་པའོ། །གནས་སྐབས་འགའ་ཞིག་ཏུ་འདིའི་རྫོགས་རིམ་དོན་དུ་གཉེར་བའི་སློབ་མ་རྣམས་ལ་བྱིན་རླབས་ཀྱི་ཆོ་ག་བྱེད་པར་འདོད་ན། ཚེས་བཅུ་རྣམ་པ་གཉིས་གང་ཡང་རུང་བ་ལ། དབེན་པའི་གནས་སུ་ཕྱི་ནང་གི་མཆོད་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་དང༌། རྡོ་རྗེ་དྲིལ་བུ་ནང་མཆོད་རྣམས་བཤམ། དེ་ནས་སློབ་དཔོན་གྱིས་གོང་སྒྲུབ་ཐབས་སུ་བསྟན་པ་ལྟར། བདག་ཉིད་ལྷར་བསྒོམས་པ་ནས་གཏོར་མའི་བར་བྱས་ལ། སློབ་མ་སློབ་དཔོན་ལུ་ཧི་པའི་ལུགས་ཀྱི་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་ཐོབ་ཅིང༌། དམ་ཚིག་དང་ལྡན་པ་རྣམས་ཁྲུས་བྱས། ཕྱག་དང་མཎྜལ་ཕུལ་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་པ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔའ་བོ་རྣལ་འབྱོར་མའི་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །ཞེས་པ་ལན་གསུམ་གྱིས་ཕྱག་འཚལ་ཞིང་སྐྱབས་སུ་སོང་ནས། དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་སྐྱེད་རྩའི་ཉོན་མོངས་ཆོད་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་དག་བདག་ལ་གྲུབ་པར་མཛོད། །ཅེས་ལན་གསུམ་དུ་གསོལ་བ་གདབ་བོ། །དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱིས་རྒྱུན་བཤགས་ལན་གསུམ་དང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་དང༌། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་ནས། །ཇི་སྲིད་གཉིས་མེད་ལ་གནས་པ། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་སྲུངས། །ཞེས་པ་རྣམས་ལན་གསུམ་རེ་བརྗོད་པས་སྡོམ་པ་གཟུང་ངོ༌། །དེ་ནས་སློབ་དཔོན་སྐད་ཅིག་གིས་བདེ་མཆོག་ལྷན་ཅིག་སྐྱེས་པ་སྔར་བཤད་པ་བཞིན་ནམ། ཡང་ན་སེང་གེའི་ཁྲི་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ། བླ་མ་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། འཇིགས་བྱེད་དང་དུས་མཚན་གྱི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པའི་འཛིན་པ་དང་མཉམ་པར་སྦྱོར་བར་དམིགས་ལ། དེའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་རྣམས་དམིགས་ལ། དེ་དག་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་བསྒོམས་ལ་མོས་གུས་དྲག་པོ་བྱེད་དུ་གཞུག་གོ །དེ་ནས་སློབ་དཔོན་གྱི་དཔྲལ་བའི་ཨོཾ་ཡིག་ལས་འོད་ཟེར་དཀར་པོ་སྤྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྤྱན་དྲངས་ནས། སྤྱི་བོའི་ཨོཾ་ཡིག་ལ་ཐིམ་པས། ཨོཾ་ཡིག་དེ་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་རང་བཞིན་དུ་བསམས་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་གི་ལུས་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་པས། སློབ་དཔོན་གྱི་དཔྲལ་བའི་ཨོཾ་ཡིག་ལས་ཨོཾ་ཡིག་གི་ཕྲེང་བ་བདུད་རྩིའི་རྒྱུན་དཀར་པོ་དང་བཅས་པ་བྱོན། སློབ་མའི་དཔྲལ་བར་ཐིམ་པས་ལུས་བྱིན་གྱིས་བརླབས་པར་བསམས་ལ། རོལ་མོའི་སྒྲ་དང་གུ་གུལ་གྱི་དུད་པ་བྱ་ཞིང༌། སྙིང་པོ་བརྗོད་པས་ཡེ་ཤེས་དབབ་བོ། །དེ་ལས་བྱུང་བའི་ཉམས་བྱུང་རྒྱལ་དུ་བཏང་ལ། བུམ་པའི་དབང་ཐོབ་ཞེས་བརྡ་སྤྲད་དོ། །དེ་བཞིན་དུ་མགྲིན་པའི་ཨཱཿཡིག་གིས་གསང་དབང་དང༌། སྙིང་གའི་ཧཱུྃ་ཡིག་གིས་ཤེས་རབ་ཡེ་ཤེས་དང༌། གནས་གསུམ་གྱི་ཡི་གེ་གསུམ་ཆར་གྱིས་དབང་བཞི་པ་རྣམས་བུམ་དབང་གི་འགྲོས་ཀྱིས་ཤེས་པར་བྱས་ལ་བསྐུར་རོ། །མཇུག་ཏུ་ཡོན་ཕུལ་བ་དང༌། དམ་ཚིག་དང་སྡོམ་པ་བསྲུང་བར་གདམས་པ་རྣམས་བྱས་ལ། ཚོགས་ཀྱི་འཁོར་ལོར་ལོངས་སྤྱོད། བྱིན་གྱིས་བརླབ་པའི་ཆོ་ག་སྟེ། བླ་མ་དག་གི་ཕྱག་བཞེས་ལྟར་བྲིས་པའོ། །དེ་ལྟར་བྱིན་རླབས་ཀྱིས་སྨིན་པར་བྱས་པའི་གང་ཟག་ཉུང་ངུའི་རྣལ་འབྱོར་ལ་མོས་པ་དག འདིའི་རྫོགས་རིམ་བསྒོམ་པར་འདོད་ན། བླ་མ་དཔྱལ་ཨ་མོ་གྷས་མཛད་པའི་ཁྲིད་ཡིག་ལྟར་ཉམས་སུ་བླང་བར་བྱ་ཞིང༌། མན་ངག་དེ་དག་གཞུང་གང་གིས་བསྟན་སྙམ་ན། སློབ་དཔོན་ལུ་ཧི་པའི་བདེ་མཆོག་གི་སྒྲུབ་ཐབས་ལས། ཨཱ་ལི་ཀཱ་ལི་མདུན་བསམས་ནས། །ཞེས་སོགས་རྫོགས་རིམ་སྟོན་པའི་གཞུང་ཅུང་ཟད་ཅིག་གསུངས་པའི་དོན་ཡིན་ཏེ། དེ་ལ་རྟེན་ལ་དམིགས་པ་ནི། ཨཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོས་ངལ་བསོ་ཏེ། །ཞེས་ཏེ། ཀཱ་ལི་ནི་ཐབས་ཏེ་བདེ་མཆོག་དཀར་པོ། དེའི་མདུན་དུ་ཨཱ་ལི་ནི་ཤེས་རབ་སྟེ། རྡོ་རྗེ་ཕག་མོ་བསྒོམ་པའོ། །ངལ་བསོ་བ་ནི་སྔར་བསྐྱེད་རིམ་སྐབས་སུ་སྤྲོས་པ་སྣ་ཚོགས་ཀྱི་ཡིད་དུབ་པ་སྟེ། རྫོགས་རིམ་བསྒོམས་པས་ངལ་བསོ་བའོ། །གཉིས་པ་བརྟེན་པ་ལ་དམིགས་པ་ལ་གཉིས་ཀྱི་དང་པོ་ཡིག་འབྲུ་ལ་གཏད་པ་ནི། ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པར་བསམ། །ཡི་གེ་རྣམས་ཀྱི་མཆོག་གྱུར་པ། །དེ་ཡི་དབུས་སུ་གནས་པར་བསམ། །ཞེས་ཏེ། ལྟེ་བའི་འཁོར་ལོའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དང༌། འཁོར་ལོ་གཞན་རྣམས་ལ་ཡི་གེའི་མཆོག