རྡོ་རྗེ་ཕྲེང་བའི་ས་བཟུང་བའི་ཆོ་ག དགྲ་ནག་གི་རྒྱུད་ནས་གསུངས་པའི་ཆར་འབེབས། ཀ༽

༼ག༽༄༅། །རྡོ་རྗེ་ཕྲེང་བར་གསུངས་པའི་ས་ཡོངས་སུ་གཟུང་བའི་ཆོ་ག་བདུད་ལས་རྣམ་པར་རྒྱལ་བ་བཞུགས་སོ།།

དཔལ་རྡོ་རྗེ་ཕྲེང་བར་གསུངས་པའི་ས་ཡོངས་སུ་གཟུང་བའི་ཆོ་ག་བདུད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་གཉིས་མེད་ཡེ་ཤེས་རྡོ་རྗེ་ཡིས། །ལྷ་མིན་བདུད་སྡེའི་དཔུང་ལས་རྣམ་རྒྱལ་བ། །སྲིད་ཞིའི་དགྲར་གྱུར་རྡོ་རྗེ་ཧཱུྃ་མཛད་ལ། །གུས་པས་བཏུད་དེ་གར་གྱི་བརྗེད་བྱང་བྲི། །དེ་ལ་འཇམ་པའི་རྡོ་རྗེ་ལ་སོགས་ཇི་སྐད་བཤད་པའི་དཀྱིལ་འཁོར་རྣམས་བྲི་བའི་སླད་དུ་ས་སྦྱོང་བའི་ཆོ་ག་གསུམ་རྫོགས་པའི་མཐར། ས་ཡོངས་སུ་གཟུང་བའི་ཆོ་ག་བྱ་བ་ལ་དོན་ཉི་ཤུས་བསྡུས་ཏེ། བདག་བསྐྱེད་ལྷ་ལ་སྙན་གསན་དབབ། །གསོལ་གདབ་དཀྱིལ་འཁོར་ནམ་མཁར་བཏེག །ཕྱག་འཚལ་སེམས་བསྐྱེད་ཁྲོ་བོ་བསྒོམ། །མིག་གཉིས་བྱིན་བརླབ་ལྟ་བས་བལྟ། །ང་རྒྱལ་བསྐྱེད་ཅིང་འགྲོས་བཞི་བསྐོར། །བགེགས་ལ་བཀའ་བསྒོ་ཁ་སྦྱོར་བཞི། །རྐང་སྟབས་བཅུ་གསུམ་ཀུན་བསྐྱོད་དགུ། །རྡོ་རྗེ་འགྲེང་བ་ལ་སོགས་དྲུག །རལ་གྲི་ལ་སོགས་ཚུལ་བཅུ་གསུམ། །གདན་བཅུ་མཆོད་བཟླས་ཉི་ཤུའོ། །ཞེས་པ་ལྟར། དང་པོ་བདག་བསྐྱེད་བྱ་བ་ནི། འདྲི་བར་གྱུར་པའི་དཀྱིལ་འཁོར་གྱི་སའི་དབུས་སུ། སློབ་དཔོན་ཤར་དུ་ཕྱོགས་པ་དང༌། ཕྱོགས་བཞིར་སློབ་མ་རྣམས་སློབ་དཔོན་ལ་ཕྱོགས་པར་འདུག་ནས། དཀྱིལ་འཁོར་གང་ཡིན་པའི་མངོན་པར་རྟོགས་པ་རྫོགས་པར་བསྒོམས་ལ་བཟླས་པ་ཅི་ནུས་བྱའོ། །གཉིས་པ་ནམ་མཁའི་ལྷ་ལ་སྙན་གསན་དབབ་པ་ནི། ཐམས་ཅད་ཀྱིས་དབུས་དང་གཡས་དང་གཡོན་དང༌། སྟེང་དང༌། འོག་དང༌། དབུས་སུ་པད་སྐོར་བྱ་སྟེ། ལག་པ་གཉིས་ཁ་སྦུབས་ནས་མདུན་དུ་བརྐྱངས་པ་རིམ་གྱིས་ནང་དུ་བཀུག་པའི་གཡས་པས་རྡོ་རྗེ་ཐུགས་ཀར་འཛིན་པ་དང༌། གཡོན་པས་དྲིལ་བུ་དཀུར་བརྟེན་པ་རྡོར་སེམས་ཀྱི་ཕྱག་རྒྱས་བགྱིང་བ་དང་བཅས་ཏེ་བཛྲ་སཏྭ་«་་་་་རྡོ་རྗེ་སེམས་དཔའ་པའོ། །»ཨ་ཧཾ། ཞེས་པས་ང་རྒྱལ་གཟུང༌། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཕྱག་རྒྱ་བཀྲོལ་ཏེ། ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་གང་བར་བསམས་ལ། མཆོད་ཡོན་ནམ་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་ལ། གཡས་པས་རྡོ་རྗེ་དང་བཅས་པའི་སྤོས་ཕོར་འཛིན་ཅིང༌། གཡོན་པས་དྲིལ་བུ་ཚིག་རྐང་གསུམ་རེའི་མཐར་གསིལ་ཞིང༌། མ་ལུས་ཕྱོགས་ན་སོགས་ལན་གསུམ་བརྗོད་ལ། སློབ་དཔོན་སྔར་བཞིན་ཕྱག་རྒྱ་བཅའོ། །གསུམ་པ་སློབ་དཔོན་ལ་གསོལ་བ་གདབ་པ་ནི། སློབ་མ་རྣམས་ཀྱིས་ཕྱག་རྒྱ་བཀྲོལ་ཏེ་མཆོད་ལ། ཤར་ཕྱོགས་པས། དེ་བཞིན་གཤེགས་པ་ཀུན་ཞི་བ། །སོགས་ལན་གསུམ་དང༌། དེ་རྫོགས་པ་ན་ཕྱོགས་གཞན་གསུམ་ནས་ཀྱང་རིམ་པ་བཞིན་གསོལ་བ་བཏབ་ལ། གསོལ་གདབ་དང་པོར་ཟིན་ནས་རིམ་གྱིས་སྔར་བཞིན་ཕྱག་རྒྱ་བཅའོ། །བཞི་པ་དཀྱིལ་འཁོར་ནམ་མཁར་འདེགས་པ་ནི། ཐམས་ཅད་ཀྱིས་ཕྱག་རྒྱ་བཀྲོལ་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་བརྐྱངས་ལ་རྩེ་མོ་སྦྱར་བ་མདུན་གྱི་ས་གཞི་ནས་རིམ་གྱིས་གྱེན་དུ་འདེགས་ལ། སྤྱི་བོར་ཕྱག་རྒྱ་ཁ་ཕུབ་ལ་བཟུང་སྟེ། ཧཱུྃ་«་་་་་རྡོ་རྗེ་བཞེངས་ཤིག»བཛྲ་ཏྟིཥྛ། ཞེས་པས་བསྒོམས་པའི་དཀྱིལ་འཁོར་ནམ་མཁར་བཏེག་ནས་ཕྱག་རྒྱ་བཀྲོལ་ཏེ། པད་སྐོར་དང་པོ་ལ། རྐང་པ་གཡས་པ་དང༌། གཉིས་པ་ལ་གཡོན་གྱི་སྐྱིལ་ཀྲུང་བཤིག གསུམ་པ་ལ་དལ་བུས་ལངས་ཏེ་མཉམ་པའི་རྐང་སྟབས་ཀྱིས་ལུས་གཡོ་བཞིན་པས་པད་སྐོར་གཉིས་བྱའོ། །ལྔ་པ་ཕྱག་འཚལ་བ་ནི། གཡོན་སྔོན་འགྲོའི་གཞི་བཅའ་བྱ་སྟེ། དེའི་ཚུལ་ནི་རྐང་པ་གཉིས་མཉམ་པར་གནས་པ་དེ་ཉིད་ལས་རྐང་གཡོན་གཡས་པའི་མདུན་དུ་སོར་མོ་གཡོན་ལོགས་སུ་ཕྱོགས་པས་བཞག་ཅིང༌། གཡས་ཅུང་ཟད་རྒྱབ་ཏུ་བཀྱེད་ལ། དེའི་གཡས་སུ་གཡོན་སྔ་མ་ལྟར་བཀྱེད་པའོ། །འོག་ནས་གཡོན་གཞི་ཞེས་པ་རྣམས་ཀྱང་འདི་བཞིན་དུ་ཤེས་པར་བྱའོ། །དངོས་གཞི་རྐང་པ་མཉམ་པར་གནས་ལ་པད་སྐོར་བྱས་ཏེ། རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་ལ་ཨོཾ་པྲ་ཎ་མཱ་མི་སརྦ་ཏ་«་་་་་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་ཕྱག་འཚལ་བར་བགྱིའོ། །»ཐཱ་ག་ཏཱ་ན། ཡང་འོག་ནས་འབྱུང་བ་ལྟར་གཡས་བརྐྱང་གཡོན་བརྐྱང་གཉིས་ཀ་བྱ་སྟེ། དབུས་སུ་འོངས་ནས་སྙིང་གར་ཐལ་མོ་སྦྱར་ལ་སརྦ་ཏ་ཐཱ་ག་«་་་་་དེ་བཞིན་གཤེགས་པ་ཐམས་ཅད་ལ་»ཏེ་བྷྱཿ ཞེས་བརྗོད་ནས། བདག་ཉིད་འབུལ་བའི་ཕྱིར་ལག་གཡོན་སྙིང་གར་སྐྱབས་སྦྱིན་ལྟ་བུ་དང༌། གཡས་གན་རྐྱལ་གྱིས་མེ་ཏོག་འགྲེམས་པའི་ཚུལ་བྱེད་ཅིང་ཨཱཏྨ་ནཾ་ནིརྻ་ཏ་«་་་་་བདག་ངེས་པར་འབུལ་བར་བགྱིའོ། །»ཡཱ་མི། ཞེས་ཕྱག་བྱས་ལ། གཡས་བསྡུ་བྱ་སྟེ། དེའི་ཚུལ་ནི་གཡོན་གཞི་བྱས་ལ། རྐང་གཡོན་བྲང་བ་ས་ལ་བཙུགས་ནས་གཡས་པའི་མཐེ་བོ་གཡོན་པའི་བྱིན་པ་ལ་བརྟེན་ཅིང༌། དཀུ་གཡོན་དུ་ཅུང་ཟད་འབུར་བ་ལ་མིག་བལྟ་བཞིན་པས། གཡས་རྡོ་རྗེ་འཕྱར་ཐབས། གཡོན་དྲིལ་བུ་ཁ་ནང་དུ་བསྟན་ནས་སྙིང་གར་འཛིན་པ་ཧེ་རུ་ཀའི་འདུག་སྟངས་ལྟ་བུའོ། །འོག་ནས་གཡས་བསྡུ་བ་རྣམས་འདི་བཞིན་ནོ། །དེ་བཞིན་དུ་སྔར་གྱི་གཡོན་གཞི་ལས་བཟློག་པ་གཡས་གཞི་དང༌། སྔར་གྱི་གཡས་བསྡུ་ལས་བཟློག་པ་གཡོན་བསྡུ་དང༌། གཡོན་གཞི་ལས་གཡས་འགྱིང་པ་དང་བཅས་པས་བརྐྱང་བ་ནི་གཡས་བརྐྱངས་དང༌། གཡས་གཞི་ལས་གཡོན་དེ་བཞིན་དུ་བརྐྱང་བ་ནི་གཡོན་བརྐྱངས་པ་ཡིན་ལ། ཕྱག་རྒྱ་ཐམས་ཅད་ཀྱི་འཆིང་འགྲོལ་ལ་ཡང༌། བཅིངས་པ་ནི་རང་རང་གི་སྐབས་སུ་འཆད་པ་ལྟར་ཡིན་ཞིང༌། འགྲོལ་བ་ནི་ལག་པ་སྟེང་ནས་འོག་ཏུ་གནས་པ་ན་སྟེང་མ་སྟེང་ནས་ཟླུམ་པོར་བསྐོར་བ་དང༌། འོག་མས་འོག་ནས་ཟླུམ་པོར་བསྐོར་བ་དག་དབུས་སུ་ཕྲད་པ་ན་པད་སྐོར་ལ་གནས་པ་སྟེ། གང་གིས་ཚེ་མཉམ་པར་གནས་པ་དེའི་ཚེ་གཡས་འོག་དང་གཡོན་སྟེང་ནས་བསྐོར་བ་དག་ཕྲད་པ་ན་པད་སྐོར་ལ་གནས་པའོ། །དྲུག་པ་སེམས་བསྐྱེད་པ་ནི་གཡས་བརྐྱང་ལ་འཆིང་འགྲོལ་གྱི་ཚུལ་གྱིས། ལག་པ་གཡས་འོག་ནས་འོངས་ཏེ་གཡོན་པའི་སྟེང་ནས་འདེབས་ཚུལ་བྱ་ཞིང་ཡ་«་་་་་ཇི་སྙེད་པའི་»ཝཱནྟཱ་སརྦ་«་་་་་སེམས་ཅན་རྣམས་»སཏྭཱཿ དབུས་སུ་གཡས་སྐོར་དང་ཕྱག་རྒྱ་བདག་ཉིད་འབུལ་བ་ལྟར་བྱ་ཞིང༌། སཏྭ་«་་་་་སེམས་ཅན་ཡང་དག་པར་འཛིན་ཅིང་»སཾ་གྲ་ཧི་ཎཿ«ཡང་དག་པར་བཟུང་བ་རྣམས་ནི་་་་་་»སཾ་གྲ་ཧི་ཏ། གཡོན་བརྐྱང་ལ་ལག་གཉིས་ཁ་ཕུབ་ཏུ་བརྐྱངས་པ་ནང་དུ་བསྡུས་ཏེ། གན་རྐྱལ་ལ་སོར་མོའི་རྩེ་མོ་རྣམས་བསྡུས་པ་སྒོང་སྐྱེས་ཀྱི་ཚུལ་དུ་བྱ་ཞིང༌། «སྒོ་ང་ལས་སྐྱེས་པ་དང་་་་་་»ཨཎྜ་ཛ་ཝ། དབུས་སུ་འོངས་ཏེ་མཉམ་པ་ལ་ལག་གཉིས་གན་རྐྱལ་དུ་བརྐྱངས་པ་ནང་དུ་བསྡུས་ཏེ། ཁ་ཕུབ་ལ་གསང་གནས་ཀྱི་ཐད་ནས་སོར་མོ་རྣམས་ཕྱིར་ལ་འགྱེད་པ་མངལ་སྐྱེས་ཀྱི་ཚུལ་དུ་བྱ་ཞིང༌། «མངལ་ལས་སྐྱེས་པ་དང་་་་་་»ཛ་རཱ་ཡུ་ཛ་ཝ། གཡས་བརྐྱང་ལ་ལག་གཉིས་གྲུ་མོ་གདེངས་ནས་སོར་མོ་རྣམས་ནང་དུ་བལྟ་བ་བརླའི་ཐད་ཀར་གཤོག་པ་རྡེབ་པ་ལྟ་བུ་དྲོད་གཤེར་ལས་སྐྱེས་པའི་ཚུལ་བྱ་ཞིང༌། སྭེ་ད་ཛ་«དྲོད་གཤེར་ལས་སྐྱེས་པ་དང་་་་་་»བ། དབུས་སུ་མཉམ་པ་ལ་གཡོན་པའི་ལག་མཐིལ་དུ་གཡས་པའི་གྲུ་མོ་བཞག་སྟེ། སོར་མོ་རྣམས་གྱེན་དུ་པདྨའི་རྣམ་པར་བྱས་པ་རྫུས་སྐྱེས་ཀྱི་ཚུལ་བྱ་ཞིང༌། ཨཽ་པཱ་པཱ་དུ་ཀ་ཝ།«་་་་་བརྫུས་ཏེ་སྐྱེས་པའམ། »གཡོན་བརྐྱང་ལ་གཡོན་པའི་སྡིགས་མཛུབ་སྙིང་གར་བཅས་ཏེ་གཡས་པའི་སྡིགས་མཛུབ་མགོ་བོར་བཙུགས་པ་ལ་གདོང་ཕྱོགས་པ་དང༌། དེ་ལས་བཟློག་སྟེ་གཡས་པའི་སྡིགས་མཛུབ་སྙིང་གར་བྱ་ཞིང༌། གཡོན་པའི་སྡིགས་མཛུབ་མགོ་བོའི་ཐད་དུ་ཕྱིར་བཀྱེད་དེ་མགོ་བོ་གཡས་སུ་བསྒྱུར་བ་གཟུགས་ཅན་དང་གཟུགས་མེད་ཀྱི་ཚུལ་དུ་བྱ་ཞིང༌། རཱུ་པཱ་ན་«གཟུགས་དང་་་་་་»ཝ། ཨ་རཱུ་པཱ་ན་«གཟུགས་མེད་པའམ་་་་་་»ཝ། དབུས་སུ་མཉམ་པ་ལ་གཡོན་སྡིགས་མཛུབ་སྙིང་གར་བཅས་ཏེ། གཡས་མཐེ་བོ་གུང་མོ་སྲིན་མཛུབ་བསྡམས་པ་ཁའི་ཐད་ནས་གྱེན་དུ་ཕྱོགས་པས་ཚིགས་འདྲེན་པའི་ཚུལ་དང༌། ལག་གཉིས་རྐེད་པའི་ཐད་ཀར་ཁ་ཕུབ་དུ་བསྣོལ་ནས། གན་རྐྱལ་དུ་སོ་སོར་གྱེས་པ་འདུ་ཤེས་ཡོད་མེད་ཀྱི་ཚུལ་དུ་བྱ་ཞིང༌། སཾ་ཛྙ་ནོ་«འདུ་ཤེས་ཅན་དང་་་་་་»ཝ། ཨ་སཾ་ཛྙ་ནོ་ཝ།«་་་་་འདུ་ཤེས་མེད་པའམ། »གཡས་བརྐྱང་གཡོན་སྡིགས་མཛུབ་སྙིང་གར་བཅས་ཏེ་གཡས་སྡིགས་མཛུབ་སྙིང་གར་བཟློག་པ་སྤྱི་བོར་བཙུགས་པ་དང༌། སླར་ཡང་དེ་ཉིད་གན་རྐྱལ་དུ་ལྟེ་བའི་ཐད་ཀ་ནས་སོར་མོ་རྣམས་ཕྱིར་ལ་འགྱེད་པའི་རྣམ་པ་འདུ་ཤེས་ཡོད་མིན་མེད་མིན་གྱི་ཚུལ་དུ་བྱ་ཞིང༌། ནཻ་བ་སཾ་ཛྙ་ན་«འདུ་ཤེས་ཡོད་མིན་དང་་་་་་»ཝ། ན་སཾ་ཛྙ་ན་«འདུ་ཤེས་མེད་མིན་ནམ་་་་་་»ཝ། དབུས་སུ་གཡོན་པ་སྙིང་གར་སྐྱབས་སྦྱིན་དང༌། གཡས་པ་ཁ་ཕུབ་སྟེ་ཅུང་ཟད་བརྐྱངས་ནས་ལུས་གཡས་སུ་བསྐོར་ཏེ་མཐར་གཡོན་པའི་མཐིལ་དུ་གཡས་ཁུ་ཚུར་མཐེ་བོ་གྱེན་དུ་བསླང་བ་དངོས་གྲུབ་ཀྱི་ཕྱག་རྒྱ་བཅའ་ཞིང༌། སརྦ་སཏྭ་མ་ཡི།«་་་་་སེམས་ཅན་ཐམས་ཅད་བདག་གིས། »མ་ཧཱ་མུ་དྲ་པ་དཻཿ«་་་་་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་རབ་ཏུ་དགོད་པར་བྱའོ། »པྲ་ཏིཥྛ་པ་ཡི་ཏ་བྱཾ། ཞེས་བརྗོད་དེ་གཡས་སུ་བསྡུའོ། །དེ་ཙམ་མི་སྤྲོ་ན། སེམས་ཅན་བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ཀྱི་བདུད་བསལ་བར་བྱའོ་སྙམ་དུ་བསམ་པ་ཙམ་གྱིས་ཀྱང་ཆོག་པར་མངོན་ནོ། །བདུན་པ་ཁྲོ་བོ་བསྒོམ་པ་ནི། གཡས་བརྐྱང་ལ་ལག་གཉིས་ཁུ་ཚུར་དུ་བྱས་ལ། རྒྱབ་སྤྲད་ལ་མཐེའུ་ཆུང་གཉིས་མདུད། མཛུབ་མོ་གཉིས་བསྒྲེང་བ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅའ་ཞིང༌། ཞེས་པས། རང་སྐད་ཅིག་གིས་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་འཇིགས་བྱེད་དང་དུས་མཚན་མནན་པ། རྩ་བའི་ཞལ་སྔོན་པོ། གཡས་སེར། གཡོན་ལྗང་བའི་ཞལ་གསུམ་གདངས་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། ཞལ་རེ་རེ་ཞིང་སྨིན་མ་འཁྱོག་ཅིང་ཁྲོ་གཉེར་དང་བཅས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་རང་གི་ཕྱག་རྒྱས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པ། གཡས་ལྷག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། གཡོན་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཕྱག་རྒྱ་དྲུག་དང་ཀླུ་ཆེན་པོ་བརྒྱད་ཀྱིས་སྤྲས་པ། མགོ་བོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཕྱང་བ། སྟག་གི་པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་འགྲོ་བ་མ་ལུས་པའི་བགེགས་ཀྱི་ཚོགས་ཟ་བ་ལྟ་བུའི་རང་བཞིན་དུ་གྱུར་ཞེས་བསྒོམ་ཞིང་གསལ་གདབ་བོ། །བརྒྱད་པ་མིག་བྱིན་གྱིས་བརླབ་པ་ནི། འཆིང་འགྲོལ་གྱི་ངང་ནས་གཡོན་སྡིགས་མཛུབ་ཐུགས་ཀར་བཞག གཡས་སྡིགས་མཛུབ་ཁ་གྱེན་དུ་བསྟན་པ་མིག་གཡས་ལ་རེག་ཅིང༌། ཨོཾ་ཨཿམ་ཀཱ་རེ་ཎ«་་་་་མ་ཡིག་གིས། »སཱུརྻ་ཀྲྀཏ་ས་བྱ་ནི་ཏྲ་ཧཱུྃ།«་་་་་ཉི་མར་བྱས་པའི་མིག་གཡས་པའོ། །»ཞེས་མིག་གཡས་མ་ལས་ཉི་མ། ཕྱག་རྒྱ་དེ་ལས་བཟློག་སྟེ། ཨོཾ་ཨོཾ་ཨཱཿཊ་«་་་་་ཊ་ཡིག་གིས་»ཀཱ་རེ་ཎ། ཙནྡྲ་ཀྲྀཏ་བཱ་མ་«་་་་་ཟླ་བར་བྱས་པའི་མིག་གཡོན་པའོ། །»ནེ་ཏྲེ་ཧཱུྃ། ཞེས་གཡོན་ཊ་ལས་ཟླ་བ་དང་ཧཱུྃ་ཧཱུྃ། ཞེས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་མིག་གཉིས་ཀྱི་ཐད་ཀར་བསྟན་ལ་མིག་འབྲས་གཉིས་སུ་ཧཱུྃ་ལས་དུས་མཐའི་མེ་ལྟར་འབར་བའི་རྡོ་རྗེར་བྱིན་གྱིས་བརླབ་བོ། །དགུ་པ་རྡོ་རྗེའི་ལྟ་བས་བལྟ་བ་ནི། འཆིང་འགྲོལ་དང་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལ་གནས་པས། ཧཱུྃ་ཀྲོ་དྷ་དྲྀཥྚི་«་་་་་ཁྲོ་བོའི་ལྟ་སྟངས་ཅན། »ཧྲིཿ ཞེས་བརྗོད་ཅིང་ཕྱོགས་ཐམས་ཅད་དུ་བལྟས་ནས། བགེགས་རྣམས་ཉི་མས་བསྲེག་ཅིང་ཟླ་བས་གསོས་པར་བསམས་ལ། གཡས་བསྡུའོ། །བཅུ་པ་ང་རྒྱལ་བསྐྱེད་པ་ནི། དེ་ནས་དབུས་སུ་མཆོངས་ལ། གཡོན་སྡིགས་མཛུབ་སྙིང་གར་བསྒྲེང༌། གཡས་ལག་མཐིལ་ཕྱིར་བསྟན་པའི་སོར་མོ་དཔྲལ་བར་རེག་ཅིང༌། ཨ་ཧཾ་མེ་«་་་་་ང་ནི་རང་བཞིན་རྡོ་རྗེ་ཅན་»ཝ་སྭ་ཡཾ་བཛྲཱི། ཞེས་པ་དང༌། གཡས་བརྐྱང་ལ་གཡས་རྡོ་རྗེ་ཐུགས་ཀ་དང༌། གཡོན་དྲིལ་བུ་དཀུར་བཟུང་ལ། བཛྲ་སཏྭ་མ་ཧཾ་སྭ་«རྡོ་རྗེ་སེམས་དཔའ་ལ་རང་ཉིད་དང་་་་་་»ཡཾ། དབུས་སུ་མཉམ་པ་ལ་ཐལ་མོ་སྙིང་གར་སྦྱར་ནས། ཨ་ཧཾ་བུདྡྷོ་མ་«་་་་་ང་ནི་སངས་རྒྱས་རྒྱལ་པོ་ཆེ་»ཧཱ་རཱ་ཛཱ། གཡོན་བརྐྱང་ལ་ལག་གཉིས་སྟེང་འོག་དུ་བསྣོལ་ནས་གྲུ་མོ་དཔུང་པའི་མཚམས་ནས་བཟུང་སྟེ། གཡོ་བ་དང་བཅས་པས། ཨ་ཧཾ་བཛྲཱི་མ་«་་་་་ང་ནི་སྟོབས་ཆེན་རྡོ་རྗེ་ཅན་»ཧཱ་བ་ལ། དབུས་སུ་གཡས་རོལ་ལ། ལག་གཉིས་སྙིང་གར་གྲི་གུག་ཐོད་པ་འཛིན་པ་ལྟར་སྟེང་འོག་དུ་བྱས་ཏེ། ཨ་ཧཾ་«ང་ནི་རྣལ་འབྱོར་དབང་ཕྱུག་རྒྱལ་་་་་་»ཡོ་གཱི་ཤྭ་ར་རཱ་ཛ། གཡས་བརྐྱང་དང་ལག་གཡས་ཅིག་ཅར་བརྐྱང་ཞིང༌། གཡོན་སྙིང་གར་སྡིགས་མཛུབ་བྱས་ལ། བཛྲ་པཱ་ཎི་ར་ཧཾ་དྲྀ་ཌྷཾ།«་་་་་ཕྱག་ན་རྡོ་རྗེ་བརྟན་པ་ང༌། »དབུས་སུ་མཉམ་པ་ལ་གཡས་རྡོ་རྗེ་འཕྱར་ཞིང་གཡོན་སྡིགས་མཛུབ་སྙིང་གར་བཅས་ལ། ཨ་ཧཾ་མེ་«་་་་་ང་ནི་བདག་པོ་རྡོ་རྗེ་ཆེ་»ཝ་མ་ཧཱ་བཛྲ། གཡོན་བརྐྱང་ལ་ལག་པ་གཉིས་ཐུགས་ཀར་བསྣོལ་ལ། ཨ་དྷིཥྛཱ་«་་་་་བྱིན་གྱིས་བརླབ་པར་མི་འདོར་རོ། །»ན་ཨ་དྷིཥྛི་ཏེའོ། །ཞེས་བརྗོད་ཅིང་གཡོན་བསྡུའོ། །བཅུ་གཅིག་པ་འགྲོས་བཞིས་བསྐོར་བ་ནི། དང་པོར་རྩེ་གཅིག་པ་ལ་ཐོག་མར་རྐང་པ་བྱིན་གྱིས་བརླབ་པའི་ཕྱིར། གཡོན་པའི་བོལ་གོང་དུ་གཡས་པའི་གཡས་ཟུར་བཞག་པ་བསྡུ་བ་ལྟར་གྱེན་དུ་བཏེག་ལ་ལག་པ་གཉིས་སྡིགས་མཛུབ་བསྒྲེང་ལ་གཡོན་པའི་མཛུབ་མོ་རྐང་པ་གཡོན་པ་དང༌། གཡས་པའི་མཛུབ་མོ་གཡོན་པའི་མཁྲིག་མ་ལ་རེག་ཅིང་རྐེད་པ་སྨད་དེ་ལུས་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་བྱས་ལ། ཨེ་ཀ་པཱ་ལི་ཀ་«་་་་་རྩེ་མོ་གཅིག་པའི་རྡོ་རྗེའི་རྐང་སྟབས་»བཛྲ་པཱ་དཿ གཡོན་པ་རྒྱབ་ཏུ་བཞག་ནས་གྱེན་དུ་འདེགས་པ་ལ་སོགས་པ་སྔ་མ་ལས་བཟློག་པའི་ཚུལ་གྱིས་བྱ་སྟེ། རྐང་པ་དག་རྡོ་རྗེའི་རང་བཞིན་དུ་མོས་པར་བྱའོ། །དེ་ནས་རྐང་པ་གཡས་པའི་ཕྱི་ཟུར་གཡོན་པའི་རྟིང་པར་བཞག་སྟེ། ཨེ་ཀ་པཱ་ལི་«་་་་་རྩེ་མོ་གཅིག་པ་»ཀ་བོལ་གོང་དུ་བཞག་སྟེ། བཛྲ་པཱ་«་་་་་རྡོ་རྗེའི་རྐང་སྟབས་ཅན་»དཿ རྡོ་རྗེ་དྲིལ་བུ་ལ་ལན་གསུམ་བསྐོར་བའི་མཐར་རྡོ་རྗེ་འོག་ཏུ་བཟུང་བའི་སྟེང་དུ་དྲིལ་བུ་ཡུན་རིང་དུ་དཀྲོལ་ཏེ། བཛྲ་«་་་་་རྡོ་རྗེ་ཁྲོ་བོ་ཆེན་པོ་»མ་ཧཱ་ཀྲོ་དྷ། ལག་གཉིས་ཕྱིར་ལ་བཀྱེད་ལ་རྒྱ་མཚོའི་རླབས་ལྟར་ལུས་ཀུན་ནས་གཡོ་བ་དང་བཅས་པས་རྡོ་རྗེ་འཕྱར་ཐབས་སུ་གསོར་ཞིང༌། དྲིལ་བུ་དཀུར་འཛིན་པ་དང༌། རྐང་པ་གཡས་མཐོ་ལྔ་ཙམ་གྱི་བར། མདུན་དུ་བཏེག་པ་དང༌། གཡོན་པ་གཡས་ལོགས་སུ་འཁྱོག་པ་དང༌། མིག་ཕྲག་པ་གཡས་ནས་རྒྱབ་ཏུ་བལྟ་བ་རྣམས་དུས་མཉམ་དུ་བྱ་ཞིང༌། བྷཉྫ་བྷཉྫ།«་་་་་ཆོམས་ཤིག་ཆོམས་ཤིག »སརྦ་དུཥྚ་ཨ་སུ་«་་་་་ཐམས་ཅད་དུ་གདུག་པ་ཅན་གྱི་ལྷ་མ་ཡིན་རྣམས་གཟིར་བ་»རཱ་ན་ཧཱུྃ་«་་་་་ཁོས་ཅིག་»ཕཊ། དེ་བཞིན་དུ་རྐང་པ་གཡོན་གྱི་ཕྱི་ཟུར་གཡས་པའི་རྒྱབ་དང་བོལ་གོང་དུ་འཇོག་པ་དང༌། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀུར་འཛིན་པ་དང༌། རྐང་པ་གཡོན་པ་མདུན་དུ་བཏེག་པ་དང༌། གཡས་པ་གཡོན་ལོགས་སུ་འཁྱོག་པ་ལ་སོགས་སྔ་མའི་རིགས་པས་ཤེས་ཤིང༌། མིག་ཕྲག་པ་གཡོན་ནས་རྒྱབ་ཏུ་བལྟ་བའི་ཚུལ་གྱིས་རེས་མོས་གྱི་འགྲོ་བའོ། །ཚུལ་འདིས་སློབ་དཔོན་དབུས་ནས་དབང་ལྡན་གྱི་བར་དུ་འོང་ཞིང༌། དེའི་བར་ཕྱོགས་ན་གནས་པའི་སློབ་མ་རྣམས་མཉམ་པ་དང༌། རྡོར་སེམས་ཀྱི་ཚུལ་གྱིས་འདུག་ལ། སློབ་དཔོན་དབང་ལྡན་དུ་སླེབ་པ་དང་ཐམས་ཅད་ཀྱིས་རྩེ་གཅིག་པས་གཡས་སྐོར་དུ་འགྲོ་ཞིང་སློབ་དཔོན་དབང་ལྡན་དུ་སླེབས་ཀྱི་བར་དུ་བསྐོར་རོ། །དེ་ནས་རྩེ་གསུམ་པ་ནི། བྱིན་གྱིས་རློབ་པ་ན་གཞན་སྔར་དང་འདྲ་བ་ལས། རྐང་པ་གཡས་པས་མདུན་གྱི་རྩེ་མོ་གསུམ་དང༌། གཡོན་པས་རྒྱབ་ཀྱི་རྩེ་མོ་གསུམ་བྲིས་ནས་བཏེག་སྟེ། ཏྲི་སཱུ་ཙི་«་་་་་རྩེ་མོ་གསུམ་པའི་རྡོ་རྗེའི་རྐང་སྟབས་»ཀ་བཛྲ་པཱ་དཿ ཞེས་བརྗོད་དོ། །རྡོ་རྗེའི་རང་བཞིན་དུ་མོས་པར་བྱའོ། །དེ་ནས་ལག་གཡོན་དྲིལ་བུ་སྟེང་དུ་འཁྲོལ་བའི་འོག་ཏུ་གཡས་རྡོ་རྗེ་གྱེན་དུ་བསྒྲེངས་བ་བཟུང་སྟེ། རྐང་པ་གཡས་པའི་ཕྱི་ཟུར་གྱི་རྒྱབ་ཏུ་གསུམ་བྲི་ཞིང༌། ཨོཾ་«་་་་་རྩེ་མོ་གསུམ་པ་»ཏྲི་སཱུ་ཙི་ཀ མདུན་དུ་གསུམ་བྲི་ཞིང༌། བཛྲ་པཱ་དཿ«་་་་་རྡོ་རྗེའི་རྐང་སྟབས་ཅན།» རྐང་པ་གཡས་མཐོ་ལྔ་ཙམ་གྱིས་མདུན་དུ་འདོར་བ་དང༌། ལག་པ་གཡས་འོག་ནས་སྟེང་དང༌། གཡོན་སྟེང་ནས་འོག་ཏུ་འགྲོ་བའི་ཚུལ་གྱིས་རི་བོ་འདེགས་པ་ལྟར་ལུས་ཀུན་ནས་གཡོ་བ་དང་བཅས་ཤིང༌། བཛྲ་མ་ཧཱ་ཀྲོ་དྷ།«་་་་་རྡོ་རྗེ་ཁྲོ་བོ་ཆེན་པོ། »གཡས་རྡོ་རྗེ་འཕྱར་སྟབས་དང༌། གཡོན་དྲིལ་བུ་སྙིང་གར་འཛིན་ཅིང༌། ལུས་ལྗིད་པུས་མོ་གཡས་པའི་སྟེང་དུ་བསྐུར་ལ། སྒྱིད་པ་གཡོན་དྲང་པོར་བསྲངས་ཏེ། པུས་མགོ་གཡོན་དུ་མིག་ཟུར་བལྟ་བའི་སྒོ་ནས། བྷཉྫ་བྷཉྫ་«་་་་་ཆོམས་ཤིག་ཆོམས་ཤིག »སརྦ་དུཥྚ་ཨ་སུ་རཱ་«་་་་་ལྷ་མ་ཡིན་ནམ»་ན་ཧཱུྃ་ཕཊ། དེ་བཞིན་དུ་རྐང་པ་གཡོན་པས་རྒྱབ་གསུམ་དང༌། མདུན་གསུམ་བྲིས་ནས། ལག་སྟབས་སྔར་ལས་བཟློག་སྟེ་གཡོན་སྟེང་ནས་དྲིལ་བུ་འཁྲོལ་ཞིང༌། གཡས་རྡོ་རྗེ་སྙིང་གར་བཟུང་ཞིང་རྐང་སྟབས་ཀྱང་སྔར་ལས་བཟློག་པའི་ཚུལ་གྱིས་མིག་ཟུར་གཡས་སུ་བལྟ་ཞིང་འགྲོ་བ་ལ་སོགས་པ་སྔར་བཞིན་གྱི་རིགས་པས་ཤེས་པར་བྱའོ། །རྩེ་ལྔ་པ་ནི། བྱིན་གྱིས་རློབ་པ་ན་གཞན་སྔར་དང་འདྲ་བ་ལས། རྐང་པ་གཡས་ཀྱིས་གཞོགས་གཡོན་དུ་རྩེ་མོ་ལྔ་དང༌། གཡོན་གྱིས་གཡས་སུ་རྩེ་མོ་ལྔ་བྲིས་ནས་བཏེག་སྟེ། པཉྫ་སཱུ་ཙི་«་་་་་རྡོ་རྗེ་རྩེ་ལྔ་པའི་རྐང་སྟབས་»ཀ་བཛྲ་པཱ་དཿ ཞེས་པས་རྡོ་རྗེའི་རང་བཞིན་དུ་མོས་པར་བྱའོ། །དེ་ནས། མིག་གཉིས་ལག་གཉིས་དེ་བཞིན་དཀུ། །ཞེས་སོགས་ལྟར་ལུས་ཅུང་ཟད་སྨད་ནས་མིག་གཉིས་དཀུ་གཡོན་པའི་ཕྱོགས་སུ་བལྟ་ཞིང་ལག་གཉིས་པད་སྐོར་ཡང་དེར་བྱེད་བཞིན་པས། རྐང་གཡས་གཞོགས་གཡོན་དུ་རྩེ་མོ་ལྔ་བྲི་ཞིང༌། ཨོཾ་པཉྫ་སཱུ་ཙི་«་་་་་རྡོ་རྗེ་རྩེ་ལྔ་པའི་རྐང་སྟབས་»ཀ་བཛྲ་པཱ་དཿ སླར་ཡང་དཀུ་གཡས་པར་བལྟ་ཞིང་པད་སྐོར་བྱེད་བཞིན་པས་རྐང་པ་གཡོན་ཀྱིས་གཞོགས་གཡས་སུ་རྩེ་མོ་ལྔ་བྲིས་ཏེ། ཨོཾ་པཉྫ་སཱུ་ཙི་ཀ ཞེས་སོགས་ལག་གཉིས་ཁ་ཕུབ་དང༌། རྐང་གཡས་གཡོན་ཕྱོགས་སུ་བརྡེག་ཅིང༌། བཛྲ་མ་ཧཱ་ཀྲོ་དྷ། ཞེས་རོལ་པའི་སྤྱོད་པས་སྒེག་པའི་ཉམས་དང་ལྡན་པས་གཡས་སྐོར་དུ་འགྲོ་ཞིང༌། བྷཉྫ་བྷཉྫ། སོགས་དེ་བཞིན་དུ་དཀུ་གཡས་པར་བལྟ་ཞིང་པད་སྐོར་བྱེད་བཞིན་པས་རྐང་གཡོན་གཞོགས་གཡས་སུ་རྩེ་མོ་ལྔ་བྲི་བ་དང༌། དཀུ་གཡོན་པར་བལྟ་ཞིང་པད་སྐོར་དང་རྐང་གཡས་ཀྱི་གཡོན་དུ་རྩེ་ལྔ་བྲིས་ལ་གཡོན་སྐོར་དུ་འགྲོ་བ་སོགས་སྔར་གྱི་རིམ་པས་ཤེས་པར་བྱའོ། །སྣ་ཚོགས་རྡོ་རྗེ་ནི། བྱིན་གྱིས་རློབ་པ་ན་རྐང་གཡས་ཀྱིས་མདུན་གསུམ་དང༌། གཡས་གསུམ་དང༌། གཡོན་གྱིས་རྒྱབ་གསུམ་དང་གཡོན་གསུམ་བྲིས་ནས་བཏེག་ཏེ། བི་ཤཱ་སཱུ་ཙི་ཀ་«སྣ་ཚོགས་པའི་རྩེ་མོ་རྡོ་རྗེའི་རྐང་སྟབས་ཅན་་་་་་»བཛྲ་པཱ་དཿ ཞེས་པས་རྡོ་རྗེའི་རང་བཞིན་དུ་མོས་པར་བྱའོ། །དེ་ནས་རྐང་གཡོན་གྱིས་རྒྱབ་གསུམ་དང་གཡོན་གསུམ་བྲི་ཞིང༌། ཨོཾ་བི་ཤྭ་སཱུ་ཙི་ཀ་«སྣ་ཚོགས་པའི་རྩེ་མོ་རྡོ་རྗེའི་རྐང་སྟབས་ཅན་་་་་་»བཛྲ་པཱ་དཿ གཡས་ཀྱི་མདུན་གསུམ་དང་གཡས་གསུམ་བྲི་ཞིང༌། ཨོཾ་བི་ཤྭ་སོགས་གཡས་བསྡུ་བྱ་ཞིང༌། བཛྲ་མ་ཧཱ་ཀྲོ་དྷ་ཁྲོ་བོའི་སྤྱོད་པས་མདུན་དུ་རྔམ་པ་དང་བཅས་པས་མཆོངས་ཏེ་གཡོན་རོལ་བྱ་ཞིང༌། བྷཉྫ་བྷཉྫ། སོགས་དེ་བཞིན་གཡོན་མདུན་དུ་བཞག་ནས་གཡས་པས་རྒྱབ་དང་གཡས་སུ་བྲི་བ་དང༌། གཡོན་པས་མདུན་དང་གཡོན་དུ་བྲིས་ནས་གཡོན་རོལ་བྱ་ཞིང༌། མདུན་དུ་མཆོངས་ཏེ་གཡས་རོལ་བྱེད་པ་ལ་སོགས་སྔར་གྱི་རིགས་པས་ཤེས་པར་བྱའོ། །འདིར་རྡོ་རྗེ་བྲི་བ་ལ་ནི། རྡོ་རྗེའི་རྐང་སྟབས་ཞེས་བྱ་ལ། འགྲོ་བ་ནི་རྒྱ་མཚོའི་རླབས་དང༌། རི་བོ་འདེགས་པ་དང༌། རོལ་པའི་བསྐྱོད་པ་དང༌། ཁྲོ་བོའི་བསྐྱོད་པ་སྟེ། གོམ་པ་བཞིས་འགྲོ་བ་ཡིན་པས་ཚུལ་ཐ་དད་དུ་ཤེས་པར་བྱའོ། །བཅུ་གཉིས་པ་བགེགས་ལ་བཀའ་བསྒོ་བ་ནི། གཞན་རྣམས་སོ་སོའི་ཕྱོགས་སུ་གནས་པ་ལ། སློབ་དཔོན་སྣ་ཚོགས་རྡོ་རྗེའི་རྐང་པས་དབུས་སུ་སོང་ལ་དབང་ལྡན་དུ་ཁ་ཕྱོགས་པས་གཡོན་གཞི་དང་གཡས་བརྐྱང་ལ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་སྙིང་གར་བཅའ་ཞིང༌། ཨ་ཧཾ་མ་«་་་་་ང་ནི་ཁྲོ་བོ་ཆེན་པོའོ། »ཧཱ་ཀྲོ་དྷ། ཞེས་པས་ཧཱུྃ་མཛད་དུ་གསལ་བར་བསྒོམས་ལ། གང་སུ་དག་ལྷ་དང༌། ལྷ་མ་ཡིན་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། བརྗེད་བྱེད་དང༌། འབྱུང་པོ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། གྲིབ་གནོན་དང༌། རྒན་པོ་དང༌། རྒན་མོ་དང༌། གཡོག་དང༌། འཁོར་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། རིག་སྔགས་གྲུབ་པ་ཁྱེད་རྣམས་དེངས་ཤིག ས་ཕྱོགས་འདིར་བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བས་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དང༌། སློབ་མ་ཆེ་གེ་མོ་ཞེས་བྱ་བས་མངོན་པར་རྫོགས་པར་བྱང་ཆུབ་པར་རྫོགས་པར་བྱ་བའི་དོན་དུ། དཔལ་ཆེ་གེ་མོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདྲི་བར་བྱའོ། །དེའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་བཀའ་འདི་ཐོས་ནས་མྱུར་དུ་དེངས་ཤིག གང་དག་མི་འགྲོ་བ་དེའི་མགོ་བོ་དག་ཧཱུྃ་མཛད་ཀྱི་རྡོ་རྗེ་རབ་ཏུ་འབར་བ་གསལ་ཞིང་རབ་ཏུ་གསལ་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་འདིས་རྣམ་པ་བརྒྱར་འགས་པར་བྱའོ། །ཞེས་པའམ། ཡང་ན། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །བཀའ་ཡི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་འབར་བའི་གཟུགས་ཀྱིས་ནི། །ལུས་སོགས་ལས་བྱུང་དྭགས་བྱ་སྟེ། །གལ་ཏེ་ཁ་ཅིག་བདག་ལ་འདའ། །འདིར་ནི་འཇིགས་འགྱུར་གཞན་དུ་མིན། །ཞེས་པ་སྟེ་འདི་གཉིས་གང་རུང་ལན་གསུམ་རེ་བྱེད་པར་བཤད་པ་ལ། བླ་མ་དག དང་པོར་ལྷུག་པའི་བཀའ་བསྒོ་དང༌། བར་དུ་དབྱངས་དང་བཅས་པའི་ཚིགས་བཅད་དང༌། ཐ་མར་སྔར་གྱི་ལྷུག་པ་མྱུར་དུ་བརྗོད་པར་མཛད་དེ། དེ་ལྟར་བྱས་ཀྱང་རུང་ངོ༌། །གང་ལྟར་ཀྱང་ཚམ་རྔམས་ཀྱི་སྦྱོར་བས་རོལ་མོ་དྲག་ཏུ་བྱ། གུ་གུལ་གྱིས་བདུག་ཅིང༌། དྲག་སྔགས་བཟླས་པས་བསྐྲད་ལ་བསྡུའོ། །བཅུ་གསུམ་པ་ཁ་སྦྱོར་བཞི་བྱ་བ་ནི། སློབ་དཔོན་བྱང་དུ་ཕྱོགས་ཏེ་སྣ་ཚོགས་རྡོ་རྗེའི་རྐང་པས་བྱང་སྒོའི་སློབ་དཔོན་གྱི་མདུན་གྱི་བར་ཕྱིན་ལ། སློབ་དཔོན་གཡས་བརྐྱང་དང༌། སློབ་མ་དེ་ལས་བཟློག་པའི་སྟབས་ཀྱིས་འཆིང་འགྲོལ་དང༌། རྡོ་རྗེ་དྲིལ་བུ་བསྣོལ་མར་བཟུང་སྟེ། སློབ་དཔོན་གྱིས་དྲིལ་བུ་སློབ་མའི་རྡོ་རྗེ་དང༌། སློབ་མའི་དྲིལ་བུར་སློབ་དཔོན་གྱི་རྡོ་རྗེ་བཅུག་ལ། ཨོཾ་སམྤུ་ཊ་«ཡང་དག་པར་སྦྱོར་བའི་ཚུལ་གྱིས་དཀྱིལ་འཁོར་གྱི་ས་གཞི་་་་་་»བྷི་ན་ཡཿ མཎྜ་ལ་བྷཱུ་མི་ཨ་དྷི་ཏིཥྛི་ཏེ་ཧཱུྃ་«བྱིན་གྱིས་རློབས་ཤིག་་་་་»ཕཊ། ཅེས་བརྗོད་དེ་གཡས་བསྡུའོ། །དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་གཞན་གསུམ་དུའང་བྱ་ཞིང༌། སློབ་དཔོན་སློབ་མ་རྣམས་ཀྱིས་ནང་རོལ་ནས་རྡོ་རྗེ་རྐང་པས་འགྲོ། སློབ་མ་རྣམས་ནི་སོ་སོའི་གནས་སུ་ལྷའི་ལྟ་སྟངས་ཀྱིས་གནས་པར་བྱའོ། །བཅུ་བཞི་པ་རྐང་སྟབས་བཅུ་གསུམ་བྱ་བ་ལ། ངེས་ཅན་ལྔ་དང༌། ངེས་མེད་བརྒྱད་དེ་གཉིས་ལས། དང་པོ་ནི། རྡོ་རྗེ་རྩེ་ལྔ་པའི་བསྐོར་བ་དང་སྤེལ་ལ། ཤར་དུ་གཡས་བརྐྱང་ལ་པད་སྐོར་སྔོན་དུ་འགྲོ་བས་བཅའ་གཞི་རྫོགས་པ་ན། ལག་གཡས་དཀུ་གཡས་འབུར་བའི་ཕྱོགས་སུ་མཆོག་སྦྱིན་གྱི་རྣམ་པ་དང༌། ལག་གཡོན་དེའི་སྟེང་དུ་སྐྱབས་སྦྱིན་ལྟ་བུར་བྱས་ནས། ཨ་ཧཾ་མ་ཧཱ་ཀྲོ་དྷ་ཞེས་སིབ་དང་པོ་དང༌། རྐང་གཡོན་བྱིན་པ་བསྐུམས་ནས་གཡས་མཐོ་ལྔའི་བར་དུ་བརྐྱངས་ཏེ། ལག་སྟབས་ཀྱང་རྐང་སྟབས་དང་མཐུན་པར་བྱས་ལ། ཨཱ་ལཱི་ཌྷ་པཱ་ད།«་་་་་གཡས་བརྐྱང་གི་རྐང་སྟབས། »ཞེས་སིམ་གཉིས་པ་བཏབ་ནས། དངོས་གཞི་འཆིང་འགྲོལ་འགྱིང་བ་དང་བཅས་པས་རྡོ་རྗེ་གྱེན་དུ་གསོར། གཡོན་སྡིགས་མཛུབ་དང་བཅས་པས་དྲིལ་བུ་སྙིང་གར་དཀྲོལ་ཞིང༌། ཨོཾ་«གཡས་བརྐྱང་གི་རྐང་སྟབས་ཅན་་་་་་»ཨཱ་ལཱི་ཌྷ་པཱ་ད། བཛྲ་མ་«་་་་་ཁྲོ་བོ་ཆེན་པོས་»མ་ཧཱ་ཀྲོ་དྷ། «རྣམ་པར་མྱོས་ཤིག་་་་་»བི་གྷུརྞ་ཡ། བི་གྷུརྞ་ཡ།«་་་་་རྣམ་པར་རྨུགས་སུ་ཆུག་ཅིག »སརྦ་དུཥྚ་དེ་བ་ཨཱ་དི་མཱ་རཱ་«ལྷ་ལ་སོགས་པའི་བདུད་གདུག་པ་ཅན་ཐམས་ཅད་་་་་་»ན་ཧཱུྃ་ཕཊ། ཞེས་དྲག་ཏུ་བརྗོད་དེ་བསྡུའོ། །ལྷོར་གཡོན་བརྐྱང་ལ། བཅའ་གཞི་རྫོགས་ནས་དཀུ་གཡོན་འབུར་བའི་ཕྱོགས་སུ་མཆོག་སྦྱིན་སྐྱབས་སྦྱིན་གྱི་སིབ་དང་པོ་དང༌། རྐང་གཡས་བྱིན་པ་བསྐུམ། གཡོན་མཐོ་ལྔའི་བར་དུ་བརྐྱངས་ཏེ། ལག་སྟབས་ཀྱང་རྐང་སྟབས་དང་མཐུན་པར་བྱས་ལ། པྲ་དྱཱ་ལཱི་ཌྷ་པཱ་ད། ཞེས་སིབ་གཉིས་པ་བཏབ་ནས་དངོས་གཞིའི་ཕྱག་རྒྱ་སྔ་མ་བཞིན་བྱ་སྟེ། ཨོཾ་པྲ་དྱཱ་«་་་་་གཡོན་བརྐྱང་གི་རྐང་སྟབས་ཅན་»ལཱི་ཌྷ་པཱ་ད། བཛྲ་མ་«་་་་་ཁྲོ་བོ་ཆེན་པོ་»ཧཱ་ཀྲོ་དྷ། བི་གྷུརྞ་ཡ་སོགས་འདྲ། ཡ་མ་ཨཱ་དི་མཱ་རཱ་ན་ཧཱུྃ་ཕཊ།«་་་་་གཤིན་རྗེ་ལ་སོགས་པའི་བདུད་རྣམས། »ཅེས་དྲག་ཏུ་བརྗོད་དེ་བསྡུའོ། །ཕྱི་མ་རྣམས་ལའང་སིབ་དང་པོ་ནི་སྔ་མ་ལྟར་རེ་མོས་སུ་བྱ་ཞིང༌། ནུབ་དུ་ས་ག་པ་སིབ་དང་པོ་དང༌། རྐང་གཉིས་སོར་ཉི་ཤུ་རྩ་དྲུག་གི་རྒྱར་སོར་མོ་ལོགས་གཉིས་སུ་བསྟན་ཅིང༌། པུས་མོ་གཉིས་དྲང་པོར་བསྲངས་ཏེ། ལག་སྟབས་རྐང་སྟབས་དང་མཐུན་པ་ལ། བཻ་ཤ་ཁ་པཱ་ད། ཞེས་སིབ་གཉིས་པ་བཏབ་ནས་ཕྱག་རྒྱ་འཆིང་འགྲོལ་དང་བཅས་པས། རྡོ་རྗེ་དྲིལ་བུ་སྔ་མ་བཞིན་སྟེང་དུ་བྱས་ཏེ། ཨོཾ་བཻ་ཤ་ཁ་པཱ་ད།«་་་་་ས་གའི་རྐང་སྟབས་ཅན། »སོགས་དང༌། ནཱ་ག་ཨཱ་དི་མཱ་རཱ་ན་ཧཱུྃ་ཕཊ།«་་་་་ཀླུ་ལ་སོགས་པའི་བདུད་རྣམས། »ཞེས་དྲག་ཏུ་བརྗོད་དེ་བསྡུའོ། །བྱང་དུ་ཟླུམ་པོ་ལ། སིབ་དང་པོ་བཏབ་ནས། རྐང་གཉིས་ས་ག་དང་འདྲ་བ་ལས་པུས་མོ་གཉིས་ངང་པའི་གཤོག་པ་ལྟར་ཁྲུ་དོའི་བར་དུ་གདེངས་ནས། ལག་སྟབས་གྲུ་མོ་གདེངས་ཤིང་མཛུབ་མོ་དག་བརླའི་སྟེང་དུ་བཙུགས་པ་རྐང་སྟབས་དང་མཐུན་པ་ལ། མཎྜལ་པཱ་ད། ཞེས་པའི་སིབ་གཉིས་པ་བཏབ་ནས། གཡོན་དྲིལ་བུ་སྟེང་དུ་འཛིན་ཅིང་གཡས་འོག་ནས་གཡས་སྐོར་བྱས་པའི་མཐར་རྡོ་རྗེ་དྲིལ་བུ་སྟེང་འོག་ནས་སྔར་བཞིན་བྱ་སྟེ། ཨོཾ་མཎྜལ་«་་་་་ཟླུམ་པོའི་རྐང་སྟབས་ཅན་»པཱ་ད། ཞེས་སོགས་དང༌། ཡཀྵ་ཨཱ་«་་་་་གནོད་སྦྱིན་ལ་སོགས་པའི་བདུད་རྣམས་»དི་མཱ་རཱ་ན་ཧཱུྃ་ཕཊ། ཞེས་དྲག་ཏུ་བརྗོད་དེ་བསྡུའོ། །དབུས་སུ་མཉམ་པ་ལ། སིབ་དང་པོ་དང༌། རྐང་གཉིས་སོར་མོ་མདུན་དུ་བསྟན་པས་གཞིབས་ཏེ་ལུས་དྲང་པོར་བསྲང་ཞིང་ལག་སྟབས་རྐང་སྟབས་དང་མཐུན་པ་ལ། ས་མ་པཱ་ད། ཞེས་སིབ་གཉིས་པ་བཏབ་ལ། ཕྱག་རྒྱ་ས་ག་དང་མཐུན་པ་ལ། ཨོཾ་ས་མ་«་་་་་མཉམ་པའི་རྐང་སྟབས་ཅན་»པཱ་ད། ཞེས་སོགས་དང༌། སརྦ་དུཥྚ་ཏྲཻ་དྷཱ་ཏུ་ཀཾ་སྠཱ་སརྦ་ཨཱ་དི་«་་་་་ཁམས་གསུམ་རབ་ཏུ་གནས་པའི་གདུག་པ་ཅན་»མཱ་རཱ་ན་ཧཱུྃ་ཕཊ།«་་་་་བདུད་ལ་སོགས་པ་ཐམས་ཅད། »ཅེས་དྲག་ཏུ་བརྗོད་དེ་བསྡུའོ། །གཉིས་པ་ངེས་མེད་བརྒྱད་ནི། གནས་གང་དུ་བྱས་ཀྱང་ཆོག་མོད་འོན་ཀྱང་ཕྱོགས་མཚམས་བརྒྱད་དུ་མཛད་པས། དེ་ལྟར་ན་རྡོ་རྗེ་རྩེ་གསུམ་པས་བསྐོར་བ་དང་སྤེལ་ནས། བྱང་ཤར་དུ་སྐྱེས་པའི་རྐང་སྟབས་ནི། པད་སྐོར་རྫོགས་པ་དང༌། གར་གྱི་གཞི་གཡས་བརྐྱང་ལྟར་བཅས་ལ། ལག་གཉིས་རྡོ་རྗེ་སེམས་དཔའི་ཚུལ་བྱ་ཞིང༌། ཨ་ཧཾ་བཛྲ་སཏྭ།«་་་་་ང་ནི་རྡོ་རྗེ་སེམས་དཔའོ། །»ཞེས་བརྗོད་དེ་བཀྲོལ་ལ། རྐང་གཡོན་དྲང་པོར་གནས་པ་ལ། གཡས་སོར་མོ་གཡས་ལོགས་སུ་བསྟན་ཅིང་པུས་མོ་ཅུང་ཟད་བསྐུམས་ནས་རྟིང་པ་གཉིས་ཀྱི་བར་དུ་སོར་བཞི་ཡོད་པར་བྱས་ཏེ། དཀུ་གཡོན་སྒེག་པ་དང་བཅས་པས། ལག་སྟབས་རྐང་སྟབས་དང་མཐུན་པར་བྱ་ཞིང༌། ཛཱ་ཏ་«་་་་་སྐྱེས་པའི་རྐང་སྟབས་»པཱ་ད། ཞེས་སིབ་གཉིས་པ་བཏབ་སྟེ་བཀྲོལ་ལ། གཡས་མཆོག་སྦྱིན། གཡོན་མཐེབ་སྲིན་གྱིས་ཤིང་ལོ་དཀུ་གཡོན་པའི་ཐད་དུ་འཛིན་པ་ཡངས་པ་ཅན་གྱི་སྒྲོལ་མའི་ཕྱག་རྒྱ་ལྟར་བྱ་ཞིང༌། མགོ་གཡོན་དུ་ཕྱོགས་པས་དཀུ་གཡོན་དུ་མིག་ཟུར་བལྟ་ཞིང༌། ཨོཾ་«སྐྱེས་པའི་རྐང་སྟབས་ཅན་གྱིས་་་་་་»ཛཱ་ཏ་པཱ་ད། བཛྲ་མ་«རྡོ་རྗེ་ཁྲོ་བོ་ཆེན་པོ་་་་་་»ཧཱ་ཀྲོ་དྷ། མཎྜལ་བྷཱུ་མི།«་་་་་དཀྱིལ་འཁོར་གྱི་གཞི། »ཨ་དྷིཥྛི་ཏེ་ཧཱུྃ་«་་་་་བྱིན་རློབས་ཤིག་»ཕཊ། ཅེས་བརྗོད་དེ་བསྡུའོ། །ཤར་ལྷོར་སྐྱེས་ཟླའི་རྐང་སྟབས་ནི། པད་སྐོར་དང༌། གཡས་གཞི་དང༌། སིབ་དང་པོ་བཏབ་ལ། རྐང་གཡས་དྲང་པོར་འདུག གཡོན་སོར་མོ་གཡོན་ལོགས་སུ་བསྟན་ཅིང་པུས་མོ་ཅུང་ཟད་བསྐུམ། རྟིང་པའི་བར་དུ་སོར་བཞི་ཡོད་པར་བྱས་ཏེ། དཀུ་གཡས་སྒེག་པ་སོགས་དང༌། པྲ་ཏི་ཛཱ་ཏ་«་་་་་སྐྱེས་པའི་ཟླ་བོའི་རྐང་སྟབས་»པཱ་ད། ཞེས་སིབ་གཉིས་པ་བཏབ་ལ། དཀུ་གཡས་སུ་མིག་བལྟ་ཞིང༌། «སྐྱེས་པའི་ཟླ་བོའི་རྐང་སྟབས་ཅན་་་་་་»ཨོཾ་པྲ་ཏི་ཛཱ་ཏི་པཱ་ད། བཛྲ་མ་ཧཱ་ཀྲོ་དྷ། སོགས་བརྗོད་དེ་བསྡུའོ། །ལྷོ་ནུབ་ཏུ་རྣམ་པར་གཙིགས་པ་ནི། གཡོན་གཞི་དང༌། སིབ་དང་པོ་བཏབ་ལ། རྐང་གཡས་མདུན་དུ་མཐོ་གསུམ་གྱི་བར་དུ་བཞག་པའི་པུས་མོ་བསྐུམ། སྒྱིད་པ་གཡོན་དྲང་པོར་བསྲངས་ཏེ། ལག་སྟབས་དེ་དང་མཐུན་པར་བྱ་ཞིང༌། བི་ཀ་ཊ་པཱ་ད།«་་་་་རྣམ་པར་གཙིགས་པའི་རྐང་སྟབས།» ཞེས་སིབ་གཉིས་པ་བཏབ་ཏེ་བཀྲོལ་ནས། ལག་གཉིས་གྲུ་མོ་བརྐྱངས་ནས་སྡིགས་མཛུབ་གྱེན་དུ་བསྒྲེང་བ་གཡས་གཡོན་རེ་མོས་སུ་བརྐྱང་བསྐུམ་བྱེད་ཅིང་བརྐྱངས་པའི་བསྡིགས་མཛུབ་ལ་མིག་བལྟས་ལ། ཨོཾ་བི་ཀ་ཊ་པཱ་ད། སོགས་བརྗོད་དེ་བསྡུའོ། །ནུབ་བྱང་དུ་རྣམ་པར་གཙིགས་པའི་ཟླ་ནི། དེ་ལས་བཟློག་པ་ལ། པྲ་ཏི་བི་ག་ཌ་པཱ་ད། ཞེས་སིབ་གཉིས་པ་བཏབ་ནས། དངོས་གཞི་ལ། ཨོཾ་པྲ་ཏི་བི་ཀ་ཊ་«་་་་་རྣམ་པར་གཙིགས་པ་ཟླ་བོའི་རྐང་སྟབས་»པཱ་ད། ཞེས་བརྗོད་དེ་བསྡུའོ། །དེ་ནས་རྩེ་གཅིག་པའི་རྐང་སྟབས་སྤེལ་ཏེ། ཤར་དུ་ཁ་སྦྱོར་ནི་གཡོན་གཞི་དང༌། སིབ་དང་པོ་བཏབ་ལ། འགྱིང་བག་དང་བཅས་པའི་རྐང་མཐིལ་སྦྱར་ཏེ། ལག་གཉིས་ཀྱང་སྒེག་ཅིང་རོལ་པས་མཐིལ་སྦྱར་ཞིང༌། «ཡང་དག་པར་སྦྱར་བའི་རྐང་སྟབས་་་་་་»སམྦུ་ཊ་པཱ་ད། ཞེས་སིབ་གཉིས་པ་བཏབ་ཏེ་བཀྲོལ་ལ། འགྱིང་བ་དང་བཅས་པས་སླར་རྡོ་རྗེ་འབེབས་པའི་ཕྱག་རྒྱ་དང་རྡོ་རྗེ་བསྡམས་པ་སྦྱར་བ་ལས། མཐེ་བོ་གཉིས་ནང་དུ་བཅུག་ལ། ཨོཾ་སམྦུ་ཊ་པཱ་ད། ཞེས་སོགས་བརྗོད་དེ་བསྡུའོ། །ལྷོ་རུས་སྦལ་ནི། གཡས་གཞི་དང་སིབ་དང་པོ་བཏབ་ལ་བཀྲོལ་ཏེ་རྐང་གཡས་ཀྱིས་གཡོན་པའི་བོལ་གོང་མནན་ཅིང༌། ལག་པའང་གཡོན་པའི་རྒྱབ་ཏུ་གཡས་པ་དགབ་ལ། ཀུརྨ་«རུས་སྦལ་གྱི་རྐང་སྟབས་་་་་་»པཱ་ད། ཞེས་སིབ་གཉིས་པ་བཏབ་ནས་བཀྲོལ་ཏེ། འགྱིང་བ་དང་བཅས་པས་རྡོ་རྗེ་ཁུ་ཚུར་གཉིས་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ཞིང་མཛུབ་མོ་གཉིས་བསྒྲེངས་ཏེ་རྩེ་སྦྱར་ལ་གན་རྐྱལ་དུ་ཁའི་ཐད་ཀར་བཟུང་ནས་ལྟག་པ་བཅུམ་ཞིང་ཀོས་ཀོ་དང་ལག་པ་མདུན་དུ་འདུད་པ་ལ། ཨོཾ་ཀུརྨ་པཱ་ད། སོགས་བརྗོད་དེ་གཡོན་བསྡུའོ། །ནུབ་ཏུ་རྐང་གཅིག་ནི། གཡོན་གཞི་དང༌། སིབ་དང་པོ་བཏབ་ནས། ལག་གཡས་མགོ་ལ་བསྐོར་ཞིང༌། གཡོན་ཐུར་དུ་བཙུགས་པ་ལྟར་དྲང་པོར་བསྲངས་ཏེ། ཨེ་ཀ་པཱ་ད།«་་་་་རྐང་པ་གཅིག་པ། »ཞེས་སིབ་གཉིས་པ་བཏབ་ནས། རྐང་གཡོན་བཙུགས་ལ་གཡས་བཏེག་ཅིང་གཡོན་ནས་བསྐོར་བ་གཅིག་གམ་གསུམ་བྱ་ཞིང༌། ཨོཾ་ཨེ་ཀ་པཱ་ད། ཞེས་སོགས་བརྗོད་དེ་གཡས་སུ་བསྡུའོ། །བྱང་དུ་བུང་བའི་དྲྭ་བ་ནི། གཡས་གཞི་དང༌། སིབ་དང་པོ་བཏབ་ལ། རྐང་གཡས་དྲང་པོར་བྱ་ཞིང༌། གཡོན་འགྱིང་བ་དང་བཅས་པས་རིམ་གྱིས་པུས་གོང་དུ་བཏེག་ལ། དེ་དང་མཐུན་པའི་ལག་སྟབས་ཀྱིས། བྷྲ་མ་ར་«་་་་་བུང་བ་འདྲི་བའི་རྐང་སྟབས་»ཛྭཱ་ལ་པཱ་ད། ཞེས་སིབ་གཉིས་པ་བཏབ་ཅིང་བཀྲོལ་ལ། སྒེག་ཅིང་རོལ་པའི་ཉམས་དང་ལྡན་པས་གྲུ་མོ་གཉིས་བརྐྱངས་ནས་མཛུབ་མོ་གཉིས་གྱེན་དུ་བསྒྲེང་བ་ཀུན་ནས་གཡོ་བ་དང་རྐང་གཉིས་རེས་འཇོག་ཏུ་བྱ་ཞིང༌། ཨོཾ་བྷྲ་མ་ར་ཛཱ་ལ་པཱ་ད། ཞེས་སོགས། བརྗོད་དེ་གཡོན་བསྡུའོ། །དེ་ཙམ་མི་ནུས་ན། སིབ་རྣམས་དོར་ནས་གཞི་བཅའ་སྔོན་དུ་འགྲོ་བས་རང་རང་གི་རྐང་སྟབས་རྣམས་བྱས་ལ། མཐར་བསྡུ་བ་རེ་བྱས་པས་ཆོག་པར་མངོན་ནོ། །བཅོ་ལྔ་པ་ཀུན་བསྐྱོད་དགུ་བྱ་བ་ནི། དེ་ནས་སློབ་མ་རྣམས་རང་རང་གི་ཕྱོགས་སུ་གནས་ཤིང༌། སློབ་དཔོན་དབང་ལྡན་ནས་རྩེ་གཅིག་པའི་རྐང་པས་དབུས་སུ་སོང་ལ་ཐམས་ཅད་ཀྱིས་ཀུན་བསྐྱོད་བྱ་སྟེ། དེ་ལ་དབུས་སུ་བསྣུན་པའི་ཀུན་བསྐྱོད་ནི། དང་པོ་ཤར་དུ་བལྟས་ལ། གཡོན་གཞི་དང༌། པད་སྐོར་བྱ་ཞིང༌། གཡས་བརྐྱང་དུས་ཁ་ལྷོར་བལྟས་ལ། ལག་གཉིས་སྤྱི་བོར་གར་བསྐོར་ལ། ཨོཾ་ཨཱཿཧཱུྃ། བཀྲོལ་ཏེ་གཡོན་སྡིགས་མཛུབ་སྙིང་གར་བསྒྲེང༌། གཡས་རྡོ་རྗེ་གྱེན་དུ་འཕྱར་ཞིང༌། ཨོཾ་བུདྡྷ་བ་ལ།«་་་་་སངས་རྒྱས་ཀྱི་སྟོབས་ཀྱིས། »གཡོན་དུ་ས་ལ་འགྱེལ་ཚུལ་བྱས་ལ། གཡས་རྡོ་རྗེ་སྟེང་འོག་ཏུ་བསྣུན་ཞིང༌། བཛྲ་མ་ཧཱ་ཀྲོ་དྷ།«་་་་་རྡོ་རྗེ་ཁྲོ་བོ་ཆེན་པོའི། »ཨཱཀྵེ་པ་ཡ«་་་་་སྣུན་ཅིག »ཨཱཀྵེ་པ་ཡ། སརྦ་མཱ་རཱ་ན་ཧཱུྃ་ཕཊ།«་་་་་བདུད་ཐམས་ཅད། »ཅེས་དྲག་ཏུ་བརྗོད་དེ་གཡས་བསྡུའོ། །འདར་བར་བྱེད་པའི་ཀུན་བསྐྱོད་ནི། ཤར་དུ་བལྟས་ལ། གཡོན་གཞི་དང་པད་སྐོར་རྫོགས་པ་ནས། མཉམ་པའི་རྐང་སྟབས་ཀྱིས་སྤྱི་བོར། གར་བསྐོར་དང་ཨོཾ་ཨཱཿཧཱུྃ། བཀྲོལ་ཏེ་གཡས་རྡོ་རྗེ་སྙིང་གར་བསླང༌། གཡོན་དྲིལ་བུ་དཀུར་བཟུང་སྟེ། གཡོན་སྡིགས་མཛུབ་དཀུ་གཡོན་གྱི་ཐད་ནས་ཕྱིར་བསྡིགས་ཤིང༌། གཡས་དབྱུག་པའི་ཕྱག་རྒྱ་དང༌། རྡོ་རྗེ་བཟུང་བ་ཕྲག་པར་བསྒྲེང་ལ། ཨ་ཧེ་«་་་་་བཞད་ཅིང་བཞད་པའི་»ཨ་ཧེ། བཀྲོལ་ཏེ་དྲིལ་བུ་གསིལ་ཞིང་རྐང་གཡས་གཡོན་པའི་རྒྱབ་དང་མདུན་དུ་རྡོ་རྗེ་རྩེ་གཅིག་པའི་རྭ་རེ་བྲི་ཞིང༌། ལག་གཉིས་དྲིལ་གསིལ་དང༌། གྲ་ས་«ཟ་ཞིང་་་་་་»གྲ་ས་«་་་་་ཟ་བའི»། རྐང་པ་གཡས་གཡོན་པའི་སྟེང་དུ་ཅུང་ཟད་བསྐོར་ཏེ་ལྟེ་བར་བྲི་ཞིང༌། «གཙིགས་པའི་་་་་་»ཀ་རཱ་ལ། གཡས་སྔར་ཤུལ་དུ་བཞག་ལ་པུས་མོ་ཅུང་ཟད་བསྐུམ། གཡོན་མཐོ་ཕྱེད་དང་གསུམ་དུ་བརྐྱངས་ལ་ལག་པ་གཡས་རྡོ་རྗེ་དབྱུག་པ་འཕྱར། གཡོན་སྡིགས་མཛུབ་སྔར་བཞིན་ལ། པཱ་«ཞལ་ཅན་གྱི་་་་་་»ད་ན། རྐང་གཡོན་དེ་ཉིད་ལས་གཡས་བསྐུམས་ཏེ་རོལ་པ་བྱ། ལག་གཡས་སྟེང་དུ་འཕྱར། གཡོན་སྔར་ལྟར་སྡིགས་ཤིང༌། མ་«ཁྲོ་བོ་ཆེན་པོ་་་་་་»ཧཱ་ཀྲོ་དྷ་ཙ་«་་་་་གཡོས་ཤིག་»ལ་ཡ་«་་་་་གཡོས་ཤིག་»ཙ་ལ་ཡ། སརྦ་མཱ་«་་་་་བདུད་ཐམས་ཅད་»རཱ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང༌། མིག་གཡོན་བཙུམ། གདོང་བསྐོར་ཞིང་དཀྱིལ་འཁོར་གྱི་ས་གཞི་ལ་བལྟ་བ་དང་ཁྲོ་གཉེར་བྱ་སྟེ། གཡས་བསྡུའོ། །སྐྲག་པར་བྱེད་པའི་ཀུན་བསྐྱོད་ནི། ལྷོར་བལྟས་ལ། གཡས་གཞི་དང་མཉམ་པས་རྡོ་རྗེ་བསླང་བའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུྃ། རྐང་གཡོན་མཐོ་ཕྱེད་དང་གསུམ་དུ་བརྐྱང༌། ལག་གཉིས་བཀྲོལ་ཏེ་སྔར་བཞིན་བཅའ་ཞིང༌། ལཾ་ཨ་ཧེ་ཨ་ཧེ། རྐང་གཡོན་དེར་བཞག གཡས་རང་གི་མདུན་དང༌། གཡོན་གཡས་ཀྱི་མདུན་ནས་མཐོ་ཕྱེད་དང་དོས་འཕགས་པར་བཞག་ལ་བསྣོལ། གཡས་མཐོ་ཕྱེད་དང་དོས་འཕགས་པའི་རྒྱབ་ཀྱི་དབུས་སུ་བཞག་པ་གྲུ་གསུམ་པའི་རྣམ་པར་བྱ་ཞིང་དྲིལ་བུ་དཀྲོལ་ལ། གྲ་ས་གྲ་ས། ཀ་རཱ་ལ། རྐང་གཡས་དེ་ཉིད་ལས་གཡོན་མཐོ་ཕྱེད་གསུམ་དུ་བརྐྱང༌། ལག་གཡས་གྲུ་གསུམ་གྱི་ནང་དུ་གདབ་ཅིང༌། བཱ་ད་ན། གཡས་འགྱིང་བ་དང་བཅས་པས་རྡོ་རྗེ་འཕྱར། གཡོན་སྡིགས་མཛུབ་ནུ་མའི་ཐད་ནས་ཕྱིར་སྡིགས་ཤིང༌། མ་ཧཱ་ཀྲོ་དྷ། ཏྲཱ་ས་«སྐྲགས་པར་གྱིས་ཤིག་་་་་་»ཡ། ཏྲཱ་ས་«སྐྲགས་པར་གྱིས་ཤིག་་་་་་»ཡ། སརྦ་མཱ་རཱ་ན་ཧཱུྃ་ཕཊ། ཅེས་བརྗོད་དེ་གཡོན་བསྡུའོ། །ཡང་དག་པར་དཀྲུག་པའི་ཀུན་བསྐྱོད་ནི་ནུབ་ཏུ་བལྟས་ལ། གཡོན་གཞི་དང་མཉམ་པས་རྡོ་རྗེ་བསླང་བའི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུྃ། བཀྲོལ་ཏེ་གཡས་དབྱུག་པ་འཕྱར་སྟབས། གཡོན་སྡིགས་མཛུབ་བྱས་པ་ལ། མིག་གཡོན་བལྟ་ཞིང་གཡས་བཙུམས་ལ། ལཾ་ཨ་ཧེ་ཨ་ཧེ། རྐང་གཡས་དེ་ཉིད་ལས། གཡོན་པས་གཡས་པའི་རྒྱབ་མདུན་དུ་རྡོ་རྗེ་རྩེ་གཅིག་པ་བྲི་ཞིང༌། གྲ་ས་གྲ་ས། རྐང་གཡོན་སྔར་བཞིན་མཉམ་པ་ལ་གཡས་བསྐུམས་ལ་བཏེག ལག་གཉིས་དབྱུག་པ་དང་སྡིགས་མཛུབ་སྔར་ལྟར་བྱས་ལ། ལུས་གཡོན་དུ་བསྐོར་ཞིང༌། ཀ་རཱ་ལ་བཱ་ད་ན། རྐང་པ་གཡས་ས་ལ་བཞག་པའི་པུས་མོ་བསྐུམ་ཞིང༌། གཡོན་མཐོ་ཕྱེད་དང་གསུམ་དུ་བརྐྱངས་ལ། བཀྲོལ་ཏེ་དབྱུག་སྡིགས་བྱ་ཞིང༌། མ་ཧཱ་ཀྲོ་དྷ། ཀྵོ་བྷ་ཡ།«་་་་་བསྐྱོད་པར་གྱིས་ཤིག »ཀྵོ་བྷ་ཡ།«་་་་་བསྐྱོད་པར་གྱིས་ཤིག »སརྦ་མཱ་རཱ་ན་ཧཱུྃ་ཕཊ། ཅེས་བརྗོད་དེ་གཡས་སུ་བསྡུའོ། །རྣམ་པར་རྨོངས་བྱེད་ཀྱི་ཀུན་བསྐྱོད་ནི། བྱང་དུ་བལྟས་ལ། གཡས་གཞི་ལས་མཉམ་པ་དང༌། རྡོ་རྗེ་བསླང་བ་བྱ་ཞིང༌། ཨོཾ་ཨཱཿཧཱུྃ། བཀྲོལ་ཏེ་གཡས་དབྱུག་པ་འཕྱར། གཡོན་སྡིགས་མཛུབ་ལ་མིག་གཡོན་བལྟ་ཞིང་ལཾ་རྐང་གཡས་དེ་ཉིད་ལས། གཡོན་བསྐུམས་ཏེ་བཏེག་ལ་ལུས་གཡས་སུ་བསྐོར་ཞིང༌། ཨ་ཧེ་ཨ་ཧེ། གཡོན་ཕབ་སྟེ་མཉམ་པ་ལས་ལག་གཉིས་དྲིལ་གསིལ་རྐང་གཡོན་མདུན་དང༌། གཡས་གཡོན་གྱི་མདུན་ནས་གཡོན་དུ་མཐོ་ཕྱེད་དང་དོས་འཕག་པར་བཞག་སྟེ་བསྣོལ། གཡོན་མཐོ་ཕྱེད་དང་དོས་འཕག་པའི་རྒྱབ་ཀྱི་དབུས་སུ་བཞག་པ་གྲུ་གསུམ་དུ་བྱ་ཞིང༌། གྲ་ས་གྲ་ས། ཀ་རཱ་ལ། དེ་ལས་གཡས་བརྐྱང་དང༌། པཱ་ད་ན། གཡས་དབྱུག་པ་འཕྱར་ཞིང༌། གཡོན་སྡིགས་མཛུབ་བྱས་ལ། མ་ཧཱ་ཀྲོ་དྷ། བ་«རྣམ་པར་རྨོངས་ཤིག་་་་་»མ་ཧ་«་་་་་རྣམ་པར་རྨོངས་ཤིག »ཡ་བི་མོ་ཧ་ཡ། སརྦ་མཱ་རཱ་ན་ཧཱུྃ་ཕཊ། ཅེས་བརྗོད་དེ་གཡོན་དུ་བསྡུའོ། །ཁྱད་པར་དུ་མྱུར་བའི་ཀུན་བསྐྱོད་ནི། བྱང་ཤར་དུ་བལྟས་ལ་གཡས་གཞི་ནས་གྲུ་གསུམ་བྲི་བའི་བར་རྣམ་པར་རྨོངས་བྱེད་ཀྱི་ཀུན་བསྐྱོད་དང་འདྲ་བར་བྱས་ལ། བསྐོར་བའི་ཚེ་རྐང་གཡོན་དེ་ཉིད་ལས། གཡས་བསྐུམས་ཏེ་བཏེག་ལ་ལུས་གཡོན་དུ་བསྐོར་བ་དང༌། གཡས་མདུན་དུ་བཞག་ལ་གྲུ་གསུམ་བྲིས་པའི་མཐར་གཡོན་བརྐྱང་དང༌། པཱ་ད་ན། གཡས་དབྱུག་པ་འཕྱར་སོགས་འདྲ་བར་བྱས་ལ། མ་ཧཱ་ཀྲོ་དྷ། གརྫཛ་«སྒྲོགས་ཤིག་་་་་་»ཡ། གརྫཛ་«སྒྲོགས་ཤིག་་་་་་»ཡ། སརྦ་མཱ་རཱ་ན་ཧཱུྃ་ཕཊ། ཅེས་བརྗོད་དེ་གཡོན་དུ་བསྡུའོ། །ཁ་གདངས་པའི་ཀུན་བསྐྱོད་ནི། ཤར་ལྷོར་བལྟས་ལ། སྔར་གྱིས་རྨོངས་པར་བྱེད་པའི་ཀུན་བསྐྱོད་ལས། ཁ་གདངས་ཤིང་ལྗགས་འདྲིལ་བ་དང༌། གདོང་བསྐོར་བ་རྣམས་བྱས་ལ། མ་ཧཱ་ཀྲོ་དྷ། «ཟོ་ཤིག་་་་་་»ཁཱ་ཧི་«ཟོ་ཤིག་་་་་»ཁཱ་ཧི། སརྦ་མཱ་རཱ་ན་ཧཱུྃ་ཕཊ། ཅེས་བརྗོད་དེ་གཡོན་དུ་བསྡུའོ། །ཀཱི་ལི་ཀཱི་ལིའི་ཀུན་བསྐྱོད་ནི། ལྷོ་ནུབ་ཏུ་བལྟས་ལ། གཡོན་གཞི་དང་མཉམ་པ་ལས་རྡོ་རྗེ་བསླང་བའི་ཕྱག་རྒྱ་བྱ་ཞིང༌། ཨོཾ་ཨཱཿཧཱུྃ། བཀྲོལ་ཏེ་ལག་གཡོན་སྡིགས་མཛུབ། གཡས་དབྱུག་འཕྱར། རྐང་གཡས་མཐོ་གང་ཙམ་གྱིས་བར་དུ་གཡས་སུ་བརྐྱངས་ལ། ལཾ་ཨ་ཧེ་ཨ་ཧེ། དྲིལ་བུ་གསིལ་ཞིང་དང་པོར་མདུན་དུ་བཞག་པས་གྲུ་གསུམ་བྲིས་ཏེ། གྲ་ས་གྲ་ས། ཀ་རཱ་ལ། རྐང་གཡས་སུ་མཐོ་གང་ཙམ་དུ་བཞག་ལ་པུས་མོ་བསྐུམ་ཞིང༌། པཱ་ད་ན། པུས་མོ་གཡོན་ས་ལ་བཙུགས་པ་ལུས་གཡོན་ཕྱོགས་སུ་སྨད་དེ། ལག་གཡས་དབྱུག་པ་འཕྱར། གཡོན་སྡིགས་མཛུབ་བྱས་ལ། མ་ཧཱ་ཀྲོ་དྷ། གྷཱ་ཏ་«་་་་་རྡུངས་ཤིག་»ཡ། གྷཱ་ཏ་ཡ།«་་་་་རྡུངས་ཤིག» སརྦ་མཱ་རཱ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང་དབྱུག་པ་བརྡེག་ཚུལ་ལན་གསུམ་བྱ། དེའི་ཚེ་མིག་དབྱུག་པའི་རྗེས་སུ་བལྟས་ལ། གཡས་སུ་བསྡུའོ། །ཀཱི་ལི་ཀཱི་ལ་ཆེན་པོའི་ཀུན་བསྐྱོད་ནི། ནུབ་བྱང་དུ་བལྟས་ལ། སྔར་གྱི་ཀཱི་ལི་ཀཱི་ལ་ལྟར་བྱས་ལ། དབྱུག་པ་བརྡེག་པའི་ཚེ། གཡས་ཀྱི་དཔུང་པ་ནས་རྒྱབ་ཏུ་ཁྱེར་ཞིང་མདུན་དུ་བསྣུན། མིག་གཡོན་བཙུམས། གཡས་དབྱུག་པ་ལ་བལྟ་ཞིང་རྐང་གཡས་བསྐྱོད་བཞིན་པས། མ་ཧཱ་ཀྲོ་དྷ། ཨཱ་«ཕོབས་ཤིག་་་་་་»བི་ཤ་ཡ། ཨཱ་བི་ཤ་ཡ།«་་་་་ཕོབས་ཤིག» སརྦ་མཱ་རཱ་ན་ཧཱུྃ་ཕཊ། ཅེས་བརྗོད་དེ་གཡས་སུ་བསྡུའོ། །བཅུ་དྲུག་པ་རྡོ་རྗེ་བསྒྲེང་བ་ལ་སོགས་པ་དྲུག་བྱ་བ་ནི། གཞན་རྣམས་ལྷའི་སྟངས་སྟབས་ཀྱིས་གནས་ཤིང༌། སློབ་དཔོན་དབུས་ནས་དབང་ལྡན་དུ་སྣ་ཚོགས་རྡོ་རྗེའི་རྐང་པས་སོང་སྟེ། དེར་སླེབས་པ་དང་ཁ་ནང་དུ་བལྟས་ལ་རྡོ་རྗེ་བསྒྲེང་བ་ནི། གཡས་བརྐྱངས་ལ། གཡས་རྡོ་རྗེ་འགྱིང་བ་དང་བཅས་པས་སྙིང་གར་བསྒྲེང༌། གཡོན་རྡོ་རྗེ་ཁུ་ཚུར་དཀུར་བཞག་ལ། ཨོཾ་བཛྲོ་དཱ་ཀརྵ་ཎ་བི་«རྡོ་རྗེ་བསྒྲེང་བའི་ཚུལ་གྱིས་་་་་་»ན་ཡ། ཙཀྲ་མཎྜ་ལ་རཀྵ་«དཀྱིལ་འཁོར་གྱི་འཁོར་ལོ་བསྲུངས་དང་་་་་་»རཀྵ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ལ་བསྡུའོ། །ཤར་ལྷོར་རྡོ་རྗེ་འཕེན་པ་ནི། གཡོན་བརྐྱང་དང༌། ལག་གཡོན་སྡིགས་མཛུབ་སྙིང་གར་བཅའ། གཡས་རྡོ་རྗེ་ཕྲག་གོང་ནས་འཕེན་ཅིང༌། ཨོཾ་«རྡོ་རྗེ་བསྐྱེད་པའི་་་་་་»བཛྲ་ཀྵེ་པ་བི་ན་«ཚུལ་གྱིས་་་་་་»ཡ་ཙཀྲ། སོགས་འགྲེ་གཡོན་དུ་བསྡུའོ། །ལྷོ་ནུབ་ཏུ་རྡོ་རྗེ་འཇིགས་བྱེད་ནི། གཡས་བརྐྱང་དང༌། ལག་གཉིས་རྡོ་རྗེ་ཁུ་ཚུར་སྟེང་འོག་ཏུ་དྲག་ཏུ་འཕངས་ཤིང་ཁ་གདངས་ལ་བསྡིགས་ནས། ཨོཾ་བཛྲ་བྷཻ་«རྡོ་རྗེ་འཇིགས་བྱེད་ཀྱི་་་་་་»ར་ཝ་བི་ན་«ཚུལ་གྱིས་་་་་་»ཡ། སོགས་བརྗོད་དེ་གཡས་སུ་བསྡུའོ། །ནུབ་བྱང་དུ་རྡོ་རྗེ་འཁྱིལ་པ་ནི། གཡོན་བརྐྱང་དང༌། ལག་གཡས་རྡོ་རྗེ་དང་བཅས་པས་རྐང་གཡོན་ཅུང་ཟད་གྱེན་དུ་བཏེག་པ་ལ་བསྐོར་ཞིང༌། གཡོན་པས་ཀྱང་རྐང་གཡས་ལ་དེ་བཞིན་དུ་བསྐོར་བའི་མཐར་ལག་གཉིས་དཀུ་གཡས་གཡོན་དུ་སྒེག་ཚུལ་བྱས་ལ། རྐང་གཉིས་སྨད་དེ་ལུས་འཁྱིལ་པ་ལྟར་བྱས་ཤིང༌། ཨོཾ་«རྡོ་རྗེ་འཁྱིལ་བའི་ཚུལ་གྱིས་་་་་་»བཛྲ་ཀུཎྜ་ལི་བི་ན་ཡ། སོགས་བརྗོད་དེ་གཡོན་དུ་བསྡུའོ། །དེ་ནས་དབང་ལྡན་བར་སྔར་གྱི་འགྲོས་ཀྱིས་སོང་ལ། དེ་ནས་རྩེ་ལྔ་པའི་རྐང་པས་ཤར་དུ་ཕྱིན་ཏེ། རྡོ་རྗེ་གར་གྱིས་སྟེང་ཕྱོགས་བསྲུང་བར་བསམས་ལ། གཡས་རོལ་དང་ལག་གཉིས་མཁྲིག་མ་སྦྱར་བ་སྤྱི་བོར་བཟུང་ལ་གར་བྱ་ཞིང༌། ཨོཾ་བཛྲ་ནྲྀ་ཏྱ་བི་ན་«་་་་་རྡོ་རྗེ་གར་མའི་ཚུལ་གྱིས་»ཡ། སོགས་བརྗོད་དེ་བསྡུའོ། །ནུབ་ཏུ་བུད་མེད་སྒྱུ་མ་བྱེད་པ་ནི། འོག་བསྲུང་བར་བསམས་ལ། གཡོན་རོལ་དང༌། རྡོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་དུ་བསྟན་པ་དཀུ་གཉིས་སུ་བཞག་ཅིང་མགོ་གཡོན་དུ་དུད་པར་བྱས་ལ། ཨོཾ་སྟྲཱི་མཱ་«་་་་་བུད་མེད་སྒྱུ་མ་བྱེད་པའི་ཚུལ་གྱིས་»ཡཱ་ཀ་ར་ཎ་བི་ན་ཡ། སོགས་བརྗོད་དེ་བསྡུས་ལ་དབང་ལྡན་གྱི་བར་རྩེ་ལྔ་པ་དེ་ཉིད་ཀྱིས་འགྲོལ་བར་བྱའོ། །བཅུ་བདུན་པ་རལ་གྲི་ལ་སོགས་པའི་ཚུལ་བཅུ་གསུམ་ནི། དབང་ལྡན་ནས་ཤར་དུ་རྩེ་གསུམ་པའི་རྐང་པས་ཕྱིན་ལ། དེར་གཡས་བརྐྱངས་ལ་པད་སྐོར་སྔོན་དུ་འགྲོ་བས་ལག་པ་གཡོན་ཁུ་ཚུར་དཀུར་བཟུང་བའི་སྦུབས་ནས་གཡས་ཀྱི་གུང་མཛུབ་གཉིས་ཕྱུང་སྟེ་ཕྲག་པར་འཕྱར་ལ། ཨོཾ་བཛྲ་ཁཌྒ་བི་ན་«་་་་་རྡོ་རྗེ་རལ་གྲིའི་ཚུལ་གྱིས་»ཡ། སོགས་བརྗོད་པ་རལ་གྲིའི་ཚུལ་དང༌། དེ་བཀྲོལ་ཏེ་གཡོན་སྙིང་གར་སྡིགས་མཛུབ། གཡས་མཐེའུ་ཆུང་མཐེ་བོས་མནན་སོར་མོ་གསུམ་བརྐྱང་བ་འཕྱར་ཞིང༌། ཨོཾ་ཏྲི་སཱུ་ཙི་ཀ་«རྡོ་རྗེ་རྩེ་གསུམ་པའི་ཚུལ་གྱིས་་་་་་»བཛྲ་བི་ན་ཡ། སོགས་བརྗོད་པས་རྡོ་རྗེའི་ཚུལ་དང༌། དེ་ཀྲོལ་ཏེ་རྡོ་རྗེ་བསྡམས་པས་བཟུང་བའི་གཏུན་ཤིང་གིས་མདུན་དུ་བགེགས་བརྡུང་ཚུལ་བྱ་ཞིང༌། ཨོཾ་བཛྲ་མུ་«་་་་་རྡོ་རྗེ་གཏུན་ཤིང་གི་ཚུལ་གྱིས་»ས་ལ་བི་ན་ཡ། སོགས་བརྗོད་པ་རྡོ་རྗེ་གཏུན་ཤིང་གི་ཚུལ་ཏེ། གསུམ་བྱས་ལ་བཀྲོལ་ཏེ་བསྡུའོ། །ལྷོར་གཡོན་བརྐྱངས་ལ། པད་སྐོར་སྔོན་དུ་འགྲོ་བས། ལག་གཉིས་རྡོ་རྗེ་ཁུ་ཚུར་ལ་ཁ་གྱེན་དུ་བསྟན་པའི་མཐེའུ་ཆུང་གཉིས་དང་མཛུབ་མོ་གཉིས་སྦྲེལ་བ་གཡས་སུ་བསྐོར་ཞིང༌། ཨོཾ་བཛྲ་ཙཀྲ་བི་ན་«་་་་་རྡོ་རྗེ་འཁོར་ལོའི་ཚུལ་གྱིས་»ཡ། སོགས་བརྗོད་པས་འཁོར་ལོའི་ཚུལ་དང༌། བཀྲོལ་ཏེ་གཡོན་སྡིགས་མཛུབ་སྙིང་གར་བཟུང་བའི་སྟེང་ནས། གཡས་རྡོ་རྗེ་ཁུ་ཚུར་གྱི་གུང་མཛུབ་གཉིས་བརྐྱངས་ཏེ་འགྱིང་བ་དང་བཅས་པས་བ་དན་འཁྱོག་པོར་བྲི་ཞིང༌། ཨོཾ་བཛྲ་པཱ་ཏཾ་ག་བི་ན་«རྡོ་རྗེ་བ་དན་གྱི་ཚུལ་གྱིས་་་་་་»ཡ། སོགས་བརྗོད་པས་བ་དན་གྱི་ཚུལ་དང༌། བཀྲོལ་ཏེ་སྙིང་གར་ཐལ་མོ་སྦྱར་བ་པདྨ་ལྟར་ཕྱེ་ཞིང༌། ཨོཾ་བཛྲ་པདྨོ་བི་ན་«རྡོ་རྗེ་པདྨོའི་ཚུལ་གྱིས་་་་་་»ཡ། སོགས་བརྗོད་པས་པདྨའི་ཚུལ་ཏེ་གསུམ་བྱས་ལ་བཀྲོལ་ཏེ་བསྡུའོ། །ནུབ་ཏུ་ས་གའི་རྐང་སྟབས་ལ། ལག་གཡོན་ཁུ་ཚུར་སྙིང་གར་བཟུང༌། གཡས་ཁུ་ཚུར་མཛུབ་མོ་བསྒྲེང་བ་ཕྲག་གོང་དུ་འཕྱར་ཞིང༌། ཨོཾ་བཛྲ་དཎྜ་བི་ན་«རྡོ་རྗེ་དབྱུག་པའི་ཚུལ་གྱིས་་་་་་»ཡ། སོགས་བརྗོད་པས་དབྱུག་པའི་ཚུལ་དང༌། བཀྲོལ་ཏེ་གཡོན་དེ་ཉིད་ལས་གཡས་མཛུབ་མོ་ལྕགས་ཀྱུ་ལྟར་བཀུག་པ་ཕྲག་གོང་དུ་འཕྱར་ཞིང༌། ཨོཾ་བཛྲ་ཨངྐུ་ཤ་བི་ན་«རྡོ་རྗེ་ལྕགས་ཀྱུའི་ཚུལ་གྱིས་་་་་་»ཡ། སོགས་བརྗོད་པས་ལྕགས་ཀྱུའི་ཚུལ་དང༌། བཀྲོལ་ཏེ་གཡོན་ཁུ་ཚུར་དཀུར་བཟུང༌། གཡས་སོར་མོ་རྣམས་ཁ་ཕུབ་ཏེ་བརྐྱང་བ་སླར་གྱེན་དུ་སོར་མོ་རྣམས་བསྡུས་པ། གདེངས་ཀའམ། འབྲས་བུ་འཛིན་པ་ལྟར་བྱ་ཞིང༌། ཨོཾ་བཛྲ་ཕ་ལ་བི་ན་«་་་་་རྡོ་རྗེ་འབྲུའི་ཚུལ་གྱིས་»ཡ། སོགས་བརྗོད་པས་གདེངས་ཀའི་ཚུལ་ཏེ་གསུམ་བྱས་པས་བཀྲོལ་ཏེ་བསྡུའོ། །བྱང་དུ་ཟླུམ་པོའི་རྐང་སྟབས་ལ། ལག་གཡོན་དཀུ་གཡས་ནས་བསྐོར་ཏེ་གཡོན་ནས་གཞུ་བླངས་ལ། གཡས་པས་རྒྱུད་འདྲེན་པ་ལྟར་བྱ་ཞིང༌། ཨོཾ་བཛྲ་ཙཱ་«རྡོ་རྗེ་གཞུའི་ཚུལ་གྱིས་་་་་་»བ་བི་ན་ཡ། སོགས་བརྗོད་པས་གཞུའི་ཚུལ་དང༌། ལག་གཡས་དཀུ་གཡོན་ནས་བསྐོར་ཏེ་གཡས་ནས་མདའ་བླངས་ལ་སྙིང་གར་གསོར་ཞིང༌། ཨོཾ་བཛྲ་ཤ་རོདཱ་ཀརྵ་ཎ་བི་ན་«་་་་་རྡོ་རྗེ་མདའ་གསོར་བའི་ཚུལ་གྱིས་»ཡ། སོགས་བརྗོད་པ་མདའི་ཚུལ་དང༌། བཀྲོལ་ཏེ་ལག་གཉིས་མདའ་འཕེན་པ་ལྟར་བྱས་ལ། ཨོཾ་བཛྲ་ཤ་ར་པྲཀྵེ་པ་ཡ་«་་་་་རྡོ་རྗེ་མདའ་རབ་ཏུ་འཕེན་པའི་ཚུལ་གྱིས། »ན་ཡ། སོགས་བརྗོད་པ་མདའ་འཕེན་པའི་ཚུལ་ཏེ་གསུམ་བྱས་ལ་བསྡུའོ། །དེ་ནས་དབང་ལྡན་དུ་མཉམ་པའི་སྟབས་ཀྱིས་ཐལ་མོ་སྙིང་གར་སྦྱར་ལ་འདུད་བའི་ཚུལ་བྱ་ཞིང༌། ཨོཾ་བཛྲ་པྲ་ཎ་«རྡོ་རྗེ་ཕྱག་འཚལ་བའི་ཚུལ་གྱིས་་་་་་»མཱ་མི་བི་ན་ཡ། ཙཀྲ་མཎྜ་ལ་རཀྵ་«་་་་་དཀྱིལ་འཁོར་གྱི་འཁོར་ལོ་སྲུངས་ཤིག་སྲུངས་ཤིང་»རཀྵ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས་ཕྱག་འཚལ་བའི་ཚུལ་ཏེ་བཀྲོལ་ལ་བསྡུའོ། །དེ་ལྟར་ཚུལ་བཅུ་གསུམ་ཚར་བ་དང་སློབ་མ་རྣམས་སོ་སོའི་རང་གནས་སུ་འདུག་ལ། སློབ་དཔོན་སྔར་གྱི་རྩེ་གསུམ་པའི་འགྲོས་ཀྱིས་རྐང་པས་སོང་ལ་དབུས་སུ་འདུག་གོ །བཅོ་བརྒྱད་པ་གདན་བཅུ་བྱ་བ་ནི། དེ་ནས་ཐམས་ཅད་ཀྱིས་རྡོ་རྗེའི་སྐྱིལ་ཀྲུང་བྱས་ལ་པད་སྐོར་སྔོན་དུ་འགྲོ་བས་གཡས་ས་གནོན་དང་གཡོན་མཉམ་གཞག་བྱས་ལ། ཨོཾ་བཛྲ་ཨཱ་«་་་་་རྡོ་རྗེ་གདན་གྱི་»ས་ན། མཎྜལ་བྷཱུ་«དཀྱིལ་འཁོར་གྱི་གཞི་་་་་་»མི་བཛྲ་སྭ་བྷཱ་ཝ་«་་་་་རྡོ་རྗེའི་རང་བཞིན་དུ་མཛོད་ཅིག་»ཧཱུྃ་ཧཱུྃ་ཕཊ། ཅེས་པ་རྡོ་རྗེའི་གདན་དང༌། བཀྲོལ་ཏེ་རྐང་པ་དེ་ཉིད་ལས། གཡོན་གན་རྐྱལ་དུ་བཞག་པའི་སྟེང༌། གཡས་གན་རྐྱལ་དུ་བཞག་ལ། ཨཱ་ས་མཱ་དྷི། ཨཱ་ས་ན་«་་་་་བསམ་གཏན་གྱི་གདན་»མཎྜལ། སོགས་བརྗོད་པས་བསམ་གཏན་གྱི་གདན་དང༌། བཀྲོལ་ཏེ་རྐང་པ་དེ་ཉིད་ལས། གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་བྱས་ལ། ཨོཾ་«རྡོ་རྗེའི་སྐྱིལ་ཀྲུང་གིས་་་་་་»བཛྲ་པརྻཾ་ཀ་མཎྜལ། སོགས་བརྗོད་པ་རྡོ་རྗེའི་སྐྱིལ་ཀྲུང་དང༌། བཀྲོལ་ཏེ་བྱིན་པ་གཡས་པའི་སྟེང་དུ་གཡོན་བཞག་སྟེ་པུས་མོ་གཉིས་སྨད་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བྱ་ཞིང༌། ཨོཾ་པདྨ་ཨཱ་ས་ན་མཎྜལ།«་་་་་པདྨའི་གདན་གྱི། »སོགས་བརྗོད་པ་པདྨའི་གདན་དང༌། བཀྲོལ་ཏེ་རྐང་གཡས་བརླ་གཡོན་པའི་སྟེང་དུ་བཞག་ཅིང་གཡོན་བརླ་གཡས་པའི་འོག་ཏུ་བཞག་ལ། རྡོར་སེམས་ཀྱི་ཕྱག་རྒྱ་བཅིང་ཞིང༌། «སེམས་དཔའི་སྐྱིལ་ཀྲུང་གིས་་་་་་»ཨོཾ་སཏྭ་པརྻཾ་ཀ་མཎྜལ། སོགས་བརྗོད་པ་སེམས་དཔའི་སྐྱིལ་ཀྲུང་དང༌། བཀྲོལ་ཏེ་རྐང་གཡོན་སེམས་སྐྱིལ་ལྟར་བྱས་པའི་མདུན་དུ་གཡས་རྐང་མཐིལ་ས་ལ་བཞག་སྟེ་པུས་མོ་གྱེན་དུ་བསླངས་ལ། ལག་པ་གཡས་པུས་མོའི་སྟེང་ནས་བརྐྱང་པའི་མཆོག་སྦྱིན་དང༌། གཡོན་མཉམ་གཞག་ལྟེ་བའི་ཐད་དུ་བྱས་ལ། ཨོཾ་བཱི་ར་ཨཱ་«་་་་་དཔའ་བོའི་གདན་གྱི་»ས་ན་མཎྜལ། སོགས་བརྗོད་པ་དཔའ་བོའི་འདུག་སྟངས་དང༌། བཀྲོལ་ཏེ་ཁྲིའི་སྟེང་དུ་ཁྱིལ་ལ་འདུག་པ་ལྟར་བྱས་ཏེ། ལག་གཉིས་ལྕགས་ཀྱུའི་ཕྱག་རྒྱ་བྱ་ཞིང༌། ཨོཾ་བྷ་དྲ་ཨཱ་«་་་་་བཟང་པོའི་གདན་གྱི་»ས་ན་མཎྜལ། སོགས་བརྗོད་པ་བཟང་པོའི་འདུག་སྟངས་དང༌། བཀྲོལ་ཏེ་རྐང་གཉིས་བར་དུ་མཐོ་གང་ཙམ་བྱས་ལ་ཙོག་པུར་འདུག ལག་གཉིས་ཞགས་པའི་ཕྱག་རྒྱ་བྱ་ཞིང༌། ཨོཾ་ཨུངྐུ་«་་་་་ཙོག་པུའི་གདན་གྱི་»ཊུ་ཀ་ཨཱ་ས་ན་མཎྜལ། ཞེས་སོགས་བརྗོད་པ་ཙོག་པུའི་འདུག་སྟངས་དང༌། རྐང་གཡས་སེམས་སྐྱིལ་ལྟར་བྱ། གཡོན་ཅུང་ཟད་བརྐྱངས་ཏེ། ལག་གཉིས་ལྕགས་སྒྲོག་གི་ཕྱག་རྒྱ་བྱ་ཞིང༌། ཨོཾ་ལ་ལི་ཏ་«་་་་་རོལ་པའི་གདན་གྱི»་ཨཱ་ས་ན་མཎྜལ་བྷཱུ་མི། སོགས་བརྗོད་པ་རོལ་པའི་འདུག་སྟངས་དང༌། བཀྲོལ་ཏེ་རྐང་མཐིལ་གཉིས་སྦྱར་ལ་པུས་མོ་གཉིས་ཕྱིར་བཀྱེད་ཅིང་ལག་གཉིས་དྲིལ་བུའི་ཕྱག་རྒྱ་དང༌། ཨོཾ་མངྒ་ལ་ཨཱ་ས་ན་མཎྜལ་བྷཱུ་«་་་་་བཀྲ་ཤིས་ཀྱི་གདན་གྱི་»མི་བཛྲ་སྭ་བྷཱ་ཝཾ་ཧཱུྃ་ཕཊ། ཅེས་བརྗོད་པ་བཀྲ་ཤིས་ཅན་ཏེ་གདན་བཅུའོ། །འདི་རྣམས་ཀྱང་མཁས་པར་སྦྱངས་ནས་སོ་སོའི་ཉམས་དང་ལྡན་པ་བྱས་ཏེ། ཉམས་དང་བྲལ་བ་ནི་ཤིན་ཏུ་མཛེས་པ་མ་ཡིན་ནོ། །བཅུ་དགུ་པ་དཀྱིལ་འཁོར་གྱི་ས་གཞི་མཆོད་པ་ནི། སླར་ཡང་དཔོན་སློབ་ཐམས་ཅད་སྔར་ལྟར་པད་སྐོར་གསུམ་གྱིས་ལངས་ལ། ལུས་གཡོ་བ་དང་བཅས་པས་པད་སྐོར་གཉིས་བྱས་ལ་གཡོན་གཞི་དང་མཉམ་པ་ལ་པད་སྐོར་སྔོན་དུ་འགྲོ་བས། རྐང་གཡོན་གཡོན་དུ་ཅུང་ཟད་བཀྱེད་ལ་གཡས་པའང་དེའི་ཕྱི་ཟུར་དུ་བཞག་ཅིང་རྐེད་པ་ཅུང་ཟད་སྨད་ནས། སྒེག་པ་དང་བཅས་པས་སྙིང་གར་ཐལ་མོ་སྦྱར་ལ། ཨོཾ་སརྦ་«དེ་བཞིན་གཤེགས་པ་ཐམས་ཅད་་་་་་»ཏ་ཐཱ་ག་ཏ། དེ་བཞིན་དུ་རྐང་གཡས་གཡས་སུ་བཀྱེད་ལ། གཡོན་པའང་དེའི་ཕྱི་ཟུར་དུ་བཞག་ཅིང་ལུས་སྨད་ནས་སྒེག་པས་མཆོད་ཡོན་གྱི་ཕྱག་རྒྱས་མཆོད་ལ་སེ་གོལ་བྱ་ཞིང༌། ཨརྒྷཾ་པྲ་ཏཱིཙྪ་«་་་་་མཆོད་ཡོན་སོ་སོར་བཞེས་ཤིག་»སྭཱ་ཧཱ། དེ་བཞིན་དུ་རེས་མོས་ཀྱི་སྤེལ་ལ་མཆོད་པ་སོ་སོའི་སྔགས་དང་ཕྱག་རྒྱས་མཆོད་དེ་བསྡུའོ། །ཉི་ཤུ་པ་བཟླས་པ་ནི། པད་སྐོར་དང་བཅས་པས་ས་གཞི་ལ་སྐྱིལ་ཀྲུང་གིས་འདུག་ལ། ལག་གཉིས་ས་ལ་རེག་སྟེ། དཀྱིལ་འཁོར་གྱི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་དང༌། ཡི་གེ་བརྒྱ་པ་ལན་བདུན་བཟླས་ལ། ལྷའི་འཁོར་ལོར་སྤྲོ་ཞིང་བསྡུ་བས། ཉལ་བའི་རྣལ་འབྱོར་སོགས་བྱ་སྟེ། ས་ཡོངས་སུ་བཟུང་བའི་ཆོ་གའོ། །དེ་ནས་བགེགས་ལ་ཕུར་བུ་གདབ་པའི་དོན་དུ། ས་ཡོངས་སུ་བཟུང་བའི་རྗེས་ཐོག་དེ་ཉིད་དམ། ཡང་ན་ནང་པར་སྔ་བར་ལངས་ལ་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་སྟེ། ལྕགས་སམ་སེང་ལྡེང་ངམ་མི་རུས་ལས་བྱས་པའི་ཕུར་བུ་ཚད་ལྡན་བཅུ། སྣོད་གསར་པ་འདུ་བྱས་པ་རང་གི་མདུན་དུ་བཞག་ལ། སྲུང་བའི་འཁོར་ལོ་བསྒོམས་པའི་དབུས་སུ་རང་ཉིད་སྔར་ལྟར་ཧཱུྃ་མཛད་དུ་བསྐྱེད་ལ་གཡས་བརྐྱང་དང་ཧཱུྃ་མཛད་ཀྱི་སྟངས་སྟབས་བྱ་ཞིང་ཧཱུྃ་དྲག་ཏུ་བརྗོད། ཡང་སྙིང་གའི་ཧཱུྃ་ལས་ཁྲོ་བོ་བཅུ་སྤྲོས་ལ་ཕྱོགས་བཅུར་བཞུགས་པར་བསམ་ཞིང་བསྐྱེད་དོ། །དེ་ནས་ཕུར་བུ་རྣམས་ཀྱང་སྟོད་ཧཱུྃ་མཛད་ཀྱི་གཟུགས་ཅན། སྨད་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་དུ་བསྒོམ་མོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ་ཁྲོ་བོ་བཅུ་ལ་གཏད་པས་དེ་རྣམས་ཀྱིས་རྡོ་རྗེ་རྭ་བའི་ཕྱི་རོལ་ལམ་དཀྱིལ་འཁོར་ཁང་པའི་ཕྱི་རོལ་དུ་ཧཱུྃ་རིང་པོ་ལས་བྱུང་བའི་ཁྲོན་པ་བཅུར་བཅུགས་པར་བསམས་ལ། རྡོ་རྗེ་རྩེ་གཅིག་པའི་འགྲོས་ཀྱིས་སློབ་དཔོན་དབང་ལྡན་དུ་སོང་ལ། བགེགས་རྣམས་ཀྱི་སྤྱི་བོར་ཕུར་བུ་བཙུགས་པར་བསྒོམས་ནས་གཡོན་གཞི་དང་གཡས་བརྐྱང་ཞིང༌། པུས་མོ་གཡོན་བཙུགས་ལ་ཕུར་བུ་གཡས་གཡོན་དུ་བསྒྲིལ་ཞིང༌། ཨོཾ་གྷ་གྷ། གྷཱ་ཏ་«་་་་་སྡུངས་ཤིག་»ཡ། གྷཱ་ཏ་«་་་་་སྡུངས་ཤིག་»ཡ། སརྦ་དུཥྚཱཾ་ཕཊ་«་་་་་གདུག་པ་ཅན་ཐམས་ཅད་ཁོས་ཁོས་»ཕཊ། ཀཱི་ལ་«་་་་་ཕུར་བུས་»ཡ། ཀཱི་ལ་«་་་་་ཕུར་བུས་»ཡ། སརྦ་«་་་་་སྡིག་པ་ཐམས་ཅད་»པཱ་པཾ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་«་་་་་རྡོ་རྗེ་ཕུར་བུས་»ཡ། བཛྲ་དྷ་«རྡོ་རྗེ་འཛིན་པའི་་་་་་»རོད་ཨཱཛྙཱ་པ་ཡ་«་་་་་བཀའ་བསྒོ་བར་བྱེད་དོ། །»ཏི། སརྦ་«་་་་་བགེགས་ཐམས་ཅད་ཀྱི་»བིགྷཱན། ཀཱ་ཡ་«་་་་་ལུས་»ཝཱ་«་་་་་ངག་»ཀྩི་«་་་་་ཡིད་»ཏྟཾ། ཀཱི་ལ་ཡ་«་་་་་ཕུར་བུས་ཐོབས་ཤིག་»ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བརྗོད་ལ་ཕུར་ཁུང་དུ་བཙུགས་ཏེ། གཡོན་གྱིས་བཟུང་ལ་གཡས་རྡོ་རྗེ་ཐོ་བས་བརྡུངས་པས། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུག་པར་བསམ་ཞིང༌། «རྡོ་རྗེ་ཐོ་བས་ཀུན་ནས་རྡུངས་ཤིག་་་་་་»ཨོཾ་བཛྲ་མུངྒ་རཱ་ཀོ་ཊ་ཡ། ཨཱ་ཀོ་ཊ་ཡ་ཧཱུྃ།«་་་་་རྡུངས་ཤིག »ཞེས་བརྗོད་ལ་བསྡུའོ། །དེ་བཞིན་དུ། ཕྱོགས་ཐམས་ཅད་དུ་བྱས་པས་འགྲོ་བ་རྣམས་བགེགས་དང་བྲལ་བར་བསམས་ཏེ། བགེགས་ལ་ཕུར་བུ་གདབ་པའི་སྦྱོར་བའོ། །འདི་ནི་ལྷག་གནས་ཀྱི་སྔོན་འགྲོ་ཡིན་པས་ས་བཟུང་བ་ལ་མི་གཏོགས་སོ། །ཁ་ཆེ་མཁས་པའི་གྲོང་གི་ཆུ་གཏེར་ནས། །དེད་དཔོན་མཚུངས་མེད་པཎ་ཆེན་ཤཱཀྱ་ཤྲཱི། །གར་གྱི་ལག་ལེན་ཡིད་བཞིན་ནོར་བུ་འདི། །བོད་ཡུལ་བློ་ཡི་དབུལ་བ་སེལ་ཕྱིར་བླངས། །དེ་ཡི་རྗེས་འབྲང་བདུད་ལས་རྣམ་རྒྱལ་འདི། །གསལ་བར་བྲིས་ལས་བྱུང་བའི་དགེ་བ་དེས། །གདུག་པ་ཀུན་འདུལ་རྡོ་རྗེ་ཧཱུྃ་མཛད་ཀྱི། །རྣམ་འཕྲུལ་གསུམ་གྱིས་བགེགས་ཀུན་འཇོམས་གྱུར་ཅིག །དཔལ་རྡོ་རྗེ་ཕྲེང་བའི་ས་ཡོངས་སུ་བཟུང་བའི་ཆོ་ག་འདི་ནི་ཁ་ཆེའི་པཎྜི་ཏ་ཆེན་པོའི་ཕྱག་བཞེས། མང་འགར་ལོཙྪ་བ་བྱང་སེང་གིས་ཕྱག་ལེན་དུ་མཛད་པ་ལྟར། བླ་མ་བརྒྱུད་པའི་རིམ་པ་བཞིན་འོངས་ནས། རྩོད་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་རྗེ་བཙུན་ས་བཟང་པ་ཆེན་པོ་འཕགས་པ་གཞོན་ནུ་བློ་གྲོས་ཀྱི་ཞལ་སྔ་ནས་ཇི་ལྟར་ཕྱག་ལེན་དུ་མཛད་པ་ལྟར་ཡི་གེ་སྔ་མ་དང་གཞུང་ལས་བཏུས་ཏེ་དག་པར་བགྱིས་པ་འདི་དོན་གཉེར་གྱི་སློབ་མ་དག་གི་ངོར་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བསོད་ནམས་རིན་ཆེན་ནོ།།  །། ༄༅།  །དཔལ་གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་ལ་བརྟེན་ནས་ཆར་དབབ་པའི་མན་ངག་བཞུགས་སོ།།  ༈ །འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །གཤིན་རྗེའི་གཤེད་ཀྱི་རྒྱུད་ལས་གསུངས་པ་ལྟར་ཆར་དབབ་པའི་ཆོ་ག་ཉམས་སུ་ལེན་པར་འདོད་ན་དོན་བཞི་སྟེ། བསྙེན་པ་དང༌། ལས་སྦྱོར་དངོས་དང༌། མ་གྲུབ་ན་སྤོགས་པའི་ཆོ་ག་དང༌། སླར་བཅད་པའི་ཆོ་གའོ། །དང་པོ་ནི། དཔལ་དགྲ་ནག་གམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་བརྟེན་ནས། ཧྲཱིཿཥྚྀཿའབུམ་ཕྲག་བཅོ་ལྔའི་བར་དུ་བསྙེན་པས་ལས་ཐམས་ཅད་འགྲུབ་པར་གསུངས་ལ། བྱེ་བ་ལྔ་བཟླས་པས་ནི་ཐེ་ཚོམ་མི་ཟ་བར་འགྲུབ་པར་བཤད་པ་ལྟར་བཟླས་སོ། །གཉིས་པ་ལ་གཉིས། ཐོག་མར་ཀུ་རུ་ཀུལླེའི་རྣལ་འབྱོར་གྱིས་ཀླུ་དབང་དུ་བྱ་བ་དང༌། དེ་ནས་ཆར་འབེབས་དངོས་བྱ་བའི་མན་ངག་གོ །དང་པོ་ནི། རྣལ་འབྱོར་པ་གཤིན་རྗེའི་གཤེད་ཀྱི་ང་རྒྱལ་དང་ལྡན་པས། ཁམ་ཕོར་སོ་མ་བཏང་བ་ཟླུམ་པོ་ཁ་སྦྱར་ཞིག་བྱས་པའི་གའུ་འོག་མའི་ནང་དུ། རམས་ཀྱི་ཁུ་བས་དབུས་སུ་པདྨ་འདབ་བརྒྱད། དེའི་ཕྱི་རོལ་དུ་མཚོན་ཆ་འཁོར་ལོ་རྩིབས་བརྒྱད་པ་བྲིས། པདྨའི་ལྟེ་བར། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ཀྵརྐོ་ཊ་ཝ་ཤཾ་ཀུ་རུ་ཛཿསྭཱ་ཧཱ། ཞེས་པ་དང༌། འདབ་མ་བརྒྱད་ལ་ཡིག་འབྲུ་རེ་རེ་བྲི། འཁོར་ལོ་ལ་ཡིག་འབྲུ་བརྒྱད་མགོ་ནང་བསྟན་གཡོན་སྐོར་དུ་བྲིས། དེའང་དབྱར་ཟླ་ཐ་ཆུངས་ལ་ཆར་འབེབས་ན་ཀརྐོ་ཊ་དབང་དུ་སྡུད་པ་ལྟར། སྟོན་ཟླ་ར་བ་ལ་ཤཾ་ཁ་པཱ་ལ་དང༌། སྟོན་ཟླ་འབྲིང་པོ་ལ་ཏཀྵ་ཀ་དང༌། སྟོན་ཟླ་ཐ་ཆུངས་ལ་འཆར་འབེབས་ན། བཱ་སུ་ཀའི་མིང་བྲིས་ལ་དེ་དག་དབང་དུ་བསྡུའོ། །དེ་ནས་གའུ་སྟེང་མ་ཅི་ཡང་མ་བྲིས་པ་དང་ཁ་སྦྱར་ལ་སྐུད་པ་སྔོན་པོས་རྒྱ་གྲམ་དུ་དཀྲིས་ནས་རས་ལ་སོགས་པའི་སྟེང་དུ་བཞག རང་ཀུ་རུ་ཀུལླེར་བསྒོམ། འཁོར་ལོ་ལ་བྲིས་པའི་སྔགས་ཅི་ནུས་བཟླས། དེ་ནས་འཁོར་ལོ་བསང་སྦྱངས། སྟོང་པའི་ངང་ལས་འཁོར་ལོ་བྲིས་པ་ལྟར་བསྐྱེད་པའི་གསང་སྔགས་ཡིག་འབྲུ་བརྒྱད་པ་རྣམས་ཡོངས་སུ་གྱུར་པ་ལས། ལྷ་མོ་ཀུ་རུ་ཀུལླེ་ཀླུ་ཐམས་ཅད་སྐྲག་པར་བྱེད་པ་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་མདའ་དང་གཞུ། གཡས་འོག་མས་ལྕགས་ཀྱུ། གཡོན་འོག་མས་ཨུཏྤལ་བསྣམས་པ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་བསྒོམ། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག དབང་བསྐུར། རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་རྒྱས་གདབ་ལ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་ལ། བཅོམ་ལྡན་འདས་མ་ཀླུ་ཆེ་གེ་མོ་དབང་དུ་བསྡུས་ནས་ཆར་འབེབས་པའི་དགོངས་པ་གྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་མའི་ཐུགས་ཀའི་ཧྲཱྀཿལས་འོད་ཟེར་འཕྲོས་པས་རྒྱ་མཚོ་ཆེན་པོ་ནས། ཀརྐོ་ཊ་ལ་སོགས་པའི་ཀླུ་རྣམས་བཀུག་ནས་མིང་གི་ཡི་གེ་ལ་ཐིམ་པས་ཀླུ་དེ་དག་གི་གཟུགས་སུ་གྱུར་ཏེ། བཅོམ་ལྡན་འདས་མ་དང་སྒྲུབ་པ་པོའི་བཀའ་ཉན་པར་བསམ་མོ། །དེ་ནས་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་དམར་པོ་འཕྲོས་ཀླུ་ལ་ཕོག་པས། དེས་ཚ་གདུངས་མ་བཟོད་པར་དབང་དུ་འདུས་པར་བསམ་ལ། སྔགས་སྤེལ་ཚིག་དང་བཅས་པ་ཁྲི་ཕྲག་གཅིག་གི་བར་དུ་བཟླས་སོ། །ཐུན་སོ་སོའི་མཐར་བཅོམ་ལྡན་འདས་མ་ལ་མཆོད་པ་དང༌། གསོལ་བ་གདབ་པ་སྔར་ལྟར་བྱའོ། །དེ་ནས་ཁམ་ཕོར་དེ་ཀླུ་གནས་པའི་མཚོ་འགྲམ་དུ་སྦས་པས་ཀླུ་དབང་དུ་འདུ་བར་འགྱུར་རོ། །གཉིས་པ་ལ་སྦྱོར་བ་དང༌། དངོས་གཞི་རྗེས་གསུམ་གྱི་དང་པོ་ནི། གཙུག་ལག་ཁང་ལ་སོགས་པའི་གནས་དབེན་པར་རྡུལ་ཚོན་གྱི་ཕྱི་རོལ་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་དང༌། དེའི་དབུས་སུ་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་དང༌། དེའི་དབུས་སུ་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་དང༌། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་བྲིས་ལ། དབུས་སུ་བཾ་དཀར་པོ། འདབ་མ་བརྒྱད་ལ་ནཾ་བརྒྱད་ཀླུ་སོ་སོའི་ཁ་དོག་ལྟར་བྲིའོ། །དེའི་མཐར་མཆོད་ཡོན་དང༌། ཞབས་བསིལ་དང༌། མེ་ཏོག་སྔོན་པོ་དང༌། ནཱ་ག་གེ་སར་དང༌། ཀ་ར་བསྲེས་པའི་སྤོས་དང༌། མར་དཀར་གྱི་མར་མེ་དང༌། བུ་རམ། འོ་མ། མར། སྦྲང་རྩི་རྣམས་དང་སྦྱར་བའི་ཞལ་ཟས་རྣམས་ཀྱང་བཤམ། ཆུ་སྔོན་པོས་བཀང་བའི་བུམ་པ་བརྒྱད་དང༌། དར་གྱི་འཕན་སྔོན་པོ་བརྒྱད། འོ་མས་བཀང་བའི་ཁམ་ཕོར་བརྒྱད་ཕྱོགས་མཚམས་སུ་བཤམ། གོས་སྔོན་པོའི་ལྡ་ལྡིས་མཐའ་བསྐོར་དེའི་སྟེང་དུ་བླ་རེ་སྔོན་པོ་བྲི། ཐུན་རེ་རེ་ཞིང་སྔར་གྱི་ཞལ་ཟས་ཀྱི་རྒྱུ་ལས་བྱས་པའི་གཏོར་མ་དགུ་དགུ་བཤམ། གཞན་ཡང་དངུལ་སྣོད་ལ་སོགས་པར་ཀུན་དུ་རུ་སྟེ། སྤོས་དཀར་དང༌། ཆུ་སྲིན་སྡེར་མོ་དང༌། ཡུངས་ཀར་སེར་པོ་དང༌། ནཱ་ག་གེ་སར་རྣམས་མར་དཀར་དང་སྦྱར་བ་བཤམ་མོ། །གཉིས་པ་དངོས་གཞི་ནི། རང་སྒྲུབ་གྲོགས་དང་བཅས་པ་ཁ་ནུབ་ཏུ་ཕྱོགས་པར་འཁོད་ནས། དགྲ་ནག་གམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་རྫོགས་པར་བསྒོམ། བཟླས་པ་ཅི་ནུས་བྱའོ། །དེ་ནས་མདུན་གྱི་མཆོད་རྫས་རྣམས་ཏྲཱིཿཥྚྲྀཿས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་རྣམས་བསྐྱེད། ཨརྒྷཾ་སོགས་ཀྱིས་བྱིན་གྱིས་བརླབ། དེ་ནས་མདུན་དུ་བྲིས་པའི་དཀྱིལ་འཁོར་བསང་སྦྱངས། སྟོང་པའི་ངང་ལས་བྲིས་པ་ལྟར་སྐྱེས་པའི་པདྨ་འདབ་བརྒྱད་ཀྱི་དབུས་སུ་བཾ་ལས་ཆུ་བདག་དཀར་པོ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། སྐྱེས་བུའི་ཆ་བྱད་ཅན། གཡས་རལ་གྲི་དང༌། གཡོན་སྦྲུལ་ཞགས་འཛིན་པ། ཤར་གྱི་འདབ་མར་ཀླུ་དགའ་བོ་ལྗང་གུ། ལྷོར་ནོར་རྒྱས་ཀྱི་བུ་དཀར་པོ། ནུབ་ཏུ་ཏཀྵ་ཀ་དམར་པོ། བྱང་དུ་ཀརྐོ་ཊ་ནག་པོ། མེར་པདྨ་དཀར་པོ། བདེན་བྲལ་དུ་པདྨ་ཆེན་པོ་དཀར་སྐྱ། རླུང་དུ་དུང་སྐྱོང་སེར་པོ། དབང་ལྡན་དུ་རིགས་ལྡན་སྣ་ཚོགས་མདོག ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་སྟོད་མིའི་ལུས་ཅན་སྦྲུལ་མགོའི་གདེངས་ཀ་ལྔ་དང་ལྡན་པ། སྨད་སྦྲུལ་མཇུག་འཁྱིལ་བའི་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་འཛིན་པར་བསྒོམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རྒྱ་མཚོ་ཆེན་པོ་ནས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ལ། འདོད་རྒྱལ་གྱི་ཕྱག་རྒྱ་དང༌། ཛཿནཾ་ཛཿཞེས་པས་བཀུག སྤྲོ་ན། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །ཞེས་སོགས་ཀྱི་ཚིག་གིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྐྱེད་པ་ལ་བསྟིམས་ནས། ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་བསམ་མོ། །དེ་ནས་བྱིན་གྱིས་བརླབས་པའི་མཆོད་རྫས་རྣམས་རེ་རེ་ནས་འབུལ་ཞིང༌། ཨོཾ་ནཱ་ག་རཱ་ཛ་པ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བས། ཨརྒྷཾ་ཞེས་སོགས་ཀྱིས་མཆོད། རོལ་མོ་ཡང་དབུལ། དེ་ནས་གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་ཅིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་དོ། །དེ་ནས་གཏོར་མ་རྣམས་འོ་མ་དང་ཆུ་གཙང་མས་སྦྱངས་ལ། ཨོཾ་ཨཱཿཧཱུྃ་གིས་འདོད་དགུ་འབྱུང་བའི་རྒྱ་མཚོར་བྱིན་གྱིས་བརླབས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ། ཞེས་སོགས་ལན་དགུ་བརྗོད་ལ་དབུལ། སླར་ཡང་མཆོད་ཅིང་བསྟོད་ནས་ཀླུ་ཆེན་པོ་ཁྱེད་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་བཀའ་དང༌། བདག་ལ་བརྩེ་བར་དགོངས་ནས་ཆར་ཆེན་པོ་དབབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་བོ། །དེ་ནས་རང་གཤིན་རྗེའི་གཤེད་ཀྱི་ང་རྒྱལ་གྱིས་ཀླུ་རྣམས་ལ་བཀའ་བསྒོས་པས། དེ་རྣམས་ཀྱི་ཆར་འབེབས་པའི་ལས་བྱེད་པར་བསམས་ལ། ཨོཾ་ཧྲཱིཿཥྚིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་མ་ཧཱ་ནཱ་གཱ་ནཱཾ། ནཱ་གཱ་ནཱཾ་བརྵ་པ་ཡ་སྭཱ་ཧཱ། ཞེས་ཚིགས་གཞན་སྨྲ་བ་སྤངས་ཏེ་འབུམ་ཕྲག་གཅིག་བཟླས་སོ། །ཐུན་སོ་སོའི་མཐར་མཆོད་པ་དང་བསྟོད་པ་སྔར་བཞིན་བྱས་པས་ཆར་འབབ་པར་འགྱུར་རོ། །གསུམ་པ་རྗེས་ནི། ཀླུ་རྣམས་ལ་མཆོད་པ་དང༌། གཏོར་མ་རྒྱ་ཆེན་པོ་ཕུལ། གཟུགས་བརྙན་རྣམས་དང་རྡུལ་ཚོན། མཆོད་རྫས་དམན་པ་རྣམས་རོལ་མོ་དང་བཅས་པས་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར། རང་གི་གནས་གསུམ་བསྲུངས་ལ་བཀྲ་ཤིས་ཀྱི་ཚིག་བརྗོད་ཅིང་ལས་ཀྱི་རྗེས་བསྡུའོ། །གསུམ་པ་སྤོགས་ཆོག་ནི། ཆོ་ག་དེ་ལྟ་བུས་མ་གྲུབ་ན། སླར་སྤོགས་པའི་མན་ངག་དྲུག་བྱ་སྟེ། དེའང་སྔར་བཞིན་གཏོར་མ་ཕུལ་བ་ཡན་ཆད་ཚར་བ་དང༌། དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ཞི་བའི་ཐབ་ཁུང་བྱས་ལ། དེར་དཀྱིལ་འཁོར་སྔར་བཞིན་བྲིས། མཆོད་རྫས་དང༌། ཡམ་ཤིང་དང༌། མར་དང༌། བུ་རམ་འོ་མ་རྣམས་འདུ་བྱས། ཐབ་ཁུང་དུ་ཀླུ་རྣམས་བསྐྱེད་པ་ནས་བསྟོད་པའི་བར་སྔར་བཞིན་བྱས་ལ། ཀླུ་རྣམས་ཀྱི་ལྕེ་དང་གཟར་བུའི་ཁ་ལ་ཡི་གེ་ནཾ་བསམས་ནས། བུ་རམ་དང༌། འོ་མ་དང༌། མར་གྱི་སྲེག་བླུགས་གསུམ་ཕུལ་ལ། ཨོཾ་ནཾ་སྭཱ་ཧཱ། ཞེས་པས་སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བསྲེག་གོ །དེ་ནས་ལྷ་རྣམས་རང་གནས་སུ་གཤེགས་སུ་གསོལ། སྦྱིན་སྲེག་གི་རྗེས་བསྡུ། དེ་ལྟར་བྱས་པས་འབབ་པར་འགྱུར་རོ། །དེས་མ་བབས་ན་སྔར་ལྟར་གྱི་དཀྱིལ་འཁོར་ལས་མེ་དང་རླུང་གོ་བརྗེས་པ་བྲིས་ལ། བདག་བསྐྱེད་བཟླས་པ་དང་བཅས་པ་སྔར་བཞིན་བྱས་རང་དཀྱིལ་འཁོར་གྱི་དབུས་སུ་ཕྱིན་པར་བསྒོམས་ལ། ཀླུ་ཐམས་ཅད་ཀྱི་མཇུག་མ་མནན་པའི་སྟེང་དུ། རང་ཉིད་དགྲ་ནག་གམ་རྡོ་རྗེ་འཇིགས་བྱེད་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ལུས་ལ་བསྐལ་པའི་མེ་འབར་བས་ཀླུ་ཐམས་ཅད་འཇིགས་པར་བྱེད་པར་བསྒོམས་ལ། ཨོཾ་ནཾ་ཧྲཱིཿནཾ། ཥྚྀ་ནཾ། བི་ནཾ། ཀྲྀ་ནཾ། ཏཱ་ནཾ། ན་ནཾ། ན་ནཾ། ཧཱུྃ་ནཾ། ཧཱུྃ་ནཾ། ཕཊ་ནཾ། ཕཊ་ཅེས་དྲག་ཏུ་བཟླས། དེའི་ཚེ་འོག་གི་རླུང་གཡོས་པས་མེ་སྦར། དེས་པདྨ་རྙིངས་ཤིང་གདུང་བར་བྱས། སྟེང་ནས་སྔར་བཞིན་ཁྲོ་བོའི་མེས་གདུང་པས་ཀླུ་རྣམས་སྐྲག་པས་ཆུ་སྐྱུག་པར་བསམས་ན་ཆར་འབེབས་སོ། །ཡང་དེས་མ་བབས་ན། དུར་ཁྲོད་ཀྱི་རས་སམ། མཚོན་གྱིས་ཕོག་པའི་གོས་ལ་དུག་དང༌། ཚྭ་དང༌། སྐེ་ཚེ་དང༌། ཚ་བའི་མར་ནག་གིས་ཕྱི་མཚོན་ཆ་འཁོར་ལོ་རྩིབས་བརྒྱད་པ། ནང་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བ་དང་འདབ་མ་རྣམས་ལ། བཾ་ཧཱུྃ། ནཾ་བཾ་ཧཱུྃ། ཞེས་པ་རེ་རེ་བྲི། དེ་ནས་ཀླུ་གནས་པའི་མཚོ་འགྲམ་ནས་འཇིམ་པ་བླངས་ལ། གྲོག་མཁར་གྱི་ས་དང༌། ཤིང་གཅིག་པའི་རྩ་བའི་ས་དང་ལྷན་ཅིག་ཀླུའི་གཟུགས་བྱས་ལ། དེའི་སྙིང་གར་སྔར་གྱི་འཁྲུལ་འཁོར་དེ་བཅུག རྫའི་འབྲུབ་ཁུང་གི་ནང་དུ་བཞག་ནས་སྔར་བཞིན་བཀུག་ལ་བསྟིམ། དེ་རང་གི་རྐང་འོག་ཏུ་བཞག་ལ། རང་གཤིན་རྗེ་གཤེད་ཀྱི་སྐུ་ལས་མེ་འབར་བས་ཀླུའི་གཟུགས་གདུངས་པས། དེས་མ་བཟོད་ནས་ཀླུ་ཐམས་ཅད་ཀྱིས་ཆར་ཕབ་པར་བསམས་ལ་སྔར་བཞིན་དུ་སྔགས་དྲག་ཏུ་བཟླས་ན་ཆར་འབབ་བོ། །ཡང་དེས་མ་བབས་ན། གཟུགས་དེ་ལ་ཚ་བ་གསུམ་དང༌། སྐེ་ཚེས་བྱུགས་ལ། ཐབ་ཁུང་ཁྲུ་གསུམ་པར་དུར་ཁྲོད་ཀྱི་ཤིང་ལ་མེ་སྦར་བ་ལ། ཅུང་ཟད་གདུང་བའམ། ཡུངས་ཀར་བརྡེག་ཅིང་སྔགས་བརྒྱ་རྩ་བརྒྱད་བཟླས་ན་འབབ་བོ། །ཡང་དེས་མ་བབས་ན། སྐེ་ཚེ་དང་ལན་ཚྭ་དང༌། དུག་དང༌། དྷ་དུ་ར་རྣམས་ཀྱིས་བྱུགས་པའི་སེང་ལྡིང་གི་ཕུར་བུ་སོར་དགུ་པ་སྔར་གྱི་གཟུགས་བརྙན་དེའི་སྙིང་གར་གདབ་ཅིང༌། རང་གཡོན་བརྐྱང་གིས་ཁ་ལྷོའམ། ནུབ་ཏུ་ཕྱོགས་པའི་རྐང་འོག་ཏུ་མགོ་མནན་ལ། མཚོན་རྣོན་པོས་མཇུག་མ་ནས་དུམ་བུར་གཏུབས་ཤིང་སྔགས་དྲག་ཏུ་བཟླས། དེ་ནས་མེ་ཐབ་གྲུ་གསུམ་དུ་རོ་བསྲེགས་པའི་ཤིང་ལ་མེ་སྦར་ཏེ། དེའི་དབུས་སུ་དགྲ་ནག་གམ། རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྣམ་པ་ཅན་ཞལ་གདངས་ཤིང་ལྗགས་བརྐྱང་བར་བསྒོམ་པའི་ཞལ་དུ་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཕུལ་ལ། སྔགས་དྲག་ཏུ་བཟླས་ན་ཆར་འབབ་བོ། །དེས་མ་བབས་ན། འཇིག་རྟེན་ལས་འདས་པའི་ལྷ་ལ་གནད་དུ་བསྣུན་ཏེ། བདག་ཉིད་དགྲ་ནག་ལྟར་ན། རྒྱུ་རྡོ་རྗེ་འཆང་དང༌། འཇིགས་བྱེད་ལྟར་ན་འཇམ་དབྱངས་སུ་བསྒོམས་ལ། སྔར་བཤད་པ་ལྟར། གྲོག་མཁར་གྱི་ས་ལ་སོགས་པ་ལ། དགྲ་ནག་གམ། རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་གཟུགས་བྱས་ལ། དེའི་སྙིང་ཁར་སྔར་གྱི་འཁོར་ལོ་བཅུག་པ་རྐང་པས་མནན་ཏེ། ལག་ཏུ་རྡོ་རྗེ་བཟུང་བས་ཞབས་གཡོན་པའི་མཐེའུ་ཆུང་ནས་རིམ་པ་བཞིན་བཅད་ཅིང་ཕྱོགས་ཐམས་ཅད་དུ་འཕངས་ལ། ཧྲཱིཿཥྚིཿཁྲི་ཕྲག་གཅིག་བཟླས་ན་ངེས་པར་ཆར་འབབ་པར་འགྱུར་རོ། །བཞི་པ་སླར་བཅད་པའི་མན་ངག་ནི། ཧ་ཅང་ཆར་ཆེས་བར་གྱུར་ན། ཞི་བའི་ཐབ་ཁུང་དུ་དགྲ་ནག་ལྟར་ན། གཏི་མུག་གཤིན་རྗེའི་གཤེད་དང༌། འཇིགས་བྱེད་ལ་རྡོ་རྗེ་འཇིགས་བྱེད་དཀར་པོ་བསྐྱེད་ལ། མར་དང་འོ་མ་དང༌། སྦྲང་རྩིའི་སྲེག་བླུགས་ཁྲི་ཕྲག་གཅིག་ཕུལ་ན་ཆོད་པར་འགྱུར་རོ། །དེས་གལ་ཏེ་མ་ཆོད་ན། དྲག་པོའི་ཐབ་ཁུང་དུ་རས་བལ་གྱི་ས་བོན་བསྲེག་ཅིང་དྲག་པོའི་སྦྱིན་སྲེག་བྱས་པས་ངེས་པར་ཆོད་པར་འགྱུར་རོ། །འདིར་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཆར་འབེབས་ན། སྔགས་ཐམས་ཅད་ཧྲཱིཿཥྚྲཱྀཿའི་ཡི་གེ་བཅུ་པ་འབའ་ཞིག་ཏུ་བྱ་ཞིང༌། སྤོགས་ཆོག་གི་སྔགས་ཀྱང་ཧཱུྃ་ནཾ། ཕཊ་ནཾ་ཅེས་པས་ཆོག་གོ །དཔལ་དགྲ་ནག་གི་རྒྱུད་ལས་གསུངས་པའི་ཆར་འབེབས་ཀྱི་ཆོ་ག་འདི་ནི། སློབ་དཔོན་དཔལ་འཛིན་གྱི་འགྲེལ་པ་དང་ཞང་ལུགས་ཀྱི་བླ་མ་བརྒྱུད་པའི་མན་ངག་ལ་བརྟེན་ནས་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་གསལ་བར་བྲིས་པའོ།།  །།འདིར་སྦྱར་དགེ་བ་གང་ཐོབ་དེས། །གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ། །ལྡོང་སྟོན་དཀོན་མཆོག་བཟང་པོ་ཡི། །ལམ་གྱི་བར་ཆད་ཞི་གྱུར་ཅིག།  །། ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མའི་ཆོ་ག་ཕྲིན་ལས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།  ༈ །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མའི་ཆོ་ག་ཕྲིན་ལས་ཆར་འབེབས་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །ཀུན་རྫོབ་སྤྲོས་པའི་བདུད་དང་གཤིན་རྗེ་རྣམས། །དོན་དམ་སྤྲོས་བྲལ་ངང་དུ་མཐར་མཛད་པའི། །བདེན་གཉིས་ཟུང་འཇུག་གཤིན་རྗེ་གཤེད་པོ་ལ། །གུས་པས་བཏུད་དེ་གཏོར་མའི་ཆོ་ག་བཤད། །འདིར་རང་ངམ་གཞན་གྱི་དོན་དུ་གཤིན་རྗེ་གཤེད་ཀྱི་རྒྱུད་རྣམས་ལས་འབྱུང་བའི་གཏོར་མ་དྲུག་ཅུ་རྩ་བཞི་པ་བྱ་བ་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་ནི། གནས་དབེན་པར་བ་བྱུང་དང་བདུད་རྩི་ལྔས་བྱུགས་ལ། དེར་རྩ་ཐིག་བརྒྱད་བཏབ་ནས་མདའ་གང་གི་ཚད་ཀྱི་མཎྜལ་གྲུ་བཞི་པ་རེ་ཁཱ་ཉིས་རིམ་དང་བཅས་པ། དེའི་དབུས་སུ་ཆོས་འབྱུང་རྩེ་མོ་ལྷོར་བསྟན་པ་བྲི། དེར་པདྨ་འདབ་མ་བཅུ་བྱས་ལ་མེ་ཏོག་གི་ཚོམ་བུ་བཀོད་དོ། །དེ་ལ་པདྨ་དང་བཅས་པའི་ཆོས་འབྱུང་ནི་ནག་པོའོ། །དེའི་ཕྱི་རོལ་གྱི་ངོས་གསུམ་ནི་དམར་པོའོ། །རེ་ཁཱ་གཉིས་ཀྱི་བར་ནི་ནག་པོར་བྱའོ། །དེའི་ཕྱི་རོལ་གྱི་རང་གི་གཡོན་མཎྜལ་གྱི་གཡས་ནས་ཐོད་པ་ལ་སོགས་པའི་སྣོད་དུ། ཁྲག་གི་མཆོད་ཡོན་དང༌། དབང་པོ་ལྔའི་མེ་ཏོག་དང༌། ཚིལ་ཆེན་གྱི་སྤོས་དང༌། ཞུན་ཆེན་གྱི་མར་མེ་དང༌། མཁྲིས་པའི་དྲི་ཆབ་དང༌། ཤ་སྣ་ཚོགས་ཀྱི་ཞལ་ཟས་དང༌། རྐང་གླིང་གི་རོལ་མོ་རྣམས་བཤམ། རང་གི་གཡས་མཎྜལ་གྱི་གཡོན་དུ་འཇིག་རྟེན་ལས་འདས་པའི་གཏོར་མ་ཕུད་ལས་ཆུང་བར་བྱས་པ་དང༌། གཡས་སུ་ལས་གཤིན་གྱི་གཏོར་མ་ལྷག་མ་ལས་ཆེ་བར་བྱས་པ་བཤམ། དེ་གཉིས་ཀ་ཤ་ཁྲག་དང༌། སྒོག་བཙོང་དང༌། བ་དན་སྣ་ཚོགས་པས་བརྒྱན་ནོ། །ཆོས་འབྱུང་གི་སྟེང་པདྨའི་མདུན་དུ་གཏོར་མ་དྲུག་ཅུ་རྩ་བཞི་པ་བཞག་སྟེ། དེའང་ཟན་ལེབ་གྲུ་བཞི་པ་ལ་ཚངས་ཐིག་རྒྱ་གྲམ་དུ་བཏབ་ནས་དུམ་བུ་བཞི་བྱ། དེ་རེ་རེའང་སྔར་བཞིན་བཞི་བཞིར་བྱས་ནས་གྲུ་བཞི་པ་བཅུ་དྲུག་འབྱུང་ལ། དེ་དག་གི་ཟུར་བཞི་ནས་རྒྱ་གྲམ་དུ་བཅད་པས་གྲུ་གསུམ་དྲུག་ཅུ་རྩ་བཞི་བྱས་ནས། དེ་གཏོར་སྣོད་དུ་ནང་ཆོས་འབྱུང་གྲུ་གསུམ་པའི་རྣམ་པ། ཕྱི་ལྕགས་མཁར་ཟུར་དགུ་པར་བྱས་པའི་ཕྱི་ངོས་གསུམ་དུ་གསུམ་གསུམ་བདུན་བརྩེགས་སུ་བརྩིགས། དེའི་ནང་དུ་དགྲའམ་བགེགས་ཀྱི་ལིངྒ་ལ་མགོ་མཇུག་བཟློག་ལ་གཞུག ཤ་ཁྲག་དང་སྒོག་བཙོང་སོགས་དྲུག་ཅུ་རྩ་བཞིས་བརྒྱན་ནོ། །གཏོར་མ་འདི་དག་མཎྜལ་གྱི་སྟེང་དུ་བཞག་པ་ནི་གཞུང་གི་དགོངས་པ་མ་ཡིན་ནོ། །ཞེས་ཀུན་མཁྱེན་གཉིས་པ་དག་འཆད་མོད་ཀྱི། དགྲ་ནག་གི་བཀའ་འགྲེལ་ལས། དཀྱིལ་འཁོར་གྲུ་གསུམ་དུ་བྱས་ལ། དེར་ཕྱི་རོལ་གྱི་ལྷ་རྣམས་ཀྱང་ཚིམ་པར་བྱས་ཤིང༌། གཏོར་མའང་དེར་སྦྱིན་པར་བྱའོ། །ཞེས་བཤད་པ་དང་འགལ་ལོ། །གཉིས་པ་ལ་དགུ་ལས། དང་པོ་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ནི། སྒྲུབ་པའི་ཐབས་ལས་འབྱུང་བ་བཞིན། རིམ་གཉིས་ཀྱི་རྣལ་འབྱོར་བཟླས་པ་དང་བཅས་པ་བྱའོ། །གཉིས་པ་མདུན་གྱི་མཎྜལ་བསང་སྦྱངས། བྲིས་པ་བཞིན་བསྐྱེད་པའི་དབུས་སུ། གཙོ་བོ་བདག་བསྐྱེད་ལྟར་བསྒོམ། དེའི་ཐུགས་ཀ་ནས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་མང་པོ་སྤྲོས་པས་ཕྱོགས་སྐྱོང་བ་རྣམས་སྤྱན་དྲངས་པར་བསམས་ལ། ལུས་ཀྱི་ལྕགས་ཀྱུའི་ཕྱག་རྒྱ་དང༌། ངག་ཏུ། ཨོཾ་ཧྲཱིཿཥྚྲཱྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཨིནྡྲ་དུཥྚཱཾ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་བརྗོད་ཅིང༌། ཤར་དུ་བརྒྱ་བྱིན་དཀར་པོ་མིག་སྟོང་དང་ལྡན་པ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་བེ་ཅོན་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞགས་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་ནེའུ་ལེ་འཛིན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་པ་རྩེ་གསུམ་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་བཞི་པ་གཡས་པ་གཉིས་བགྲང་ཕྲེང་དང་མཆོག་སྦྱིན་གཡོན་གཉིས་ན་དབྱུག་གུ་རྩེ་གསུམ་པ་དང་གུནྡྷེ་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་སྔོ་ནག་རོ་ལངས་ལ་ཞོན་པ་རལ་གྲི་འཛིན་པ། ནུབ་བྱང་དུ་རླུང་ལྷ་དུད་ཁ་ཤ་བ་ལ་ཞོན་པ་བ་དན་འཛིན་པ། སྟེང་དུ་ཚངས་པ་སེར་པོ་ངང་པ་ལ་ཞོན་པ་གུནྡྷེ་བསྣམས་པ། འོག་ཏུ་ས་ལྷ་སེར་པོ་ཕག་ལ་ཞོན་པ་བུམ་པ་འཛིན་པ་དང༌། གཞན་ཡང་ཞིང་སྐྱོང་དང་མ་མོ་མཁའ་འགྲོ་ལ་སོགས་པ་སྲིད་པ་གསུམ་གྱིས་བསྡུས་པའི་བྱུང་པོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བར་དམིགས་ལ། ཁྲོ་བོ་རྣམས་བདག་ལ་བསྡུས་ནས། སླར་ཡང་རང་གི་སྙིང་ག་ནས་ཁྲོ་བོ་སྟོད་གཤིན་རྗེའི་གཤེད་དང༌། སྨད་ཕུར་བུའི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྲོས་པར་བསམ་ཞིང༌། ཕྱོགས་སྐྱོང་བཅུའི་སྔགས་ཀྱི་རྗེས་སུ་བཛྲ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་དེ། སྤྱི་བོ་ནས་ཕུར་བུ་བཏབ་པས། ཐམས་ཅད་ཀྱང་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་བསམ་མོ། །གསུམ་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། གནས་གསུམ་དུ་ཡི་གེ་གསུམ་དང༌། མིག་སོགས་དབང་པོ་དྲུག་ཏུ་སའི་སྙིང་པོ་སོགས་དྲུག་སྒྲུབ་ཐབས་བཞིན་བཀོད་དོ། །བཞི་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། རང་གི་སྙིང་ག་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང༌། ངག་ཏུ། ཧཱུྃ་འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་ནས། །སྲིན་པོའི་གཟུགས་སུ་རྣམ་སྤྲུལ་པ། །གདུག་པ་ཅན་རྣམས་བསྒྲལ་བའི་ཕྱིར། །འཇིགས་པའི་ཁྲོ་རྒྱལ་གཤེགས་སུ་གསོལ། །ཚུར་བྱོན་ཚུར་བྱོན་འཇམ་པའི་དབྱངས། །ཁྲོ་བོ་གཤིན་རྗེའི་གཤེད་པོའི་ཚོགས། །འཇམ་དཔལ་ཁྲོ་བོ་མི་བཟད་པ། །མཐུ་རྩལ་དྲག་པོ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀྲོ་དྷ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཨ་སྨ་པཱུ་ཛ་པྲ་ཏཱི་གྲྀཧྟཱ་པ་ཡ་ཏོཏྟྲ་མོ་མནྟྲི་ཀུ་རུ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་དོ། །ལྔ་པ་དབང་བསྐུར་ཞིང་རིགས་བདག་གིས་རྒྱས་གདབ་པ་ནི། སྒྲུབ་ཐབས་ནས་འབྱུང་བ་བཞིན་བྱ་ཞིང༌། ཕྱོགས་སྐྱོང་བ་རྣམས་ལའང་མི་བསྐྱོད་པས་རྒྱས་གདབ་ལ། དབང་གི་ལྷ་རྣམས་ཡེ་ཤེས་པའི་ཚུལ་དུ་བསྟིམས་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་པའི་བར་བྱའོ། །དྲུག་པ་ལིངྒ་ལ་འགུགས་འདྲེན་བྱ་བ་ནི། རང་གཙོ་བོའི་ང་རྒྱལ་དང་ལྡན་པས་ཞབས་འོག་གི་གདོང་བརྙན་རྣམས་སྤྲོས་ཏེ་བསྒྲུབ་བྱ་བཀུག་པར་བསམ་ཞིང༌། ཛཿརྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ །ཆོས་ཀྱི་བཀའ༴ །དགེ་འདུན་གྱི་བཀའ༴ །ཁྱད་པར་དུ་ཡང་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཕྱོགས་སྐྱོང་བ་བཅུ། ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨོད་པ། བླ་མ་དམ་པའི་སྐུ་དགྲ། དགེ་འདུན་གྱི་སྤྱི་དགྲ། སེམས་ཅན་རྣམས་ལ་འཚེ་བ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ལ་མཐོ་བཙམས་ཤིང་ཆོས་སྒྲུབ་པའི་བགེགས་བྱེད་པའི་དམ་ཉམས་སྡིག་ཅན་ཐམས་ཅད་དམ། ཆེ་གེ་མོ་ཞེས་བྱ་བ་ལིངྒ་འདི་ཉིད་ལ་མྱུར་དུ་མཆིས་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་པས་ལིངྒ་དེ་བསྒྲུབ་བྱ་གཅེར་བུ་སྒོ་རྣམས་ནས་ཁྲག་འཛག་པ། ལུས་འདར་ཞིང་བྲེད་པ། དབང་པོའི་མདངས་ཤོར་བ། རྒྱུ་མ་ནར་བཞིན་པར་བསམས་ལ། སྔར་སྤྲོས་པའི་གདོང་བརྙན་རྣམས་ཀྱིས་ལུས་ལ་རྨ་བཏོད་ཅིང༌། གཞན་ཡང་ལས་ཀྱི་གཤིན་རྗེ་མདོག་ནག་ཅིང་མི་སྡུག་པ། ལག་ན་དབྱུག་པ་དང་ཞགས་པ་ཐོགས་པ་རྣམས་ཀྱིས་བསྒྲུབ་བྱའི་མགུལ་པ་ཞགས་པས་བཅིངས། ལུས་ཐམས་ཅད་དབྱུག་ཏོས་བརྡུངས་པར་བསམ་ཞིང༌། ཧཱུྃ་ཞེ་སྡང་གིས་མནན་འགྲོ་གཟིགས་ནས། །ཞེ་སྡང་གཤིན་རྗེའི་གཤེད་གཟུགས་སུ། །བཅོམ་ལྡན་སྙིང་རྗེའི་དབང་མཛད་པ། །ཁྲོ་རྒྱལ་ཁྱོད་ཀྱི་དུས་ལ་བབས། །བསྟན་པ་བཤིགས་པའི་དགྲ་བོ་འདི། །མྱུར་དུ་ཁུག་ལ་ལས་མཛོད་ཅིག །ཧཱུྃ་ཛཿགཟའ་བཞིན་སྤྲོས་ནས་ནི། །ཊཀྐི་ཧཱུྃ་ཛཿམྱུར་དུ་ཁུག །རྡོ་རྗེ་ལྕགས་ཀྱུའི་ཚོགས་སྤྲོས་པས། །ཁུ་གཅིག་བཛྲ་ཨངྐུ་ཤ །རྡོ་རྗེ་ཞགས་པའི་ཚོགས་སྤྲོས་པས། །དྲོངས་ཤིག་བཛྲ་པཱ་ཤ་ཧཱུྃ། །རྡོ་རྗེ་ལྕགས་སྒྲོགས་ཚོགས་སྤྲོས་པས། །སྡོམས་ཤིག་བཛྲ་སྥོ་ཊ་བཾ། །རྡོ་རྗེ་དྲིལ་བུའི་ཚོགས་སྤྲོས་པས། །ཕོབ་ཅིག་བཛྲ་གྷཎྜེ་ཧོ། །རྡོ་རྗེ་ཐོ་བའི་ཚོགས་སྤྲོས་པས། །རྒྱོབ་ཅིག་བཛྲ་མུངྐ་ར། །རྡོ་རྗེ་དགྲ་སྟྭའི་ཚོགས་སྤྲོས་པས། །ཁོས་ཤིག་བཛྲ་པ་ར་ཤུ། །རྡོ་རྗེ་རྩེ་གསུམ་ཚོགས་སྤྲོས་པས། །གཟིར་ཅིག་བཛྲ་ཏྲི་ཤཱུ་ལ། །རྡོ་རྗེ་ཕུར་བུའི་ཚོགས་སྤྲོས་པས། །ཐོབ་ཅིག་བཛྲ་ཀཱི་ལ་ཡ། །རྡོ་རྗེ་རལ་གྲིའི་ཚོགས་སྤྲོས་པས། །གཏུབས་ཤིག་བཛྲ་ཁཌྒ་ཧོ། །ཞེས་བརྗོད་ལ་མཆོད་པ་ལྔས་མཆོད། ཏིང་ངེ་འཛིན་གསལ་བས་མིག་རྒྱེན་ལ་ཡུན་རིང་བར་གཏད་དོ། །དེ་ནས་རྣམ་སྨིན་གྱི་ལུས་དེ་ཕོ་ཉ་རྣམས་ཀྱི་མཆོད་གཏོར་དང་རྒྱུན་དུ་བྱས་པར་བསམ་མོ། །བདུན་པ་མཆོད་པ་བྱ་བ་ནི། མདུན་གྱི་མཆོད་པ་རྣམས་བསང་སྦྱངས་པའི་ངང་ལས། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཁྲག་ཞག་གི་མཆོད་ཡོན། དབང་པོ་ལྔའི་མེ་ཏོག ཚིལ་ཆེན་གྱི་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་སྣ་ཚོགས་ཀྱི་ཞལ་ཟས། རྐང་དུང་གི་རོལ་མོ། གཞན་ཡང་གཡང་གཞིའི་བླ་རེ་དང༌། རྒྱུ་རློན་གྱི་ལྡ་ལྡི་དང༌། ཀེང་རུས་ཀྱི་ཕྲེང་བ། རུས་པའི་རྒྱན་རྣམ་པ་དྲུག་ལ་སོགས་པ་མཆོད་པའི་ཡོ་བྱད་དྭངས་ཤིང་ཐོགས་པ་མེད་པ། ས་དང་ནམ་མཁའ་བར་སྣང་ཐམས་ཅད་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བླ་མ་དང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཞེས་སོགས་སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས། སྟོང་གསུམ་འདིའམ་གཞན་དག་ན། །དགྲ་བགེགས་མ་ལུས་བསྒྲལ་བ་ཡི། །ཁྲག་ཞག་ཨརྒྷཾ་ལ་སོགས་པའི། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་དང༌། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་ལ། །གུས་པའི་ཚུལ་གྱིས་བདག་འབུལ་ན། །ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང༌། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ཕྲིན་ལས་རྣམ་བཞི་འགྲོ་བའི་དོན། །མ་ལུས་པར་ནི་གྲུབ་པར་མཛོད། །ཨོཾ་བཛྲ་བྷཻ་ར་ཝ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དང༌། དེ་བཞིན་དུ་ཚིགས་བཅད་དང༌། སྔགས་ཀྱི་ཐོག་མཐའ་རྣམས་ཀུན་ལ་སྦྱར་བས། དབང་པོ་ལྔ་ཡི་པུཥྤེ་སོགས། མེ་ཏོག་ཇི་སྙེད་དང༌། བཛྲ་པུཥྤེ། ཚིལ་ཆེན་དྷཱུ་པེ་ལ་སོགས་པ། བདུག་སྤོས་ཇི་སྙེད། དྷུ་པེ། ཞུན་ཆེན་དཱི་པཾ་ལ་སོགས་པ། སྣང་གསལ་ཇི་སྙེད། ཨཱ་ལོ་ཀེ མཁྲིས་པའི་གནྡྷེ་ལ་སོགས་པ། དྲི་ཆབ་ཇི་སྙེད། གནྡྷེ། ཤ་རུས་བཟའ་བ་ལ་སོགས་པ། ཞལ་ཟས་ཇི་སྙེད། ནཻ་ཝི་ཏེ། རྐང་དུང་གླིང་བུ་ལ་སོགས་པ། རོལ་མོ་ཇི་སྙེད། ཤཔྟ། ཞེས་པས་རོལ་མོ་འབུལ་ཏེ་ཕྱིའི་མཆོད་པའོ། །དེ་ནས། གཡང་གཞི་བླ་རེ་ནམ་མཁའི་རྒྱན། །རྒྱུ་རློན་ལྡ་ལྡི་བར་སྣང་རྒྱན། །ཀེང་རུས་ཕྲེང་བ་ས་གཞིའི་རྒྱན། །ཕྱག་རྒྱ་རྣམ་དྲུག་སྐུ་ཡི་རྒྱན། །འཇིགས་བྱེད་ཆེན་པོ་མཉེས་བྱེད་པའི། །བླ་ན་མེད་པའི་མཆོད་པ་འདི། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་དང༌། །ཞེས་པ་མན་སྔར་བཞིན་སྦྱར་བ་དང༌། ཨ་ལཾ་ཀྲྀ་ཏ་ཞེས་དབུལ་ཏེ་རྒྱན་གྱིས་མཆོད་པའོ། །དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། ཐོག་མར་རྩ་བའི་བླ་མ་དང༌། དེ་ནས་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར། ཨོཾ་ཨཱཿཧཱུྃ་བཏགས་ལ་དབུལ། དེ་ནས། མྱོས་བྱེད་སྟོང་གི་བཅུད་བསྡུས་པ། །ལྕགས་ཀྱུ་ལྔ་དང་ཡང་དག་ལྡན། །བདུད་རྩི་ལྔ་དང་རབ་སྦྱར་བ། །ཡེ་ཤེས་ལྔ་ཡིས་བྱིན་བརླབས་པས། །དངོས་གྲུབ་པདྨོ་འབྱུང་བའི་གནས། །མཁའ་འགྲོ་ངང་པ་འདུ་བའི་གཞི། །གསང་བ་བདུད་རྩིའི་མཆོད་པ་འདི། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་དང༌། །ཞེས་པ་མན་དང༌། ཨ་མྲྀ་ཏས་འཇིགས་བྱེད་ཀྱི་ལྷ་ཚོགས་ལ་འབུལ། དེ་ནས་དཀྱིལ་འཁོར་གཞན་དང༌། ལུས་ཀྱི་ལྷ་རྣམས་མཆོད་ནས། ཆོས་སྐྱོང་དང༌། མཁའ་འགྲོ་དང༌། གཞི་བདག་དང༌། རིགས་དྲུག་རྣམས་ལའང་བྱིན་ནས། མཐར་རང་གིས་ཀྱང་མྱངས་ལ། གཟུགས་སྒྲ་ལ་སོགས་པས་མཆོད་དོ། །བརྒྱད་པ་བསྟོད་པ་བྱ་བ་ནི། མིའུ་ཐུང་སྒེག་པོ་སོགས་སམ། དུར་ཁྲོད་རྒྱན་གྱི་ལ་སོགས་པས་བསྟོད་དོ། །དགུ་པ་གཏོར་མ་འབུལ་བ་ལ་གསུམ་ལས། དང་པོ་འདས་པའི་གཏོར་མ་དབུལ་བ་ནི། གཏོར་མ་བྱིན་གྱིས་བརླབས་ནས་གཟུགས་སྒྲ་སོགས་ཀྱིས་མཆོད་པའི་བར་སྒྲུབ་ཐབས་བཞིན་བྱས། ཕྲིན་ལས་བསྐུལ་བའི་ཕྱིར། ཧཱུྃ་འཇམ་དབྱངས་ཁྲོས་པའི་དཀྱིལ་འཁོར་ནས། །མཚོན་ཆ་ཆེན་པོའི་མེ་རི་འབར། །གསོད་པའི་ཁྲོ་ཕྲེང་ནག་པོ་དཀྲིགས། །ཆོས་དབྱིངས་ཕོ་བྲང་ནམ་མཁའི་དབྱིངས། །གྲུ་གསུམ་ནག་པོ་ཨེ་ཡི་དབྱིབས། །བསྐལ་པའི་མེ་ལྟར་ཡེ་ཤེས་ཀྱི། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །ཁྲག་ཞག་འཁྲུགས་པའི་དཀྱིལ་འཁོར་ཏེ། །མཁའ་འགྲོ་རོལ་པའི་དུར་ཁྲོད་ནས། །ཀེང་རུས་ཁོག་པ་ཕུབ་པ་ཡི། །ཐོད་པའི་དཀྱིལ་འཁོར་ཆེན་པོ་ནི། །དབང་དྲག་རླུང་གི་དཀྱིལ་འཁོར་དུ། །ནད་དང་གདོན་དང་སྲིན་པོའི་ཚོགས། །བསྣོལ་བའི་དབྱིངས་ནས་བཞེངས་པ་ནི། །གཤིན་རྗེ་སྒྲོལ་བའི་དཀྱིལ་འཁོར་ཏེ། །འཇམ་དཔལ་ཁྲོས་པ་གཤིན་རྗེའི་གཤེད། །སྲིན་པོའི་གཟུགས་ཀྱིས་གདུག་པ་འདུལ། །སངས་རྒྱས་ཁྲོས་པ་ཀུན་བདག་ཉིད། །མི་ཐུང་ནག་པོ་སྤྲིན་ལྟའི་མདོག །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །རྐང་མཐིལ་སེན་མོའི་ཁྱོན་གྱིས་ཀྱང༌། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །མུན་ནག་འབུམ་གྱི་གཟི་བརྗིད་ཀྱིས། །ནམ་མཁའི་ཁམས་ཀུན་ཟིལ་གྱིས་གནོན། །ཡེ་ཤེས་མེ་འབར་ཆེན་པོ་ཡིས། །དུས་མཐའི་མེ་ཡང་རྨུགས་པར་བྱེད། །རགས་པའི་སྐུ་ཆེན་ཡན་ལག་ལས། །འཇིགས་པའི་ཤ་ཚུགས་བྲེས་ཤིང་འབུར། །གཏུམ་པོའི་དབུ་དགུ་བསྒྱུར་བ་ཡི། །སྲིན་པོའི་ཞལ་ནས་ཁྲག་ཆེན་འཛག །རྩ་ཞལ་མ་ཧེ་ཁྲོས་པའི་གདོང༌། །ལྷག་པར་ཀླུ་དང་འཆི་བདག་བསྡིགས། །ཉི་ཟླ་འབར་བའི་མ་རུངས་སྤྱན། །ཉི་ཤུ་རྩ་བདུན་དམར་པོ་བཟློག །ཕྱག་མཐིལ་དམར་པོ་སུམ་ཅུ་བཞིས། །སྡིགས་པའི་མཚོན་ཆ་སྣ་ཚོགས་འཛིན། །གཡས་བསྐུམ་གཡོན་བརྐྱང་བཅུ་དྲུག་ཞབས། །བསྒྱིངས་པས་བགེགས་དང་ལོག་འདྲེན་མནན། །མཚམས་ཀྱི་སྤྲིན་དམར་འཐིབས་པ་བཞིན། །སེར་ནག་འཚུབས་པའི་དབུ་སྐྲ་འཁྱིལ། །སྲིན་པོའི་གདོང་ཡང་སྡིགས་པ་ཡི། །ཀེང་རུས་མགོ་བོའི་ཅོད་པན་ཅན། །རྔམས་པས་མནན་པ་མ་ཧེའི་རྭ། །བརྡར་བས་རི་རབ་དབྱིངས་ནས་བསྒྱེལ། །གར་དགུའི་དབྱིངས་ལས་མ་གཡོས་ཕྱིར། །སྤྱི་གཙུག་རྡོ་རྗེ་འཛིན་པས་བརྒྱན། །དྲེགས་པས་ཁྲོས་པའི་ཁྲོ་གཉེར་སྟོང༌། །རྒྱ་མཚོ་བསྐྱོད་པ་བཞིན་དུ་གཉེར། །སྡང་མིག་རྩུབ་པའི་ལྟ་སྟངས་ཀྱིས། །གཟའ་དང་རྒྱུ་སྐར་ས་ལ་ལྟུང༌། །ཁྲོས་པའི་སྤྱན་དམར་མེ་དཔུང་བཞིན། །འཁྲུགས་པའི་ཟེར་གྱིས་ཉི་འོད་རྨུགས། །རྔམས་སྟབས་པ་ཡི་རྐན་གྱི་སྒྲ། །ཕེཾ་དང་ཧཱུྃ་སྒྲས་འབྲུག་སྟོང་འགེམས། །གཏུམ་པོའི་མཆེ་བ་གཙིགས་པ་ཡི། །གད་རྒྱངས་ཧ་ཧས་ས་གཞི་གཡོ། །གདུགས་པ་བརྔུབས་པའི་མ་ཧེའི་ཤངས། །ཕུད་སྒྲས་དུས་མཐའི་རླུང་ཡང་བཅིལ། །ཟ་བྱེད་ལྗགས་དགུ་བསྒྲིལ་བ་ཡིས། །གློག་སྟོང་འགྱུར་བ་འཐིབ་པར་བྱེད། །བརྡབས་པའི་ཕྱག་དང་སེ་གོལ་གྱིས། །རི་རྒྱལ་རྡུལ་ཕྲན་བཞིན་དུ་རློག །བསྒྱིངས་པའི་གར་གྱི་སྟང་སྟབས་ཀྱིས། །ཞབས་ཀྱིས་རྒྱ་མཚོ་གནམ་དུ་གཅོལ། །ཟད་པའི་དུས་ཀྱི་མེ་འབར་བ། །ཞལ་གྱི་དབུགས་ཀྱིས་བཏབ་པས་བཅིལ། །དུས་གཅིག་སྐུ་ཡི་ཆ་གཅིག་ལས། །དྲག་པོའི་འབྲུག་བཞིན་གནམ་ལྕགས་འཕྲོ། །བསྐལ་བའི་མེ་འབར་རྒྱ་མཚོ་སྐེམས། །འབར་བའི་རྡོ་རྗེ་འཕྲོ་ཞིང་འདུ། །རྔམས་པའི་ཁྲོ་ཚོགས་དབྱིངས་ནས་སྤྲུལ། །བཙན་དང་སྲིན་པོ་ཟེར་བཞིན་འཕྲོ། །གཤིན་རྗེ་རྔམས་པ་ཕོ་ཉར་འགྱེད། །ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །ཕྱོགས་སྐྱོང་བཅུ་པོ་མངགས་པར་སྤྲུལ། །བགེགས་དཔུང་རྡུལ་དུ་བཤིག་ནས་སྡུད། །དྲག་པོ་ཐལ་བར་བརླག་ནས་གསོ། །ཁྲག་ཞག་ཆེན་པོའི་རྒྱ་མཚོ་བརྔུབས། །ཤ་རུས་ཆེན་པོའི་རི་བོ་ཟ། །བདུད་སྡེ་མ་ལུས་ཕུར་ནས་འགམས། །ཁམས་གསུམ་མ་ལུས་རིལ་པོར་མིད། །འདས་པའི་ལྷ་ལ་སྡིགས་མཛུབ་མཛད། །སངས་རྒྱས་ཁྲོས་པའང་ཟ་བས་སྡིགས། །སྟོང་གསུམ་ཆེན་པོ་ཡུངས་འབྲུར་སྡུད། །རྡུལ་ཕྲན་གཅིག་གིས་འཇིག་རྟེན་འགེངས། །ཆུ་བོ་ཆེན་པོ་ལུགས་ལས་བཟློག །རི་རབ་ཆེན་པོ་རྒྱང་ཏུ་འཕེན། །རྒྱ་མཚོ་ཆེན་པོ་གནམ་དུ་གཅོལ། །ཞིང་ལྤག་སླང་པོའི་བསྣམ་དཀྲེས་གསོལ། །དུག་སྦྲུལ་ཚངས་སྐུད་མཆོད་ཕྱིར་ཐོགས། །མགོ་ཕྲེང་རྒྱུ་ཞགས་རུས་རྒྱན་ཅན། །ཁྲག་ཞག་ཐལ་བའི་ཐིག་རིས་ཚོམ། །འཕྲོ་འདུ་འཁྱིལ་པའི་ཁྲོ་མོས་བརྒྱན། །གཏུམ་ཆེན་ཁྲོ་བོའི་རྔམ་སྟབས་ཀྱིས། །འབར་བའི་རྡོ་རྗེ་གསོར་ནས་ནི། །རང་གི་ཡན་ལག་ཟ་བྱེད་ན། །མ་ལུས་དགྲ་བགེགས་མྱུར་དུ་ཟོ། །རྡོ་རྗེ་ཁྲོ་བོ་འཇམ་པའི་དབྱངས། །མཐོང་ན་ལག་ཆ་ལྷུང་བར་འགྱུར། །གཞན་རྣམས་སྨོས་ཀྱང་ཅི་ཞིག་དགོས། །དགྲ་བགེགས་མ་ལུས་མྱུར་དུ་བསྡིགས། །དྲེགས་པས་ཁྲོས་པ་ཁྲོ་བོའི་བཀའ། །བསྒོས་པ་གལ་ཏེ་མི་བྱེད་ན། །རྒྱལ་བའང་ཟ་བས་བསྡིགས་བྱེད་ཅིང༌། །དགྲ་བགེགས་མ་ལུས་མྱུར་དུ་ཟོ། །འཇིག་རྟེན་གཤིན་རྗེ་ཁྲོས་པས་ཀྱང༌། །ཕམ་པར་བྱེད་ན་འཇམ་པའི་དབྱངས། །ཁྲོས་པས་སྨོས་ཀྱང་ཅི་ཞིག་དགོས། །དགྲ་བགེགས་རྡུལ་ཕྲན་བཞིན་དུ་མཛོད། །རྒྱུད་སྡེ་ཀུན་གྱི་དུས་གསུམ་གྱི། །སངས་རྒྱས་མཚན་ནས་ཐོས་པ་བས། །འཇམ་དཔལ་ལན་ཅིག་ཆེས་མཆོག་ཏུ། །གསུང་གིས་བདག་ལ་བྱིན་གྱིས་རློབ། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོ་མཆོད་པར་བཞེས། །རྒྱལ་བས་བསྒོས་པའི་དམ་ཚིག་དང༌། །སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ཁུག་ཅིག་དྲོངས་ཤིག་དབང་དུ་བསྡུས། །སོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཕྱེས་ཤིག་ནོན་ཅིག་རྨུགས་པར་གྱིས། །ཕུག་ཅིག་གཏུབས་ཤིག་རྣམ་པར་རྒྱོབ། །ཐུལ་ཅིག་ཆོམས་ཤིག་རྣམ་པར་ཤིག །དཀྲུགས་ཤིག་གཡེང་ཅིག་རྣམ་པར་ཆོམས། །རྡུལ་ཕྲན་ཙམ་ཡང་མེད་པར་གྱིས། །ཞེས་བརྗོད་དོ། །གཉིས་པ་ཕྱོགས་སྐྱོང་བ་རྣམས་ཀྱི་གཏོར་མ་ནི། སྔར་ལྟར་བྱིན་གྱིས་བརླབས་ལ། ཕྱོགས་སྐྱོང་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཨིནྡྲ་ཡ་ཧྲིཿ ཡ་མཱ་ཡཥྚྲཱིཿ ཝ་རུ་ཎཱ་ཡ་ཝི། ཀུ་བེ་རཱ་ཡ་ཀྲྀ། ཨཱི་ཤྭ་རཱ་ཡ་ཏ། ཨགྣ་ཡེ་ཨཱ། ནཻར་རྀ་ཏྱཱ་ཡ་ན། ཝཱ་ཡ་ཝེ་ན། བྲཧྨ་ཎཱ་ཡ་ཧཱུྃ། པྲྀ་ཐི་ཝི་བྷྱཿཕཊ། ཧ་ཧ་ཧ། ཧི་ཧི་ཧི། ཧཱུྃ་ཧཱུྃ་ཧཱུྃ། ཕཻཾ་ཕཻཾ་ཕཻཾ། ཞེས་པ་དྲུག་ཅུ་རྩ་བཞིས་དབུལ། མཆོད་བསྟོད་བྱ། དེ་ནས་ཕྲིན་ལས་བསྐུལ་བའི་ཕྱིར། ཧཱུྃ་གཤིན་རྗེ་གཤེད་ཀྱི་རྣམ་འཕྲུལ་ལས། །འཇིག་རྟེན་སྐྱོང་བའི་ཚུལ་འཛིན་པའི། །ཕྱོགས་བཅུའི་སྲུང་མ་འཁོར་བཅས་རྣམས། །འདིར་གཤེགས་རྣལ་འབྱོར་བདག་ལ་དགོངས། །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །འཇམ་དཔལ་གཞོན་ནུའི་ཐུགས་ཀྱི་སྲས། །གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ། །རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར། །བསམ་པ་བྱང་ཆུབ་སེམས་ཀྱིས་བརླན། །རྒྱུ་ནི་ཡེ་ཤེས་རྡོ་རྗེ་འཆང༌། །གཟི་བྱིན་སྐུ་གསུང་ཐུགས་ཀྱིས་བསྐྱེད། །དོན་ནི་འགྲོ་བ་ཡོངས་ཀྱི་དོན། །ལས་ནི་སངས་རྒྱས་ཀུན་གྱི་ལས། །བཀའ་ནི་དཀོན་མཆོག་གསུམ་གྱི་བཀའ། །ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །ཞེས་པ་མན་ཆད་སྔར་ལྟར་སྦྱར་རོ། །གསུམ་པ་ལས་ཀྱི་གཤིན་རྗེའི་གཏོར་མ་ནི། བྱིན་གྱིས་བརླབ་པ་ནས་ཕྲིན་ལས་གཞོལ་བའི་བར་སྒྲུབ་ཐབས་བཞིན་བྱའོ། །གསུམ་པ་ནི། ཚོགས་ཀྱི་ཡོ་བྱད་བྱིན་གྱིས་བརླབས་པ་ནས་ལྷག་མའི་གཏོར་མ་གཏོང་བའི་བར་ཚོགས་ཀྱི་འཁོར་ལོ་ཚུལ་བཞིན་དུ་བྱས་ལ། གཏོར་མ་མཐའ་ནས་རིམ་གྱིས་ཕྱིར་བྱུང་ནས་ལྷོ་ཕྱོགས་ཀྱི་གྲོང་ཟད་པའི་སའམ་དགྲ་ཕྱོགས་སུ་གོ་མཚོན་དང་བཅས་པས་ཁྱེར་ལ། དེར་ལས་ཀྱི་གཤིན་རྗེ་ལ་གཏད་པར་བསམ་ཞིང༌། བཅོམ་ལྡན་གཤིན་རྗེའི་གཤེད་པའི་བཀའ། །ཆོས་ཀྱི་རྒྱལ་པོ་དགོངས་སུ་གསོལ། །དེ་རིང་དྲག་པོའི་ཕྲིན་ལས་ནི། །ཁྱོད་ཀྱི་ལས་སུ་འོས་པ་ཡིན། །ལྷ་དང་བཅས་པའི་འཇིག་རྟེན་ན། །ལེགས་ཉེས་ཆོས་བཞིན་སྤྱོད་པ་ཁྱོད། །གཤིན་རྗེའི་གཤེད་ཀྱི་བཀའ་འཁོར་ན། །བཀའ་ཉན་དམ་ཚིག་སྲུང་བ་ཁྱོད། །ལས་དང་རྐྱེན་གྱིས་འཆི་བ་ལ། །སྲོག་ལ་དབང་བྱེད་བདག་པོ་ཁྱོད། །དེ་ཕྱིར་ལས་འདི་ཁྱེད་ལ་གཏད། །ཁྱེད་ཀྱི་འཁོར་ནི་མི་སྲུན་ཏེ། །ཐ་མལ་སེམས་ཅན་ཉེས་མེད་ཅིང༌། །གཞན་གྱིས་བསྐུལ་བར་མ་བྱས་པར། །གློ་བུར་ཕྲད་པའང་འཛིན་བྱེད་ན། །ང་ཡིས་གཏད་པའི་ལས་འདི་རྣམས། །འཇམ་དཔལ་གཞོན་ནུའི་བཀའ་བཞིན་དུ། །དམ་ཚིག་ཕྱག་རྒྱ་མིག་ལ་བསྟན། །དམ་ཚིག་སྙིང་པོ་རྣ་བར་བསྒྲགས། །རྡོ་རྗེའི་ཐ་ཚིག་སྙིང་ལ་བཞག །དམ་རྫས་མཆོད་པ་ཕུལ་ནས་ཀྱང༌། །དམ་ཚིག་ཕྲིན་ལས་གཉེར་དུ་གཏད། །ལས་འདི་མངོན་དུ་བསྒྲུབ་པར་རིགས། །ཁྱོད་ཀྱིས་ལས་འདི་མ་བསྒྲུབས་ན། །དཀོན་མཆོག་གསུམ་གྱི་བཀའ་ཡང་བཅག །གཤིན་རྗེའི་གཤེད་པོའི་དམ་ཡང་དྲལ། །རང་གི་ཐ་ཚིག་རང་གིས་བསླུས། །དམ་ཚིག་གྲོགས་པོ་བདག་ཅག་གི །རེ་བའི་བསམ་པ་གཏིང་ནས་བཅད། །དེ་བས་ལས་འདི་བསྒྲུབ་པར་གྱིས། །ཁྱོད་ཀྱི་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཱ་དྷི་ཞེས་བྱ་བ། །ལག་ན་ལྕགས་ཀྱུ་ནག་པོ་ཐོགས། །གང་ཞིག་གཟུང་བར་འདོད་པ་དེ། །གཡུག་པ་ཙམ་གྱིས་འཛིན་པར་བྱེད། །ཁྱོད་ལ་གཉེར་དུ་གཏད་པ་ནི། །ཆེ་གེ་ཞེས་བྱའི་ཡུལ་ཁམས་ན། །ཆེ་གེ་མོ་ཞེས་བྱ་བའི་མིང༌། །རུས་ནི་ཆེ་གེ་མོ་ཞེས་བྱ། །འདི་དག་འཁོར་དང་བཅས་པ་ཀུན། །དེ་རིང་ཁྱོད་ཀྱིས་གཟུང་བར་གྱིས། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཀཱ་ལ་པཱ་ཤ་ཞེས་བྱ་བ། །ལག་ན་དུས་ཀྱི་ཞགས་པ་ཐོགས། །གང་ཞིག་བཅིང་བར་འདོད་པ་དེ། །བཏབ་པ་ཙམ་གྱིས་འཆིང་བར་བྱེད། །ལྷག་མ་སྔ་མ་བཞིན་ནོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཎྜཱི་ཞེས་བྱ་བ། །ལག་ན་བེ་ཅོན་ནག་པོ་ཐོགས། །གང་ཞིག་གསོད་པར་འདོད་པ་ཀུན། །འཕྱར་བ་ཙམ་གྱིས་འཆི་བར་བྱེད། །ལྷག་མ་སྔ་མ་བཞིན་ནོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཾཥྚྲཱྀ་ཞེས་བྱ་བ། །ཟ་བྱེད་མཆེ་བ་འབར་བ་ཅན། །གང་ཞིག་ཟ་བར་འདོད་པ་དེ། །གཙིགས་པ་ཙམ་གྱིས་ཟ་བར་བྱེད། །ལྷག་མ་སྔ་མ་བཞིན་ནོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཀཱ་ལ་རཱ་ཏྲི་ལ་སོགས་པའི། །གསོད་པ་མོ་དང་ནག་མོ་དང༌། །ནམ་གྲུ་ཤ་ཀ་ལི་ལ་སོགས། །བུད་མེད་ཚོགས་ཀྱིས་བསྐོར་བ་ནི། །ལ་ལ་ལས་ཀྱི་མེ་ལོང་དང༌། །ལ་ལ་ནད་ཀྱི་རྐྱལ་པ་དང༌། །ལ་ལ་མཚོན་གྱི་གྲུ་གུ་དང༌། །ལ་ལ་བདུད་ཀྱི་ཁྲམ་ཤིང་དང༌། །ལ་ལ་རྡེའུ་དཀར་ནག་ཅན། །ལ་ལ་ལྕགས་ཀྱི་དྲེའུ་རྟ་ཅན། །ལ་ལ་བོང་བུ་གྭ་པ་ཞོན། །ལ་ལ་རླུང་ནག་འཚུབས་མ་ཞོན། །ལ་ལ་ཆུ་བྱ་ནག་མོ་ཞོན། །ལ་ལ་ནམ་གྱི་གུང་ལ་རྒྱུ། །ལ་ལ་ཆུ་བོའི་གཞུང་ལ་རྒྱུ། །ལ་ལ་ཉི་མའི་ཟེར་ལ་རྒྱུ། །ཀུན་ཀྱང་གཞན་སྲོག་ཕྲོག་པར་བྱེད། །ཁྱོད་ལ་གཉེར་དུ་གཏད་པ་ནི། །ལྷག་མ་སྔ་མ་བཞིན་ནོ། །གཞན་ཡང་ནང་གི་དཀྱིལ་འཁོར་ན། །ཡ་བ་ཏི་དང་ཕྱ་སངས་དང༌། །རྨིག་པ་རལ་པ་ཚར་དགུ་སོགས། །ལ་ལ་རྒྱལ་པོའི་ཚུལ་དུ་གནས། །ལ་ལ་བློན་པོའི་ཚུལ་དུ་གནས། །ལ་ལ་དག་ནི་སྡེ་དཔོན་ཚུལ། །ལ་ལ་ཕོ་ཉའི་ཚུལ་དུ་གནས། །ལ་ལ་བེ་ཅོན་འཁོར་ལོ་དང༌། །གསལ་ཤིང་མདུང་རྣོན་མཚོན་ཆ་ཐོགས། །སོ་སོའི་སྡེ་དཔོན་མངགས་པ་དང༌། །ཕོ་ཉ་ཕྱག་བརྙན་བཅས་པ་ལ། །ཕྲིན་ལས་མྱུར་དུ་གཏད་པ་ནི། །ཆེ་གེ་ཞེས་བྱའི་ཡུལ་ཁམས་ན། །ཆེ་གེ་མོ་ཞེས་བྱ་བའི་མིང༌། །རུས་ནི་ཆེ་གེ་མོ་ཞེས་བྱ། །འདི་དག་འཁོར་དང་བཅས་པ་ཀུན། །ཁྱེད་ཀྱིས་དེ་རིང་གཟུང་བར་བགྱིས། །ཞེས་བསྐུལ། དམར་གྱི་ཨརྒྷཾ་ལན་གསུམ་དུ་བསྒྲེང་ཞིང་ཨརྒྷཾ་གྱི་སྔགས་བརྗོད་དེ། དེ་ནས་མནའ་ཆུ་བླུད་པར་བྱ་སྟེ། དྲི་ཆབ་ཀྱི་ནང་དུ་བདུད་རྩི་ལྔ་བླུགས་ལ། ནང་དུ་རྡོ་རྗེ་བཅུག་སྟེ། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ་ཋ། ཞེས་ཅི་རིགས་པ་བརྗོད་ལ། དེ་ནས་གཤིན་རྗེའི་གཤེད་ཀྱི་ཁར་བླུགས་པར་བསམས་ལ། སྟེང་ནས་དྲི་ཆབ་བླུགས་ཏེ། རྒྱལ་པོ་འཁོར་བཅས་ཀྱི་སྙིང་གར་ཡེ་ཤེས་ཀྱི་རྡོ་རྗེ་མེ་འབར་བ་རེ་རེར་གྱུར་པར་བསམ་ཞིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིས་ཆུ་འདིས་འགྲུབ། །གལ་ཏེ་དམ་ཚིག་འདས་གྱུར་ན། །འཇམ་དཔལ་རྡོ་རྗེ་ཁྲོས་ནས་ཀྱང༌། །སྙིང་ག་ནས་ནི་གཤེགས་པར་འགྱུར། །ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ་ཋ། སྔོན་གྱི་ཐ་ཚིག་དྲན་པའི་ཕྱིར། །རྡོ་རྗེའི་ཐ་ཚིག་འདི་བསྣན་པས། །མི་ཕྱེད་རྡོ་རྗེའི་ཐ་ཚིག་འདི། །ཁྱོད་ཀྱི་སྙིང་ལ་གནས་པར་འགྱུར། །ཨོཾ་བཛྲ་ས་མ་ཡ་ཏིཥྛ་ཞེས་བརྗོད་དོ། །རྡོ་རྗེ་གཤིན་རྗེའི་སྙིང་གར་བཞག་པར་བསྒོམ། དེ་ནས་གཏོར་མ་བཏང་ལ། ཁྲོ་བོའི་ཚམ་རྔམས་དང་བཅས་པས་སྟངས་སྟབས་བྱ་ཞིང་རང་གི་གནས་སུ་ལྡོག གཏོར་མ་བསྐྱེལ་མི་རྣམས་ལ། ཧྲཱིཿཥྚྲཱིཿབཟླས་ཏེ་བསྲུང་བ་བྱ། བཀྲ་ཤིས་བརྗོད། ནོངས་པ་བཟོད་པར་གསོལ་ལ་གཤེགས་སུ་གསོལ། དགེ་བ་བསྔོ། ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །གཏོར་མ་འདི་ནི་དཀྱིལ་འཁོར་སྒྲུབ་མཆོད་དང༌། དབང་བསྐུར་བའི་དུས་སུ་ཕྱི་རོལ་པའི་གཏོར་མ་ཡིན་ཞིང༌། སྒྲུབ་པའི་དུས་སུ་བྱང་གི་གཏོར་མའི་བསད་ལས་ཡིན་ལ། རྒྱུན་དུ་བར་ཆད་བསྲུང་བ་དང༌། བྱད་བཟློག་གི་མཆོག་ཡིན་ཞིང༌། ཡི་གེ་བཅུ་པའི་ལས་ཁ་ཚར་བ་ཡིན་ཞེས་གསུང་ངོ༌། །ཚོགས་སྤེལ་གེགས་སེལ་ཕྲིན་ལས་ཀུན་འགྲུབ་པའི། །གཏོར་མའི་ཆོ་ག་ཕྲིན་ལས་ཆར་འབེབས་འདི། །རྒྱུད་འགྲེལ་རྒྱ་གཞུང་རྣམས་དང་མི་འགལ་ཞིང༌། །རྭ་བའི་བླ་མ་རྣམས་ཀྱི་བཞེད་པ་བཞིན། །ལག་ལེན་ཤིན་ཏུ་གསལ་བར་བྲིས་ཤིག་ཅེས། །འགྲོ་ཀུན་དགའ་བྱེད་དགེ་ལེགས་དཔལ་ཡོན་ཅན། །བཤེས་གཉེན་དམ་པའི་བཀའ་ཡིས་བསྐུལ་བའི་ངོར། །རྒྱུད་སྡེ་འཛིན་པ་ཀུན་དགའ་བཟང་པོས་སྦྱར། །དེ་ཡི་དགེ་བ་ཡིད་བཞིན་ནོར་བུ་དེ། །རིམ་གཉིས་མཐར་སོན་དེད་དཔོན་གྱིས་བླངས་ཏེ། །དད་དང་འདུན་པའི་རྒྱལ་མཚན་རྩེར་བཞག་ནས། །ཕྲིན་ལས་རྣམ་བཞིའི་གཟི་འོད་འབར་བར་ཤོག །ཅེས་པ་འདིའང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་རྗེ་རྟོགས་མེད་ཞབས་ཀྱི་བཀའ་དྲིན་གྱིས་བསྐྱངས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དམར་ནག་འཇིགས་གསུམ་གྱི་རྒྱུད་འགྲེལ་རྒྱ་གཞུང་སོགས་བོད་དུ་འགྱུར་བ་ཕལ་ཆེར་བལྟས་ཤིང༌། ཁྱད་པར་དུ་སྐུལ་བ་པོའི་བཞེད་པ་བཞིན། སློབ་དཔོན་མི་བསྐྱོད་རྡོ་རྗེས་འཁོར་ལོའི་དོན་རྒྱས་པར་བཤད་པ་དང་རྭ་རྡོ་རྗེ་གྲགས་དང་ལྡོང་སྟོན་ཤེས་རབ་དཔལ་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་རྣམས་ཀྱི་ཡི་གེ་ལ་གཞི་བྱས་ཏེ་མཐུ་སྟོབས་ཀྱི་དབང་ཕྱུག་རྭ་པའི་བླ་མ་རྣམས་ཀྱི་ཕྱག་ལེན་མ་ནོར་བར་མི་ཟད་ཀྱི་ལོ་ཐ་སྐར་ཟླ་བའི་ཚེས་བརྒྱད་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བ་རྫོགས་སོ།།  །།མངྒ་ལཾ།། ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་བཞུགས་སོ།།  ༈ །དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་མན་ངག་ཉམས་སུ་ལེན་པར་འདོད་ན་དོན་གཉིས་ཏེ། བསྐྱེད་པའི་རིམ་པ་ལ་བསླབ་པ་དང༌། རྫོགས་པའི་རིམ་པ་ལ་བསླབ་པའོ། །དང་པོ་ནི། དབང་བསྐུར་བ་ཐོབ་པའི་རྣལ་འབྱོར་པས། ལྷ་བཞི་བཅུ་ཞེ་དགུའམ། གཙོ་བོ་རྐྱང་པའི་མངོན་པར་རྟོགས་པ་བསྒོམས་ལ། ལྷའི་རྣམ་པ་རྫོགས་པ་བློ་ལ་མ་ཤར་གྱི་བར་དུ་སེམས་བཟུང༌། གཉིས་པ་ལ་གསུམ། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་སྒྲུབ་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། སྐུ་རྡོ་རྗེ་མ་གྲུབ་པ་གྲུབ་པར་བྱེད་པ་རྭ་བ་སེམས་འཛིན་པའི་མན་ངག གྲུབ་ནས་བརྟན་པར་བྱེད་པ་མཚན་མོ་རྒྱུ་བའི་རྣལ་འབྱོར་རོ། །དང་པོ་ནི། རྟོག་བདུན་གྱི་ཊཱི་ཀ་སྐྱོ་བན་ཨཀྵོ་བྷྱས་མཛད་པར། རང་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་དང་ལྡན་པས། ལྟེ་བར་མ་ཧེའི་ཐོད་པ་ཉིས་བརྩེགས་བསྒོམས་ལ། དེའི་ཐོད་པ་སྟེང་མའི་རྭ་རྩེ་གཡས་གཡོན་གང་རུང་ཞིག་ཏུ་ཐིག་ལེ་ནཱ་ད་དང་བཅས་པ་གཅིག་དམིགས་ལ་དེ་ལ་སེམས་གཏད་དོ། །ཡང་རང་མ་ཧེའི་ཞལ་གྱི་གདོང་གི་སྟེང་དུ། ཡང་མ་ཧེའི་ཐོད་པ་གཅིག་དམིགས་ལ་དེའི་རྭ་རྩེ་གང་རུང་ཞིག་ལ་ཐིག་ལེ་ནཱ་ད་དང་བཅས་པ་གཅིག་དམིགས་ལ་བསྒོམ་མོ། །དམིགས་པ་བརྟན་ན་དེ་གཉིས་འདྲེས་ཏེ་རེ་རེ་ལ་ཐིག་ལེ་རེ་རེ་དམིགས་པར་ནུས་ན་ལྷག་པར་བཟང་ངོ༌། །ཞེས་བཤད་ལ། སློབ་དཔོན་འཇམ་དཔལ་ཡེ་ཤེས་ཀྱིས་རྫོགས་པའི་རིམ་པ་བདག་བྱིན་གྱིས་བརླབ་པ་བསྒོམ་པ་ནི། བདག་ཉིད་ཀྱི་ཞལ་རྣམས་མ་ཧེའི་ཞལ་ལ་བསྡུ། ཕྱག་རྣམས་རྩ་ཕྱག་གཉིས་ལ་བསྡུ། གདན་ཆོས་འབྱུང་དཀར་པོ་བསམ། སྙིང་གར་པདྨ་དཀར་པོ་འདབ་མ་བརྒྱད་ཀྱི་སྟེང་དུ། འཇམ་པའི་དབྱངས་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི། གཡོན་ཨུཏྤ་ལའི་སྟེང་ན་པོསྟི་བསྣམས་པར་བསམས་ལ་རྭའི་སྟེང་དུ་ཡང་རྭ་གཅིག་བསམས་ཏེ། ཧཾ་གི་རང་བཞིན་ནཱ་ད་དཀར་པོས་སྟེང་གི་རྭ་གཉིས་རྒྱུས་པའོ། །དེ་ནས་འོད་ཟེར་པད་སྣལ་འདྲ་བ་དཀར་པོ་འཕྲོས་པས་སེམས་ཅན་གྱི་རྒྱུད་སྦྱངས། སངས་རྒྱས་ཀྱི་ཐུགས་ཀ་ནས་བདུད་རྩིའི་རྒྱུན་བསིལ་བ་བ་ཐག་འདྲ་བ་བབས་ཏེ། སྤྱི་གཙུག་གི་བུ་ག་ནས་བབས་པས་ལུས་བདེ་བས་གང་བར་བསམ་ཞིང༌། གསང་བའི་རྡོ་རྗེ་ལས་བདེ་བའི་འོད་ཟེར་དཀར་པོ་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་བདེ་བའི་རང་བཞིན་དུ་བསམ་མོ། །ཞེས་བཤད་དོ། །ལུགས་འདི་གཉིས་དོན་འདྲ་ན་ཡང་དམིགས་པ་ཕྱི་མ་ཤིན་ཏུ་ཟབ་པར་སྣང་ངོ༌། །གཉིས་པ་ནི། དེ་ལྟར་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས། དེ་བརྟན་པའི་དོན་དུ་མཚན་མོ་རྒྱུ་བའི་རྣལ་འབྱོར་ཉམས་སུ་བླངས་ཏེ། དེའི་ཚུལ་ཡང༌། སྐྱོ་བན་གྱིས། མཚན་མོ་རྒྱུ་བ་ནི། དགོན་པའམ། ཁང་པ་ཡངས་པ་ལ་སོགས་པར་རྡོ་རྗེ་འཇིགས་བྱེད་མ་ཧེའི་ཞལ་གྱི་རྣལ་འབྱོར་དང་ལྡན་པས། ང་མ་ཡིན་པ་ཁམས་གསུམ་ན་སུ་ཡང་མེད་སྙམ་པའི་ང་རྒྱལ་གྱིས། རང་མ་ཧེའི་ཞལ་གྱི་རྭའམ། སྣ་རྩེ་ལ་སེམས་གཏད་དེ། ཁྱིམ་སྒོའམ་ཕུག་ལ་སོགས་པར་ཀ་བའམ་རྩིག་པ་ལ་སོགས་པ་མེད་པར་གོམ་པ་བཅུའམ། ཉི་ཤུ་ལ་སོགས་པར་རྒྱུ་བ་ལ་བསླབ། དེ་ལ་གོམས་ཏེ་རྭ་བའམ། རྩིག་པ་ལ་ཐོག་པ་མེད་པར་རྒྱུ་བ་གྲུབ་པ་ཡིན་ནོ། །དེས་ནི། ཞི་རྒྱས་ལ་སོགས་པའི་ལས་གང་སྒྲུབ་ཀྱང་འགྲུབ་པ་ཉིད་དོ། །དེ་ལྟ་བུའི་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་དང་ལྡན་པས་སུ་ལ་ཡང་ཕྱག་བྱར་མི་རུང་ངོ༌། །ཞེས་འབྱུང་བ་ལྟར་ཉམས་སུ་བླང་ངོ༌། །གཉིས་པ་ལ་གཉིས། གསུང་རྡོ་རྗེ་མ་གྲུབ་པ་གྲུབ་པར་བྱེད་པ་རྡོ་རྗེའི་བཟླས་པ། གྲུབ་ནས་བརྟན་པར་བྱེད་པ་ནང་གི་སྦྱོར་བའོ། །དང་པོ་ལ་གཉིས། རྡོར་བཟླས་ཀྱི་གཞི་བསྒོམ་པ་དང༌། དེ་ལ་བརྟེན་པའི་རྡོར་བཟླས་དངོས་སོ། །དང་པོ་ནི། སློབ་དཔོན་རྡོ་རྗེ་བཞད་པས། སྙིང་གར་པདྨ་ཉི་མ་བཞག །དེ་ཡི་དབུས་སུ་ཡི་གེ་ཧཱུྃ། །རབ་ཏུ་འབར་བ་བསྒོམ་པར་བྱ། །བླ་མའི་མན་ངག་རིམ་པ་ཡིས། །རིན་ཆེན་ཁ་དོག་སྣ་ལྔ་པས། །ཡུངས་ཀར་གྱིས་ནི་འབྲུ་ཚད་ཙམ། །མི་གསལ་གསལ་བའི་ངོ་བོ་རྟག །དེ་ཡིས་རྫོགས་པར་ཐོབ་པར་འགྱུར། །ཞེས་པ་ལྟར་བསྒོམ་མོ། །གཉིས་པ་ནི། སྐྱོ་བན་གྱིས། དེའང་རླུང་འབྱུང་བ་ནི་སྡུག་བསྔལ་གྱི་དུས་འཇུག་པ་ནི་བདེ་བའི་དུས་གནས་པ་ནི་བཏང་སྙོམས་ཀྱི་དུས་ཡིན་ཞེས་བཤད་པ་ལྟར། སྔར་གྱི་སྙིང་གའི་ཐིག་ལེ་དེ་ལས་རླུང་འབྱུང་འཇུག་གནས་གསུམ་བྱེད་པར་བསྒོམས་ལ། ནང་དུ་འཇུག་པ་ཨོཾ་དང༌། གནས་པ་ཨཱཿདང༌། ཕྱིར་འགྲོ་བ་ཧཱུྃ་གི་གདངས་སུ་ཤེས་པར་བྱས་ལ་རྩེ་གཅིག་ཏུ་བསྒོམ་མོ། །གཉིས་པ་ནི། སློབ་དཔོན་ཨ་མོ་གྷ་བཛྲས། དེ་ནས་གཞན་ཡང་ནང་གི་སྦྱོར་བ་ཅུང་ཟད་སྦྱོར་བས་བྱའོ། །དེ་ནས་ལུས་ཀྱི་སྨད་ནི་དོན་ཡོན།ད་གྲུབ་པའི་བདག་ཉིད་དུ་ལྟ་བར་བྱའོ། །དེའི་སྟེང་དུ་གྲུ་གསུམ་གྱི་གནས་ནས་སྣང་བ་མཐའ་ཡས་ཀྱི་བདག་ཉིད་དུ་ལྟ་བར་བྱའོ། །དེ་སྟེང་ལྟེ་བ་ནི་མི་བསྐྱོད་པའི་བདག་ཉིད་དུ་ལྟའོ། །དེ་སྟེང་གཉིས་ནི་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་དུ་ལྟའོ། །སྨིན་མཚམས་ནི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དུ་ལྟའོ། །དེའི་སྟེང་དུ་པདྨའི་འདབ་མ་སུམ་ཅུ་རྩ་གཉིས། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་མི་འཆི་བ་ཁ་ཕུབ་ལས་རྟག་ཏུ་བདུད་རྩི་འབབ་པར་ལྟེ་བའི་དཀྱིལ་འཁོར་ལ་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པ། དེའི་དབུས་ན་ཉི་མའི་དཀྱིལ་འཁོར། དེའི་དཀྱིལ་དུ་དང་པོའི་ཡི་གེ་ལྟ་བར་བྱ་སྟེ། རྟག་ཏུ་ཡེ་ཤེས་ཀྱི་མེ་རྒྱན་དུ་འབར་བའོ། །དེའི་སྟེང་དུ་སྙིང་གར་པདྨ་འདབ་མ་བརྒྱད་པ་དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལས་ས་བོན་དགུས་ཡོངས་སུ་གང་བ། དབུས་ཀྱི་ཧཱུྃ་གི་དཀྱིལ་ན་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཡི་གེ་མུཾ་ཡོངས་སུ་གྱུར་པ་ལས་འཇམ་པའི་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བསམ་པར་བྱའོ། །དེའི་སྟེང་དུ་མགུལ་པར་པདྨ་འདབ་མ་བཅུ་དྲུག་པ། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ། དེའི་དབུས་སུ་ཡི་གེ་ཨཱཿདམར་པོ། དེའི་འདབ་མ་ལ་གཟུགས་ཀྱི་རྡོ་རྗེ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་ས་བོན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་ལོངས་སྤྱོད་ཉམས་སུ་མྱོང་བའི་བདག་ཉིད་བསམ་མོ། །ཞེས་བཤད་པ་ལྟར་རྣལ་འབྱོར་འདི་བསྒོམ་པའི་ཚེ། རླུང་བུམ་པ་ཅན་དུ་བྱ་དགོས་ཏེ། སྐྱོ་བན་གྱིས། རླུང་བཀག་པའི་སྟོབས་ཀྱིས་བྱང་སེམས་འགགས་ཏེ་ལུས་བྱང་སེམས་ཀྱིས་གང་བའོ། །དེའང་རིལ་པ་ཞབས་ཚགས་ཅན། ཆུས་གང་བའི་བུ་ག་མཐེ་བོས་བཀག་ན་ཆུ་མི་འབྱུང་ལྟར། འདིར་ཡང་བྱང་སེམས་དང་རྣམ་ཤེས་ཀྱི་རྟ་རླུང་ཡིན་པས་དེ་དགག་པ་ལ་བསླབ་པར་བྱའོ། །ཞེས་བཤད་པའི་ཕྱིར་རོ། །གསུམ་པ་ལ་གཉིས། ཐུགས་རྡོ་རྗེ་མ་གྲུབ་པ་གྲུབ་པར་བྱ་བ་མཚན་མ་གྱེན་བསྒྲེང་གི་རྣལ་འབྱོར་དང༌། གྲུབ་ནས་བརྟན་པར་བྱེད་པ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །དང་པོ་ནི། སྐྱོ་བན་གྱིས། བྱང་སེམས་ཕྱིར་མ་ཤོར་བ་ལུས་གང་བ་ལ་བསླབ་པར་བྱའོ། །རླུང་ཕྱིར་ཤོར་ན་བྱང་སེམས་དང་ཤེས་པ་གཉིས་ཆར་འཆོར་བ་ལ། རླུང་ཕྱིར་མ་ཤོར་ན་ནི་རླུང་དང་བྱང་སེམས་ཤེས་པ་གསུམ་གཅིག་ཏུ་འདྲེས་པ་ཉིད་དོ། །དེ་ལྟར་མཚན་མ་གྱེན་དུ་འགྲེང་ཞིང་ལུས་བྱང་སེམས་ཀྱིས་གང་བའི་དུས་སུ། ཕྱག་རྒྱ་དང་སྙོམས་པར་འཇུག་པ་ལས། རྡོ་རྗེ་ནོར་བུ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཉིས་སྤྲད་པ་ན། རང་དང་ཕྱག་རྒྱ་གཉིས་ཀ་འཇའ་ཚོན་ལྟར་དྭངས་ཤིང་ཐོགས་པ་མེད་པར་འགྱུར་ཏེ། ལུས་དེ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་མཁའ་སྤྱོད་དུ་འགྲོ་བར་འགྱུར་རོ། །ཡང་ན་ཕྱག་རྒྱ་མི་བསྟེན་པར་ལུས་བྱང་སེམས་ཀྱིས་དགང་སྟེ། རང་ལུས་འཇའ་ཚོན་ལྟར་དྭངས་ཤིང་ཐོགས་པ་མེད་པར་མཁའ་ལ་སྤྱད་པར་འགྲོ་བར་འགྱུར་རོ། །ཞེས་བཤད་དོ། །དེའི་དོན་ཡང་རང་ལུས་ཐབས་ལྡན་དང༌། གཞན་ལུས་ཤེས་རབ་ཀྱི་མན་ངག་གཉིས་ལས། དང་པོ་ནི་བྱང་སེམས་ཕྱིར་མ་ཤོར་བར་ནང་དུ་གནས་པ་ལ་བཤད་པས་སྔར་གྱི་ནང་གི་སྦྱོར་བས་བྱང་སེམས་རྒྱས་པར་བྱེད་ཅིང་དེའི་བུམ་པ་ཅན་གྱིས་ཕྱིར་མ་ཤོར་བར་བྱེད་པས་སྔར་གྱི་སྦྱོར་བ་ཉིད་ལ་ནན་དུ་བྱེད་པ་ཡིན་ལ། གཉིས་པ་ནི། རླུང་དང་ཐིག་ལེ་ལ་དབང་ཐོབ་ནས། ཕྱི་རོལ་གྱི་ལས་རྒྱ་བསྟན་པའི་མན་ངག་ཉམས་སུ་ལེན་པ་སྟེ། དེའི་ཚུལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་འགྲེལ་རྣམས་ན་རྒྱས་པར་མི་སྣང་བས། དོན་དུ་གཉེར་ན་ཡེ་ཤེས་ཞབས་ལུགས་ཀྱི་མན་ངག་ཏུ་ཤེས་པར་བྱའོ། །གཉིས་པ་ནི། གདོང་དྲུག་གི་རྒྱུད་ལས། བརྟན་གཡོའི་དངོས་པོ་ཐམས་ཅད་ནི། །བསྒོམ་པར་བྱ་བའི་དུས་ཉིད་ན། །བློས་ནི་ཡོངས་སུ་མི་བསྒོམས་ཏེ། །ཀུན་གྱི་མཚན་ཉིད་མི་ཤེས་ཏེ། །དེ་ཁོ་ན་ཉིད་བསྒོམ་མིན་ཏེ། །དངོས་པོ་ཐམས་ཅད་ཡོངས་ཤེས་ན། །དེ་ནི་བསྒོམ་པར་ཡོངས་སུ་གྲགས། །ཞེས་གསུངས་པའི་དོན། སྔར་གྱི་རང་ལུས་ཐབས་ལྡན་བསྒོམས་པའི་སྟོབས་ཀྱིས་རང་གི་སེམས་བདེ་བ་ཆེན་པོར་ཤར་བ་དེ་དང༌། བརྟན་གཡོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྲོས་བྲལ་དུ་ཤེས་པར་བྱས་ལ་མཉམ་པར་གཞག་གོ །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་བླ་མ་སྐྱོ་ལོཙྪ་བ་ཡབ་སྲས་ཀྱི་མན་ངག་ཐོར་བུ་གནས་པ་རྣམས་ལམ་གྱི་རིམ་པས་ཕྱོགས་གཅིག་ཏུ་བསྒྲིགས་པ་འདི་ནི་དཔལ་ལྡན་བླ་མ་དམ་པ་ཀུན་དགའ་བཟང་པོའི་གསུང་བཞིན་ཤཱཀྱ་རྒྱལ་མཚན་གྱིས་བརྗེད་བྱང་དུ་བྲིས་པའོ།།  །། ༄༅། །གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་མངོན་པར་རྟོགས་པ་བཞུགས་སོ།།  ༈ །ཨོཾ་སྭ་སྟི་སིདྡྷཾ། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་སྒྲུབ་པའི་ཐབས་བདུད་རྩིའི་བུམ་པ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །སྐུ་བཞིའི་བདག་ཉིད་བླ་མ་དང༌། །གཤིན་རྗེའི་དགྲ་ལ་གུས་བཏུད་ནས། །དེ་ཡི་དཀྱིལ་འཁོར་སྒྲུབ་པའི་ཐབས། །བདུད་རྩིའི་བུམ་པ་བདག་གིས་བཤད། །དཀྱིལ་འཁོར་འདིར་དབང་བསྐུར་བ་ཐོབ་ལ་མ་ཉམས་པའི་སྔགས་པས། མདང་ནུབ་མོ་སྟོང་ཉིད་ཀྱི་ངང་ལ་ཉལ་ནས། ནངས་པར་ཐོ་རངས་སྐད་ཅིག་གིས་གཤིན་རྗེའི་གཤེད་ཀྱི་སྐུར་ལངས་ལ། རྣལ་འབྱོར་གྱི་གྲོགས་སུ་འགྲོ་ན་དབང་གི་སྐབས་ལྟར་ཁྲུས་བྱས་ནས། སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔོན་དུ་སོང་ནས། རང་སྐད་ཅིག་གིས་གཤིན་རྗེའི་གཤེད་དུ་གྱུར་པའི་སྙིང་གར་ཨྃ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་དམར་པོ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པ། དེའི་ནང་དུ་ཉི་མ་ལ་གནས་པའི་ཧཱུྃ་དམར་པོ། དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་གཉིས་སུ་མེད་པའི་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམས་ལ། བཛྲ་ས་མཱ་ཛཿཞེས་བརྗོད་ནས། ན་མོ་གུ་རུ་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་ཡ་མཱ་རི་མཎྜལ་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་སོགས་ཀྱི་རྗེས་ལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཐོག་མཐའ་རྣམས་ཀུན་ལ་སྦྱར་ལ། པཱ་དྱཾ། པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ། ནཻ་ཝི་དྱཾ། ཤཔྟཾ། ཞེས་པ་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །ཞེས་སོགས་ཀྱིས་ཡན་ལག་བདུན་པ་བྱས་ལ། བཛྲ་མུཿ«་་་་་འདིར་ལུས་དང་ངག་དང་ཡིད་ཀྱི་སྡིག ཅེས་སོགས་རྒྱུད་ལེའུ་བཅུ་དགུ་པ་ནས་གསུངས་པས་ཁ་བསྐང་མོད་ཀྱི། རྒྱུད་དེ་ནས་ཐོད་པའི་ས་བོན་ཨ་གསུངས་པ། བི་རཱུ་པས་ཧཱུྃ་དུ་བཤད་པ་སོགས་འགལ་བ་དུ་མ་སྣང་བས། བི་རཱུ་པས་རྒྱུད་འདི་ལ་བརྟེན་ནས་སྒྲུབ་ཐབས་འདི་མཛད་པ་མིན་ཏེ། བི་རཱུ་པའི་འཁྲུལ་འཁོར་གྱི་ཕྲེང་བར་རྒྱུད་འབུམ་ཕྲག་གསུམ་པ་ལས་ཕྱུང་བ་ཞེས་གསུངས་པས་རྒྱུད་རྒྱས་པ་ལ་བརྟེན་ནས་མཛད་པའོ།» །ཚོགས་ཀྱི་ཞིང་གཤེགས་སུ་གསོལ་ནས། ཚད་མེད་པ་བཞི་བསྒོམས་ཏེ། བསོད་ནམས་ཀྱི་ཚོགས་སོ། །དེ་ནས་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཟུང་བའི་ཡུལ་དང་བྲལ་བ་རང་གི་སེམས་ཀྱི་ངོ་བོར་གྱུར་པར་བསམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོཉཧཾ། ཞེས་བརྗོད་དེ། དེ་ལྟར་གཟུང་ཡུལ་མ་གྲུབ་པས་འཛིན་པ་མི་གྲུབ་པའི་ཕྱིར། གཟུང་འཛིན་གྱི་རྟོག་པ་དང་བྲལ་བ་རང་རིག་པ་ལྷའི་སྐུར་གྱུར་པར་བསམས་ལ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད། ཡང་རང་ཉིད་ལྷའི་སྐུ་གདན་དང་བཅས་པ་དབྱུག་པ་ལ་ཐིམ། དེ་ཧཱུྃ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ་ཐིམ་ནས། དེ་ཡང་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ་གྱུར་པར་བསམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། སྔོན་འགྲོ་ཚོགས་གཉིས་བསགས་པའོ། །དེ་ནས་སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ། དེའི་སྟེང་དུ་སུྃ་ལས་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་རི་རབ་གྲུ་བཞི་པ། ལྕོག་བརྒྱད་དང་ལྡན་པའི་སྟེང་དུ། པྃ་ལས་པདྨ་དང༌། ཨྃ་ལས་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། འཁོར་ཡུག་ཏུ་རྡོ་རྗེའི་རྭ་བ། སྟེང་དུ་རྡོ་རྗེའི་གུར། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་འཁོར་གྱི་དབུས་སུ།«་་་་་སྲུང་འཁོར་འདི་རྣལ་འབྱོར་དབང་ཕྱུག་གི་གཞུང་ཆེ་ཆུང་གཉིས་ན་མི་གསལ་ཞིང༌། ཆག་ལོས་ཀྱང་མ་མཛད་པས་མེད་ཀྱང་ཆོག་ལ། བྱེད་ན། དཔྱལ་ལོ་དང་འཕགས་པ་རིན་པོ་ཆེས་སྐབས་འདིར་བཤད་པས་ཤིན་ཏུ་ལེགས་པས་དེའི་ལུགས་སུ་བྱས་པའོ།» །བྷྲཱུྃ་ལས་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞིས་མཛེས་པར་བྱས་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། ཕ་གུ་དང༌། དྲྭ་བ་དང༌། དྲྭ་བ་ཕྱེད་པ་དང༌། མདའ་ཡབ་དང་པུ་ཤུས་བརྒྱན་ཅིང༌། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་ནོར་བུའི་ཏོག་གི་སྤྲས་པ། ནང་ཀ་བ་བརྒྱད་དང་ལྡན་ཞིང༌། ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་ལྷ་མོས་བསྐོར་བ། ནང་གི་ལྷ་སྣམ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང༌། ཕྱོགས་བཞིར་ཨྃ་ལས་ཉི་མའི་དཀྱིལ་འཁོར་རེ་རེ་བསམས་ཏེ། རྟེན་བསྐྱེད་པའོ། །དེ་ནས་གདན་དབུས་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས། ཧཱུྃ་ལས་དབྱུག་པ་སྔར་བཞིན་བསྐྱེད། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས། གཤིན་རྗེའི་གཤེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཧཱུྃ་ལ་ཐིམ། དབྱུག་པ་ཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་ལྷ་ལྔའི་དཀྱིལ་འཁོར་དུ་གྱུར་པ་ནི། དབུས་སུ་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེའི་གཤེད་སྐུ་མདོག་དམར་པོ། ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། ཤར་གྱི་འདབ་མ་ལ་གཏི་མུག་གཤིན་རྗེའི་གཤེད་དཀར་པོ་ཙརྩི་ཀཱ་ནག་མོས་འཁྱུད་པ། ལྷོར་སེར་སྣ་གཤིན་རྗེའི་གཤེད་སེར་པོ་ཕག་མོ་སེར་མོ་ཕག་ཞལ་ཅན་ནས་འཁྱུད་པ། ནུབ་ཏུ་འདོད་ཆགས་གཤིན་རྗེའི་གཤེད་དམར་པོ་དབྱངས་ཅན་མ་དཀར་མོས་འཁྱུད་པ། བྱང་དུ་ཕྲག་དོག་གཤིན་རྗེའི་གཤེད་ལྗང་གུ་གཽ་རཱི་ལྗང་སྔོན་མས་འཁྱུད་པ་སྟེ། དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། གཡས་ན་འཇིག་རྟེན་གསུམ་འདུལ་བའི་དབྱུག་པ་དཀར་པོ་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཡོན་ན་བདུད་མཐའ་དག་གི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། ཁྲོ་གཉེར་དང་གསུས་ཁྱིམ་དང་བརླ་དང་བྲང་ཞིང་རྣམས་ཆེ་ཞིང་སྦོམ་ལ་རྒྱས་པ། སྐུ་དང་ཡན་ལག་དང་ཉིང་ལག་ཐུང་ཞིང་རགས་པ། དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་འབར་བ། ཀླུ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། འཛག་པའི་མགོ་བོ་བརྒྱ་ཕྱེད་ཀྱི་དོ་ཤལ་དང་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང༌། གར་གྱི་ཉམས་དགུ་དང་ལྡན་པས། གཤིན་རྗེའི་ཚོགས་སྐྲག་པར་བྱེད་པ། མ་ཧེ་དམར་པོའི་སྟེང་ན་གཡོན་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེ་དག་གི་པང་ན་གནས་པའི་ཡུམ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། སྐྲ་གྲོལ་བ་ཕྱག་རྒྱ་ལྔས་བརྒྱན་པ། གཡས་པས་རྡོ་རྗེ་གྲི་གུག་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པས་ཐོད་པ་ཁྲག་གིས་གང་བའི་འཛིན་པས་ཡབ་ལ་འཁྱུད་པ། མགོ་བོ་སྐམ་པོ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་གཡས་བརྐྱང་གི་སྟབས་ཀྱིས་འཁྱུད་པའོ།«་་་་༌།འཁོར་འདི་རྣམས་མངལ་འབྱིན་དུ་འདོད་མོད། བི་རཱུ་པའི་དགོངས་པ་མིན་ཏེ། རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པ་དང༌། རྒྱུད་དེའི་རྗེས་འབྲང་བློ་གྲོས་བཟང་པོའི་སྒྲུབ་ཐབས་ནས་བཤད་ཀྱང༌། དེ་དག་ལ་རྒྱུ་དང་འབྲས་བུའི་རྡོ་རྗེ་འཛིན་པ་དང༌། ཞུ་བ་གླུས་བསྐུལ་བ་སོགས་བཤད་པས་དེ་དག་དགོས་པར་འགྱུར་ལ། རྒྱུད་དང་སློབ་དཔོན་དེས་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱས་ནས། དབང་བསྐུར་བར་གསུངས་པ་དང་བི་རཱུ་པས་དབང་བསྐུར་བའི་ཕྱི་ལ་བཤད་པས་འགལ་ལོ།» །ཤར་ལྷོར་མུ་མེན་གྱི་བུམ་པ་བཞི་མཉམ་གྱིས་གང་བ། ལྷོ་ནུབ་ཏུ་གསེར་གྱི་བུམ་པ་གླ་རྩིས་གང་བ། ནུབ་བྱང་དུ་བྱི་རུའི་བུམ་པ་སིཧླས་གང་བ། བྱང་ཤར་དུ་དངུལ་གྱི་བུམ་པ་ག་པུར་གྱིས་གང་བ་སྟེ། བཞི་ཀའང་ཐོད་པ་བདུད་རྩིས་གང་བས་ཁ་བཅད་པའོ། །དེ་ནས་གཙོ་བོའི་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཡེ་ཤེས་སེམས་དཔའི་ངོ་བོ་དབྱུག་པ་དཀར་པོའི་དབུས་སུ། ཏིང་ངེ་འཛིན་སེམས་དཔའ་ཉི་མ་ལ་གནས་པའི་ཧཱུྃ་དམར་པོ་བསམ་ཏེ་བསྙེན་པའོ། །དེ་ནས་ཧཱུྃ་ལས་བྱུང་བའི་ཡབ་ཀྱི་རྡོ་རྗེ་དང༌། ཨ་ལས་བྱུང་བའི་ཡུམ་གྱི་པདྨ་སྙོམས་པར་ཞུགས་པའི་ལྷན་ཅིག་སྐྱེས་པའི་བདེ་བས་རྒྱུད་གང་བར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། ཡུམ་གྱི་ལྟེ་བའི་འོག་ཏུ་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདམར་པོས་བརྒྱན་པ། རྩེ་མོ་ནས་སྤྱི་བོའི་བར། སྤྱི་བོའི་བདུད་རྩི་ལས་འཐོན་པའི་རེ་ཁཱ་དཀར་པོ་པདྨའི་སྣལ་མ་ལྟར་གནས་པར་བསམ། དེ་ནས་ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་སྔོན་པོ་བསྒོམས་ཏེ།«་་་་་གནས་གསུམ་བྱིན་བརླབས་གཞུང་ཆེ་ཆུང་ན་མེད་པས་མ་བྱས་ཀྱང་རུང་ཞེས་རིན་པོ་ཆེ་བུ་སྟོན་གསུང༌།» དེ་དག་ལས་འོད་འཕྲོས་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྤྱན་དྲངས་ནས། ཡི་གེ་གསུམ་ལ་ཐིམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པ་ནི་སྒྲུབ་པའོ། །དེ་ནས་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས་པ་ལ་མཆོད་ནས། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང༌། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་གང༌། དྲི་མ་དག་ནས། དབང་བསྐུར་གྱི་ལྷ་རྣམས་ཅོད་པན་དུ་གྱུར་པ་ནི། གཙོ་བོ་ལ་རྡོ་རྗེ་སེམས་དཔའ། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན་ཏེ། སྒྲུབ་པ་ཆེན་པོའོ། །སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། ཡེ་ཤེས་སེམས་དཔའ་ལྷ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ནས་མཆོད་ལ། ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་ཅིང་དབང་དུ་བྱ་བ་ནི་ཉེ་བར་སྒྲུབ་པ་«་་་་་འདིར་སེམས་དཔའ་སུམ་བརྩེགས་འདོད་མོད། བི་རཱུ་པའི་གཞུང་ལས་སྔར་གྱི་དེ་ལས་མ་བཤད་དོ།» །དེ་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་དེ་བསྐྱེད་པའི་རིམ་པའོ། །ཡང་སྔར་གྱི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷར་བྱས་ནས། ཚུར་འདུས་ཏེ་རྟེན་དང་བརྟེན་པར་བཅས་པ་ལ་བསྡུ། དེ་རྣམས་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ། ཧཱུྃ་དེའི་ཨུ་ཧ་ལ་བསྡུ་བ་སོགས་སྔར་བཞིན་བྱས་ནས། འོད་གསལ་གྱི་ངང་ལ་བཞག་པ་སྟེ། དངོས་གཞིའི་རིམ་པ་གཉིས་སོ། །དེ་ལྟར་རིམ་གཉིས་ཀྱི་རྣལ་འབྱོར་ལ་སྐྱོ་ན། འོད་གསལ་གྱི་ངང་ལས། སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གསལ་བཏབ་ལ། དག་པ་དྲན་པར་བྱས་ཏེ། དམར་བ་ཉིད་ནི་འདོད་ཆགས་ལ་སོགས་པ་རླག་པར་བྱེད་པའི་དོན་ནོ། །སྤྱན་གསུམ་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་གསུམ་གྱི་ཕྱིར་རོ། །ཕྱག་གཉིས་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རྣམ་རྟོག་འཇོམས་པའོ། །ཤེས་རབ་དང་འཁྱུད་པ་ནི་སྟོང་པ་དང་སྙིང་རྗེ་ཐ་མི་དད་པའི་སྦྱོར་བས་སོ། །ཀླུ་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་མཚོན་པའོ། །མགོ་བོའི་ཕྲེང་བ་བརྒྱ་ཕྱེད་ནི། ཡི་གེ་ལྔ་བཅུའི་སྦྱོར་བས་སོ། །གཡོན་ན་ཐོད་པ་ནི། ཡེ་ཤེས་ལྔའི་བདུད་རྩིའི་རོས་ཡོངས་སུ་གང་བའི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གཡས་ན་དབྱུག་པ་ནི། ཕུང་པོ་དང༌། ཉོན་མོངས་པ་དང༌། ལྷའི་བུ་དང༌། འཆི་བདག་གི་བདུད་བཞི་རྣམ་པར་འཇོམས་པ་སྙིང་རྗེའི་རང་བཞིན་ནོ། །གཡོན་བརྐྱང་གི་གོམ་སྟབས་ཀྱིས་ནི། ཁམས་གསུམ་གཅོད་པར་མཚོན་པའོ། །ལྷ་མོའི་ཕྱག་གཡོན་པར་བདུད་བཞིའི་ཁྲག་ནི། རོ་དང་བཅུད་ལེན་དུ་མ་ཀུན་ནས་མྱོང་བའི་ཕྱིར་རོ། །གཡས་པ་རྡོ་རྗེ་གྲི་གུག་ནི། དངོས་པོ་དང་དངོས་པོ་མེད་པའི་རྣམ་རྟོག་གཅོད་པའི་ཕྱིར་རོ། །གདུག་པ་འདུལ་བའི་ཕྱིར་ཁྲོ་བོའི་གཟུགས་ཉིད་དོ། །གསུས་པ་ཆེ་བ་ནི་མྱ་ངན་ལས་མི་འདའ་བའི་ཕྱིར་རོ། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ནི། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གོང་ནས་གོང་དུ་རྒྱས་པའི་ཕྱིར་རོ། །ངོས་བཞི་ནི་དཔལ་འཛིན་གྱི་བཅུ་གསུམ་མར། ངོས་བཞི་འཕགས་པའི་བདེན་པ་བཞི། སྒོ་བཞི་བདུད་བཞི་སྐྲག་པར་བྱེད། །ཅེས་སོ། །སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་གྱི་བདེན་པ་བཞི་རབ་ཏུ་རྟོགས་པའི་ཕྱིར་རོ། །སྒོ་བཞི་ནི་བདུད་བཞི་ཀུན་ནས་སྐྲག་པའི་ཕྱིར་རོ། །ཟུར་བཞི་ནི་ཚངས་པའི་གནས་བཞི་རབ་ཏུ་རྫོགས་པའི་ཕྱིར་རོ། །ཀ་བ་བརྒྱད་ནི་རྨི་ལམ་ལྟ་བུ་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། སྤྲུལ་པ་ལྟ་བུ་དང༌། བྲག་ཅ་ལྟ་བུ་དང༌། སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། མེ་ལོང་གི་གཟུགས་བརྙན་དང༌། ཆུའི་ཟླ་བ་དང༌། ནམ་མཁའི་དངོས་པོ་དང༌། དངོས་པོ་མེད་པའི་ཉོན་མོངས་པ་འཇོམས་པའི་ཕྱིར་རོ། །རྟ་བབས་བཞི་ནི། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་ཉིད་དང༌། ཡང་དག་པའི་སྤང་བ་བཞི་རྣམ་པར་དག་པའི་དོན་ཏོ། །ཞེས་དྲན་པར་བྱའོ། །དེ་ནས་སྔར་གྱི་སེམས་དཔའ་སུམ་བརྩེགས་གསལ་བཏབ་ལ། ཏིང་ངེ་འཛིན་སེམས་དཔའ་ལས་སྔགས་ཀྱི་ཕྲེང་བ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཞི་རྒྱས་ལ་སོགས་པའི་ཕྲིན་ལས་བསྒྲུབས་ནས། སླར་ཡང་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ་པར་བསམ་ཞིང༌། ངག་ཏུ། ཨོཾ་ཧྲཱིཿཥྚཱྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོ་དང༌། ཨོཾ་ཧྲཽཾ་ཀྵཽཾ་ཀྵ་ཡཾ་ཀ་ར་ཡ། གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཉེ་སྙིང་དང༌། ཨོཾ་མ་ཧཱ་ཡཀྵ་སེ་ན་ཨ་དྷི་པ་ཏ་ཡེ་མ་ཧཱ་དུརྡནྟ་དཱ་མ་ཀཱ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། བི་ཏྲཱ་པ་ཡ་བི་ཏྲཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། བྲེང་སྔགས་དང༌། ཨོཾ་དྭེ་ཥ་ར་ཏཱི་ནུ་ཏྲ་ནུ་ཏྲ། ཏྲུ་ཊ་ཏྲུ་ཊ། ཧཱུྃ་ཛཿསྭཱ་ཧཱ། ཡུམ་གྱི་སྙིང་པོའོ། །ཨོཾ་མོ་ཧཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་པི་ཤུ་ནཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་རཱ་གཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་ཨིརྵྱཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། དཔའ་བོ་བཞིའི་སྔགས་དང༌། ཨོཾ་མོ་ཧ་ར་ཏཱི་ཧཱུྃ་ཛཿ ཨོཾ་པི་ཤུ་ན་ར་ཏཱི་ཧཱུྃ་ཛཿ ཨོཾ་རཱ་ག་ར་ཏཱི་ཧཱུྃ་ཛཿ ཨོཾ་ཨིརྵྱཱ་ར་ཏཱི་ཧཱུྃ་ཛཿ ཡུམ་བཞིའི་སྙིང་པོ་སྟེ། དེ་དག་ཅི་རིགས་པར་བཟླ་བ་ནི་བཟླས་པའི་རྣལ་འབྱོར་རོ། །དེ་ནས་ཐུན་མཚམས་སུ་མདུན་བསྐྱེད་ཀྱི་མཆོད་པ་བྱེད་ན། མཎྜལ་དང་ཅི་འབྱོར་པའི་མཆོད་གཏོར་བཤམས་ནས། དེ་དག་བྱིན་གྱིས་བརླབ། མཎྜལ་ཧྲཱིཿཥྚྲཱྀཿས་བསང༌། སྭ་བྷཱ་ཝས་སྦྱངས་པའི་ངང་ལས། ཡྃ་རྃ་བྃ་ལྃ་སུྃ་རྣམས་ལས་བྱུང་བའི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་དབུས་སུ་ཧཱུྃ་ལས་སྲུང་འཁོར་དང༌། བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་ནས། བདག་པོ་ལྔའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་དང༌། འདིར་མཎྜལ་ཆོ་ག་རྒྱས་པར་བྱེད་མོད། བློ་གྲོས་བཟང་པོའི་ལུགས་ཀྱི་སྐབས་ཡིན་གྱི། བི་རཱུ་པའི་གཞུང་ལས་མ་བཤད་དོ། །བུམ་པ་རྣམས་ལ་ཟླུམ་པོ་བྱ། དེར་མེ་ཏོག་གི་ཚོམ་བུ་བཀོད་ལ། དེ་དག་སོ་སོའི་སྔགས་ཀྱིས་ལྷར་བསྐྱེད་སེམས་དཔའ་སུམ་བརྩེགས་བསྒོམ། གནས་གསུམ་བྱིན་གྱིས་བརླབ། དབང་བསྐུར། ཡེ་ཤེས་པ་དགུག་གཞུག་བྱས་ནས། དཀྱིལ་འཁོར་དང་བླ་མ་ཐ་མི་དད་དུ་མོས་ལ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་རིམ་པ་བཞིན་སྦྱར་རོ། །དེ་བཞིན་དུ་ཚིག་རྐང་དང་པོ་དང༌། གསུམ་པ་མན་ཐམས་ཅད་ལ་སྦྱར་ཞིང༌། སྔགས་དང་ཕྱག་རྒྱ་དང་བཅས་པས། ལྷ་རྫས་དམ་པའི་ཞབས་བསིལ་འདི། །དེ་བཞིན་དུ་མེ་ཏོག་འདི། བདུག་སྤོས་འདི། མར་མེ་འདི། དྲི་ཆབ་འདི། ཞལ་ཟས་འདི། རོལ་མོ་འདི། ཞེས་པ་ཕྱི་མཆོད་ཀྱིས་མཆོད་ནས། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ཏེ། ཐོད་པའི་དབུས་ནས་མཐེབ་སྲིན་གྱིས་བླངས་ལ། ཐོག་མར་རྩ་བའི་བླ་མའི་མཚན་དང༌། དེ་ནས་བརྒྱུད་པའི་བླ་མ་དང༌། དེ་ནས་དཀྱིལ་འཁོར་བ་རྣམས་ལའང་སོ་སོའི་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཏགས་ལ་དབུལ། དེ་ནས་ཕྱོགས་སྐྱོང་ནས་རིགས་དྲུག་གི་བར་དུའང་ཕུལ་ནས། མཐར། ཨོཾ་བཛྲ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་བདག་ཉིད་ཀྱིས་ཀྱང་མྱངས་ལ། རྡོ་རྗེ་དྲིལ་བུ་འཛིན་པས། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སེམས་ཀྱི་རྡོ་རྗེ་རབ་ཏུ་གསལ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །ཁྱབ་བདག་ཆགས་པ་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཞེས་པས་བསྟོད་ལ། གཏོར་མ་དང་པོ་ཧྲཱིཿཥྚྲཱྀཿས་བསང༌། སྭ་བྷཱ་ཝས་སྦྱངས་པའི་ངང་ལས་ཡཾ་ལས་རླུང་དང་རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཐོད་པའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ། དེ་དག་གི་སྟེང་དུ་ཨོཾ་ཡིག་དང༌། ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། འོག་གི་རླུང་བསྐྱོད་པས་མེ་འབར་ནས་རྫས་རྣམས་བསྐོལ་ཞིང་གཅིག་ཏུ་གྱུར་ཏེ། ཨོཾ་དང་ཟླ་བ་རྡོ་རྗེ་དང་བཅས་པའང་ལྷུང་བས། ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར་པར་བསམས་ལ། ལག་པ་གཡོན་པས་རེག་ཅིང༌། ཨོཾ་ཞེས་པས་སྦྱངས། གཡས་པ་དང་ཨཱཿས་རྟོགས། གཉིས་ཀ་དང་ཧོཿབྱ་ཁྱུང་གི་ཕྱག་རྒྱས་སྦར། འཆི་མེད་རྣམ་རྒྱལ་གྱི་ཕྱག་རྒྱ་དང༌། ཧཱུྃ་གིས་སྒྲོན་མ་ལྔར་བྱས། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུྃ་གིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཐིམ་པར་བསམས་ལ། ཛཿཧཱུྃ་བཾ་ཧོཿཞེས་པས་སྐད་ཅིག་གིས་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ། གཏོར་མའི་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། མཆོད་ཡོན་དང་ཞབས་བསིལ་ཕུལ་ནས། དེ་དག་གི་ལྗགས་རྡོ་རྗེའི་སྦུ་གུ་ཅན་ལས་འོད་བྱུང་བས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་རཀྟ་མུ་ཀུ་ཊཱ་ཡ། རཀྟ་ཛ་ཊཱ་ཡ། རཀྟ་མུ་ཁཱ་ཡ། རཀྟ་ཤ་རཱི་རཱ་ཡ། རཀྟ་བྷུ་ཛཱ་ཡ། རཀྟ་མུཎྜ་མཱ་ལ་བྷཱ་ར་ཎཱ་ཡ། རཀྟ་ར་ཐ་ས་མ་རུ་ཌྷཱ་ཡ། རཀྟ་པདྨ་ཨཱ་ས་ནཱ་ཡ། རཀྟ་བྷ་ར་ཎ་བྷུ་ཥ་ནཱ་ཡ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། མ་མ་བིགྷྣཱན། ཧཱ་ར་ཧཱ་ར། ཙ་ཏུརྨཱ་རཱན། ནི་བཱ་ར་ཡ། ནི་བཱ་ར་ཡ། བྷྲ་མ་ཡ་བྷྲ་མ་ཡ། ཚིནྡ་ཚིནྡ། བིནྡ་བིནྡ། ནཱ་ཤ་ཡ་ནཱ་ཤ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཙྪེ་ད་ཙྪེ་ད། བྷེ་ད་བྷེ་ད། ཧཱུྃ་ཧཱུྃ་ཕཊ་ཕཊ་«་་་་་འདིར་དཔའ་བོ་བཞིའི་སྔགས་དང༌། མར་མེ་སོགས་ཀྱིས་འབུལ་མོད། དེ་དག་ལས་སྒྲུབ་པའི་ཚེ་བྱའི། མཆོག་སྒྲུབ་པ་ལ་བརྗོད་པར་མ་བཤད་དོ། »སྭཱ་ཧཱ། ཞེས་པས་ཕུལ་ལ། མཐར་མེ་ཏོག་ལ་སོགས་པས་མཆོད་ནས། རྡོ་རྗེ་དྲིལ་བུ་གསིལ་ཞིང༌། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད་སོགས་ཀྱིས་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་གཏོར་མ་གཉིས་པའང་ཡི་གེ་བཞིའི་སྔགས་རྒྱས་བྱིན་གྱིས་བརླབས་ནས། གཏོར་སྣོད་ཀྱི་མཐར་གཡས་སྐོར་གྱིས། ཤར་དུ་དབང་པོ་ས་སྲུངས་ལ་ཞོན་པ། ལྷོར་གཤིན་རྗེ་མ་ཧེ་ལ་ཞོན་པ། ནུབ་ཏུ་ཆུ་ལྷ་ཆུ་སྲིན་ལ་ཞོན་པ། བྱང་དུ་ལུས་ངན་གཏེར་ལ་གནས་པ། དབང་ལྡན་དུ་དབང་ལྡན་ཁྱུ་མཆོག་ལ་ཞོན་པ། མེར་མེ་ལྷ་ར་སྐྱེས་ལ་ཞོན་པ། བདེན་བྲལ་དུ་སྲིན་པོ་རོ་ལངས་ལ་ཞོན་པ། རླུང་དུ་རླུང་ལྷ་རི་དྭགས་ལ་ཞོན་པ། དབུས་སུ་ཚངས་པ། མདུན་དུ་ཟླ་བ། རྒྱབ་ཏུ་ཉི་མ། གཞོགས་གཡས་སུ་ནོར་འཛིན་མ། གཡོན་དུ་ཐགས་བཟངས་རིས། དེ་རྣམས་ལ་སྲིད་པ་གསུམ་ན་སྤྱོད་པའི་འབྱུང་པོའི་ཚོགས་ཀྱིས་བསྐོར་བས་ཀུན་ནས་བསྐོར་བར་དམིགས་ལ། དེ་རྣམས་སྐད་ཅིག་གིས་འོད་གསལ་གྱི་མེས་སྟོང་པར་གྱུར་པའི་ངང་ལས། གཤིན་རྗེའི་གཤེད་ཡུམ་དང་བཅས་པའི་སྐུར་གྱུར་པ་ལ། མཆོད་ཡོན་དང་ཞབས་བསིལ་ཕུལ་ནས། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཀྱིས་གསོལ་བར་བསམས་ནས། ཨོཾ་ཨིནྡྲཱ་ཡ་ཧྲཱིཿ ཡ་མཱ་ཡཥྚིཾཿ ཝ་རུ་ཎཱ་ཡ་ཝི། ཀུ་བེ་རཱ་ཡ་ཀྲྀ། ཨཱི་ཤཱ་ནཱ་ཡ་ཏ། ཨགྣ་ཡེ་ཨ། ནཻར་རྀ་ཏ་ཡེ་ན། བཱ་ཡ་བེ་ན། ཙནྡྲཱ་ཡ་ཧཱུྃ། ཨརྐཱ་ཡ་ཧཱུྃ། བྲཧྨ་ཎཱ་ཡ་ཕཊ། བ་སུནྡྷཱ་རཱ་ཡ་ཕཊ། བི་མ་ཙི་ཏྲཱ་ཡ་སྭཱ། སརྦ་བྷཱུ་ཏ་བྷྱོ་ཧཱ། ཧ་ཧ་ཧ། ཧི་ཧི་ཧི། ཧཱུྃ་ཧཱུྃ་ཧཱུྃ། ཕཻཾ་ཕཻཾ་ཕཻཾ་སྭཱ་ཧཱ། ཞེས་པས་གཏོར་མ་ཕུལ། མེ་ཏོག་ལ་སོགས་པས་མཆོད་ནས། དྲིལ་བུ་གསིལ་ཞིང༌། བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུག་པ་འདུལ་མཛད་པ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང༌། །ཕྱོགས་སྐྱོང་བཅོ་ལྔའི་ཚོགས་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་བྱ་བ་ལ་སོགས་པས་བསྟོད་ཅིང༌། འདོད་པའི་དོན་བསྒོས་ནས། ཨོཾ་བཛྲ་མུཿས་གཏོར་མགྲོན་རྣམས་གཤེགས་སུ་གསོལ་ཏེ། མཆོད་གཏོར་གྱི་རྣལ་འབྱོར་རོ། །དེ་ནས་རང་གི་ཁ་ཟས་རྣམས་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ཕུད་བླ་མ་དཀོན་མཆོག་ལ་ཕུལ་ལ། ལྷ་མཆོད་པའི་བསམས་པས་ཚིམ་པར་སྤྱད་པའི་ལྷག་མ་འབྱུང་པོ་རྣམས་ལ་སྦྱིན་ཏེ། ཁ་ཟས་ཀྱི་རྣལ་འབྱོར་རོ། །དེ་ནས་མདུན་བསྐྱེད་ཀྱི་མཎྜལ་ལ་མཆོད་བསྟོད་བསྡུས་པ་ཙམ་ཞིག་བྱས་ལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་ཞིང་བཟོད་པར་གསོལ་ནས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུས་ནས། བསྔོ་བ་དང་སྨོན་ལམ་བཏབ་ནས། སྤྱོད་ལམ་ཐམས་ཅད་དུ་དཔའ་བོ་གཅིག་པའི་ང་རྒྱལ་གྱིས་གནས་པར་བྱ་སྟེ། རྗེས་ཐུན་མཚམས་ཀྱི་བྱ་བའོ། །དེ་ལྟར་རིམ་པ་གཉིས་ཀྱི་རྣལ་འབྱོར་རྒྱུན་དུ་གོམས་པར་བྱས་ནས། རྟོག་པ་བརྟན་པར་གྱུར་པ་དང༌། སྤྱོད་པ་བྱ་སྟེ། རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱིས་མཚམས་སྦྱར་ནས། གཤིན་རྗེའི་གཤེད་དམར་པོའི་གོ་འཕང་ཐོབ་པར་འགྱུར་བ་ནི་ངེས་པའོ། །ཞེས་པ་འདིའང་སློབ་དཔོན་མཐུ་སྟོབས་ཀྱི་མགོན་པོ་དཔལ་བི་རཱུ་པའི་ཞལ་སྔ་ནས་ཀྱི། སྒྲུབ་ཐབས་ཆེ་ཆུང་གི་དགོངས་པ་ཇི་ལྟ་བ་བཞིན་དུ། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱར་སྦྱར་བ་ལ། སླར་ཡང་བསོད་ནམས་ཆེན་པོའི་དཔལ་གྱིས་མངོན་པར་མཐོ་བ་བསྟན་པའི་སྦྱིན་བདག་ཆེན་པོ་རྒྱལ་མཚན་དཔལ་བའི་བཀས་བསྐུལ་བ་དང༌། དོན་གཉེར་སློབ་མ་མང་པོས་ཀྱང་གསོལ་བ་བཏབ་པའི་ངོར་རྣལ་འབྱོར་དབང་ཕྱུག་གི་གཞུང་ཆེ་ཆུང་ལ་གཏུགས་ནས་དག་པར་བགྱིས་པའི་ཡི་གེ་པ་ནི་དགེ་སློང་བསོད་ནམས་རིན་ཆེན་ནོ།།  །།ཨི་དཾ་ཤཱ་ས་ན་ཤྩ་སརྦ་སཏྭཱ་ཧི་ཧོ་བྷ་ཝནྟུ།།  ༈  །།ཆོས་དབྱིངས་རང་བཞིན་བཅོམ་ལྡན་འདས། །འདོད་ཆགས་འཇོམས་པས་སྐུ་མདོག་དམར། །དུས་གསུམ་མཉམ་པས་སྤྱན་གསུམ་པ། །འཁོར་འདས་མཐའ་སྤངས་ཕྱག་གཉིས་ལྡན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པས། །ཡུམ་དང་ལྷན་ཅིག་ཞལ་སྦྱོར་བཞུགས། །རྣམ་ཤེས་དག་པས་ཀླུ་བརྒྱད་དང༌། །གསལ་བྱེད་ལྔ་བཅུའི་དོ་ཤལ་ཅན། །བདུད་བཞི་འདུལ་བའི་དབྱུག་པ་སྟེ། །ཡེ་ཤེས་རང་བཞིན་ཐོད་པ་འཛིན། །ཐུགས་རྗེས་ཁམས་གསུམ་རྗེས་གཟུང་ཕྱིར། །གཡོན་བརྐྱང་སྟབས་ཀྱིས་བཞུགས་པའོ། །དེ་ལ་འཁྱུད་པའི་བཅོམ་ལྡན་མ། །རྣམ་རྟོག་གཅོད་ཕྱིར་གཡས་གྲི་གུག །རོ་བཅུད་དག་པས་ཕྱག་གཡོན་ན། །ཐོད་པ་ཁྲག་བཀང་འཛིན་པའོ། །ཀུན་ཀྱང་གདུག་པ་འདུལ་བའི་ཕྱིར། །ཁྲོ་བོའི་གཟུགས་སུ་གནས་པ་སྟེ། །མྱང་འདས་བརྙེས་པས་གསུས་པ་ཆེ། །བདེན་བཞི་དག་པའི་དབུ་སྐྲ་ཅན། །དཀྱིལ་འཁོར་གྲུ་བཞི་བདེན་པ་བཞི། །སྒོ་བཞི་བདུད་བཞི་སྐྲག་པར་བྱེད། །སྒྱུ་མའི་རང་བཞིན་ཀ་བ་བརྒྱད། །རྟ་བབས་བསྡུ་བའི་དངོས་པོ་བཞི།།  །། ༄༅། །དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་ལུང་སྦྱོར་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ།།  ༈ །ཨོཾ་སྭ་སྟི་སིདྡྷཾ། དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་སྒྲུབ་པའི་ཐབས་ལུང་དང་སྦྱར་བ་བདུད་རྩིའི་རོལ་མཚོ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྟ་བདུན་ལྟ་བུ་མཁྱེན་པའི་འོད་ཀྱིས་གདུལ་བྱའི་མི་ཤེས་མུན་པ་སེལ། །རི་བོང་འཛིན་ལྟར་དག་པའི་ཐུགས་རྗེས་མཐའ་ཡས་འགྲོ་བ་རྗེས་སུ་འཛིན། །ཡིད་བཞིན་ནོར་འདྲའི་ཕྲིན་ལས་རྒྱ་ཆེར་སྐྱེ་དགུའི་འདོད་དོན་སྒྲུབ་མཛད་པའི། །སངས་རྒྱས་ཀུན་མཚུངས་བླ་མར་བཏུད་ནས་སྒྲུབ་ཐབས་ལུང་སྦྱོར་འདིར་བཤད་བྱ། །འདིར་སྒྲུབ་ཐབས་ཀྱི་རྣམ་གཞག་སྤྱིར་བཤད་པ། སྒྲུབ་ཐབས་ཉིད་ལུང་དང་སྦྱར་ཏེ་བཤད་པ་གཉིས་ཀྱི། དང་པོ་ལ། གཞུང་འདི་རྣམས་མཛད་པའི་སློབ་དཔོན་གང་ཡིན་པ་ནི། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཞེས་བྱ་བ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་མཛད་པ་པོ་དེ་ཡིན་ཏེ། ལམ་འབྲས་དང་ཤིན་ཏུ་སྤྲོས་མེད་གཉིས་སོ། གདམས་ངག་གི་གནད་ཤིན་ཏུ་མཐུན་པའི་ཕྱིར་དང༌། ཤིན་ཏུ་སྤྲོས་མེད་ཀྱི་གཞུང་ལས། སློབ་དཔོན་དཔལ་ལྡན་མཐུ་སྟོབས་ཀྱི་མགོན་པོ། ཐུགས་སྤྲོས་པ་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ། སྐུའི་སྤྲོས་པ་དཔག་ཏུ་མེད་པས་གདུག་པ་ཅན་ཚར་གཅོད་ཅིང༌། བཅོམ་ལྡན་འདས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པས་མཛད་པ། ཞེས་མཐུ་སྟོབས་དབང་ཕྱུག་ཏུ་གསལ་བར་བཤད་པའི་ཕྱིར་རོ། །དེས་ན། གྲུབ་ཆེན་བརྒྱད་ཅུའི་བསྟོད་པར། ཆུ་བོ་ཆེན་པོ་གྱེན་ལ་བཟློག །ཆང་ལ་ཉི་མ་གཏེང་པར་བཅུག །བིརྺ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བཤད་པ་དང་ལམ་འབྲས་སྤྲོས་མེད་གཉིས་ལས་འབྱུང་བའི་རྣམ་ཐར་དང་མཐུན་པར་སྣང་བས། རྗེ་བཙུན་ཌོམྦི་ཧེ་རུ་ཀའི་བླ་མ། དཔལ་བིརྺ་པ་ཉིད་ཡིན་པས། རྒྱལ་རིགས་དམན་པའི་སྤྱོད་པ་མཛད། །དུར་ཁྲོད་རྒྱུ་ཞིང་ཤ་ཆེན་གསོལ། །བིརྺ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་འཁྲུལ་པར་མི་བྱའོ། །གཉིས་པ་དེས་མཛད་པའི་གཞུང་གང་ཡིན་པ་ནི། ལྷ་ལྔའི་མངོན་རྟོགས་ལས་ཚོགས་དང་བཅས་པ་སྟོན་པ་སྒྲུབ་ཐབས་ཆེ་བ་དང༌། གཙོ་བོ་རྐྱང་པའི་མངོན་རྟོགས་ཙམ་ཞིག་སྟོན་པ། སྒྲུབ་ཐབས་ཆུང་བ། གཏོར་མའི་ཆོ་ག་སྟེ། བསྐྱེད་རིམ་སྟོན་པའི་གཞུང་གསུམ་དང༌། ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག འོད་གསལ་འཆར་བའི་བྱིན་རླབས་ཀྱི་ཆོ་ག བདུད་རྩི་བྱིན་གྱིས་བརླབ་པའི་ཆོ་ག་སྟེ། རྫོགས་རིམ་གྱིས་གཞུང་གསུམ་དང༌། འཁྲུལ་འཁོར་གྱི་ཕྲེང་བ་ཞེས་བྱ་བ་དང༌། དེར་མི་གསལ་བའི་སྔགས་བཏུ་བ་དང༌། ལས་སོ་སོའི་སྔགས་གསལ་བར་སྟོན་པ་གཤིན་རྗེའི་གཤེད་སྒྲུབ་ཐབས་ཀྱི་ཆོ་ག་ཞེས་བྱ་བ་སྟེ། ལས་ཚོགས་ཀྱི་གཞུང་གཉིས་མཛད་དོ། །མཆོད་པའི་ཆོ་ག་རྒྱ་གཞུང་མཛད་བྱང་མེད་པ་དཱ་ན་ཤཱི་ལས་བསྒྱུར་བའི་དཔེ་ཁ་ཅིག་ལ། བིརྺ་པས་མཛད་དོ་ཞེས་པ་ནི་མ་དག་པ་སྟེ། གཞུང་དེ་དག་ཆག་ལོ་དང༌། དཔྱལ་ལོས་བསྒྱུར་བ་དང༌། དཱ་ན་ཤྲཱི་ལས་བསྒྱུར་བའི་དཔེ་དག་པ་རྣམས་ལས་མི་འབྱུང་བའི་ཕྱིར་རོ། །དེས་ན་གཤིན་རྗེའི་གཤེད་ལ། གཞུང་བརྒྱད་མཛད་ཅིང༌། གཞན་ཡང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་དང༌། དོ་ཧ་སེང་གེ་ལ་སོགས་པ་མཛད་དོ། །གསུམ་པ་རྒྱུད་གང་ལ་བརྟེན་པ་ནི། ད་ལྟ་བོད་ན་བཞུགས་པའི་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ལེའུ་བཅུ་དགུ་པ། དགྲ་ནག་གི་རྒྱུད་དང་ཆ་མཐུན་པར་གྱུར་པ་དེ་ལ་བརྟེན་ནས་མཛད་པ་ནི་མ་ཡིན་ཏེ། རྒྱུད་དེར། ཡེ་ཤེས་ཚོགས་བསགས་ཀྱི་སྔགས་གཅིག་ལས་མ་གསུང་ཞིང༌། སློབ་དཔོན་གྱིས་སྔགས་གསུམ་གསུངས་པའི་ཕྱིར། རྒྱུད་དེར། ཡྃ་རྃ་བྃ་ལྃ་དཀྱིལ་འཁོར་བཞི། །བསྡུས་པ་བྷྲཱུྃ་ཡིག་ལས་སྐྱེས་པའི། །ཁང་པ་བརྩེགས་པ་བསྒོམ་པར་བྱ། །ཞེས་དང༌། འབྱུང་བཞི་རོ་གཅིག་ཏུ་འདྲེས་པ་ལས། གཞལ་ཡས་ཁང་བསྒོམ་པར་བཤད་ལ། གཞུང་དུ། འབྱུང་བ་བཞི་ལྷུན་པོ་དང་བཅས་པའི་སྟེང་དུ། གཞལ་ཡས་ཁང་བསྒོམ་པར་བཤད་པའི་ཕྱིར་དང༌། རྒྱུད་དེར། དེ་ཡི་དབུས་སུ་པྃ་ཡིག་གིས། །སྣ་ཚོགས་པདྨ་རྣམས་བསམ་བྱ། །དེར་ནི་ལྟེ་བའི་དབུས་གནས་པའི། །སྣ་ཚོགས་རྡོ་རྗེ་དབྱུག་པ་བཅས། །མཚན་མ་མཐའ་དག་ཡོངས་གྱུར་ནས། །ཞེ་སྡང་བདག་ཉིད་བསྒོམ་པར་བྱ། །ཞེས་པདྨའི་ལྟེ་བར་སྣ་ཚོགས་རྡོ་རྗེ་དབྱུག་པ་དང་བཅས་པ་བསམས་ནས། དེ་ཡོངས་སུ་གྱུར་པ་ལས་ལྷར་བསྐྱེད་པར་བཤད། གཞུང་དུ་སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་དབྱུག་པ་དེ་ཡོངས་སུ་གྱུར་པ་ལས་ལྷར་བསྐྱེད་པར་བཤད་པའི་ཕྱིར་དང༌། རྒྱུད་དེར། ཨ་ཡིག་ལས་སྐྱེས་པདྨའི་སྣོད། །ཅེས་ཐོད་པའི་ས་བོན་ཨར་བཤད་པ་ལ། གཞུང་དུ་ཧཱུྃ་ལས་བྱུང་བའི་ཐོད་པར་བཤད་པ་སོགས་བསྐྱེད་རིམ་གྱི་སྐབས་ནའང་མི་འདྲ་བ་དུ་མ་སྣང་ཞིང༌། ལས་ཚོགས་དང་འཁྲུལ་འཁོར་གྱི་སྐབས་སུའང་མི་འདྲ་བ་དུ་མ་ཞིག་སྣང་བའི་ཕྱིར་རོ། །རྒྱུད་འདིའི་ལུགས་ཀྱི་སྒྲུབ་ཐབས་བསྒོམ་པར་སྤྲོ་ན། རྒྱུད་ཀྱི་གོང་འོག་བསྒྲིགས་པས། དཔལ་འཛིན་གྱི་ལྷ་བཅུ་གསུམ་མ་ལ་འདོར་ལེན་བྱས་པས་ཆོག་པ་ཞིག་སྣང་བས་དེ་ལྟར་བྱའོ། །དེས་ན་མཁས་པ་དག་གིས། རྣལ་འབྱོར་དབང་ཕྱུག་གི་གཞུང་གཞིར་བྱས་པའི་སྒྲུབ་ཐབས་ལ། རྒྱུད་འདི་ནས་བཤད་པའི་ཆོ་གའི་ཡན་ལག་རྣམས་ཀྱིས་ཁ་བསྐངས་པར་མཛད་པ་ཡང་མ་དགོངས་པར་ཟད་དོ། །དེ་བཞིན་དུ་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པ་ལ་བརྟེན་ནས་མཛད་པ་མ་ཡིན་ཏེ། རྒྱུད་དེར་མངོན་བྱང་ལྔ་ལས་ཁུ་བའི་གཟུགས་སུ་ཞུ་བ་དེ་ཉིད་གླུས་བསྐུལ་ཏེ། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པས། དེའི་སྦྱོར་མཚམས་ནས་འཁོར་གྱི་ལྷ་སྤྲོ་བ་སོགས་རྣལ་འབྱོར་བཞིའི་རིམ་པ་གསལ་བར་བཤད་ལ། གཞུང་འདི་རྣམས་སུ་རྣལ་འབྱོར་བཞིའི་རིམ་པའི་མིང་ཙམ་ཡང་མི་འབྱུང་བའི་ཕྱིར་རོ། །རྒྱུད་འདིའི་ལུགས་ཀྱི་སྒྲུབ་པའི་ཐབས་བསྒོམས་པ་ལ་མོས་ན། སློབ་དཔོན་བློ་གྲོས་བཟང་པོས་མཛད་པའི་སྒྲུབ་ཐབས་ལྟར་བྱའི། གཞུང་འདི་དང་ཕན་ཚུན་བསྲེ་བར་མི་བྱའོ། །འོ་ན་གང་ལ་བརྟེན་ནས་མཛད་སྙམ་ན། དཔལ་བི་རཱུ་པའི་འཁྲུལ་འཁོར་གྱི་ཕྲེང་བར། རྒྱུད་འབུམ་ཕྲག་གསུམ་པ་ལས་ཕྱུང་བ། ཅེས་གསུངས་པས། འཕགས་པའི་ཡུལ་ན་རྒྱུད་རྒྱས་པ་འབུམ་ཕྲག་གསུམ་པ་ཞིག་བཞུགས་ཡོད་པར་སྣང་བས། དེ་ལ་བརྟེན་ནས་སློབ་དཔོན་གྱིས་གཞུང་འདི་རྣམས་མཛད་པའོ། །དེ་ལྟར་རྒྱུད་དང་གཞུང་སོ་སོ་ནས་སྒྲུབ་ཐབས་མི་འདྲ་བ་དུ་མ་ཞིག་གསུངས་པ་རྣམས་ཕན་ཚུན་མ་བསྲེ་བར། རང་རང་གི་ཆོས་སྐད་རྐང་ཚུགས་པར་བཤད་དགོས་ལ། གྲུབ་ཆེན་ཚད་ལྡན་གྱིས་བཀྲལ་བའི་གཞུང་རྣམས་མི་འདྲ་བ་མང་ཡང་ཐམས་ཅད་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། དགོངས་པ་ལུང་སྟོན་པའི་རྒྱུད་ལས། རྟོག་པ་མེད་ཅིང་འཁྲུག་མེད་པ། །ཡིད་འོང་རྡོ་རྗེའི་ཚིག་གཅིག་པུ། །གདུལ་བྱའི་བསམ་པའི་དབང་གིས་ན། །བྱེ་བྲག་མང་པོར་འགྱུར་བ་ཡིན། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ལ། མཉམ་པར་གཞག་པའི་རྣལ་འབྱོར་དང༌། མཉམ་པར་མ་གཞག་པའི་རྣལ་འབྱོར་གཉིས་ཀྱི་དང་པོ་ལ། སྔོན་འགྲོ་དང༌། དངོས་གཞི་གཉིས་ཀྱི་དང་པོ་ནི། དཔལ་བིརྺ་པའི་གཞུང་གི་རྗེས་སུ་འབྲངས་པའི་བོད་ཀྱི་བླ་མ་རྣམས་ཀྱིས། སྒྲུབ་པའི་ཐབས་དུ་མ་ཞིག་མཛད་ནའང༌། ཕལ་ཆེར་གཞུང་དང་མཐུན་པ་ཉུང་ཞིང༌། གཤིན་རྗེའི་གཤེད་ལྷ་བཅུ་གསུམ་མ་དང༌། སྔར་སྨོས་པའི་རྒྱུད་གཉིས་ཀྱི་ཆོ་གའི་ཡན་ལག་རྣམས་ཀྱིས་ཁ་བསྐངས་པས་མཛེས་པར་མ་མཐོང་ཞིང༌། བླ་མ་ཆག་ལོཙྪ་བས་མཛད་པའི་སྒྲུབ་ཐབས་ཉིད། དེ་རྣམས་ཀྱི་ནང་ནས་མཆོག་ཏུ་མཐོང་ནས། གཙོ་ཆེར་དེའི་རྗེས་སུ་འབྲངས་པའི་སྒྲུབ་ཐབས་ཁོ་བོས་སྦྱར་བ་ལས། སླར་ཡང་དེ་དག་གི་དོན་ལུང་དང་སྦྱར་ཏེ་བཤད་ན། བསོད་ནམས་ཀྱི་ཚོགས་བསགས་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས་ཀྱི་དང་པོ་ནི། དཀྱིལ་འཁོར་འདིར་དབང་བསྐུར་བ་ཐོབ་ལ་ཞེས་པ་ནས། སྔོན་དུ་སོང་ནས་ཞེས་པའི་བར་ནི། གཞུང་ཆེ་བར། དང་པོར་གནས་དབེན་པར་འདུག་སྟེ། བདུད་རྩི་ལྔ་ལ་སོགས་པའི་རིལ་བུ་ཁར་བཅུག་ལ། བདག་ཉིད་རོ་ཡི་སྟེང་དུ་བསམས་ཏེ། ཞེས་དང༌། གཞུང་ཆུང་བར། དང་པོར་རེ་ཞིག་སེམས་ཅན་རྣམས་གདོན་པའི་བསམ་པ་ཅན་གྱི་སྔགས་པས། སྔ་བར་ལངས་ནས། གདོང་བཀྲུ་བ་ལ་སོགས་པ་བྱ། སྟན་བདེ་བ་ལ་འདུག་ནས། ཞེས་བཤད་པའི་དོན་ཡིན་ལ། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་གསུམ་ནི། རྣལ་འབྱོར་ཆེན་པོ་སྤྱིའི་ཁྱད་ཆོས་ཡིན་ནོ། །རང་སྐད་ཅིག་གིས་ཞེས་པ་ནས། བསོད་ནམས་ཀྱི་ཚོགས་སོ་ཞེས་པའི་བར་ནི། གཞུང་ཆེ་བར། ཚངས་པའི་གནས་བཞི་དང་ལྡན་པས། བླ་མ་དམ་པ་མཆོད་ནས་ཞེས་པ་ལས་མ་བཤད་ཀྱང༌། གཞུང་ཆུང་བར། རང་གི་སྙིང་གར་ཡི་གེ་ཨོཾ་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བསྒོམ། དེ་ཡི་གེ་ཧཱུྃ་དམར་པོ་ཡོངས་སུ་གྱུར་པ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོས་མཚན་པ་བསམ་མོ། །དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་དམར་པོའི་སྟེང་དུ་ཧཱུྃ་ཡིག་ཁ་དོག་དམར་པོའི་འོད་ཟེར་གྱིས་གཤིན་རྗེ་མཐར་བྱེད་དམར་པོ་དང༌། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ། མདུན་གྱི་ནམ་མཁའི་ཕྱོགས་སུ་བསམ་མོ། །དེ་ནས་ཡི་གེ་ཧཱུྃ་ལས་འཐོན་པའི་མེ་ཏོག་དང༌། བདུག་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཏེ་ཚངས་པའི་གནས་བཞི་བསྒོམས་ལ། ཞེས་སོགས། འདིར་ལུས་དང་ངག་དང་ཡིད་ཀྱི་སྡིག །ཞེས་སོགས། རྒྱུད་ལེའུ་བཅུ་དགུ་པ་དང༌། དགྲ་ནག་ནས་བཤད་པའི་རྒྱུན་བཤགས་དང༌། ཨོཾ་ཧྲཱིཿཥྚཱཾཿཧཿ ཞེས་སོགས་ཉེར་སྤྱོད་ཀྱི་སྔགས་རྣམས་ཀྱིས་ཁ་བསྐངས་པ་ཡོད་མོད། རྒྱུད་དང་གཞུང་གཉིས་མི་འདྲ་བའི་ཁྱད་པར་རྣམས་མ་ཕྱེད་པ་ཡིན་པས། དེ་རྣམས་བྱ་མི་དགོས་སོ། །ཕྱག་བྱ་བ། ཉེར་སྤྱོད་ཀྱི་སྔགས། རྒྱུན་བཤགས། ཚོགས་ཞིང་གཤེགས་སུ་གསོལ་བ་རྣམས་ཆག་ལོཙྪ་བའི་སྒྲུབ་ཐབས་ལྟར་རོ། །མཆོད་པ་ཆུ་གཉིས་སྔོན་འགྲོ་ཡིན་པ་ཡང༌། གཞུང་ཆེ་བའི་གཏོར་མའི་སྐབས་ལས། དེ་ནས་མཆོད་ཡོན་དང་ཞབས་བསིལ་དང་ཕུལ་ལ་ཞེས་སོགས། གཉིས་པ་ནི། དེ་ནས་ཞེས་པ་ནས། ཚོགས་གཉིས་བསག་པའོ། །ཞེས་པའི་བར་ནི། གཞུང་ཆེ་བར། སྭ་བྷཱ་ཝ་ཤུདྡྷཿསོགས་ཀྱི་སྔགས་གསུམ་པོ་དང༌། གཞུང་ཆུང་བར་ཤཱུ་ནྱ་ཏཱའི་སྔགས་གཅིག་པོ་ཙམ་ཞིག་གསུང་གི སྔགས་དོན་འདི་ལྟར་བསྒོམ་མ་གསུངས་པ་ལ། མཁས་པ་དག སྔགས་དང་པོས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་གཟུང་བ་དང་འཛིན་པ་དང་བྲལ་བ། སེམས་ཙམ་གྱི་ངོ་བོ་དང༌། གཉིས་པས་དེ་སེམས་ཡང་ཐབས་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར། ལྷ་སྐུ་སྒྱུ་མ་ལྟ་བུ་དང༌། གསུམ་པས་ལྷ་སྐུ་དེ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་པར་བཞེད་ལ། པཎྜི་ཏ་དཱ་ན་ཤཱི་ལ་ལས་བརྒྱུད་པའི་གདམས་ངག་ལ། སྔགས་དང་པོས་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཟུང་བའི་ཡུལ་དང་བྲལ་བ་རང་གི་སེམས་ཀྱི་ངོ་བོ་ཙམ་དང༌། གཉིས་པས་ཕྱི་གཟུང་ཡུལ་མ་གྲུབ་པས། ནང་འཛིན་པའི་སེམས་ཀྱང་མི་འགྲུབ་པའི་ཕྱིར། གཟུང་འཛིན་གྱི་རྟོག་པ་དང་བྲལ་བའི་ལྷའི་སྐུ་དང༌། གསུམ་པས་ལྷ་སྐུ་གདན་དང་བཅས་པ་ཡང་དབྱུག་པ་ལ་ཐིམ། དེ་ཧཱུྃ་ལ་དེ་མགོ་བོ་ནས་ནཱ་དའི་བར་དུ་ཐིམ་ནས། ནཱ་ད་ཙམ་ནམ་མཁའ་ལ་གནས་པར་བཞེད་དོ། །སྦྱང་གཞི་དང་མཐུན་པས་ཤིན་ཏུ་ལེགས་སོ། །བླ་མ་ཆག་ལོཙྪ་བ་དང༌། དཔྱལ་ལོཙྪ་བས་གཞན་སྔར་དང་འདྲ་བ་ལས། ནཱ་དའང་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་སོང་བར་བཞད་དེ། ཤིན་ཏུ་སྤྲོས་མེད་ལས། འདི་ཉིད་གསལ་ཞིང་སྟོང་པ་དང༌། །རིགས་པ་དེ་ཉིད་མ་འགགས་པས། །རང་རིག་ཡེ་ཤེས་སྐད་ཅིག་མ། །འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །འདི་ནི་གསལ་ཞིང་སྟོང་པ་ཉིད། །འདི་ལས་མཚོན་ཏེ་ཤེས་པར་བྱ། །ཞེས་པའི་དོན་དུ་འདོད་དོ། །གཉིས་པ་ལ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་རིམ་པ་གཉིས་ཀྱི་དང་པོ་ལ། རྟེན་བསྐྱེད་པ་དང༌། བརྟེན་པ་བསྐྱེད་པ་གཉིས་ཀྱི་དང་པོ་ནི། དེ་ནས་ཞེས་པ་ནས་རྟེན་བསྐྱེད་པའོ། །ཞེས་པའི་བར་ཏེ། གཞུང་ཆེ་བར། དེ་ནས་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཁ་དོག་སྔོན་པོ་བ་དན་གྱིས་མཚན་པ་གཞུ་ལྟ་བུའོ། །དེའི་སྟེང་དུ་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་ཁ་དོག་དམར་པོ་འབར་བས་མཚན་པ། བཾ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་མདོག་དཀར་པོ་བུམ་པས་མཚན་པའོ། །ལཾ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོ་རྡོ་རྗེས་མཚན་པའོ། །སུཾ་ཡོངས་སུ་གྱུར་པ་ལས་རི་རབ་ལྷུན་པོ་གྲུ་བཞི་རིན་པོ་ཆེའི་རང་བཞིན་གྱིས་ཉེ་བར་མཛེས་པའོ། །དེའི་སྟེང་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བྱ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །དྲྭ་བ་དྲྭ་ཕྱེད་ཀྱིས་བརྒྱན་པ། །དེ་ཡི་དབུས་སུ་ཡི་གེ་བཾ། །ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨའོ། །ཞེས་པས་བསྟན་ཏོ། །དེ་ལ་ཁ་ཅིག་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་སུ། སྲུང་བའི་འཁོར་ལོ་བསྒོམ་པར་འདོད་པ་ནི་རྣལ་འབྱོར་དབང་ཕྱུག་གི་གཞུང་ཆེ་ཆུང་གཉིས་ན་མི་གསལ་ཞིང༌། ཆག་ལོས་ཀྱང་མ་མཛད་པས་མི་དགོས་ལ། འདིར་བཤད་པ་ལྟར་རི་རབ་ཀྱི་སྟེང་དུ་སྲུང་འཁོར་བྱེད་པ་ནི། གཞལ་ཡས་ཁང་གྲུབ་པ་དང་མཉམ་དུ་སྲུང་འཁོར་ཡང་གྲུབ་པར། སློབ་དཔོན་ལོ་ཧི་པ་ལ་སོགས་པས་བཞེད་པས། དེ་དང་ཆ་འདྲ་ལ། དཔྱལ་ལོཙྪ་བ་དང༌། འཕགས་པ་རིན་པོ་ཆེས་ཀྱང༌། སྐབས་འདིར་བཤད་པས། དེའི་ལུགས་སུ་བྱས་སོ། །གདན་ལ་བཅུ་གསུམ་མར། རྟག་པར་ཟླ་བའི་དཀྱིལ་འཁོར་ལ། །ཞེས་གཏི་མུག་གཤིན་རྗེའི་གཤེད་ལ་ཟླ་གདན་དང༌། གཞན་གསུམ་ལ་ཉི་གདན་དུ་བཤད་ཀྱང༌། གཞུང་དུ། ཕྱག་དང་ཞབས་དཔའ་བོ་ལྟ་བུའོ། །ཞེས་པའི་རིགས་པས་ཐམས་ཅད་ཉི་གདན་དུ་རིགས་ཤིང༌། སློབ་དཔོན་བློ་གྲོས་བཟང་པོས་ལྷ་ལྔའི་སྒྲུབ་ཐབས་སུའང་དེ་ལྟར་བཤད་དོ། །དཔྱལ་ལོ་རྗེས་འབྲངས་དང་བཅས་པ་བཅུ་གསུམ་མ་ལྟར། སྣ་ཚོགས་རྡོ་རྗེའི་ལྟེ་བ་དང༌། རྭ་བཞི་ལ་ལྷ་རྣམས་འགོད་པར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། སྣ་ཚོགས་རྡོ་རྗེའོ། །དེ་ལས་བྱུང་བའི་ཞེས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ལ། བསྙེན་སྒྲུབ་ཡན་ལག་བཞིའི་དང་པོ། བསྙེན་པ་ནི། དེ་ནས་གདན་དབུས་མའི་ཞེས་པ་ནས། བསྙེན་པའོ་ཞེས་པའི་བར་ཏེ། གཞུང་ཆེ་བར། དེའི་ལྟེ་བར་ཧཱུྃ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ། དེ་ལས་བྱུང་བའི་དབྱུག་པ་དཀར་པོ་ས་བོན་དང་བཅས་པ་ཉི་མའི་དཀྱིལ་འཁོར་ལའོ། །དེ་ཡོངས་སུ་གྱུར་པ་ལས་དཔལ་གཤིན་རྗེའི་གཤེད་དཔའ་བོ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དམར་པོ་ཉིན་མོར་བྱེད་པ་བྱེ་བའི་འོད་དང་མཚུངས་པ། ཕྱག་གཡོན་ན་བདུད་མཐའ་དག་གི་ཁྲག་གིས་གང་བའི་ཐོད་པ། ཕྱག་གཡས་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་བྱེད་པའི་དབྱུག་པ་དཀར་པོ་སྟེ། བརྒྱད་གཉིས་ལོན་པའི་རྣམ་པ་ཅན། ཀླུ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། མཆེ་བ་རྣམ་པ་གཙིགས་པ་ཅུང་ཟད་ཕྱེ་ཞིང་དྲེགས་པ་དང་བཅས་པས་བཞད་པའི་ཞལ་ཅན་ལྗགས་འགྱུར་བ། ཉི་མ་ལྟ་བུའི་སྤྱན་གསུམ་ཟླུམ་པ། ཞལ་ཁྲོ་གཉེར་ཅན། གསུས་པ་དང༌། བརླ་དང་བྲང་ཞེང་ཆེ་ཞིང་སྦོམ་ལ་རྒྱས་པ། སྐུ་དང་ཡན་ལག་དང་ཉིང་ལག་ཐུང་ལ་རགས་པ། སྨ་ར་དང་དབུ་སྐྱེས་དམར་སེར་འོད་ཟེར་དང་བཅས་པའི་འབར་བ་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། འཛག་པའི་མགོ་བོ་བརྒྱ་ཕྱེད་ཀྱི་ཕྲེང་བ་ཅན། རྡོ་རྗེ་རོ་ལངས་མས་ཡང་དག་པར་འཁྱུད་པ། ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་མ། ཕྱག་གཡོན་པའི་ཐོད་པར་གདུག་པ་བདུད་ཀྱི་ཁྲག་འཛིན་པ། གཡས་པར་རྡོ་རྗེ་གྲི་གུག་ཅན་མའོ། །མ་ཧེའི་སྟེང་ན་གཡོན་བརྐྱངས་ཀྱི་གོམ་སྟབས་ཀྱིས་བཞུགས་པ་བསྒོམ་པར་བྱའོ། །ཤར་གྱི་འདབ་མ་ལ་གཏི་མུག་གཤིན་རྗེའི་གཤེད་རྡོ་རྗེ་སྐྱོད་བྱེད་མས་འཁྱུད་པ་སྐུ་མདོག་དཀར་པོའོ། །ལྷོའི་འདབ་མར་སེར་སྣ་གཤིན་རྗེ་གཤེད་སྐུ་མདོག་སེར་པོ་ཕག་མོ་དང་སྙོམས་པར་འཇུག་པའོ། །ནུབ་ཀྱི་འདབ་མར་འདོད་ཆགས་གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་དབྱངས་ཅན་མ་དང་སྙོམས་པར་འཇུག་པའོ། །བྱང་གི་འདབ་མར་ཕྲག་དོག་གཤིན་རྗེའི་གཤེད་སྐུ་མདོག་ལྗང་གུ་རྡོ་རྗེ་གཽ་རཱི་མ་དང་སྙོམས་པར་འཇུག་པའོ། །སྐྱོད་བྱེད་མ་ནག་མོ་ཕག་མོ་སེར་མོ་དབྱངས་ཅན་མ་དཀར་མོ། གཽ་རཱི་ལྗང་གུ། གཡས་ན་གྲི་གུག་དང༌། གཡོན་ན་ཐོད་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་མ། ཕྱག་དང་ཞབས་དཔའ་བོ་ལྟ་བུའོ། །མེའི་མཚམས་སུ་མུ་མེན་གསེར་ཆབ་ཀྱི་བུམ་པ་བཞི་མཉམ་གྱིས་གང་བ་དང༌། བདེན་བྲལ་དུ་གསེར་གྱི་བུམ་པ་གླ་རྩིས་གང་བ་དང༌། རླུང་དུ་བྱི་རུའི་བུམ་པ་སིཧླས་གང་བ་དང༌། དབང་ལྡན་དུ་དངུལ་གྱི་བུམ་པ་ག་བུར་གྱིས་གང་བ་སྟེ། ཐོད་པས་ཁ་བཅད་པར་བསྒོམ་པར་བྱའོ། །ཞེས་བསྐྱེད་ཆོག་དང༌། ལྷ་ལྔ་བུམ་པ་དང་བཅས་པ་གསལ་བར་བཤད་ལ། ཆོ་ག་ལྷག་མ་རྣམས་མ་གསུངས་པ་ལ་ཆག་ལོཙྪ་བའི་གདམས་ངག་གིས། གཞུང་ཆུང་བ་ནས་ཁ་བསྐང་བར་མཛད་པ་ཤིན་ཏུ་ལེགས་པས། གཞུང་ཆུང་ལས། དེ་ནས་རང་གི་སྙིང་གར་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། ཡི་གེ་ཧཱུྃ་དམར་པོས་མཚན་པར་བསྒོམ་མོ། །ཞེས་བཤད་པས་བསྙེན་པའི་ཡན་ལག་ཁ་བསྐང་ངོ༌། །དེ་ལ་གདན་དབུས་མའི་སྟེང་དུ་སྣ་ཚོགས་རྡོ་རྗེ་བསྐྱེད་པ་ནི། རིགས་ལྔའི་ཕྱག་མཚན་མཚོན་བྱེད་ཡིན་པས། ལྷ་ལྔ་ཆར་འདི་ལས་བསྐྱེད་པའི་དོན་ཡིན་ལ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་གཤིན་རྗེའི་གཤེད་ཀྱི་གོ་འཕང་ལ་བཀོད་ནས། དེ་ཐམས་ཅད་སླར་འདུས་ཏེ་སྣ་ཚོགས་རྡོ་རྗེ་ལ་ཐིམ་པའམ། དཱ་ན་ཤཱི་ལའི་མན་ངག་ལས། སྣ་ཚོགས་རྡོ་རྗེ་ལས་འོད་འཕྲོས་པས། སྔར་གྱི་ནམ་མཁར་གནས་པའི་ནཱ་ད་བཀུག་ནས་དེ་ཉིད་དུ་ཐིམ་པར་བཞེད། གང་ལྟར་ཡང༌། སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་དུ་བསྐྱེད་པ་ལ་ཁ་ཅིག་རྡོ་རྗེ་དང་འཁོར་ལོ་ལ་སོགས་པས་མཚན་པའི་དབྱུག་པ་ལྔ། ཡཀྵེ་མ་མེ་དས་མཚན་པ་ལས་བསྐྱེད་པར་འདོད་པ་མི་འཐད་དེ། གཞུང་འདིར། དབྱུག་པ་དཀར་པོ་གཅིག་པུ་ལས་བསྐྱེད་པར་བཤད་པ་དང་འགལ་བའི་ཕྱིར་རོ། །འོ་ན་ལྷ་ལྔ་བསྐྱེད་པར་མི་འགྱུར་ཏེ། གཅིག་གི་བསྐྱེད་ཆོག་ལས་མེད་པའི་ཕྱིར་རོ་སྙམ་ན། ལྷ་ལྔ་ཆར་གྱི་ཕྱག་མཚན་དབྱུག་པ་ཁོ་ན་ཡིན་པའི་ཕྱིར་དང༌། མི་བསྐྱོད་པ་ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་ཡིན་པས་དེའི་མཚན་མ་དང༌། ས་བོན་གྱིས་མཚན་པས་ཆོ་ག་སྟེ། དཔེར་ན་བུ་ཇི་སྙེད་ཅིག་ཡོད་ཀྱང༌། ཕ་གཅིག་གི་རིགས་ཀྱིས་མཚོན་པ་བཞིན་ནོ། །ཁ་ཅིག་སྐད་ཅིག་ལས་བསྐྱེད་པར་འདོད་པ་མི་འཐད་དེ། གཞུང་འདིར། ཆོ་ག་གསུམ་གསལ་བར་བཤད་ཅིང༌། གཞུང་ཆུང་བར་ཡང༌། ཐུན་གཞན་ལ་སྔ་མ་བཞིན་དུ་ས་བོན་དང་ཕྱག་མཚན་གྱི་རིམ་པས་བདག་ཉིད་བསྐྱེད་ནས། ཞེས་བཤད་པ་དང་འགལ་བའི་ཕྱིར་རོ། །ཕྱག་གཡོན་ན། བཅུ་གསུམ་མར། གཡོན་ན་པདྨའི་སྣོད་མཆོག་ནི། །དཀར་པོ་བདུད་རྩི་ལྔ་ཡིས་གང༌། །ཞེས་ཐོད་པ་བདུད་རྩི་ལྔས་གང་བར་བཤད་ཀྱང༌། རྣལ་འབྱོར་དབང་ཕྱུག་གི་གཞུང་ཆེ་ཆུང་གཉིས་ཀ་ནས་ཁྲག་གིས་གང་བའི་ཐོད་པར་བཤད་དོ། །ཀླུ་བརྒྱད་ཀྱིས་བརྒྱན་པ་ནི། སློབ་དཔོན་དཔལ་འཛིན་གྱིས། གདེངས་ཅན་དབང་པོ་ཁྲོས་པས་བརྒྱན། །མཐའ་ཡས་སྔོན་པོ་ཀླུ་དབང་གིས། །དབུ་སྐྲ་བཅིངས་མཛེས་འཇིགས་པར་བྱེད། །ཀླུ་རྒྱལ་འཇོག་པོ་དམར་པོ་ཡིས། །རྣ་བར་དྲག་པོའི་རྣ་རྒྱན་བྱས། །སྣ་ཚོགས་རིགས་ལྡན་དཔུང་པའི་རྒྱན། །ཀླུ་རྒྱལ་དུང་སྐྱོང་སེར་པོ་ནི། །ལག་གདུབ་དག་ཏུ་འཛིན་པའོ། །པདྨ་དཀར་པོ་མགུལ་པའི་རྒྱན། །ལྗང་གུ་སྟབས་ཀྱི་རྒྱུ་ཡིས་ཀྱང༌། །མཆོད་ཕྱིར་ཐོགས་པ་ཤིན་ཏུ་མཛེས། །གདེངས་ཅན་ནོར་རྒྱས་བདུད་རྩི་ཡི། །ཁ་དོག་ལྟ་བུའི་སྐེ་རགས་བྱས། །པད་རྩ་ལྟ་བུར་དཀར་བའི་མདོག །པདྨ་ཆེན་པོས་རྐང་གདུབ་བྱས། །ཐམས་ཅད་ཕུད་ཀྱི་སྒྲ་དྲག་པོ། །ལྕེ་གཉིས་མཆེ་བའི་ཕྲེང་བ་ཅན། །ཞེས་པ་ལྟར་རོ། །ཐོད་སྐམ་ལྔའི་དབུ་རྒྱན་གཞུང་ཆེ་བར་མི་གསལ་ཡང༌། ཆུང་བར། མགོ་བོ་ལྔའི་ཕྲེང་བས་བརྒྱན་པ། ཞེས་སོ། །ཁ་ཅིག་རུས་པའི་རྒྱན་དྲུག་གིས་བརྒྱན་པར་འདོད་པ་ནི། ཤིན་ཏུ་མི་འཐད་དེ། གཞུང་འདི་གཉིས་དང༌། སློབ་དཔོན་བློ་གྲོས་བཟང་པོའི་ལྷ་ལྔའི་སྒྲུབ་ཐབས་དང༌། སློབ་དཔོན་དཔལ་འཛིན་གྱི་བཅུ་གསུམ་མའི་སྒྲུབ་ཐབས་སོགས་གང་དུའང་མ་བཤད་པའི་ཕྱིར་རོ། །གཞུང་ཆེ་བར། མ་ཧེའི་གདན་ལས། གཤིན་རྗེའི་གདན་དངོས་སུ་མི་གསལ་ཡང༌། གཞུང་ཆུང་བར་གཤིན་རྗེ་འཇིགས་པར་མཛད་པ་ཞེས་བཤད་ཅིང༌། སློབ་དཔོན་བློ་གྲོས་བཟང་པོས། མ་ཧེ་ཡི་ནི་རྒྱབ་གནས་སུ། །གཤིན་རྗེ་བརྒྱལ་ཞིང་འཇིགས་མཛད་པ། །ཞེས། མ་ཧེའི་སྟེང་དུ་གཤིན་རྗེ་འོང་བར་བཤད་དོ། །དེ་ལ་མ་ཧེ་ནི་སློབ་དཔོན་དཔལ་འཛིན་གྱིས། སྣ་ཚོགས་པདྨ་ཉི་དཀྱིལ་དུ། །ཁྲོས་ཤིང་དྲེགས་བཅས་དམར་པོ་འདི། །རུས་པའི་རྒྱན་གྱིས་རྣམ་པར་བརྒྱན། །སྨིན་མ་རྣོ་ཞིང་རྭ་འབར་བ། །རྨིག་པ་བརྡབས་པས་འཇིགས་པར་བྱེད། །མཾ་ཡིག་ས་བོན་ལས་བྱུང་བ། །འཇིགས་པ་ཡང་ནི་འཇིགས་པར་བྱེད། །ཅེས་བཤད་པ་ལྟར་རོ། །དེ་ལྟ་བུའི་མ་ཧེའི་མགོ་བོ་གཡས་སུ་བསྟན་པའི་སྟེང་དུ་གཤིན་རྗེ་ནག་པོ་གཡས་དབྱུག་པ། གཡོན་ཞགས་པ་ཐོགས་པ། མགོ་བོ་གཡས་སུ་བསྟན་ཏེ་བསྒྱེལ་བ་བོད་ཀྱི་མཁས་པ་དག་གིས་བཞེད་དོ། །དེ་ལ་འཁྱུད་པའི་ཡུམ་ནི། གཞུང་ཆུང་བར། བཅོམ་ལྡན་འདས་ཅི་འདྲ་བའི་ཤེས་རབ་སྟེ། འོན་ཀྱང་ཤེས་རབ་ནི་མོག་བོ་སྐམ་པོའི་ཕྲེང་བ་ཅན། ཞེས་པ་ཁྱད་པར་རོ། །ཞེས་གསལ་བར་བཤད་ལ། སློབ་དཔོན་བློ་གྲོས་བཟང་པོས། ཕྱག་རྒྱ་ལྔ་ཡིས་སྐུ་ལ་བརྒྱན། །ཞེས་དང༌། རྒྱུད་ལེའུ་བཅུ་དགུ་པར། །རོ་ལངས་མ་ཡི་གཡས་པ་ནི། །གྲི་གུག་གཡོན་ན་ཐོད་པ་ཅན། །སྤྱན་གསུམ་ལྡན་ཞིང་སྐྲ་གྲོལ་བ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞེས་བཤད། སློབ་དཔོན་རྣམ་སྣང་སྲུང་བས། དཔའ་བོ་གཅིག་པའི་སྒྲུབ་ཐབས་སུ། མགུལ་ནས་རབ་ཏུ་འཁྱུད་པའི་མཛེས་མ་ཡང་དག་དམ་པའི་རང་འོད་ཐོད་པ་སྐམ་པོ་ཡིས། །ཕྲེང་བ་དང་ལྡན་ན་བཟའ་དང་བྲལ་ཕྱག་གཉིས་ལྡན་མ་ཞལ་གཅིག་ཆུ་སྐྱེས་ནི། །དམ་དུ་འཁྱུད་ཅིང་ཁ་སྦྱོར་རོ་གཅིག་གཡས་བརྐྱངས་པའི་སྟབས་ཀྱིས་བཞུགས་པ་མོ། །ཞེས་གཅེར་བུ་གཡས་བརྐྱངས་ཀྱི་སྟབས་ཀྱིས་འཁྱུད་པ་བསྒོམ། འཁོར་རྣམས་ལ་ཁ་ཅིག གཙོ་བོ་ཡབ་ཡུམ་གྱི་མངལ་ནས་འབྱིན་པར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། སློབ་དཔོན་གྱི་གཞུང་གང་དུ་ཡང་དེ་ལྟར་མ་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ནི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པ་དང༌། དེའི་རྗེས་སུ་འབྲངས་པའི་བློ་གྲོས་བཟང་པོའི་སྒྲུབ་ཐབས་ནས་བཤད་དོ། །སྙམ་ན། དེ་ལྟར་ན་མངོན་བྱང་ལྔ་ལས་ཐིག་ལེར་ཞུ་བ་དང༌། དེ་ལ་གླུས་བསྐུལ་བ་སོགས་ཀྱང་བྱ་དགོས་པར་འགྱུར་ལ། ཡེ་ཤེས་སེམས་དཔའ་དགུག་གཞུག་བྱས་པའི་ཕྱི་ནས་དབང་བསྐུར་བ་ཡང་བྱ་དགོས་པར་འགྱུར་ཏེ། རྒྱུད་དང༌། སློབ་དཔོན་དེས་བཤད་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། སློབ་དཔོན་བིརྺ་པས་དབང་བསྐུར་བའི་རྗེས་ལ། ཡེ་ཤེས་པ་འཇུག་པ་གཞུང་གཉིས་ཀར་བཤད་པ་དང༌། ཞུ་བ་གླུས་བསྐུལ་བ་སོགས་ཁྱོད་རང་ཡང་མི་འདོད་པའི་ཕྱིར་རོ། །འཁོར་བཞི་ལ་ཡང་མ་ཧེ་དང༌། གཤིན་རྗེའི་གདན་ཡོད་པར་མངོན་ཏེ། སློབ་དཔོན་བློ་གྲོས་བཟང་པོས། འདི་དག་ཀུན་ཀྱང་གཤིན་རྗེའི་གཤེད་དམར་པོ་དང༌། རོ་ལངས་མ་ལྟ་བུར་བསྒོམ་པར་བྱའོ། །ཞེས་སོ། །ཕག་མོ་ནི་ཁ་ཅིག་ལྷའི་ཞལ་ཅན་དུ་འདོད་པ་ནི་མི་འཐད་དེ། བློ་གྲོས་བཟང་པོས་ལྷོའི་འདབ་མ་ལ། ཉི་མ་ལ་སེར་སྣ་གཤིན་རྗེའི་གཤེད་སེར་པོ་ཕག་མོ་སེར་མོ་ཕག་ཞལ་ཅན་གྱིས་འཁྱུད་པའོ། །ཞེས་དང༌། དཔལ་འཛིན་གྱིས། ལྷོ་ནུབ་དག་ཏུ་རྡོ་རྗེ་ས། །ལས་སྐྱེས་རྡོ་རྗེ་ཕག་མོ་སྟེ། །དྲག་མོ་ཕག་གི་གདོང་ཅན་ཉིད། །ཞེས་ཕག་ཞལ་དུ་བཤད་པའི་ཕྱིར་རོ། །མཚམས་བཞིར་བུམ་པ་བཞི་ནི། ཁ་ཅིག་འཇིག་རྟེན་པའི་གཤིན་རྗེ་གཤེད་བཞི་བུམ་པའི་ཚུལ་དུ་སྦས་པ་ཡིན་ཟེར་ལ། ཁ་ཅིག་མཆོད་པའི་ཆེད་དུ་བདུད་རྩིས་གང་བའི་བུམ་པ་འཇོག་པ་ཡིན་ཟེར་ཏེ། ཕྱི་མ་བདེ་མཆོག་དང་མཐུན་ནོ། །དེ་ལས་མུ་མེན་གྱི་བུམ་པ་བཞི་མཉམ་གྱིས་གང་བ་ནི། དགོངས་པའི་སྐད་ཀྱི་འགྲེལ་པར། ཙ་ཏུར་ས་མ་ནི་འབྱུང་བ་བཞི་མཉམ་པ་ཉིད་དོ། །ཞེས་དྲི་ཆེན་ལ་བཤད་པས། འབྲས་སམ། ནས་རྩི་མེད་ཀྱི་ཟན་དང༌། འོ་མ་སྦྲང་རྩི་སོགས་ཟོས་པའི་དྲི་ཆེན། དྲི་ཆུ་བར་པ་དང་ལྷན་ཅིག་ཉི་མ་ལ་སྦྱངས་པའི་དྭངས་མ། དྲི་ང་བའི་རླབས་དང་བྲལ་བ་སྟེ། སྡོམ་འབྱུང་དུ། འོ་མའི་སྟོན་མོ་སོགས་སྐྱེས་པའི། །ཙནྡན་སེར་པོ་ཡང་དག་བཟང༌། །ཞེས་སོ། །དེ་ལ་ཅིའི་ཕྱིར་བཞི་མཉམ་ཞེས་བྱ་ཞེ་ན། འབྱུང་བ་བཞིའི་རྩིག་མ་དག་ཆ་མཉམ་དུ་གནས་པའི་ཕྱིར་རོ་ཞེས་སྨན་པ་དག་གིས་ཟེར་རོ། །གསེར་གྱི་བུམ་པ་གླ་རྩིས་གང་བ་ནི། དྲི་ཆུ་སྟེ། ནད་མེད་པའི་མི་ཡི་དྲི་ཆུ་ཐོག་མཐའ་གཉིས་བོར་བའི་དྭངས་མ་ཡིན་ཏེ། སྡོམ་འབྱུང་དུ། དང་པོ་ཐ་མ་སྤངས་དག་པ། །དག་པའི་ཤེལ་དང་མཚུངས་པ་སྟེ། །རི་དྭགས་ལྟེ་བར་རབ་ཏུ་བསྔགས། །མཛེས་པའི་གླ་རྩི་ཡང་དག་བླངས། །ཞེས་དང༌། དེའི་འགྲེལ་པར། དང་པོ་ཐ་མ་ཞེས་པ་འདིར་མན་ངག་ནི། ཤིང་ནིམ་པ་ལས་བྱས་པའི་སྦུབས་སམ། སྨྱུག་མའི་སྦུབས་ལ་ཆ་གསུམ་གྱི་བར་དུ་བུག་པ་གཉིས་བྱས་ཏེ། བསིལ་བར་གྱུར་པ་མི་བསྐྱོད་པ་སྟེང་འོག་གི་ཆ་དོར་བའི་བར་གྱི་ཆ་བླང་བར་བྱའོ། །སྨྱུག་སྦུབས་ལ་ནི་ཀ་ཏ་ཀའི་ཡལ་གའི་ཕྱེ་མ་བཏབ་ནས། དེའི་སྟེང་དུ་མར་ཁུའི་ཆ་དང༌། འོག་ཏུ་ལན་ཚྭའི་ཆ་དང༌། བར་དུ་དག་པའི་ཆར་འགྱུར་རོ། །ཞེས་སོ། །སིཧླ་ནི། རཀྟ་ཏེ། སྡོམ་འབྱུང་དུ། རིགས་ལས་བྱུང་བ་མཆོག་ཡིན་ཏེ། །རང་རིག་ལས་བྱུང་འབྲིང་དུ་འདོད། །ཐ་མ་བུད་མེད་ལས་བྱུང་དམན། །རྒན་དང་བྱིས་པ་རྣམ་པར་སྤང༌། །མདོག་ནག་གཟུགས་ནི་རྣམ་པར་སྡང༌། །གཞོན་ཞིང་སྐྲ་ནི་སྣུམ་པ་དང༌། །མིག་འབྲས་ནག་ཅིང་དྲི་ཞིམ་གང༌། །དེ་ཡི་མེ་ཏོག་རབ་བསྔགས་ཏེ། །ནག་པོའི་ཕྱོགས་ཀྱི་གཞོན་ནུའི་རྡུལ། །མངོན་འདོད་དངོས་གྲུབ་ཐམས་ཅད་སྟེར། །དཀར་པོའི་ཕྱོགས་ཀྱི་ཟླ་མཚན་ནི། །མི་བསྔགས་རྒན་པ་ལ་སོགས་བྱེད། །ཅེས་སོ། །ག་པུར་ནི། བྱང་སེམས་དཀར་པོ་སྟེ། རྟོག་གསུམ་ལས། ཚེས་གཅིག་སྐྱ་རེངས་ཤར་བ་ནས། །སྣོད་ལ་མ་རེག་རུས་སྦལ་ཞོ། །དྲོད་མ་ཡལ་བར་བཏུང་བའོ། །ཡང་ན་ཉི་མའི་སྦུ་གུས་བཏུང༌། །ཞེས་སོ། །དེ་ལྟར་བདུད་རྩི་བཞི་དངོས་སུ་བསྟན་ལ། བདུད་རྩི་ལྔ་པ་གསལ་བར་བཤད་པ་མི་སྣང་ཡང༌། བུམ་པའི་སྟེང་གི་ཐོད་པ་བཞི་པོ། ཤ་ཆེན་གྱི་དྭངས་མས་གང་བ་ཡིན་ནམ་སྙམ་སྟེ། ཤེས་བྱེད་བཙལ་ལོ། །དེ་ལྟར་ན་ཤ་ཆེན་གྱི་དྭངས་མ་ནི་རྣམ་པ་གསུམ་སྟེ། སྡོམ་འབྱུང་དུ། མར་ནི་གསུམ་སྟེ་མགོ་སྐྱེས་དང༌། སྦུབས་ལས་སྐྱེས་དང་ཤ་སྐྱེས་སོ། །མགོ་སྐྱེས་མར་གྱི་མཆོག་ཡིན་ནོ། །སྦུབས་ལས་བྱུང་བ་བར་པ་ཡིན། །ཤ་ལས་བྱུང་བའི་མར་ནི་སྨན། །ཞེས་སོ། །དེ་ལྟར་བདུད་རྩི་ལྔས་མཆོད་པས་ནི། རྣལ་འབྱོར་པ་ཚེ་རིང་བའི་རྟེན་འབྲེལ་དུ་འགྱུར་ཏེ། དུས་འཁོར་བསྡུས་རྒྱུད་ལས། བཤང་པ་གཅིན་དང་ཁུ་བ་ཁྲག་ནི་མིའི་ཤ་དང་བཅས་པས་ཚེ་ནི་རིང་བ་སྟེར་བར་འགྱུར། །ཞེས་བཤད་དོ། །དེས་ན་ནང་མཆོད་ཀྱི་ཚེ། ཆང་བདུད་རྩི་ལྔར་བསྒོམས་ནས་འབུལ་བ་ཡང༌། དོན་འདི་ལ་དགོངས་ནས་སོ། །དེ་ལྟར་གཙོ་འཁོར་ཐམས་ཅད་བསྐྱེད་ཚར་བའི་རྗེས་ལ། གཙོ་བོའི་ཐུགས་ཀར་ཕྱག་མཚན་ཧཱུྃ་ཡིག་དང་བཅས་པ་རྣམས། ལུས་ཀྱི་ནང་དུ་བསྒོམས་ནས། ཤེལ་ལ་མེ་ཏོག་གི་གཟུགས་བརྙན་ཤར་བ་ལྟར་བསམ་དགོས་ཏེ། སློབ་དཔོན་དཔལ་འཛིན་གྱིས། ཇི་ལྟར་དྭངས་པའི་ཤེལ་དག་ལ། །ཛ་བའི་མེ་ཏོག་དྲུང་དུ་བཞག །ཛ་བའི་མེ་ཏོག་དེ་མཚུངས་པ། །རབ་ཏུ་གསལ་བ་སྣང་བར་འགྱུར། །དེ་བཞིན་དེ་དབུས་ཉི་མར་གནས། །གསལ་བ་དེར་སོན་གདན་དག་ལ། །མར་མེ་འབར་བའི་རྩེ་ལྟ་བུའི། །ཧཱུྃ་གི་རྣམ་པར་རབ་ཏུ་བསམ། །ཞེས་སོ། །དེ་ལས་བདག་ལྷར་བསྐྱེད་པ་ནི་དམ་ཚིག་སེམས་དཔའ། ཕྱག་མཚན་ནི་ཡེ་ཤེས་སེམས་དཔའ། ས་བོན་ནི་ཏིང་ངེ་འཛིན་སེམས་དཔའི་ངོ་བོ་ཡིན་པར་དཔྱལ་ལོཙྪ་བའི་བཤད་པ་ལས་འབྱུང་བ་ནི་ཤིན་ཏུ་ལེགས་པར་སྣང་ངོ༌། །ཁ་ཅིག་རང་འདྲའི་ཡེ་ཤེས་སེམས་དཔའ་དང༌། དབྱུག་པ་ས་བོན་དང་བཅས་པ་ལ། ཏིང་ངེ་འཛིན་སེམས་དཔར་ངོས་འཛིན་པ་ནི། རྣལ་འབྱོར་དབང་ཕྱུག་གི་གཞུང་དང་མི་མཐུན་ནོ། །གཉིས་པ་སྒྲུབ་པ་ནི། དེ་ནས་ཞེས་པ་ནས། སྒྲུབ་པའོ་ཞེས་པའི་བར་ཏེ། གཞུང་ཆུང་བར། དེ་ནས། བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཡི་གེ་ཧཱུྃ་ལས་བྱུང་བ་དང༌། བཅོམ་ལྡན་འདས་མའི་པདྨ་ཨ་ལས་བྱུང་བ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཀྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་སྙོམས་པར་བཞུགས་པས་བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་དུ་བསྒོམ་པ། དེའི་རྗེས་ལ་ཡུམ་གྱི་ལྟེ་བའི་ཁར་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཡི་གེ་ཧཱིཿདམར་པོ། མགོ་བོར་རེ་ཁཱ་དཀར་པོ་གནས་པར་བསྒོམ། ཞེས་པས་བསྟན་ཏོ། །དེ་ལ་གཙོ་བོ་ཡབ་ཡུམ་གྱི་རྡོ་རྗེ་པདྨ་སྙོམས་པར་ཞུགས་པའི་བདེན་བའི་སྒྲས། སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས་རང་གི་ལུས་ལ་ཐིམ་པས། བདེ་བ་དམ་པའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུར་བསྒོམས་ནས། སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་མཉམ་པར་བཞག་དགོས་ཏེ། སློབ་དཔོན་དཔལ་འཛིན་གྱིས། འདོད་ཆགས་ཆེན་པོས་གདུལ་བྱ་ནི། །འགྲོ་བ་གསུམ་པོ་མཉམ་བལྟས་ནས། །རང་སྙིང་ཡེ་ཤེས་འོད་ཟེར་གྱིས། །འགྲོ་བ་སངས་རྒྱས་གཟུགས་བརྙན་བྱས། །རང་གི་ལུས་ལ་མཉམ་པར་ཞུགས། །བདེ་བ་དམ་པའི་རང་བཞིན་དུ། །བདག་ཉིད་ལོངས་སྤྱོད་རྫོགས་པར་བསྒོམ། །ཀུན་ཏུ་རྟོགས་པ་ཐམས་ཅད་སྤང༌། །ཞེས་སོ། །ཡུམ་གྱི་ལྟེ་བའི་འོག་ཏུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདམར་པོ་མགོ་གྱེན་བསྟན་བསྒོམས་ནས། དེའི་སྟེང་ནས་ཡུམ་གྱི་སྤྱི་བོའི་བར་པདྨའི་སྣལ་མ་བ་ཐག་ལྟ་བུས་སྦྲེལ་བར་བསམས་ཏེ། སློབ་དཔོན་དཔལ་འཛིན་གྱིས། ཤེས་རབ་ལྟེ་འོག་མཚོ་སྐྱེས་ནི། །འདབ་མ་བརྒྱད་པ་དམར་པོ་དེའི། །ལྟེ་བར་གནས་པའི་ཧྲཱིཿཡིག་དམར། །དེ་ཡི་སྟེང་དུ་གནས་པ་ཡིས། །པདྨའི་སྣལ་མའི་གཟུགས་ཅན་ནི། །སྤྱི་བོའི་བདུད་རྩི་ལས་འཐོན་པ། །རི་མོ་དཀར་པོར་གསལ་བར་བྱ། །ཤེས་རབ་འཕེལ་བ་ཉེར་གནས་གང༌། །ཞེས་སོ། །ཤེས་རབ་འཕེལ་བ་ཞེས་པའི་དོན་ཡང༌། ལྟེ་བ་སྤྲུལ་པའི་འཁོར་ལོ་དྲོད་ཀྱི་གནས་དང༌། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་བདེ་བའི་གནས་གཉིས་ལ་གནད་དུ་བསྣུན་པས། རླུང་ཨ་ཝ་དྷཱུ་ཏཱིར་ཚུད་དེ། ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་སྒྲོ་འདོགས་ཆོད་པའི་སྟོང་ཉིད་ཀྱི་ལྟ་བ་རྒྱུད་ལ་སྐྱེས་པ་ནི། ཤེས་རབ་འཕེལ་བ་ཞེས་བྱ་སྟེ། སྟོང་ཉིད་ཤེས་རབ་ཀྱི་དམ་པ་ཡིན་པའི་ཕྱིར་རོ། །དེས་ན་བསམ་གཏན་འདི་བསྒོམས་པས། འཛིན་བློ་སོགས་ཀྱིས་ཤེས་རབ་སྐྱེ་བར་ངོས་འཛིན་པར་མི་བྱའོ། །འདིར་རླུང་གི་དཀྱིལ་འཁོར་བསྐྱེད་པ་ནས་སེམས་དཔའ་སུམ་བརྩེགས་བསྒོམ་པའི་བར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ་སེམས་འཛིན་པ་ནི། སྤྲུལ་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས། སྙོམས་པར་འཇུག་པས་བདེ་བ་ཆེན་པོས་རྒྱུད་གང་བ་ལ་དམིགས་པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས། ཤེས་རབ་འཕེལ་བའི་རྣལ་འབྱོར་བསྒོམས་པས། སྟོང་ཉིད་ཀྱི་ལྟ་བ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེས་ཏེ། དེའི་ངང་ལ་སེམས་འཇོགས་པ་ན། ཆོས་ཀྱི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས་ཏེ། སྐུ་གསུམ་ལམ་དུ་བྱེད་པའི་སྒྲུབ་ཐབས་སོ། །དེའི་རྗེས་སུ་སྐྱེ་མཆེད་དང་སྐུ་གསུམ་ཐུགས་བྱིན་གྱིས་བརླབ་པ་ནི། རྣལ་འབྱོར་དབང་ཕྱུག་གི་གཞུང་ཆེ་ཆུང་ན་མེད་པས་མ་བྱས་ཀྱང་ཆོག་ལ། བྱེད་པར་སྤྲོ་ན། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ཙམ་མམ། སྐྱེ་མཆེད་བྱིན་བརླབ་བཅུ་གསུམ་མ་ལྟར་བཞེད་མོད། བློ་གྲོས་བཟང་པོའི་ལྷ་ལྔའི་སྒྲུབ་ཐབས་དང༌། རྣམ་སྣང་སྲུང་བའི་དཔའ་བོ་གཅིག་པའི་སྒྲུབ་ཐབས་རྣམས་ནས་ཀྱང་མི་འབྱུང་ངོ༌། །གསུམ་པ་སྒྲུབ་པ་ཆེན་པོ་ནི། དེ་ནས་ཐུགས་ཀའི་ཞེས་པ་ནས། སྒྲུབ་པ་ཆེན་པོའི་ཞེས་པའི་བར་ཏེ། གཞུང་ཆུང་བར། སྙིང་གའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་ནམ་མཁར་སྤྱན་དྲངས་ལ། སྔར་བཞིན་མཆོད་ནས་དབང་བསྐུར་བའི་དོན་དུ་གསོལ་བ་བཏབ་སྟེ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རིན་པོ་ཆེ་ལ་སོགས་པ་སྤྲས་པའི་གསེར་གྱི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བས་དབང་བསྐུར་བ་དང༌། གུར་གུམ་དང་མེ་ཏོག་ལ་སོགས་པའི་ཆར་འབབ་པ་དང༌། རྔའི་སྒྲ་ལ་སོགས་པ་བསྒོམ། ཞེས་པས་བསྟན་ཏེ། དེ་ལ་གང་ལ་དབང་བསྐུར་བ་ཞུ་བའི་ཡུལ་ནི། དེ་བཞིན་གཤེགས་པ་ལྔ་རྣམས་ཞེས་བཤད་པས། གཤིན་རྗེའི་གཤེད་ལྷ་ལྔའི་དཀྱིལ་འཁོར་ཉིད་ཡིན་ལ། དབང་བསྐུར་ནས་ཆུ་ལྷག་མ་ཡར་ལུད་པས་རིགས་བདག་གིས་རྒྱས་གདབ་པ་ནི། བློ་གློས་བཟང་པོས། དེ་ནས་དབང་བསྐུར་བའི་ཆུས་སྤྱི་བོར་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་བསམ་མོ། །དཀྱིལ་འཁོར་བའི་སྤྱི་བོར་ནི་རང་གི་རིགས་ཀྱི་གཟུགས་བརྙན་ནོ། །ཞེས་འདིར། ཡེ་ཤེས་པ་མ་བཅུག་པའི་གོང་དུ་དབང་བསྐུར་བྱ་བར་གསུངས་པ་དང༌། བདེ་མཆོག་སོགས་སུ་ཡེ་ཤེས་པ་བཅུག་ནས་དབང་བསྐུར་བར་གསུངས་པའི་གོ་རིམ་གྱི་ཁྱད་པར་ལ། བླ་མ་དག རྡོ་རྗེ་གུར་ལས། སྐྱེས་བུ་རྣམས་ནི་གདུལ་བའི་ཕྱིར། །རྣལ་འབྱོར་ཐབས་ཀྱི་རྒྱུད་ཅེས་བྱ། །ཤེས་རབ་རྣམས་ནི་རྗེས་གཟུང་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་བཤད་དོ། །ཞེས་སྐྱེས་པ་འདུལ་བ་ལ་ཕ་རྒྱུད་དང་བུད་མེད་འདུལ་བ་ལ་མ་རྒྱུད་གསུངས་པར་བཤད་ལ། འཇིག་རྟེན་ན་བུ་བསམ་པ་ཡོངས་སུ་མ་རྫོགས་ཀྱང༌། རང་གི་ཕ་ཡིས་མངའ་རིས་ལ་དབང་ཞིང༌། བུ་མོ་བསམ་པ་མ་རྫོགས་བར་དུ་མི་དབང་བ་ལྟར། ཕ་རྒྱུད་དུ་ཐོག་མར་དབང་བསྐུར་ནས་ཡེ་ཤེས་པ་ཕྱིས་འཇུག་ལ། མ་རྒྱུད་དུ་བསམ་པ་དང་འདྲ་བའི་ཡེ་ཤེས་པ་ཐོག་མར་འཇུག་ནས། རྗེས་ལ་དབང་བསྐུར་བྱེད་པའོ། །ཞེས་གསུངས་པ་འཐད་པར་སྣང་མོད། ཤེས་བྱེད་ཀྱིས་གཞུང་བརྟག་གོ །བཞི་པ་ཉེ་བར་སྒྲུབ་པ་ནི། སླར་ཡང་ཞེས་པ་ནས། ཉེ་བར་བསྒྲུབ་པའོ། །ཞེས་པའི་བར་ཏེ། གཞུང་ཆུང་བར། ཡང་སྙིང་གའི་ས་བོན་གྱི་འོད་ཀྱིས་ནམ་མཁའི་ཕྱོགས་སུ་གཤིན་རྗེ་མཐར་བྱེད་དམར་པོ་སྤྱན་དྲངས་ལ། སྔར་བཞིན་ཡང་དག་པར་མཆོད་ནས། ཛཿཧཱུྃ་བྃ་ཧོཿ ཞེས་བྱ་བ་འདིས་བཀུག་སྟེ། བཅུག་ལ་བཅིངས་ནས་དབང་དུ་བྱ་སྟེ། ཞེས་པས་བསྟན་ནོ། །ཡེ་ཤེས་པ་བཅུག་པའི་རྗེས་ལ། དམ་ཚིག་སེམས་དཔའི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་དམར་པོ་བསམས་པར་བཞེད་པ་ནི། ལྷ་ལྔའི་གཞུང་གང་དུ་ཡང་བཤད་པ་མེད་ཅིང༌། གཞུང་ཆུང་བའི་བཟླས་པའི་དམིགས་པ་ལ་འཁྲུལ་པར་མི་བྱའོ། །དེའི་རྗེས་སུ་རྣལ་འབྱོར་དབང་ཕྱུག་གིས་གཞུང་ཆེ་ཆུང་ནས་བཤད་པ་མེད་ཀྱང༌། རྒྱུད་ལེའུ་བཅུ་དགུ་པའི་ལྷ་ལྔའི་མངོན་རྟོགས་ཀྱི་སྐབས་ན་ཡོད་པས། མཆོད་བསྟོད་བདུད་རྩི་མྱང་བ་རྣམས་ཀྱིས་ཁ་བསྐང་བར་བཞེད་མོད། གཞུང་འདི་རྣལ་འབྱོར་བསྡུས་པའི་ལུགས་ཡིན་པས། དེ་རྣམས་བྱ་མི་དགོས་སོ། །བསྐྱེད་རིམ་ཡན་ལག་བཞིས་འཆིང་བ་འདི་ནི། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་གི་བཞེད་པ་ཐུན་མོང་མ་ཡིན་པ་ཡིན་ལ། ཤེས་བྱེད་ཀྱང་གསང་འདུས་རྒྱུད་ཕྱི་མར། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐ་མལ་སྒྲུབ་པའི་བསྙེན་པ་བྱ། །ཞེས་གསུངས་པ་ལ་བརྟེན་ནས། དང་པོ་སྟོང་ཉིད་བསྒོམས་པའི་རྗེས་སུ་ལྷའི་སྐུ་ལ་བྱང་ཆུབ་པ་བསྙེན་པའི་ཡན་ལག་དང༌། དེའི་མིག་ལ་སོགས་པ་ལ་ས་བོན་དགོད་པ་ཉེར་སྒྲུབ་དང༌། རང་འདྲའི་ལྷའི་གཟུགས་བརྙན་བཀུག་པ་སྒྲུབ་པ་དང༌། ཡིག་འབྲུ་དགོད་པ་ནི་ཡི་གེའི་སྐད་དོད་ལ། ཨཀྵ་ར་ཞེས་པ་ཡོད་ལ། དེ་འགྱུར་མེད་ལ་འཇུག་པས། གང་གིས་རྒྱས་བཏབ་པའི་དེ་བཞིན་གཤེགས་པ་དེའི་རིགས་ལས། གཞན་དུ་འགྱུར་བ་མེད་པས། འགྱུར་མེད་དེ། སྤྱི་བོར་རིགས་བདག་གིས་རྒྱས་འདེབས་པའོ། །དེ་ལྟར་བསྙེན་སྒྲུབ་ཡན་ལག་བཞིའི་བཤད་པ་ནི། གསང་འདུས་ཡེ་ཤེས་ཞབས་ལུགས་པ་རྣམས་དང་མཚུངས་པར་སྣང་ངོ༌། །དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་དོན་དམ་པར་དཔྱད་ན་མཐའ་བཞི་གང་དུ་ཡང་མ་གྲུབ་པས། ཐམས་ཅད་སྟོང་པ་འོད་གསལ་བའི་རང་བཞིན། ཀུན་རྫོབ་ཏུ་རྣམ་པ་ལྷའི་འཁོར་ལོ། གསལ་ལ་རྫོགས་པ་མེ་ལོང་གི་གཟུགས་བརྙན་ལྟར་སྣང་བ། བདེ་བ་ཆེན་པོའི་རང་བཞིན་ལ། ཀུན་ཏུ་རྟོག་པ་ཐམས་ཅད་སྤང་བའི་ཡིད་ཀྱིས། སེམས་མཉམ་པར་བཞག་སྟེ། ཡུན་རིང་དུ་བསྒོམ་མོ། །གཉིས་པ་ནི། དེ་ལྟར་བསྒོམས་པའི་བསྐྱེད་པའི་རིམ་པ་དེ་རྣམས་ཀྱང༌། སྦྱང་གཞི་སྐྱེ་འཆི་བར་དོ་གསུམ་སྦྱོང་བའི་ཚུལ་དུ་བསྒོམ་པ་ནི། རྣལ་འབྱོར་བླ་མེད་ཀྱི་བསྟན་པའི་སྙིང་པོ་ཡིན་པས། དེ་བཤད་ན། འདི་ལྟར་སྐྱེ་བ་སྔ་མ་ལ། མིའམ་དུད་འགྲོ་ལ་སོགས་པ་གང་ཡང་རུང་བའི་རྟེན་གཅིག་ཐོབ་ནས། རྟེན་དེས་ཡུལ་དག་པ་དང་མ་དག་པ་ལ་བརྟེན་ནས། སྐྱེ་བ་ཕྱི་མ་མིར་སྐྱེ་ངེས་ཀྱི་བསོད་ནམས་ཀྱི་ཚོགས་གསོག་པར་བྱེད་པ་ཡོད་དོ། །སྦྱང་གཞི་དེའི་གཉེན་པོར་རང་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་ཡི་དམ་སྤྱན་དྲངས་པ་ལ་ཡན་ལག་བདུན་པ་སོགས་ཀྱིས་ཚོགས་བསགས་པ་དང་མ་དག་པའི་སེམས་ཅན་རྣམས་ལ། ཚད་མེད་པ་བཞི་བསྒོམས་ནས། ཚོགས་གསོག་པར་བྱེད་དོ། །ཡང་སྦྱང་གཞི་ལ། སྔར་གྱི་སེམས་ཅན་དེ། ཚེ་དང༌། ལས་དང༌། བསོད་ནམས་ཟད་ནས། དབང་པོ་རྣམས་རིམ་གྱིས་འགགས་ནས་འཆི་བ་མངོན་དུ་གྱུར་པ་ཡོད་ལ། དེའི་གཉེན་པོར་ཡེ་ཤེས་ཀྱི་ཚོགས་བསྒོམས་པས། ཕྱི་ནང་གི་དངོས་པོ་ཐམས་ཅད་སྟོང་པར་བསྒོམ་པར་བྱེད་དོ། །དེ་ནས་སྔར་གྱི་སེམས་ཅན་ཤི་བ་དེས་བར་མ་དོའི་ལུས་གྲུབ་ནས། གང་དུ་སྐྱེ་བར་འགྱུར་བའི་གནས་ཚོལ་བར་བྱེད་ལ། དེ་བཞིན་དུ་སྦྱོང་བྱེད་བསྐྱེད་རིམ་ལ་ཡང༌། བར་དོའི་མཚོན་བྱེད་ཅིག་དགོས་པ་ལ། དགྲ་ནག་དང་བཅུ་གསུམ་མ་སོགས་སུ་ཡི་གེ་གསུམ་ནམ་མཁར་འཇོག་པ་བཤད་ཅིང༌། བློ་གྲོས་བཟང་པོས་ལྷ་ལྔའི་སྒྲུབ་ཐབས་སུ། དེ་ནས་སྐད་ཅིག་གིས་བདག་ཉིད་ཤ་དང་རུས་པ་དང་ཁྲག་ལ་སོགས་པ་མེད་ལ། ཤིན་ཏུ་དྭངས་ཤིང་གཞོམ་དུ་མེད་པ། ཞལ་གཅིག་ཕྱག་གཉིས་པ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་འཛིན་པ་གཅེར་བུ་རྟགས་གྱེན་དུ་འགྲེང་བ། རལ་པ་འཕྱང་བ། དཀར་པོ་པདྨ་དང་ཟླ་བ་ལ་གནས་པ་ཞི་བའི་གཟུགས་ཅན། སེམས་དཔའི་སྐྱིལ་ཀྲུང་ཅན། རླུང་སེམས་ཟུང་དུ་འཇུག་པར་བསྒོམ་མོ། །ཞེས་བར་སྲིད་ཀྱི་ལུས་ནམ་མཁའ་ལ་འཇོག་པར་བཤད་ཀྱང༌། འདིར་དེའི་གསལ་ཆ་མི་སྣང་ཡང༌། དཱ་ན་ཤཱི་ལའི་མན་ངག་ལས། ཡེ་ཤེས་ཀྱི་ཚོགས་ཀྱི་སྔགས་གསུམ་པའི་སྐབས་སུ་ཐིག་ལེ་ནཱ་དའི་བར་དུ་བསྡུས་ནས། སེམས་རྟོག་པ་བྲལ་བའི་ནཱ་ད་ཙམ་བར་སྣང་ལ་འཇོག་པར་བཞེད་པ་ནི་ཤིན་ཏུ་ལེགས་ལ། མན་ངག་སྙེ་མར། ནཱ་ད་ཙམ་ནམ་མཁའ་ལ་འཇོག་པ་བར་སྲིད་ཀྱི་སྦྱོང་བྱེད་དུ་བཤད་པ་དང་མཐུན་ནོ། །དེ་ནས་བར་སྲིད་ཀྱི་ཤེས་པ་དེ་གང་དུ་སྐྱེ་བའི་གནས་ཚོལ་ཞིང༌། ལས་དང་མཐུན་པའི་སྐྱེ་གནས་གྲུབ་པ་ཞིག་ཡོད་ལ། འབྱུང་བཞི་ལྷུན་པོ་དང་བཅས་པའི་སྟེང་དུ། སྲུང་བའི་འཁོར་ལོའི་ཁོངས་སུ་ཆུད་པའི་གཞལ་ཡས་ཁང་སྣ་ཚོགས་པདྨ་འདབ་མ་བརྒྱད་དང་བཅས་པ་བསྒོམ་པར་བྱེད་དོ། །དེ་ནས་མངལ་འཛིན་པ་ལ། མ་ཡི་མཚོན་བྱེད་ནི་ཉི་མའི་དཀྱིལ་འཁོར། ཕ་ཡི་མཚོན་བྱེད་ནི་སྣ་ཚོགས་རྡོ་རྗེ། ཕ་མ་སྙོམས་པར་འཇུག་པ་ནི་དེ་གཉིས་སྟེང་འོག་ཏུ་གནས་པ། དེ་ལས་འོད་འཕྲོ་བ་ནི་བདེ་བའི་སྒྲ་སྒྲོགས་པ། འོད་དེས་ནམ་མཁའི་ནཱ་ད་བཀུག་ནས། སྣ་ཚོགས་རྡོ་རྗེ་ཉི་མ་དང་བཅས་པ་ལ་ཐིམ་པ་ནི། ཕ་མ་ཉལ་པོ་བྱེད་པའི་ཁའམ། སྦྱོར་མཚམས་སམ་སྤྱི་བོ་ནས་བར་སྲིད་ཞུགས་པ། དེ་ལས་སྣ་ཚོགས་རྡོ་རྗེ་ཉི་མ་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཕ་མ་བདེ་བས་ཚིམ་ནས་ཁུ་ཁྲག་འདྲེས་པར་གྱུར་ཏེ། སྐྱེ་གནས་ཀྱི་དབུས་སུ་ཐིག་ལེའི་གཟུགས་སུ་གྱུར་པ། དེ་ནས་ཟླ་བ་བཅུ་ལུས་རྫོགས་པ་ལ། དང་པོ་ནུར་ནུར་པོ། གཉིས་པ་མེར་མེར་པོ། གསུམ་པ་ལྟར་ལྟར་པོ། བཞི་པ་གོར་གོར་པོ། ལྔ་པ་མཁྲང་འགྱུར་རྣམས་འབྱུང་ལ། དེ་དག་རྒྱུད་སྡོམ་འབྱུང་ལས། མི་བསྐྱོད་གཟུགས་ཀྱི་ནུར་ནུར་པོ། །ཞེས་སོགས་རིགས་ལྔར་བཤད་པས། མངལ་གྱི་གནས་སྐབས་ལྔའི་སྦྱོང་བྱེད་ནི། ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྟེ་དེའི་ཞབས་ཀྱུ་བྱ་བ་གྲུབ་པ། ཁོག་པ་སོ་སོར་རྟོག་པ། མགོ་བོ་མཉམ་པ་ཉིད། ཟླ་ཚེས་མེ་ལོང་ལྟ་བུ། ཐིག་ལེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་སམྦུ་ཊ་རྩ་འགྲེལ་དུ་བཤད་ལ། ཡེ་ཤེས་ལྔ་ནི་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་རྐང་ལག་འགྱུས་པའི་གནས་སྐབས་ན། ཡན་ལག་ལྔ་ཅུང་ཟད་དོད་པ་དང༌། དེ་ནས་སྐྲ་དང༌། བ་སྤུ་དང༌། སེན་མོ་རྣམས་ཟླ་བ་བདུན་གྱིས་རྫོགས་ལ། དབང་པོ་དང༌། མཚན་མ་དང༌། གཟུགས་རྣམས་ཟླ་བ་བརྒྱད་ལ་རྫོགས། དགུ་ལ་ཐམས་ཅད་རྫོགས་ནས། བཅུ་ལ་ལས་དང་མཐུན་པའི་ལུས་གྲུབ་པར་བྱེད་དོ། །དེ་བཞིན་དུ་སྦྱོང་བྱེད་བསྐྱེད་པའི་རིམ་པ་ལ། ཧཱུྃ་ཡིག་ལས་བསྐྱེད་པའི་དབྱུག་པ་ཧཱུྃ་ཡིག་གིས་མཚན་པ་ལས། ལྷའི་སྐུ་སྒོམ་པར་བྱེད་ལ། གཙོ་འཁོར་ལྔ་ཆར་དུས་གཅིག་ལ་བསྐྱེད་པ་ནི། མངལ་སྒོ་གཅིག་ནས་བུ་བུ་མོ་དུ་མ་ཞིག་དུས་གཅིག་ལ་བཙའ་བ་ཡང་ཡོད་པས། སྦྱང་གཞི་དེའི་དབང་དུ་བྱས་པར་མངོན་ནོ། །དེ་ལྟར་བསྐྱེད་རིམ་གྱི་དངོས་གཞི་བསྙེན་པའི་ཡན་ལག་ཡིན་པས། འདི་ཡན་ཆད་སྦྱང་གཞི་དང་མཐུན་པར་བསྒོམ་པ་ལ་བརྟེན་ནས། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་མངོན་དུ་བྱེད་པའི་གདམས་ངག་ཁྱད་པར་ཅན་འདི་ནི། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་པ་ཡིན་ནོ། །འདི་མན་ཆད་ཀྱི་དམིགས་པ་རྣམས་སྦྱང་གཞི་ལ་སྦྱར་བ་གྲུབ་ཆེན་གྱིས་གཞུང་རྣམས་ནས་བཤད་པ་མེད་ཀྱང༌། རྗེ་འགོས་ལོཙྪ་བ་ལ་སོགས་པ་བོད་ཀྱི་བླ་མ་རྣམས་ཀྱིས་ཆོས་མཐུན་འདི་ལྟར་མཛད་དེ། དམ་ཚིག་སེམས་དཔའ་ནི་གནས་སྐབས་ལྔ་ལས་གྲུབ་པའི་ལུས་མངལ་ནས་འཐོན་པ་དང་ཆོས་མཐུན། ཡེ་ཤེས་སེམས་དཔའ་ནི་དེའི་ལུས་ཀྱི་ཁོང་སྟོང་རླུང་འབྱུང་བ་དང་ཆོས་མཐུན། ཏིང་ངེ་འཛིན་སེམས་དཔའ་ནི་རླུང་དང་ལྷན་ཅིག་མ་བསྣུན་པར་རང་འབྱུང་བའི་སྒྲ་ཨ་ཐུང་དང་ཆོས་མཐུན། ཕྱག་རྒྱ་འདུ་བྱེད་པ་ནི་རིགས་ཀྱི་བུ་མོ་བག་མར་ལེན་པ་དང་ཆོས་མཐུན། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ནས་སྙོམས་པར་འཇུག་པ་ནི། དེ་དག་ཕན་ཚུན་ཆགས་ཏེ་འཁྲིག་པ་སྤྱོད་པ་དང་ཆོས་མཐུན། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི། ལུས་ངག་ཡིད་གསུམ་སྟོབས་ལྡན་དུ་བྱས་པ་དང་ཆོས་མཐུན། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་ནི། རྒྱལ་པོ་ལ་སོགས་པའི་གོ་འཕང་ཐོབ་པ་དང་ཆོས་མཐུན། ཡེ་ཤེས་པ་དགུག་གཞུག་བྱ་བ་ནི། བསམ་པ་ཡོངས་སུ་རྫོགས་པ་དང་ཆོས་མཐུན་ནོ། །ཞེས་གསུངས་སོ། །འདི་རྣམས་ནི་ཆོས་མཐུན་ཙམ་ཡིན་ལ། སྔར་སྨོས་པ་རྣམས་ནི་སྦྱང་གཞི་ཡིན་པས། སྦྱང་གཞི་དང་ཆོས་མཐུན་གཅིག་ཏུ་འཁྲུལ་བར་མི་བྱའོ། །གཉིས་པ་རྫོགས་པའི་རིམ་པ་ནི། ཤིན་ཏུ་སྤྲོས་མེད་དུ་རྒྱས་པར་བཤད་པའི་ཕྱིར། གཞུང་ཆེ་ཆུང་གཉིས་ལས་མི་འབྱུང་ཡང༌། ཉམས་ལེན་གྱི་ཚེ་ངེས་པར་བསྒོམ་དགོས་ལ། བསྒོམ་ཚུལ་ནི་ཡང་སྔར་གྱི་ཞེས་པ་ནས། རྫོགས་པའི་རིམ་པ་སྟེ། ཞེས་པའི་བར་ཏེ། ཆག་ལོའི་གདམས་ངག་བཞིན་བྲིས་པའོ། །མཁས་པ་དག བཟླས་པ་ཚར་པའི་རྗེས་ལ། རྫོགས་རིམ་བསྒོམ་པ་རྒྱུད་ལེའུ་བཅུ་དགུ་པའི་ལུགས་སུ་བཞེད་པ་ནི་མི་འཐད་དེ། རྒྱུད་དེ་ཉིད་ལས། མཆོག་གི་བདུད་རྩི་ལྟར་བལྟས་ནས། །དེ་ཉིད་གསུམ་ནི་བྱིན་བརླབ་བྱ། །དཀྱིལ་འཁོར་བདག་པོ་ཚིམ་བྱས་ཏེ། །ལྕེ་ལ་རྡོ་རྗེ་གཙང་མ་ཉིད། །ཧཱུྃ་ཡིག་ཡང་དག་འབྱུང་བལྟས་ཏེ། །དེ་འོད་སྦུ་གུའི་རྣམ་པ་ཅན། །ཡང་དག་བཀུག་པ་དེ་ཡིས་ཀྱང༌། །རྫོགས་སངས་རྒྱས་ཀུན་སྣ་ཚོགས་གནས། །དཀྱིལ་འཁོར་པ་རྣམས་དེ་བཞིན་གཞན། །ཡེ་ཤེས་འོད་ཀྱིས་སྙིང་གར་དགུག །རྟག་ཏུ་རྟོག་པ་ཐམས་ཅད་སྤང༌། །ཐོག་མ་ཐ་མ་དབུས་དབྱེ་བས། །དེར་ཡང་བཟུང་བ་གཅིག་ཡོད་མིན། །དེ་ཉིད་ཀྱིས་ན་འཁྲུལ་གཟུགས་མེད། །གང་ལས་འཁྲུལ་པ་གཉིས་ལ་གནས། །ཐམས་ཅད་ཚེ་ན་སེམས་འཁྲུལ་མེད། །ལུས་ནི་སྲོག་དང་སྡུད་པའོ། །ཞེས། བདག་བསྐྱེད་ཀྱི་མཆོད་བསྟོད་བདུད་རྩི་མྱང་བའི་རྗེས་ལ། རྫོགས་རིམ་བསྒོམ་པ་གསལ་བར་བཤད་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ། བརྒྱད་ཀྱི། དང་པོ་དག་པ་དྲན་པ་ནི། དེ་ལྟར་རྫོགས་རིམ་གྱི་ངང་ལས། སྐད་ཅིག་གིས་ཆུ་ལས་ཉ་འཕར་བའི་ཚུལ་གྱིས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གསལ་གདབ་ལ། དག་པ་རྗེས་སུ་དྲན་པར་བྱས་ཏེ། གཞུང་ཆེ་བ་ལས། དམར་བ་ཉིད་ནི། ཞེས་སོགས་རྒྱས་པ་ལྟར་རོ། །གཉིས་པ་བཟླས་པ་ནི། དེ་ནས་ཞེས་པ་ནས། བཟླས་པའི་རྣལ་འབྱོར་རོ། །ཞེས་པའི་བར་ཏེ། གཞུང་ཆུང་བར་དམ་ཚིག་སེམས་དཔའ་ལ་གནས་པའི་ཡེ་ཤེས་སེམས་དཔའ་ཉི་མ་ལ་གནས་པའི་ཡི་གེ་ཧཱུྃ་དམར་པོ་ལ་བསྐོར་ནས་གནས་པ་ནི། ཧྲཱིཿཥྚཱྀཿལ་སོགས་པའི་སྔགས་ཀྱི་ཕྲེང་བ་འབར་བར་བལྟས་ལ། ཡིད་ཀྱིས་བཟླ་བཞིན་པའི་ཁྲོ་བོའི་ངག་གིས་བཟླས་པ་བྱའོ། །ཞེས་གསུང༌། གཞུང་ཆེ་བར། སྙིང་པོ་ཉེ་སྙིང་ཕྲེང་སྔགས། རྗེ་བཙུན་མའི་སྔགས། དཔའ་བོ་དང་དཔའ་མོ་བཞིའི་སྔགས་རྣམས་གསུངས་སོ། །དེ་ལ་གང་ལ་བཟླས་པའི་ཡུལ་ཕྲེང་བ་ནི། རྒྱུད་ལེའུ་བཅུ་དགུ་པར། གཤིན་རྗེའི་སློབ་དཔོན་མི་ཡི་མཆོག །མ་ཧེ་མི་དང་གླང་ཆེན་དང༌། །བ་གླང་རང་བཞིན་རྟ་ཉིད་དང༌། །བོང་བུ་རྔ་མོའི་རུས་པ་བཟུང༌། །བཟླས་པའི་ཕྲེང་བ་རབ་བསྒྲུབ་བྱ། །ཞེས་སོ། །དེ་བྱིན་གྱིས་བརླབ་པའི་ཆོ་ག་ནི། །ཟླ་བ་ཟླ་བའི་བཅུ་བཞི་ལ། །ཤ་ལྔ་ཡི་ནི་རང་བཞིན་ལ། །བདུད་རྩི་ལྔ་དང་ཡང་དག་ལྡན། །མཆོག་གི་དངོས་གྲུབ་རྒྱུར་བཟླས་ཏེ། །ཚེས་གཅིག་རིལ་བུ་རྣལ་འབྱོར་པ། །མཁས་པས་གཤིན་རྗེའི་གཤེད་བསྒོམ་བྱ། །ཡང་ན་མི་ཡི་མགོ་བོ་ལ། །ཁྲག་དང་ལྡན་པ་རྣམ་བསྒོམ་བྱ། །ཞེས་པའི་དོན་མི་རུས་ཀྱི་ཕྲེང་བའམ། ལས་དང་རྗེས་སུ་མཐུན་པའི་ཕྲེང་བ་ལ། ཤ་ལྔ་བདུད་རྩི་ལྔ་ཡང་བྱུག བསང་སྦྱངས་ཏེ་ཕྲེང་རྡོག་རྣམས་གཤིན་རྗེའི་གཤེད་དུ་བསྐྱེད། བྱིན་གྱིས་བརླབས། དབང་བསྐུར། ཡེ་ཤེས་པ་བཅུག མཆོད་དེ་ཞུ་བ་ལས་བྱུང་བའི་མི་མགོ་ཁྲག་འཛག་པའི་ཕྲེང་བར་བལྟས་ནས་སྔགས་བཟླ་བར་རྭ་བའི་བླ་མ་རྣམས་ཀྱིས་བཞེད་དོ། །བཟླས་པའི་དམིགས་པ་ནི། སྔར་གྱི་ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་རྣམས་གསལ་བར་བསྒོམས་ལ། དེའི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བ་བཀོད་པ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས། གཉིས་སུ་མེད་པའི་ཡེ་ཤེས་དང༌། བྱིན་རླབས་མ་ལུས་པ་བཀུག་ནས། སྔགས་ཕྲེང་རྣམས་ལ་ཐིམ་པས། རང་གི་རྒྱུད་བྱིན་གྱིས་བརླབས་པར་བསྒོམ་ཞིང་བཟླས་པ་ནི། མཆོག་གི་དངོས་གྲུབ་སྒྲུབ་པའི་ཡེ་ཤེས་ཀྱི་བཟླས་པ་ཡིན་ལ། ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ནི། སྔགས་ཀྱི་ཕྲེང་བ་ལས་ཁྲོ་བོའི་ཚོགས་ནམ་མཁའ་ཁྱབ་པར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་བྱས། ཞི་རྒྱས་ལ་སོགས་པའི་གནས་སྐབས་ཀྱི་ཕྲིན་ལས་གང་ཡིན་པ་བསྒྲུབས་ནས། སྔགས་ཕྲེང་ངམ་རང་ཉིད་ལ་ཐིམ་པར་བསམ་ཞིང་བཟླས་ཏེ། ཞིབ་ཏུ་ལས་སྒྲུབ་པའི་གདམས་ངག་སློབ་དཔོན་གྱི་ངག་ལས་ཤེས་དགོས་སོ། །ཅི་ཙམ་ཞིག་བཟླས་པའི་གྲངས་ནི། བྱང་ཆུབ་སྒྲུབ་པ་ལ་ནི་ཚད་མེད་ལ། སློབ་མ་དབང་བསྐུར་སོགས་རྡོ་རྗེ་སློབ་དཔོན་གྱི་ལས་ལ་དབང་བར་བྱ་བ་ནི། སློབ་དཔོན་དཔལ་འཛིན་གྱིས། བཅོམ་ལྡན་འདས་གཤིན་རྗེའི་གཤེད་དམར་པོའི་སྔགས་འབུམ་བཟླས་ཤིང༌། གཏི་མུག་གཤིན་རྗེའི་གཤེད་ལ་སོགས་པའི་ཁྲི་བཟླས་པའམ། ཞེས་གསུངས་པས། བླ་མ་རྣམས་རྩོད་དུས་སུ་བཞི་འགྱུར་བྱ་བར་བཞེད་པས། གཙོ་བོ་ལ་འབུམ་ཕྲག་བཞི། འཁོར་རྣམས་ལ་ཁྲི་ཕྲག་བཞི་རེ། སྔགས་ཀྱི་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་བྱའོ། །ཞི་རྒྱས་ཀྱི་ལས་སྒྲུབ་པ་ནི། ཁྲི་ཕྲག་ཙམ་གྱིས་འབྱུང་པོ་རྣམས། །མཁའ་འགྲོ་མ་རྣམས་སྟོང་ཕྲག་གིས། །གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་ལས། །ཡི་དྭགས་ཚོགས་རྣམས་གསད་པར་བྱ། །བཟླས་པ་འབུམ་གྱི་རྣལ་འབྱོར་དག །དེས་ནི་ལས་ཀུན་བྱེད་པ་ཡིན། །བྱེ་བ་བཟླས་པས་འགྲུབ་འགྱུར་ཏེ། །བྱེ་བ་ལྔ་ཡིས་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བཟླས་པའི་ཕན་ཡོན་ནི། གང་གིས་བཟླས་པའི་རྣལ་འབྱོར་གྱིས། །རྒྱ་ཆེན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོ། །གསུམ་པ་མཆོད་པའི་རྣལ་འབྱོར་ནི། རང་བདག་བསྐྱེད་ཀྱི་དེ་བཞིན་གཤེགས་པའི་ང་རྒྱལ་གྱིས། མདུན་དུ་དེ་བཞིན་གཤེགས་པ་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་བས། སྡིག་པ་དང་ལྟུང་བ་སྦྱང་ཞིང༌། ཚོགས་རྫོགས་པར་བྱེད་པའི་གདམས་ངག་སྟེ། དེའི་ཆོ་ག་ཡང་སློབ་དཔོན་བློ་གྲོས་བཟང་པོའི་སྒྲུབ་ཐབས་ལས། རྒྱས་པར་བཤད་པ་ལྟར་བླ་མ་ཁ་ཅིག་གིས་མཛད་མོད། དེ་ནི་རྒྱུད་ལེའུ་ཉེར་གཉིས་པའི་ལུགས་ཡིན་གྱི། ལུགས་འདི་དང་མི་མཐུན་པས། འདིར་མི་འཆད་ལ། བླ་མ་གློ་བོ་ལོཙྪ་བའི་ཤིན་ཏུ་སྤྲོས་མེད་ཀྱི་གདམས་ངག་ལས། མདུན་གྱི་མཎྜལ་གྱི་དབུས་སུ། གཞལ་ཡས་ཁང་གདན་བཅས་བསྐྱེད་ནས། དེར་ལྷ་སོ་སོའི་སྔགས་ཀྱིས་ལྷ་ལྔ་བུམ་པ་དང་བཅས་པ་བསྐྱེད་ནས། ཡན་ལག་བཞི་རྫོགས་སུ་བྱས་པ་ལ། ཕྱི་དང་ནང་གི་མཆོད་པ་དང༌། བསྟོད་པའི་མཆོད་པ་རྣམས་བྱ་བར་གསུངས་པས། དེ་བཞིན་དུ་བྲིས་པའོ། །འདིར་བདག་བསྐྱེད་དང་མ་འབྲེལ་བར་ཐུན་མཚམས་སུ་བྱེད་པར་འདོད་ན། སྦྱོར་བ་ཚོགས་བསོག་སོགས་སྙིང་གར་ས་བོན་བསྒོམ་པ་ནས། རྒྱུན་བཤགས་ཀྱི་བར་སྒྲུབ་ཐབས་བཞིན་བྱས་ལ། ཚོགས་རྟེན་ནམ་མཁར་བཞུགས་སུ་གསོལ། ཚད་མེད་བཞི་བསྒོམས་པ་རྣམས་སྔོན་དུ་སོང་ནས། མཎྜལ་བསང་བ་སོགས་ཆོ་ག་བཞིན་བྱ། འོན་ཀྱང་ལྷ་བསྐྱེད་ཚར་བའི་རྗེས་ལ། སྔར་གྱི་ཚོགས་རྟེན་གྱི་དཀྱིལ་འཁོར་བཞི་བསྟིམ་མོ། །སློབ་དཔོན་ཀ་མ་ལ་རཀྵི་ཏས། གཤིན་རྗེའི་གཤེད་ཀྱི་མཎྜལ་གསུམ་བཤད་དེ། ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ་ནི། སྔར་བཞིན་ལས། མཆོད་པའི་ཁྱད་པར་རྒྱས་པར་བྱ་བའམ། ཡང་ན་མེ་ཏོག་གི་ཚོམ་བུ་གཅིག་བཀོད་ལ། དེ་གཞལ་ཡས་ཁང་གདན་དང་བཅས་པར་བསྐྱེད། དེར་ལྷ་རྣམས་སྤྱན་དྲངས་ཏེ་སྔར་བཞིན་མཆོད་ནས། གསོལ་བ་བཏབ་ལ་ཡེ་ཤེས་པ་གཤེགས། སྤྲུལ་པ་སྙིང་གར་བསྡུས་ལ། སྒྱུ་མ་ལྟ་བུའི་བློས་ཟིན་པར་བྱའོ། །བླ་ན་མེད་པའི་མཎྜལ་ནི་སྙིང་གའི་པདྨའི་ནང་དུ། ཡེ་ཤེས་ཀྱི་ཐིག་ལེ་ལྔ་ལྷ་ལྔར་ཅིག་ཆར་བསྐྱེད་ལ། དུས་གསུམ་དུ་མཆོད་ཅིང་རྟག་ཏུ་མི་བསྡུ་བར་བརྩོན་པས་སྒྲུབ་པའོ། །བསམ་གྱིས་མི་ཁྱབ་པའི་མཎྜལ་ནི་སྐྱེ་མེད་མྱ་ངན་ལས་འདས་པའི་དབྱིངས་རྡོ་རྗེ་ལྟ་བུའི་ཕོ་བྲང་དུ། སྐྱེ་མེད་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱིས། ཡེ་ཤེས་ལྔ་ཡི་ལྷ་རྣམས་ལ་ཆགས་སྡང་སོགས་ཉོན་མོངས་པ་རྣམས་ལ་གཉིས་སུ་མེད་པའི་ངང་ནས་དབུལ་བར་བྱ་སྟེ། མཎྜལ་གྱི་ཆོ་ག་ཡིན་ནོ། །ཞེས་བཞེད་པ་ནི་རྗེ་བཙུན་བིརྺ་པའི་མན་ངག་དང་ཤིན་ཏུ་མཐུན་ནོ། །བཞི་པ་གཏོར་མའི་རྣལ་འབྱོར་ནི། བླ་མ་ཁ་ཅིག ལྷ་དང་ཕྱོགས་སྐྱོང་དུས་གཅིག་ལ་འབུལ་བར་བཞེད་པ་ནི། བིརྺ་པའི་གཞུང་གང་ནའང་བཤད་པ་མེད་པས། དང་པོ་ལྷ་ལྔ་དང༌། གཉིས་པ་ཕྱོགས་སྐྱོང་ལ་དབུལ་བར་བྱའོ། །དེ་ལ་རྫས་བྱིན་གྱིས་བརླབ་པ་ནི། རྗེ་བཙུན་བིརྺ་པའི་གཏོར་ཆོག་ལས། མདུན་དུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་བལྟའོ། །དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཐོད་པའི་སྣོད་ཆེན་པོ་སྤྲུལ་ལ། ནང་དུ་ཤ་ལྔ་དང་བཟའ་བ་དང༌། ཆུ་བསྲེས་པའི་དམ་ཚིག་གི་རྫས་ཉིད་དུ་ཡོངས་སུ་གྱུར་ནས་མེས་བསྐོལ་བར་བྱའོ། །ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པས་དཀྲུགས་པ་རོ་མཉམ་པར་གྱུར་ཏེ། འོ་མའི་ཚུལ་དུ་གནས་པར་བསམ་མོ། །དེ་ནས་ལག་པ་གཡོན་པས་བཀབ་ལ། ཡི་གེ་ཨོཾ་གྱིས་སྦྱངས་པ་དང༌། ཡང་ལག་པ་གཡས་པས་བཀབ་ལ། ཨཱ་ཡིས་རྟོག་པ་དང༌། གཉིས་ཀས་བཀབ་ལ། ཡི་གེ་ཧོཿདང༌། བྱ་ཁྱུང་གི་ཕྱག་རྒྱས་སྦར་བ་དང༌། འཆི་མེད་རྣམ་རྒྱལ་གྱི་ཕྱག་རྒྱ་དང༌། ཡི་གེ་ཧཱུྃ་གི་སྒྲོན་མ་ལྟ་བུ་དང༌། རྩེ་ལྔ་པའི་ཕྱག་རྒྱས་བདུད་རྩིར་བྱས་ལ། ཞེས་པས་བསྟན་ཏེ། དེ་ལ་ཤ་ལྔ་དང་བཟའ་བ་དང་ཆུ་བསྲེས་ལ། ཞེས་ཤ་ལྔ་ཙམ་ལས་བདུད་རྩི་ལྔ་མ་བཤད་ཅིང༌། གཞུང་ཆེ་བར། དང་པོ་མགོ་བོ་གསུམ་གྱི་སྟེང་དུ། པདྨའི་སྣོད་རྡོ་རྗེ་ལྟ་བུའི་འཇིག་དུས་ཀྱི་མེ་ལྟར་རབ་ཏུ་འབར་བའོ། །དེའི་ནང་དུ་བཟའ་བ་ཆུ་དང་བསྲེས་པ། གོ་ཀུ་ད་ཧ་ན་ཞོ་དང་འོ་མ། རྒྱ་སྐྱིགས་ལྟ་བུར་བལྟས་ལ་བསིལ་བར་བྱའོ་ཞེས་པ་ལས་མི་འབྱུང་ཡང༌། བདུད་རྩིའི་བྱིན་རླབས་སུ། དབུས་དང་མཚམས་བཞིར། མུ་བི་ཤུ་མ་རའོ། །ཁ་དོག་ནི་རིགས་དང་མཐུན་པར་ཞེས་བདུད་རྩི་ལྔ་ཡང་གསལ་བར་བཤད་པ་ལྟར་རོ། །ཤ་ལྔ་ནི་གསང་འདུས་སུ། དེ་བཞིན་གཤེགས་པའི་རིགས་ལ་གླང་པོ་ཆེ། རིན་ཆེན་ལ་རྟ། པདྨ་ལ་བ་གླང༌། ལས་ལ་ཁྱི། རྡོ་རྗེའི་རིགས་ལ་ཤ་ཆེན། གསུངས་པ་དང་བསྟུན་ནས། སློབ་དཔོན་དཔལ་འཛིན་གྱིས། དགྲ་ནག་གི་འགྲེལ་པར། ད་ཧ་ན་གོ་ཀུ་ཞེས་གསུངས་པས། དཎྜི་སོ་ལྡན་ཏེ་གླང་པོ་ཆེ་ཧ་ཡ་རྟ། གོ་ར་བ་གླང༌། ཀུ་ཀུ་ར་ཁྱི། ན་ར་མི་སྟེ། དེ་རྣམས་ཀྱི་མིང་གི་ཡི་གེ་དང་པོའོ། །བདུད་རྩི་ལྔ་ནི། སློབ་དཔོན་ཤཱནྟི་པའི་དགྲ་ནག་འགྲེལ་པར། བི་མུ་མ་ར་ཤུ་ཞེས་པ་རྣམས་ཤར་དང་དབུས་དང༌། བྱང་དང་ནུབ་ཏུ་བཀོད་ལ། ཞེས་བཤད་པས། བི་ཎ་བཤང་བ་རྣམ་སྣང༌། མུ་ཏྲ་གཅིན་མི་བསྐྱོད་པ། རཀྟ་ཁྲག་རིན་འབྱུང༌། ཤུ་ཀྲ་ཁུ་བ་འོད་དཔག་མེད། མཉྫ་རྐང་དོན་ཡོན་གྲུབ་པ་སྟེ། དེ་རྣམས་ཀྱི་མིང་ཡིག་དང་པོ་ཡིན་ནོ། །དེ་ལྟར་བྱིན་གྱིས་བརླབས་ནས། གཏོར་མ་འབུལ་བ་ནི། གཞུང་ཆེ་བར། ཨོཾ་ཛཿཧཱུྃ་བྃ་ཧོཿ སྔགས་འདིས་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་སོ། །དེ་ནས་ཞབས་བསིལ་དང༌། མཆོད་ཡོན་ཕུལ་ལ། བསིལ་བར་བྱས་བའི་གཏོར་མ་ཡང་འབུལ་ལོ། །ཨོཾ་རཀྟ་མུ་ཀུ་ཊཱ་ཡ་ཞེས་བྱ་བ་ནས། བྷེ་ད་བྷེ་དའི་བར་གསུངས་ལ། མཐར་མཆོད་པ་དང༌། བསྟོད་པ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། ཆག་ལོའི་མན་ངག་ལྟར་བྲིས་སོ། །གཏོར་མ་གཉིས་པ་ལ་མགྲོན་བསྐྱེད་པའི་ཆོ་ག་ནི། སྣོད་ཀྱི་མཐའ་གཡས་སྐོར་གྱིས་ཞེས་པ་ནས། བསྐོར་བར་བཀུག་ནས་དམིགས་ལ། ཞེས་པའི་བར་གཏོར་ཆོག་བཞིན་ཡིན་ལ། དེའི་རྗེས་སུ་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་མཇུག་ཐོག་ཏུ། གཤིན་རྗེའི་གཤེད་ཀྱི་གཟུགས་སུ་བལྟས་ནས། ཨོཾ་ཨིནྡྲཱ་ཡ་ཧྲཱིཿ ཞེས་སོགས་ཀྱི་སྔགས་བཤད་གཞུང་ཆེ་བར། ཨོཾ་ཨིནྡྲཱ་ཡ་ན་མཿཧྲཱིཿཞེས་སྔགས་རྣམས་ལ། ན་མཿསྦྱར་བ་ནི། ན་མཿམཆོད་པའི་དོན་ཡིན་པས། གཏོར་ཆོག་ན་མེད་ཀྱང་སྦྱར་བས་ཆོག་པ་འདྲའོ། །ཕྱོགས་སྐྱོང་གི་གཏོར་མ་སྔགས་ཡི་གེ་བཅོ་ལྔ་པ་དང་སྤེལ་བར་སྣང་བ་ལ། ཁ་ཅིག ཨོཾ་ཨིནྡྲཱ་ཡ་ཞེས་པའི། ཨོཾ་ཡིག་ཡི་གེ་བཅོ་ལྔའི་ཨོཾ་དང་སྤེལ་བ་ཡིན་པས། ཧྲཱིཿཡ་མཱ་ཡ་ན་མཿ ཥྚྲཱྀ་བ་རུ་ཎཱ་ཡ་ན་མཿཞེས། ཡི་གེ་བཅོ་ལྔ་པ་རྣམས་སྔགས་ཡི་གེ་འོག་མའི་མགོ་ལ་སྦྱོར་བ་ཡིན་ནོ། །ཞེས་འཆད་པ་ནི། རྟོགས་པས་བརྟགས་པ་ཙམ་དུ་ཐད་དེ། རྒྱུད་ལེའུ་བཅུ་དགུ་པ་ལས། དེ་ནས་ས་བོན་ཧྲཱྀཿཡིག་ལས་རྫོགས་པ་དབང་པོའིའོ། །ས་བོན་ཥྚྲཱྀཿཡིག་ལས་རྫོགས་པ་གཤིན་རྗེ་ཡིའོ། །ས་བོན་ཝི་ཡིག་ལས་རྫོགས་པ་ཆུ་ལྷ་ཡིའོ། །ས་བོན་ཀྲྀ་ཡིག་ལས་རྫོགས་པ་ལུས་ངན་ནོ། །ས་བོན་ཏ་ཡིག་ལས་རྫོགས་པ་དབང་ལྡན་ནོ། །ས་བོན་ཨ་ཡིག་ལས་རྫོགས་པ་མེ་ལྷའོ། །ས་བོན་ན་ཡིག་ལས་རྫོགས་པ་བདེན་བྲལ་ལོ། །ས་བོན་ན་ཡིག་ལས་རྫོགས་པ་རླུང་ལྷའོ། །ས་བོན་ཧཱུྃ་ཡིག་ལས་རྫོགས་པ་ཟླ་བའོ། །ས་བོན་ཧཱུྃ་ཡིག་ལས་རྫོགས་པ་ཉི་མའོ། །ས་བོན་ཕཊ་ཡིག་ལས་རྫོགས་པ་ཚངས་པའོ། །ས་བོན་ཕཊ་ཡིག་ལས་རྫོགས་པ་ནོར་འཛིན་མའོ། །ས་བོན་སྭཱ་ཡིག་ལས་རྫོགས་པ་ཐག་བཟངས་རིས་སོ། །ས་བོན་ཧཱ་ཡིག་ལས་རྫོགས་པ་འབྱུང་པོ་ཐམས་ཅད་དོ། །ཞེས་བཤད་པ་དང་འགལ་བའི་ཕྱིར་རོ། །རྗེས་ལ་མཆོད་བསྟོད་ཕྲིན་ལས་གཞོལ་བ་རྣམས་ཆག་ལོའི་བཞེད་པ་ལྟར་བྲིས་སོ། །སྤྱོད་ལམ་གྱི་རྣལ་འབྱོར་ལྷག་མ་རྣམས་ནི། གཞུང་ཆུང་བ་ལས། ཉལ་བའི་དུས་སུ་སྟོང་པ་ཉིད་ཀྱི་རྣལ་འབྱོར་བསམ་ཞིང་ཉལ་ལོ། །ཞེས་ཉལ་བའི་རྣལ་འབྱོར་ཙམ་ཞིག་ལས་མ་གསུངས་ཀྱང༌། བླ་མེད་སྤྱིའི་ལམ་གྱི་རིམ་པ་རྣམས་ལས་འབྱུང་བ་བཞིན། ཁ་ཟས་ཟ་བའི་ཚེ། ཟས་ཀྱི་རྣལ་འབྱོར་དང༌། ཉལ་བའི་ཚེ་ཉལ་བའི་རྣལ་འབྱོར་དང༌། དེ་ལས་ལྡང་ན་ལྡང་བའི་རྣལ་འབྱོར་དང༌། བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་ཀྱི་རྣལ་འབྱོར་རྣམས་དུས་རྒྱུན་དུ་ཉམས་སུ་བླང་དགོས་ཤིང༌། གནས་སྐབས་འགའ་ཞིག་ཏུ། རང་ངམ་གཞན་གྱི་སྡིག་པ་ཞི་བར་བྱ་བའི་ཕྱིར། ཞི་བའི་འཁྲུལ་འཁོར་གྱི་སྒོ་ནས་ལས་སྒྲུབ་པ་དང༌། ཚེ་དང་བསོད་ནམས་དང་དམ་པའི་ཆོས་འཕེལ་བའི་ཕྱིར། རྒྱས་པའི་ལས་རྣམས་ཀྱང་བྱ་ཞིང༌། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ངེས་ན། དབང་གི་འཁྲུལ་འཁོར་ཡང་ལན་རེ་ཙམ་བྱའོ། །གང་ཡང་མངོན་སྤྱོད་ཀྱི་འཁྲུལ་འཁོར་བྱ་བར་གསུངས་པ་ནི། མངོན་སྤྱོད་བྱ་བའི་ཡུལ། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་ངེས་པ་དང༌། དྲག་ལས་མ་གཏོགས་གཞན་གང་གིས་ཀྱང་མི་ཐུལ་བ་དང༌། ཡུལ་དེ་ཚེ་རིང་ན་བསྟན་པ་སྤྱི་འཇིག་པ་ལ་སོགས་པའི་ལས་མི་དགེ་བ་མང་པོ་བསགས་པས། འཆི་ཁར་ངན་སོང་གསུམ་དུ་ལྟུང་ངེས་ཤིང༌། རང་ཉིད་ལ་ཡང་ཞེ་སྡང་ཅུང་ཟད་ཀྱང་མེད་ཅིང༌། སྙིང་རྗེ་ཆེན་པོ་རྒྱུན་ཆགས་སུ་ལྡན་པ། སྔོན་དང་ཕྱི་མའི་མཐའ་ཤེས་པས་བྱ་བར་བཤད་པ་ཡིན་གྱི། རང་ཁོ་ནའི་དོན་ནམ། རང་གི་བདག་ཏུ་གཟུང་བའི་དགོན་གནས་ཙམ་རེའི་ཆེད་དུ་བྱེད་པ་ནི། རང་ཉིད་རྡོ་རྗེ་དམྱལ་བར་ལྟུང་ངེས་པས། དུས་དང་རྣམ་པ་ཐམས་ཅད་དུ་མི་བྱ་ཞིང༌། མངོན་སྤྱོད་ཀྱི་གདམས་ངག་རྣམས་ཀྱང་བསྟན་པར་མི་བྱའོ། །དེའི་ཕྱིར་བདག་ལེགས་སུ་འདོད་པ་དག་གིས། ཐོག་མ་མེད་པ་ནས་ཕན་བཏགས་པའི་མ་དྲིན་ཅན་དུ་གྱུར་པ་རྣམས་ལ། བསམ་སྦྱོར་ངན་པ་སྐད་ཅིག་ཀྱང་བསྐྱེད་པར་མི་བྱ་སྟེ། རྒྱུད་ལེའུ་བཅུ་དགུ་པ་ལས། སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་དོར་བ་ཉིད་མི་བྱ། །ཞེས་རྩ་བའི་ལྟུང་བ་བཞི་པར་བཤད་པའི་ཕྱིར་རོ། །མཆོག་ཐུན་མོང་གི་ལས་གང་བསྒྲུབས་ཀྱང༌། གནས་སྐབས་ཐམས་ཅད་དུ། གཤིན་རྗེའི་གཤེད་ལྷན་ཅིག་སྐྱེས་པའི་ང་རྒྱལ་དང་ལྡན་པས་བྱ་དགོས་ལ། དེའི་དོན་ཡང་སློབ་དཔོན་བློ་གྲོས་བཟང་པོས་ལྷན་ཅིག་སྐྱེས་པའི་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་ནི། བདག་ཉིད་ཀྱི་གཟུགས་ཁོ་ན་རང་བཞིན་དུ་གྲུབ་པའི་གཤིན་རྗེའི་གཤེད་ཀྱི་ང་རྒྱལ་བརྗོད་དེ། བདག་གཤིན་རྗེའི་གཤེད་ཞལ་གཅིག་ཕྱག་གཉིས་པ་ཉིད་དུ་རང་བཞིན་གྱིས་གྲུབ་པ་ཉིད་དོ། །ཞེས་པ་ལྟར་རོ། །དེ་ལྟར་རིམ་པ་གཉིས་ཡན་ལག་དང་བཅས་པ་ཉམས་སུ་བླངས་པ་ལ་བརྟེན་ནས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་ཏེ། གཞུང་ཆུང་བ་ལས། རིམ་པ་འདིས་བསྒོམ་པ་དང༌། བཟླས་པ་དང་དམ་ཚིག་སྔོན་དུ་འགྲོ་བ་ཅན་དེས། གཤིན་རྗེའི་གཤེད་དམར་པོ་ངེས་པར་འགྲུབ་པར་འགྱུར་རོ། །ཞེས་པ་སངས་རྒྱས་ཀྱི་བཀའོ། །ཞེས་བཤད་པ་ལྟར་རོ། །རྒྱལ་བས་རྣམ་མང་རྒྱུད་སྡེ་གསུང་རྣམས་ལས། །འཁྲུལ་འཁོར་མཐར་ཐུག་གཤིན་རྗེའི་གཤེད་པོ་ཞེས། །རབ་འབྱམས་ལས་ལ་བསྔགས་པར་བཤད་པའི་ཕྱིར། །འཕགས་ཡུལ་མཁས་རྣམས་འདི་ལ་གཙོ་བོར་མཛད། །དེང་དུས་མི་མཁས་དེད་དཔོན་འགའ་ཞིག་གིས། །ནོར་བུ་སྤངས་ཏེ་མཆིང་བུ་ལེན་པ་ལྟར། །འདི་དོན་རྣམ་པར་འཆད་པ་མང་ན་ཡང༌། །རྣལ་འབྱོར་དབང་ཕྱུག་གཞུང་དང་མཐུན་པ་ཉུང༌། །དེ་ཕྱིར་བདག་བློ་མན་ངག་གྲུ་རྫིང་ལས། །མང་ཐོས་བརྩོན་པའི་རླུང་གིས་རབ་བསྐྱོད་ནས། །རྒྱུད་འགྲེལ་གདམས་པའི་རྒྱ་མཚོར་ཕྱིན་པའི་མཐུས། །རྨད་བྱུང་མངོན་རྟོགས་ཡིད་བཞིན་ནོར་བུ་བླངས། །དེ་ཡི་དགེ་བས་མཐའ་ཡས་སྐྱེ་དགུ་རྣམས། །ལས་ཉོན་གཤིན་རྗེའི་ཚོགས་རྣམས་རྒྱུན་བཅད་དེ། །སྲིད་གསུམ་ཆོས་དབྱིངས་བདེ་ཆེན་ངོ་བོ་ཉིད། །དཔལ་ལྡན་གཤིན་རྗེའི་གཤེད་དུ་འགྲུབ་གྱུར་ཅིག །དཔལ་ལྡན་གཤིན་རྗེའི་གཤེད་ཀྱི་སྒྲུབ་པའི་ཐབས་བདུད་རྩའི་བུམ་པ་ཞེས་བྱ་བ་སྔར་སྦྱར་བ་ལས། སླར་ཡང་ཤེས་བྱེད་ཀྱི་ལུང་དང་སྦྱར་བ་འདི་ནི་མཐའ་ཡས་པའི་ཤེས་བྱའི་དཀྱིལ་འཁོར་ལ་ཐོགས་པ་མེད་པའི་མཁྱེན་པ་ཅན་རྗེ་བཙུན་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོ་ལ་ལམ་འབྲས་བུ་དང་བཅས་པའི་རྣལ་འབྱོར་པ་ཀུན་དགའ་བཟང་པོ་དང་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་གྲགས་པ་དཔལ་བཟང་པོས་གསོལ་བ་བཏབ་པའི་ངོར། གཤིན་རྗེའི་གཤེད་དམར་ནག་གི་རྒྱུད་འགྲེལ་རྒྱ་གཞུང་བོད་ཀྱི་བླ་མ་སོ་སོའི་གཞུང་ལ་ཡུན་རིང་མོ་ནས་འདྲིས་པར་བྱས་ཤིང་བྱེ་བྲག་ཏུ་ལྷ་ལྔའི་སྒོས་ཀྱི་ཆོས་སྐད་སྤྱི་དང་མ་འདྲེས་པར་བྱས་ནས་རྣམ་འཕྱང་གི་ལོ་སྣྲོན་གྱི་ཟླ་བའི་ཚེས་གཅིག་ལ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བསོད་ནམས་རིན་ཆེན་ནོ། །ཨི་དཾ་ཤཱ་ས་ན་ཤྩ་སརྦ་སཏཱ་ཧི་ཏོ་བྷ་ཝནྟུ།།  །། ༄༅། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།  ༈ །ཨོཾ་སྭ་སྟི་སིདྡྷཾ། དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཆོ་ག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཤེས་རབ་ཐབས་ཀྱི་བདག་ཉིད་བཅོམ་ལྡན་འདས། །བདུད་བཞི་འཇོམས་མཛད་དཔལ་ལྡན་གཤིན་རྗེའི་གཤེད། །འཁོར་ལོའི་དབང་ཕྱུག་ལ་འདུད་ལྷ་མཆོག་དེའི། །དཀྱིལ་འཁོར་ཆོ་ག་བདུད་རྩིའི་ཆུ་རྒྱུན་བྲི། །འདིར་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་སློབ་དཔོན་ལ། སློབ་མ་མཚན་ཉིད་དང་ལྡན་པས་གསོལ་བ་འདེབས་ན། དེ་རྗེས་སུ་གཟུང་བའི་ཕྱིར། གནས་དབེན་པར་སྒྲུབ་ཐབས་ལྟར་ལྷའི་རྣལ་འབྱོར་བསྒོམས་ཏེ། གཙོ་བོའི་སྔགས་འབུམ་དང༌། འཁོར་རྣམས་ལ་ཁྲི་ཕྲག་རེ་བཟླས་ནས་སམ། ལྷས་རྗེས་སུ་གནང་བའི་མཚན་མ་ཐོབ་ནས། དཀྱིལ་འཁོར་གྱི་ལས་ལ་འཇུག་པར་བྱ་སྟེ། སྔོན་དུ་བསྙེན་པའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་སྐྱང་ནུལ་བྱས་ལ། མཆོད་གཏོར་དང་ནང་མཆོད། རྡོ་རྗེ་དྲིལ་བུ་ལ་སོགས་པ་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚང་བར་བཤམས་ནས། སློབ་དཔོན་སའི་དབུས་སུ་འདུག་ལ། སྔོན་འགྲོའི་གཏོར་མ་དང༌། མཆོད་པ་བྱིན་གྱིས་བརླབ་པ་ནས་བརྩམས་ཏེ། ལྷའི་རྣལ་འབྱོར་བཟླས་པ་དང་བཅས་པའི་བར་བྱས་ལ། ལྷའི་ང་རྒྱལ་གྱིས། ཨོཾ་བྷཱུ་ཁཾ། ཞེས་པས། ས་ནམ་མཁའི་རང་བཞིན་དང༌། ཧཱུྃ་ལམ་ཧཱུྃ་ཞེས་པས། ས་རྡོ་རྗེའི་རང་བཞིན་ཅན། ཨོཾ་མེ་དི་ནི་བཛྲི་བྷ་ཝ་བནྡྷ་ཧཱུྃ། ཞེས་པས་བྱིན་གྱིས་བརླབས་པ་ནི་ས་སྦྱང་བའོ། །དེ་ནས་སློབ་དཔོན་གཙོ་བོའི་ང་རྒྱལ་དང་ལྡན་པ་ལ། སློབ་མས་ཕྱོགས་བཞི་ནས། ཕྱི་ནང་གི་མཆོད་པས་མཆོད། གཏི་མུག་རྡོ་རྗེ་ལ་སོགས་པས་བསྟོད་ལ། གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་འཇིགས། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི། །སྡིག་པ་ཐམས་ཅད་ཟད་མཛད་པ། །མགོན་པོས་དཀྱིལ་འཁོར་བྲི་བར་མཛོད། །ཅེས་གསོལ་བ་བཏབ། སློབ་མ་མེད་ན་རང་གིས་བརྗོད་ཅིང་བསམ་མོ། །དེ་ནས། ཧཱུྃ་བཛྲ་ཨུ་ཏྟིཥྛ། ཞེས་པས་བསྒོམས་པའི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ལ། རང་གི་མིག་གཡོན་པ་མ་ལས་ཉི་མ། གཡས་པ་ཊ་ལས་ཟླ་བ། མིག་འབྲས་ཧཱུྃ་ལས་བསྐལ་པའི་མེ་ལྟར་འབར་བར་བསམས་ལ། གཡས་གཡོན་དུ་བལྟས་པས། བགེགས་བསྐྲད་ཅིང་གསོད་པར་བསམ། རྐང་པ་ཧཱུྃ་ལས་རྡོ་རྗེར་བསྒོམས་ལ། རྡོ་རྗེ་གསོར། དྲིལ་བུ་གསིལ་ཞིང་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་ས་གཞི་ལ་བསྐོར་ལ། ངག་ཏུ་ཧྲཱིཿཥྚྲཱྀཿབརྗོད་ཅིང༌། དབང་ལྡན་དུ་གནས་པས་བགེགས་ལ་བཀའ་བསྒོ་སྟེ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཀུན་ཉོན་ཅིག །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །སྲུང་བའི་འཁོར་ལོར་སྦྱོར་བ་པོ། །རྡོ་རྗེའི་གཟུགས་ནི་འབར་བ་ཡིས། །ལུས་གསུམ་ལས་སྐྱེས་དྭགས་པར་བྱས། །གལ་ཏེ་ཁ་ཅིག་བདག་ལ་འདས། །འཇིགས་པར་འགྱུར་གྱི་གཞན་དུ་མིན། །ཞེས་དང༌། ཤར་དུ། རྡོ་རྗེའི་གནས་སུ་འཁོར་ལོ་དང༌། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་བཅུག་པས་བཀའ་བསྒོ་ཞིང༌། ཐམས་ཅད་དུ་རོལ་མོ་དྲག་པོའི་སྒྲ་དང༌། ཧྲཱིཿཥྚྲཱྀཿབཟླས་པས་བགེགས་བསྐྲད་པར་བྱའོ། །དེ་ནས་ཕུར་བུ་གཅིག་བསང་སྦྱངས་པའི་ངང་ལས། སྟོད་ཕྲག་དོག་གཤིན་རྗེའི་གཤེད་དང༌། སྨད་ཕུར་བུའི་རྣམ་པར་བསྒོམས་ནས། ཏིང་ངེ་འཛིན་གྱིས། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་དབང་ལྡན་གྱི་ཕྱོགས་སུ་བཀུག་ལ། དེ་རྣམས་ཀྱི་སྤྱི་བོར་ཕུར་བུ་བཙུགས་ཤིང་ཐོ་བས་བརྡུངས་པར་བསམས་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོད་ཨཛྙཱ་པ་ཡ་ཏི། སརྦ་བིགྷྣཱན། ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་བརྡུངས་པས། བགེགས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཕུག་ནས་ས་གཞི་དང་སྦྲག་པར་བསམས་ལ། དངོས་སུ་ཕུར་བུ་དབང་ལྡན་དུ་བཏབ་པ་ནི་ས་ཡོངས་སུ་བཟུང་བ་སྟེ། ནུབ་དང་པོའི་བྱ་བའོ། །དེ་ནས་སང་ནང་པར་སྔོན་འགྲོའི་གཏོར་མ་ནས། བདག་བསྐྱེད་བཟླས་པ་དང་བཅས་པའི་བར་སྔོན་དུ་སོང་བས། དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་བྱས་ལ། དེར་མཚམས་བཅིང་པའི་ཕྱིར་སྲུང་འཁོར་བསྒོམས་ཏེ། རང་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ས་འོག་ནས་བཾ་ལས་བྱུང་བའི་སའི་ལྷ་མོ་སྐུ་མདོག་སེར་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལུས་ཕྱེད་འཐོན་པ། ཕྱག་གཡས་པས་དམ་བཅའ་ཁས་ལེན་པའི་ཕྱག་རྒྱ་དང༌། གཡོན་པས་བུམ་པ་འཛིན་པ་སྤྱན་དྲངས་ནས་བདག་ལ་ཕྱོགས་པར་བཞུགས་པ་ལ། མདུན་གྱི་མཆོད་པ་རྣམས། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་ར། ཞེས་པ་ལ་ཨརྒྷཾ་སོགས་བཏགས་པས་ཕུལ། ནང་མཆོད་ཀྱིས་ཀྱང་མཆོད། གཏོར་མ་བྱིན་གྱིས་བརླབས་ཏེ། ཨ་ཀཱ་རོས་ཕུལ་ལ། གཡས་སྤོས་དང་བཅས་པའི་རྡོ་རྗེ་དང༌། གཡོན་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་ལྟར་བདག་གིས་བདུད་ཀྱི་དཔུང༌། །བཅོམ་ནས་དཀྱིལ་འཁོར་བྲི་བར་བགྱི། །ཞེས་ལན་གསུམ་བརྗོད་པས། དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག ཅེས་གནང་བ་བྱིན་པ་ལ། སླར་ཡང་མཆོད་ནས། ས་དེ་ཉིད་དུ་ཐིམ་པར་བསམས་ཏེ་སའི་ལྷ་མོ་ལྷག་པར་གནས་པའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞིར་ལྷ་གནས་མི་འཆོར་བར་བྱ་བའི་ཕྱིར། ཐིག་ཆེན་བརྒྱད་ཙམ་བཏབ་ལ། དེའི་མཐར་མཆོད་པ་རྣམས་བཤམས་ཏེ། བསང་སྦྱངས་པའི་ངང་ལས་སྲུང་འཁོར་ནས་གཞལ་ཡས་ཁང་གདན་དང་བཅས་པའི་བར་སྒྲུབ་ཐབས་ལྟར་བསྒོམས་ལ། དྲི་བཟང་གི་ཆུས་གཙོ་བོ་ལྔའི་གནས་སུ་ཐིག་ལེ་གྲུ་བཞི་དང༌། བུམ་པའི་གནས་སུ་ཟླུམ་པོར་བྱུགས་ལ། མེ་ཏོག་གི་ཚོམ་བུ་བཀོད་ནས་དེ་རྣམས་གདན་དུ་བསྒོམས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། སྔར་བཏེགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ལ། དྲིའི་ཐིག་ལེར་བཞུགས་སུ་གསོལ་ཞིང༌། མཚམས་བཅིང་བའི་ཕྱིར་སྲུང་འཁོར་གསལ་བཏབ་ནས། ཕྱི་ནང་གི་མཆོད་པ་དང་བསྟོད་པ། གཏོར་མ་འབུལ་བའི་བར་སྒྲུབ་ཐབས་ལྟར་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། བཅོམ་ལྡན་གཤིན་རྗེའི་གཤེད་རྡོ་རྗེ། །རིག་པའི་རྒྱལ་མཆོག་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་བྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་པས། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག །གཤིན་རྗེའི་གཤེད་དམར་དཀྱིལ་འཁོར་ནི། །ཅི་ལྟར་ནུས་པའི་ཉེར་སྤྱོད་ཀྱིས། །འགྲོ་བ་སྦྱང་ཕྱིར་བྲི་བར་བགྱི། །དེང་བདག་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བར་ཉེར་བཟུང་ནས། །འདུས་པ་ཐམས་ཅད་དཀྱིལ་འཁོར་དུ། །ཉེ་བར་གནས་པ་མཛད་པར་རིགས། །ཞེས་ལན་གསུམ་བརྗོད་པས་གསོལ་བ་བཏབ་སྟེ། གནང་བ་བྱིན་པར་བསམས་ལ། སླར་ཡང་མཆོད་ཅིང་སྔར་གྱི་སྔགས་རྒྱས་ནམ་མཁར་བཏེག་སྟེ། ལྷ་ལྷག་པར་གནས་པའོ། །དེ་ནས་མཚན་ཉིད་དང་ལྡན་པའི་བུམ་པ་གཉིས། རྡོ་རྒྱུས་ལ་སོགས་པས་དཀར་པོར་བྱུགས་ཏེ། རྣམ་རྒྱལ་བུམ་པ་ལ། པད་ཉི་ལ་གནས་པའི་རྡོ་རྗེའི་དབྱུག་པ་ལྔ་བུམ་པ་དང་བཅས་པ་དང༌། ལས་ཐམས་ཅད་པ་ལ་རྡོ་རྗེའི་དབྱུག་པ་བྲི། རས་བཟང་པོས་མགྲིན་པར་དཀྲི། ཧྲཱིཿཥྚྲཱིཿབཟླས་པའི་ཡུངས་ཀར་གྱིས་བརྡེག གུ་གུལ་གྱིས་བདུག ཙུ་ཏ་ལ་སོགས་པའི་ཤིང་གིས་ཁ་བརྒྱན། རིན་པོ་ཆེ་ལྔ། སྨན་ལྔ། འབྲུ་ལྔ་རྣམས་དང༌། སྲོག་ཆགས་མེད་པའི་ཆུ་གཙང་མས་དགང༌། རྣམ་རྒྱལ་གྱི་སྟེང་དུ་དྲི་བཟང་གིས་བཀང་བའི་དུང་ཆོས་དང༌། རྡོ་རྗེ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་བཞག་ལ། ཧྲཱིཿཥྚྲཱྀཿས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པར་བསྐྱེད་པའི་ནང་དུ། ས་བོན་ལས་ལྷ་ལྔ་བུམ་པ་དང་བཅས་པ་དང༌། ལས་བུམ་དུ་ཕྲག་དོག་གཤིན་རྗེའི་གཤེད་བསྐྱེད་ལ། ཐམས་ཅད་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར། ཡེ་ཤེས་པ་དགུག་གཞུག་བྱ། དེ་ནས་ཕྱི་ནང་གི་མཆོད་པ་དང་བསྟོད་པ་བྱས་ལ། མེ་ཏོག་གི་ཕྲེང་བ་ནས་བཟུང་སྟེ། སོ་སོའི་སྔགས་བརྒྱ་རྩ་བརྒྱད་དང༌། ལས་བུམ་ལ་ཧྲཱིཿཥྚྲཱྀཿདང༌། ཧཱུྃ་ལན་བདུན་བཟླས་ལ། སླར་ཡང་ཕྱི་ནང་གིས་མཆོད་ཅིང་བསྟོད་ནས། མཆོད་ཡོན་ཕུལ་ནས་ལྷ་རྣམས་ཞུ་ནས། ཆུའི་རང་བཞིན་དུ་གྱུར་པར་བསམས་ཏེ། བུམ་པ་ལྷག་པར་གནས་པའོ། །དེ་ནས་གྲུབ་ན་སྦྱིན་སྲེག་བྱ་ཞིང༌། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཁྲུས་བྱས། ཕྱག་དང་མཎྜལ་དབུལ་བ་ལ། ཆོས་བཤད་པས་སྤྲོ་བ་བསྐྱེད་པར་བྱ་སྟེ། རང་གིས་སློབ་ལྡན་འཁོར་བཞི་པོ། །ཐེག་ཆེན་བློ་ཆེན་རྣམས་ལ་ནི། །དེ་བཞིན་གཤེགས་པས་གསུངས་པ་ཡི། །ཡང་དག་ཆོ་ག་རྗེས་སུ་གནང༌། །ཁ་ཅིག་གསང་སྔགས་སྒྲུབ་དོན་གཉེར། །དཀྱིལ་འཁོར་དུ་ནི་འཇུག་པར་འགྱུར། །དེ་བཞིན་གཞན་གྱི་བསོད་ནམས་འདོད། །གཞན་དག་འཇིག་རྟེན་ཕ་རོལ་གཞོལ། །བློ་བཟང་ཕལ་ཆེར་དད་བྱས་ནས། །འཇིག་རྟེན་ཕ་རོལ་དོན་གཉེར་འཇུག །འཇིག་རྟེན་འདི་འབྲས་དོར་ནས་ནི། །འཇིག་རྟེན་ཕ་རོལ་འབྲས་གཉེར་ན། །གང་ཕྱིར་ཚེ་འདི་བདེ་བླག་འགྲུབ། །འདི་ཡི་འཇིག་རྟེན་ཕ་རོལ་མིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་གྱི། །དོན་དུ་ཡིད་ནི་བརྟན་པར་གྱིས། །ཞེས་པའི་དོན་བཤད་ལ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་དུ་གཞུག་གོ །དེ་ནས་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས། སློབ་མ་རྣམས་སློབ་དཔོན་གྱི་ཞལ་དུ་ཞུགས། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་གཤིན་རྗེའི་གཤེད་ཀྱི་གཟུགས་སུ་གནས་པ་ལ་སློབ་དཔོན་གྱིས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་རང་གི་ཞལ་ནས་ཞུགས་ཤིང༌། བྱང་སེམས་ཀྱི་རང་བཞིན་དུ་ཞུ་བར་གྱུར་པ་རྣམས་ཀྱིས་དབང་བསྐུར་ཏེ། ཧཱུྃ་ཞེས་པས་པདྨ་ནས་ཕྱིར་ཕྱུང་ནས་གདན་ལ་འཁོད་པར་བསམས་ལ། མཱ་མ་ཀཱི་དང་ལྷན་ཅིག་སྦྱོར། །བདག་གི་སྟོན་པ་དགའ་ཆེན་ཁྱོད། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱིས་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་པས་སྤྲོ་བ་བསྐྱེད་ནས། སྒྲུབ་ཐབས་ལྟར་རྒྱུན་བཤགས་སྔོན་དུ་འགྲོ་བས་ཐུན་མོང་གི་སྡོམ་པ་བཟུང༌། ཧྲཱིཿཥྚྲཱྀཿས་བསྲུངས་ནས། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་དྲིའི་ཆུས་གནས་གསུམ་དུ་རེག་ཅིང༌། ཧཱུྃ་ཨཱཿཨོཾ་ཞེས་བརྗོད་པས་སྙིང་གར་ཧཱུྃ་ལས་རྡོ་རྗེ་དང༌། མགྲིན་པར་ཨཱཿལས་པདྨ་དང༌། སྤྱི་བོར་ཨོཾ་ལས་འཁོར་ལོ་བསྒོམ། ཡང་ཡས་རིམ་གྱིས་རེག་ཅིང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཕྱག་མཚན་དེ་རྣམས་ཡིག་འབྲུ་དེ་དག་གིས་མཚན་པར་བསམ་མོ། །དེ་ནས་མགོ་བོར་མེ་ཏོག མདུན་དུ་སྤོས། སྙིང་གར་དྲི། མདུན་དུ་མར་མེ་རྣམས་ཀྱིས་མཆོད། ཨ་ཤྭཏྠ་ལ་སོགས་པའི་སོ་ཤིང༌། མེ་ཏོག་གི་རྩེ་མོ་ཅན་རྣམས་དྲི་བཟང་གིས་བྱུག་ཅིང༌། ཧྲཱིཿཥྚྲཱྀཿབཟླས་པས་སློབ་མ་ལ་སྦྱིན། དེས་ཀྱང་ཁ་ཤར་དུ་བལྟས་ཏེ། སོ་ཤིང་འཆོས་ནས་མཎྜལ་གྱི་སྟེང་དུ་དོར་བས། རྩེ་མོ་ཤར་ལྷོ་ནུབ་བྱང་སྟེང་འོག་ཏུ་བལྟས་ན། ཞི་རྒྱས་དབང་དྲག་མཁའ་སྤྱོད་ས་འོག་རྣམས་འགྲུབ་ཅིང༌། དཀྱིལ་འཁོར་དུ་མ་ལྷུང་ན། དངོས་གྲུབ་མེད་པར་གོ་བར་བྱའོ། །དེ་ནས། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོ་དྷཱ་ཡ། སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུྃ། ཞེས་བཟླས་པའི་ཆུ་ཁྱོར་བ་གསུམ་འཐུང་དུ་བཅུག ཧཱུྃ་ལས་བྱུང་བའི་ཀུ་ཤ་ཆུང་བ་སྔས་དང༌། ཆེ་བ་སྟན་གྱི་དོན་དུ་བྱིན་གྱིས་བརླབས་ལ། ཧྲཱིཿཥྚྲཱྀཿབཟླས་ཤིང་སྦྱིན། སྲུང་སྐུད་དམར་པོ་ལུས་ཚད་དང་མཉམ་པ་སུམ་སྒྲིལ་དུ་བྱས་ལ་རྡོ་རྗེའི་མདུད་པ་གསུམ་བོར་ཏེ། སློབ་མའི་དཔུང་པ་གཡོན་པར་བཅིང་ཞིང༌། ཧྲཱིཿཥྚྲཱྀཿབཟླས་པས་བསྲུང་ངོ༌། །དེ་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རས་འགའ་འབྱུང༌། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་ཅི་བགྱིས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་ཀྱི། །སྤྱོད་ཚུལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱིས། །བློ་གྲོས་ཤིན་ཏུ་དྲི་མེད་པ། །དེ་རྣམས་ཀྱིས་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱིས། །བསྟན་པ་འདི་ལ་ཐམས་ཅད་ནི། །ཡོངས་སུ་བཟུང་ཞིང་སྐྱེ་འགྱུར་བ། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལས། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་ལ་ཁྱེད་རྣམས་འགྲོ་འགྱུར་བ། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་པས་ཆོས་བཤད་ལ། ཀུ་ཤའི་སྟན་ལ་ཉལ་དུ་བཅུག་སྟེ། རྨི་ལམ་གང་ཅུང་ཟད་མཐོང་བ། སྔ་དྲོ་ང་ལ་སྨྲོས་ཤིག་ཅེས་བརྗོད་ལ། རྨི་ལམ་བཟང་ན་སྤྲོ་བ་བསྐྱེད། ངན་ན་བསྲུང་བ་བྱའོ། །དེ་ནས་སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཕྱིར། མཎྜལ་ཕུལ་ནས། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་ཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་རྟག་ཏུ་ནི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །སློབ་དཔོན་བདག་འགྱུར་གསུང་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །དགེ་བ་དང་ནི་ཆོས་སྡུད་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི། །བདག་གིས་སོ་སོར་བརྟན་པོར་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་མཆོག་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང༌། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་བསྡུས་པ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །དེ་ཉིད་ཀྱི་ནི་རབ་ཏུ་གཟུང༌། །སློབ་དཔོན་དག་ཀྱང་གཟུང་བ་བགྱི། །རིན་པོ་ཆེ་ཡི་རིགས་མཆོག་ནི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །པདྨ་ཆེན་པོའི་རིགས་དག་པ། །བྱང་ཆུབ་ཆེན་པོ་འབྱུང་བ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཆེན་རིགས་ནི་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །མཆོད་པའི་ལས་ནི་ཅི་ནུས་བཞིན། །ཀུན་ནས་སོ་སོར་གཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་ཡང་དག་བསྐྱེད་བགྱི་ཞིང༌། །སྡོམ་པ་མ་ལུས་གཟུང་བགྱིས་ནས། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་དབྱུང་བ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་པ་ནི་སློབ་མ་ལྷག་པར་གནས་པ་སྟེ། ནུབ་གཉིས་པའི་ཆོ་གའོ། །དེ་ནས་ནངས་པར་སྔ་བར་ལངས་ལ། སྔོན་འགྲོ་གཏོར་མ་ནས་བརྩམས་ཏེ། བདག་བསྐྱེད་བཟླས་པ་དང་བཅས་པའི་བར་བྱས་ནས། རས་བལ་གྱི་སྲད་བུ་ལྔ་ཚོན་སྣ་ལྔས་ཁ་དོག་བསྒྱུར་ལ་དྲི་བཟང་པོས་བྱུག རང་ཕྲག་དོག་གཤིན་རྗེའི་གཤེད་དུ་བསྒོམས་པའི་ལག་པར་བཟུང་ལ། དཀར་པོ་ཀྵེ་ལས་གཏི་མུག་གཤིན་རྗེའི་གཤེད། དེ་བཞིན་དུ་སེར་པོ་མ། དམར་པོ་མེ། ལྗང་གུ་ད། སྔོན་པོ་ཡ་རྣམས་ལས་ཕྲག་དོག་གཤིན་རྗེའི་གཤེད་སོགས་སུ་བསྐྱེད་དོ། །རང་གི་མིག་གཉིས་ཛ་ལས་བྱུང་བའི་ཟླ་བ་དང་ཉི་མར་བསྒོམས་ལ། འབར་བའི་ལྟ་སྟངས་དང༌། ཨོཾ་དཱིཔྟ་དྲྀཥྚ་ཨངྐུ་ཤ་ཛཿ ཞེས་པས་དེ་བཞིན་གཤེགས་པ་རྣམས་མདུན་དུ་སྤྱན་དྲངས་ལ། ཨོཾ་ཨཱཿཔྲ་ཡཙྪ་མོ་ཧ་ཡ་མ་ཨ་རི་སྭ་ཙཀྲ་སུ་ཏྲ་ན་མ་ཧཱུྃ། ཞེས་དང༌། དེ་བཞིན་དུ། མོ་ཧའི་གནས་སུ་པི་ཤུ་ན་དང༌། རཱ་ག་དང༌། ཨིརྵྱ་ན་དང༌། དྭེ་ཥ་རྣམས་བཅུག་ལ་གསོལ་བ་བཏབ་པས། ཡེ་ཤེས་ཀྱི་སྲད་བུ་རྣམས་ལག་པར་གནས་པའི་དམ་ཚིག་གི་སྲད་བུ་ལ་ཐིམ་པར་བསམས་ལ། གཏི་མུག་གཤིན་རྗེའི་གཤེད་ཀྱི་ང་རྒྱལ་འཛིན་པའི་སློབ་མ་དང་ལྷན་ཅིག ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏཱཿ སརྦ་དྷརྨཱཿསྥ་ར་སྥ་ར་ཨ་ནུ་ག་ཏཿ སརྦ་དྷརྨྨཿཨརྒྱནྟ་ཨ་ནུ་པྲ་བིཥྚཿསརྦ་དྷརྨཿཧཱུྃ། ཞེས་བརྗོད་ཅིང༌། དང་པོ་སོ་སོ་དང༌། དེ་ནས་གཅིག་ཏུ་བསྒྲིལ་ཞིང༌། དྲི་བཟངས་ཀྱིས་བྱུགས་ལ། གསེར་གྱི་སྣོད་དུ་བཞག མེ་ཏོག་ལ་སོགས་པས་མཆོད། ཧྲཱིཿཥྚྲཱྀཿབཟླས་པས་བསྲུང་ངོ༌། །དེ་ནས་དཀྱིལ་འཁོར་གྱི་ས་གཞིའི་ནུབ་ཏུ་སློབ་དཔོན་དང༌། ཤར་དུ་སློབ་མ་འདུག་ལ། གཡོན་པའི་ཁུ་ཚུར་གྱིས་ལྟེ་བར་ཐིག་སྐུད་བཟུང༌། ཛྫཿཛྫཿཛྫཿཞེས་བརྗོད་ཅིང༌། སློབ་མ་ལ་ཐིག་སྣ་གཏད། དེས་ཀྱང་ཛྫཿགསུམ་བརྗོད་ཅིང་དྲངས་ལ། ལྟེ་བར་བཟུང་བ་ལ་སློབ་དཔོན་གྱིས་གཡས་རྡོ་རྗེ་དང་བཅས་པའི་མཐེབ་སྲིན་གྱིས། ཨོཾ་ཨཱཿབཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང༌། ཐིག་གི་སྒྲ་དང༌། སེམས་ཅན་དོན་ལ་ཁྱེད་རྣམས་ཀྱིས། །དུས་ཡིན་དེ་ཕྱིར་འདིར་བྱོན་ཅིག །ཅེས་པས་བསྐུལ། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཐིག་ལ་ཐིམ་པར་བསྒོམས་ལ། ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་གཡས་སྐོར་གྱིས། སློབ་དཔོན་ལྷོ་དང༌། སློབ་མ་བྱང་དུ་གནས་པས་ཚངས་ཐིག་གཉིས་པ་གདབ། སློབ་དཔོན་མེ་དང༌། སློབ་མ་དབང་ལྡན་དུ་གནས་པས་ཤར་གྱི་རྩ་ཐིག་དང༌། སློབ་དཔོན་རླུང་དང༌། སློབ་མ་བདེན་བྲལ་དུ་གནས་པས། ནུབ་གྱི་རྩ་ཐིག་དང༌། སློབ་དཔོན་དེ་ཉིད་དང་སློབ་མ་དབང་ལྡན་དུ་གནས་པས། བྱང་གི་རྩ་ཐིག་དང༌། སློབ་དཔོན་མེ་དང༌། སློབ་མ་བདེན་བྲལ་དུ་གནས་པས་ལྷོའི་རྩ་ཐིག་དང༌། དེ་ནས་གཞུང་དུ་མ་བཤད་ཀྱང་ལག་ལེན་ལ། སློབ་དཔོན་དེ་ཉིད་དང༌། སློབ་མ་རླུང་དུ་གནས་པས་ཟུར་ཐིག་དང་པོ་དང༌། སློབ་དཔོན་བདེན་བྲལ་དང༌། སློབ་མ་དབང་ལྡན་དུ་གནས་པས། ཟུར་ཐིག་གཉིས་པ་སྟེ། ཐམས་ཅད་ཀྱང་ནམ་མཁའ་དང༌། ས་གཞི་གཉིས་ཀ་ལ་བཏབ་ནས། ལས་ཐིག་གི་ཆ་དབྱེ་བའི་ཕྱིར། བསྐོར་ཕྱོགས་དང་གོ་རིམ་སྔར་དང་འདྲ་བར། ལས་ཐིག་ལག་ལེན་ལྟར་བཏབ་ལ། ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ་ནས། ཧྲཱིཿལས་མིག་གཡས་གཡོན་གཉིས་ཉི་ཟླ་དང༌། མིག་འབྲས་ཧཱུྃ་ལས་ཁྲོ་བོའི་རྡོ་རྗེར་བསྐྱེད་ལ། ཧི་ཧི་ཞེས་བརྗོད་ཅིང༌། ཁྲོ་བོའི་ལྟ་བས་བལྟས་པས། ཁྲོ་བོའི་རྡོ་རྗེ་འཕྲོས། ཐར་པའི་སྒོའི་གེགས་སུ་གྱུར་པའི་བགེགས་རྣམས་བཅོམ་པར་བསམས་ལ། དྲི་བཟངས་ཀྱི་ཆུས་སྒོ་བཞིའི་ཐད་ཀྱི་རྩ་ཐིག་དབྱི་སྟེ། ཐིག་གི་ཆོ་གའོ། །དེ་ནས་རྡུལ་ཚོན་ཁ་དོག་ལྔ་ལ་ཡཀྵེ་མ་མེད་བྲིས་ཏེ། ཕྱོགས་མ་འཛོལ་བར་བཀོད་ལ། བསང་སྦྱངས། གཤིན་རྗེའི་གཤེད་རིགས་ལྔར་བསྐྱེད། ནམ་མཁར་བཞུགས་པའི་རིགས་ལྔའི་ཐུགས་ཀ་ནས། ཡེ་ཤེས་ཀྱི་རྡུལ་ཚོན་སྔར་ལྟར་འབར་བའི་ལྟ་སྟངས་དང་སྔགས་ཀྱིས་བཀུག་ལ། མཆོད་ཅིང་བསྟོད་དེ། ཞུ་བ་ལས་བྱུང་བའི་རྡུལ་ཚོན་དུ་བལྟས་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་དང༌། ལྷ་སོ་སོའི་སྔགས་བདུན་བདུན་བཟླས་པས། བྱིན་གྱིས་བརླབ། དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་ནས། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧོ། ཞེས་བརྗོད་ལ། རྡོ་རྗེ་ཤུགས་ཀྱི་འཇུག་པས་ནང་དུ་ཞུགས་ལ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །འཇམ་དབྱངས་རྒྱལ་པོ་རང་ཉིད་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་བརྗོད་ཅིང་དབང་ལྡན་ནས་བརྩམས་ཏེ། གཡོན་པའི་ཁུ་ཚུར་གྱིས་རེ་ཁཱ་ལྔས། སྒོ་ཚད་གཅིག་གི་བར་བྲིས་ལ། སྣོད་ལ་སོགས་པས་བཀབ་ཅིང་རྡོ་རྗེ་བཞག་པས་བསྲུང་ངོ༌། །ཕྱིས་སྦྲེལ་རན་པ་དང༌། སྣོད་བསལ་ལ་རྩིག་པ་གཞན་དང་སྦྲེལ་ལོ། །དེ་ནས་རང་ངམ་གཞན་གྱིས་ཀྱང་རུང་སྟེ། དབུས་ཀྱི་སྣ་ཚོགས་པདྨ་ནི། །ཕྱོགས་བཞི་དམར་ལ་མེ་རླུང་སེར། །བདེན་བྲལ་ལྗང་ལ་དབང་ལྡན་སྔོ། །ལྟེ་བ་ལྗང་གུ་གེ་སར་སེར། །ཕྱོགས་མདོག་ཤར་དཀར་ལྷོ་ཕྱོགས་སེར། །ནུབ་དམར་བྱང་ལྗང་དབུས་སྔོ་བའོ། །སྒོ་དང་རྟ་བབས་མེ་རིའི་བར། །དཀྱིལ་འཁོར་སྤྱི་དང་མཐུན་པར་བྲི། །པདྨའི་ལྟེ་བ་དང་ཕྱོགས་ཀྱི་འདབ་མ་བཞིར། ཉི་མ་ལ་གནས་པའི་དབྱུག་པ་དཀར་པོ་རིགས་ལྔའི་ཕྱག་མཚན་གྱིས་མཚན་པ་ལས་འོད་ཟེར་ཕྲེང་བས་བསྐོར་བ་དང༌། མཚམས་ཀྱི་འདབ་མ་བཞིར། མེར་བུམ་པ་སྔོན་པོ། སྲིན་པོར་སེར། རླུང་དུ་དམར། དབང་ལྡན་དུ་དཀར་པོ་རྣམས་ཀྱི་སྟེང་དུ། ཐོད་པ་བདུད་རྩིའི་གང་བ་རེ་བྲི། དེ་ལྟར་ལེགས་པར་བྲིས་ཟིན་པ་དང༌། ཚོན་ལྷག་མ་རྣམས་ལ་མཆོད་ནས། ཡེ་ཤེས་པ་སྟ་གོན་གྱི་ལྷའི་ཐུགས་ཀར་གཤེགས། དམ་ཚིག་པ་རང་ལ་བསྡུས་ལ་ཚོན་གནས་ཇི་ལྟ་བ་བཞིན་དུ་བཞག་སྟེ། ཚོན་གྱིས་བྲི་བའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་མཐར་དྲི་བཟངས་ཀྱི་ཆུས་བྱུག་ཅིང༌། མཆོད་རྫས་རྣམས་བཟང་བར་བཤམ། རྣམ་རྒྱལ་བུམ་པ་ཤར་སྒོའི་ཐད་དང༌། ལས་བུམ་དབང་ལྡན་གྱི་མཚམས་སུ་དགོད། གདུགས་དང༌། བ་དན་དང༌། གོས་ཟུང་ལ་སོགས་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་སོགས། འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཀྱང་ཚང་བར་བཤམས་ཏེ་རྒྱན་དགྲམ་པའོ། །དེ་ནས་རང་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འདུག་ལ། རྡོ་རྗེ་ཤུགས་ཀྱིས་འཇུག་པས་དཀྱིལ་འཁོར་གྱི་དབུས་སུ་ཞུགས་པར་མོས་ལ། བྲིས་པའི་དཀྱིལ་འཁོར་ཧྲཱིཿཥྚྲཱྀཿས་བསང༌། སྭ་བྷཱ་ཝས་སྟོང་པར་བསྒོམས་པའི་ངང་ལས། སྲུང་འཁོར་ནས་གདན་བསྐྱེད་པའི་བར། སྒྲུབ་ཐབས་ལྟར་བྱས་ལ། བྲིས་པའི་མཚན་མ་རྣམས་ཡོངས་སུ་གྱུར་པ་ལས། ལྷ་སོ་སོ་དང༌། བུམ་པ་རྣམས་ཀྱང་བསྐྱེད། རང་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པའི་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པའི་བར། སྒྲུབ་ཐབས་ལྟར་བྱས་ལ། སྙོམས་པར་ཞུགས་པའི་དགའ་བའི་སྒྲས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས་པ་བྱང་ཆུབ་ཀྱི་སེམས་སུ་གྱུར། དེ་ཡུམ་གྱི་མཁར་དཀྱིལ་འཁོར་ཡོངས་རྫོགས་སུ་གྱུར་པར་བསམ། དེ་ནས་སོ་སོའི་སྔགས་ཀྱིས་ཕྱུང་ལ། རྡུལ་ཚོན་གྱི་ལྷ་དང་བསྲེས་ནས་གསལ་གདབ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར། ཡེ་ཤེས་པ་གཞུག་པ་རྣམས་བདག་བསྐྱེད་དང་འདྲ་བར་བྱས་ལ། ཧྲཱིཿཥྚྲཱྀཿས་བགེགས་བསྐྲད། སྟ་གོན་གྱི་ལྷ་ལ་མཆོད་ནས། ཛཿཧཱུྃ་བཾ་ཧོཿས་བསྟིམས་ཏེ། དཀྱིལ་འཁོར་སྒྲུབ་པའོ། །དེ་ནས་མཆོད་པ་རྣམས་བསང་སྦྱངས། བྱིན་གྱིས་བརླབས་ནས། སོ་སོའི་ཚིགས་བཅད་དང༌། སྔགས་དང་ཕྱག་རྒྱ་དང་བཅས་པས། མཆོད་ཡོན་ནས་རོལ་མོའི་བར། སྒྲུབ་ཐབས་ལྟར་ཕུལ་ལ། ཛམྦཱུའི་གླིང་དང་གླིང་གཞན་རྣམས། །ལྷ་རྫས་ན་བཟས་བཀང་བ་ཡང༌། །བླ་མ་གཤིན་རྗེའི་གཤེད་པོ་ལ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཧྲཱིཿཥྚྲཱྀཿདང༌། ཨོཾ་བཛྲ་ཝས་སྱ་སྭཱ་ཧཱ། ཞེས་པས་གོས་ཟུང་དང༌། དེ་བཞིན་དུ་འདོན་པ་བསྒྱུར་ལ། གཟུགས་མཆོག་ཚོགས་ཀྱིས་བཀང་བ་ཡང༌། །ཨོཾ་ཨཱཿརཱུ་པ་བཛྲ་ཧཱུྃ། དེ་བཞིན་དུ་སྒྲ་སྙན་དང༌། ཤབྡ། དྲི་མཆོག་དང༌། གནྡྷེ། རོ་མཆོག་དང༌། ར་ས། རེག་འཇམ་དང༌། སྤརྵེ་ཞེས་པས་འབུལ་ཞིང༌།           རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*