དབྱངས་དང་གསལ་བྱེད་རྣམས་འགོད་པའོ། །གཉིས་པ་ཐིག་ལེ་ལ་གཏད་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །ཞེས་ཏེ། ཡིག་འབྲུ་རྣམས་ལས་འཕྲོས་པའི་འོད་ཟེར་གྱིས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་དང་རྡོ་རྗེ་ཅན་གཙོ་བོ་ཡབ་ཡུམ་རྣམས་མདུན་དུ་སྤྱན་དྲངས་ནས་རང་ལ་ཐིམ་པར་བསྒོམ་པའོ། །བཞག་པ་སེམས་ཀྱི་ངོ་བོ་ནི། །གོང་བུ་ལས་ནི་འདས་གྱུར་ཀྱང༌། །དངོས་པོ་མེད་པའི་སེམས་ཉིད་མིན། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །སེམས་ཉིད་བརྟག་པར་མི་བྱའོ། །བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ལས་གཟུངས་ཉིད་ཐོབ་པར་འགྱུར། །ཞེས་ཏེ། ཐིག་ལེའི་གོང་བུའི་གཟུགས་ལས་འདས་ནས་དབུ་མར་བཅུག་པས་བདེ་བ་ཆེན་པོ་སྐྱེ་བ་ནི་དངོས་པོ་མེད་པའི་སེམས་ཉིད་ཡིན་ལ། བདེ་བ་ཆེན་པོ་དེ་ཡང་སྤྲོས་པ་དང་མཚན་མ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དུ་ཤེས་པ་ནི། བསམ་གྱིས་མི་ཁྱབ་པའི་དོན་བསམ་པའོ། །དོན་དེ་ལ་རྟག་ཆད་དང་ཡོད་མེད་སོགས་མཐའ་གང་དུའང་བརྟག་པར་མི་བྱ་ལ། བསམ་མི་ཁྱབ་པའི་དོན་དེ་བསྒོམས་པས་བཟུང་བ་ནི། དྷ་ར་ཞེས་པ་འཛིན་པར་ཡང་འགྱུར་བས། བདེ་སྟོང་སྐུ་བཞིའི་གཟུགས་འཛིན་པའི་དཔལ་ཧེ་རུ་ཀའི་གོ་འཕང་ཉིད་ཐོབ་པར་འགྱུར་རོ། །ཞེས་པའོ། །དེ་ལྟར་ན་སློབ་དཔོན་ལཱུ་ཧི་པའི་གཞུང་གིས་མན་ངག་ཡིན་པས། ལཱུ་ཧི་པའི་རྫོགས་རིམ་ཡིན་ལ། སློབ་དཔོན་པྲ་ཛྙཱ་རཀྵི་ཏ། བི་བྷཱུ་ཏ་ཙནྡྲ། ཇོ་བོ་ཨ་དྭེ་ཥ་རྣམས་ཀྱི་ལཱུ་ཧི་པའི་བཤད་པ་དང་ཅུང་ཟད་མི་མཐུན་པར་སྣང་ཡང༌། ཁ་ཆེའི་པཎྜི་ཏ་ཆེན་པོ་ཉིད་ཀྱིས་རྡོ་རྗེ་ཕག་མོ་ལས་དངོས་སུ་གསན་པའི་མན་ངག་ཐུན་མོང་མ་ཡིན་པར་སྣང་ངོ༌། །ངེས་དོན་ཧེ་རུ་ཀ་ཡི་སྒྲུབ་པའི་ཐབས། །མ་བྱོན་སངས་རྒྱས་གསུམ་པའི་མན་ངག་ལྟར། །མ་སྦས་གསལ་བར་བཀོད་པའི་དགེ་བ་དེས། །མ་གྱུར་འགྲོ་བས་རྡོ་རྗེ་འཆང་ཐོབ་ཤོག །དཔལ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་པའི་ཐབས་བྱིན་རླབས་ཀྱི་ཆོ་ག་དང་བཅས་པ་འདི་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་བླ་མ་སྔ་མ་རྣམས་ཀྱི་ཡི་གེ་དང༌། སློབ་དཔོན་ཨ་བྷ་ཡཱ་ཀ་རའི་བཤད་པས་བརྒྱན་ནས་གོ་བདེ་བར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བསོད་ནམས་རིན་ཆེན་ཞེས་བྱ་བས་བགྱིས་སོ། །ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭ་ཧི་ཏོ་བྷ་ཝནྟུ།། །། ༄༅། །འཆི་མེད་ཚེའི་དངོས་གྲུབ་སྒྲུབ་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།། ༈ །ཨོཾ་སྭ་སྟི་སིདྡྷཾ། འཆི་མེད་ཚེའི་དངོས་གྲུབ་སྒྲུབ་པའི་གདམས་ངག་དངོས་གྲུབ་ཀྱི་རྒྱལ་པོ་ཞེས་བྱ་བ། བླ་མ་དང་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །རབ་འབྱམས་རྒྱུད་སྡེའི་ཚོགས་ལ་དབང་འབྱོར་པས། །ཇི་སྙེད་དངོས་གྲུབ་སྒྲུབ་པའི་མན་ངག་རྣམས། །སྐལ་ལྡན་འགྲོ་ལ་མ་ནོར་གསལ་མཛད་པ། །རྗེ་བཙུན་ས་སྐྱ་པ་རྣམས་སྤྱི་བོས་མཆོད། །བདེ་མཆོག་འཁོར་ལོའི་རྩ་བའི་རྒྱུད་ཆེན་དང༌། །བཤད་པའི་རྒྱུད་ལས་བྱུང་བའི་གདམས་ངག་ཀུན། །རྗེ་བཙུན་མཆོག་གིས་བསྡུས་པའི་གསུང་རབ་ཀྱི། །གསལ་བྱེད་འཆི་མེད་སྒྲུབ་པའི་གདམས་ངག་བྲི། །འདིར་དགེ་བ་སྤྱོད་པའི་གང་ཟག་རྣམས་ཀྱི་སྲོག་ནི་ཤིན་ཏུ་གཅེས་པ་ཡིན་ཏེ། གང་ཕྱིར་འདི་ན་ཡིད་འོང་བ། །སྲོག་ལས་གཞན་པ་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །སྲོག་དེ་ཉིད་ལ་དུས་མ་ཡིན་པར་འཆི་བ་ལ་སོགས་པ་ཚེའི་བར་ཆད་དུ་མ་འབྱུང་བས། དེ་བསླུ་བ་དང་སྲོག་འཚོ་བའི་ཐབས་ལ་འབད་དགོས་ཏེ། བརྩེ་མེད་འཆི་བའི་འཇིགས་པ་ལས། །ཐར་པའི་ཐབས་ནི་འབད་དེ་བྱ། །ཞེས་པ་ལྟར་རོ། །དེས་ན་འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པར་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཀུན་ཏུ་སྤྱད། །གང་ཕྱིར་རིགས་པར་ཐབས་སྦྱར་བས། །དཀའ་བ་ཅུང་ཟད་ཡོད་མ་ཡིན། །ནོར་བུ་སྔགས་དང་སྨན་རྣམས་ཀྱིས། །མཐུ་ནི་ཐམས་ཅད་འདོད་པ་ཡིན། །འཆི་བའི་མཚན་ཉིད་ལས་རིག་ནས། །ཤེས་པར་བྱས་ལ་རིགས་པས་བཅོས། །ཞེས་པ་ལྟར་ཚེ་བསྲིང་བའི་ཐབས་ལ་ནན་ཏན་དུ་བྱའོ། །དེའི་གདམས་ངག་འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད་ཀྱི་ལེའུ་ལྔ་པའི་དགོངས་པ། བཤད་པའི་རྒྱུད་ངེས་བརྗོད་བླ་མའི་ལེའུ་ཉེར་གཅིག་པ་དང་ཉེར་གཉིས་པར་གསུངས་པའི་མན་ངག་གྲུབ་པའི་དབང་ཕྱུག་ནཱ་རོ་པ་ཆེན་པོའི་ཞལ་གྱི་བདུད་རྩི། དཔལ་ས་སྐྱ་པ་ཡབ་སྲས་ཀྱི་མན་ངག་ལྟར་བཤད་པ་ལ་དོན་གཉིས་ཏེ། ཐོག་མར་འཆི་ལྟས་བརྟག་པ་དང༌། འཆི་བ་བསླུ་བའི་མན་ངག་དངོས་སོ། །དང་པོ་ནི། འཆི་བསླུའི་གཞུང་དང༌། དཔལ་བིརྺ་པའི་མན་ངག་ཏུ་བཤད་པ་ལྟར། འཆི་རྟགས་ཀྱི་མན་ངག་རྣམས་ཞིབ་ཏུ་ཤེས་དགོས་ལ། འདིར་མདོར་བསྡུས་པ་འདི་ཙམ་ཞིག་གསུངས་ཏེ། དེ་ཡང་འཆི་ལྟས་ཀྱི་རིགས་ཁ་ཅིག་ལ་ནི། མིག་གི་སྣ་རྩེ་མི་མཐོང༌། རང་གི་མཁྲིག་མ་མི་མཐོང༌། ཉིན་མོ་སྐར་མ་མཐོང༌། མཚན་མོ་གཞའ་ཚོན་མཐོང༌། ཟླ་ཟེར་མེ་ལྟར་ཚ། ཉི་ཟེར་ཆུ་ལྟར་གྲང༌། ཉི་ཟླའི་སྟེང་དུ་བུ་ག་མཐོང༌། རང་གི་ཁུ་བ་ནག་པོར་མཐོང༌། རང་མི་ཡོ་བར་གྲིབ་མ་གཡོ་བ་ལ་སོགས་པར་མཐོང་བའང་གསུངས། གཉིས་པ་ལ་གཉིས། ཕྱིའི་རྣལ་འབྱོར་གྱི་ཚེ་སྒྲུབ་པ་དང༌། ནང་གི་རྣལ་འབྱོར་གྱི་ཚེ་སྒྲུབ་པའོ། །དང་པོ་ལ་བཞི། བསྒོམ་བཟླས་ཀྱི། སྦྱིན་སྲེག་གི བུམ་ཆོག་གི འཁོར་ལོའི་སྒོ་ནས་ཚེ་སྒྲུབ་པའོ། །དང་པོ་ནི། གནས་དབེན་པར་མཚམས་དམ་དུ་བྱས་ལ་ཐུན་བཞིའི་ངེས་པས་སྒྲུབ་ཐབས་ལྟར་བསྒོམ་པ་དང་བཟླས་པ་ཚུལ་བཞིན་དུ་བྱའོ། །འོན་ཀྱང་དེར་མི་གསལ་བ་ཅུང་ཟད་བཤད་ན། རྒྱུན་བཤགས་ཀྱི་ཚིག་ལོ་ཧི་པ་ལྟར་རམ། མ་ནུས་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་བཏུབ། ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། ཁྲོ་བོ་བཅུ་བསྒོམས་ནས་ཕུར་བུ་གདབ་པའི་བར་ཉམས་ལེན་རྒྱུན་པ་ལ་མི་མཛད། ཉི་མའི་སྟེང་དུ་ཅེས་པ་དཔེ་མང་པོ་ལ་སྣང་ཡང༌། དཔེ་ཁ་ཅིག་ལ་བཟླ་བར་ཡོད་པ་དག་པས་ཟླ་གདན་དུ་བྱ། ཞལ་བརྒྱད་མ་དང་བཞི་མ་གདམ་ཁ་ཅན་དུ་གསུངས་ཀྱང༌། བརྒྱད་མ་ཕྱག་ལེན་ལ་མཛད། སྔགས་དོན་ཅུང་ཟད་བཤད་ན། ཨོཾ་ནི་ཚེའི་དཔལ་སྟེར་བའི་དོན་ཏོ། །ཨ་མྲྀ་ཏ། འཆི་མེད། སཾ། ཉེ་བར། ཛཱི་བ་ནི། འཚོ་བ། མ་ཧཱ་ཨ་མྲྀ་ཏ། འཆི་མེད་ཆེན་པོ། སུ་མུ་ཁེ། ལེགས་པར་ཞལ་དུ། ཛཱི་ཝཾ། འཚོ་བ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཕོབ་ཅིག སརྦ། ཐམས་ཅད། བཛྲ་པདྨ། རྡོ་རྗེ་དང་པདྨ། ས་མ་ཡོ་གེ མཉམ་པར་སྦྱོར་བ། མ་ཧཱ་བོ་དྷི་ཙིཏྟ། བྱང་ཆུབ་ཀྱི་སེམས་ཆེན་པོ། བི་པི་ཏ། རྣམ་པར་འཐུང་བ་མཱུརྟེ་སྐུ། ཧཱུྃ་རིང་པོ་གཉིས་ནི་ཐབས་ཤེས་དབྱེར་མེད། ཨ་ཨཱ་ཨཾ་ཨཿཧ། ཚེ་སྒྲུབ་ཀྱི་སྔགས་ཀྱི་ཤམ་བུ་ཡིན་ལ། སྭཱ་ཧཱ་ནི་གཞི་ཚུགས་ཤིག་ཅེས་པའོ། །དེ་ལྟར་བསྒོམ་བཟླས་ལ་བརྟེན་ནས་བསྙེན་པ་ཁྲིའམ་འབུམ་ཕྲག་བཞི་བཟླས་པས་འཆི་བ་འཚོ་བར་འགྱུར་རོ། །ཐུན་མཚམས་སུ་ཕྱི་རོལ་མཆོད་པ་བྱེད་ན། མཎྜལ་ཆང་གི་བྱུགས་ལ། དབུས་སུ་མེ་ཏོག་གི་ཚོམ་བུ་བཀོད་ལ། མཐའ་སྐོར་དུ་མཆོད་པ་དང༌། གཏོར་མ་བདེ་མཆོག་ལྟར་བཤམ། རང་གི་མདུན་དུ་ནང་མཆོད་དང་རྡོ་རྗེ་དང་དྲིལ་བུ་ཡང་བཀོད་དོ། །དེ་ནས་མདུན་གྱི་མཆོད་པ་བྱིན་གྱིས་བརླབས། མཎྜལ་ལ་བདུད་རྩི་གཏོར་ཞིང༌། སུམྦྷས་བསང༌། སྭ་བྷཱ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་པད་ཟླའི་སྟེང་དུ་ཧཱུྃ་ལས་སྒྲུབ་ཐབས་ལྟར་བསྐྱེད། ཐུགས་ཀར་འཁོར་ལོ་བསྒོམ། ཡེ་ཤེས་པ་བཅུག དབང་བསྐུར་ཏེ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ལ། ཨོཾ་བྷ་ག་ཝ་ཏི་བཛྲ་དེ་ཝི་ས་པ་རི་ཝཱ་ར། ཞེས་པ་སྔོན་དུ་འགྲོ་བའི་ཆུ་གཉིས། ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད། སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་འབུལ། རྒྱལ་བ་གང་གི་ཐུགས་རྗེ་ཡིས། །དུས་མིན་འཆི་བ་ཞི་འགྱུར་ཅིང༌། །འཆི་བ་ལས་ནི་ངེས་སློང་མཛད། །འཆི་མེད་དབང་ཕྱུག་མ་ལ་འདུད། །ཅེས་པས་བསྟོད། གཏོར་མ་དང་པོ་ལུ་ཧི་པའི་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས་ནས། མདུན་བསྐྱེད་གྱི་ལྷ་མོའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་ལས་འོད་ཟེར་བྱུང་བས་གཏོར་མ་ལ་ཟུག་སྟེ་བདུད་རྩིའི་རང་བཞིན་ཅན་དེ་གསོལ་བས་ཚིམ་ཞིང་ཚེའི་དངོས་གྲུབ་སྩོལ་བར་བསམས་ལ། སྔགས་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་ཨཱ་ཡུར་སྶིདྡྷི་པྲ་ཡཙྪནྟུ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པ་གསུམ་མམ་བདུན་གྱིས་དབུལ། སླར་ཡང་ཕྱི་ནང་གིས་མཆོད། སྔར་བཞིན་བསྟོད་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་ཕྲིན་ལས་གཞོལ་ལོ། །གཏོར་མ་གཉིས་པ་རྡོ་རྗེ་ནག་པོ་ཆེན་པོ་ལ་ཕུལ་ལ། ཚེ་ཡི་བར་ཆད་ཞི་བའི་ཕྲིན་ལས་གཞོལ། གསུམ་པ་མཁའ་འགྲོ་སྤྱི་གཏོར་གྱིས་བསྔོ། དེ་ནས་མདུན་བསྐྱེད་ཀྱི་བཟླས་པ་བྱེད་པར་འདོད་ན། བཅོམ་ལྡན་འདས་མའི་ཐུགས་ཀའི་འཁོར་ལོ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀ་ནས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་བ་འཁོར་ལོ་ལ་བསྟིམ། དེ་ལས་བྱུང་བའི་འཆི་མེད་ཀྱི་ཆུ་རྒྱུན་བདག་གིས་ཁ་དང་བ་སྤུའི་བུ་གའི་སྒོ་ཐམས་ཅད་ནས་ཞུགས་པར་བསམས་ལ་གསང་སྔགས་ཅི་ནུས་བཟླས། མཐར་བདག་ལ་འཆི་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ། ཞེས་དངོས་གྲུབ་བླངས་ལ། བཛྲ་མུཿས་ཡེ་ཤེས་པ་གཤེགས་སུ་གསོལ། ཛཿཧཱུྃ་བྃ་ཧོཿདམ་ཚིག་པ་རང་གི་སྣ་བུག་གཡོན་ནས་སྙིང་གར་བསྡུ་བ་སོགས་རྗེས་ཀྱི་བྱ་བ་རྣམས་ཚུལ་བཞིན་དུ་བྱའོ། །དེ་ལྟར་བསྙེན་པ་སྔོན་དུ་སོང་ནས་ཚེའི་རྫིང་བུ་ཁ་གསོ་བའི་ཕྱིར་དུ། བདག་བསྐྱེད་བཟླས་པ་དང་བཅས་པ་མ་ཆགས་པར་ཉམས་སུ་བླང་ངོ༌། །གཉིས་པ་སྦྱིན་སྲེག་གི་སྒོ་ནས་ཚེ་སྒྲུབ་པ་ནི། བསྙེན་པ་བྱེད་པའི་གནས་དེ་ཉིད་དམ་གཞན་དུའང་རུང་སྟེ། ས་ཕྱོགས་དྲི་ཞིམ་པོས་བྱུག་པར་རྒྱས་པའི་ཐབ་ཁུང་སེར་པོ་ཁྲུ་དོ་གྲུ་བཞི་པ། ཁ་ཁྱེར་དང་མུ་རན་སོར་བརྒྱད་པ་ལ་རིན་པོ་ཆེའི་ཕྲེང་བས་མཚན་པ་དང༌། ཟུར་བཞིར་ཟླ་བྱེད་རིན་ཆེན་དང་དབུས་སུ་རིན་པོ་ཆེ་ཆ་དགུ་པ་བྲི། དེར་འབྲས་བུ་ཅན་གྱི་ཤིང་ངམ། ནགས་ཀྱི་བ་ལང་གི་ལྕི་བ་སྲོག་ཆགས་མེད་པས་ཐབ་བརྩིག མེ་ཚང་བཅའ། ཐབ་ཀྱི་གཡོན་དུ་མཆོད་པ་དང༌། གཡས་སུ་མར་དང་ཡམ་ཤིང་དང༌། དཱུར་བ་དང་ཟས་མཆོག་རྣམས་བཤམ། རྡོ་རྗེ་དྲིལ་བུ་དང་དགང་གཟར་བླུགས་གཟར་མདུན་དུ་བཞག་སྟེ་སྦྱོར་བའོ། །དེ་ནས་རང་ཉིད་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་མེ་སྦར་ཏེ་ཐབ་ཚུལ་བཞིན་དུ་བསྐྱེད་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ། སྐད་ཅིག་གིས་མེ་ལྷ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། གཡས་བགྲང་ཕྲེང་གཡོན་རིལ་བ་སྤྱི་བླུགས་བསྣམས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བསམ། དེ་ལ་མཆོད་པས་མཆོད་ནས། ཨོཾ་ཨགྣ་ཡེ་མ་མ་ཨཱ་ཡུར་པུཥྚིཾ་ཀུ་རུ་ཨོཾ་སྭཱ་ཧཱ། ཞེས་པས་མར་དང༌། དཱུར་བ་དང༌། ཟས་མཆོག་རྣམས་གསུམ་གསུམ་ཕུལ་ལ། དྲང་སྲོང་ཆེན་པོས་བདག་གི་ཚེའི་བར་དུ་གཅོད་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག ཅེས་ཕྲིན་ལས་བཅོལ་བས། འབར་བར་གྱུར་པར་བསམས་ཏེ་འཇིག་རྟེན་པའི་མེ་ལྷ་ཐོག་མར་མཆོད་པའོ། །དེ་ནས་ཐབ་ཀྱི་དབུས་སུ་པད་ཟླའི་གདན་ལ་ལྷ་མོ་སྐད་ཅིག་གིས་བསྐྱེད་པ་ནས་རྒྱས་གདབ་པའི་བར་སྒྲུབ་ཐབས་ལྟར་བྱས་ལ་མཆོད་པས་མཆོད། ལྷ་མོའི་ཐུགས་ཀར་འཁོར་ལོ་ལ་དམིགས་ནས། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཚེའི་ངོ་བོར་མོས་པས། ལྷ་མོའི་སྔགས་ཀྱི་མཐར་མ་མ་ཨཱ་ཡུར་པུཥྚིཾ་ཀུ་རུ་ཨོཾ་སྭཱ་ཧཱ། ཞེས་བཏགས་ལ། མར་དང༌། དཱུར་བ་དང༌། ཟས་མཆོག་རྣམས་བརྒྱ་དང་བརྒྱད་རེ་དབུལ། དེ་ནས་མཆོད་པས་མཆོད་དེ། བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་གསོལ་བ་གདབ། ལྷ་མོ་རང་གི་སྙིང་གར་བསྡུས་ཏེ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དེ་ནས་མེ་ལྷ་སྐད་ཅིག་གིས་དམིགས་ཏེ་བསྲེག་རྫས་ལྷག་མ་ཅི་འབྱོར་པ་ཕུལ་ལ། མཆོད་ཅིང་གསོལ་བ་བཏབ་ནས་མི་དམིགས་པར་བསམས་ཏེ་འཇིག་རྟེན་པའི་མེ་ལྷ་ལྷག་མས་མཆོད་པ་སྟེ་དངོས་གཞིའོ། །དེ་ནས་ལོངས་ཡོད་ན་མེ་མ་ཤིའི་བར་དུ་སྟན་དེ་ཉིད་ལས་མི་གཡོ་བར་བཟླས་པ་བྱ། མ་གྲུབ་ན་དགེ་བ་བསྔོ་བ་སོགས་བྱས་ལ་ལས་ཀྱི་རྗེས་མི་མངོན་པར་བསྡུས་ཏེ་རྗེས་ཀྱི་བྱ་བའོ། །བསྙེན་པ་ཁ་སྐོང་དུ་བྱེད་ན། གསང་སྔགས་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱ་བར་བཤད། །ཅེས་པའི་གྲངས་དཱུར་བ་ཁོ་ན་ལ་གཟུང་ངོ༌། །གསུམ་པ་བུམ་བཟླས་ཀྱི་སྒོ་ནས་ཚེ་སྒྲུབ་པ་ནི། གནས་དབེན་པར་གཞི་བཟང་པོའི་སྟེང་དུ་བུམ་པ་ནང་རྫས་དུང་ཆོས་རྡོ་རྗེ་གཟུངས་ཐག་དང་བཅས་པ་བདེ་མཆོག་བཞིན་བཤམ། མཆོད་པ་དང་གཏོར་མ་སོགས་ཕྱི་རོལ་མཆོད་པ་ལྟར་བཤམས་ལ། རང་ཉིད་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་སོང་ནས། བུམ་པ་བསང་སྦྱངས་ཏེ། ནང་དུ་ཧཱུྃ་ལས་ལྷ་མོར་བསྐྱེད་པ་ནས་རྒྱས་གདབ་པའི་བར་བྱ། དེ་ལ་ཕྱི་དང་ནང་དང་བསྟོད་པས་མཆོད་ལ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས། བུམ་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་འཆི་མེད་ཀྱི་བདུད་རྩི་སྤྱན་དྲངས་ནས་ཐུགས་ཀའི་འཁོར་ལོ་ལ་ཐིམ། དེ་ལས་བྱུང་བའི་བདུད་རྩི་ལྷ་མོའི་བ་སྤུའི་བུ་ག་ནས་འཛག་པས་བུམ་པའི་ནང་འཆི་བ་མེད་པའི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བར་བསམས་ལ་གཟུངས་ཐག་ནས་བཟུང་སྟེ། གསང་སྔགས་ཅི་ནུས་བཟླས། སླར་ཡང་མཆོད་ཅིང་བསྟོད། གཏོར་མ་དང་པོ་ཕུལ་ལ། དུང་ཆོས་ཀྱི་མཆོད་ཡོན་ཕུལ་ལ། ལྷ་ཞུ་བ་ལས་བྱུང་བའི་ཚེའི་ཆུ་རྒྱུན་དུ་འགྱུར་བར་བསམ། དེ་ནས་ཆོས་སྐྱོང་དང་མཁའ་འགྲོ་སྤྱིའི་གཏོར་མ་བསྔོ་བ་སོགས་ཕྱི་རོལ་མཆོད་པ་ལྟར་བྱས་ལ། བུམ་པའི་ཆུ་དེ་བདག་ཉིད་ཀྱིས་འཐུང་ཞིང་བཀྲུ་བ་དང༌། སྐྱེ་བོ་གཞན་ལའང་བྱིན་ན་ཚེའི་དངོས་གྲུབ་ཏུ་འགྱུར་རོ། །བཞི་པ་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་པ་ལ་གསུམ། བྲི་བ། སྒྲུབ་པ། གདགས་པའོ། །དང་པོ་ནི། ཚེ་རྒྱས་པའི་འཁོར་ལོའི་བྲི་གཞི་ཤོག་བུའམ། འགྲེལ་པར་རྒྱས་པའི་འཁོར་ལོ་རས་སེར་པོ་ལ་བྲི་བར་བཤད་པས། རས་འདུལ་སེར་པོའམ་དར་འདུལ་སེར་པོ་ལ་ཡང་རུང་ངོ༌། །སྣག་ཚ་ནི། གུར་གུམ་མམ། གི་ཝང་བདུད་རྩི་ལྔ་དང་བསྲེས་པས་བྱའོ། །ཇི་ལྟར་བྲི་བའི་ཚུལ་སྒྲུབ་ཐབས་སུ་གསོལ་ལོ། །ལས་འཇམ་པོ་རྣམས་ལ་ཡིག་མགོ་ནང་བསྟན་དང༌། དྲག་པོའི་ལས་ལ་ཡིག་མགོ་ཕྱིར་བསྟན་དུ་བྲི་བར་བཤད་པ་ཡང༌། སྔོན་གྱི་བརྡ་རྙིང་ལ་མགོ་དང་ཁ་དོན་གཅིག་ཏུ་བྱས་པ་ལྟར་ཡིན་ལ། སྐད་གསར་བཅད་ལྟར་མགོ་དང་ཁ་སོ་སོ་བའི་དབང་དུ་བྱས་ན། ཁ་ཆེ་ཛྙཱ་ན་ཤྲཱིས། ཞི་རྒྱས་བསྲུང་དང་དབང་བྱ་ལ། །ཡིག་མགོ་ཕྱིར་བསྟན་མངོན་སྤྱོད་ལ། །དེ་ལས་བཟློག་པར་ཤེས་པར་བྱ། །ཞེས་པ་ལྟར་རོ། །གཉིས་པ་བསྒྲུབ་པ་ལ་གཉིས་ལས། དང་པོ་རབ་གནས་ཀྱི་སྒྲུབ་པ་ནི། འཁོར་ལོ་དེ་ཟངས་གཞོང་འབྲུ་ཡིས་བཀང་བའི་སྟེང་དུ་བཞག་ལ། འཁོར་ལོ་སྤྱིའི་རབ་གནས་བདེ་མཆོག་ལྟར་བྱའོ། །གཉིས་པ་འཁོར་ལོའི་སྒྲུབ་པ་དངོས་ནི། གསེར་དངུལ་གྱི་བུམ་པའམ་ག་འུའི་ནང་ངམ། མ་འབྱོར་ན་སོ་མ་བཏང་བའི་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་འཁོར་ལོ་སྐུད་པ་སེར་པོས་རྒྱ་གྲམ་དུ་དཀྲི། དཱུར་བ་དང་བདུད་རྩི་ལྔ་དང་དཀར་གསུམ་ལ་སོགས་པས་དགང་བའི་ཁམ་ཕོར་དུ་གཞག དེ་རྒྱས་པའི་མཎྜལ་སེར་པོ་ཁྲུ་དོ་གྲུ་བཞི་པ་བྲིས་པའི་སྟེང་དུ་བཞག་ལ་གཟུངས་ཐག་བཏགས་ཏེ། འཁོར་ལོ་ལྷ་མོར་བསྐྱེད་པ་སོགས་ཕྱི་རོལ་མཆོད་པ་ལྟར་བྱ། གཟུངས་ཐག་ནས་བཟུང་ལ་རྩ་སྔགས་བརྒྱ་རྩ་བརྒྱད་བཟླས། མཆོད་པ་ལྔ་དང་དཱུར་བ་གཞོན་ནུ་དབུལ། དེ་ལྟར་ཞག་བདུན་དུ་སྒྲུབ་ལ། མཐར་ལྷ་མོ་ཞུ་བ་ལས་བྱུང་བའི་འཁོར་ལོར་བལྟས་ལ། ཁྱིམ་གྱི་ཕྱོགས་གཅིག་ཏུ་བཞག་ན་ཚེ་རྒྱས་པའི་རྟེན་འབྲེལ་དུ་འགྱུར་རོ། །གསུམ་པ་གདགས་པ་ནི། སྒྲུབ་པ་བྱས་པའི་འཁོར་ལོ་དེ་གདགས་པའམ། ཡང་ན་རབ་གནས་ཚུལ་བཞིན་དུ་བྱས་པའི་འཁོར་ལོ་ཞིག་མགུལ་ལམ་དཔུང་པ་གཡས་པར་བཅིངས་ན་མཆོག་གི་ཚེ་སྟེར་བར་འགྱུར་རོ། །དེ་དག་གིས་ནི་ཕྱིའི་རྣལ་འབྱོར་གྱི་ཚེ་སྒྲུབ་པའི་མན་ངག་ཐམས་ཅད་བསྟན་ཟིན་ཏོ། །གཉིས་པ་ནང་གི་རྣལ་འབྱོར་གྱི་ཚེ་སྒྲུབ་པ་ལ་གཉིས་སྔོན་འགྲོ་དང་དངོས་གཞིའོ། །དང་པོ་ནི། མདུན་དུ་བླ་མ་བདེ་མཆོག་ཡབ་ཡུམ་དུ་བསྒོམ་པ་ལ་མཎྜལ་དབུལ་ཞིང་ཚེ་རྒྱས་པར་གསོལ་བ་གདབ་པ་ཞག་འགའ་ཟུང་བྱའོ། །གཉིས་པ་ལ་གཉིས། བསྐྱེད་རིམ་ལ་བརྟེན་པའི་ཚེ་སྒྲུབ་དང༌། རྫོགས་རིམ་ལ་བརྟེན་པའི་ཚེ་སྒྲུབ་པའོ། །དང་པོ་ནི། སྒྲུབ་ཐབས་ལྟར་བསྒོམ་བཟླས་ཚུལ་བཞིན་དུ་བྱས་པའི་རྗེས་སུ། རང་རྡོ་རྗེ་ལྷ་མོར་གསལ་བའི་ཐོད་པའི་ནང་སྤྱི་གཙུག་ཏུ་ཧཾ་དཀར་པོ་མགོ་ཐུར་བསྟན་བསམ། སྤྱི་བོའི་སྟེང་དུ་ཟླ་བ་ལ་གནས་པའི་ཁ་ཊྭཱཾ་ག་དཀར་པོ་དབྱུག་པའི་སྦོམ་སའི་དབུས་སུ་ཧཱུྃ་དཀར་པོས་མཚན་པར་བསམས་ནས། ངོ་བོ་ལྷ་མོ་ལ་རྣམ་པ་ཕྱག་མཚན་ཁ་ཊྭཱཾ་གར་ངེས་ཤེས་བསྐྱེད། དེ་ནས་ཧཱུྃ་ཡིག་ལས་འོད་འཕྲོས་དེ་བཞིན་གཤེགས་པ་ཐམས་ཅད་དང་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཚེའི་བཅུད་རྣམ་པ་བདུད་རྩིའི་ཆུ་རྒྱུན་དུ་སྤྱན་དྲངས། ཧཱུྃ་ལ་ཐིམ་དེ་ལས་བྱུང་བའི་ཆུ་རྒྱུན་གྱིས་ཁ་ཊྭཱྃ་གའི་ནང་གང༌། དེ་གཉིས་ལས་བྱུང་བའི་ཆུ་རྒྱུན་གྱིས་སྤྱི་གཙུག་གི་ཧཾ་ལ་རེག དེ་ལས་བདུད་རྩིའི་རྒྱུན་བབས་ཏེ་སྙིང་གའི་འཁོར་ལོ་ལ་བསྟིམ། དེ་ལས་བྱུང་བའི་བདུད་རྩི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་ཁེངས་པས་ཚེའི་དངོས་གྲུབ་ཐོབ་པར་བསམ། ཐུན་གྱི་མཐར། ཁ་ཊྭཱྃ་ག་ཧཱུྃ་དང་བཅས་པ་བདུད་རྩིར་ཞུ་ནས་རང་ལ་ཐིམ་པར་བསམ་མོ། །འདི་ནི། དུས་མིན་འཆི་ལས་རྣམ་རྒྱལ་བ། །ཡན་ལག་ཁ་ཊྭཱྃ་ག་དང་སྦྱར། །ཐོད་པ་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆར་ངེས་པར་སྦྱར། །ཞེས་པའི་དགོངས་པ་ཕྱོགས་གཅིག་ཡིན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་སྲོག་རྩོལ་གྱིས་འཆི་བ་བསླུ་བ་ནི། ཐོ་རངས་ཀྱི་དུས་རླུང་གང་ནས་རྒྱུ་བལྟས་ལ། གཡས་ནས་རྒྱུ་ན་ནུ་མ་བཅུད་ལ་བོར་བའི་ཐབས་ཀྱིས་གཡོན་དུ་བསྒྱུར། དེས་ཀྱང་མ་འགྱུར་ན་ཁུ་ཚུར་བྲང་དུ་བསྣོལ་ལ་མིག་སྟེང་དུ་བལྟ་ཞིང༌། ཤེས་པ་འདི་བསམ་མེད་པར་བཞག་པས་འགྱུར་རོ། །དེ་ནས་ཞག་ཉེར་གཅིག་ཏུ་ཐོ་རངས་ལྷ་མོར་དྲན་པས་སྣ་གཡོན་ནས་རླུང་ནང་དུ་འཇུག་པའི་ཚེ་ནང་དུ་ཞུགས་ཞེས་བསམ། དེ་བཞིན་དུ་ནང་དུ་གནས། ཕྱིར་འཐོན་ཞེས་སྲོག་རྩོལ་གྱི་རླུང་ཁུགས་པ་ཉེར་གཅིག་ཉེར་གཅིག་བྱས་ན། ཟླ་བ་གཅིག་ཏུ་ནུར། ཟླ་བ་གཅིག་ཏུ་བརྒྱ་རྩ་བརྒྱད་བརྒྱད་བསྒོམས་ན་ལོ་གཅིག་ནུར། ལོ་གཅིག་ཏུ་སྟོང་རྩ་བརྒྱད་བྱས་ན་ཚེ་ཚད་ཅི་ཡོད་ཙམ་ཞིག་ནུར་རོ། །འདི་ནི། ཐབས་ལ་མཁས་པར་གྱུར་པ་ཡིས། །རླུང་གི་བཟླས་པ་བརྩོན་པར་བྱ། །ནངས་པར་ལངས་ནས་སྟོང་ཕྲག་གཅིག །རྟག་ཏུ་ལེགས་པར་བགྲངས་ནས་ནི། །ནད་ཀུན་ལས་ནི་རྣམ་གྲོལ་ཞིང༌། །ཉི་ཟླ་གནས་ཀྱི་བར་དུ་འཚོ། །ཞེས་པའི་དོན་ཏོ། །གཉིས་པ་བདུད་རྩི་གསོ་བས་བསླུ་བ་ནི། རང་ལྷ་མོར་གསལ་བའི་ལྟེ་བར་པདྨ་དཀར་པོ་འདབ་བརྒྱད། སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ལ། ནངས་པར་གཡོན་ནས་རྒྱུ་བའི་དུས་སུ། ནང་དུ་འཇུག་པའི་རླུང་དེ་བདུད་རྩིའི་རླུང་ཞེས་བྱ་སྟེ། སོག་མ་ཕྲ་མོ་ཙམ་ཁ་དོག་དཀར་པོས་ཞུགས་པས། སྙིང་གར་ཟླ་བའི་དཀྱིལ་འཁོར་ཐལ་བྱུང་ནས་ལྟེ་བའི་པདྨ་ལ་ཐིམ་པར་བསམས་ཏེ་ཕྲེང་བ་གཅིག་བགྲང༌། དེ་འདྲ་བ་འབུམ་ཞག་བདུན་ལ་བགྲངས་ན། ཞག་བདུན་ན་འཆི་བ་ལོ་ལྔར་བསྲིངས། ཉིས་འབུམ་གྱི་ལོ་བཅུ། གསུམ་འབུམ་གྱི་ལོ་བཅོ་ལྔ། བཞི་འབུམ་བགྲངས་ན་ལོ་ཉི་ཤུ་བསྲིངས་ཏེ། འབུམ་ཚོ་རེས་ལོ་ལྔ་ལྔ་བསྲིང་བ་བསྒྲེས་ཏེ་ཤེས་པར་བྱའོ། །འདི་ནི། འཇུག་པའི་རླུང་ནི་བགྲང་བྱ་ཞིང༌། །རིམ་གྱིས་འབུམ་སོགས་གྲངས་ཀྱི་ནི། །རྩེ་གཅིག་སེམས་ཀྱི་ཆོ་ག་ནི། །སྒྲ་མེད་པ་ཡི་བཟླས་པར་བཤད། །སྒྲ་མེད་བཟླས་པ་འབུམ་དུ་ནི། །ཆོས་བཞིན་དུ་ནི་རྫོགས་གྱུར་ན། །མི་དེ་ཚེ་ཉམས་གྱུར་པ་ཡང༌། །ལོ་ལྔའི་བར་དུ་འཚོ་བར་ངེས། །ཉིས་འབུམ་ལ་སོགས་བཟླས་པ་ཉིད། །ཚེ་འཕེལ་བར་ནི་ཤེས་པར་བྱ། །ཞེས་པའི་དོན་ཏོ། །གསུམ་པ་ནམ་མཁའ་ཟས་སུ་ཟ་བས་བསླུ་བ་ནི། ཐོ་རངས་བ་སྤུའི་བུ་ག་མཐོང་ཙམ་ནས་ཉི་མ་མ་ཤར་གྱི་བར་ཉམས་སུ་ལེན་པ་སྟེ། དེ་ཡང་གནས་ཀྱི་སྦྱོར་བ་བདུན་དང་ལྡན་པ་གཅེས་ཏེ། དེའང༌། སྲོག་བསྡུ། དཀྲུག བསད། མཉེས། འཐེན། བརྡུང༌། ནམ་མཁའ་བཏུང་བའི་སྦྱོར་བའོ། །དང་པོ་ཁ་སྦྱོར་ལན་གསུམ་ནི། །སྐྱིལ་ཀྲུང་མཚན་ཉིད་ལྡན་པའོ། །གཉིས་པ་ལག་གཡས་རྐང་མཐེབ་གཡས། །བཟུང་སྟེ་ཅུང་ཟད་བརྐྱང་བར་བྱ། །གཡོན་པའི་རྟིང་པས་བཤང་ལམ་བགགས། །གཡས་ཀྱི་ལོང་མོར་ལག་གཡོན་གྱིས། །བཟུང་སྟེ་ཁ་གཏིང་དཀྲུག་པར་བྱ། །སྦྱོར་བ་དེ་ཉིད་ཀློད་འདོད་ན། །དྲག་ཏུ་སྟན་ལས་འཕར་ཏེ་བཏང༌། །གསུམ་པ་བསད་པའི་སྦྱོར་བའོ། །བཞི་པ་ལུས་དང་ཡན་ལག་མཉེ། །ལྔ་པ་སྒྱིད་ཁུང་གཉིས་ནས་ནི། །ལག་གཉིས་ཕྱི་རུ་ཕྱུང་བྱས་ལ། །རྐང་མཐེབ་གཉིས་ནས་འཐེན་པ་ཡི། །ལངས་ཏེ་ཡང་ཡང་འཕར་བར་བྱ། །དྲུག་པ་ལག་གཉིས་བརྟན་བྱས་ལ། །ལུས་གཞན་དྲག་ཏུ་བརྡུང་བར་བྱ། །བདུན་པ་ནམ་མཁའ་མཐོང་བའི་སར། །རྔུབས་ཏེ་དགང་བར་བྱ་བ་ཡིན། །ཀུན་ལའང་གསུམ་གསུམ་ཤེས་པར་བྱ། །དང་པོར་དལ་བུས་སྦྱང་བྱས་ལ། །རིམ་གྱིས་ཇེ་དྲག་ཇེ་དྲག་བྱ། །མཐར་ནི་ཤིན་ཏུ་དྲག་པོའོ། །ཞེས་པ་ལྟར། འཁྲུལ་འཁོར་དང་པོ་དྲུག་སྔོན་དུ་སོང་ནས་བདུན་པ་དངོས་གཞིའི་སྐབས་སུ། རང་ལྷ་མོའི་ང་རྒྱལ་གྱིས་ནམ་མཁའ་ལ་ཤེས་པ་གཏད་ལ། ཁམས་གསུམ་གྱི་ནམ་མཁའ་ཐམས་ཅད་འོད་སྔོན་པོའི་ཚུལ་དུ་རང་གི་ཁའི་ནང་དུ་ཞུགས་པར་བསམ། རླུང་ཁ་ནས་སྒྲ་མེད་དུ་དགང༌། ལུས་ཐམས་ཅད་ཁྲིག་གིས་གང་བ་དང༌། ཁོང་པ་བརྒྱན་ནམ་མཁའ་སྔོ་སང་ངེ་བར་བསམ། མཆིལ་མ་སྒྲ་མེད་དུ་མིད་ལ་རླུང་ཐུབ་ཚད་བཟུང༌། དེ་ལྟར་ཡང་ཡང་བྱས་པས་སྟོང་སྒྲེགས་བྱུང་ན་འཆི་བ་བསླུས་པ་ཡིན་གསུངས་སོ། །འདི་ནི། སོ་ནི་སོ་ལ་མ་རེག་པར། །རྒྱུ་བའི་ནུས་པ་བསམ་མི་ཁྱབ། །དད་པར་བྱས་ལ་འདི་ཙམ་བྱ། །ཞེས་དང༌། སྦྱོར་བས་ནམ་མཁའ་ཟས་སུ་ཟ། །ནམ་མཁའ་བཞིན་དུ་འཆི་མེད་འགྱུར། །ཞེས་པའི་དོན་ཏོ། །འདི་དག་གི་མཐར་ལྟ་བ་བདག་མེད་པ་ཅི་ནུས་སུ་བསྒོམ། རྗེས་སྤྱོད་ལམ་གྱི་གནས་སྐབས་སུ། ལྷ་མོའི་ང་རྒྱལ་གྱིས་སྤྱོད་ལམ་ཐམས་ཅད་ཆོས་དང་མཐུན་པ་འབའ་ཞིག་ཏུ་བྱ་ཞིང༌། སེམས་ཅན་གྱི་ཚེ་སྲོག་བསླུ་བ་དང༌། གཞན་ལ་ཁ་ཟས་སྦྱིན་པ་ལ་ནན་ཏན་དུ་བྱའོ། །དེ་དག་གིས་ནི་རྫོགས་རིམ་ལ་བརྟེན་ནས་ཚེ་སྒྲུབ་པའི་མན་ངག་རྣམས་བསྟན་ཟིན་ཏོ། །དེ་ལྟར་འཆི་མེད་དངོས་གྲུབ་སྒྲུབ་པའི་ཐབས། །རྒྱུད་དང་མཁས་པའི་མན་ངག་ཅི་བཞིན་དུ། །འཁྲུལ་མེད་གོ་བདེའི་ངག་གིས་བཤད་པ་ཡིས། །དགེ་བ་གང་དེས་མ་ལུས་འགྲོ་བ་དང༌། །སྐུལ་བྱེད་རྩོམ་པ་པོ་དང་བཅས་རྣམས་ཀྱི། །དུས་མིན་འཆི་བའི་བར་ཆད་ཀུན་ཞི་ནས། །འཆི་མེད་སྐུ་བཞིའི་དཔལ་གྱིས་མངོན་འབྱོར་པ། །བདེ་མཆོག་འཁོར་ལོའི་གོ་འཕང་འཐོབ་གྱུར་ཅིག །འཆི་མེད་སྒྲུབ་པའི་གདམས་ངག་འཁོར་ལོ་བདེ་མཆོག་གི་རྒྱུད་དོན་བཞིན་དུ། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་སྒྲུབ་ཐབས་ཀྱི་གསལ་བྱེད་འདི་ནི། རིམ་པ་གཉིས་ཀྱི་རྣལ་འབྱོར་གྱིས་རྒྱུད་ཕྱུག་པའི་བདག་ཉིད་རྒྱུད་སྡེ་འཛིན་པ་ཆེན་པོ་བླ་མ་ཀུན་དགའ་ལེགས་པའི་གསུང་གིས་ནན་ཏན་བསྐུལ་བ་ལ་བརྟེན་ནས་རྗེ་བཙུན་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་མངོན་བརྗོད་བླ་མའི་རྒྱུད་རྩ་འགྲེལ་དང༌། རྗེ་བཙུན་ས་སྐྱ་པའི་གདམས་ངག་ཐོར་བུར་གནས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་བསྐུལ་པ་པོ་ཉིད་ཀྱི་སྐུ་རིམ་དུ་དམིགས་ཏེ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའོ། །བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པར་ལྡན་པས་མན་ངག་འདི་ཉམས་སུ་ལེན་ངེས་པའི་སློབ་མ་གསུམ་ལས་མང་བ་ལ་དུས་གཅིག་ཏུ་མི་སྦྱིན་པར་གསང་ཞིང་དཔེ་ཡང་སྣོད་དང་མི་ལྡན་པ་ལ་གསང་ཞིང་སྦ་བར་བྱའོ། །འདིས་རྣལ་འབྱོར་པ་ཐམས་ཅད་ཀྱི་སྐུ་ཚེ་རྒྱས་པར་གྱུར་ཅིག། །། ༄༅། བདེ་མཆོག་སྦྱངས་པའི་ཡོན་ཏན་ལྷ་བཅུ་གསུམ་གྱི་མངོན་རྟོགས་ལ་དགོས་པའི་ཟིན་བྲིས་འདི་བླ་མས་མཛད་པ་ཡིན་ནོ།། ༈ །དེ་ལྟ་བུའི་གཞལ་ཡས་ཁང་གི་དབུས་སུ། པདྨ་འདབ་མ་བརྒྱད་པའི་གྲི་གུག་གི་རྭ་བས་བསྐོར་བའི་ལྟེ་བར། འཇིགས་བྱེད་དང་དུས་མཚན་བརྩེགས་པའི་སྙིང་གར་ཉི་མའི་གདན། ཕྱོགས་ཀྱི་འདབ་མ་བཞི་ལ་རོའི་སྙིང་གར་ཟླ་བའི་གདན། མཚམས་བཞིར་བུམ་པའི་སྟེང་དུ་བདུད་རྩིས་གང་བའི་ཐོད་པ་མཚམས་ཀྱི་གྲྭ་བཞིའི་སྒོ་རྣམས་སུ་རོའི་སྙིང་གར་ཟླ་བའི་གདན། དུས་མཚན་མའི་སྙིང་གར་ཉི་མའི་སྟེང་དུ་ཨཱ་ལི་ཕྲག་གཉིས་གཡོན་སྐོར་དུ་མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་ཀཱ་ལི་ཕྲག་གཉིས་གཡས་སྐོར་དཔེ་བྱད་བརྒྱད་ཅུའི་ངོ་བོ་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། མཉམ་པ་ཉིད་ཀྱི་ཡེ་ཤེས་ཉི་ཟླ་ཁ་སྦྱོར་གྱི་བར་དུ་ཧཱུྃ་དངུལ་ཆུའི་མདོག་ལྟ་བུ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། བཾ་ལས་གྲི་གུག་བྃ་གྱིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས། ཟླ་ཉི་ཕྱག་མཚན་དང་བཅས་པ་གཅིག་ཏུ་འདྲེས་པ་བྱ་བ་ནན་ཏན་གྱི་ཡེ་ཤེས། དེ་ལས་སྐུ་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། བདག་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་རྩ་ཞལ་མཐིང་ནག གཡོན་སེར་པོ་གཡས་དམར་པོ་སྟེང་ཞལ་ལྗང་བ་གཞན་ལྷ་ལྔ་མ་བཞིན་ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་ཀོ་རློན་དང་ཆོས་གོས་ཏེ་མིའི་པགས་པ་ཕྱི་ནང་དུ་འཕྱར་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་རྡོ་རྗེ་ལྕགས་ཀྱུ། ལྔ་པ་ན་མདུང་རྩེ་གསུམ་པ། དྲུག་པ་ན་ཆོས་ཀྱི་འཁོར་ལོ་རྩིབས་བཅུ། གཡོན་གྱི་གསུམ་པ་ན་འཁར་གསིལ། བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ། གཞན་ལྷ་ལྔ་མ་བཞིན། འཇིགས་པའང་འཇིགས་པར་མཛད་པའོ། །དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ། །གཞན་ལྷ་ལྔ་མ་ལ་ཕྱག་གཡོན་པར་རོའི་«་་་་་འདིའི་ལྷུང་བཟེད་དང་འཁར་གསིལ་ནི་ཐོད་པ་དང་ཁ་ཊྭཱྃ་ག་ལ་བྱའོ། »།གཙོ་འཁོར་ཀུན་གྱིའོ། །ལྷུང་བཟེད། གཡས་པས་ཆོས་སྒྲ་སྒྲོགས་པའི་ཌཱ་མ་རུ་འཛིན་པ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྱུད་པ། དེ་ནས་ཤར་གྱི་འདབ་མ་ལ། མ་ཏཾ་གི་སེར་མོ། བྱང་དུ་ཌོམྦི་ནི་སྔོན་མོ། ནུབ་ཏུ་རཱ་ཛ་གི་དམར་མོ། ལྷོ་རུ་པུཀྐ་སཱི་དུད་ཁ། ཐམས་ཅད་གཡོན་རྣམས་ཀྱིས་འཁར་གསིལ་དང༌། གཡས་པ་རྣམས་ཀྱིས་ཌཱ་མ་རུ་དང་གྲི་གུག་འཛིན་པ། མཚམས་བཞིར་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བཞི། ཤར་ལྷོའི་གྲྭར་བ་དྷ་ཀི་དམར་སྐྱ། ལྷོ་ནུབ་ཏུ། ས་ཧ་ཙ་རི་དམར་མོ། ནུབ་བྱང་དུ། བུ་དྷི་ཙི་རི་ལྗང་གུ། བྱང་ཤར་དུ་ཤ་བ་རི་དམར་མོ་རྣམས་གཡོན་གཉིས་ཀྱིས་ཐོད་པ་དང་འཁར་གསིལ། གཡས་གཉིས་ཀྱིས་གྲི་གུག་དང་ཌཱ་མ་རུ་འཛིན་པ། སྒོ་བཞིའི་ཤར་སྒོར། ཧེ་རུ་ཀའི་འོད་མ་ཐལ་ཀར། བྱང་སྒོར་རྡོ་རྗེ་གཏུམ་མོ་ལྗང་གུ། ནུབ་སྒོར་རྡོ་རྗེ་སྲིན་མོ་དམར་མོ། ལྷོ་སྒོར་རྡོ་རྗེ་འཇིགས་བྱེད་མ་སྔོན་མོ། ཕྱག་གཡོན་པ་རྣམས་ཀྱིས་ལྷུང་བཟེད་དང་འཁར་གསིལ། གཡས་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་དང་ཌཱ་མ་རུ་འཛིན་པའོ། །བཞད་པ་ཞི་བ་སྙིང་རྗེ་ཅན། །སྒེག་པ་དང་རྔམ་པ་དང་མི་སྡུག་པ་དྲག་ཤུལ་ཁྲོ་བོའི་ཉམས་དང་ལྡན་པའོ། །སྒོ་མ་བཞི་ནི་ལང་འཚོ་གཞོན་ཞིང་ནུ་མ་རྒྱས་པའོ། །ཀུན་ཀྱང་ཞལ་གཅིག་ཕྱག་བཞི་མའོ། །སྐྱིལ་ཀྲུང་ཕྱེད་པའི་གར་ཅན་སྐྲ་གྲོལ་བ་གཅེར་བུ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །དེ་ནས་གོ་ཆ་ཡེ་ཤེས་པ་དབང་རྣམས་འདྲ་ལ། རིགས་བདག་གཙོ་བོ་ཡབ་ཡུམ་འདྲ་ལ། མ་ཏཾ་གི་ལ་སོགས་པ་བཞི་ལ་རིམ་པ་བཞིན། གཡོན་སྐོར་དུ། རྣམ་སྣང༌། དོན་གྲུབ། འོད་དཔག་མེད། རིན་འབྱུང་དང་བ་དྷ་ཀི་ལ་སོགས་ལ་གཡས་སྐོར། རྣམ་སྣང༌། རིན་འབྱུང༌། འོད་དཔག་མེད། དོན་གྲུབ། སྒོ་མ་བཞི་ནི། མ་ཏཾ་གི་སོགས་དང་འདྲའོ། །དེ་ནས་བཟླས་པའི་སྔགས་ནི། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང༌། ཉེ་སྙིང་དང༌། ཨོཾ་མ་ཏཾ་གི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཌོམྦི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཱ་ཛ་ཀི་ཧཱུྃ་ཧཱུྃ་ཕཊ། ཨོཾ་པུཀྐ་སཱི་ཧཱུྃ་ཧཱུྃ་ཕཊ། གཞན་རྣམས་ལ་མགོ་བོར་ཨོཾ་དང༌། མཇུག་ཏུ་ཧཱུྃ་ཧཱུྃ་ཕཊ་སྦྱར་ལ། བི་དྷཱ་ཀཱི། ས་ཧ་ཙ་རཱི། བུ་དྷི་ཙ་རཱི། ཤ་བ་རཱི། ཧེ་རུ་ཀ་བྷཱི། བཛྲ་ཙཎྜ་ལི་བཛྲ་རཀྵ་སཱི། ཨོཾ་བཛྲ་བྷ་ར་ཝཱི་ཧཱུྃ་ཧཱུྃ་ཕཊ། དེ་ནས་ཕྲེང་སྔགས་དང༌། ཨོཾ་ཤྲཱི་ཙི་ཏ་ཌ་ཀ དྷྲྀ་ཀ་ཨ་ཁཾ་ཌཱ་ཀི་ནི་ཛྭ་ལ་སམྦྷ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་ཝཱཀྐ་ཌཱ་ཀ་ད་ཨ་རོ་ལི་ཀ་ཌཱ་ཀི་ནི་ཛྭ་ལ་སམྦྷ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་ཀཱ་ལ་ཌཱ་ཀ་ཌཱ་ཀི་ནི་ཛྭ་ལ་སམྦྷ་ར་རུ་ལུ་རུ་ལུ་བྷྲཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་རཏྣ་ཌཱ་ཀ་ཨ་ཨོཾ། ཌཱ་ཀི་ནི་ཛྭ་ལ་སམྦྷ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་ཀརྨཱ་ཌཱ་ཀ་ཨ་ཁཾ་ཌཱ་ཀི་ཛྭ་ལ་སམྦྷ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གཙོ་བོ་ལྔའི་སྔགས་སོ། །གཞན་རྣམས་ཐམས་ཅད་དྲིལ་བུ་ལྷ་ལྔ་མ་དང་འདྲའོ། །ལུང་དུ་བསྟན་དང་ཚིགས་སུ་བཅད། །ཆེད་དུ་བརྗོད་དང་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟ་བུར་བྱུང་དང༌། །སྐྱེས་པ་རབས་དང་ཤིན་ཏུ་རྒྱས། །རྨད་དུ་བྱུང་དང་གཏན་ལ་དབབ། །གསུང་རབ་ཡན་ལག་བཅུ་གཉིས་ཏེ། །རྣལ་འབྱོར་མ་ཡི་ངོ་བོ་ཉིད། །བསོད་སྙོམས་པ་དང་ཆོས་གོས་གསུམ། །ཕྱིས་མི་ལེན་དང་ཙོག་པུ་པ། །སྟན་གཅིག་པ་དང་བླ་ཁབ་མེད། །ཤིང་དྲུང་པ་དང་བས་མཐར་གནས། །དུར་ཁྲོད་པ་དང་ཕྱག་དར་ཁྲོད། །ཕྱིང་བ་པ་དང་གཞི་ཇི་བཞིན། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ཏེ། །རྣལ་འབྱོར་མ་རྣམས་རྣམ་པར་དག། །།ཤུ་བྷཾ།། །། ༄༅། །རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་དང་བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་ཀྱི་མི་འདྲ་བའི་ཁྱད་པར་བཞུགས་སོ།། ༈ །ན་མཿཤྲཱི་ཙཀྲ་སཾ་བྷ་རཱ་ཡ། བཤད་རྒྱུད་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་ནི། ཕལ་ཆེ་བ་བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་དང་འདྲ་ལ། མི་འདྲ་བའི་ཁྱད་པར་གྱི་ཆོས་རྣམས་བཤད་ན། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད། ཤྲཱི་ཧེ་རུ་ཀ་ཨ་ཧཾ་གིས་དོན་དྲན་པ་ནས་ཚོགས་ཞིང་གཤེགས་པའི་བར་འདྲ། དེ་ནས་ཚད་མེད་བཞི་བསྒོམས་ཏེ། བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསགས་འདྲ། སྟོང་པའི་ངང་ལས་རང་གི་སེམས་ཉིད་ནམ་མཁའི་དབྱིངས་སུ་ཡི་གེ་ཧཱུྃ་གི་རྣམ་པར་གནས་པ་ལ། དེའི་རྣམ་འཕྲུལ་གྱིས་སྤྲུལ་པའི་འོག་ཏུ་པཾ་ལས་པདྨ་བསྐྱེད་པ་ནས། སྲུང་འཁོར་གྱི་བར་འདྲ། དེ་ནས་ཨེ་ལས་ཆོས་འབྱུང་བསྐྱེད་པ་ནས། གདུང་མིག་མངས་རིས་སུ་བྲིས་པའི་བར་འདྲ། དེའི་ནང་མཆོད་རྟེན་ཟླུམ་པོ་བང་རིམ་བཞི་པ་ལྟ་བུའི་པདྨ་རིམ་པ་བཞི་གནས་ཏེ། ཕྱི་རོལ་སྐུའི་པདྨ་དཀར་པོ་འཁོར་ལོས་མཚན་པའི་རྭ་བ་སོགས་དང༌། བར་མ་གསུང་གི་པདྨ་དམར་པོ་སོགས། ནང་མ་ཐུགས་ཀྱི་པདྨ་སྔོན་པོ་སོགས་ཐམས་ཅད་ཀྱང་འདབ་མ་བརྒྱད་པ། འོག་གཞི་གི་ཁ་དོག་སྔོན་པོ། ལྟེ་བར་བདེ་ཆེན་གྱི་འཁོར་ལོ་ལིང་ཚེ་དགུ་པ། རིན་པོ་ཆེའི་མཚན་པའི་རྭ་བ་དང༌། ཀ་བ་སོགས་ནས་དུར་ཁྲོད་ཀྱི་བར་འདྲ། དེ་ནས་རྒྱུ་རྡོ་རྗེ་འཆང་བསྐྱེད་པ་ལ་མངོན་བྱང་དང་པོ་བཞི་འདྲ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་རང་ཉིད་རྒྱུ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ། རྩ་ཞལ་དཀར། གཡས་སྔོ། གཡོན་ལྗང༌། རྒྱབ་དམར། ཕྱག་དང་པོ་གཉིས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་འོག་མས་ཁ་ཊྭཱྃ་ག གཡོན་འོག་མས་ཐོད་པ་བདུད་རྩིས་གང་བ་འཛིན་པ། དེའི་པང་ན་ཡུམ་རྡོ་རྗེ་དྲག་བྱེད་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། ཆ་ལུགས་སོགས་འབྲས་བུ་རྡོ་རྗེ་འཆང་དང་འདྲ་བར་བསྐྱེད། དེ་ནས་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་བསྐྱེད་པ་ནས། སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ནམ་མཁའི་ཧཱུྃ་ཡིག་སྤྱན་དྲངས་ཞལ་དུ་ཞུགས་ནས། ཟག་པ་མེད་པའི་བདེ་བ་ཆེན་པོས་ཡབ་ཡུམ་འོད་དུ་ཞུ་ནས། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའི་བར་འདྲ། དེ་ཞལ་བཞི་ཕྱག་བཞི་པ། རྩ་ཞལ་སྔོ་བ། གཡོན་ལྗང༌། རྒྱབ་སེར། གཡས་དཀར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་ནས། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་ནས། གཡས་འོག་མས་རྡོ་རྗེས་མཚན་པའི་ཁ་ཊྭཱྃ་ག གཡོན་འོག་མས་ཁྲག་གིས་གང་བའི་ཐོད་པ་བསྣམས་པ། མི་མགོ་སྐམ་པོ་ལྔའི་དབུར་བརྒྱན་ནས། ཡབ་ཡུམ་གཉིས་ཀ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་བར་འདྲ། དེ་ནས་ཞལ་བཞི་པས་བྱིན་གྱིས་བརླབས་པ་ནས་ཡུམ་ལ་རྣམ་སྣང་གི་དབུར་བརྒྱན་པའི་བར་འདྲ། དེ་ནས་མངལ་དུ་དཀྱིལ་འཁོར་བསྐྱེད་པ་ནི། ཡབ་ཀྱི་ཐིག་ལེ་དང༌། ཡུམ་གྱི་རཀྟ་འདྲེས་པ་ལས་བྱུང་བའི་ཐིག་ལེ་ཆ་གཉིས་སུ་གྱུར་པ་ལས། ཆ་གཅིག་བྷྲཱུྃ་ལས་གཞལ་ཡས་ཁང་ཡོངས་སུ་རྫོགས་པར་བསམ། ཐིག་ལེ་ཆ་གཅིག་ཆ་སོ་བདུན་དུ་གྱུར་པ་སོ་སོའི་གདན་གྱི་སྟེང་དུ་འཁོད་པ་ལས། དབུས་ཀྱི་ཐིག་ལེ་ཨཾ་ཨ་ལས་དཀྱིལ་འཁོར་གྱི་གཙོ་བོ་དང༌། ཨཾ་ཨཱ་ལས་བྱུང་བའི་ཡུམ་རྡོ་རྗེ་ཕག་མོར་བསྐྱེད། ཤར་གྱི་ཐིག་ལེ་ཨི་ཨཱི་ལས་མཁའ་འགྲོ་མ། དེ་བཞིན་དུ་ཨུ་ཨཱུ་ལས་ལཱ་མ། ཨེ་ཨཻ་ལས་ཁཎྜ་རོ་ཧི། ཨོ་ཨཽ་ལས་གཟུགས་ཅན་མ། རྀ་རཱྀ་ལྀ་ལཱྀ་ལས་མཚམས་ཀྱི་བུམ་ཐོད་བཞི། ཀཾ་ཁཾ་གཾ་གྷཾ་བཞི་ལས་ཐུགས་འཁོར་གྱི་ཕྱོགས་བཞི། ཙཾ་ཚཾ་ཛཾ་ཛྷཾ་བཞི་ལས་མཚམས་བཞི། ཊཾ་ཋཾ་ཌཾ་ཌྷཾ་བཞི་ལས་གསུང་འཁོར་གྱི་ཕྱོགས་བཞི། ཏཾ་ཐཾ་དཾ་དྷཾ་བཞི་ལས་མཚམས་བཞི། པཾ་ཕཾ་བཾ་བྷཾ་བཞི་ལས་སྐུ་འཁོར་གྱི་ཕྱོགས་བཞི། ངཾ་ཉཾ་ཎཾ་ནཾ་བཞི་ལས་མཚམས་བཞི། ཡ་ར་ལ་ཝ་ལས་སྒོ་མ་བཞི། ཤ་ཥ་ས་ཧ་ལས་མཚམས་མ་རྣམས་བསྐྱེད་ནས་འབྱིན་པ་ནི། ཕྱིའི་ཧེ་རུ་ཀའི་ལྟེ་བའི་ཧཱུྃ་བསམ་པ་ནས། ཡུམ་འབའ་ཞིག་ཏུ་གྱུར་པའི་བར་འདྲ། སྙིང་པོའི་རྣལ་འབྱོར་མ་བཞི་ལ། ནང་དང་ཕྱིའི་ཤར་དུ་མཁའ་འགྲོ་མ་གཡས་སྔོ་གཡོན་སེར། བྱང་དུ་ལཱ་མ་གཡས་ལྗང་གཡོན་སྔོ། ནུབ་ཏུ་ཁཎྜ་རོ་ཧཱི་གཡས་དམར་གཡོན་ལྗང༌། ནང་དང་ཕྱིའི་ལྷོར་གཟུགས་ཅན་མ་གཡས་སེར་གཡོན་དམར་བ་དང༌། གཡས་གྲི་གུག་གཡོན་ཐོད་པ་ཁྲག་གིས་གང་བའི་ནང་དུ། གླང་པོ་དང༌། ཅེ་སྤྱང་དང༌། མི་དང་བ་གླང་རྣམས་བསྣམས་པར་བསམ། དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྲོ་བ་ནས། གཞལ་ཡས་ཁང་སྤྲོ་བའི་བར་ཐམས་ཅད་འདྲ། བྱིན་གྱིས་བརླབས་པ་ནས། དབང་བསྐུར་བ། མཆོད་པ། དག་པ་དྲན་པ་སོགས་ཐམས་ཅད་འདྲ། རྫོགས་རིམ་བསྒོམ་ཚུལ། བཟླས་པ། གཏོར་མ། ཐུན་མཚམས་ཀྱི་བྱ་བའི་བར་ཐམས་ཅད་ནག་པོ་པའི་སྒྲུབ་ཐབས་ལྟར་བྱའོ། །ཞེས་པ་འདི་སློབ་དཔོན་ཀ་ལ་པ་ཆེན་པོའི་དགོངས་པ། བླ་མའི་གསུང་བཞིན་དུ་རྡོ་རྗེ་འཛིན་པ་ཆོས་བཙུན་བཟང་པོས་བྲིས་པའི་ཡི་གེ་པ་ནི་རྒྱུ་མགོན་དབོན་པོ་ལགས་སོ། །དཀྱིལ་འཁོར་གྱི་ཤར་དཀར་པོ་ཡིན་ཀྱང་ཁྭ་གདོང་མ་སྔོན་མོ་ཡིན་ནོ།། །། ༄༅། །རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་བཞུགས་སོ།ན ༈ །ན་མཿཤྲཱི་གུ་ར་ཝེ། སྡིག་པ་སྦྱོང་བའི་ཐབས་སུ་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་བྱེད་པར་འདོད་ན། དངུལ་ལམ་རྫ་ལས་བྱས་པའི་ཞི་བའི་ཐབ་ཁུང་ངམ་མ་འབྱོར་ན། ཁམ་ཕོར་ལ་སོགས་པའི་སྣོད་དཀར་པོར་མེ་བཞག འབྱོར་ན་དམིགས་པ་གསལ་བའི་ཆེད་དུ། རྡོ་རྗེ་མཁའ་འགྲོའི་སྐུ་སྦུགས་ཅན་བཞག མ་འབྱོར་ན་མེད་ཀྱང་རུང༌། བསྲེག་སྡེར་ཞིག་ཏུ། ཏིལ་ནག་པོ་ཅི་ལྟར་འཚམས་པ་གཞག་གོ །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་ཐབ་ཁུང་སྟོང་པའི་ངང་ལས། པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ། རྒྱར་ཁྲུ་གང་པ། ཟབས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་དང་མུ་རན་སོར་བཞི་པ་ལ་རྡོ་རྗེ་རྩེ་ལྔ་པ་ཟླུམ་པོས་མཚན་པ། ལྷ་རྫས་ཀྱི་བུད་ཤིང་གིས་ཡོངས་སུ་གང་བར་གྱུར། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། མེ་འབར་བའི་དབུས་སུ་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། སྤྱན་གསུམ་པ་ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་ཤམ་ཐབས་མནབས་པ། གཡོན་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསམ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་མཁའ་འགྲོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམ། ཨོཾ་བཛྲ་ས་མཱ་ཛཿབརྗོད། ཛཿཧཱུྃ་བཾ་ཧོཿ དབྱེར་མེད་དུ་བསྟིམ། ཧཱུྃ་ལས་འོད་འཕྲོས་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་བཅས་སྤྱན་དྲངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང༌། བུམ་པའི་ཆུས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན། དེ་ནས་མདུན་དུ་ཏིལ་འདུ་བྱས་ནས། རང་གི་རྐང་མཐིལ་དུ་ཡཾ་ལས་རླུང༌། ལྟེ་བར་གཏུམ་མོའི་མེ། སྙིང་གར་ཀཾ རླུང་གིས་མེ་བསྐྱོད་པས་སྙིང་གའི་སྡིག་པའི་ས་བོན་ཀཾ་ནག་པོ་ལས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྡུས། སྣ་སྒོ་གཉིས་ནས་སྡིག་པ་རྭ་ཅན་གྱི་རྣམ་པར་ཐོན། མདུན་གྱི་ཏིལ་ལ་ཐིམ། དེ་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའི་ཞལ་དུ་ཕུལ་བས། སྡིག་པ་ཐམས་ཅད་ཟད་པར་བསམས་ལ། ཏིལ་མཐེབ་སྲིན་རེ་འབུལ་ཞིང༌། ཨོཾ་བཛྲ་ཌཱ་ཀ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་སྭཱ་ཧཱ། ཞེས་ལན་བརྒྱ་རྩ་བརྒྱད་འབུལ། མཐར་བཛྲ་ཌཱ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏེ། ཤབྡ་ཨཱཿཧཱུྃ་གིས་མཆོད་ནས། གང་གི་ཐུགས་རྗེ་མེ་དཔུང་འབར་བའི་མཐུས། །ཆགས་སོགས་ཉེས་པའི་བུད་ཤིང་ཀུན་བསྲེགས་ཤིང༌། །བདེ་ཆེན་ཡེ་ཤེས་སྣང་བ་རྒྱས་མཛད་པ། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོའི་ཞབས་ལ་འདུད། །ཅེས་པས་བསྟོད། བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དང༌། དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པས་གསོལ་བ་གདབ། ཨོཾ་བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་མཁའ་འགྲོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །ཅེས་པས་དགེ་བ་བསྔོས་ལ། མེ་དང་ཐལ་བ་མི་འགོམ་པའི་སར་བཞག འདི་དག་རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་བཅུ་རྩ་དྲུག་པར། སློབ་མ་ཡི་ནི་རྐང་མཐིལ་དུ། །གཞུ་འདྲ་རླུང་གི་དཀྱིལ་འཁོར་བསམ། །ལྟེ་བར་ཡེ་ཤེས་མེ་འབར་བས། །དེ་ཡི་འོད་ཟེར་སྙིང་གར་འབར། །འབར་བ་སྙིང་གར་འཁྲིགས་པར་བསྒོམ། །ཀཾ་ལས་བྱུང་བའི་མི་སྡུག་གཟུགས། །སྡིག་པ་སྣ་ཡི་སྒོ་ནས་དབྱུང༌། །དེ་ནས་ཁྲོ་བོའི་གཟུགས་བསྒོམས་ལ། །དེས་ནི་ཀུན་ནས་ཟ་བར་བསྒོམ། །ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་སྭཱ་ཧཱ། ཞེས་གསུངས་པའི་གདམས་ངག་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་གསུང་རབ་ལས་བཏུས་པའོ།། །།སརྦ་མངྒ་ལཾ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply