ནག་པོ་ར་རི་མེད་པ་ཡི། །བུམ་པ་ལྟོ་ཆེ་བྲེ་ཚད་པ། །མཆུ་འཕྱང་མགྲིན་རིང་གདན་ལྡན་པ། །སྙིང་པོར་ལྡན་པའི་སྨན་སོགས་གཞུག །མགྲིན་པ་རས་བཟང་དག་གིས་དཀྲིས། །འདབ་མར་ལྡན་པའི་ལྕུག་མ་ཡང༌། །དྲི་དང་ལྡན་པའི་ཁ་རྒྱན་ཅན། །བདུད་རྩི་ལྡན་པ་ཡིས་ཀྱང་མཆོད། །གཞན་ཡང་མཆོད་པའི་རྣམ་པ་ནི། །བླ་རེ་གདུགས་དང་རྒྱལ་མཚན་དང༌། །བ་དན་སིལ་སྙན་རོལ་མོ་ཡིས། །གུས་པས་དཀྱིལ་འཁོར་པ་རྣམས་མཆོད། །ཅེས་པས་མཆོད་ཅིང༌། ནང་བདུད་རྩི་དང༌། བསྟོད་པ་དང༌། བཟླས་པ་དང༌། གཏོར་མའི་མཆོད་པའི་བར་སྒྲུབ་ཐབས་ལྟར་བྱས་ལ། སྒྲུབ་པའི་གྲོགས་དཀྱིལ་འཁོར་སྲུང་དུ་བཅུག་ནས་རང་ཕྱི་རོལ་དུ་ཕྱིན་ནས། ཕྱོགས་སྐྱོང་རྣམས་ལ་གཏོར་ཆོག་ལྟར་གཏོར་མ་བྱིན་ལ། ནང་དུ་འོངས་ཏེ་རོལ་མོ་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་བ་བྱས་ལ། ལྷག་ཆད་ཞི་བའི་ཕྱིར་ཡི་གེ་བརྒྱ་པ་བཟླས་ཏེ། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའོ། །དེ་ནས་སློབ་དཔོན་གྱི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་དང༌། སློབ་མའི་བྱ་བ་རྣམས་རང་གིས་བྱས་པར་མོས་ལ། དབང་བསྐུར་གྱི་སྐབས་ལྟར་དབང་ཐམས་ཅད་རྫོགས་པར་བླངས་ལ། སློབ་དཔོན་གྱིས་ལས་ཐམས་ཅད་ཀྱི་རྗེས་སུ་གནང་བ་བྱིན་པར་བསམ་པ་སྟེ། བདག་འཇུག་གོ །དེ་ནས་ཁྲུས་བྱས་པའི་སློབ་མ་རྣམས་ཡོལ་བའི་ཕྱི་རོལ་དུ་སྟ་གོན་ལྟར་འཁོད་ནས། ཕྱག་དང་མཎྜལ་ཕུལ་ལ་སྔར་ལྟར། མཱ་མ་ཀཱི་དང་ལྷན་ཅིག་སྦྱོར། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་བཏབ་ལ། གཏི་མུག་གཤིན་རྗེའི་གཤེད་དུ་བསྐྱེད། །ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་གཏད། གདོང་གཡོགས་དམར་པོ་བཅིངས། ལས་ཐམས་ཅད་པའི་ཆུ་དང༌། ཧྲཱིཿཥྚྲཱྀཿས་བསང་ནས། རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་དང༌། མཎྜལ་ཕུལ་ཏེ། སློབ་དཔོན་ལ་གསོལ་བ་གདབ་པ་དང༌། ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་བ་རྣམས་སྔར་ལྟར་བྱས་ལ། ཀྱེ་དགའ་བ་ལ་དགའ་ཁྱོད་སུ་ཡིན། ཞེས་དྲི། དེས། བདེ་ཆེན་བདག་ནི་སྐལ་བཟང་ལགས། །ཞེས་ལན་གདབ། སློབ་མའི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་མཚོན་བྱེད་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན། མི་མགོ་རློན་པ་སེར་པོས་མཚན་པར་བསྒོམས་ལ། བདེན་གཉིས་ཟུང་འཇུག་ཏུ་སེམས་བསྐྱེད་པའི་བསམས་པས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ཞེས་བརྗོད། སྙིང་གར་མེ་ཏོག་དང་བཅས་པའི་རྡོ་རྗེ་བཞག་ལ། ཨོཾ་སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པས་བརྟན་པར་བྱའོ། །དེ་ནས་ཨ་ཁཾ་བཱི་ར་ཧཱུྃ་གིས་ཡོལ་བའི་ནང་དུ་བཅུག་ལ། མགོ་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་པས་ཕན་ཡོན་གྱི་སྒོ་ནས་དང༌། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་སྤྱི་བོ་འགེམས། །ཞེས་པས་ཉེས་དམིགས་དང༌། སྙིང་གར་རྡོ་རྗེ་བཞག་ལ། དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པས་ཕན་ཡོན་ཉེས་དམིགས་གཉིས་ཀའི་དང༌། དུང་ཆོས་སུ་དྲི་བཟངས་པོའི་ཆུ་ལ། ཨོཾ་བཛྲ་ཨུ་ད་ཀ་ཋཿབདུན་བཟླས་པས་སློབ་མའི་ཁར་བླུགས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིང༌། །ཨོཾ་བཛྲ་ཨུ་ད་ཀ་ཋཿཋཿཋཿཞེས་པས་མནའི་ཆུ་བླུད་པ་དང༌། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་འདི་གྱིས་ཤིགས་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་བར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་བླ་མའི་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་གོ །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་དུ་གསོལ། ཞེས་གསོལ་བ་བཏབ་ལ། སློབ་མ་འདོད་ཆགས་གཤིན་རྗེའི་གཤེད་དུ་བསྒོམ་པའི་སྤྱི་བོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པའི་དབུས་སུ་ཧཿ སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དབུས་སུ་ཧཱུྃ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྣོ་ཞིང་འབར་བའི་དབུས་སུ་ཨཱཿ རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གྱིས་མཚན་པ། དེ་ལ་ཛྷཻཾ་དྲག་ཅིང་བཟོད་པར་དཀའ་བ་འབར་བའི་གཟུགས་བརྙན་རླུང་གིས་བསྐྱོད་པས། རྐང་མཐིལ་གཉིས་ནས་ཞུགས་ཏེ། ལྟེ་བའི་མེའི་དཀྱིལ་འཁོར་དང་མཉམ་པར་ཕྱིན་ནས། དེའང་དེས་བསྐྱོད་ནས་ཤིན་ཏུ་དྲག་ཏུ་འབར་བས་སྙིང་གའི་སའི་དཀྱིལ་འཁོར་བསྲེགས། དཔྲལ་བའི་ཨོཾ་ལས་དེ་ལས་བདུད་རྩིའི་ཚོགས་བབས། རྒྱུད་ཚིམ་པར་གྱུར་པའི་སློབ་མ་རླུང་གིས་འདེགས་བཞིན་པར་བསམས་ལ། རང་གཙོ་བོའི་ང་རྒྱལ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ནས། སློབ་མ་ལ་ཐིམ་ཞིང༌། གུ་གུལ་གྱིས་བདུག རོལ་མོའི་སྒྲ་དྲག་ཏུ་སྒྲོགས་བཞིན་པ་དང་བཅས་པས། ཨོཾ་ཧྲཱིཿཥྚྲཱྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨ་ཝེ་ཤ་ཡ་སྟྭཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙ་ལ་ཡ། ཧཿཛྷཻཾ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་དབབ་བོ། །ཕེབས་པ་དང༌། འདོད་ཆགས་གཤིན་རྗེའི་གཤེད་དུ་དམིགས་པའི་ལྕེ་ལ་ཨཿདམར་པོ་བཀོད་ལ། ཏིཥྛ་བཛྲ་ཞེས་བརྗོད་ལ། མགོན་པོ་རྡོ་རྗེ་ཆོས་ཆེན་པོ། །སྣང་བ་མཐའ་ཡས་བདེ་བ་ཆེ། །སྨྲོས་ཤིག་འདོད་ཆགས་ཆོས་ཆེན་པོ། །དགེ་དང་མི་དགེ་ལེགས་པར་དྲི། །ཞེས་བརྗོད་ལ་དྲི་བར་བྱའོ། །དེའང་གསུང་བབས་པས་དགེ་བ་དང་མི་དགེ་བ་སྨྲའོ། །ཐུགས་བབས་ན་འཇིག་རྟེན་གསུམ་དུ་རྟོགས་པ་ཤེས་སོ། །སྐུ་བབས་པས་ནམ་མཁའ་ལ་འཕར་རོ། །དེའི་ཚེ་མགོ་བོའི་སྟེང་དུ་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་མཚན་པ་དེས་མནན་པར་བསྒོམས་ན། མི་འགུལ་བར་འགྱུར་རོ། །དེ་ནས་སྔར་གྱི་མེ་ཏོག་གི་ཕྲེང་བ་དེ་ཏྲཱཾ་ལས་རིན་པོ་ཆེའི་མེ་ཏོག་དུ་མོས་ལ། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་པས་རང་གི་ལྷ་ལ་ཕུལ། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཞེས་པས་མེ་ཏོག་མགོ་ལ་བཅིངས། མིག་ཏུ་ཨོཾ་བསམས་ལ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ཅེས་པས་གདོང་གཡོགས་བཀྲོལ་ལ། ཧེ་བཛྲ་པ་ཤྱ། ཞེས་བརྗོད་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྟན་ཏེ། དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །དེ་ནས་མཎྜལ་ཕུལ་ནས། སངས་རྒྱས་ཤེས་རབ་ཆེན་པོ་ཡི། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །བདག་ལའང་མགོན་པོས་དབང་བསྐུར་ཞིང༌། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ། ལས་བུམ་གྱི་ཆུ་དང༌། ཧྲཱིཿཥྚྲཱྀཿས་སློབ་མ་དང་བུམ་པ་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ། ཡ་དང་དབྱུག་པ་ལས་སྐྱེས་པའི་ཞེ་སྡང་གཤིན་རྗེའི་གཤེད་རོ་ལངས་མས་འཁྱུད་པར་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་རྫས་ལ་དབང་བསྐུར། དབང་རྫས་ལ་ཡེ་ཤེས་པ་གཞུག དབང་རྫས་ཀྱི་ལྷ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་བལྟས། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་འཁོར་དང་བཅས་པ་སྤྱན་དྲངས། དེ་རྣམས་ལ་མཆོད་ཅིང༌། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རྡོ་རྗེ་ཙརྩི་ཀ་ལ་སོགས་པའི་ཡུམ་རྣམས་ཀྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་དབང་བསྐུར་བར་བསམས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་བྱུང་སྦྱིན་པར་བྱ། །ཞེས་རྣམ་རྒྱལ་བུམ་པ་ནས་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩཱ་མི། ཞེས་བརྗོད་ཅིང་དབང་བསྐུར། ལུས་གང་དྲི་མ་དག་སྟེ། དབང་གི་ལྷ་རྣམས་རྡོ་རྗེ་སེམས་དཔའི་རྣམ་པར་བྱས་ནས། རང་གི་སྤྱི་བོར་དབུར་བརྒྱན་པར་བསམ་མོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ་རང་ཉིད་ལ་ཐིམ་པར་བསྒོམས་པ་ལ། ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། དངོས་སུ་ལས་ཀྱི་རྡོ་རྗེས་མཆོད། །དེ་ལྟར་ན་ཞེ་སྡང་གཤིན་རྗེའི་གཤེད་ཀྱི་སྒོ་ནས་ཆུའི་དབང་ཐོབ། ཞེ་སྡང་དག རྣམ་ཤེས་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། ཞེ་སྡང་གཤིན་རྗེའི་གཤེད་ཀྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག ཞེས་རྟོག་པ་བསྐྱེད་དོ། །དེ་རྣམས་ནི་ལྷ་དང་དབང་རྫས་ཀྱི་ཁྱད་པར་མ་གཏོགས་རྡོ་རྗེ་སློབ་དཔོན་གྱི་བར་ཐམས་ཅད་ལ་འགྲེས་སོ། །དེ་བཞིན་དུ་སློབ་མ་དང་དབུ་རྒྱན་བསང་སྦྱངས། མེ་དང་དབྱུག་པ་ལས་སེར་སྣ་གཤིན་རྗེའི་གཤེད་ཡབ་ཡུམ་དུ་བསྐྱེད་པ་སོགས་བྱ། ཞུ་བ་ལས་བྱུང་བའི་དབུ་རྒྱན་དུ་བལྟས་ལ། སྔར་གྱི་སྔགས་ཀྱིས་དབུར་བརྒྱན་ཅིང༌། ཆུས་ཀྱང་དབང་བསྐུར། གཙོ་བོས་རྒྱས་བཏབ། ཡེ་ཤེས་པ་དགུག་གཞུག་བྱ། མཆོད་པས་མཆོད། སེར་སྣ་གཤིན་རྗེའི་གཤེད་ཀྱི་སྒོ་ནས་དབུ་རྒྱན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག ཚོར་ཕུང་གནས་གྱུར། མཉམ་ཉིད་ཡེ་ཤེས་མངོན་དུ་བྱས། སེར་སྣ་གཤིན་རྗེའི་གཤེད་ཀྱི་ས་བོན་བཞག ཅེས་རྟོགས་པ་བསྐྱེད་དོ། །དེ་ནས་སློབ་མ་དང་རྡོ་རྗེ་བསང་སྦྱངས། མེ་དང་དབྱུག་པ་ལས་འདོད་ཆགས་གཤིན་རྗེའི་གཤེད་ཡབ་ཡུམ་དུ་བསྐྱེད་པ་སོགས་བྱས་ཏེ། ཞུ་བས་རྡོ་རྗེར་བལྟས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུངས། །ཞེས་བརྗོད་དེ། རྡོ་རྗེ་སྙིང་ག་ལ་སོགས་པར་རེག་ལ་རྡོ་རྗེ་ལག་པ་གཡས་སུ་སྦྱིན། ཆུས་ཀྱང་དབང་བསྐུར། གཙོ་བོས་རྒྱས་བཏབ། ཡེ་ཤེས་པ་བཅུག་པ་ལ་མཆོད་ནས། འདོད་ཆགས་གཤིན་རྗེའི་གཤེད་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ། འདོད་ཆགས་དག འདུ་ཤེས་གནས་གྱུར། སོར་རྟོག་ཡེ་ཤེས་མངོན་དུ་བྱས། འདོད་ཆགས་གཤིན་རྗེའི་གཤེད་ཀྱི་ས་བོན་བཞག ཅེས་རྟོགས་པ་བསྐྱེད་དོ། །དེ་ནས་སློབ་མ་དང་དྲིལ་བུ་བསང་སྦྱངས། ད་དང་དབྱུག་པ་ལས་ཕྲག་དོག་གཤིན་རྗེའི་གཤེད་ཡབ་ཡུམ་དུ་བསྐྱེད་པ་སོགས་བྱ། ཞུ་བས་དྲིལ་བུར་བལྟས་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་པས་དྲིལ་བུ་ལག་པ་གཡོན་དུ་སྦྱིན་ཆུས་ཀྱང་དབང་བསྐུར། གཙོ་བོས་རྒྱས་བཏབ། ཡེ་ཤེས་པ་བཅུག་ལ་མཆོད་ནས། ཕྲག་དོག་གཤིན་རྗེའི་བཤེད་ཀྱི་སྒོ་ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་དག འདུ་བྱེད་གནས་གྱུར། བྱ་གྲུབ་ཡེ་ཤེས་མངོན་དུ་བྱས། ཕྲག་དོག་གཤིན་རྗེའི་གཤེད་ཀྱི་ས་བོན་བཞག ཅེས་རྟོགས་པ་བསྐྱེད་དོ། །དེ་ནས་སློབ་མ་བསང་སྦྱངས། ཀྵེ་དང་དབྱུག་པ་ལས་གཏི་མུག་གཤིན་རྗེའི་གཤེད་ཡབ་ཡུམ་དུ་བསྐྱེད་པ་ལ་སོགས་བྱས་ལ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་བཛྲ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་རྡོ་རྗེ་ལ་སོགས་རིགས་དང་མཐུན་པའི་མིང་གདགས་སོ། །ཆུས་ཀྱང་དབང་བསྐུར། གཙོ་བོས་རྒྱས་གདབ། ཡེ་ཤེས་པ་བཅུག་ལ་མཆོད་ནས། གཏི་མུག་གཤིན་རྗེའི་གཤེད་ཀྱི་སྒོ་ནས་མིང་གི་དབང་ཐོབ། གཏི་མུག་དག གཟུགས་ཕུང་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། གཏི་མུག་གཤིན་རྗེའི་གཤེད་ཀྱི་ས་བོན་བཞག ཅེས་རྟོགས་པ་བསྐྱེད་དོ། །དབང་བསྐུར་བ་འདི་དག་གིས། བྱ་བ་དང་སྤྱོད་པའི་རྒྱུད་བཤད་པ་དང༌། སྔགས་སྒྲུབ་པ་ལ་དབང་བར་འགྱུར་རོ། །དབང་ལྔ་པོ་འདི་ཉིད་ཅོད་པཎ་གྱི་དབང་སྟེ། ཐམས་ཅད་དུ་ཙརྩི་ཀ་ལ་སོགས་པ་རྣམས་ཅོད་པཎ་ལ་དབང་གི་ཚུལ་དུ་བྱ་བའི་ཕྱིར་རོ། །དེ་ནས་སློབ་དཔོན་གྱི་དབང་གི་དོན་དུ་ཕྱག་དང་མཎྜལ་ཕུལ་ནས། གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །སྙིང་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་ལ། དཀྱིལ་འཁོར་གྱི་ཤར་དུ་རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ། ཤིང་སྟན་ལ་སློབ་མ་མེ་ཏོག་གང་ཕོག་གི་ང་རྒྱལ་གྱིས་བཞག གང་ལྟར་རིག་པའི་དབང་ལྔ་མདོར་བསྡུས་པ་བསྐུར་ཏེ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ལག་པ་གཡས་པར་བྱིན་ལ། ཁམས་གསུམ་པ་ཡི་རལ་གྲི་ཆེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་མཆོག་ལྟ་བུ། །བདུད་ལས་རྒྱལ་བར་བྱ་ཕྱིར་ཟུངས། །ཞེས་དང༌། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ལའོ། །ཞེས་བརྗོད་པས་རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ །ཨཿལས་བྱུང་བའི་དྲིལ་བུ་ལག་གཡོན་དུ་བྱིན་ལ། ཤེས་རབ་ཐབས་ཀྱི་རང་བཞིན་ཉིད། །རྡོ་རྗེ་དྲིལ་བུ་རབ་གྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པས་ཟུངས། །ཁྱོད་ཀྱིས་སློབ་མ་བསྡུ་བར་གྱིས། །ཞེས་དང༌། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡི། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་བརྗོད་དེ་དྲིལ་བུ་གསུང་གི་དམ་ཚིག་གོ །དེ་ནས་རང་དཀྱིལ་འཁོར་གྱི་གཙོ་བོར་བསྒོམས་ནས། ཤེས་རབ་ལ་འཁྱུད་པའི་ཚུལ་བྱས་ལ། ཡིད་ཀྱི་ལུས་རྟེན་དེ་ཉིད་ཀྱིས། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བཤད། །གང་གིས་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་པ་ནི་ཕྱག་རྒྱའི་དམ་ཚིག་སྟེ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འགྱུར། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱིས་ནི་དབང་དུ་བརྗོད། །ཅེས་པའི་དོན་ངོ་སྤྲད་ལ། ཆུ་དབང་རྒྱས་པ་བསྐུར་ལ། ལྷ་དང་དཀྱིལ་འཁོར་གྱི་དེ་ཉིད་སྒྲུབ་ཐབས་ལྟར་བཤད་དོ། །དེ་ནས་སློབ་མ་གཤིན་རྗེའི་གཤེད་ཀྱི་སྐུར་བསྒོམ་དུ་བཅུག་ལ། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ན། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རིམ་པ་བཞིན་དུ་བྱིན་ཏེ་རྗེས་གནང་ངོ༌། །རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སེམས་དཔར་བསྐྱེད། ཞུ་བའི་རྡོ་རྗེར་བལྟས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨཻ་ཥ་སྟྭཾ་དྷ་ར་ཡཱ་མི། བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་དེ་རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ནས་སློབ་དཔོན་ཤཱཀྱ་ཐུབ་པའི་ང་རྒྱལ་གྱིས་གཡོན་པའི་ཁུ་ཚུར་གྱི་སྙིང་གར་ཆོས་གོས་ཀྱི་གྲྭ་ནས་འཛིན་པའི་ཚུལ་དང༌། གཡས་པ་མཆོག་སྦྱིན་པས། ཨོཾ་འདིར་ནི་ངས་ཁྱོད་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་མཆོག་ཏུ་གྲུབ་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །ཀྱེ་ཆེ་གེ་རྡོ་རྗེ་ཞེས་བྱ་བའི། ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷཱུརྦྷཱུ་ཝ་སྭཿ ཞེས་བྱ་བས་ལུང་བསྟན་ནས། གང་འདི་དག་ལས་བྱུང་བའི་ཕྱག་རྒྱས་ལུང་བསྟན་པར་བྱེད་པ་དེ་ལ། དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ། །ཕྱག་རྒྱ་འདི་ཉིད་ཀྱི་མཐུ་དང་སྔགས་འདིའི་སྟོབས་ཀྱིས་སོ། །ཞེས་བརྗོད་པར་བྱ་སྟེ་ལུང་སྟོན་པའོ། །དེ་ནས། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བ། །ཁྱོད་ཀྱི་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་པས་ཉན་རང་གི་ས་ཡིད་ལ་བྱེད་ཀྱི་སེམས་བཅོམ་པར་བསམས་ཏེ། གསང་བ་བརྗོད་པའོ། །དེ་ནས། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ཡིས་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །སྲིད་པ་ཤིན་ཏུ་གྲུབ་བྱའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །རྡོ་རྗེའི་ཕྱག་རྒྱ་གང་ཡིན་པ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་གཏང་མི་བྱ། །དམ་པའི་ཆོས་ནི་སུན་མི་དབྱུང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཡང་ངེས་པར་བསྟེན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱ་སྟེ། །སློབ་དཔོན་སྨད་པར་མི་བྱའོ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་དོར་ནས་ནི། །དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང༌། །ཅི་བདེ་བར་ནི་བདེ་བར་ཟུངས། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །ད་ནི་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱང་ནི་མཐུན་པར་དགོངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་པའི་དོན་བཤད་དེ་དབུགས་དབྱུང་སྦྱིན་པའོ། །རྗེས་གནང་ལ་སོགས་པ་ལྔ་པོ་འདི་དག་ནི་སློབ་མའི་དབང་ཙམ་དོན་དུ་གཉེར་བ་ལ་ཅོད་པཎ་གྱི་དབང་ལྔའི་རྗེས་སམ། སྐབས་འདིར་རམ། དབང་བཞི་ཡོངས་སུ་རྫོགས་པའི་རྗེས་ལ་སྦྱར་བ་ཡང་བཤད་དོ། །དེ་ལྟར་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག ལམ་བསྐྱེད་རིམ་དང༌། མཉམ་མེད་སྙིང་རྗེའི་རྣལ་འབྱོར་དང༌། རྩ་བ་རྒྱུའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ་སློབ་དཔོན་གྱི་དབང་ངམ་བུམ་པའི་དབང་ངོ༌། །དེ་ནས་སློབ་མས་རིག་མ་དང་མཎྜལ་ཕུལ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་སོགས་སམ། ཨེ་མ་སངས་རྒྱས་སློབ་དཔོན་ཆེ། །ཨེ་མ་ཆོས་དང་ཚོགས་ཀྱི་གཙོ། །བདག་ལ་དམ་ཚིག་དེ་ཉིད་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཞེས་པས་གསོལ་བ་བཏབ་ལ། གདོང་གཡོགས་བཅིང༌། བླ་མས་རང་གཤིན་རྗེའི་གཤེད་དང༌། རིག་མ་རོ་ལངས་མར་བསྐྱེད། སྙོམས་པར་ཞུགས་པའི་སྦྱོར་བ་བྱས་པས། དགའ་བའི་སྒྲས་སངས་རྒྱས་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སྤྱི་བོ་ནས་ཞུགས། རྗེས་སུ་ཆགས་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ། རྡོ་རྗེ་ནོར་བུའི་རྩེར་བརྟན་པར་བྱས་པ་དེ་ཉིད་སྲིན་ལག་དང་མཐེ་བོང་གིས་བཙིར་ཏེ། བཏུང་བ་རིན་ཆེན་འདི་དེ་ནི། །ལུས་ཀྱི་རྡོ་རྗེ་རབ་གསལ་བྱེད། །བུ་ཁྱོད་རྟག་ཏུ་ཤེས་ནས་ཀྱེ། །ཡིད་ལས་བྱུང་བའི་ཆུ་འཐུང་མཛོད། །ཅེས་དང༌། ཧྲཱིཿཥྚྲཱྀཿས་སློབ་མའི་ལྕེ་ཐོག་ཏུ་སྦྱིན། དེས་ཀྱང༌། ཨ་ཧོ་མ་ཧཱ་སུ་ཁ། ཞེས་བརྗོད་ཅིང་བླངས་ནས་མྱང་ལ་མགྲིན་པར་མིད་དོ། །ཤེས་རབ་ཀྱིས་ཀྱང་རང་གི་པདྨ་ལ་གནས་པའི་ཐིག་ལེ་སློབ་མའི་ཁར་བྱིན་ལ། སྔར་བཞིན་མྱངས་བས། མཆོག་ཏུ་དགའ་བའི་བདེ་བས་རྒྱུད་གང་ཞིང་ཡུལ་སྣ་ཚོགས་ལ་དམིགས་པའི་རྟོགས་པ་རགས་པ་རྣམས་འགགས་ནས། གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་རྒྱུད་ལ་རྒྱས་པར་བསྒོམས་ལ། གདོང་གཡོགས་བཀྲོལ་ཏེ། ཁྱོད་ཀྱིས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག ལམ་སྲོག་རྩོལ་རླུང་གི་རྣལ་འབྱོར་དང་རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ་གསང་བའི་དབང་ངོ༌། །དེ་ནས་མཎྜལ་ཕུལ་ཏེ། ཇི་ལྟར་བླ་མེད་དཔའ་བོ་ཡི། །མགོན་ལ་དབང་ནི་བསྐུར་བ་ལྟར། །མགོན་པོས་བདག་ལའང་དབང་བསྐུར་ཞིང༌། །བདག་ལའང་དོན་མཆོག་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ལ། གདོང་གཡོགས་བཅིངས་ཏེ། རིག་མའི་ལག་པ་སློབ་མའི་ལག་པར་གཏད་པར་བསམས་ལ། གཟུང་མ་ཡིད་འོང་འདི་དེ་ནི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་བས་འཁོར་བར་སྦྱོར་བྲལ་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ལ་བྱིན་པ་དང༌། དེ་ཙནྡན་ལ་སོགས་པས་བྱུག མེ་ཏོག་གི་ཕྲེང་བས་བརྒྱན། གོས་མེད་པར་བྱས་ཏེ་པདྨ་རྒྱས་པར་སྟོན་ཅིག དྲི་ཆེན་དྲི་ཆུ་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཤ །བུད་མེད་གུས་མཆོག་དེ་བཞིན་དུ། །བྷ་ག་པདྨ་ཙུམྦྷ་ན། །བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །ཇི་ལྟར་བདེ་བར་བུས་སྨྲོས་ཤིག །ཅེས་སོ། །དེས་ཀྱང༌། དྲི་ཆེན་དྲི་ཆུ་སོགས་ཟ་བ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་བྱ། །བྷ་ག་ཉིད་ལ་ཙམྦྷ་ནི། །ཞེས་ལན་བཏབ་པས་མཉེས་ཏེ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་ག་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷཉྫ་མོཀྵ་ཧོཿ ཞེས་བརྗོད་པར་བསམ། དེ་ནས་སློབ་མ་གཤིན་རྗེའི་གཤེད་དང༌། ཕྱག་རྒྱ་རོ་ལངས་མར་བསྐྱེད། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས། འོ་དང་འཁྱུད་པ་ལ་སོགས་པས་སྐད་ཅིག་དང་པོ་ལ་དགའ་བའི་ཡེ་ཤེས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་བཙལ་ཏེ་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པས། སྐད་ཅིག་གཉིས་པ་ལ་མཆོག་དགའི་ཡེ་ཤེས། རིམ་གྱིས་བསྲུབས་པས་བྱང་ཆུབ་སེམས་ཀྱི་གསང་གནས་ཀྱི་བར་གང་བ་ཁྱད་པར་གྱི་དགའ་བའི་ཡེ་ཤེས། ནོར་བུའི་རྩེ་མོའི་མཐར་ཐུག་པའི་བར་གང་ནས། ཕྱིར་མ་འཛག་པ་ཆགས་པ་དང་ཆགས་བྲལ་གྱི་མཐའ་སྤངས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ཏེ། དེ་ལ་ཅི་ནུས་སུ་གནས་པར་བྱ་བ་སྟེ། རྣལ་འབྱོར་པ་ཡིས་ཇི་སྲིད་དུ། །བྱང་སེམས་འབྱིན་པར་མི་བྱེད་པ། །དེ་སྲིད་ཐོབ་འགྱུར་རྒྱུན་མི་ཆད། །དགའ་བ་ལས་སྐྱེས་བདེ་གཞན་ཅི། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྟུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་བ་ལ། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་ཁམས་རྡོ་རྗེ་ཀུན་སྦྱོར་དང༌། །རེག་བྱས་ཀྱང་ནི་རྨད་བྱུང་ཆེའི། །བདེ་བ་སྐྱེད་པར་བྱེད་པ་གང༌། །དེ་ནི་མཆོག་དགར་བྱེད་པ་པོ། །དགའ་བྲལ་དག་གི་དབུས་སུ་ནི། །མཚོན་པར་ལྟོས་ལ་བསྟེན་པར་གྱིས། །པདྨའི་ནམ་མཁར་རྡོ་རྗེ་ཡི། །ལྟེ་བས་མནན་པའི་གནས་དག་ཏུ། །རྡོ་རྗེའི་སྐྱིལ་ཀྲུང་དག་གི་སེམས། །ནོར་བུའི་ནང་དུ་སོན་བལྟས་པས། །ཡེ་ཤེས་སྐྱེ་བ་གང་ཡིན་དེ། །ཡེ་ཤེས་ངོ་བོ་ཞེས་པས་བརྒྱན། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པ་མ་ཡིན་ནོ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང༌། །དེ་ལ་གནས་བྱ་འགྱུར་མི་བྱ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་ཕྱེད་ཟླ་བ་ལོ་དང་ནི། །བསྐལ་པ་བསྐལ་པ་སྟོང་དུ་ཡང༌། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། །ཞེས་བརྗོད་ལ་ཡེ་ཤེས་ངོས་བཟུང་དུ་བཅུག་ལ། མས་བརྟན་གྱི་དགའ་བ་བཞི་བསྟན་ནས། ལུས་ཐམས་ཅད་བདེ་བས་ཁྱབ་པ་ལ་སེམས་གཟུང་ངོ༌། །དེ་ནས་གདོང་གཡོགས་བཀྲོལ་ཏེ། ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག ལམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་ཡོན་དང་མཎྜལ་ཕུལ་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་གདབ། གདོང་གཡོགས་བཅིངས་སམ་མ་བཅིངས་ཀྱང་རུང་སྟེ། དབང་གསུམ་པའི་དུས་སུ་ཉམས་སུ་མྱོང་བའི་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་དེས་མཚོན་པའི་དོན་གྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་དབང་བཞི་པ་ཉིད་ཚིག་གི་སྒོ་ནས་ངོ་སྤྲད་ན། རྒྱུད་ལས། དེ་ལྟར་བཞི་པ་དེ་བཞིན་ཡང༌། །ཞེས་གསུངས་པས། དབང་གསུམ་པའི་དུས་སུ་ཡུམ་དང་ཞལ་སྦྱོར་གྱི་ལྷའི་སྐུར་བསྒོམས་པ་དེ་ཉིད་གོམས་པའི་སྟོབས་ཀྱིས། གཉིས་སྣང་གི་རྟོག་པ་ཐམས་ཅད་འོད་གསལ་ལྷའི་སྐུར་གནས་གྱུར་ཏེ། རང་དང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ལྷ་སྐུ་ཞལ་སྦྱོར་གྱི་རྣམ་པ་ཅན། གསལ་ལ་མ་འགགས་པ་མངོན་དུ་གྱུར་པ་སྤྲུལ་པའི་སྐུ་དང༌། དབང་གསུམ་པའི་གནས་སྐབས་སུ་ཕྱག་རྒྱ་ལ་བརྟེན་པའི་བདེ་བ་དེ་ཉིད་རྒྱུན་གོམས་པས་སྔར་གྱི་བདེ་བ་ལས་ཆེས་ཁྱད་པར་དུ་འཕགས་པ། འཛག་པ་མེད་པའི་བདེ་བ་ཆེན་པོ་ཡང་དག་པར་རིགས་པ། འཁོར་འདས་ཐམས་ཅད་བདེ་བ་ཆེན་པོའི་རྣམ་པར་མངོན་དུ་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དབང་གསུམ་པའི་དུས་སུ་བདེ་བའི་ངོ་བོ་སྟོང་པར་བསྒོམས་པའི་དོན་གོམས་པ་ལས་གཟུང་འཛིན་གྱི་དྲི་མ་མཐའ་དག་དང༌། ཐོབ་བྱ་འབྲས་བུ་དང༌། ཐོབ་བྱེད་ལམ་དང༌། ལམ་དེ་བསྒོམས་པའི་སེམས་ལ་སོགས་པའི་རྟོག་པ་དང་བྲལ་ཏེ། ཁམས་བཅོ་བརྒྱད་དང་ཀུན་གཞིའི་རྣམ་ཤེས་ལ་སོགས་པ་དོན་དམ་པར་མ་གྲུབ་པ་ཐམས་ཅད། སྟོང་པ་འོད་གསལ། ནམ་མཁའ་ལྟ་བུ། རྟོག་པ་ཐམས་ཅད་བྲལ་བ་མངོན་དུ་གྱུར་པ་ནི་ཆོས་ཀྱི་སྐུ་དང༌། དེ་གསུམ་དབྱེར་མེད་ཟུང་འཇུག་ཏུ་འདྲེས་ནས། ལྷ་སྐུ་བདེ་བ་དང་བཅས་པའི་སྣང་བ་མི་འདོར་ཞིང༌། དེ་དག་གི་ངོ་བོ་ཡང་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། ཆོས་རྣམས་ཀྱི་ཡིན་ལུགས་ལ་ཞུགས་པའི་ངོ་བོ་ཉིད་ཀྱི་སྐུ་སྟེ། འབྲས་བུའི་དབང་བཞི་པ་ཞེས་བྱ་བ་ཡིན་ནོ། །དེ་མངོན་དུ་བྱེད་པའི་ཐབས་ནི། ལུས་མཉམ་གཞག་གི་སྤྱོད་ལམ་ལྡན་ཞིང༌། ངག་རླུང་རྒྱུ་བ་སོར་བཞག སེམས་ཀྱིས་ལུས་ཡུམ་དང་བཅས་པའི་ལྷའི་སྐུར་གསལ་བ་དང༌། དེའི་སེམས་རྒྱུད་འཛག་མེད་ཀྱི་བདེ་བས་གང་བ་དང༌། དེ་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྐྱེ་འཇིག འགྲོ་འོང༌། རྟག་ཆད། འཁོར་འདས། བདེ་སྡུག་ལ་སོགས་པ་གཉིས་སྣང་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ནམ་མཁའ་ལྟ་བུ་སྟེ། དེ་གསུམ་དབྱེར་མེད་པའི་ངང་ལས་མ་ཡེངས་པར་སེམས་མཉམ་པར་འཇོག་པ་སྟེ། རྣལ་འབྱོར་དབང་ཕྱུག་གིས། འདི་ཉིད་གསལ་ཞིང་སྟོང་པ་དང༌། །རིག་པ་དེ་ཉིད་མ་འགགས་པ། །རང་རིག་ཡེ་ཤེས་སྐད་ཅིག་ལ། །འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །འདི་ཉིད་གསལ་ཞིང་སྟོང་པ་ཉིད། །འདི་ལས་མཚོན་ཏེ་ཤེས་པར་བྱ། །འདི་ཡི་རང་བཞིན་སྐུ་གསུམ་དང༌། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །གཞན་དུ་བཙལ་བ་རྙེད་མ་ཡིན། །ཞེས་གསུངས་པས་སོ། །དེ་ནས་གདོང་རས་བཅིངས་པ་བཀྲོལ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག ལམ་ཤིན་ཏུ་སྤྲོས་མེད་དང༌། རྣམ་རྟོག་འོད་གསལ་གྱི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས། ཞེས་རྟོགས་པ་བསྐྱེད་དེ་དབང་བཞི་པའོ། །དེ་ནས། སྤྲོ་བ་བསྐྱེད་ཅིང་དམ་ཚིག་བསྲུང་བར་བསྒོམས་ཏེ། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་གྲོལ་བར། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །མི་ཚུགས་པ་དང་མི་བཅིངས་པས། །གང་ལའང་འཇིགས་མེད་དགའ་བར་གྱིས། །སྲིད་པ་ཤིན་ཏུ་ཞི་བའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་ཡང་དག་འགྱུར། །དངོས་གྲུབ་དམ་ཚིག་སྡོམ་པ་ནི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བྱ་སྟེ། །སངས་རྒྱས་ཀུན་གྱི་མཐུན་པར་གསུང༌། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་པར་སྤང་མི་བྱ། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་བཞིན་ཆོས་ལ་མི་སྨད་དོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་རྣམས་ངོ་བོ་སུན་མི་དབྱུང༌། །གདུག་ལ་བྱམས་པ་རྟག་ཏུ་སྤངས། །ཆོས་ལ་ཚད་གཟུང་མི་བྱའོ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟན་པར་བྱ། །ཤེས་རབ་རང་བཞིན་བུད་མེད་རྣམས། །སྐྱོན་གྱི་ཉེས་པ་མི་བརྗོད་དོ། །རྣལ་འབྱོར་སློང་མོས་མི་རྒྱུ་ཞིང༌། །རྣལ་འབྱོར་སྤང་བར་མི་བྱའོ། །རྟག་པར་རྒྱུན་དུ་གསང་སྔགས་བཟླས། །རྟག་ཏུ་དམ་ཚིག་ལ་སོགས་བསྟན། །གལ་ཏེ་བླ་མ་སྨད་དེ་བཞིན། །དམ་ཚིག་བག་མེད་པར་གྱུར་ན། །དེ་ཚེ་དཀྱིལ་འཁོར་ངེས་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་ལེགས་པར་གནས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །གནས་པར་འགྱུར་བ་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་བཅས་པས། །ཀུན་གྱི་ཚེ་ལྡན་དེ་དབང་བསྐུར། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྒྱལ་སྲིད་བདག་པོར་བརྟན་པ་ཡིན། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཞུགས་སོ། །དེ་རིང་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །འདི་ལྟར་ཡིད་ནི་རབ་དྭངས་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་བདེ་སྟེར་བསྟེན་པར་གྱིས། །དེ་རིང་འགྲོ་ལ་བདེ་མྱུར་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱོད་རྣམས་ཕྱིན་པར་འགྱུར། །ཞེས་བརྗོད་ལ་དོན་བཤད་དེ། དམ་ཚིག་དང་སྡོམ་པའི་བསྲུང་མཚམས་ཕྱེད་པར་བྱའོ། །དེ་ནས་སློབ་མས། གཙོ་བོས་ཅི་ལྟར་བཀའ་བསྒོ་བའི། །གསུང་ནི་དེ་ལྟར་བདག་གི་བགྱི། །ཞེས་དམ་ཚིག་དང་སྡོམ་པ་བསྲུང་བར་ཁས་བླངས་སོ། །འབྱོར་ན་སྦྱིན་སྲེག་ཡང་བྱ་ཞིང་ཡོན་ཕུལ། ཚོགས་ཀྱི་འཁོར་ལོ་ཆོ་ག་བཞིན་བྱས་ལ། སླར་ཡང་དཀྱིལ་འཁོར་ལ་ཕྱི་ནང་གིས་མཆོད་ཅིང༌། བསྟོད་ནས། འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས་ཏེ་བཟོད་པར་གསོལ་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་བྱ་བ་ལ་སོགས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། དེ་ནས་ལྷའི་ང་རྒྱལ་བརྟན་པས། ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ། །ཞེས་བརྗོད་ཅིང་རྡོ་རྗེའི་རྩེས། དབང་ལྡན་གྱི་རྩིགས་པ་དང་པོ་བཤིག་ཅིང༌། ལྷའི་མཚན་མ་རྣམས་ཤར་ནས་རིམ་གྱིས་བསྡུས་ལ། དོན་དུ་གཉེར་བ་ཡོད་ན་ཅུང་ཟད་སྦྱིན། ཚོན་ལྷག་མ་རྣམས་བསྡུས་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ནས། སྔར་བཤད་པའི་སྔགས་དང༌། སྐམ་པའི་ཕྱག་རྒྱས་ཕུར་བུ་ཕྱུང་ལ། ཕུར་ཁུང་འོ་མས་སྒང་ཞིང་ཐིག་རྗེས་དབྱི་བ་སོགས་ལས་ཀྱི་རྗེས་མི་མངོན་པར་བྱས་ལ། སྨོན་ལམ་དང་བཀྲ་ཤིས་བྱའོ། །གཤིན་རྗེ་མཐར་བྱེད་དཀྱིལ་འཁོར་གྱི། །ཆོ་ག་གཞུང་བཞིན་སྦྱར་བ་ལས། །བྱུང་བའི་དགེ་བས་འགྲོ་བ་ཀུན། །བདུད་བཞིའི་དགྲ་ལས་རྒྱལ་བར་ཤོག །ཅེས་པ་འདི་ནི་བདེ་བར་གཤེགས་པའི་རིང་ལུགས་པ་ཆེན་པོ་ཆོས་ཀྱི་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་ལེན་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་བསྟན་པ་དང་ཆོས་སྨྲ་བ་རྣམས་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་རྡོ་རྗེ་ཐེག་པའི་གཞུང་ལུགས་ཕྱོགས་ཀུན་ཏུ་རྒྱས་པར་མཛད་པའི་ཐུགས་མངའ་བ། སྦྱིན་བདག་ཆེན་པོ་རྒྱལ་མཚན་དཔལ་བའི་གསུང་གིས་བསྐུལ་བ་དང་བློ་གྲོས་ཀྱི་ལུས་རྒྱས་ཤིང་ཚུལ་ཁྲིམས་ཀྱི་ནོར་གྱིས་ཕྱུག་པ་སློབ་དཔོན་དཔལ་ལྡན་རིན་ཆེན་གྱིས་འཕྲལ་དུ་བསྐུལ་བ་ལ་བརྟེན་ནས་གྲུབ་པའི་དབང་ཕྱུག་དཔལ་འཛིན་གྱི་གཞུང་ཇི་ལྟ་བ་བཞིན་དུ་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བསོད་ནམས་རིན་ཆེན་ནོ།། །། ༄༅། །ཤིན་ཏུ་སྤྲོས་པ་མེད་པའི་ཁྲིད་ཡིག་གི་ཞལ་ཤེས་དང་གསུང་སྒྲོས་རྣམས་བྲིས་པའི་སྤྲོས་མེད་མཛེས་རྒྱན་བཞུགས་སོ།། ༈ །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་དབང་བསྐུར་བ་ཕྱིན་ཅི་མ་ལོག་པ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པ། མན་ངག་གི་ཚུལ་ཤེས་ཤིང་ཟང་ཟིང་ལ་མ་ཆགས་པ། སྙིང་རྗེ་ཆེན་པོ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས། དད་པ་དང་ལྡན་ཞིང་ཉུང་ངུའི་རྣལ་འབྱོར་ལ་མོས་པ་མཆོག་གི་དངོས་གྲུབ་ཁོ་ན་དོན་དུ་གཉེར་བའི་སློབ་མ་དག་ཡང་དག་པའི་ལམ་ལ་བཀྲི་བར་འདོད་པས། ཐོག་མར་མི་རྟག་པ་དང་འཁོར་བའི་སྡུག་བསྔལ་གྱི་གཏམ་གྱིས། འཁོར་བ་ལ་ཡིད་ཕྱུང་ནས་དེའི་འོག་ཏུ་ཐར་པ་དང་མྱ་ངན་འདས་པའི་ཕན་ཡོན་གྱི་གཏམ་གྱིས་སྤྲོ་བ་བསྐྱེད་དེ། གདོད་རྡོ་རྗེ་ཐེག་པའི་ལམ་ལ་བཀྲི་བར་བྱའོ། །དེ་ལ་རྒྱུད་སོ་སོའི་དགོངས་པས་འཕགས་པའི་ཡུལ་གྱི་སློབ་དཔོན་རྣམས་ཀྱིས་ཚུལ་མི་འདྲ་བ་མང་པོ་གསུངས་ཀྱང༌། འདིར་རྩོད་མེད་ཀྱི་གྲུབ་ཐོབ་ཆེན་པོ་དཔལ་བིརྺ་པའི་ཞལ་སྔ་ནས་གདུལ་བྱ་སྐལ་བ་དམན་པ། རིམ་གྱིས་འཇུག་པ་རྣམས་བཀྲི་བའི་ཐབས་སྟོན་པ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་མན་ངག་དང༌། གདུལ་བྱ་སྐལ་བ་དང་ལྡན་པ་ཅིག་ཅར་དུ་འཇུག་པ་རྣམས་བཀྲི་བའི་ཐབས་སྟོན་པ་ཤིན་ཏུ་སྤྲོས་པ་མེད་པའི་མན་ངག་གི་དེ་ཁོ་ན་ཉིད་དེ། གཉིས་གསུངས་པ་ལས། འདིར་ཆ་ཕྱི་མའི་སྒོ་ནས་ཁྲིད་པར་བྱེད་པ་ལ་གཉིས་ཏེ། སྨིན་པར་བྱེད་པའི་དབང་བསྐུར་བ་དང༌། གྲོལ་བར་བྱེད་པའི་ལམ་བསྒོམ་པའོ། །དང་པོ་ནི། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། དབང་བསྐུར་བ་ཕྱིན་ཅི་མ་ལོག་པས་བསྐུར་བར་བྱའོ། །འདི་ནི་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་གཞི་མ་ཡིན་ཞིང༌། རྟེན་འབྲེལ་ཐམས་ཅད་འདི་ནས་བསྒྲིག་པའི་ཕྱིར་སྦྱང་གཞི་དང་སྦྱོང་བྱེད་ངོ་འཕྲོད་པ་གལ་ཆེའོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས། རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷར་བསྐྱེད་པའོ། །དང་པོ་ནི། སྒྲུབ་པའི་ཐབས་ལས་འབྱུང་བ་ལྟར་སྐྱབས་སུ་འགྲོ་བ་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་བར་ཞག་མང་པོའི་བར་འབད་པས་ཉམས་སུ་བླང་ངོ༌། །གཉིས་པ་ལ་གསུམ། བདག་བྱིན་གྱིས་བརླབ་པ། སྣང་བ་བྱིན་གྱིས་བརླབ་པ། ཟུང་འཇུག་བྱིན་གྱིས་བརླབ་པའོ། །དང་པོ་ནི། རིམ་པའམ་ཡང་ན་ཅིག་ཅར་དུ། །སངས་རྒྱས་རྗེས་དྲན་བསྒོམ་བྱ་སྟེ། །གོང་བུར་གནས་པའི་བདག་ཉིད་ཀྱི། །ལུས་འདི་གཤིན་རྗེའི་གཤེད་དམར་པོ། །འདི་ནི་བེམ་པོ་མ་ཡིན་ལ། །ཤ་དང་ཁྲག་ཀྱང་དེ་མ་ཡིན། །བདེན་མིན་རྫུན་པ་མ་ཡིན་ནོ། །ཐ་མལ་མ་ཡིན་ཡེ་ཤེས་སྐུ། །དྭངས་ཤིང་གསལ་ལ་རྙོག་པ་མེད། །ཕུན་ཚོགས་ཡོན་ཏན་ཀུན་གྱི་རྟེན། །འདི་ནི་བདག་ལ་ཐ་དད་མེད། །ཡང་ཞིང་བསྣན་དུ་ཅུང་ཟད་མེད། །མ་འཁྲུལ་བླ་མའི་བཀའ་དྲིན་གྱིས། །གདོད་ནས་གྲུབ་པའི་ཤེས་བྱ་སྟེ། །ལུས་ཅན་ཀུན་གྱི་དེ་མཐོང་དང༌། །གང་གིས་ཐོས་དང་དྲན་ཙམ་གྱིས། །བསམ་པ་རྫོགས་མཛད་ཟུང་འཇུག་སྐུ། །དེ་ལྟར་བདག་གིས་གསལ་བར་བལྟ། །ཞེས་པ་ལྟར་ཉམས་སུ་བླང་བ་ལ་མན་ངག་དགུ་སྟེ། སེམས་འཇོག་པ་དང༌། རྒྱུན་དུ་འཇོག་པ་དང༌། བླན་ཏེ་འཇོག་པ་དང༌། ཉེ་བར་འཇོག་པ་དང༌། དུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། ཉེ་བར་ཞི་བར་བྱེད་པ་དང༌། རྩེ་གཅིག་ཏུ་བྱེད་པ་དང༌། ཤིན་ཏུ་མཉམ་པར་འཇོག་པའོ། །དང་པོ་ནི། སྒྲུབ་ཐབས་ལྟར། དཀྱིལ་འཁོར་ཡོངས་སུ་རྫོགས་པ་རིམ་གྱིས་བསྐྱེད་པའམ། ཡང་ན་ཅིག་ཅར་དུ་དཔའ་བོ་གཅིག་པའི་རྣལ་འབྱོར་ཚང་བར་བྱས་ལ་དེ་ལ་སེམས་ཅུང་ཟད་འཇོག་པའོ། །དེའང་ལས་དང་པོ་པ་ལ་མྱུར་བ་གནད་དུ་ཆེའོ་གསུང༌། གཉིས་པ་ནི། དཀྱིལ་འཁོར་བསྡུས་ལ་གཙོ་བོའི་ང་རྒྱལ་གྱིས་གནས་པའམ། མ་བསྡུས་ཀྱང་རུང་སྟེ། ཐོག་མར་སྤྱན་དབུ་མ་ལ་སེམས་བཟུང༌། དེ་ནས་གསལ་ན་གསལ་ཏེ་འཕྲོ་བཅད། བསམ་གཏན་གྱི་དུག་དབྱུང༌། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། བསམ་གཏན་གྱི་དུག་དབྱུང༌། འཕྲོ་བཅད་ཀྱང་རྣམ་པ་ཝལ་ཝལ་བྱུང་ན་བསམ་གཏན་གྱི་དུག་ཡིན་པས། བུམ་པའམ་སྣམ་བུ་ལ་སོགས་པ་དངོས་པོ་གཞན་ལ་ཤེས་པ་ཡེངས་སུ་བཅུག ཡང་དེ་བཞིན་བསྒོམ་ཞིང་འཕྲོ་བཅད། དུག་དབྱུང༌། དེ་ལྟར་ཡང་དང་ཡང་དུ་གོམས་པར་བྱས་ཀྱང་དམིགས་པ་གསལ་བར་མ་བྱུང་ན། ཐོག་མར་རང་གི་སྤྱན་དབུ་མ་སྤྱན་རྩ་འཁྲོ་ཞིང་དམར་བ་ཞེས་བརྗོད་ཅིང་བསྒོམ། དེས་ཀྱང་མི་གསལ་ན། གཞན་ཅིག་ལ་བརྗོད་དུ་བཅུག་ནས་བསྒོམ། དེས་ཀྱང་མི་གསལ་ན་སྤྱན་དབུས་མ་ཤིན་ཏུ་མཛེས་པ་ཅིག་བྲིས་ལ་དེ་ལ་བལྟ་ཞིང་བསྒོམ། འཕྲོ་བཅད། བསམ་གཏན་གྱི་དུག་དབྱུང་བ་རྣམས་བྱ། གསུམ་པ་ནི། ཤེས་པ་ཕྱིར་འཕྲོ་ན་ངའི་ཤེས་པ་རྒོད་པོར་སོང་སྙམ་པ་དྲན་པས་མྱུར་དུ་བླན་ཏེ་དམིགས་པ་ལ་བློ་འཇོག་པའོ། །བཞི་པ་ནི། དམིགས་པ་གཅིག་གིས་སེམས་སྐྱོ་ན་དབུའི་གཙུག་ཏོར་རམ། ཕྱག་མཚན་ནམ། ཞལ་གྱི་མཆེ་བ་ལྟ་བུ་ལ་ཐུན་རེ་ཙམ་བསྒོམས་ལ། དེ་ནས་སྔར་གྱི་དེ་ཉིད་བསྒོམ་མོ། །ལྔ་པ་ནི། ཏིང་ངེ་འཛིན་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་པར་ཤེས་པའི་བློས་སྤྱོད་ལམ་ཐམས་ཅད་དུ། དམིགས་པ་གསལ་བ་མེད་ཀྱང་ལྷའི་རྣམ་པ་རྟག་ཏུ་དྲན་པས་སེམས་འདུལ་བའོ། །དྲུག་པ་ནི། རྣམ་རྟོག་འཕྲོ་བས་ཡིད་མི་དགའ་ན། དམིགས་པའི་སྟེང་དུ་སེམས་ཀློད་དེ་ཞི་བར་བྱའོ། །བདུན་པ་ནི། མི་དགེ་བའི་སེམས་སྐྱེས་ན། དམིགས་པ་ལ་བརྟན་པས་ཞི་བར་བྱེད་པའོ། །བརྒྱད་པ་ནི། སེམས་ཕྱིར་མི་འཕྲོ་ན་དེ་ཉིད་ཀྱི་སྟེང་དུ་རྩེ་གཅིག་ཏུ་མཉམ་པར་འཇོག་པའོ། །དགུ་པ་ནི། དམིགས་པ་དེ་དག་བརྟན་ནས་ཆེད་དུ་མ་བསྒྲུབས་པར་ཡང་ཏིང་ངེ་འཛིན་འབྱུང་བ་ཡིན་ནོ། །དེ་དག་ཀྱང༌། མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེངས་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ཡང་བླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ། །རྣམ་གཡེངས་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱི་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་ཐོབ། །དེ་གོམས་པ་ནི་འདུ་མི་བྱེད། །ཅེས་གསུངས་སོ། །དེ་ལྟར་སེམས་གནས་པའི་ཐབས་དགུས་སྐུའི་ཕྱོགས་གཅིག་ལ་སེམས་བརྟན་པར་ཟིན་པ་དང༌། ཕྱོགས་གཞན་ལ་དམིགས་པ་སྤོ་བར་བྱ་སྟེ། དེའང་ཐུན་དང་པོ་ལ་སྤྱན་དབུས་མ། གཉིས་པ་ལ་སྤྱན་གསུམ་ཀ གསུམ་པ་ལ་ཁྲོ་གཉེར། བཞི་པ་ལ་ཤངས་རྣམས་བསྒོམ། དེ་ཙམ་མི་གསལ་ན་ཐུན་བཞི་ཀ་ལ་སྤྱན་གསུམ་གསལ་བཏབ་པའམ། ཉི་མ་གསུམ་ལ་སྤྱན་གསུམ་གསལ་བཏབ་པའི་ཚུལ་གྱིས་བསྒོམས་ཏེ། མདོར་ན་སྤྱན་གསུམ་གསལ་བར་འདོད་པའམ། གསལ་བ་མེད་པར་འདོད་ན། མེད་པའི་བར་དུ་དམིགས་པ་བརྟན་པར་བྱས་ཏེ་འོག་མ་རྣམས་ལའང་དེ་བཞིན་དུ་བསྒོམ་མོ། །དེ་ནས་ཉི་མ་གཉིས་པའི་ཐུན་དང་པོ་ལ་ཞལ་གྱི་མཆེ་བ། གཉིས་པ་ལ་སྤྱན། གསུམ་པ་ལ་རྩ་ཞལ། བཞི་པ་ལ་དབུ་སྐྲ་རྣམས་གསལ་བཏབ། དེ་བཞིན་དུ་ཕྱག་མཚན་དང་རྒྱན་ལ་སོགས་པ་རྣམས་ཐུན་རེ་རེ་ཞིང་གསལ་བར་བསྒོམ། གཙོ་བོའི་དམིགས་པ་བརྟན་པ་དང༌། འཁོར་རྣམས་ཀྱང་རིམ་པ་བཞིན་གསལ་བཏབ། མཐར་གཞལ་ཡས་ཁང་དང་སྲུང་འཁོར་དང༌། ཁམས་གསུམ་སྣོད་བཅུད་ཐམས་ཅད་ཀྱང་རྟེན་དང་བརྟེན་པའི་རྣལ་འབྱོར་གསལ་བཏབ་བོ། །དེ་ལྟར་བསྐྱེད་རིམ་གྱི་རྣལ་འབྱོར་གསལ་བར་གྱུར་པ་དང༌། དེ་ཉིད་ལ་ཞེན་པ་སྤང་བའི་ཕྱིར་རང་གི་ལུས་ལྷའི་སྐུར་སྣང་བ་འདི་འབྱུང་བ་དང༌། འབྱུང་འགྱུར་གང་དུ་ཡང་མི་འདུག་པས་བེམ་པོ་མ་ཡིན། དེ་མ་ཡིན་པས་ཤ་ཁྲག་གི་ལུས་མ་ཡིན་ཞིང༌། དེའི་ཕྱིར་ཕྱི་རོལ་དུ་བདེན་པར་མ་གྲུབ་ལ། སྨོན་ལམ་གྱི་སྟོབས་ཀྱིས་ལྷའི་སྐུ་རྫུན་པ་མ་ཡིན་ཞིང༌། དེ་ལྟར་བདེན་རྫུན་གྱི་སྤྲོས་པ་དང་བྲལ་བས། དྭངས་ཤིང་གསལ་བའི་ཟུང་འཇུག་གི་སྐུར་གསལ་བར་དམིགས་ལ། སེམས་བཟུང་ཡང་དེ་ལྟ་བུའི་ལྷའི་སྐུ་དེ་ཉིད་ཐ་མལ་མ་ཡིན་པས་ཡེ་ཤེས་ཀྱི་སྐུ། གཞན་མ་ཡིན་པས་བདག་ལས་ཐ་དད་མེད། གདོད་མ་ནས་གྲུབ་པས་ཐ་མལ་སྤང་དུ་ཡང་མེད། ཡེ་ཤེས་ལོག་ན་བཙལ་དུ་མེད་པས་རང་ཉིད་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་ནོ། །ཞེས་བསྒོམ་ཞིང་སེམས་བཟུང༌། གཉིས་པ་ནི། བདག་གི་ཐུགས་ཀའི་ས་བོན་ལས། །ས་གསུམ་འོད་ཟེར་རབ་སྤྲོས་ནས། །མཐོང་ཐོས་དྲན་པའི་སྤྱོད་ཡུལ་དུ། །མ་ལུས་ལུས་པ་མེད་པ་ཡི། །བརྟན་གཡོའི་དངོས་པོ་ཇི་སྙེད་པ། །དཔལ་ལྡན་གཤིན་རྗེའི་གཤེད་དམར་པོ། །ཁམས་གསུམ་མིན་པའི་གཞལ་ཡས་ཁང༌། །སྲོག་ཆགས་མིན་འདི་རྒྱལ་བ་རྣམས། །ཕུང་པོ་ཁམས་དང་སྐྱེ་མཆེད་མིན། །ཁམས་རྣམས་མིན་འདི་དཀྱིལ་འཁོར་པ། །ཞེས་པ་ལྟར་ཉམས་སུ་བླངས་ཏེ། རང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་སྐུར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཁམས་གསུམ་ཁྱབ་པའི་འོད་འཕྲོས། མཐོང་ཐོས་དྲན་པའི་སྤྱོད་ཡུལ་དུ་གྱུར་པའི་བརྟན་གཡོ་སྣོད་བཅུད་ཐམས་ཅད་ལ་ཕོག་པས་གདོད་མ་ནས་གྲུབ་པ་དེ་དག་གསལ་བར་བྱས་ཏེ། སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་གཤིན་རྗེའི་གཤེད་ཀྱི་སྐུར་གསལ་བར་བསྒོམས་ནས་འགྲོ་བ་ཐམས་ཅད་རང་བཞིན་གྱི་སངས་རྒྱས་ཡིན་པ་ལ་སུ་ཞིག་སུ་ལ་ཆགས་ཤིང་སྡང༌། བླང་དོར་དང་བདེ་སྡུག་དང་སྐྱེ་འཆི་སོགས་སུ་ལ་ཡོད་སྙམ་དུ་བསྒོམ་མོ། །གསུམ་པ་ནི། མེ་ལོང་ལ་ནི་གཟུགས་བརྙན་ལྟར། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །རྨི་ལམ་ཅི་བཞིན་གོམས་བྱས་ཏེ། །བར་མའི་སྲིད་པར་རབ་སྦྱོར་བའོ། །དེ་བཞིན་གཤེགས་པའི་དངོས་གྲུབ་ཐོབ། །ཞེས་པ་ལྟར་ཉམས་སུ་བླངས་ཏེ། བདག་དང་སྣོད་བཅུད་ཐམས་ཅད་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་དུ་གསལ་བ་དེ་ཡང་མེ་ལོང་ནང་གི་གཟུགས་བརྙན་ལྟར། སྣང་ལ་རང་བཞིན་མེད་པ་སྒྱུ་མའི་སྐྱེས་བུ་ལྟར་སྣང་ལ་རང་བཞིན་མེད་པ་སྲིད་པ་བར་དོ་ལྟར་གསལ་ལ་ཐོགས་པ་མེད་པ། དེའང་ངོ་བོ་མ་གྲུབ་པའི་ཕྱིར་བདེན་པ་མ་ཡིན་ཞིང༌། གསལ་སྣང་མི་འགག་པའི་ཕྱིར། རྫུན་པ་མ་ཡིན་པས་གསལ་སྟོང་ཟུང་འཇུག་ཏུ་བསྒོམ་མོ། །དེ་ལྟར་བསྐྱེད་རིམ་གྱི་ཁྲིད་ནི་རྫོགས་རིམ་གྱི་རྟེན་ཡིན་པའི་ཕྱིར་ངེས་པར་སྔོན་དུ་འགྲོ་དགོས་ལ། གཞན་དག་བསྐྱེད་རིམ་རྟོགས་པའི་བསྒོམ་ཡིན་པས་འདིར་ཅི་ཞིག་བྱ་ཞེས་འཆད་པ་ནི། རྡོ་རྗེ་ཐེག་པའི་ལམ་གྱི་གནད་མ་རིག་པ་སྟེ། འབྲས་བུ་སྐུ་གཉིས་མངོན་དུ་བྱེད་པ་ལ་རྒྱུ་ཚོགས་གཉིས་བསག་དགོས་ལ། དེ་ལ་བསྐྱེད་རིམ་ནི་བསོད་ནམས་ཀྱི་ཚོགས་ཀྱི་དངོས་གཞི་ཡིན་པའི་ཕྱིར་ཞེས་གསུངས་སོ། །གཉིས་པ་རྫོགས་རིམ་བསྒོམ་པའི་ཚུལ་ནི། བླ་མ་གློ་བོ་ལོཙྪ་བས་མཛད་པའི་ཁྲིད་ཡིག་ཐོར་བུ་ཉིད་བྱིན་རླབས་ཆེ་ཞིང་ཁུངས་བཙུན་པའི་ཕྱིར་བདག་གི་བླ་མ་ཐམས་ཅད་མཁྱེན་པས་ཀྱང་དེའི་ཐོག་ནས་མཛད་ལ། དེར་མ་ཚང་བའི་གསུང་སྒྲོས་གལ་ཆེ་བ་རྣམས་བྲི་བར་བྱའོ། །སྔོན་འགྲོའི་སྐབས་སུ་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་བཀོད་ལ། དེ་བདེ་བ་ཅན་ནམ་འོག་མིན་ཆེན་པོ་ལྟ་བུ་ཞིང་ཁམས་རྣམ་པར་དག་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོར་བསྒོམ། དེའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་སེང་གེ་བརྒྱད་ཀྱིས་བཏེག་པའི་སྟེང་དུ། སྣ་ཚོགས་པདྨ་དང་ཟླ་བ་ཉི་མའི་གདན་ལ་རྩ་བའི་བླ་མ་དམ་པ་རྡོ་རྗེ་འཆང་གི་བདག་ཉིད། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ན་བཟས་མཛེས་པར་བཀླུབས་ཤིང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཕྱག་གཡས་རྡོ་རྗེ་དང༌། གཡོན་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། སྐུ་གཟི་མདངས་ཕུན་སུམ་ཚོགས་པ་མངའ་བ། ཐུགས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་མཉམ་པར་བཞག་པར་བསྒོམ། མདུན་དུ་དགོས་འདོད་ཐམས་ཅད་འབྱུང་བའི་དཔག་བསམ་གྱི་ཤིང་ལྗོན་པའི་སྟེང་ན་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བ་དང་ཉི་མའི་གདན་ལ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་དང་དུས་ཀྱི་འཁོར་ལོ་ལ་སོགས་པ་ལྷའི་སྐུ་དཔག་ཏུ་མེད་པར་བསྒོམ། གཡས་སུ་རིན་པོ་ཆེའི་ཁྲི་དང་པདྨ་དང་ཟླ་བའི་གདན་དུ་མ་ལ་སངས་རྒྱས་དཀོན་མཆོག་གི་རང་བཞིན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཤཱཀྱ་ཐུབ་པ་ལ་སོགས་པ་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་བཞུགས་པར་བསྒོམ། རྒྱབ་ཏུ་རིན་པོ་ཆེའི་ཁྲི་ལྷའི་གོས་སྣ་ཚོགས་ཀྱིས་བཀབ་པའི་སྟེང་ན་ཆོས་དཀོན་མཆོག་གི་རང་བཞིན་མདོ་སྡེ་རིན་པོ་ཆེ་ལ་སོགས་པ་པོསྟི་གླེགས་བམ་དཔག་ཏུ་མེད་པ་བཞུགས་པར་བསྒོམ། གཡོན་དུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་དགེ་འདུན་དཀོན་མཆོག་གི་རང་བཞིན་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་སྤྱན་རས་གཟིགས་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་བཞུགས་པར་བསྒོམ། དེ་རྣམས་ལ་མོས་གུས་དྲག་པོ་བྱས་ནས། བདག་གི་ལུས་ངག་ཡིད་གསུམ་ཐམས་ཅད་མཎྜལ་ཚོམ་བུ་བདུན་པར་དམིགས་ནས་དབུལ་བ་སོགས་བྱ་གསུང༌། གསོལ་བ་བཏབ་པའི་སྐབས་སུ། སྤྲོས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། རང་བྱུང་གི ལྷན་ཅིག་སྐྱེས་པའི། ཟུང་དུ་འཇུག་པའི། རང་རིག་གི བདེ་སྟོང་གི མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་མཛོད། བྱིན་རླབས་ཀྱི་སྐབས་སུ་བདག་བསྐྱེད་བཟླས་པའི་བར་ཚར་བར་བྱས་ནས། མདུན་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ནས་གཏོར་མ་འབུལ་བའི་བར་ཆོ་ག་བཞིན་བྱ། དེ་ནས་སློབ་མ་རྣམས་ཀྱིས་མཎྜལ་དང་སྔོན་འགྲོའི་མཎྜལ་ཕུལ་བའི་མེ་ཏོག་རྣམས་ཕུལ་ནས་གསོལ་བ་གདབ་པ་སོགས་བྱའོ། །བླ་མ་ལ་སངས་རྒྱས་སུ་ཡིད་ཆེས་བསྐྱེད་པའི་སྐབས་སུ། འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བར། སེམས་ཀྱིས་གཞན་ནི་མི་བསམ་པར། །སེམས་དཔའ་ཆེན་པོ་མཉེས་པར་གྱིས། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་རབ་ཏུ་བཞུགས། །རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །མཆོད་པ་ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །འདི་ཡི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་མ་བཞུགས། །ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །སྤྱོད་པ་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །དེ་ཡི་མིག་གི་དབང་གཉིས་ལ། །དེ་བཞིན་གཤེགས་པ་ས་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་ཡི་དབང་གཉིས་ལ། །དེ་བཞིན་གཤེགས་པ་མཁའ་སྙིང་བཞུགས། །དེ་ཡི་ལྕེ་ཡི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇིག་རྟེན་དབང༌། །ཁམས་བཞིའི་རང་བཞིན་གོང་བུ་ནི། །རང་གི་ལུས་ཤེས་བྱ་མིང་ལ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ། །དེ་བཞིན་གཤེགས་པ་འདིར་བཞུགས་སོ། །དེ་ཡི་ཡིད་གྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང༌། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པ་བཞུགས། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེའི་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །དེ་བཞིན་གཞན་གྱིས་མི་ཐུབ་པའོ། །ཁ་ཡི་པདྨ་ལ་བཞུགས་པ། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པ་ལ་བཞུགས་པ། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱུག་སྔོན་པོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོ་སྒྱུར། །རྐང་པའི་མཐིལ་དུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་འདི་དེ་ཉིད་བཞུགས་པ་ནི། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །སངས་རྒྱས་ཀུན་ཀྱི་སྐུ་རྫོགས་པ། །འདི་དག་མ་ལུས་རྫོགས་སངས་རྒྱས། །རྡོ་རྗེ་ལེགས་བྱས་བསྟེན་པ་ནི། །མྱ་ངན་འདས་ལ་འཇུག་པར་འགྱུར། །བཅོམ་ལྡན་མྱ་ངན་འདས་མྱུར་ཐོབ། །ཁྱེད་ཀྱིས་དགེ་བ་ཡོངས་སུ་སྨིན། །དེ་ནི་རྡོ་རྗེ་སློབ་དཔོན་གྱི། །ལུས་ལ་རྒྱལ་བ་ཐམས་ཅད་བཞུགས། །ཉོན་ཅིག་མཐོང་བ་དོན་ཡོན་གྱིས། །ཕྱི་མའི་དུས་ན་སེམས་དཔའ་ཆེ། །དང་པོའི་ལས་ཀྱི་སེམས་ཅན་གྱིས། །རབ་ཏུ་འབད་དེ་བླ་མ་བསྟེན། །དེ་ཚེ་མཐོང་བ་དོན་ཡོད་བཅས། །བྱང་ཆུབ་སེམས་དཔའ་གྲགས་པ་ཆེ། །དགའ་ཞིང་མགུ་ལ་རབ་དྭང་བས། །ཕྱི་རོལ་ནས་ནི་མཆི་མ་བླག །ཅེས་བཤད་པས། ཕུང་པོ་དང་ནི་སྐྱེ་མཆེད་སོགས་གསུང༌། བླ་མ་ལ་ཡིད་ཆེས་ཏེ། སངས་རྒྱས་ལ་དངོས་སུ་མཇལ་ཡང་ཆོས་བསྟན་ནས་ཐར་པའི་ལམ་ལ་འགོད་པར་མཛད་པ་ལས། ཐབས་གཞན་ནི་མེད་ལ་དེ་ནི་བླ་མས་བསྒྲུབ་པར་ནུས་པའི་ཕྱིར་རོ། །གལ་ཏེ་དེ་གཉིས་མི་འདྲ་སྟེ་སངས་རྒྱས་ཀྱིས་ཆོས་བསྟན་པས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་སྐད་ཅིག་ལ་གྲོལ་བ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་སོགས་པ་བྱུང་བ། བླ་མས་ནི་ཆོས་བསྟན་ཀྱང་དེ་ལྟར་མི་འབྱུང་ངོ་ཞེ་ན། མ་ཡིན་ཏེ། ཨིནྡྲ་བྷཱུ་ཏི་ས་བཅུའི་བྱང་སེམས་རྒྱལ་པོའི་ཚུལ་བཟུང་བ་ལ་གསང་སྔགས་པ་བསྟན་པས་སྐད་ཅིག་ལ་གྲོལ་བ་ཡིན་གྱི། སོ་སོ་སྐྱེ་བོ་ཕལ་པ་ལ་ཆོས་བསྟན་པས་གྲོལ་བ་མ་ཡིན་ཏེ། གསང་བའི་སྒྲོན་མེའི་རྒྱུད་ལས། གསོལ་པ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དེ། ས་དུའི་དབང་ཕྱུག་ལགས། བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་ས་བཅུ་པའི་དབང་ཕྱུག་དེ་ཉིད་ཀྱི་སྤྲུལ་པའི་སྐུ་སྟེ་ས་བཅུའི་དབང་ཕྱུག་གོ །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྐྱེ་བ་མང་པོས་ནས་ཚོགས་བསགས་ཤིང་འདིར་ཡང་བརྩོན་འགྲུས་དང་ལྡན་པའི་གང་ཟག་ལ་ནི་བླ་མས་ཆོས་བསྟན་པ་ཙམ་གྱིས་གྲོལ་བར་འགྱུར་ཏེ། ཏི་ལོ་པས་ནཱ་རོ་པ་ལ་བྱིན་རླབས་ཙམ་བྱས་པས་གྲོལ་བ་དང༌། རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་མཆོག་ཐོབ་པའི་སློབ་མ་གསུམ་དང༌། བཟོད་ཐོབ་བདུན་བྱུང་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཡོད་ལ། ཚོགས་མ་བསགས་ཤིང་བག་ཆགས་དང་བྲལ་བ་ལེགས་པའི་སྐར་མ་ལྟ་བུ་ལ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བྱོན་ནས་ཆོས་གསུངས་ཀྱང་གྲོལ་བར་མི་འགྱུར་ཏེ། ཆོས་དབྱིངས་བསྟོད་པར། ཇི་ལྟར་ས་བོན་ཐམས་ཅད་ལ། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང༌། །ས་བོན་མེད་པའི་འབྲས་ཡོད་པ། །ཤེས་ལྡན་གང་གིས་བསྒྲུབ་པར་ནུས། །ཞེས་གསུངས་སོ། །འོ་ན་སངས་རྒྱས་ཀྱི་གསུང་དང་བླ་མའི་གསུང་ཁྱད་པར་མེད་པར་འགྱུར་རོ། །ཞེ་ན། འདོད་དེ། ཡེ་ཤེས་ཐིག་ལེ་ལས། བླ་མ་ཡེ་ཤེས་བླ་མ་སྟེ། །བླ་མ་སྟོན་པ་བླ་མ་མགོན། །བླ་མའི་རྡོ་རྗེ་འཛིན་པ་ཉིད། །བླ་མའི་ཞལ་སྔའི་བཀའ་དྲིན་ལས། །མཆོག་གི་གནས་ནི་རྙེད་པར་འགྱུར། །ཚེ་འདི་ཡི་ནི་ཕྱག་རྒྱ་ཆེ། །དངོས་གྲུབ་རྙེད་པར་ཐེ་ཚོམ་མེད། །ས་བཅུ་ཡི་ནི་དབང་ཕྱུག་བདག །དེ་ཡི་བཀའ་དྲིན་གྱི་ནི་བླ། །དེ་བས་བླ་མ་ལས་ལྷག་གཞན། །སྟོན་པ་ཆེན་པོ་ག་ལ་ཡོད། །གང་གིས་བླ་མས་བསྟན་འཆོས་ནི། །མཛད་དམ་བཤད་པ་གང་ཡིན་ཡང༌། །དེ་ནི་བསྟན་འཆོས་དེ་ཚད་མ། །དེ་ནི་དེ་ཉིད་འཁྲུལ་པ་མེད། །སློབ་དཔོན་གསུང་དབང་བདག་གིས་སྨྲས། །དེ་ལ་བྱེ་བྲག་མི་དབྱེའོ། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཤེས། །བླ་མས་མཛད་པའི་བསྟན་འཆོས་གང༌། །དེ་ལ་སྒྲ་དང་སྒྲ་ངན་དུ། །ལྷ་ཡི་དབང་ཕྱུག་རྟག་མི་བྱ། །སྙན་ངག་ཟློས་གར་བསྟན་འཆོས་ལ། །སྒྲ་དང་སྒྲ་ངན་བརྟག་བྱ་ཡི། །སྔགས་ཀྱི་བསྟན་འཆོས་གཏན་ལ་དབབ། །ཅི་ཡི་ཕྱིར་ན་བརྟག་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བླ་མ་སངས་རྒྱས་སུ་མཐོང་ན་སོགས་གསུང༌། སྤྲོས་པ་བཅད་པའི་སྐབས་སུ་ཤ་ཁྲག་གི་ལུས་འཁོར་འདས་རྣམས་ལ་མཆོད་པར་ཕུལ་ནས་འོད་ཀྱི་ལུས་སུ་གྱུར་པར་བསམ་གསུང༌། ཡེ་ཤེས་ངོས་གཟུང་བའི་སྐབས་སུ། རྣམ་རྟོག་གི་སེམས་རང་རིག་པ་འདི་སྨིན་མཚམས་ཀྱི་ཐད་ནས་གྱེན་དུ་མདའ་གང་ཙམ་གྱི་སར་ཡི་གེ་ཧཱུྃ་སྔོན་པོར་གྱུར། དེ་ནས་ཧཱུྃ་གི་ཞབས་ཀྱུ་ཧ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ཡང་ཇེ་ཕྲར་སོང་ནས་རིམ་གྱིས་ནམ་མཁའི་མཐར་ཐུག་སྟེ། ནམ་མཁའ་ལ་ཐོག་མཐའ་མེད་པ་བཞིན། སེམས་ལ་ཐོག་མཐའ་མེད། ནམ་མཁའ་ལ་འདུས་བྱས་ཀྱི་གནོད་པས་མི་ཚུགས་པ་བཞིན། སེམས་གློ་བུར་གྱི་རྐྱེན་གྱིས་མི་འཇིགས། ནམ་མཁའ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པ་བཞིན། སེམས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ། ནམ་མཁའ་ཁ་དོག་དང་དབྱིབས་ལ་སོགས་པ་དང་བྲལ་བ་བཞིན། སེམས་གཟུང་འཛིན་ལ་སོགས་པའི་རྣམ་རྟོག་མ་ལུས་པས་སྟོང་པར་བསྟན་ཏོ། །མདོར་ན། རང་རིག་པ་འདི་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སོགས་བྱ། དེའི་ཚེ་བླ་མས་རྩ་བར་བརྒྱུད་པའི་བླ་མའི་ཚོགས་རྣམས་དང༌། ཁྱད་པར་མཐུ་སྟོབས་དབང་ཕྱུག་བིརྺ་པས། །བདག་གིས་སློབ་མ་རྣམས་ལ་བྱིན་བརླབས་ནས། །སྤྲོས་མེད་ཡེ་ཤེས་ད་ལྟ་ཉིད་དུ་ཕོབ། །ཅེས་བརྗོད་ལ་རོལ་མོ་དྲག་ཏུ་བྱ། ཧྲཱིཿཥྚྲཱྀཿཤུབ་བུར་བཟླས། གུ་གུལ་བསྲེག་པ་རྣམས་མཛད། ངོ་སྤྲོད་ཀྱི་སྐབས་སུ། དེ་ལྟར་བླ་མའི་བྱིན་རླབས་ལས་བྱུང་བའི་དབང་བཞི་པའི་དོན་མཚོན་བྱེད་དཔེའི་ཡེ་ཤེས་ཅུང་ཟད་རྒྱུད་ལ་སྐྱེས་པ་དེས་མཚོན་པའི་དོན་གྱི་ཡེ་ཤེས། ཚིག་གི་སྒོ་ནས་ངོ་སྤྲད་ན། སློབ་དཔོན་འཕགས་པ་ལྷས། དེ་ལྟར་འགྲོ་བ་མ་ལུས་རང་གི་སེམས་ལས་བྱུང་བ་སྟེ། ཞེས་གསུངས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ལ་མ་བརྟེན་པར་འབྱུང་བ་མེད་ལ། སེམས་དེའི་མཚན་ཉིད་ཀྱང༌། སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པས། སེམས་དེའི་ངོ་བོ་ཅི་ལྟ་བུ་ཞེ་ན། དེ་ནི་རང་རིག་པ་ཙམ་མཚན་མ་ཐམས་ཅད་དང་བྲལ་བ་དམིགས་སུ་མེད་པའོ། །ཞེས་གསུངས་པས། ཀུན་རྫོབ་ཏུ་གསལ་ཞིང་རིག་པ་དོན་དམ་པར་ཁ་དོག་དང༌། དབྱིབས་ལ་སོགས་པ་གང་དུ་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ་སྟེ། རྣམ་སྣང་མངོན་བྱང་ལས། སེམས་དེ་ནི་རང་བཞིན་གྱི་འོད་གསལ་བ་ཡིན་ཏེ། དེ་ནི་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉིས་ཀྱི་བར་ན་ཡང་མི་གནས་སོ། །གསང་བ་པའི་བདག་པོ་སེམས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མི་གཟིགས་གཟིགས་པར་མི་འགྱུར་ཏེ། སྔོན་པོ་ཡང་མ་ཡིན། སེར་པོ་ཡང་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། ལེ་བརྒན་དུ་མ་ཡིན། ཤེལ་གྱི་ཁ་དོག་ཏུ་མ་ཡིན། ཐུང་ངུར་མ་ཡིན། རིང་པོར་མ་ཡིན། ཟླུམ་པོར་མ་ཡིན། གྲུ་བཞི་མ་ཡིན། སྣང་བར་མ་ཡིན། མུན་པར་མ་ཡིན། བུད་མེད་དུ་མ་ཡིན། སྐྱེས་པར་མ་ཡིན། མ་ནིང་དུ་མ་ཡིན། གསང་བའི་བདག་པོ་སེམས་དེ་ནི་འདོད་པའི་ཁམས་ཀྱི་རང་བཞིན་དུ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་རང་བཞིན་དུ་མ་ཡིན། །གཟུགས་མེད་པའི་ཁམས་ཀྱི་རང་བཞིན་དུ་མ་ཡིན་ནོ་ཞེས་གསུངས་སོ། །དེས་ན་གསལ་བ་དེ་བོར་ནས། སྟོང་པ་ལོགས་ནས་ཚོལ་བ་ནི་མ་ཡིན་ཏེ། གསལ་བ་ཉིད་སེམས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་བོར་ནས་གསལ་བ་ལོགས་ནས་ཚོལ་བའང་མ་ཡིན་ཏེ། སྟོང་པ་དེ་ཉིད་སེམས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ན་གསལ་བའི་དུས་ཉིད་ན་སྟོང༌། སྟོང་པའི་དུས་ཉིད་ན་གསལ་བས། གསལ་སྟོང་གཉིས་པོ་དཔེར་ན་མེ་དང་ཚ་བ་བཞིན་དུ། གཉིས་སུ་མེད་པའི་བརྗོད་བྲལ་དེ་ཉིད་ལ་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་ཀྱང་བྱ་སྟེ། ལྷན་ཅིག་སྐྱེས་གྲུབ་ལས། བརྗོད་བྲལ་ལྷན་ཅིག་སྐྱེས་པར་ཤེས། །ཞེས་གསུང་ཞིང༌། དེ་ཉིད་ཐུབ་པའི་གསུང་རབ་ཀྱི་བརྗོད་བྱ་ཡིན་ཏེ། མདོ་ལས། བདེ་བར་གཤེགས་པའི་གསུང་ཐམས་ཅད་ནི། དེ་ཁོ་ན་ཉིད་ལ་གཞོལ། དེ་ཁོ་ན་ཉིད་ལ་འབབ། དེ་ཁོ་ན་ཉིད་ལ་མངོན་དུ་ཕྱོགས་ཞེས་གསུངས་པ་དང༌། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུང༌། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་སྐྱེད། །ཅེས་གསུངས་པ་དང༌། སམྦུ་ཊ་ལས། འདི་ནི་གཉིས་སུ་མེད་པར་བརྗོད། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུང༌། །སངས་རྒྱས་ཀུན་མཆོག་བསྒོམ་པ་ཉིད། །ཅེས་གསུངས་པས་མིང་གི་རྣམ་གྲངས་བཅུ་བཞི་བསྟན་པ་ཡིན་ཏེ། དེ་ཡང་ལྟ་བ་སྟོང་པ་ཉིད་དེ་ཉིད་ལ་གཉིས་སུ་མེད་པ་ཞེས་བརྗོད་དེ། སམྦུ་ཊ་ལས། གཉིས་མེད་གཉིས་ནི་རྣམ་སྤངས་པའི། །དེ་ཉིད་ལ་ནི་ཇི་བཞིན་སྟོན། །ཞེས་བྱ་བ་དང༌། རིམ་ལྔ་ལས། དེ་ལྟར་གང་གནས་རྣལ་འབྱོར་པ། །ཟུང་འཇུག་རིམ་ལ་གནས་པ་སྟེ། །དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པའང་མིན། །ཞེས་གསུངས་སོ། །དེ་ཉིད་ལ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་དེ། བརྟག་གཉིས་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །ཅེས་གསུང༌། དེ་ཉིད་ལ་རྡོ་རྗེ་ཞེས་བརྗོད་དེ། རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མེད། །བསྲེག་པ་ངེས་མེད་འཇིག་མེད་པ། །སྟོང་པ་ཉིད་ནི་རྡོ་རྗེར་བཤད། །ཅེས་གསུང༌། དེ་ཉིད་ལ་རྡོ་རྗེ་སེམས་དཔའ་ཞེས་བརྗོད་དེ། བརྟག་གཉིས་ལས། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་གསུང༌། དེ་ཉིད་ལ་དཔལ་ཞེས་བརྗོད་དེ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་བྱ་བ་དང༌། རྣམ་སྣང་མངོན་བྱང་ལས། ཐེག་པ་ཆེན་པོར་འབྱུང་བ་ཡི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཞེས་གསུང༌། དེ་ཉིད་ལ་རྫོགས་པའི་སངས་རྒྱས་ཞེས་བརྗོད་དེ། རྡོ་རྗེ་རྩེ་མོ་ལས། དེ་བཞིན་ཉིད་ལྡན་ཤིན་ཏུ་བརྟན། །དེ་ཁོ་ན་ཉིད་གང་རྟོགས་ནས། །ཆོས་ཀུན་རྟོགས་པ་ཞེས་བྱ་གང༌། །དེ་ཉིད་རྟོགས་པ་སངས་རྒྱས་བརྗོད། །ཅེས་གསུང༌། དེ་ཉིད་ལ་བྱང་ཆུབ་ཞེས་བརྗོད་དེ། རྣམ་སྣང་མངོན་བྱང་ལས། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །ཞེས་གསུང༌། དེ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དེ། རྡོ་རྗེ་རྩེ་མོ་ལས། ཉན་ཐོས་རང་རྒྱལ་ཕྱི་རོལ་གྱི། །ཤེས་རབ་ལས་ནི་བླ་མར་བརྗོད། །དེ་བཞིན་ཉིད་ཞི་ཕ་རོལ་ཕྱིན། །ཤེས་རབ་ཕ་རོལ་ཕྱིན་ཞེས་བཤད། །ཅེས་གསུང༌། དེ་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་ཀུན་གྱི་དངོས་ཞེས་བྱ་སྟེ། མ་ཆགས་པས་སྦྱིན་པ། ཉེས་པ་མེད་པས་ཚུལ་ཁྲིམས། མི་འཁྲུགས་པས་བཟོད་པ། མི་གནས་པས་བརྩོན་འགྲུས། མི་གཡོ་བས་བསམ་གཏན། མ་རྨོངས་པས་ཤེས་རབ་སྟེ། མདོ་སྡེ་རྒྱན་ལས། འཛིན་པ་མི་མངའ་ཉེས་མི་མངའ། །རྙོག་པ་མེད་ཅིང་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུང༌། དེ་ཉིད་ལ་མཉམ་པ་ཉིད་ཅེས་བརྗོད་དེ། བརྒྱད་སྟོང་པ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཞེས་གསུངས་སོ། །དེ་ཉིད་ལ་བསམ་པར་བྱ་བ་ཞེས་བརྗོད་དེ། ཨ་བྷི་དྷ་ན་ལས། བསམ་གྱིས་མི་ཁྱབ་དེ་བསམས་ནས། །དངོས་དང་དངོས་མེད་རྣམ་པར་སྤངས། །ཞེས་གསུངས་སོ། །དེ་ཉིད་ལ་སངས་རྒྱས་ཀུན་དངོས་ཞེས་བྱ་སྟེ། སངས་རྒྱས་མཉམ་སྦྱོར་ལས། ཡེ་ཤེས་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་གསུངས་སོ། །དེ་ཉིད་ལ་མཆོག་ཅེས་བྱ་སྟེ། རྣམ་སྣང་མངོན་བྱང་ལས། གསང་སྔགས་ཡེ་ཤེས་ལས་བྱུང་བ། །འདི་ནི་དེ་ཉིད་ཡེ་ཤེས་མཆོག །ཅེས་གསུངས་སོ། །དེ་ཉིད་ལ་བསྒོམ་པར་བྱ་བ་ཅེས་བརྗོད་དེ། རྒྱལ་བའི་ཡུམ་ལས། གཟུགས་བསྒོམ་པ་རྣམ་པར་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཞེས་གསུངས་པས། མིང་བཅུ་བཞིས་མཚོན་ལ། དེ་ཉིད་ལ་ཀྱེ་རྡོ་རྗེ་དང༌། གསང་བ་འདུས་པ་དང༌། འཁོར་ལོ་བདེ་མཆོག་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པའི་མཚན་དུ་མ་བཏགས་པ་ཡིན་ལ། དེ་ཉིད་ཐོག་མ་མེད་པ་ནས་སྒྲོ་སྐུར་གྱི་བག་ཆགས་གོམས་ཤིང༌། ངེས་དོན་ལ་རྒྱབ་ཀྱིས་ཕྱོགས་པ་འགའ་ཞིག་ནི་ཆད་སྟོང་དུ་འདོད་ལ། ཁ་གཅིག་ནི་འགྱུར་མེད་ཀྱི་རྟག་བརྟེན་དུ་འདོད་མོད། ཡོད་མེད་དུ་འཛིན་པ་ནི་སྤྲོས་པའི་མཐའ་ཡིན་པས། ལྟ་བ་མཐའ་བྲལ་དུ་མི་འགྱུར་ལ། མུ་བཞི་དང་བྲལ་བའི་དབུ་མ་ཟུང་འཇུག་གཉིས་མེད་ཅེས་བཏགས་ཤིང་ཞེན་ན་ཡང༌། ཕྱིན་ཅི་ལོག་ཏུ་འགྱུར་བ་ཡིན་ཏེ། འཕགས་པ་ལྷས། ཡོད་ཅེས་རྟོག་པ་ཅི་སྙེད་པ། །དེ་ནི་རྟག་པའི་ལྟ་བ་སྟེ། །བརྟགས་པར་མངོན་པར་ཞེན་པས་ན། །དེ་ནི་རྒྱུ་མའི་མཚན་ཉིད་མིན། །མེད་ཅེས་རྟོག་པ་ཇི་སྙེད་པ། །དེ་ནི་ཆད་པའི་ལྟ་བ་སྟེ། །ཆད་པར་མངོན་པར་ཞེན་པས་ན། །དེའང་སྒྱུ་མའི་མཚན་ཉིད་མིན། །ཡོད་ཅེས་པ་དང་མེད་ཅེས་པའི། །དབུས་སུ་གང་ཞིག་རྟོགས་པ་ན། །དབུས་སུ་མངོན་པར་ཞེན་པས་ན། །དེའང་སྒྱུ་མའི་མཚན་ཉིད་མིན། །ཞེས་བཤད་དོ། །མདོར་ན་ད་ལྟར་གྱི་ཤེས་པ་གང་གིས་ཀྱང་མ་བསྒྲིབས་གང་དུ་ཡང་མ་གྲུབ་པ་དེ་ཉིད་མ་འགགས་པས་རྩལ་གང་དུའང་འཆར་ལ། རང་རིག་པའི་ཡེ་ཤེས་སྐད་ཅིག་མ་དེའི་གནས་ལུགས་ཐོག་མ་སྐྱེ་བ་མེད། དབུས་སུ་གནས་པ་མེད། མཐར་འཇིག་པ་མེད། སྐྱེ་འཇིག་གནས་གསུམ་གྱི་སྟོང་པའི་ཕྱིར་སྲིད་པ་འཁོར་བ་མེད། དེ་མེད་པའི་ཕྱིར་འཁོར་བ་པ་ཟད་པའི་མྱང་འདས་མེད། འཇིག་པ་ཐམས་ཅད་བྲལ་བའི་ཕྱིར་བདག་གཞན་མེད། སྡུག་བསྔལ་གྱི་བདག་ཉིད་གྱུར་པའི་རྟོག་པ་མེད་པས་ན་མཆོག་ཏུ་བདེ་བ་ཆེན་པོ་སྟེ་ཤེས་པ་གསལ་སྟོང་མ་འགགས་པར་ཤར་བ་འདི་ཉིད་སྐུ་གསུམ་ཡེ་ཤེས་ལྔའི་ངོ་བོར་གནས་ཏེ། སེམས་སྟོང་པ་མི་རྟོག་པ་ཆོས་སྐུ་སོགས་གསུང་ངོ༌། །རྗེས་ཀྱི་བྱ་བའི་སྐབས་སུ། སྔོན་ནོར་བཟང་གིས་བླ་མ་ཁ་ཅིག་རྒྱལ་པོ་དང་ཤན་པའི་ཆ་བྱད་དུ་མཐོང་བ་དང༌། དྲང་སྲོང་སྐར་མ་ལ་དགའ་བས། སངས་རྒྱས་མུ་སྟེགས་ཀྱི་དྲང་སྲོང་དུ་མཐོང་བ་དང༌། སློབ་དཔོན་ཐོགས་མེད་ཀྱིས་བྱམས་པ་སྤྱི་བོར་བཞག་ནས་གྲོང་ཁྱེར་བ་རྣམས་ལ་བསྟན་པས་སུས་ཀྱང་མ་མཐོང༌། རྒན་མོ་ཅུང་སྣང་བ་དག་པས་ཁྱི་མོར་མཐོང་བ་དང༌། སློབ་དཔོན་མཚོ་སྐྱེས་ཀྱིས་ཡན་ལག་མེད་པའི་རྡོ་རྗེ་ཕག་རྫིར་མཐོང་བ་དང༌། ཛྙཱ་ན་པའི་བླ་མ། ཞེས་པ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་འཇམ་དབྱངས་ཁྱིམ་བཙུན་ཉོ་ཚོང་དང་ཞིང་ལས་བྱེད་པར་མཐོང་བ་ལ་ཟེར་བ་འདྲ་གསུངས། ནཱ་རོ་པས། ཏེ་ལོ་པས་ཉ་གསོན་པོར་བསྲེགས་པ་ལ་སོགས་མི་འཚམས་པར་བྱེད་པའི་སྨྱོན་པ་ལྟ་བུར་མཐོང་བ་དང༌། མཻ་ཏྲི་པས། རི་ཁྲོད་དབང་ཕྱུག་རི་དྭགས་དང་བྱ་ལ་སོགས་པ་རྔོན་པར་མཐོང༌། དེས་ན་རང་གི་སྣང་བ་དག་མ་དག་གི་སངས་རྒྱས་ལ་བཟང་ངན་སྣ་ཚོགས་སུ་མཐོང་སྟེ། སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པར་འབབ། །ཅེས་གསུངས་པ་ལྟར་བསྟན་པ་ཡིན་སོགས་གསུངས། རྒྱུན་གྱི་ཉམས་ལེན་གྱི་སྐབས་སུ་མེ་ཏོག་སོགས་ཐུན་མོང་གི་མཆོད་པ་གཟུགས་སོགས་དྲུག་ཕྱིའི་མཆོད་པ། ནང་བདུད་རྩི། གསང་བ་སྙོམས་འཇུག དེ་ཁོ་ན་ཉིད་ནི་མཆོད་བྱ་མཆོད་བྱེད་མཆོད་པ་པོ་རྣམས་མི་དམིགས་པའི་ངང་ནས་མཆོད་པའོ་གསུངས་སོ། །ཡེ་ཤེས་མངོན་དུ་བྱ་བའི་སྐབས་སུ། ལུས་སྐྱིལ་ཀྲུང་ཕལ་པ་བྱ། ལག་པ་གཡོན་པའི་སྟེང་དུ་གཡས་པ་བཞག་ལ་མཐེ་བོང་ལྟོ་སྦྱར། སྒལ་ཚིགས་དྲང་པོར་བསྲང༌། མགྲིན་པ་ཅུང་ཟད་དགུ། ལྕེ་རྐན་ལ་སྦྱར། མིག་བར་སྣང་ལ་འབྱེད་འཛུམས་མེད་པར་བཞག་ལ། རླུང་རོ་རྣམས་གཡས་གཡོན་དབུས་གསུམ་ནས་དལ་བུས་དགུ་ཕྲུག་གཅིག་བུས། དེ་ནས་ཏིང་ངེ་འཛིན་བསྐྱེད་ཅིང་སྦྱང་བ་ལ་ལྔ། ཐོག་མར་སེམས་གཟུང་བ། བར་དུ་དེ་ཁོ་ན་ཉིད་ལ་བློ་བཞག་པ། མཐར་ཉམས་སྐྱེ་ཚུལ། དེ་དག་གི་གེགས་བསལ་བ། བོགས་འབྱིན་པ་རྣམས་སོ། །དང་པོ་ནི། ཐུང་ངུར་བསླབ་པ་དང༌། རིང་དུ་བསླབ་པ་གཉིས། དེ་རེ་རེ་ལའང་ཚར་བཅད་པའི་ཚུལ་དུ་བསླབ་པ་དང༌། ཕན་གདགས་པའི་ཚུལ་དུ་བསླབ་པ་གཉིས་གཉིས། དེ་ལ་ཐུང་ངུར་བསླབ་པ་ནི། སྣ་རྩེ་ནས་སོར་བཞི་ཚུན་ཆོད་ཀྱི་ནམ་མཁའ་ལ་རང་གི་ཤེས་པ་ཡོད་པར་དམིགས་ཏེ་ལུས་སེམས་གཉིས་ཀ་གྲིམས་པར་བྱས་ཏེ་བསྒོམས་ཏེ་ཚར་བཅད་པའི་ཚུལ་དུ་བསླབ་པའོ། །དེ་ནས་ལུས་སེམས་གཉིས་ཀ་གློད་ལ་བསྒོམ་པ་ནི་ཕན་གདགས་པའི་ཚུལ་ལོ། །ཡང་སོར་བརྒྱད་ཚུན་ཆད་ཀྱི་ནམ་མཁའ་ལ་ཚུལ་དེ་ཉིད་ཀྱིས་བསླབ། ཡང་སོར་བཅུ་དྲུག་ནས་འདོམ་གང་ཚུན་ཆད་ཀྱི་ནམ་མཁའ་ལའང་ཚུལ་དེ་ཉིད་ཀྱིས་བསླབ། སེམས་གནས་པའི་ཉམས་ཅི་བྱུང་དེ་བཞིན་དུ་བསྐྱང༌། ཕལ་ཆེར་རང་བཞིན་སྟོང་ཉམས་སུ་སྐྱེའོ། །དེ་ནས་བོགས་དབྱུང་བའི་ཕྱིར་རིང་དུ་བསླབ་པ་ནི། བསམ་གཏན་གྱི་སྔོན་འགྲོའི་ཡན་ལག་ཚང་བར་བྱས་ཏེ། རང་རིག་པའི་སེམས་ཉིད་ཤར་ཕྱོགས་སུ་འདོམ་དོ་ལ་སོགས་པ་ནས་བཟུང་སྟེ། ཇི་སྲིད་ནམ་མཁའི་མཐར་ཐུག་གི་བར་རྟོག་ཏུ་བཏང༌། དེའང་ཚར་བཅད་པ་དང༌། ཕན་གདགས་པའི་ཚུལ་གྱིས་བསླབ་པས་མཐའ་བྲལ་གྱི་ཉམས། ཤུགས་ཆད་ཀྱི་ཉམས། གཟིགས་ཆད་ཀྱི་ཉམས་གསུམ་གང་སྐྱེས་ཀྱང་དེ་བཞིན་དུ་བསྐྱང་ངོ༌། །དེ་བཞིན་དུའང་བོགས་དབྱུང་བའི་ཕྱིར་ལྷོ་ལ་སོགས་པའི་ཕྱོགས་ཐམས་ཅད་དུ་བསླབ་བོ། །དེ་ལྟར་བསླབས་པས་ཉམས་གསུམ་སྐྱེ་ལ། དེའི་མཐའ་བྲལ་གྱི་ཉམས་བརྟན་ནས། དེ་ནས་ནམ་མཁའ་སྟོང་པ། ཁྱབ་པ་བརྟག་པའི་ཉམས་ཏེ་ཆོས་བཞི་ལྡན་དུ་བསྐྱེད་པར་འགྱུར་ཏེ། དེ་བཞིན་དུ་བསྐྱང་ངོ༌། །རིང་དུ་བསླབ་པའོ། །གཉིས་པ་ནི། སྔར་བྱིན་བརླབ་ཀྱི་སྐབས་སུ་བསྟན་པ་ལྟར། དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་བཞག་གོ །གསུམ་པ་ནི། དང་པོ་རྣམ་རྟོག་གཅིག་རྟིང་ལ་གཅིག་བྲེང་མ་ཆད་པར་འཇུག་པའི་ཤུགས་དྲག་ཅིང་རྣམ་པ་གསལ་ལ། ཤིན་ཏུ་མྱུར་བས་བློ་རགས་པས་ཚད་གཟུང་མི་ནུས་པ་སྐྱེ་བ་མཐོང་སྟེ། སྔར་ནས་རྒྱུས་ཡོད་མེད་ཀྱི་ཡིད་མཉམ་པར་མ་བཞག་པས་མ་རིག་པ་ཡིན་ལ། ད་རིག་ནས་རྣམ་རྟོག་སྔར་བས་མང་དུ་སོང་འདུག་སྒོམ་མི་སྐྱེ་བ་ཡིན་ནམ། སྙམ་པ་འབྱུང་སྟེ། དེ་ནི་ཉམས་དང་པོ་རི་གཟར་གྱི་འབབ་ཆུ་དང་འདྲ་བ་སྟེ། དངུལ་ཆུ་མེ་དང་འཕྲད་ན་འཕྲད་མ་ཐག་ཏུ་དུ་བར་བྱས་འབྲོས་པ་དང་འདྲའོ། །དེའི་དུས་སུ་རླུང་ཉམས་སུ་རེས་འགའ་རླུང་བཟུང་བ་བཞིན་དུ་འཐུམས་པ་དང༌། རེས་འགའ་རླུང་ཤུགས་རིང་ནར་ནར་བ་འབྱུང༌། རླུང་ཉམས་སུ་རོ་སྟོད་ཁེངས་ནས་མི་བདེ་བ་དང༌། ལུས་གནད་གཅིག་ལ་འདུག་མི་ཟུག་པ་ནད་ཟུག་དང་བཅས་པ་འབྱུང་ངོ༌། །ཡང་སྔར་གྱི་བཞིན་ལ་རྟོག་པ་བཅད་ཅིང་མཉམ་པར་གཞག་པས་རྣམ་རྟོག་གཅིག་རྟིང་ལ་གཅིག་ཆེ་རེ་རྒྱུ་འཕྲོ་ལ་ཅི་ཞིག་ལྟར་ལ་མ་ཚོར་བར་ཞི་མལ་སོང་བ་སྙམ་ཡང་བྱེད། ཡང་དེའི་འཕྲོ་ལ་རྟོག་པ་རྒྱུ། ཡང་རྒྱུ་ཞིང་སྐབས་སྐབས་སུ་གནས་པ་སྙམ་བྱེད་པ་འབྱུང་ཏེ་དེ་ནི་ཉམས་གཉིས་པ་རོང་ཁུང་དོག་མོའི་ཆུ་དང་འདྲ་བ་ཡིན། ཉམས་གཞན་སྔ་མ་དང་འདྲའོ། །དཔེར་ན་དངུལ་ཆུ་འཆིང་བྱེད་ཀྱི་རྫས་ཅུང་ཟད་ཀྱིས་བཅིངས་པ་དེ་མེ་དང་ཕྲད་ན་ཙེག་ཙེག་ཅེས་པའི་སྒྲ་འབྱིན་ཅིང་འབྲོས་པ་ལྟ་བུའོ། །དེ་ནས་དེའི་རྒྱུན་ལ་མཉམ་པར་བཞག་ཅིང་བསྒོམས་པས་ཅི་ཞིག་ལྟར་ལ་རྣམ་རྟོག་གི་རྒྱུ་འཕྲོ་ཆད་ནས། ཧབ་ཁྲི་བོ་སྡུག་པ་ལྟར་ལྷན་ཚོམ་གྱིས་མི་རྟོག་པ་ལ་འགྲོ་ཞིང༌། དེ་ལའང་རིག་པའི་ངར་བཏོན་ཞིང་བསྒོམས་པས་དེའི་རྨུགས་ཤིང་བློང་པའི་ཆ་དེ་བསལ་ནས། སྐབས་སྐབས་སུ་ཤེས་པ་དང་ཆ་དང་བཅས་པའི་མཉམ་གཞག་ཏུ་འགྱུ་བ་མེད་ཀྱང་སྐབས་རེར་རྣམ་རྟོག་ཐོལ་ཐོལ་སྐྱེ་སྟེ། ཉམས་གསུམ་པ་ཕུ་གསུམ་གྱི་རྫིང་ཆུ་དང་འདྲའོ། །བཅིངས་པའི་དངུལ་ཆུ་སྦལ་པ་མཆོང་བ་བཞིན་དུ་མཆོངས་ཏེ་འབྲོས་པ་དང་འདྲའོ། །དེའི་དུས་སུ་རླུང་ཉམས་རེས་རླུང་རྣལ་དུ་གནས། རེས་རླུང་རྒྱུ་བ་ཞི་གནས་ལ་གནོད་པ་སྙམ་བྱེད་པ་འབྱུང༌། ལུས་ཉམས་ལུས་གནད་ལ་སོགས་ལ་མི་བདེ་བ་མེད་པར་ཉལ་གྱིས་འགྲོ། རོ་སྟོད་མགོ་བོ་ཅུང་ཟད་ལྕི་ཞིང་ཁེངས་པ་འབྱུང་ངོ༌། །དེ་ནས་སྔར་གྱི་རྒྱུན་ལ་མཉམ་པར་གཞག་པས་རྣམ་རྟོག་གི་འཇུག་པ་ཕལ་ཆེར་ཉལ་གྱིས་སོང་ནས་རྩེ་གཅིག་ཏུ་ཉལ་གྱིས་གནས་པ་འབྱུང་ངོ༌། །དེའི་ངང་ནས་རྣམ་རྟོག་ཐོལ་ཐོལ་སྐྱེས་ཀྱང་གཉིས་མཐུད་གསུམ་མཐུད་ཙམ་བྱུང་ན། དེ་ཉིད་ཀྱི་ངང་དུ་ཞི་བར་འགྱུར་ཏེ། དེ་ནི་མཚོ་ཆུ་རླུང་གི་བསྐྱོད་པ་ལྟ་བུའི་ཉམས་ཞེས་བྱ་སྟེ། བཅིངས་པའི་དངུལ་ཆུ་མེ་དང་འཕྲད་ན་འདར་བ་ལྟ་བུའོ། །དེའི་ཚེ་རླུང་རྒྱུ་བ་མི་ཚོར། ཚོར་ཡང་མཉམ་གཞག་ལ་གནོད་པ་འབྱུང་ལ། ལུས་ཉམས་མཉམ་གཞག་ཏུ་ལུས་པོ་ཡོད་པར་མི་ཚོར། ཚོར་ཡང་མཉམ་གཞག་ལ་མི་གནོད། དེ་ལས་ལངས་པའི་རྗེས་ཐོབ་ཏུ་ལུས་ཀྱི་མི་བདེ་བ་ལ་སོགས་པ་ཐམས་ཅད་ཉལ་གྱིས་ཞིའོ། །མ་ཞི་ཡང་ཅུང་བདེ་རུ་སོང་བ་འབྱུང༌། ཡང་སྔར་གྱི་རྒྱུན་ལ་མཉམ་པར་བཞག་ནས་བསྒོམས་པས་ཞི་གནས་སུ་མེར་སོང་སྟེ། གཡེངས་པའི་རྟོག་པ་ཞི་བའི་ངང་ནས་རྩེ་གཅིག་ཏུ་གནས་པ་འབྱུང༌། དེ་ལ་སྔོན་གྱི་འཕེན་པའམ། འཕྲལ་གྱི་རྐྱེན་གཞན་གྱིས་སད་པར་བྱས་ལ། མི་རྟོག་པ་རྣམ་རྟོག་མི་རྒྱུ་བར་གནས་པ་ཞིག་འབྱུང་སྟེ། དེ་ནི་མཚོ་རླབས་དང་བྲལ་བ་ལྟ་བུའི་ཉམས་ཞེས་བྱ། བཅིངས་པའི་དངུལ་ཆུ་མེ་དང་འཕྲད་ཀྱང་མི་འདར་བ་ལྟ་བུའོ། །དེའི་དུས་སུ་རླུང་ཉམས་རླུང་རྒྱུ་བ་བརྟགས་ན་ཚོར། མ་བརྟགས་ན་མི་ཚོར་བ་དང༌། བརྟགས་ཀྱང་མི་ཚོར་བ་འབྱུང༌། ལུས་ཀྱི་ཉམས་བརྟགས་ན་ཚོར་མ་བརྟགས་ན་མི་ཚོར་བ་དང༌། བརྟགས་ཀྱང་མི་ཚོར་བ་འབྱུང་ལ། དེའི་རྗེས་ཐོབ་ཏུ་ལུས་ཀྱི་མི་བདེ་བ་དང༌། ན་ཚ་ཐམས་ཅད་ཉམས་ཀྱིས་འགྲོའོ། །དེ་ལྟར་སེམས་ཀྱི་ཉམས་ལྔ་པོ་དེ་ལ་རྣམ་རྟོག་ངོས་ཟིན་གྱི་ཉམས། རྣམ་རྟོག་ངལ་བསོའི་ཉམས་རྣམ་རྟོག་ཐང་ཆད་ཀྱི་ཉམས། རྣམ་རྟོག་གི་རླབས་དང་བཅས་པའི་ཉམས། རྣམ་རྟོག་ཞི་བའི་ཉམས་ཞེས་གསུངས་ལ། ཞི་བྱེད་བརྒྱུ་པ་ཕྱི་མ་དག་གཡོ་བ་དང༌། ཐོབ་པ་དང༌། གོམས་པ་དང༌། བརྟན་པ་དང༌། མཐར་ཕྱིན་པའི་ཉམས་ཞེས་ཟེར་རོ། །དེ་ལྟ་བུའི་ཞི་གནས་དེ་ལ་རྣམ་རྟོག་གི་འཇུག་པ། ཞི་གནས་རྩེ་གཅིག་ཏུ་མེ་རེ་གནས་ཀྱང༌། རིག་པའི་རང་གདངས་མ་ཤར་བ། ཤེས་པའི་དྭངས་ཆ་མ་རྙེད་པ་དེ་ཞི་གནས་སོ། །ཞེས་བྱ་བ་དོན་ལ་རྣམ་རྟོག་ཁ་འཁྱམས་པའི་ཞི་གནས་ཡིན་གྱི། མི་རྟོག་པར་ལྷག་གིས་མ་སོང་བ་ཡིན་ནོ། །མི་རྟོག་པར་ལྷག་གིས་སོང་བ་ལ་རྩེ་གཅིག་ཏུ་གནས་པའི་ཤེས་པའི་རང་གདངས་ཤར་བའི་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་སལ་ལེ་རྩེ་གཅིག་ཏུ་གནས་པ་དེ་ཐུན་གཅིག་ལ་སོགས་པ་བྱུང་ནའང་ཉམས་ཀྱི་གསལ་སྣང་མི་འཆར་མི་སྲིད་པས། དེ་ནི་ཉམས་སྣ་ཚོགས་སུ་སྐྱེ་བའི་ཞི་གནས་ཞེས་བྱ་སྟེ། དེ་འདྲ་ཞིག་མེད་ཁ་མེད་ཡིན་ནོ། །དེ་ལྟར་གནས་ཆ་ཅི་རིགས་པ་ཐོབ་ནས། དངོས་གཞི་དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་བཞག་པས་དངོས་གྲུབ་ཐོབ་པར་འགྱུར་བའི་མཚན་མ་སྣ་ཚོགས་པ་དང༌། ཉམས་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ། གསུང་ངག་རིན་པོ་ཆེ་ལས། ས་ཆུ་ལ་ཐིམ་ན་སྨིག་རྒྱུ། ཆུ་མེ་ལ་ཐིམ་ན་དུ་བ། མེ་རླུང་ལ་ཐིམ་ན་སྲིན་བུ་མེ་ཁྱེར། རླུང་རྣམ་པར་ཤེས་པ་ལ་ཐིམ་ན་མར་མེ་འབར་བ། རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་ན་ནམ་མཁའ་སྤྲིན་མེད་ལྟ་བུ། ས་ཆུ་མེ་རླུང་དང་རླུང་སེམས་མཉམ་པར་འདུས་ན་ཁམས་གསུམ་ཀུན་དུ་མེ་ལྟ་བུར་སྣང་ངོ༌། །ཞེས་དང༌། གྲུབ་ཐོབ་ཉི་མ་དཔལ་ཡེ་ཤེས་ཀྱིས། ས་ཆུ་ལ་ཐིམ་པ་ལས་སྨིག་རྒྱུའི་རྣམ་པའོ། །ཆུ་མེ་ལ་ཐིམ་པས་དུ་བའི་རྣམ་པའོ། །མེ་རླུང་ལ་ཐིམ་པ་ལས་མཁའ་སྣང་གི་རྣམ་པའོ། །ཕྲ་མོའི་ཁམས་ཀྱི་སྣང་བ་གསུམ་ནམ་མཁའ་ལ་སྒྲོན་མེ་དང་འདྲ་བར་སྣང་བའི་ཕུང་པོ་ཆོས་ཉིད་ཀྱི་ཕྱིར་སྒྲོན་མེའི་རྣམ་པའོ། །རང་བཞིན་གྱི་སྣང་བ་ནུབ་པ་ལ་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བའི་རྟག་ཏུ་སྣང་བའི་ངོ་བོ་ཉིད་ནི་སྤྲིན་མེད་པའི་ནམ་མཁའ་དང་མཚུངས་པའོ། །ཞེས་གསུངས་པ་ལྟར། གཡས་གཡོན་གྱི་རླུང་རྣམས་དབུ་མར་ཐིམ་པས། མཐོང་སྣང་དང་ཉམས་བརྗོད་ཀྱིས་མི་ལོང་སྐྱེ་བར་འགྱུར་རོ། །དེ་ལྟར་རྟགས་དེ་རྣམས་སྔ་མ་སྔ་མ་མཐོང་བ་ལ་མ་བརྟགས་པར་དེ་ཁོ་ན་ཉིད་ལ་རྩེ་གཅིག་ཏུ་བློ་བཞག་པས། རིམ་གྱིས་སྔ་མ་སྔ་མ་དྭངས་ཤིང་གནས་འགྱུར་ཏེ། ཕྱི་མ་ཕྱི་མའི་ཉམས་རྣམས་འབྱུང་ལ། དེ་དག་ལ་དགག་སྒྲུབ་མི་བྱ་ཞིང༌། བློ་མ་ཡེངས་པར་བྱས་པས་ཅི་ཡང་མ་མཐོང་བའི་ཚུལ་གྱིས་དེ་ཁོ་ན་ཉིད་མཐོང་བར་འགྱུར་ཏེ། ཤཱནྟི་དེ་བས། ཟབ་མོའི་ཆོས་མཐོང་རྨི་ལམ་ངན་པ་དང༌། །མུན་པའི་ལམ་ན་ཅི་ཡང་མཐོང་བ་མེད། །གལ་ཏེ་ནམ་མཁའི་རྩེ་མོར་མེ་ཏོག་རྒྱས། །ཤཱནྟིས་སྨྲས་པ་དེ་ཚོ་འཁྲུལ་བ་ཆད། །ཅེས་དང༌། ས་ར་ཧས། རྨད་བྱུང་ནམ་མཁའི་དཀྱིལ་ཤར་བྷུ་སུ་ཀུ། །སྟོང་པའི་གཟུགས་འཛིན་ལྟོས་ཤིག་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་རྒྱས་སོ་བྷུ་སུ་ཀུ། །རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང༌། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །མེ་ཏོག་འདི་ནི་སྟོང་ཉིད་དགོན་པར་སྐྱེས། །ཞེས་གསུངས་སོ། །བཞི་པ་ནི། བསམ་གཏན་གྱི་གེགས་བྱིང་རྒོད་གཉིས་བསལ་ཏེ། དེ་ལ་ཆེད་དུ་བྱས་པའི་བྱིང་རྒོད། རྐྱེན་གྱིས་བྱུང་བའི་བྱིང་རྒོད། རང་ཤུགས་ཀྱིས་བྱུང་བའི་བྱིང་རྒོད་བསལ་བའོ། །དེ་ལ་ཆེད་དུ་བྱས་པའི་བྱིང་བ་ནི། མལ་སྟན་ལ་སོགས་པ་བསོད་ནམས་དོན་དུ་གཉེར་བ་ལས་བྱུང་བའོ། །ཆེད་དུ་བྱས་པའི་རྒོད་པ་ནི་ཁ་སྨྲས་ལ་སོགས་པ་འཇིག་རྟེན་པའི་བྱ་བ་དོན་དུ་གཉེར་བ་ལས་བྱུང་བའོ། །དེ་བསལ་བ་ནི་ངོ་ཤེས་པར་བྱ་སྟེ་ཞག་གྲངས་ཅི་རིགས་པར་དེ་དག་སྤང་བ་ཉིད་ཀྱིས་སེལ་བར་འགྱུར་རོ། །རྐྱེན་གྱིས་བྱིང་བ་ནི། ཧ་ཅང་ཟས་བཅུད་ཆེས་པ་དང༌། ཆང་མང་བ་དང༌། ངལ་དུབ་ལ་སོགས་པའི་རྐྱེན་གྱིས་བྱིང་བའོ། །རྐྱེན་གྱིས་རྒོད་པ་ནི། ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་གྱིས་མ་དབེན་པ་དང༌། མཚན་མོ་དགྲའི་གླགས་ཅོར་ཀྱིས་མ་དབེན་པ་ལ་སོགས་པས་རྒོད་པའོ། །དེ་དག་བསལ་བ་ལ་ཡང་རྐྱེན་དེ་དག་ཞག་གྲངས་ཅི་རིགས་པར་སྤང་བ་ཉིད་ཀྱིས་སེལ་ལོ། །རང་ཤུགས་ཀྱིས་བྱུང་བའི་བྱིང་བ་དང་རྒོད་པ་ནི་སྔ་མ་གཉིས་པོ་དེ་དག་བསལ་ཡང་རང་ཤུགས་ཀྱིས་བྱུང་བའོ། །དེ་ཡང་ཐུན་སྟོད་ལ་བྱུང་ངམ་ཐུན་སྨད་ལ་བྱུང་བརྟགས་ལ། ཐུན་སྨད་ལ་བྱུང་ན་ཁམས་ཀྱི་སྐྱོན་ཡིན་པས་ཐུན་བསྟུང་བ་ཉིད་ཀྱིས་རང་སེལ་ལོ། །ཐུན་སྟོད་ལ་བྱུང་ན་བསམ་གཏན་གྱི་གེགས་ཡིན་པས། དེ་བསལ་བ་ནི། སྤྱིར་གསུམ་སྟེ། སྤྱོད་ལམ་གྱིས་བསལ། ཁ་ཟས་ཀྱིས་བསལ། སེམས་ཀྱི་མཐུས་བསལ་བའོ། །དེ་ལ་སྤྱོད་ལམ་གྱིས་བསལ་བ་ནི། སྟན་མཐོ་སར་བསྡད། དེས་མ་བསལ་ན་ས་མཐོ་སར་བསྡད། མིག་རི་ཐང་མཚམས་སུ་བལྟ། ལུས་སེམས་ཧུར་ཕྱུང་ལ་བྱའོ། །རྒོད་པ་བསལ་བ་ནི། ས་དམའ་སར་བསྡད། ཅུང་ཟད་ཀོས་ཀོས་བྲང་ནོན་པར་བྱ། མུན་པའི་མཚན་མར་གྱུར་པ་ལ་བསྡད་དོ། །ཁ་ཟས་ཀྱིས་བྱིང་བ་བསལ་བ་ནི། གོང་བསམ་གཏན་གྱི་སྔོན་རོལ་གྱི་ཁ་ཟས་བཅག་པའོ། །རྒོད་པ་བསལ་བ་ནི། བསམ་གཏན་ལ་འཇུག་ཁ་ཟས་དང་བཅས་པའི་ཆང་སྣོད་ཆེ་ཆུང་ཅི་རིགས་པ་བཏང༌། གོམ་པ་ལྔ་བཅུར་བཅག དེས་མ་ཞི་ན་དོ་བཏང༌། གོམ་པ་བརྒྱར་བཅག དེ་ཡང་སྤྱིར་ནད་གཞི་དང་སྦྱར། ན་ཚོད་དང་སྦྱར། ནམ་ཟླ་དང་སྦྱར་རོ། །དེས་ངེས་པར་རྒོད་པ་དང་བྱིང་བ་སེལ་ལོ། །གསུམ་པ་སེམས་ཀྱི་ནུས་མཐུས་བསལ་བ་ནི། བྱིང་བའི་ཚེ་སྟེང་དུ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོ་ལ་བསླབ། སླར་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གནས་སུ་བསླབས་ཏེ། དེ་ནི་ཐོག་མར་རང་གི་སྙིང་གར་དྲན་པར་བྱ། དེ་ནས་སྨིན་མཚམས་སུ། དེ་ནས་ཚངས་པའི་བུ་གར། དེ་ནས་སྤྱི་བོའི་སྟེང་དུ་སོར་བཞི་ལ་སོགས་པ་ནས་མཐར་སྟེང་གི་ནམ་མཁའི་མཐར་ཐུག་བར་གཏང༌། དེ་ལྟར་སེམས་ཚོད་བཟུང་ཞིང་བསྒོམས་ལ། ཡུན་རིང་ན་ཤེས་པ་མི་བདེ་ཞིང༌། སྙིང་རླུང་ལ་སོགས་པར་འགྱུར་བས་སླར་མས་རིམ་གྱིས་ཕབ་ལ་སྙིང་གར་དྲན་པར་བྱས་ལ་གཞག་གོ །རྒོད་པའི་ཚེ་ན་འོག་ཏུ་བྱང་ཆུབ་ཀྱི་སེམས་ཨེ་ལས་ཆོས་ཀྱི་འབྱུང་གནས་སུ་བསླབ། སླར་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གནས་སུ་བསླབས་སོ། །དེ་ནི་བཤང་ལམ་དུ་ཆོས་འབྱུང་དམར་སེང་ངེ་བ་གཅིག་བསམས་ལ། དེའི་ནང་ན་མར་སེམས་ཀྱིས་ལྟ། འཇོག་ཙམ་ན་སླར་ཡང་སྙིང་གར་དྲན་པར་བྱའོ། །དེས་ཀྱང་རྒོད་པ་མ་ཞི་ན་འཕྲང་དུ་བཟུང༌། རྗེས་སུ་འབྲང༌། ཡོངས་སུ་ཤེས་པས་བསལ་ལོ། །དེ་ལ་འཕྲང་དུ་བཟུང་བ་ནི་ལན་གཅིག་འཕྲོས། ལན་གཉིས་འཕྲོས། ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་རྒོད་པའི་གྲངས་བཟུང་བས་འཕྲལ་དུ་སེལ། རྗེས་སུ་འབྲང་བ་ནི་ཡུལ་གང་ལ་འཕྲོ་བའི་ཡུལ་དེ་ཉིད་ལ་ཆེད་དུ་གཏད་ཅིང་དམིགས་ཏེ། དེས་འཕྲལ་དུ་སེལ། ཡོངས་སུ་ཤེས་པ་ནི། རྒོད་ནས་འདུག་བྱ་བར་ཤེས་པ་ཙམ་གྱི་སེལ་གསུང༌། དེ་དག་གི་མ་ཞི་ན་མནན་སྦྱོར། དཔྱང་ཐག འཕྲང་གཞུར་ཞེས་བྱ་བས་ཀྱང་སེལ་ལོ། །དེ་ལ་མནན་སྦྱོར་ནི། རང་གི་སྤྱི་བོར་ཤིང་བུ་ལྗི་ཡང་རན་པ་གཅིག་གིས་མནན། དེས་འཕྲལ་དུ་སེལ། དཔྱང་ཐག་ནི། ས་གཞི་བསྟར་ཞིང་འཐས་པར་བྱས་ལ། སྟེང་དུ་ཐག་པ་གཉིས་ཀྱིས་ཤིང་སྟེགས་གཅིག་བཏགས་ཏེ། དེའི་སྟེང་དུ་རང་གི་རྐང་པའི་འོག་ཏུ་རྒྱངས་ནས་འདུག་པས་ཤིང་བུ་རིལ་བུ་ནོན་པར་བྱ། ལག་པ་གཉིས་མདུན་གྱི་དཔྱང་ཐག་ལ་འཇུ་བའི་སྦྱོར་བ་བྱ་བའི་མན་ངག་གོ །འཕྲང་གཞུར་ནི། གཡས་གཡོན་གང་རུང་གཅིག་ཏུ་ཤིང་ཁྲུ་གང་བ་གཅིག་གམ། ཐོ་གཅིག་བཙུགས་ལ། དེའི་སྟེང་དུ་རྡོ་ལ་སོགས་པ་དཀར་པོ་གཅིག་བཞག་ལ། དེའི་ཡང་སྟེང་དུ་ནག་པོ་གཅིག་བཞག་ལ། དེ་དག་ལ་སྨྱུག་མ་ལ་སོགས་པས་གཞུར་ཏེ་མིག་མི་འཛུམས་པར་བྱས་ལ་བལྟ། དེས་ཀྱང་འཕྲལ་དུ་སེལ་གསུང༌། ཡང་གེགས་ཁ་ཅིག་ལོག་ནོན་རྣམ་པ་ལྔའི་སྒོ་ནས་བསལ་ཏེ། འཁོར་ལོ་ལྟར་བསྐོར་བ། གྲུ་གུ་ལྟར་འདྲིལ་བ། བུ་ག་མང་པོའི་སྦྱོར་བ། སྟེང་འོག་གི་འཁོར་ལོ་མེད་པ་ལ་བསླབ་པ། རབ་ཏུ་དམར་བའི་སྦྱོར་བ་ལ་བསླབ་པའོ། །དང་པོ་ནི་ལུས་ཁེངས་པ་སྙམ་བྱེད། ལུས་སྦྱིན་པ་ལ་སོགས་པ་བྱུང་ན། ལྟེ་བའི་གནས་སུ་འཁོར་ལོ་རྩིབས་བརྒྱད་པ་སེར་པོ་གཅིག་བསམས་ལ། འཁོར་ལོ་དེ་དང་པོ་གཡས་སུ་འཁོར་བར་བསྒོམ། དེས་མ་བདེ་ན་གཡོན་དུ་འཁོར་བར་བསྒོམ། དེ་ལྟར་འཁོར་བས་ཇེ་ཆེ་ཇེ་ཆེར་སོང་བས་ལུས་ཀྱང་ཆེར་སོང་བར་བསྒོམ། དེས་ཤིན་ཏུ་ཆེར་སོང་བ་སྙམ་བྱེད་ན་འཁོར་ལོ་བློས་བཏང་ལ། ལུས་ནང་སྟོང་ཡེད་ཡེད་ནམ་མཁའ་ལ་དེངས་ཤིང་ཡལ་ཏེ། དེས་འཕྲལ་དུ་སྐྱོན་ལས་གྲོལ་ལོ། །གཉིས་པ་ནི། སྙིང་ག་ལ་སོགས་པ་དམིགས་ཀྱི་ན་བ་བྱུང་ན། གང་ན་བ་དེ་ཉིད་དུ་བུ་ག་ཅིག་སེང་གིས་བྱུང་བར་བསམས་ལ། དེ་ནས་དབུགས་ཕྱིར་དྲག་ཏུ་གཏོང་ཞིང་སེམས་ཀྱི་རླུང་ཁ་དོག་སྔོན་པོ་སྦོམ་ཕྲ་རྟ་རྔ་ཙམ་ཅིག་ཐོན་ནས་ཕྱི་རོལ་དུ་དྲུ་བུ་ལྟར་ཧྲི་ལི་ལི་འདྲིལ་བར་བསམ། དེ་ནས་ཅུང་ཞིག་དམིགས་པ་དེ་བློས་དོར། དེ་ནས་ཡང་བུ་ག་དོར་ཞིང་རླུང་ཡང་སྔར་བས་སྦོམ་དུ་སོང་བར་དམིགས་ཏེ་སྔར་བཞིན་དུ་འདྲིལ་བར་བསམ། དེས་འཕྲལ་དུ་སྐྱོན་ལས་གྲོལ་ལོ། །གསུམ་པ་ནི། ལུས་ཐམས་ཅད་ཁྱབ་པར་ན་ན། ལུས་ཐམས་ཅད་ལ་ཚགས་སེའི་མིག་བཞིན་དུ་བུ་ག་མང་པོ་བྱུང་སྟེ་དེ་དག་ཐམས་ཅད་ནས་རླུང་ཕྱིར་སྔོ་བུན་བུན་འགྲོ་བར་བསམས་ཤིང༌། དབུགས་ཕྱིར་དྲག་ཏུ་བུས་ལ་གཏང༌། འཕྲལ་དུ་སྐྱོན་སེལ། ཁམས་ལ་ཅུང་ཞིག་ནོད་གསུང༌། བཞི་པ་ནི། ལུས་ཀྱི་སྟོད་དུ་ན་ཞིང་མི་བདེ་ན་མགྲིན་པ་ཡན་ཆད་ཧར་ཐད་དུ་སྟོང་པར་བསམས་ལ། དེ་ནས་ཡར་རླུང་སྔོ་བུན་བུན་འགྲོ་བར་བསམ་ཞིང༌། དབུགས་ཕྱིར་དྲག་ཏུ་གཏང༌། ལུས་ཀྱི་སྨད་དུ་ན་ཞིང་མི་བདེ་ན་སྨད་ཉིད་ཧར་ཐད་དུ་སྟོང་པར་བསམས་ལ། དེ་ནས་མར་རླུང་ཐུར་ལ་སྔོ་བུན་བུན་འགྲོ་བར་བསྒོམ། དེ་དག་གིས་འཕྲལ་དུ་སྐྱོན་ལས་གྲོལ་ལོ། །ལྔ་པ་མཆོངས་རྒྱུག་ལ་སོགས་མི་མཚམས་པ་དུ་མ་བྱུང་ན། རང་གི་འདུག་སའི་འོག་དེ་དོང་ལྟ་བུ་ཤིན་ཏུ་དམའ་བར་བསམས་ཏེ། དེ་ན་མར་རང་གི་ལུས་བྱིང་བར་བསམ། དེས་མི་སེལ་མི་སྲིད་གསུང༌། ལྔ་པ་ནི། བོགས་འབྱིན་རྣམ་པ་བརྒྱད་ཀྱིས་བོགས་དབྱུང་སྟེ། སྒྲིམ་ཀློད་གཉིས་རེས་འཇོག དབྲི་བསྐྱེད་གཉིས་རེས་འཇོག་སྟེ་བཞི། ཁ་ཟས་རེས་འཇོག སྤྱོད་ལམ་བག་ཡངས་སེམས་ཀྱི་གནད་སྣ་ཚོགས་སུ་འཕོ་བ། ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟན་པ་སྟེ་རྣམ་པ་བརྒྱད་ཀྱིས་སེམས་ཉམས་དང་སྦྱར་ཏེ་བོགས་དབྱུང་ངོ༌། །དང་པོ་བཞི་ནི། ལུས་སེམས་གཉིས་ཀ་སྒྲིམ་པ་དང་ཐུན་དབྲི་བར་སྦྱར། ཀློད་པ་དང་བསྐྱེད་པ་སྦྱར་ལ། དང་པོར་ཐུན་རེས་འཇོག་ཏུ་བྱ། དེ་ནས་ཉི་མ་རེས་འཇོག་ཏུ་བྱ། ཁ་ཟས་རེས་འཇོག་ཀྱིས་ཐུན་དང་ཉི་མ་གཉིས་ཀ་ལ་ཆང་ལ་སོགས་པ་རེས་འཇོག་ཏུ་བྱའོ། །སྤྱོད་ལམ་བག་ཡངས་གོ་སླ། སེམས་ཀྱི་གནད་སྣ་ཚོགས་སུ་འཕོ་བ་ནི། མདོ་སྡེ་དང་རྒྱུད་སྡེ་ལ་སོགས་པ་རྣམས་ལས་བསྒོམ་བྱར་གསུངས་པ་ཐམས་ཅད་ལ་རིམ་གྱིས་བསྒོམས་པས་བོགས་དབྱུང་བར་གྱུར་པའོ། །ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པ་ནི། གཟུགས་སྡུག་པ་ལ་སོགས་པ་རྣམས་ལ་ལོངས་སྤྱད་པས་རྒྱུད་ཚིམ་པར་འགྱུར་ལ། དེའི་སྟོབས་ཀྱིས་རྟོགས་པ་བོགས་དབྱུང་བར་འགྱུར་རོ། །དེ་ལྟ་བུའི་ཚུལ་གྱིས་བསྒོམས་པས་སེམས་ཉམས་ཀྱི་དྲོད་རྟགས་འབྱུང་བ་ནི། ཐོག་མར་སེམས་གནས། དོན་གྱི་དེ་ཁོ་ན་ཉིད་ལ་ངེས་ཤེས་སྐྱེ། ཅུང་ཟད་ལེ་ལོ་ཆེ། བྱ་བ་གང་ལའང་འཇུག་སྙིང་མི་འདོད། བརྗེད་ངས་ཆེ། བྱ་བ་ཐམས་ཅད་ལ་ཐུག་འཕྲད་ཙམ་བྱེད། སྐབས་སྐབས་སུ་དྲན་པ་གསལ་པོ་ཁྱད་པར་ཅན་འབྱུང༌། ཁ་ཟས་ལ་འདོད་པ་ཆུང༌། གཉིད་རིམ་གྱིས་སྤོང་བར་ནུས། ཉོན་མོངས་པ་གློ་བུར་བ་དྲག་པོ་ལྡོག ཆོས་བརྒྱད་ཀྱི་རྣམ་པར་རྟོག་པའི་བློ་རགས་རིམ་ལྡོག རྨི་ལམ་མངོན་ཤེས་དང་འདྲ་བར་གསལ་པོ་འབྱུང༌། ཕྱི་དང་ནང་གི་སྲིན་བུ་རིམ་གྱིས་སྤོང་ནུས། དེ་ཙམ་ན་ངན་སོང་དུ་མི་འགྲོ་བའི་གདེང་ཐོབ་བོ་གསུང༌། རྣམ་རྟོག་འོད་གསལ་གྱི་སྐབས་སུ་རྟོག་པ་བུ་ག་དགུའི་ནང་དུ་བཅུག་ནས། རང་གི་རྣམ་རྟོག་གི་ཟུག་རྔུ་ཐིམ་པས་དེ་མར་མེའི་རྩེ་མོ་ལྟ་བུ་སོགས་གསུང༌། བདེ་བ་ཅན་དུ་ཕྱིན་ནས། དེར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ། འཁོར་འདས་རྣམས་ལ་ཡང་མཆོད་པ་འབུལ། བྱིན་རླབས་བླ་མའི་རྣལ་འབྱོར་གྱི་སྐབས་སུ། འདི་གཅིག་པུས་སྐྱོན་ཐམས་ཅད་སེལ་ཞིང་ཡོན་ཏན་ཐམས་ཅད་བསྐྱེད་པ་ཡིན་ཞེས་གསུངས་པའི་དོན་གནས་སྐབས་སུ་བླ་མ་ལ་བརྟེན་ནས་ཕྲིན་ལས་འགྲུབ་སྟེ། ཞི་བའི་དངོས་གྲུབ་འདོད་ན། བླ་མ་རྣམ་པར་སྣང་མཛད་དུ་བསྒོམས་ཏེ། འཁོར་སའི་སྙིང་པོ་ལ་སོགས་པ་དཔག་ཏུ་མེད་པས་བསྐོར་བར་བསམས་ནས་གསོལ་བ་བཏབ་ན། ནད་ཞི་བ་ལ་སོགས་པའི་དངོས་གྲུབ་ཐོབ། བླ་མ་མི་བསྐྱོད་པ་ལ། འཁོར་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང༌། དཔལ་མགོན་པོ་དང་ལྷ་མོ་ལ་སོགས་པས་བསྐོར་བར་བསམས་ཏེ། གསོལ་བ་བཏབ་ན་དགྲ་བགེགས་ཚར་གཅོད་པ་ལ་སོགས་པ་དྲག་པོའི་དངོས་གྲུབ་ཐོབ། བླ་མ་འོད་དཔག་ཏུ་མེད་པ་ལ་འཁོར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང༌། ཀུ་རུ་ཀུལླེ་ལ་སོགས་པས་བསྐོར་བར་བསམས་ཏེ། གསོལ་བ་བཏབ་ན་ནོར་ལ་སོགས་པ་དབང་དུ་འདུ། བླ་མ་རིན་ཆེན་འབྱུང་ལྡན་ལ་འཁོར་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང༌། རྣམ་སྲས་དང༌། འཕགས་པ་ཛམྦྷ་ལ་དང༌། ལྷ་མོ་ནོར་རྒྱུན་མ་དང༌། གནོད་སྦྱིན་ཨ་པ་ར་ཛི་ཏ་དང༌། ཚོགས་ཀྱི་བདག་པོ་ལ་སོགས་པས་བསྐོར་བར་བསམས་ཏེ་གསོལ་བ་བཏབ་ན། དཔལ་དང་གྲགས་པ་དང་འབྱོར་པ་ལ་སོགས་པ་ཐམས་ཅད་རྒྱས་པར་འགྱུར་རོ། །བླ་མ་དོན་ཡོད་གྲུབ་པ་ལ་འཁོར་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དང༌། རྡོ་རྗེ་རྣམ་འཇོམས་དང༌། རྗེ་བཙུན་མ་སྒྲོལ་མ་ལ་སོགས་པས་བསྐོར་བར་བསམས་ནས་གསོལ་བ་བཏབ་ན། ཕྲིན་ལས་བཞིའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་དག་ལ་བླ་མ་ཕྲིན་ལས་གང་སྒྲུབ་ཀྱི་འོད་ཟེར་གྱི་རྣམ་པར་བྱས་ནས་རང་ལ་བསྟིམ་པ་ནི་མན་ངག་གོ་གསུང༌། ཡང་གནས་སྐབས་སུ། ཏིང་ངེ་འཛིན་དོན་དུ་གཉེར་བར་འདོད་པས། སེང་གེའི་ཁྲི་དང་པད་ཟླའི་གདན་ལ་བླ་མ་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་སྐྱིལ་ཀྲུང་དང་མཉམ་གཞག་གིས་བཞུགས་པ། ཏིང་ངེ་འཛིན་སྒོ་དུ་མའི་ནང་དུ་བཞུགས་ཤིང་བྱིན་གྱིས་བརླབས་པར་བསམ། རང་ཉིད་ཉམས་ང་ཞིང་བག་ཚ་ན། སེང་གེས་བཏེག་པའི་གདན་ལ། བླ་མ་ཤིན་ཏུ་དཔའ་བའི་ཉམས་དང་ལྡན་པ། རུས་པའི་རྒྱན་གྱིས་བརྒྱན་པར་ལྟ། ཤེས་པ་རྨུགས་ན་འོད་ཟེར་སྣ་ཚོགས་འཁྲུགས་པའི་གདན་བསམ། ཤེས་པ་བྱིང་ན་གཅན་གཟན་སྣ་ཚོགས་ཀྱི་གདན་ལ། སྐུ་བཞེངས་ཤིང་གཅེར་བུ་སྐྲ་བརྫེས་པ་ཞལ་འཛུམ་ཞིང་བཞད་པའི་མདངས་ཅན། སྤྱན་བར་སྣང་དུ་གཡོ་བའི་གཟིགས་སྟངས་ཅན། ཕྱག་གིས་བརྡ་སྣ་ཚོགས་མཛད་ཅིང་གར་སྟབས་སྣ་ཚོགས་བསྒྱུར་བ། ཞབས་ས་ལ་རྡེབས་ཤིང་བརྐྱང་བསྐུམ་སྣ་ཚོགས་སུ་མཛད་པ། རུས་པའི་རྒྱན་གྱིས་སྤྲས་ཤིང་ནམ་མཁའ་ལ་དྲག་ཏུ་འཕར་བ། ཐུགས་ཀའི་འོད་ཟེར་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་དག་གི་སྡིག་སྒྲིབ་ཐམས་ཅད་བསྲེགས། ཞལ་ནས་ཧ་ཧ་དང་ཧི་ཧིའི་སྒྲ་དྲག་ཏུ་སྒྲོགས་པར་བསམ། ཤེས་པ་རྒོད་ཅིང་གཡེངས་ན། གཏེར་ཆེན་པོའི་བུམ་པ་དང་ཉི་མའི་གདན་ལ་སྐྱིལ་ཀྲུང་འཁྱིལ་བས་བཞུགས་ཤིང༌། ན་བཟའ་སྣ་ཚོགས་ཀྱིས་སྤྲས་པ། ཕྱག་མཉམ་གཞག་གི་ཕྱག་རྒྱ་ཅན་ལ་རྡོ་རྗེའི་སྤྱན་གྱིས་གཟིགས་པ། སྐུ་ཆེ་ཞིང་རི་རབ་ལྟར་བརྟན་པ། བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་བསམ། ཤེས་པ་གཏད་སར་མི་གནས་ན། དུང་གིས་ཆུ་སྲིན་ནམ། ཐོག་གིས་དངོས་པོ་འབིགས་པ་ལྟར་བླ་མས་རང་གི་ལུས་ཕར་ཐལ་ཚུར་ཐལ་ཕུག་པར་བསྒོམ། རང་ངམ་གཞན་གྱི་བར་ཆད་སེལ་བར་འདོད་ན། གང་གནོད་སར་སྣ་ཚོགས་རྡོ་རྗེའི་གདན་ལ། བླ་མ་སྐུ་མདོག་ནག་ཅིང་དབུ་སྐྲ་བརྫེས་པ། ཕྱག་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མེ་འབར་བ། གནོད་བྱེད་གང་ཡིན་པ་ལ་གཏད་པར་བསམ། འབྱུང་བ་འཁྲུགས་ནས་ས་སྟོབས་འཕེལ་བའི་ནད་ལ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རླུང་གི་རང་བཞིན་གྱི་བླ་མ་ནག་པོ་ཡང་ཞིང་གཡོ་བར་བསམ། ཆུ་སྟོབས་འཕེལ་བའི་ནད་ལ་མེའི་རང་བཞིན་གྱི་བླ་མ་དམར་པོ་ཚ་བས་བསྲེག་པར་བསམ། མེ་སྟོབས་འཕེལ་བའི་ནད་ལ། ཆུའི་རང་བཞིན་གྱི་བླ་མ་དཀར་པོ་བསིལ་བས་གྲང་བར་བསྒོམ། རླུང་སྟོབས་འཕེལ་བའི་ནད་ལ། སའི་རང་བཞིན་གྱི་བླ་མ་སེར་པོ་ལྕི་བས་མནན་པར་བསྒོམ། དེ་བཞིན་དུ་ཡུལ་དུས་རང་བཞིན་ངེས་མེད་དུ། བླ་མ་བར་གཅོད་གང་བྱུང་བའི་གཉེན་པོར་བསྒོམ་གསུང༌། མཉམ་མེད་སྙིང་རྗེའི་སྐབས་སུ། སྙིང་རྗེ་ཐོད་རྒལ་དང་རིམ་གྱིས་པ་གཉིས་ལས་འདི་གོང་མ་ཡིན་པས། ཐོག་མར་དགྲ་ལ་བསྒོམ་པ་ཡིན་གསུང༌། འཐད་པ་བསྒོམ་པ་གསུམ་པའི་སྐབས་སུ། དགྲ་འདི་བདག་གི་མ་ཡིན་ཀྱང༌། ང་རང་གི་ལས་འདི་མ་དག་པས། ཁོ་ཡི་ཤེས་པ་ལ་རང་དབང་མ་ཐོབ་པས། སྨྱོན་པ་དང་འདྲ་བར་སྤྱིར་སེམས་ཅན་སོགས་གསུང༌། འདིར་ཐེག་ཆེན་གྱི་རྩ་བ་སྙིང་རྗེ་ཡིན་ཚུལ། དེ་བསྒོམས་པའི་ཕན་ཡོན། མ་བསྒོམས་པའི་སྐྱོན་རྣམས་ལུང་མང་པོ་དང་སྦྱར་ཏེ་གསུང་མོད། མང་བས་མ་བྲིས་སོ། །སྲོག་རྩོལ་གྱི་སྐབས་སུ། བི་ཤྭ་རྡོ་རྗེའི་རྣལ་འབྱོར་ནི། སྔོན་འགྲོ་སྟོང་ར་ཞག་བདུན་བསྒོམ་པ་སྟེ། ཕྱི་ལུས་ཀྱི་དབྱིབས་ཡི་དམ་ལ། ནང་ཕྲུ་མ་ཕུས་བཏབ་པ་ལྟར་བསྒོམས་ཏེ། འདི་རླུང་ཆུད་ཆེ་བའི་རྟེན་འབྲེལ་ཡིན་གསུང༌། ཧ་གསུམ་ཞེས་པས་ན་ཁ་ནས་ཧ། ཞེས་དལ་ལ་རིང་བར་འདོན་པ་ལན་གསུམ། ཧཱུྃ་གསུམ་ཞེས་པས་སྣ་ནས་རླུང་གཡས་གཡོན་དབུས་གསུམ་ནས་འབུད་པའོ། །བསྲུབ་ཅིང་བསྲུབས་པ་ལ་འོག་རླུང་མི་འཐེན། འདི་དང་གྱེན་དུ་འདྲེན་པ། འོག་ཏུ་བརྡེག་པ་རྣམས་ལ། འཕོངས་སྟན་ལས་མི་བསྐྱོད། ཡན་ལག་བརྐྱང་བསྐུམ་གྱི་རྐང་པ་སྤྲུག་པའི་ཚེ། རྐང་སོར་རྣམས་བསྐུམ་ནས་སྤྲུག་གསུང༌། རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར་གྱི་སྐབས་སུ། འདིའི་སྦྱོར་བ་བླ་མས་སྟོན་ཞེས་པ་ནི། མར་སྲང་བདུན། བུ་རམ་སྲང་བདུན། སྒ་ལེབ་དགུ། སྦྲང་སྲང་གསུམ། ལུག་མཁུར་མ། བ་རུ་ར། གསེར་མུ་ཟི་སྲང་གང༌། ཤ་དང་སྔོ་དད་ལ་སོགས་མ་ཟོས་པའི་བཞི་མཉམ་ཞག་གསུམ་གྱིས་བསགས་པ་དུག་བཏོན་ནས། རྡོ་ལེབ་གཙང་མའི་ཁར་བརྡལ་ལ། དར་དམར་པོས་མ་རེག་པར་བཀབ་ལ། སྐམ་པ་དང་ཞིབ་ཏུ་བཏགས་ལ། སྦྲང་དང་བུ་རམ་དང་མངར་གསུམ་གྱིས་མགོ་བསྡུས་ལ། རིལ་བུ་ཤ་བའམ་ལུག་གི་རིལ་མ་ཙམ་བྱས་ལ། རྐྱལ་པ་སབས་མེད་པར་བླུགས་ཏེ་ས་ལ་མ་རེག་པར་མདུན་གྱི་བར་སྣང་ལ་གདགས། རང་སྨྲ་བ་བཅད་ལ་ཡིག་འབྲུ་གསུམ་གྱིས་སྒྲུབ་པ་ཞག་བདུན་བྱའོ། །སྔ་དྲོའི་ཆ་ལ་བདུན་བདུན་བསྟེན་པས་དམིགས་པ་གསལ། ཁམས་རྒྱས། སྤྲོས་མེད་ཀྱི་ཏིང་ངེ་འཛིན་སྐྱེའོ། །དུག་འདོན་པ་ནི། རྫ་མའི་སྣོད་གཙང་མར་བཞི་མཉམ་དྲོ་བར་བླུགས་ནས་ལེགས་པར་གནུར་ནས་དྭངས་སུ་གཞུག དེ་ནས་ཁུ་བ་བཞུར་ལ་དབོ། ཡང་གླ་རྩི་བླུག་ཅིང་དྭངས་པ་དང་དབོའོ། །དེ་འདྲ་བ་ལན་གསུམ་བྱས་པས་དུག་བཏོན་ལ་དེ་ནས་སྐོམ་མོ་གསུངས། རྡོ་རྗེ་འཇིགས་བྱེད་ཀྱི་སྐབས་སུ། རྡོ་རྗེ་སྟོང་པ་ཉིད་དང་འཇིགས་བྱེད་སྡུག་བསྔལ་ཐམས་ཅད་འཇིག་པར་བྱེད་པ། མི་འགྱུར་བའི་བདེ་བ་སྟེ། དེ་གཉིས་ཟུང་དུ་སྦྱོར་བ་བྱེད་པའི་རྣལ་འབྱོར་པའི་རང་གི་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྒྱལ་བ་ཡབ་ཡུམ་གྱི་ཚོགས་ཡིན་ལ། དེ་དག་ཞུ་བདེའི་མཆོད་པས་མཉེས་པར་བྱས་ཏེ། དེའི་ཚུལ་ཡང༌། ལུས་རྣམ་སྣང་གི་ཆོས་དྲུག་དང་ལྡན་པས་སྟེང་རླུང་མནན། འོག་རླུང་འཐེན། དེ་ནས་སྟེང་གི་ཀུན་རྫོབ་ཀྱི་སྣ་རྩེ་ནས་གྱེན་དུ་སོར་བཞི་འཇལ་བའི་ས་སྨིན་མཚམས་ནས་ཁ་དོག་ལྔའི་འོད་ཅན་གྱི་རླུང་བྱུང་ནས་རྩ་དབུ་མའི་ནང་དུ་ཞུགས་པར་བསམ། རླུང་དེ་སྤྱི་བོ་ནས་རྡོ་རྗེ་ནོར་བུའི་བར་གྱི་དབུ་མའི་ནང་ཐམས་ཅད་གང་བར་བསམ་ཞིང༌། སྲོག་འཛིན་རླུང་དལ་བུས་ཐུབ་ཚད་དུ་བཟུང༌། མི་ཐུབ་པ་ན་རིམ་གྱིས་བཏང༌། དེ་ལྟར་གོམས་པས་འཁོར་ལོ་ལྔའི་སྟེང་མ་དྲུག་པ་སྤྱི་གཙུག་གི་ཧཾ་ལ་བྱང་སེམས་ཟིན་པ་ཡིན་ནོ། །དེ་ལྟར་རླུང་ལ་དབང་ཐོབ་ཅིང་བྱང་སེམས་ཟིན་པ་དེས་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས། མཚན་ཉིད་དང་ལྡན་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྤྲུལ་ནས། དེར་ལྷན་ཅིག་སྙོམས་པར་ཞུགས་པར་མོས་ལ། རང་གིས་ཕྱག་གཡོན་པས་རྡོ་རྗེ་གཟུང་བར་བྱ་ཞིང༌། ཕྱག་གཡས་པའི་མཐིལ་དང་རྡོ་རྗེའི་བུག་པ་སྟེ། རྩེ་མོ་དང་སྦྱར་ཞིང་ཅུང་ཟད་སྤྱོད་པས་དབབ་ནས། དགའ་བ་བཞིས་ཉམས་དྲན་པར་བྱས་ལ་ནོར་བུའི་རྩེ་མོར་སླེབས་པ་དང༌། མིག་གྱེན་དུ་བལྟས་པས། མས་བརྟན་གྱི་དགའ་བ་བཞི་མངོན་དུ་བྱས་ཤིང་ཐིག་ལེ་བཟློག་པར་བྱའོ། །གཅིག་ཤོས་བྱང་སེམས་ནོར་བུའི་ཕྱིར་གཡོ་བར་མི་བྱ་སྟེ། ཀུནྡ་བ་ཐག་ཙམ་ཕྱིར་མི་འབྱུང་ངོ༌། །གལ་ཏེ་ཕྱི་རོལ་དུ་ལྷུང་བར་གྱུར་ན། དེའི་ཚེ་ཌཱ་ཀི་རྣམས་ཀྱིས་ཚར་གཅད་དོ། །ཕན་ཡོན་ནི་འོག་རླུང་བསྡམས་པས་འོག་གདོན་གྱི་དགྲ་ཚོགས་གཞི། སྟེང་རླུང་མནན་པས་སྣ་ཚོགས་ཀྱི་བདུད་ལས་རྒྱས། དབུས་རླུང་སྤྲུགས་པས་ཐིག་ལེའི་བར་ཆད་རྣམས་སེལ་ལོ། །གཞན་ཡང་རྣལ་འབྱོར་འདི་ལ་ནན་ཏན་བྱེད་པའི་སྒྲུབ་པ་པོས་དུ་བ་ལ་སོགས་པའི་རྟགས་ལྔ་དང༌། ལྷའི་མིག་ལ་སོགས་པའི་མངོན་ཤེས་ལྔ་ཐོབ་ཅིང༌། རྣལ་འབྱོར་དེ་གོམས་པའི་སྟོབས་ཀྱིས། མ་དག་པའི་རྟོག་པའི་དྲྭ་བ་ཐམས་ཅད་གཅོད་ཅིང་སྤྲོས་མེད་ཀྱི་གོ་འཕང་ཆོས་ཉིད་བདེན་པ་མངོན་སུམ་དུ་རྟོགས་པར་འགྱུར་རོ། །འདི་ནི་གློ་བོ་ལོཙྪ་བ་ནས་བརྒྱུད་པའི་ཞལ་ཤེས་ཆད་ནས། སྤྲོས་མེད་སྟོན་པའི་བླ་མ་དང༌། བསྒོམ་པའི་རྣལ་འབྱོར་པ་དང༌། ཡི་གེར་བྲིས་པའི་ཟིན་བྲིས་སོགས་གང་ནའང་འདུག་པ་མ་མཐོང་ཞིང༌། ཐར་པ་ལོཙྪ་བའི་མན་ངག་ཡིན་ཟེར་ནས། འཁྲུལ་འཁོར་དུ་མ་བྱས་པའི་ལག་ལེན་དང༌། ལམ་འབྲས་ནས་གསུངས་པའི་རྡོ་རྗེ་ཆུ་འཐུང་གི་སྦྱོར་བ་སོགས་བླངས་ནས་འཆད་པ་ནི། རྣལ་འབྱོར་དབང་ཕྱུག་གི་རྡོ་རྗེའི་ཚིག་རྐང་དང་མི་མཐུན་པས་རང་བཟོར་ངེས་ལ། མན་ངག་འདི་ནི་བདག་གི་བླ་མ་ཐམས་ཅད་མཁྱེན་པས། གསང་འདུས་ཀྱི་རྨི་ལམ་ལ་ཐུགས་དམ་མཛད་པའི་ཚེ། སོ་བ་ན་ཐའི་བྱང་ངོས་ཀྱི་བྲག་རི་ཞིག་གི་དབུས་ན། མཐུ་སྟོབས་ཀྱི་དབང་ཕྱུག་བཞུགས་པ་གཟིགས་ནས། དེ་ལ་ཞུས་པས་གསུང་ངག་རིན་པོ་ཆེའི་ཞལ་ཤེས་དུ་མ་དང་བཅས་པ་གནང་བའི་མན་ངག བདག་གིས་མ་སྦས་པར་བྲིས་པའོ། །ལམ་གྱི་ཐོ་བསྒྲིག་པའི་སྐབས་སུ། དད་པ་ཆུང་ན་བྱིན་རླབས་བླ་མའི་རྣལ་འབྱོར། སྙིང་རྗེ་ཆུང་ན་མཉམ་མེད་སྙིང་རྗེའི་རྣལ་འབྱོར། ཞེ་སྡང་ཆེ་ན་རྩ་བ་རྒྱུའི་རྣལ་འབྱོར། རྣམ་རྟོག་མང་ན་སྲོག་རྩོལ་རླུང་གི་རྣལ་འབྱོར། ཁ་ཟས་ལ་སྲེད་པ་ཆེ་ན་རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར། འདོད་ཆགས་ཆེ་ན་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བསྒོམ་པའོ་གསུངས། བསྙེན་པ་ཁ་གསོའི་སྦྱིན་སྲེག་ནི། སྡིག་པ་ཞི་བའི་ཕྱིར་དུར་ག་ཏི་འབུམ་ཕྲག་གཅིག་བཟླས་ནས་སྦྱིན་སྲེག་གི་ཆོ་ག་ཚང་བར་བྱ། བསྲེག་རྫས་གཞན་རྣམས་བརྒྱ་བརྒྱ་ཕུལ་ནས་ཏིལ་སྔགས་དང་བཅས་པ་ཁྲི་ཕྲག་གཅིག་དབུལ། དེ་བཞིན་དུ་ཐམས་ཅད་འགྲེ་གསུངས། སྙིང་རྗེ་དང་བྱང་སེམས་གཉིས། བུམ་དབང་གི་ལམ་ཡིན་པའི་རྒྱུ་མཚན། སྤྱིར་རྒྱུད་སྡེ་རྣམས་ནས་བུམ་དབང་གི་ལམ་བསྐྱེད་རིམ་ཡིན་པར་བཤད་ལ། དེ་དང་སྙིང་རྗེ་སོགས་ཁྱད་མེད་པ་ཡིན་ཏེ། བསྐྱེད་རིམ་གྱིས་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷར་བསྒོམ་པ་དང༌། སྙིང་རྗེས་སེམས་ཅན་ཐམས་ཅད་ལ་མ་བུ་གཅིག་པ་ལྟར་བསམ་པ་དང༌། བྱང་སེམས་ཀྱིས་བདག་གཞན་བརྗེ་བ་རྣམས་དོན་ལ་ཁྱད་པར་མེད་པས་སོ་གསུང༌། བར་ཆད་བསལ་བའི་སྐབས་སུ། རང་གི་ལུས་ཀྱིས་སྟོང་གསུམ་ཐམས་ཅད་ཁྱབ་པར་དམིགས་ནས་གནོད་བྱེད་རྣམས་ལ་གང་འདོད་པ་སྟེར་བ་སྟེ། འདིར་བདུད་རྩི་བྱིན་རླབས་སོགས་མི་བྱེད་པ་གནད་ཡིན་གསུང༌། བླ་མའི་མན་ངག་བདུན་ལ་སོགས་པ་ཞེས་ཁྲིད་དཔེ་ཐམས་ཅད་ལ་སྣང་ཡང༌། བདུད་ཡིན་གྱི། བདུད་མ་ཡིན། འདིར་རྣལ་འབྱོར་བཞི་ནས་བཤད་པའི་འཕོ་བ་ཡང་སྐབས་ཁ་ཅིག་ཏུ་གསུང་མོད། རྒྱུན་དུ་མི་གསུང་བས་མ་བྲིས། སྤྲོས་མེད་ཀྱི་འཕོ་བ་ནི། འཆི་ལྟས་བརྟགས་པ་ལ་སོགས་པའི་སྒོ་ནས་འཆི་མི་འཆི་ངེས་པར་བྱས་ལ། ངེས་པར་ཐོབ་པ་དང༌། ལོངས་སྤྱོད་ཐམས་ཅད་སྦྱིན་པ་བཏང་ནས། སྔར་ཉམས་ལེན་དངོས་གཞིའི་སྐབས་སུ་བསྟན་པ་ལྟར། ལུས་འཁོར་འདས་རྣམས་ལ་མཆོད་པ་ཕུལ། སེམས་ནམ་མཁའ་དང་བསྲེས་པའི་ངང་ནས་འདའ་བ་སྟེ། འདི་ནི་འཕོ་བ་རྣམས་ཀྱི་མཆོག་ཡིན་གསུང༌། ཞེས་པ་འདི་ཡང་མཚུངས་མེད་ཆོས་ཀྱི་རྗེ། ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་གསུང་བཞིན་གསལ་བར་བྲིས་ཤིག་ཅེས། སྡེ་སྣོད་འཛིན་པ་ཆོས་རྒྱལ་དཔལ་བཟང་གིས། །ཡང་ཡང་བསྐུལ་ནས་ཀུན་མཁྱེན་བླ་མ་དེའི། །གསུང་ལས་སྐྱེས་པ་རྒྱུད་གསུམ་པ་ཡིས་བྲིས། །འདི་ཡི་དགེ་བས་མཁའ་མཉམ་འགྲོ་བ་ཀུན། །རབ་ཟབ་ལམ་བཟང་འདི་དང་ཕྲད་པར་ཤོག། །། ༄༅། །རྒྱུད་གསུམ་ལམ་གྱི་རིམ་པའི་བསྡུས་དོན་བཞུགས་སོ།། ༈ །རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ཀྱེ་རྡོ་རྗེའི་རྒྱུད་གསུམ་ལམ་གྱི་རིམ་པ་ལ་གསུམ་སྟེ། ལམ་རིམ་ལ་འཇུག་པའི་ཡན་ལག ཡན་ལག་ཅན་གྱི་ལམ་རིམ། ལམ་རིམ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང༌།«་་་་་དཔལ་ལྡན། མོད་་་་་་»བཤད་པར་དམ་བཅའ་འོ། །གཉིས་པ་ལ་གཉིས། ཕར་ཕྱིན་ཐེག་པའི་ལམ་གྱི་རྒྱུད་སྦྱང་བ། སྦྱངས་ནས་རྡོ་རྗེ་ཐེག་པའི་ལམ་རིམ་དངོས་ལ་འཇུག་པའོ། །དང་པོ་ལ་གསུམ། སྤང་བྱ་འཁོར་བའི་ཉེས་དམིགས་བསམ་པ། བརྟེན་བྱ་ལམ་གྱི་རིམ་པ་བསྒོམ་པ། དེ་དག་གི་མཇུག་བསྡུ་«ཕ་རོལ་་་་་་»བའོ། །དང་པོ་ལ་གསུམ། སྡུག་བསྔལ་གྱི་སྡུག་བསྔལ་བསམ་པ། སྡུག་བསྔལ་གཞན་བསམ་པ། ངན་པའི་གྲོགས་སྤང་བ་«་་་་་དབེན་»བསྟན་པའོ། །དང་པོ་གཉིས། སྡུག་«དུཿཁ་་་་་་»བསྔལ་གྱི་ངོ་བོ། དེའི་རྒྱུ་སྤང་བར་«མི་དགེ་བ་་་་་་»བསྟན་པའོ། །གཉིས་པ་ལ་«མཐོ་རིས་་་་་་»གཉིས། «མཐོ་རིས་་་་་་»མདོར་བསྟན། རྒྱས་པར་བཤད་པའོ། །འདི་ལ་གཉིས། འགྱུར་བའི་«་་་་་དང་པོ་»སྡུག་བསྔལ་བསམ་པ། འདུ་བྱེད་ཀྱི་སྡུག་བསྔལ་«་་་་་གཉིས་པ་»བསམ་པའོ། །གཉིས་པ་ལ་གསུམ། སྦྱོར་བ་སྐྱབས་«་་་་་དཀོན་མཆོག་»སུ་འགྲོ་བའི་རིམ་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ། རྗེས་ཐུན་མཚམས་སུ་བྱ་བའི་རིམ་པའོ། །གཉིས་པ་ལ་གཉིས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་«་་་་་བདག་གཞན་»བསྒོམ་པ། དོན་དམ་བྱང་ཆུབ་ཀྱི་སེམས་«་་་་་དོན་དམ་»བསྒོམ་པའོ། །གསུམ་པ་ལ་གཉིས། མི་རྟག་པ་«་་་་་དེ་ལྟར་»བསྒོམ་པ། ཚོགས་བསག་«བྱང་ཆུབ་་་་་་»པའོ། །གཉིས་པ་རྡོ་རྗེ་ཐེག་པའི་ལམ་རིམ་དངོས་ལ་གསུམ། ལམ་གྱི་རྩ་བ་བླ་མ་བསྟེན་ཚུལ། བསྟེན་ནས་ལམ་གྱི་རིམ་པས་བློ་སྦྱང་བ། སྦྱངས་པའི་ལམ་གྱི་འབྲས་བུའོ།«་་་་་རྡོ་རྗེ། »།དང་པོ་ལ་གསུམ། གང་གིས་བསྟེན་པ་«་་་་་དེ་དག་»སློབ་མའི་མཚན་ཉིད། གང་བསྟེན་པ་བླ་མའི་རང་བཞིན།«་་་་་བླ་མ། དེའི་་་་་་»དེས་དེ་ཇི་ལྟར་བསྟེན་པའི་ཚུལ་ལོ། །གཉིས་པ་ལ་གསུམ། དབང་གིས་སྨིན་པར་བྱ་བ། སྨིན་ནས་རྒྱུད་སྦྱང་བ། སྦྱངས་ནས་ལམ་བསྒོམ་པའོ། །དང་པོ་ལ་གཉིས། ཆོ་ག་རྫོགས་«་་་་་དཀྱིལ་འཁོར་»པ་སྨིན་བྱེད་རྣམ་དག་ཏུ་བསྟན་པ། དེ་ལས་གཞན་«་་་་་བྱིན་རླབས་»པ་སྨིན་བྱེད་དུ་མི་རུང་བར་བསྟན་པའོ། །གཉིས་པ་ལ་གཉིས། བསྲུང་བྱ་«དེ་ནས་་་་་་»དམ་ཚིག་གིས་རྒྱུད་སྦྱང་བ། བསྟེན་བྱ་བཟླས་«་་་་་དེ་ལྟར་»བརྗོད་ཀྱི་རྒྱུད་སྦྱང་པའོ། །གསུམ་པ་ལ་བཞི། དངོས་པོ་ཐམས་ཅད་ལ་ཞེན་པ་སྤང་བ་ལྟ་བའི་ཁྲིད། རྟེན་དང་བརྟེན་པའི་རང་བཞིན་རིམ་གཉིས་ཀྱི་རྣལ་འབྱོར། རིམ་གཉིས་ལ་གནས་པས་དྲོད་ཐོབ་ནས་སྤྱོད་པ་བྱ་ཚུལ། སྤྱོད་པ་ལ་«་་་་་ས་རྣམས་»གནས་པས་ཉེ་རྒྱུ་བསྒོམ་ཚུལ་ལོ། །དང་པོ་ལ་གསུམ། «དེ་ནས་་་་་་»སྣང་བ་སེམས་སུ། སེམས་«་་་་་སེམས་དེ་»སྒྱུ་མར། སྒྱུ་མ་རང་བཞིན་མེད་པར་བསྒྲུབ་པའོ། །འདི་ལ་གཉིས། རྟེན་འབྲེལ་«་་་་་སྒྱུ་མ་»དུ་དང༌། «བརྗོད་་་་་་»བརྗོད་བྲལ་དུ་བསྒྲུབ་པའོ། །གཉིས་པ་ལ་གཉིས། རིམ་གཉིས་«་་་་་དེ་ནས་»སྤྱིའི་རྣལ་འབྱོར། སོ་སོའི་རྣལ་འབྱོར། འདི་ལ་གཉིས། བསྐྱེད་པའི་རིམ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། མདོར་«་་་་་བསྐྱེད་པའི་»བསྟན། །རྒྱས་པར་བཤད་པའོ། །འདི་ལ་གཉིས། ལས་དང་པོ་པས་«་་་་་དང་པོ་»བསྒོམ་བྱའི་བསྐྱེད་རིམ། བརྟན་པ་ཐོབ་པས་བསྒོམ་«་་་་་གཉིས་པས་»བྱའི་བསྐྱེད་རིམ་མོ། །གཉིས་པ་ལ་གསུམ། སྔོན་འགྲོ་སྒོ་གསུམ་སྦྱོང་བ།«་་་་་རྫོགས། »དངོས་གཞིའི་ལམ་སྦྱང་བ། རྗེས་ལྟ་བ་བསྐྱང་བའོ། །གཉིས་པ་ལ་གཉིས། ལམ་གྱི་དངོས་གཞི། དེ་དག་གི་ཡན་ལག་གོ«་་་་་དེ་ལྟར། »།དང་པོ་ལ་གཉིས། རང་བྱིན་བརླབ། «ལས་་་་་་»དཀྱིལ་འཁོར་ལོའོ། །དང་པོ་ལ་གཉིས། ཁྱབ་བྱེད་«་་་་་དེ་ནས་»ཀྱི་མན་ངག ཁྱབ་བྱའི་མན་«་་་་་རང་བྱིན་»ངག་གོ །གསུམ་པ་ལ་གཉིས། མདོར་བསྟན་«་་་་་ཉམས་»པ་རྒྱས་པར་བཤད་པའོ། །འདི་ལ་གཉིས། རང་ལུགས་«་་་་་རང་སེམས་»བཞག་པ། གཞན་ལུགས་«་་་་་འགའ་»དགག་པའོ། །གསུམ་པ་ལ་གཉིས། «དེ་ལྟར་་་་་་»སྤྱོད་པའི་སྔོན་དུ་འགྲོ་བ་དྲོད། དྲོད་ཐོབ་«་་་་་སྤྱོད་པ་»ནས་སྤྱོད་པར་བྱའོ། །གསུམ་པ་ལ་དྲུག གང་ཟག་«་་་་་དགེ་བསྙེན་»གང་གིས། དགོས་«་་་་་རྒྱས་མིན་»པ་ཅིའི་ཕྱིར། གནས་གང་«་་་་་ས་སྐྱར་»དུ། «སྙིང་པོ་་་་་་»ཚུལ་ཇི་ལྟར། གྲངས་དུ་«་་་་་ཚིག་»ཞིག་བརྩམ་པ། བརྩམས་པའི་དགེ་བ་བསྔོ་«་་་་་ལེགས་པར་»བའོ། །རྒྱུད་གསུམ་གྱི་ལམ་གྱི་རིམ་པའི་བསྡུས་དོན། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། །། ༄༅། །དབང་གི་རིམ་པ་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།། ༈ །ན་མོ་གུ་ར་ཝེ། དབང་གི་རིམ་པ་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ། ལྷག་པའི་ལྷ་དང་བླ་མ་ཡི། །ཞབས་ཀྱི་པདྨོར་རབ་བཏུད་དེ། །རྣལ་འབྱོར་ཆེན་པོར་གང་གསུངས་པའི། །དབང་གི་རིམ་པ་བཤད་པར་བྱ། །འདིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ལ། ལམ་རིམ་པ་གཉིས་ཟུང་སྦྲེལ་དུ་བསྒོམ་དགོས་ལ། ལམ་བསྒོམ་པ་ལ་སྨིན་བྱེད་ཀྱི་དབང་སྔོན་དུ་འགྲོ་དགོས། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དང་པོ་རེ་ཞིག་སློབ་མ་ལ། །དབང་རྣམས་ལན་ཅིག་བསྐུར་བ་ཡིས། །དེ་ཚེ་གསང་ཆེན་བཤད་པ་ཡི། །སྣོད་དུ་ངེས་པར་འགྱུར་བའོ། །ཞེས་སོ། །དེ་ལའང་དབང་བསྐུར་བ་ཐོབ་པའི་ཕན་ཡོན། མ་ཐོབ་པའི་ཉེས་དམིགས། དབང་གི་སྔོན་དུ་འགྲོ་བའི་དཀྱིལ་འཁོར། དབང་ཉིད་བཤད་པ་བཞིའི་དང་པོ་ནི། དབང་ཐོབ་ན་རིམ་པ་གཉིས་བསྒོམ་པ་དང༌། དངོས་གྲུབ་སྒྲུབ་པའི་སྣོད་དུ་རུང་བ་སྟེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཞེས་དང༌། སྒྲོན་གསལ་ལས། དངོས་གྲུབ་ཐམས་ཅད་དཀྱིལ་འཁོར་དུ་དབང་བསྐུར་བ་ཉིད་ལས་འབྱུང་ངོ༌། །ཞེས་སོ། །དེའང་བླ་མ་ཆོ་ག་ཚད་ལྡན་ལས་དབང་ཐོབ་ན། ཚེ་འདི་ལ་མ་གྲུབ་ཀྱང་སྐྱེ་བ་བདུན་ཚུན་ཆད་ནས་འགྲུབ་སྟེ། རྒྱུད་གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་འདོད་ལྡན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་དུ་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །ཅེས་སོ། །མ་ཐོབ་པའི་ཉེས་དམིགས་ནི། དབང་བསྐུར་མ་ཐོབ་པས་བསྒྲུབས་ཀྱང་དངོས་གྲུབ་ཀྱང་མི་ཐོབ་སྟེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། དབང་མེད་པར་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །ཞེས་དང༌། ས་ར་ཧས། དཔེར་ན། པི་ཝང་སྦྱོར་བ་ཀུན་འཚོགས་ནས། །རྒྱུད་དང་བྲལ་ན་བརྡུང་མི་རུང༌། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་སོ། །དངོས་གྲུབ་ཕྲན་ཚེགས་ཐོབ་ཅིང་རྒྱུད་ཀྱི་དོན་ཅུང་ཟད་ཤེས་སུ་ཟིན་ཀྱང༌། སྔགས་ལ་རང་དགར་ཞུགས་པའི་ཉེས་པས་དམྱལ་བར་འགྲོ་སྟེ། ཕྱག་ཆེན་ཐིག་ལེ་ལས། གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་མེད་པར་ནི་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །ཞེས་དང༌། ཕྲེང་བར། ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང༌། །སློབ་དཔོན་སློབ་མར་མཚུངས་པར་ནི། །མི་བཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་སོ། །དབང་བསྐུར་བ་ལ་དཀྱིལ་འཁོར་སྔོན་དུ་འགྲོ་དགོས་ཏེ། རྡོ་རྗེ་དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་པས། གསུམ་པ་དཀྱིལ་འཁོར་ལ་དབྱེ་བ་མང་དུ་གསུངས་ཀྱང༌། བསྡུ་ན། སློབ་དཔོན་སངས་རྒྱས་གསང་བས། དབྱེ་བ་རང་བཞིན་ཏིང་འཛིན་དང༌། །གཟུགས་བརྙན་དཀྱིལ་འཁོར་རྣམ་པ་གསུམ། །ཞེས་དང༌། རང་བཞིན་དང༌། ཏིང་ངེ་འཛིན་དང༌། གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་གྱི་དང་པོ་ནི། སངས་རྒྱས་ཀྱི་ཡེ་ཤེས་དང༌། ལུས་ལྷའི་རང་བཞིན་དུ་བཞུགས་པའོ། །གཉིས་པ་ནི། བསྐྱེད་རྫོགས་ཀྱི་དཀྱིལ་འཁོར་བསྒོམ་པའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ལ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་གསུམ་དུ་གསུངས་ཏེ། འོན་ཀྱང་དཀྱིལ་འཁོར་དེ་རང་བཞིན། །ཅི་ཡིན་དེ་ནི་འདི་ལྟར་བཤད། །རི་མོ་གནས་པའི་ལས་དང་ནི། །ཐིག་ལས་ཚོན་བཀྱེའི་རིམ་པ་བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་གསུང༌། ཕྱི་མ་འདིས་ནི་རང་བཞིན་གྱིས་དཀྱིལ་འཁོར་བསྟན་ཏོ། །མངོན་བརྗོད་བླ་མ་ལས་དྲུག་ཏུ་གསུངས་ཏེ། བྲི་བའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་རོ། །གསུམ་པ་ལག་པའི་ཕྱག་རྒྱ་སྟེ། །བཞི་པ་གཟུགས་སུ་འགྱུར་བའོ། །ལྔ་པ་མེ་ཏོག་མཆོད་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །ཞེས་གསུངས། ཀླུའི་བྱང་ཆུབ་ཀྱིས་བརྒྱད་དུའང་གསུངས་ཏེ། སློབ་མའི་དོན་དུ་བསྒྲུབ་བྱའི་ཕྱིར། །དཀྱིལ་འཁོར་རྣམ་བརྒྱད་བྲི་བར་བྱ། །རང་བཞིན་དེ་བཞིན་ས་བོན་དང༌། །མེ་ཏོག་ཚོན་དང་དེ་བཞིན་དུ། །བྱེ་མ་གཡོ་དང་ཕྱེ་མ་སྟེ། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་སོགས་མང་དུ་གསུངས་སོ། །བཞི་པ་དབང་ལ། དབང་གི་རབ་ཏུ་དབྱེ་བ། ངེས་ཚིག ངོ་བོ་ངེས་པར་བྱ་བ་གསུམ་གྱི་དང་པོ་ལ། སློབ་མ་སྨིན་པར་བྱེད་པ་རྒྱུའི་དབང༌། སྨིན་པ་ཉམས་སུ་ལེན་པར་བྱེད་པ་ལམ་གྱི་དབང༌། བླངས་པ་འབྲས་བུ་མཆོག་ཐོབ་པར་བྱེད་པ་འབྲས་བུའི་དབང་དང་གསུམ་གྱི་དང་པོ་ནི། དང་པོར་དཀྱིལ་འཁོར་དུ། སློབ་དཔོན་གྱིས་སློབ་མ་ལ་དབང་བསྐུར་བར་བྱེད་པའི་སྨིན་བྱེད་ཀྱི་དབང་དེ་ཡིན་ལ། དེ་ཉིད་ཕྱིས་གཞན་ལ་ཡང་ལེན་པ་ནི་རྒྱུ་དབང་ལམ་དུ་བྱེད་པ་ཡིན་ཅིང༌། དེ་ཉིད་རང་གིས་བདག་འཇུག་གི་ཚུལ་དུ་ལེན་པ་ནི། རྒྱུ་དབང་ཏིང་ངེ་འཛིན་གྱིས་ལམ་དུ་བྱེད་པ་ཞེས་བྱའོ། །འདིར་སྨིན་བྱེད་ཀྱི་དབང་ལ་དབྱེ་ན། བསྙེན་པ། སའི་ཆོ་ག སྟ་གོན། བྲི་ཞིང་རྒྱན་དགྲམ་པ། བསྒྲུབ་ཅིང་མཆོད་པ། འཇུག་ཅིང་དབང་བསྐུར་བ། མཇུག་གི་བྱ་བ་སྟེ། བདུན་གྱི་དང་པོ་ལ། རབ་མཚན་མའི་བསྙེན་པ། འབྲིང་དུས་ཀྱི་བསྙེན་པ། ཐ་མ་གྲངས་ཀྱི་བསྙེན་པ་དང་གསུམ་མོ། །དེ་རེ་རེ་ལའང༌། གསུམ་གསུམ་སྟེ། མཚན་མའི་བསྙེན་པ་རབ་ཡི་དམ་གྱི་ལྷ་ལས་དངོས་སུ་གནང་བ་ཐོབ་པ། འབྲིང་རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ནུས་པ། ཐ་མ་རྨི་ལམ་དུ་སྣང་བ་ཐོབ་པའོ། །དུས་ཀྱི་བསྙེན་པ་རབ་ལོ་དྲུག འབྲིང་ཟླ་བ་དྲུག ཐ་མ་ཞག་བདུན་ནོ། །གྲངས་ཀྱི་བསྙེན་པ་རབ་གཙོ་བོ་ལ་བཞི་འབུམ། འཁོར་ལ་བཞི་ཁྲི་སྟེ། རྩ་རྒྱུད་ལས། འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་སོ། །འབྲིང་གཙོ་བོ་ལ་བཞི་ཁྲི། འཁོར་ལ་བཞི་སྟོང་ངོ༌། །ཐ་མ་གཙོ་བོ་ལ་བཞི་སྟོང་འཁོར་ལ་བཞི་བརྒྱ་ཡིན་གསུང༌། དེའང་དུས་བསྙེན་གྱི་ཐ་མ་དང༌། གྲངས་ཀྱི་འབྲིང་དང་ཐ་མ་ནི། དུས་དུས་སུ་བསྙེན་པ་ཁ་གསོ་བའི་སྐབས་ཡིན་གྱི། དང་པོ་གཞིའི་བསྙེན་པ་མ་ཡིན་ནོ། །ཡང་བསོད་ནམས་ཀྱི་ཁྱད་པར་ལས་ཀྱང༌། འགྲུབ་པ་མྱུར་བུལ་ཡོད་དེ། སངས་རྒྱས་ཐོད་པ་ལས། བསོད་ནམས་ཆུང་བ་རྣམས་ཀྱིས་སྔགས་བྱེ་བ་བཟླས་ཞིང༌། བསོད་ནམས་འབྲིང་གིས་སྔགས་འབུམ་བཟླས། བསོད་ནམས་ཆེ་བས་སྔགས་ཁྲི་བཟླས་པས་འགྲུབ་ཅེས་ཀྱང་གསུངས་སོ། །གཉིས་པ་སའི་ཆོ་ག་ལ། ས་བརྟག་པ་བསླང་བ། སྦྱང་བ། གཟུང་བ། བསྲུང་བ་སྟེ་ལྔའི་དང་པོ་ནི། གསང་བ་སྤྱི་རྒྱུད་ལས། མདོར་ན་ས་གཞི་སྙོམས་པ་དང༌། །མདོག་སྣུམ་ཤར་དུ་གཞོལ་པ་བཞེད། །ཆུ་མང་ལྡན་པའི་གནས་དང་ནི། །ལྗོན་ཤིང་བཟང་པོས་བརྒྱན་པ་དང༌། །བདག་གི་ཡིད་ནི་མགུ་བ་དང༌། །འཚེ་མེད་ཟུག་རྔུ་སྤངས་པ་ནི། །དཀྱིལ་འཁོར་གནས་སུ་ཤེས་པ་སྟེ། །མི་ཡི་དངོས་གྲུབ་ཀུན་ཐོབ་བྱེད། །ཅེས་པ་ལྟ་བུའི་ས་བཙལ་བར་བྱའོ། །བསླང་བ་ལ། མངོན་པ་ལས་བསླང་བ་ནི། སའི་བདག་པོ་མི་ཉིད་ལ་བསླང་བ་ཡིན་ལ། མི་མངོན་པ་ལས་བསླང་བ་ནི། སའི་ལྷ་མོ་དང་གཞི་བདག་ལ་གཏོར་མ་བྱིན་ཏེ་བསླང་བའོ། །སྦྱང་བ་ལ། ལས་དང་བྱ་བས་སྐྱོན་སྦྱང་བ་ནི། འཇོར་གྱིས་ས་ནི་བརྐོས་ནས་ཀྱང༌། །ས་ཡི་ཟུག་རྔུ་དབྱུང་བར་བྱ། །ཞེས་པ་ལྟ་བུ། དེ་མི་ནུས་ན། སྔགས་དང་ཏིང་ངེ་འཛིན་ཙམ་གྱིས་ཀྱང་རུང་སྟེ། སྤྱི་རྒྱུད་ལས། ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །དེར་ནི་གསང་སྔགས་ཁོ་ན་ཡིས། །སྦྱངས་པ་ལེགས་པར་བྱས་པར་འགྱུར། །ཞེས་སོ། །བགེགས་སྦྱང་བ་ནི། རང་ཉིད་ཧེ་རུ་ཀའི་ང་རྒྱལ་གྱིས་བགེགས་ཚར་བཅད་པའོ། །ས་གཟུང་བ་ནི། ངེས་མེད་བརྒྱད་ལ་སོགས་པ་སྟངས་སྟབས་ཀྱིས་བཀོད་པས་བཟུང་བའོ། །དེ་མི་ནུས་ན་ནི་བློས་བཟུང་བས་ཀྱང་རུང་སྟེ། སྤྱི་རྒྱུད་ལས། བློས་ནི་ཡོངས་སུ་བཟུང་བས་ཀྱང༌། །གནས་ཀྱི་ཡོངས་སུ་བཟུང་བ་ཡིན། །ཞེས་སོ། །བསྲུང་བ་ནི། སླར་བགེགས་མི་འཇུག་པའི་ཕྱིར། བསྲུང་བའི་འཁོར་ལོ་བསྒོམ་པ་སྟེ། རྩ་རྒྱུད་ལས། ཇི་ལྟར་བསམ་གཏན་དེ་བཞིན་འདིར། །བསྲུང་བ་ཇི་ལྟར་བསྲུངས་པ་ཉིད། །ཅེས་སོ། །གསུམ་པ་སྟ་གོན་ལ། ས་དང༌། ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་ཏེ་བཞི་ལས། དང་པོ་ནི། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཞེས་སོགས་ལྟར། གཉིས་པ་ནི། སམ་ཊིར། དཀྱིལ་འཁོར་སྟ་གོན་ལ་གནས་པར་བྱའོ། །ཞེས་པ་ལྟར་རོ། །གསུམ་པ་ནི། ཇི་ལྟར་རེ་ཞིག་རྩ་བའི་བུམ་པ་ལ་སོགས་པ་ལྷག་པར་བྱས་ནས་ཞེས་སོགས་ལྟར་རོ། །བཞི་པ་ནི། སློབ་མ་སྟ་གོན་ལ་གནས་པར་བྱའོ། །ཞེས་སོགས་ལྟར་ཏེ། དེའང་སྟ་གོན་གྱི་དུས་སུ་བཟུང་བའི་ནང་ནས་སློབ་མ་གཅིག་མ་ཚང་ནའང༌། བུ་ལ་སོགས་པ་ཚབ་ལ་བཅུག་པས་ཆོག་ལ། སྟ་གོན་བྱས་ནས་དངོས་གཞི་ལ་མ་ཚང་ན་བསྐྱིན་པ་གཞུག་ཏུ་མི་རུང་སྟེ། སྤྱི་རྒྱུད་ལས། སློབ་མ་ཡོངས་སུ་བཟུང་བ་གང༌། །གལ་ཏེ་རྒྱུ་རྐྱེན་འགའ་ཞིག་གིས། །དེར་ནི་འོངས་པར་མ་གྱུར་ན། །གཞན་དག་དེ་ཡི་བསྐྱིན་པར་གཞུག །སྟ་གོན་གནས་པར་བྱས་པ་ལ། །གལ་ཏེ་རྐྱེན་གྱིས་མ་འོངས་ན། །བླ་མ་བློ་ལྡན་མཁས་པ་ཡིས། །དེར་ནི་སློབ་མ་གཞན་མི་བཟུང༌། །ཞེས་སོ། །བཞི་པ་བྲི་ཞིང་རྒྱན་དགྲམ་པ་ལ། ཐིག་གིས་བྲི་བ། ཚོན་གྱིས་བྲི་བ། མཚན་མ་དགོད་པ། རྒྱན་དགྲམ་པ་དང་བཞིའི་དང་པོ་ནི། རང་འདོད་ལྷ་མཉམ་རྣལ་འབྱོར་པས། །གསང་བ་ལེགས་པར་བཀལ་བ་ཡི། །ཤིན་ཏུ་ཚད་མ་མཛེས་པ་ཡིས། །སྲད་བུས་ཤེས་རབ་ཅན་གྱིས་གདབ། །ཅེས་སོ། །གཉིས་པ་ནི། རྡུལ་ཚོན་ས་ཡི་ཚོན་དང་ནི། །ཡང་ན་འབྲེང་པོ་ཉིད་ཀྱི་སྟེ། །རིན་ཆེན་ལྔ་ཡི་ཕྱེ་མའམ། །ཡང་ན་འབྲས་ལ་སོགས་པའོ། །ཞེས་སོ། །གསུམ་པ་ནི། དབང་ལྡན་དུ་ནི་ཤ་ར་བ། །མེ་ཡི་མཚམས་སུ་དགེ་སློང་བྲི། །བདེན་བྲལ་དུ་ནི་འཁོར་ལོ་བྲི། །ཅེས་སོ། །ཕྱག་མཚན་སྣ་ཚོགས་མཚན་པས་སྣ་ཚོགས་རྡོ་རྗེ་དང༌། ནག་པོ་པའི་གཞུང་འགྲེལ་དཀྱིལ་ཆོག་ལས། ཟངས་ཀྱི་གྲི་གུག་སྔོན་པོ་བྲིའོ། །ཞེས་པས། ཕྱག་ལེན་ལ་སྣ་ཚོགས་རྡོ་རྗེ་དང་གྲི་གུག་གཉིས་ཀ་བྲིའོ། །བཞི་པ་ནི། རྩ་རྒྱུད་ལས། མེ་ཏོག་སྣ་ཚོགས་ཉེ་བར་བརྒྱན། །བདུག་པ་མར་མེ་དེ་བཞིན་བྲི། །བུམ་པ་བརྒྱད་ལ་སོགས་པ་ལྡན། །དེ་ཡང་ཡལ་ག་ལ་སོགས་བརྒྱན། །མགྲིན་པ་གོས་ཀྱིས་བཀབ་པ་དང༌། །རིན་ཆེན་ལྔ་ནི་ཡོངས་སུ་གཞུག །རྣམ་པར་རྒྱལ་བ་ཤར་དུ་སྦྱིན། །ཞེས་སོགས་ལག་ལེན་ལ་ཤེས་སོ། །ལྔ་པ་སྒྲུབ་ཅིང་མཆོད་པའི་སྒྲུབ་པ་ནི། དཀྱིལ་འཁོར་བདུན་བསྲེས་ཏེ། དེའང་སྦྱོར་ཚོགས་གཙོ་བོ་ཡིས། །ཞེས་པས་བདག་བསྐྱེད་དམ་ཚིག་པ་དང་ཡེ་ཤེས་པ་གཉིས། རྡུལ་ཚོན་ཞེས་དང༌། གཉིས་མེད་ཅེས་པས་མདུན་བསྐྱེད། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་མཁར་གནས་ཞེས་པས། སྟ་གོན་དམ་ཚིག་པ་དང་ཡེ་ཤེས་པ་གཉིས། སྤྲུལ་པ་ཞེས་པས་སྤྲོ་བསྡུའི་དཀྱིལ་འཁོར་བདུན་བསྲེས་ཏེ། རིན་ཆེན་འབར་བ་ལས། སྦྱོར་ཚོགས་གཙོ་བོའི་བདག་ཉིད་ཀྱིས། །དཀྱིལ་འཁོར་སྤྲུལ་པ་རྡུལ་ཚོན་དང༌། །གཉིས་མེད་མཁར་གནས་ཀྱང་དེར་བཞུགས། །ཞེས་སོ། །མཆོད་པ་ནི། ཕྱི་དང༌། ནང་དང༌། ཡིད་ལས་བྱུང་བ་དང༌། བསྟོད་པ་དང༌། གཏོར་མ་རྣམས་ཀྱིས་མཆོད་པའོ། །དྲུག་པ་འཇུག་ཅིང་དབང་བསྐུར་བ་ལ་གཉིས་ཀྱི། སློབ་དཔོན་འཇུག་པ་ནི། རྩ་རྒྱུད་ལས། རྡོ་རྗེ་སེམས་དཔའ་སྙེམས་བྱས་ནས། །རྐང་པ་གཡས་པ་བརྐྱང་བྱས་ཏེ། །ཕྱག་གཉིས་རྡོར་དྲིལ་གྱི་སྦྱོར་བས། །སློབ་དཔོན་དཀྱིལ་འཁོར་འཇུག་པ་ཉིད། །ཅེས་དང༌། སམ་ཊིར། དམ་ཚིག་ཉམས་པས་དེ་བཞིན་བླང༌། །ཞེས་སོ། །སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་གཉིས། ཕྱི་ནང་གི་འཇུག་པ་ནི། གོས་ཀྱིས་མིག་ནི་བཀབ་ནས་སུ། །དེར་ནི་སློབ་མ་གཞུག་པ་ཉིད། །ཅེས་སོགས་སོ། །དབང་བསྐུར་བ་ལ། རྗེ་ས་ཆེན་གྱི་དཀའ་འགྲེལ་ལས། དབང་གི་སྔོན་འགྲོ་བཅུ་བཞི། དངོས་གཞི་བཅུ་བཞི་སྟེ། ཉི་ཤུ་རྩ་བརྒྱད་དུ་དབྱེ་བ། ཉི་ཤུ་རྩ་དྲུག་ཏུ་དབྱེ་བ། སུམ་ཅུ་རྩ་གཉིས་སུ་དབྱེ་བ་སོགས་དང༌། རྗེ་བཙུན་ཆེན་པོའི་དབང་གི་རབ་དབྱེར། དབང་བཅུ་གཅིག་དབྱེ་བ་མཛད། བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང༌། ནག་པོ་དཀྱིལ་ཆོག་ལ་སོགས་པར་དབང་བཅུ་བཞིར་དབྱེ་བ་སོགས་མང་དུ་གསུངས་ཀྱང༌། འདིར་སྐབས་སུ་བབ་པ་ནི། ཡེ་ཤེས་ཐིག་ལེར། ཆུ་དང་དབུ་རྒྱན་རྡོ་རྗེ་དང༌། །དྲིལ་བུ་མིང་དང་བརྟུལ་ཞུགས་དང༌། །ལུང་བསྟན་པ་དང་སྐྱབས་སྦྱིན་དང༌། །ཕྱག་རྒྱ་སྔགས་དང་ཡེ་ཤེས་སོ། །ཞེས་བཅུ་གཅིག་ཏུ་གསུངས་ཤིང༌། རྡོ་རྗེ་གུར་ལས། བུམ་པའི་དབང་ནི་དང་པོ་ལ། །གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བཞིར་དབྱེ་བ་མཛད་དེ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབྱེ་བས་སོ། །དེ་ལའང་བུམ་དབང་བཅུ་གཅིག་དང༌། གསང་དབང་ལ་དབྱེ་ན་ལྔ། ཤེས་རབ་ཡེ་ཤེས་ལ་གཉིས། བཞི་པ་ལ་ལྔ་སྟེ། ཉེར་གསུམ་དུའང་འགྱུར་རོ། །མཇུག་གི་བྱ་བ་ལ། བླ་མ་ལ་ཡོན་དབུལ་བ་དང༌། དཀྱིལ་འཁོར་མཆོད་པ་དང༌། བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་དང༌། ལས་ཀྱི་རྗེས་བསྡུ་བ་དང༌། དགའ་སྟོན་བྱ་བ་སྟེ་ལྔའོ། །གཉིས་པ་ལམ་གྱི་དུས་ཀྱི་དབང་ལ། རྒྱས་འབྲིང་བསྡུས་གསུམ་སྟེ། རྣལ་འབྱོར་དབང་ཕྱུག་གི་ཞལ་སྔ་ནས་ལམ་གྱི་ཐུན་བཞི་ལ་དབང་བཞི་བསྒོམས་པས། ཞེས་དང༌། ཨ་བྷ་ཡས། རྟག་ཏུ་ཡི་དམ་བྱེད་པས་ནི། །ཤེས་རབ་དང༌། ཐབས་རོ་གཅིག་པའི་རང་བཞིན་རང་གི་འདོད་པའི་ལྷའི་སྦྱོར་བས། ཡིད་ཀྱི་ཏིང་ངེ་འཛིན་དཀྱིལ་འཁོར་དབང་ཕྱུག་ལས། ཆུའི་དབང་ལ་སོགས་པ་གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པའི་མཐར་ཐུག་པ་དང༌། དབུགས་དབྱུང་བའི་མཐར་ཐུག་པ་བླང་བར་བྱའོ། །རང་དབང་བསྐུར་བའི་ཆོ་གའོ། །ཞེས་སོ། །གསུམ་པ་འབྲས་བུའི་དབང་ནི། འགྲོས་བཞི་ཐིམ་པ་ཉིད་དོ། །ཕྱི་དང་ནང་གི་རྟེན་འབྲེལ་འགྲོས་བཞི་ཐིམ་པ་རྣམས་ཀྱི། ཞེས་དང༌། ཕྱག་རྒྱ་ཆེན་པོའི་འབྲས་བུའི་དབང་བཞིས་ཐམས་ཅད་མཁྱེན་ཏོ། །ཞེས་དང༌། དངོས་གྲུབ་མཚན་ཉིད་མི་ཕྱེད་པར། །ཕྱག་རྒྱ་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་གསུངས་སོ། །གཉིས་པ་དབང་གི་ངེས་ཚིག་ནི། བུམ་དབང་སྤྱི་བོར་གསང་དབང་ལྕེ། །ཤེས་རབ་ཡེ་ཤེས་གསང་བའི་གནས་སུ། བཞི་པ་རང་གི་སེམས་ལ་གཏོར་ཞིང་བླུགས་པས་ན་དབང་སྟེ། ཨ་བྷི་ཥེ་ཀ་ཏ། ཞེས་པའི་དོན་ཏོ། །དེའང་ཥི་ཙ་གཏོར་བ་སྟེ། ཆུ་གཏོར་ནས་འཁྲུད་པ་དང༌། ཀུན་གཞི་དང༌། རྟེན་དཀྱིལ་འཁོར་བཞི་ལ། སྐུ་བཞིའི་ས་བོན་གཏོར་བས་ན་དབང་ཞེས་པའམ། ཥེ་ཀ་ཏ་ལུགས་སུ་བླུགས་པ་སྟེ། རྒྱུད་དག་པའི་སྣོད་གཙང་མ་ཡེ་ཤེས་ཀྱི་ནུས་པ་བླུགས་པས་ན་དབང་བཞི་སྟེ། རྩ་རྒྱུད་ལས། གཏོར་དང་བླུགས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། །ཡང༌། ཨ་བྷི་ཀ་ར་ཞེས་པ་དབང་བར་བྱེད་པ་སྟེ། རྒྱུད་ཉན་པ་དང༌། སྟ་གོན་བཤད་པ་དང༌། གསང་སྔགས་སྒྲུབ་པ་ལ་དབང་བར་འགྱུར་རོ། །ཞེས་སོ། །སྣ་ན་སྟེ་འཁྲུད་པར་བྱེད་པའི་དབང་སྟེ། བུམ་དབང་གིས་ལུས། གསང་དབང་གིས་ངག ཤེས་རབ་ཡེ་ཤེས་ཀྱིས་ཡིད། བཞི་པས་ཀུན་གྱི་དྲི་མ་འཁྲུད་པ་སྟེ། ཡེ་ཤེས་ཐིག་ལེ་ལས། དབང་གིས་དྲི་མ་མེད་པར་བྱེད། །ཆུ་ལ་སོགས་པས་རབ་བཀྲུས་བཞིན། །ཞེས་དང༌། སྒྲོན་གསལ་ལས། དྲི་མ་རྣམ་རྟོག་ཐམས་ཅད་འཁྲུད་པའི་ཡེ་ཤེས་སྐྱེད་པར་བྱེད་པའི་ཕྱིར་དབང་བསྐུར་བའོ། །ཞེས་སོ། །ཡང་ཤག་ཏི་ནུས་པ་ཨ་བ་ཀྵེ་པན་འཇོག་པ་སྟེ། སྐུ་བཞིའི་ནུས་པ་འཇོག་པས་ན་དབང་ངོ༌། །སོ་སོའི་ངེས་པའི་ཚིག་ནི། གནས་སྐབས་ཐམས་ཅད་དུ་བུམ་པའི་ཆུའི་བྱ་བ་འཇུག་པའི་ཕྱིར། བུམ་པའི་དབང༌། གསང་བའི་དབང་པོའི་དཀྱིལ་འཁོར་དུ། གསང་བའི་རྫས་ལྕེ་ལ་འཇོག་པའི་ཕྱིར་གསང་དབང༌། ཤེས་རབ་ཕྱག་རྒྱ་ལ་བརྟེན་ནས། ཡེ་ཤེས་དགའ་བ་བཞིའི་ཉམས་མྱོང་བསྐྱེད་པས་ཤེས་རབ་ཡེ་ཤེས། དབང་བཞིའི་མཐར་ཐུག་ཡིན་པས་ན། བཞི་པའི་དབང་ཞེས་བྱའོ། །གསུམ་པ་དབང་རང་གི་ངོ་བོ་ངེས་པར་བྱ་བ་ནི་རྡོ་རྗེ་གུར་ལས། ཆུ་ཡི་དབང་ནི་དང་པོ་སྟེ། །ཅོད་པཎ་དབང་ནི་གཉིས་པའོ། །རྡོ་རྗེའི་དབང་ནི་གསུམ་པོ་སྟེ། །རང་གི་བདག་པོ་བཞི་པ་ཉིད། །མིང་གི་དབང་བསྐུར་ལྔ་པ་སྟེ། །དྲུག་པ་རྫོགས་པའི་སངས་རྒྱས་ཉིད། །བུམ་པའི་དབང་ནི་བདུན་པ་སྟེ། །གསང་བའི་དབང་ནི་བརྒྱད་པའོ། །ཤེས་རབ་ཡེ་ཤེས་དགུ་པ་སྟེ། །དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས། །ཀུན་གྱི་དེ་ཉིད་བརྟུལ་ཞུགས་བརྗོད། །སྟོན་པ་རང་གིས་ལུང་བསྟན་ཏེ། །དེ་འདིར་དབང་གི་ཆོ་གའོ། །ཞེས་འབྱུང་བས་མ་རིག་པའི་དྲི་མ་འཁྲུད་པ་ཉིད་དུ་སྒྲུབ་པ་ཆུའི་དབང༌། གཙུག་ཏོར་བསྐྱེད་པར་ནུས་པའི་ཕྱིར། ཅོད་པཎ་གྱི་དབང༌། ཉོན་མོངས་པ་ལ་སོགས་པའི་དགྲ་རྩ་བ་ནས་འདོན་པས་དཔའ་བོའི་དར་དཔྱངས་བཅིང་བ་སྟེ། འདི་ནི་ཅོད་པཎ་གྱི་དབང་གི་འཁོར་ལོ་ཡིན་ནོ། །དུས་ཀྱི་འཁོར་ལོ་ལ་སོགས་པར་ཅོད་པཎ་དང༌། དར་དཔྱངས་ཀྱི་དབང་ཞེས་ཐ་དད་དུ་བརྗོད་དོ། །འདིར་ནི་དར་དཔྱངས་བཅིངས་པ་དངོས་སུ་མ་གསུངས་ཏེ། དེ་ནི་བསམ་པའི་ཁྱད་པར་ལས། ཅོད་པཎ་གྱི་དབང་གིས་ཀྱང་འགྲུབ་པའི་དོན་ཏོ། །དབྱེར་མི་ཕྱེད་པའི་ཡེ་ཤེས་སྐྱེ་བར་ནུས་པ་སྒྲུབ་པའི་ཆེད་དུ་རྡོ་རྗེའི་དབང༌། སྟོང་པ་དང་ཏིང་ངེ་འཛིན་དབྱེར་མི་ཕྱེད་པ་བླ་ན་མེད་པའི་ཡེ་ཤེས་འབྱུང་བའི་བདག་པོ་ཆོས་འབྱུང་བར་རྟོགས་པར་བྱ་བའི་ཆེད་དུ། དྲིལ་བུའི་སྒྲ་དང་བཅས་པས་དབང་བསྐུར་བའོ། །བདག་པོ་དེའི་ཆེད་དུ་བདག་པོའི་དབང་བསྐུར་ཞེས་ཀྱང་བྱའོ། །མ་འོངས་པ་ན། ཐུབ་པའི་དབང་པོའི་གོ་འཕང་གི་མིང་དུ་འོས་པའི་ས་བོན་བཀོད་པའི་དོན་དུ་མིང་གི་དབང༌། ཆུའི་དབང་ལ་སོགས་པ་ལྔ་པོ་འདི་རྣམས་རིམ་པ་བཞིན་དུ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ས་བོན་ཡོངས་སུ་རྒྱས་པའི་ཕྱིར། དེའི་བདག་ཉིད་དུ་མོས་པར་བྱའོ། །ཡང་ན་ཆུའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དུའང༌། དེ་ཉིད་བསྡུས་པ་ལས་གསུངས་ཏེ། མི་བསྐྱོད་པའང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་སོ། །དེར་མ་ཟད་རྣམ་པར་ཤེས་པའི་ཕུང་པོ་ནི། མི་བསྐྱོད་པའི་སྦྱང་གཞི་ཡིན་ལ། དེ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ཙནྡྲ་གོ་མིས། ཀུན་གཞིའི་རྣམ་ཤེས་གང་ཡིན་པ། །དེ་ནི་མེ་ལོང་ཡེ་ཤེས་འགྱུར། །ཞེས་སོ། །འདི་ནས་བརྩམས་ཏེ། རྣམ་པར་དག་པའི་ཟུང་འཇུག་གི་བྱང་ཆུབ་རྟོགས་པར་བྱ་བའི་ཆེད་དུ་བརྩོན་པར་གྱིས་ཤིག ཅེས་སོ། །དེའི་རང་བཞིན་རྡོ་རྗེ་སེམས་དཔའ་ལ་སྦྱོར་བ་ནི། རྡོ་རྗེའི་བདག་ཚིག་གམ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པའི་ངེས་པ་སྟེར་བ། དེ་བཞིན་ཉིད་རྟོགས་པ་ལ་སྦྱོར་བའི་ཆེད་དུ། སྒྲ་དང་བཅས་པའི་དྲིལ་བུའི་དམ་ཚིག་ཤེས་རབ་དང༌། ཐབས་ཀྱི་བདག་ཉིད་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་དུ་བསྟན་པར་ནུས་པ་ཉིད་དུ་སྒྲུབ་པ་ནི་ཕྱག་རྒྱའི་དམ་ཚིག་གོ །དེ་ཉིད་ཀྱི་ཕྱིར། རྡོ་རྗེ་གུར་ལས། དམ་ཚིག་གཉིས་ཀྱི་འཁོར་ལོ་ཅན། །ཕྱག་རྒྱའི་དམ་ཚིག་ཁོ་ན་རྫོགས་པའི་སངས་རྒྱས་ཀྱི་དབང་དུ་གསུངས་སོ། །ཇི་ལྟར་ས་བཅུ་པ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་བསྐུར་བ་བཞིན་དུ། དམ་ཚིག་གསུམ་དང་བཅས་པ་འདིའང༌། དེ་བཞིན་གཤེགས་པ་རྣམས་དང༌། བླ་མས་སེམས་ཅན་དཔག་ཏུ་མེད་པ་ལ། གཞལ་དུ་མེད་པའི་ཆོས་སྟོན་པའི་སློབ་དཔོན་དུ་བྱ་བའི་ཆེད་དུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས་ན། སློབ་དཔོན་གྱི་དབང༌། ཕྱིར་མི་ལྡོག་པ་དང་འདྲ་བས་ན་ཕྱིར་མི་ལྡོག་པའི་དབང་ངོ༌། །དད་པ་དང་ཤེས་རབ་ཀྱི་ཞིང་དུ་བྱ་བའི་དོན་ནམ། དམ་ཚིག་བསྲུང་བའི་དོན་དང༌། ངག་དག་པའི་དོན་དུ་གསང་བའི་དབང་ངོ༌། །ཕུལ་དུ་ཕྱིན་པའི་ཤེས་པ་འདི་ལ་ཡོད་པས། ཤེས་རབ་ནི་ཕྱི་རོལ་གྱི་གཞོན་ནུ་མའོ། །དེ་ལས་ཡེ་ཤེས་ནི། སེམས་ཡང་དག་པ་དང་བྲལ་བས་རྣམ་པར་དག་པ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །ཡེ་ཤེས་དེ་ཉིད་དྲི་མ་དང་བྲལ་ཞིང་ཡོངས་སུ་དག་པར་རྟོགས་པ་ནི། དབང་བཞི་པའོ། །འདི་དག་ནི་བདེ་བ་ཆེན་པོའི་རོས། ཡིད་འཁྲུད་པའི་ཕྱིར་ཡང་དབང་སྟེ། དེ་དག་ནི་ཨ་བྷ་ཡཱ་ཀ་རའི་བཞེད་པ་དང་མཐུན་ནོ། །ཡང་ན། ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ། རིགས་ལྔ་དང༌། ཡེ་ཤེས་ལྔར་བྱིན་གྱིས་བརླབ་པའི་ཕྱིར། ཆུ་ཅོད་པཎ། རྡོ་རྗེ་དྲིལ་བུ། མིང་སྟེ། རིག་པའི་དབང་ལྔ། རིགས་དྲུག་པའི་ངོ་བོར་བྱིན་གྱིས་རློབ་པའི་ཕྱིར་ཐུན་མོང་གི་བརྟུལ་ཞུགས་སོ། །གཞན་དོན་གྱི་མཐུ་དང་ལྡན་པ་ཉིད་དུ་སྒྲུབ་པའི་ཕྱིར། རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །བདག་ཉིད་འཇུག་པ་གཞན་ལ་རག་མ་ལུས་པར་བྱ་བའི་རྗེས་གནང༌། མེ་ཏོག་གང་ལ་ཕོག་པའི་སངས་རྒྱས་ཉིད་དུ་འགྱུར་བར་བསྟན་པའི་ཕྱིར། ལུང་བསྟན། སླན་ཆད་སྲིད་པའི་སྡུག་བསྔལ་ལས་གྲོལ་བར་བསྟན་པའི་ཕྱིར། དབུགས་དབྱུང༌། དེ་ལས་དགའ་བ་ཁྱད་པར་ཅན་སྐྱེས་ཏེ་ཞུམ་པའི་སེམས་དང་བྲལ་བའི་ཕྱིར། གཟེངས་བསྟོད་དེ། མཐའ་རྟེན་བཞི་བསྣན་པས་བུམ་དབང་བཅུ་གཅིག་གོ །གསང་དབང་ལ། ཐོབ་ལུགས་ཀྱི་ཕྱེ་ན། ཡབ་ལས་ཐོབ་པ། ཡུམ་ལས་ཐོབ་པ། གྲོལ་བའི་སྟོབས་ལས་ཐོབ་པ་གསུམ། དང་པོ་ནི། རྩ་རྒྱུད་ལས། བསྟན་པ་དེ་ལས་གང་བྱུང་བ། །སློབ་མའི་ཁར་ནི་ལྡུང་བར་བྱ། །ཞེས་དང༌། སམ་ཊིར། གང་ཞིག་མཆོག་རྣམས་ལ་ནི་སངས་རྒྱས་གཅིག་པུའི་བདག་ཉིད་ཀྱིས་སྦྱིན་པར་བྱའོ། །ཞེས་སོ། །གསུམ་པ་ལ་དབྱེ་ན། དང་པོར་རབ་འབྲིང་གསུམ་གྱི་དབང་དུ་བྱས་ནས། གསང་དབང་གི་རྫས་ཏེ། དུང་དང་ཉ་ཕྱིས་ལ་སོགས་པ་མངོན་དུ་བྱ་སྟེ། མཐེབ་སྲིན་གྱིས་ལྕེ་ལ་འཇོག་པ་དང༌། ཞོ་དང་ཆང་ལ་སྦྱར་ཏེ་སྦྱིན་པ་དང༌། མགྲིན་པར་ཐིག་ལེ་བྱ་བ་སྟེ་བཞིའོ། །དེའང་རྩ་རྒྱུད་ལས། མཐེ་བོང་སྲིན་ལག་དབང་གིས་ནི། །སློབ་མའི་ཁར་ནི་ལྡུང་བར་བྱ། །ཞེས་དང༌། སམ་ཊིར། མགྲིན་པར་ཉིན་བར་གྱི་ཐིག་ལེ་བྱའོ། །འབྲིང་པོ་ལ་ནི་ཉ་ཕྱིས་གྱིས་སོ། །ཞེས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ལ་གཉིས་ལས། ཤེས་རབ་ནི། དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་གཏད་པ་ཡིན་ལ། ཡེ་ཤེས་ནི་དགའ་བ་བཞིའི་ཉམས་མྱོང་བསྐྱེད་པའོ། །དེའང་ཡེ་ཤེས་ཐིག་ལེར། ཤེས་རབ་རྣམ་པ་གཉིས་སུ་དབྱེ། །བསྐྱེད་དང་རྫོགས་པའི་བྱེ་བྲག་གོ །ཞེས་སོ། །དབང་བཞི་པ་ལ། ཚིག་གི་བཞི་པ། དོན་གྱི་བཞི་པ། བཞི་པ་རྟེན་ཅན། ལམ་དུ་བྱེད་པའི་བཞི་པ། འབྲས་བུ་མངོན་དུ་བྱེད་པའི་བཞི་པ་སྟེ་ལྔའོ། །དང་པོ་ནི་ཁ་སྦྱོར་ལས། སློབ་མའི་མོས་པ་ཤེས་བྱ་སྟེ། །དབང་བསྐུར་ཆོ་ག་བཞིན་བྱ་སྟེ། །ཟབ་ཅིང་རྒྱ་ཆེ་ལ་མོས་ལ། །ཚིག་གི་རིན་ཆེན་དབང་བསྐུར་བྱ། །ཞེས་གསུངས་པས། གསུམ་པའི་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་དང་འདྲ་བའོ། །ཞེས་ཚིག་ལ་བརྟེན་ནས་རྟོགས་པ་བསྐྱེད་པ་སྟེ། རྩ་རྒྱུད་ལས། སློབ་མ་སྙིང་རྗེ་ཅན་མཐོང་ནས། །རྡོ་རྗེ་ཅན་གྱིས་འདི་སྐད་སྨྲ། །འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །ཅེས་སོ། །དོན་གྱི་བཞི་པ་ནི། ཚིག་གི་བཞི་པ། དེ་ལ་བརྟེན་ནས་བཞི་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དེ་ཁོ་ན་ཉིད་བདེ་སྟོང་མཆོག་གི་ཏིང་ངེ་འཛིན་མངོན་དུ་གྱུར་པ་སྟེ། རྩ་རྒྱུད་ལས། དང་པོ་སྤྲིན་དང་འདྲ་བ་ཡིན། །གྲུབ་པས་སྒྱུ་མ་ལྟ་བུར་འགྱུར། །གཉིད་ལོག་སད་པར་མི་ཕྱེད་པ། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། །ཞེས་སོ། །འདིས་དོན་གྱི་བཞི་པ་བསྟན་པར་ཡང༌། དཀའ་འགྲེལ་ལས། ལམ་དུ་བྱེད་པའི་བཞི་པ་གོམས་པར་བྱས་པ་ལས། དང་པོ་སྤྲིན་དང་འདྲ་བ་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་གསལ་བ་ཙམ་དུ་རྟོགས་པ་སྟེ། དྲོད་ཆུང་ངུའི་དུས་སོ། །འབྲིང་གི་དུས་སུ་གྲུབ་པ་ཞེས་པ་ལྷན་སྐྱེས་ཡེ་ཤེས་མཉམ་གཞག་ལ་གསལ་བར་མངོན་དུ་གྲུབ་པས་སྒྱུ་མ་ལྟ་བུར་འགྱུར་ཞེས་པ་རྗེས་ཀྱི་དུས་ནའོ། །ཆེན་པོའི་དུས་ན་མཉམ་རྗེས་མེད་པར་ཆོས་ཐམས་ཅད་ལྷན་སྐྱེས་ཀྱི་ངོ་བོར་རྟོགས་པས། ཉལ་དང་ལངས་པའི་ཁྱད་པར་ཙམ་ལས། རྟག་ཏུ་རྨི་ལམ་འདྲ་བར་འགྱུར་ཞེས་དང༌། རྗེ་བཙུན་གྱིས། སྤྲོས་བྲལ་གྱི་ཡེ་ཤེས་སྐྱོང་བ་ནི་དོན་གྱི་བཞི་པའོ། །ཞེས་སོ། །རིགས་པས་ཀྱང༌། ལམ་དུ་བྱེད་པའི་བཞི་པ་གོམས་པའི་མཐར་དོན་གྱི་བཞི་པ་ཉིད་དུ་འགྲུབ་བོ། །བཞི་པ་རྟེན་ཅན་ནི། གསུམ་པ་ལ་ཡེ་ཤེས་ངོས་མ་ཟིན་པ་ན། པདྨ་ཅན་ལ་བརྟེན་ནས་ཐ་མལ་གྱི་དགའ་བ་བཞིའི་མཐར་ལྷན་སྐྱེས་ཀྱི་ཉམས་མྱོང་རྒྱུད་ལ་སྐྱེས་པ་སྟེ། བོལླ་ཀཀྐོ་ལ་སྦྱར་བས། །དེ་ཡི་བདེ་བ་ཤེས་པར་འགྱུར། །ཞེས་སོ། །ལམ་དུ་བྱེད་པའི་བཞི་པ་ནི། བཞི་པའི་ཉམས་མྱོང་དེ་ལྟ་བ་གསོ་བའི་ཆེད་དུ། ལམ་དུས་སུ་གོམས་པར་བྱེད་པ་སྟེ། རྩ་རྒྱུད་ལས། སྟོན་པས་སྨྲས་པ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་རྣམ་པར་ཟུང༌། །ཇི་སྲིད་བྱང་ཆུབ་བར་དུ་འདིར། །སེམས་ཅན་དོན་གྱི་རྡོ་རྗེ་འཛིན། །ཞེས་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱི་ནི། །རྟག་ཏུ་ངེས་པར་འགྲོ་བར་འགྱུར། །ཞེས་སོ། །འབྲས་བུ་མངོན་དུ་བྱེད་པའི་བཞི་པ་ནི། དྲོད་ཐོབ་ནས་སྤྱོད་པ་སྤྱད་པའི་མཐར། རྒྱུད་ཡོངས་སུ་དག་པའི་ཕྱག་རྒྱ་ས་བཅུ་ལ་བརྟེན་ནས། ས་བཅུ་གསུམ་པའི་ཕྱེད་ལ་འགྲོས་བཞི་ཐིམ་པས། སྐུ་ལྔ་འཆར་བ་སྟེ། དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཕྱག་རྒྱ་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་དང༌། གུར་ལས་ཀྱང༌། མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཕྱག་རྒྱའི་དངོས་གྲུབ་ཞེས་སུ་གྲགས། །ཞེས་སོ། །དེ་ཡང་དཀའ་འགྲེལ་ལས། ཉེ་རྒྱུ་མངོན་དུ་བྱེད་པ་ནི། འབྲས་བུ་མངོན་དུ་བྱེད་པའི་བཞི་པ་སྟེ། དངོས་གྲུབ་མཚན་ཉིད་ཅེས་སོགས་གསུངས་སོ། །དེ་དག་ཀྱང་མདོར་བསྡུ་ན། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས། ཐོག་མཐའ་མེད་ཅིང་སྐྱེ་འགག་མེད། །དངོས་གྲུབ་ཀུན་གྱི་ཆོས་ཉིད་མཆོག །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས། །ངོ་སྤྲོད་ཚིག་གི་བཞི་པའོ། །དེ་ཡི་ཡེ་ཤེས་སྐྱེས་པ་ནི། །དོན་གྱི་བཞི་པའོ་ཕྱག་རྒྱ་དང༌། །བཅས་པ་རྟེན་ཅན་དུས་ཀུན་དུ། །གོམས་བྱེད་ལམ་གྱི་བཞི་པ་སྟེ། །འགྲོས་བཞི་ཐིམ་ནས་གྲུབ་པ་གང༌། །མངོན་དུ་བྱེད་པའི་བཞི་པའོ། །ཞེས་གསུངས་སོ། །དབང་དེ་དག་གི་མཐའ་རྟེན་ནི། དབང་བཞི་ནུབ་གཅིག་ལ་རྫོགས་པར་བསྐུར་ན། བུམ་དབང་གི་མཐའ་རྟེན་རྗེས་གནང༌། གསང་དབང་གི་མཐའ་རྟེན་ལུང་བསྟན། ཤེས་རབ་ཡེ་ཤེས་ཀྱི་མཐའ་རྟེན་དབུགས་དབྱུང༌། བཞི་པའི་མཐའ་རྟེན་གཟེངས་བསྟོད་དོ། །བཟང་པོ་ཡོངས་གཟུང་གི་རྗེས་སུ་འབྲངས་པ་ཡིན་གསུངས། ནུབ་གཅིག་རྫོགས་པར་མི་བསྐུར་ན། །རྡོ་རྗེ་སློབ་མའི་རིགས་ལ་ནི། །མཐའ་རྟེན་གང་ཡང་མི་དགོས་གསུངས། །རྡོ་རྗེ་སློབ་དཔོན་གྱི་རིགས་ལ། མཐའ་རྟེན་བཞི་ཀ་བུམ་དབང་གི་རྗེས་ལ་མཛད་དེ་ཡེ་ཤེས་ཐིག་ལེའི་རྗེས་སུ་འབྲང་པའོ། །ཨ་བྷ་ཡཱས། སྔགས་དང་མིག་སྨིན་དང༌། མེ་ལོང་དང༌། མདའ་འཕང་བ་རྣམས་ནི་རིགས་པའི་དབང་གི་རྗེས་ལ་ཡང༌། ཞེས་པ། སློབ་མའི་དབང་ཁོ་ནའང་འདི་ཙམ་རིགས་པར་མངོན་ནོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །བསོད་ནམས་ཡེ་ཤེས་ཚོགས་ལས་འཁྲུངས། །དེའང་རིམ་པ་གཉིས་ལས་བྱུང༌། །དེའང་དབང་ལ་རག་ལས་པ། །དེ་ཕྱིར་དབང་བསྐུར་མཆོག་ཏུ་གསུང༌། །དེས་ན་ཀུན་ལ་ཕན་དོན་དུ། །གོ་དོན་ཙམ་ཞིག་བྲིས་ཤིག་ཅེས། །བརྩོན་གྲུས་བཟང་པོས་བསྐུལ་བའི་ངོར། །དགེ་སློང་ཀུན་དགའི་མིང་ཅན་གྱིས། །དཔལ་ལྡན་ས་སྐྱར་སྦྱར་བ་ལས། །བྱུང་བའི་དགེ་བས་འགྲོ་བ་ཀུན། །རྡོ་རྗེ་འཛིན་པར་འཇུག་གྱུར་ཅིག །འདི་མཐོང་ཙམ་གྱིས་སྐྱེ་བོ་རྣམས། །ཆོས་ལ་ནན་ཏན་བྱེད་པའི་རྒྱུར། །གྱུར་ནས་དབང་ལམ་གཙོར་བྱེད་ཅིང༌། །སྒྲུབ་ལ་ནན་ཏན་འཕེལ་གྱུར་ཅིག །དབང་གི་རིམ་པ་རབ་ཏུ་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་རྗེ་བཙུན་གོང་མའི་ཕྱག་ལེན་ལུང་གིས་ཅུང་ཟད་བརྒྱན་པ་འདི། སྟན་གཅིག་པའི་བརྟུལ་ཞུགས་ལ་གནས་ཤིང་རྡོ་རྗེ་ཐེག་པ་ལ་ལྷག་པར་མོས་པའི་དགེ་བཤེས་བརྩོན་འགྲུས་བཟང་པོས་བསྐུལ་བའི་ངོར། བླ་མ་རྣམས་ཀྱི་བྲན་གྱི་ཐ་མར་གྱུར་པ་སྙོམས་ལས་ཅན་ཀུན་དགའི་མིང་ཅན་གྱིས་སྒྲོལ་བྱེད་ཀྱི་ལོ་ཁྲུམས་ཀྱི་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ།། །། ༄༅། །གསང་འདུས་རིམ་ལྔའི་ཁྲིད་ཡིག་བཞུགས་སོ།། ༈ །ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་གསང་བ་འདུས་པའི་རིམ་པ་ལྔའི་མན་ངག་གི་ཁྲིད་ཡིག་ཟུང་འཇུག་གསལ་བའི་སྒྲོན་མེ་ཞེས་བྱ་བ་བླ་མ་དམ་པའི་ཞབས་ལ་གུས་པར་ཕྱག་འཚལ་ལོ། །ཡིད་འོང་སྒྱུ་མའི་མཚན་དཔེས་རྣམ་པར་མཛེས། །གཞོམ་མེད་སྐད་ཀྱིས་དམ་ཆོས་སྣ་ཚོགས་རྣམས། །རྒྱུན་ཆད་མེད་པར་འགྲོ་ལ་གསལ་མཛད་པ། །རྡོ་རྗེ་འཆང་བདག་དཔལ་ལྡན་བླ་མར་འདུད། །རྒྱུད་དང་ཀླུ་སྒྲུབ་དགོངས་པ་ཅི་བཞིན་དུ། །མ་ནོར་ཐུགས་སུ་ཆུད་པ་འཕགས་པའི་ལྷ། །དེ་ཡི་གདམས་ངག་མཁས་མང་ལས་བརྒྱུད་པའི། །རྫོགས་རིམ་ཟབ་མོའི་གདམས་ངག་བཤད་ཀྱིས་ཉོན། །གཉིས་པ་དངོས་གཞི་རྣལ་འབྱོར་གྱི་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་བསྐྱེད་པ་ལ་གཉིས། རིམ་ལྔ་སྤྱིའི་རྣམ་པར་གཞག་པ་དང༌། དམིགས་པའི་རིམ་པ་ཟབ་མོ་རྣམས་བཤད་པའོ། །དང་པོ་ལ་ལྔ་སྟེ། རིམ་ལྔ་བསྒོམ་པའི་རྟེན་གྱི་གང་ཟག རིམ་ལྔའི་རྣལ་འབྱོར་གྱི་དབྱེ་བསྡུ། རིམ་ལྔར་གྲངས་ངེས་པའི་རྒྱུ་མཚན། དེ་དག་གི་སྦྱང་གཞི་བཤད་པ། བསྒོམ་པའི་གནས་བསྟན་པའོ། །དང་པོ་ནི། སངས་རྒྱས་པའི་ཐེག་པའི་བསམ་པ་ལ་བསླབ་པ་ནས་བརྩམས་ཏེ། དྲན་པ་གཅིག་པ་དང༌། རྟོགས་པའི་རྣལ་འབྱོར་གྱི་བར་ལ་ཚུལ་བཞིན་དུ་བསླབ་པ་དང༌། སྔར་བསྐྱེད་རིམ་གྱི་སྔོན་འགྲོར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐུན་མོང་གི་དབང་དགུ་དབང་གོང་མ་གསུམ་དང་བཅས་པ་ཐོབ་ཟིན་ན་དེས་ཆོག་ལ། སྔར་བུམ་དབང་ཡན་ཆད་ལས་མ་ཐོབ་ན། འདིར་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཟུང་འཇུག་གསལ་བ་ལྟར་དབང་བཞི་རྫོགས་པར་ཐོབ་པའི་གང་ཟག་གོ །གཉིས་པ་ནི་སློབ་དཔོན་འཕགས་པས། རྡོ་རྗེའི་བཟླས་པ། སེམས་ལ་དམིགས་པ། བདག་བྱིན་གྱིས་བརླབ། མངོན་པར་བྱང་ཆུབ་པའི་རིམ་པ། ཟུང་དུ་འཇུག་པ་དང་ལྔར་མཛད་ལ། རྡོར་བཟླས་ཀྱི་སྔོན་དུ་ལུས་དབེན་མ་བསྟན་ཀྱང༌། མི་དགོས་པའམ་མི་བཞེད་པ་ནི་མ་ཡིན་ཏེ། འབྲས་བུ་རྡོར་བཟླས་བསྟན་པས་དེའི་རྒྱུར་ལུས་དབེན་འགྲོ་དགོས་པའི་ཕྱིར་དང༌། རིམ་ལྔར་ལུས་དང་ངག་དང་ཡིད་རྣམ་པར་དབེན་པའི་ཐོས་པ་འཛིན་པ་ཞེས་གསུངས་པའི་ཕྱིར་རོ། །དཔེར་ན་པི་ཝང་གི་སྐད་འབྱུང་བ་ལ་ཁོག་པ་ངེས་པར་དགོས་པ་བཞིན་ནོ། །འཕགས་པ་ལྷས་རྫོགས་རིམ་ལ་དྲུག་ཏུ་མཛད་པ་ནི། ལུས་དབེན་ཉམས་ལེན་ལ་མི་དགོས་ཁ་མེད་ཡིན་པས། རྡོར་བཟླས་ཀྱི་སྔོན་འགྲོར་སྦྱར་བ་སྣང་ངོ༌། །ཟླ་བ་གྲགས་པས་བསྐྱེད་རིམ་དང་པོ། དབེན་གསུམ་གཉིས་པ། སྒྱུ་ལུས་གསུམ་པ། འོད་གསལ་བཞི་པ། ཟུང་འཇུག་ལྔ་པར་མཛད་པ་ནི། རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་དེ་ལྔར་འདུ་བ་ལ་དགོངས་ནས། མདོར་བསྟན་གྱི་ཚུལ་དུ་མཛད་པ་ཡིན་པས་ཡབ་སྲས་ཐམས་ཅད་ཀྱི་དགོངས་པ་ཉམས་ལེན་གྱི་གོ་རིམ་ལ་མི་མཐུན་པ་མེད་དོ། །གསུམ་པ་ནི། སྤང་བྱ་ཉོན་མོངས་དང་རྣམ་རྟོག་མངོན་གྱུར་མགོ་གནོན་པ་དང༌། ས་བོན་དྲུངས་ནས་འབྱིན་པ་ལ་རིམ་པ་ལྔ་དགོས་ཏེ། དབེན་གསུམ་ནི། སེམས་རྩེ་གཅིག་པ་ཞི་གནས་ཀྱི་ལམ་ཡིན་པས་སྤང་བྱ་ཉོན་མོངས་དང་རྣམ་རྟོག་མངོན་འགྱུར་མགོ་གནོན་པ་ཡིན་ལ་ལྷག་མ་གསུམ་ནི་ཤེས་རབ་གཙོ་བོར་བྱེད་པ་ལྷག་མཐོང་གི་ལམ་ཡིན་པས་ས་བོན་དྲུངས་ནས་འབྱིན་པ་ཡིན་ནོ། །དང་པོ་ལ་ཡང༌། ཞི་གནས་ཀྱི་རྟེན་དང༌། རྐྱེན་དང༌། མངོན་སུམ་ལས། སྔོན་འགྲོ་ལུས་དབེན་ནི། རྟེན་ཡིན་ཏེ། དེས་བྱིན་གྱིས་བརླབས་པའི་ལུས་ལ་བརྟེན་ནས་ཞི་གནས་བསྒོམ་པའི་ཕྱིར་རོ། །ངག་དབེན་ནི་རྐྱེན་ཡིན་ཏེ། རླུང་དབང་དུ་འདུས་པ་ལས། མི་རྟོག་པའི་ཞི་གནས་སྐྱེ་བའི་ཕྱིར་རོ། །སེམས་དབེན་ནི་དངོས་ཡིན་ཏེ། ཕྱག་རྒྱའམ་གྲོལ་ལམ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་སྐྱེ་བའི་ཕྱིར་རོ། །དེ་དག་གི་སྤང་བྱ་མགོ་གནོན་དུ་ཟིན་ཀྱང༌། ས་བོན་སྤང་བ་ལ་ལམ་ཕྱི་མ་གསུམ་དགོས་ཏེ། སྒྱུ་མས་ཡུལ་སྟོང་ཉིད་དུ་རྟོགས་པས་གཟུང་རྟོག་སྤངས་ལ། འོད་གསལ་གྱིས་སེམས་སྟོང་པར་རྟོགས་པས་འཛིན་རྟོག་གི་ས་བོན་སྤང་ཞིང༌། ཟུང་འཇུག་གིས་བདེན་གཉིས་དབྱེར་མེད་པར་རྟོགས་པས་བདེན་གཉིས་ཐ་དད་དུ་ཞེན་པའི་ས་བོན་སྤང་བའི་ཕྱིར་རོ། །དེ་བས་རིམ་ལྔར་གྲངས་ངེས་ཏེ། ལུས་དབེན་ནི་ངག་དབེན་གྱི་སྔོན་འགྲོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གོ་རིམ་ཡང་ངེས་པ་ཡིན་ཏེ། སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་བས་རྒྱུ་འབྲས་ཀྱི་གོ་རིམ་ཡིན་པས། ལུས་དབེན་སྐུ་རྡོ་རྗེའི་རྣལ་འབྱོར་ལ་བརྟེན་ནས་ངག་དབེན་གསུང་རྡོ་རྗེའི་རྣལ་འབྱོར་འབྱུང་གི་གཞན་དུ་མ་ཡིན་ཏེ། དཔེར་ན་པི་ཝང་གི་ཁོག་པ་ལེགས་པར་སྦྱངས་པ་ལས། སྐད་སྙན་པ་འབྱུང་གི་གཞན་དུ་མ་ཡིན་པ་བཞིན་ནོ། །ངག་རྣམ་པར་དབེན་པས་སེམས་ཀྱི་བཞོན་པ་རླུང་དབང་དུ་འདུས་པ་ལས་རླུང་ལ་ཞོན་པའི་སེམས་རྣམ་པར་དབེན་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་འབྱུང་སྟེ། དཔེར་ན་རྟའི་ཁ་ལོ་འབྱོངས་པའི་སྐྱེས་བུས་བགྲོད་བྱའི་གནས་སུ་ཕྱིན་གྱི་གཞན་གྱི་མ་ཡིན་པ་བཞིན་ནོ། །སེམས་དབེན་གྱི་ཏིང་ངེ་འཛིན་མེད་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མི་འབྱུང་སྟེ། སྒྱུ་མའི་སྐུ་དེ་ནི་རང་རིག་པ་བདེ་བ་ཙམ་ལས་གྲུབ་པའི་ཕྱིར་རོ། །ཀུན་རྫོབ་སྒྱུ་མ་ལྟ་བུ་མངོན་སུམ་དུ་མ་བྱས་པར་དོན་དམ་འོད་གསལ་རྟོགས་པར་མི་ནུས་ཏེ། ཆོས་ཅན་སྒྱུ་མ་མཐར་མ་ཕྱིན་ན། དེ་བསམ་གཏན་གཉིས་ཀྱིས་བཤིག་པའི་ཆོས་ཉིད་འོད་གསལ་མངོན་དུ་མི་འགྱུར་བའི་ཕྱིར་རོ། །འོད་གསལ་དོན་དམ་པའི་བདེན་པ་མེད་ན་ཟུང་འཇུག་གི་སྐུ་མི་འབྱུང་སྟེ། གཡའ་དང་བྲལ་བའི་མེ་ལོང་མེད་ན་མེ་ལོང་ནང་གི་གཟུགས་བརྙན་སྣང་སྟོང་ཟུང་འཇུག་མི་འབྱུང་བའི་ཕྱིར་རོ། །དེས་ན་ལམ་འདི་དག་ལ་རིམ་ཅན་དུ་སློབ་དགོས་པ་ཡིན་ཏེ། རིམ་ལྔར། བསྐྱེད་པའི་རིམ་པར་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱི། །སྐས་ཀྱི་གདང་བུ་ལྟ་བུར་བསྟན། །ཞེས་བཤད་དོ། །བཞི་པ་ནི། སྤྱིར་སེམས་ཅན་གྱི་ཁམས་ལ་སྐྱེ་འཆི་གཉིས་ལས། སྐྱེ་བ་ཀུན་རྫོབ་ཀྱི་བདེན་པ་སྣོད་དང་བཅུད་ཀྱིས་བསྡུས་པ་ནི། བསྐྱེད་རིམ་གྱི་སྦྱང་གཞི་ཡིན་ལ། འཆི་བ་དོན་དམ་པའི་བདེན་པ་བར་དོ་དང་བཅས་པ་ནི་རྫོགས་རིམ་གྱི་སྦྱང་གཞི་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར། སྐྱེ་བ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །འཆི་བ་ཡང་ནི་དོན་དམ་བདེན་པ་ཡིན། །བདེན་གཉིས་འདི་ལ་རྣམ་པར་ངེས་བྱས་ནས། །བཤད་པ་གཉིས་ཀྱི་དབྱེ་བ་གསུངས་པ་ཡིན། །ཞེས་དང༌། སྤྱོད་བསྡུས་ལས། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་པ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་དེ་དག་བླ་མའི་དྲིན་གྱིས་ནི། །རྙེད་པ་འདི་ནི་མ་འོངས་སངས་རྒྱས་ཡིན། །ཞེས་བདེན་གཉིས་ཀྱི་དོན་ནི་རིམ་པ་གཉིས་ལ་བཤད་དོ། །སྐབས་འདིར་རྫོགས་རིམ་གྱི་སྦྱང་གཞི་འཆི་བ་དོན་དམ་པའི་བདེན་པའི་ཚུལ་ལྟར་བཤད་ན་བཞི་སྟེ། སྦྱང་གཞི་སྦྱོང་བྱེད། དེ་དག་ཕན་ཚུན་སྦྱར་བ་ཇི་ལྟར་སྦྱོང་བའི་ཚུལ་ལོ། །དང་པོ་ནི། རང་གི་ལུས་འདི་འཇིག་ཅིང་འཆི་བའི་ཚེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ས་ཆུ་ལ་ཐིམ་པ་སོགས་འབྱུང་བ་རིམ་གྱིས་འགགས་པ་ནས་བཟུང་སྟེ། བར་དོ་ཡིད་ཀྱི་ལུས་གྲུབ་པའི་བར་ནི་རྫོགས་རིམ་གྱི་སྦྱང་གཞིར་བཙུན་མོ་ཅན་བཞེད་ལ། མངོན་ཤེས་ཅན་གྱིས་ད་ལྟར་གྱི་ལུས་ངག་ཡིད་གསུམ་རྨི་ལམ་གྱི་སྣང་བ་དང་བཅས་པ་དང༌། འཆི་བ་བར་དོ་དང་བཅས་པ་ཐམས་ཅད་རྫོགས་རིམ་གྱི་སྦྱང་གཞིར་བཞེད་དོ། །གཉིས་པ་ནི། རྡོར་བཟླས་ཀྱི་སྔོན་འགྲོ་ལུས་དབེན་ནས་བརྩམས་ཏེ། ཟུང་འཇུག་གི་བར་གྱི་རིམ་པ་ལྔའི་ཏིང་ངེ་འཛིན་རྣམས་སོ། །གསུམ་པ་ནི་འཆི་བའི་ཚེ་ས་ཆུ་ལ། ཆུ་མེ་ལ། མེ་རླུང་ལ་ཐིམ་པའི་བར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རགས་པ་འགགས་པ་ནི་ལུས་དབེན་གྱི་སྦྱང་གཞི་ཡིན་ལ། རླུང་རྣམ་ཤེས་ལ་ཐིམ་པ་ངག་དབེན་གྱི་སྦྱང་གཞི་དང༌། རྣམ་ཤེས་འོད་གསལ་ལ་ཐིམ་པ་སེམས་དབེན་གྱི་སྦྱང་གཞི་ཡིན་ནོ། །སྒྱུ་མའི་སྦྱང་གཞི་ནི། རྒྱལ་པོ་སྤྲིན་གྱི་ཤུགས་ཅན་བར་དོ་ལ་བཞེད། བཙུན་མོ་ཅན་རྨི་ལམ་དང་མངོན་ཤེས་ཅན་ལུས་ལེན་ཁའི་སྒྲོ་བཏགས་ཀྱི་ཤེས་པ་ཙམ་ཡིན་གསུངས་ཀྱང༌། རྗེ་འགོས་ཀྱིས་དེ་དག་མི་འཐད་པར་བཞག་ནས། ནག་པོ་ཞབས་སྒྱུ་མ་ལ་སྦྱང་གཞི་ལོགས་པ་མེད་ཀྱང༌། སྦྱོང་བྱེད་ལ་ངེས་པར་དགོས་ཏེ། ཟུང་འཇུག་གི་ཉེར་ལེན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཞིང༌། འོད་གསལ་གྱི་སྦྱང་གཞི་ནི་འཆི་བ་ཤེར་ཕྱིན་ཡིན་ལ། ཟུང་འཇུག་གི་སྦྱང་གཞི་བར་དོ་ཡིན་ནོ། །ཞེས་རྗེ་འགོས་བཞེད་དོ། །རྔོག་ཉི་མ་སེང་གེ་ལྟར་ན། ཕུང་པོ་ཁམས་དང་སྐྱེ་མཆེད་ཡེ་ཤེས་ལྔ་དང་བཅས་པ་ཞིབ་མོར་ཕྱེ་ན་དངོས་པོ་བརྒྱར་གནས་པ་སོགས་ནི་ལུས་དབེན་གྱི་སྦྱང་གཞི་ཡིན་ལ། ལུས་ཀྱི་ཁོང་སྟོང་དབུགས་ཉི་ཁྲི་ཚིག་སྟོང་དྲུག་བརྒྱ། ཡི་གེ་འབྲུ་གསུམ་སྒྲ་རང་བཞིན་གྱིས་གྲགས་པ་དང་བཅས་པ་ངག་དབེན་གྱི་སྦྱང་གཞི་དང༌། སེམས་གསུམ་རང་བཞིན་དང་བཅས་པ་སེམས་དབེན་གྱི་དང༌། རྨི་ལམ་གྱི་ཚེ་རླུང་སེམས་ཙམ་ལས་ཡིད་ཀྱི་ལུས་མངོན་ཞེན་དང་བཅས་པ་གྲུབ་སྟེ་ཕྱོགས་བཅུར་རྒྱུ་ཞིང་འདོད་པ་ལ་ལོངས་སྤྱོད་པར་སྣང་བ་སྒྱུ་ལུས་ཀྱི་དང༌། འཆི་བའི་ཚེ་འབྱུང་བ་བཞི་རྣམ་ཤེས་དང་བཅས་པ་ཆེན་པོ་ལྔ་འོད་གསལ་དུ་ཐིམ་སྟེ་འཆི་བ་ཤེར་ཕྱིན་མངོན་དུ་བྱས་པ་འོད་གསལ་གྱི་དང༌། དེ་ལས་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་སྐད་ཅིག་གིས་བར་དོ་ཡིད་ཀྱི་རང་བཞིན་གྱི་ལུས་གྲུབ་པ་ནི། ཟུང་འཇུག་གི་སྦྱང་གཞི་ཡིན་ནོ་ཞེས་འདོད་དོ། །འོ་ན་བསྐྱེད་རིམ་དང་ལུས་དབེན་སྦྱང་གཞི་གཅིག་ཏུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྦྱང་གཞི་གཅིག་ཡིན་ཀྱང་སྤང་བྱ་ཐ་མལ་གྱི་རྣམ་རྟོག་རགས་པ་བསྐྱེད་རིམ་གྱིས་སྤངས་ལ། ཕྲ་བ་ལུས་དབེན་གྱིས་སྤོང་བས་མི་འགལ་ལོ། །ཡང་འཆི་བ་སྟོང་ཉིད་དང་བར་དོ་བསྐྱེད་རིམ་གྱི་སྦྱང་གཞིར་བཤད་པས། རྫོགས་རིམ་གྱི་སྦྱང་གཞིར་འགལ་ཅེ་ན། མི་འགལ་ཏེ། བསྐལ་པ་དང་པོའི་མི་བརྫུས་སྐྱེས་ཤི་ནས་མངལ་དུ་འཇུག་པའི་འཆི་བ་འོད་གསལ་དང༌། བར་དོ་ནི་བསྐྱེད་རིམ་གྱི་སྦྱང་གཞི་ཡིན་ལ། མངལ་ཁ་དུ་མ་བརྒྱུད་པའི་འཆི་བ་འོད་གསལ་དང༌། བར་དོ་ནི་རྫོགས་རིམ་གྱི་སྦྱང་གཞི་ཡིན་པས་མི་འགལ་ལོ། །བཞི་པ་ནི། གཞི་གསུམ་ནི་ཟག་བཅས་ཞི་གནས་ཀྱི་ལམ་ཡིན་པས་སྤང་བྱ་མངོན་གྱུར་མགོ་གནོན་པའི་ཚུལ་གྱིས་སྦྱངས་ལ། སྒྱུ་མ་འོད་གསལ་ཟུང་འཇུག་དང་བཅས་པ་ནི་ལྷག་མཐོང་ཤེས་རབ་ཀྱི་ལམ་ཡིན་པས་སྤང་བྱའི་ས་བོན་དྲུངས་ནས་འབྱིན་པའི་ཚུལ་གྱིས་སྦྱང་ངོ༌། །སྤྱིར་དུ་ན། སྣོད་བཅུད་ཐ་མལ་གྱི་རྣམ་རྟོག་ནི་བསྐྱེད་རིམ་གྱི་སྤང་བྱ་ཡིན་ལ། གཟུང་འཛིན་བྱ་བྱེད་ཀྱི་རྣམ་རྟོག་ནི་རྫོགས་རིམ་གྱི་སྤང་བྱ་ཡིན་པའི་ཕྱིར་རོ། །དྲི་མ་རགས་པ་གཉེན་པོ་སྟོབས་ཆུང་བས་སྤངས་ལ། ཕྲ་བ་ནི་གཉེན་པོ་སྟོབས་ཆེ་བས་སྤང་བས་དངོས་པོ་ཐ་མལ་རྣམ་རྟོག་རགས་པའི་གཉེན་པོ་ནི་བསྐྱེད་རིམ་ཡིན་ལ། ཕྲ་བའི་གཉེན་པོ་ནི་ལུས་དབེན་ནོ། །གཟུང་འཛིན་བྱ་བྱེད་ཀྱི་རྣམ་རྟོག་ཤེས་སྒྲིབ་རགས་པའི་གཉེན་པོ་ངག་དབེན་དང་སེམས་དབེན་གཉིས་ཡིན་ལ། ཤེས་སྒྲིབ་ཕྲ་བའི་གཉེན་པོ་ནི་སྒྱུ་མ་སོགས་གསུམ་ཡིན་ནོ། །དེ་ཡང་གཟུང་རྟོག་ཕྲ་བའི་གཉེན་པོ་ཡུལ་སྟོང་པ་སྒྱུ་མ་དང༌། འཛིན་རྟོག་ཕྲ་བའི་གཉེན་པོ་སེམས་སྟོང་ཉིད་འོད་གསལ་དང༌། དེ་གཉིས་ཀྱི་བག་ཆགས་ཤིན་ཏུ་ཕྲ་ཞིང་ཕྲ་བའི་གཉེན་པོ་ཟུང་འཇུག་རྣམས་ཡིན་པར་ཤེས་པར་བྱའོ། །ལྔ་པ་ནི། རྩ་བའི་རྒྱུད་ལས། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པ་དག་ཏུ་ནི། །དངོས་གྲུབ་ཐམས་ཅད་བསྡུས་པས་སྒྲུབ། །ཅེས་གསུང་པ་ལྟར། རིའི་ཕུག་ལ་སོགས་པའི་གནས་དབེན་པ། ཉིན་བར་སྐྱེ་བོའི་རྒྱུན་ལུགས་དང༌། སྒྲའི་ཀླག་ཅོར་ལ་སོགས་མེད་པ། མཚན་མོ་གཅན་གཟན་དང༌། ཆོམ་རྐུན་གྱི་གནོད་པ་དང་བྲལ་བའི་གནས་སུ་ཐུན་བཞིའི་རིམ་པས་རྣལ་འབྱོར་ལ་འཇུག་པར་བྱ་བ་ཡིན་ནོ།། ༈ །།སྤྱི་དོན་གཉིས་པ་དམིགས་པའི་རིམ་པ་ཟབ་མོ་ཉམས་སུ་བླང་བ་ལ་རིམ་པ་ལྔ་སྟེ། རྡོ་རྗེའི་བཟླས་པ། སེམས་རྣམ་པར་དབེན་པ། ཀུན་རྫོབ་བདེན་པ་སྒྱུ་ལུས། དོན་དམ་འོད་གསལ། ཟུང་དུ་འཇུག་པའི་རིམ་པའོ། །དང་པོ་ལ། སྔོན་འགྲོ་ལུས་རྣམ་པར་དབེན་པ་དང༌། དངོས་གཞི་ངག་རྣམ་པར་དབེན་པའོ། །དང་པོ་ལ་དོན་བདུན་གྱི། ལུས་དབེན་བསྒོམ་པའི་རྟེན་གྱི་གང་ཟག་ནི། བསྐྱེད་རིམ་མཐར་ཕྱིན་ནས་མཆོག་གི་དངོས་གྲུབ་དོན་དུ་གཉེར་བས་ལུས་དབེན་སོགས་རྫོགས་རིམ་བསྒོམ་པར་འདོད་པའོ། །གཉིས་པ་ཤེས་བྱ་ནི། དེ་ལ་སློབ་པའི་ཚེ་ལུས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་ལས་བྱུང་ཞིང་སྟོང་པ་ཉིད་ལ་ཐིམ་པ་ནམ་མཁའ་དང་མཉམ་པ་ཡིན་ལ། ཀུན་རྫོབ་ཏུ་དངོས་པོ་རྒྱས་བསྡུས་པའི་ལུས་ཐམས་ཅད་སངས་རྒྱས་ལྔའི་ཕྲ་རབ་ས་ལས་གྲུབ་པར་ཤེས་པར་བྱ་སྟེ། རྩ་བའི་རྒྱུད་དུ། སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ། །དངོས་དང་དངོས་མེད་རྣམ་དཔྱད་པ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་སྤང་བྱ་མི་མཐུན་པའི་ཕྱོགས་ནི། ཁ་དོག་གི་གཟུགས་ལ་སོགས་པ་ཐ་མལ་པའི་རྟོག་པ་ཆ་ཕྲ་བ་སྟེ། རགས་པ་ནི་བསྐྱེད་རིམ་གྱིས་སྦྱངས་པས་སོ། །བཞི་པ་དབྱེ་བ་སོ་སོའི་མཚན་ཉིད་ལ་བཞི་སྟེ། གཟུགས་ཀྱི་ལུས་དབེན་དང༌། རང་བཞིན་གྱི་ལུས་དབེན། རྣམ་པར་ཤེས་པའི་ལུས་དབེན། ཏིང་ངེ་འཛིན་གྱི་ལུས་དབེན་ནོ། །དང་པོ་ནི། རང་གི་ལུས་འདི་མི་གཙང་བའི་རྫས་སུམ་ཅུ་སོ་དྲུག་འདུས་པའི་ཕྱིར། ཐ་མལ་པ་རྣམས་ཀྱི་གཟུགས་ཀྱི་ལུས་པོ་གཙང་བ་དང་བདེ་བ་ལ་སོགས་པར་བརྟགས་པ་ལས་དབེན་པ་སྟེ། ཉན་ཐོས་དང་ཤེས་བྱ་ཐུན་མོང་བའོ། །གཉིས་པ་ནི་ལུས་འདི་ཕུང་པོ་ལ་སོགས་པའི་རང་བཞིན་ཉི་ཤུ་རྩ་ལྔ་ཡིན་པའི་ཕྱིར། མུ་སྟེགས་རྣམས་ཀྱིས་རང་བཞིན་གཅིག་ཏུ་བརྟགས་པས་དབེན་པ་སྟེ། ཕར་ཕྱིན་ཐེག་པ་དང་ཤེས་བྱ་ཐུན་མོང་བའོ། །གསུམ་པ་ནི། རྣམ་པར་ཤེས་པ་ནི་ཕྱི་ནང་དུ་ཉེ་བར་མི་དམིགས་པའི་ཕྱིར་རོ། །རང་གི་སྡེ་པས་བཏགས་པའི་གཟུང་འཛིན་གྱིས་དབེན་པ་སྟེ། སེམས་ཙམ་དང་ཤེས་བྱ་ཐུན་མོང་བའོ། །བཞི་པ་ནི། ལུས་ཐམས་ཅད་སྟོང་པར་ཤེས་པར་བྱས་ནས་ཀུན་རྫོབ་ཏུ་ཐ་མལ་གྱི་དངོས་པོ་བརྒྱ་ལ་སོགས་པར་གནས་པ་དེ་ཉིད་དེ་བཞིན་གཤེགས་པ་རིགས་བརྒྱ་ལ་སོགས་པའི་ང་རྒྱལ་དུ་བསྒོམ་པ་སྟེ། གསང་སྔགས་པའི་ཤེས་བྱ་ཐུན་མོང་མ་ཡིན་པའོ། །ལྔ་པ་ཇི་ལྟར་བསླབ་པའི་ཚུལ་ལ་གསུམ་ལས། དང་པོ་རྒྱས་པར་རིགས་བརྒྱར་བསྒོམ་ཚུལ་ནི། གཟུགས་དང༌། རང་བཞིན་དང༌། རྣམ་པར་ཤེས་པའི་ལུས་གསུམ། རང་བཞིན་མེད་པར་ཤེས་པར་བྱས་ནས། ཕུང་པོ་སོགས་ཐ་མལ་གྱི་དངོས་པོ་ཆ་ཕྲ་བ་རྣམས་དེ་བཞིན་གཤེགས་པ་བརྒྱར་བསྒོམས་ཏེ། དེ་ཡང་གཟུགས་ཀྱི་ཕུང་པོ་སྤྱི་རྣམ་སྣང་དུ་བསྒོམས་ལ། བྱེ་བྲག་ཏུ་ཕྱེ་ན། གཟུགས་རྣམ་སྣང་ལ་ཕྱི་ནང་གཉིས་ཀའི་རིང་པོ་སོགས་དབྱིབས་ཀྱི་གཟུགས་ནི། རྣམ་སྣང་གི་རྣམ་སྣང༌། བདག་གཞན་སོགས་རྣམ་པའི་གཟུགས་ནི་རྣམ་སྣང་གི་རིན་འབྱུང༌། སྔོན་པོ་སོགས་ཁ་དོག་གི་གཟུགས་ནི་རྣམ་སྣང་གི་སྣང་མཐའ། ཉི་ཟླ་སོགས་སྣང་བའི་གཟུགས་ནི་རྣམ་སྣང་གི་དོན་གྲུབ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་རྣམ་སྣང་གི་མི་བསྐྱོད་པར་ཤེས་པར་བྱས་ལ་བསྒོམ། དེ་བཞིན་དུ་ཚོར་བ་སྤྱི་རིན་འབྱུང་དུ་བསྒོམས་ཏེ། དེ་ལ་འདུས་མཁྲིས་པ་ལས་བྱུང་བའི་ཚོར་བ་རིན་འབྱུང་གི་མི་བསྐྱོད་པ། བད་རླུང་ལས་བྱུང་བའི་ཚོར་བ་རིན་འབྱུང༌། ཚོར་བ་བདེ་བ་སྣང་མཐའ། ཚོར་བ་སྡུག་བསྔལ་བ་དོན་གྲུབ། ཚོར་བ་བཏང་སྙོམས་པ་སྣང་མཛད་དུ་བསམ་མོ། །འདུ་ཤེས་སྤྱི་སྣང་བ་མཐའ་ཡས་སུ་བསྒོམས་ཏེ། དེ་ལ་རྐང་གཉིས་པའི་འདུ་ཤེས་ནི་སྣང་མཐའི་མི་བསྐྱོད་པ། རྐང་བཞི་པའི་འདུ་ཤེས་ནི་རིན་འབྱུང༌། རྐང་མེད་ཀྱི་འདུ་ཤེས་ནི་སྣང་མཐའ། རྐང་མང་གི་འདུ་ཤེས་ནི་དོན་གྲུབ། མི་གཡོ་ཞིང་མི་རྒྱུ་བའི་འདུ་ཤེས་ནི་རྣམ་སྣང་དུ་བསྒོམ་མོ། །འདུ་བྱེད་ཀྱི་དོན་གྲུབ་ཏུ་བསྒོམས་ཏེ། དེ་ལ་ལུས་ཀྱི་འདུ་བྱེད་དོན་གྲུབ་ཀྱི་རྣམ་སྣང༌། ངག་གི་འདུ་བྱེད་སྣང་མཐའ། ཡིད་ཀྱི་འདུ་བྱེད་མི་བསྐྱོད་པ། ཁམས་གསུམ་གྱི་འདུ་བྱེད་རིན་འབྱུང༌། ཐར་པའི་འདུ་བྱེད་དོན་གྲུབ་ཏུ་བསྒོམ་མོ། །རྣམ་པར་ཤེས་པ་སྤྱི་མི་བསྐྱོད་པར་བསྒོམས་ཏེ། དེ་ལ་མིག་གི་རྣམ་ཤེས་མི་བསྐྱོད་པའི་རྣམ་སྣང༌། རྣ་བའི་རྣམ་ཤེས་རིན་འབྱུང༌། སྣའི་རྣམ་ཤེས་སྣང་མཐའ། ལྕེའི་རྣམ་ཤེས་དོན་གྲུབ། ལུས་ཀྱི་རྣམ་ཤེས་མི་བསྐྱོད་པར་ཤེས་པར་བྱས་ལ་བསྒོམ་མོ། །དེ་བཞིན་དུ་ས་ཁམས་སངས་རྒྱས་སྤྱན་དུ་བསྒོམས་ཏེ། དེ་ལ། སྐྲ། རུས་པ། ཕྱི་ས། མཆིན་པ། སྙིང་རྣམས་ནི་སྤྱན་མའི་རྣམ་སྣང༌། སྤུ། སེན་མོ། རྣག སྙིང་རྣམས་ནི་སྤྱན་མའི་རིན་འབྱུང༌། སོ། པགས་པ། ཤ སྙིང་རྣམས་ནི་སྤྱན་མའི་སྣང་མཐའ། རྒྱུས་པ། ཤ རྩིབ་མ། སྙིང་རྣམས་ནི་སྤྱན་མའི་དོན་གྲུབ། དྲི་མ། རྒྱུ་མ། མཁྲིས་པ། སྙིང་རྣམས་ནི་སྤྱན་མའི་མི་བསྐྱོད་པར་བསམ་མོ། །སྙིང་ལྔ་ནི། སྤྱོད་བསྡུས་ལས། སྙིང་ནི་ལྔ་ལ་ངེས་གནས་ཏེ། །རྒྱུན་ལྔར་རྣམ་པར་འབྱུང་བ་ནི། །རླུང་ལྔ་དང་ནི་ལྡན་པ་རུ། །འདོད་པ་ལྔ་རྣམས་སྤྱོད་པར་བྱེད། །ཅེས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་བཤད་པ་ཁུངས་སུ་དྲངས་སོ། །དེ་བཞིན་དུ་ཕྱི་རོལ་གྱི་ས་ཁམས་ཀྱང་རིགས་ལྔར་བསྒོམས་ཏེ། རི་རབ་ནི་རྣམ་སྣང༌། ལུས་འཕགས་པོ་མི་བསྐྱོད་པ། འཛམ་གླིང་རིན་འབྱུང༌། བ་ལང་སྤྱོད་སྣང་མཐའ། སྒྲ་མི་སྙན་དོན་ཡོད་གྲུབ་པར་བསམ་མོ། །ཆུ་མཱ་མ་ཀཱིར་བསམས་ཏེ། དེ་ཡང་བད་ཀན་དང་མཆི་མ་ནི་མཱ་མ་ཀཱི་རྣམ་སྣང༌། གཅིན་མི་བསྐྱོད་པ། རྔུལ་རིན་འབྱུང༌། ཁྲག་སྣང་མཐའ། ཁ་ཆུ་དོན་གྲུབ་ཏུ་བསམ་མོ། །དེ་བཞིན་དུ་ཕྱི་རོལ་གྱི་ཆུ་ཁམས་ལ། རྒྱ་མཚོའི་ཆུ་མི་བསྐྱོད་པ། ཆུ་བོའི་ཆུ་རིན་འབྱུང༌། བཀོད་མའི་ཆུ་སྣང་མཐའ། ལྟེང་ཀའི་ཆུ་དོན་གྲུབ། འབབ་ཆུའི་ཆུ་རྣམ་སྣང་དུ་བསམ་མོ། །མེ་གོས་དཀར་མོ་ལ་མགོ་བོའི་དྲོད་གོས་དཀར་མོའི་རྣམ་སྣང༌། སྙིང་གའི་དྲོད་མི་བསྐྱོད་པ། ལྟེ་བའི་དྲོད་རིན་འབྱུང༌། རྐང་ལག་གི་དྲོད་སྣང་མཐའ། ལྟེ་བའི་དྲོད་དོན་གྲུབ་རྣམས་སུ་བསྒོམ་ཞིང༌། ཕྱི་རོལ་གྱི་མེ་ཁམས་ཡང་རྒྱུན་བཞག་གི་མེ་མི་བསྐྱོད་པ། རྡོ་ལས་བྱུང་བའི་མེ་རྣམ་སྣང༌། མེ་ཤེལ་གྱི་མེ་རིན་འབྱུང༌། ཤིང་གི་མེ་སྣང་མཐའ། ནགས་ཀྱི་མེ་དོན་གྲུབ་དུ་བསམ་མོ། །རླུང་ཁམས་སྒྲོལ་མར་བསམས་ཏེ། དེ་ཡང་སྲོག་རླུང་སྒྲོལ་མའི་མི་བསྐྱོད་པ། ཐུར་སེལ་རིན་འབྱུང༌། གྱེན་རྒྱུ་སྣང་མཐའ། མཉམ་གནས་དོན་གྲུབ། ཁྱབ་བྱེད་རྣམ་སྣང་དུ་བསམས་ཤིང༌། ཕྱིའི་ཤར་གྱི་རླུང་མི་བསྐྱོད་པ། ལྷོའི་རླུང་རིན་འབྱུང༌། ནུབ་རླུང་སྣང་མཐའ། བྱང་རླུང་དོན་གྲུབ། སྟེང་གི་རླུང་རྣམ་སྣང་དུ་བསམ་མོ། །མིག་སའི་སྙིང་པོར་བསམས་ཏེ། དེ་ཡང་མིག་གི་དབང་པོ་ནི་སའི་སྙིང་གི་མི་བསྐྱོད་པ། མིག་འབྲས་དཀར་པོ་རིན་འབྱུང༌། ཟུར་གྱིས་བལྟ་བ་སྣང་མཐའ། རྣམ་པར་གཡོ་བའི་མིག་དོན་གྲུབ། གཟུགས་གསུམ་འཛིན་པ་རྣམ་སྣང་དུ་བསམ་མོ། །རྣ་བ་ཕྱག་རྡོར་དུ་བསྒོམས་ཏེ། དེ་ལ་རྣ་བའི་དབང་པོ་ནི་ཕྱག་རྡོར་གྱི་མི་བསྐྱོད་པ། རྣ་བའི་རང་བཞིན་རྣམ་སྣང༌། རྣ་བའི་བུ་ག་སྣང་མཐའ། རྣ་བའི་རྩ་བ་དོན་གྲུབ། སྒྲ་གསུམ་འཛིན་པ་རིན་འབྱུང་དུ་བསྒོམ་མོ། །ལྕེ་སྣ་ནམ་མཁའི་སྙིང་པོར་བསྒོམས་ཏེ། དེ་ལ་སྣའི་དབང་པོ་ནི། ནམ་སྙིང་གི་མི་བསྐྱོད་པ། སྣའི་རང་བཞིན་རྣམ་སྣང༌། སྣའི་ནང་གི་དབུས་རིན་འབྱུང༌། སྣའི་བུ་ག་དོན་གྲུབ། དྲི་གསུམ་འཛིན་པ་སྣང་མཐར་བསྒོམ་མོ། །ལྕེ་འཇིག་རྟེན་དབང་ཕྱུག་ཏུ་བསྒོམས་ཏེ། དེ་ལ་ལྕེའི་དབང་པོ་འཇིག་རྟེན་དབང་ཕྱུག་གི་མི་བསྐྱོད་པ། ལྕེའི་རང་བཞིན་རྣམ་སྣང༌། ལྕེའི་རྩ་བ་རིན་འབྱུང༌། ལྕེའི་རྩེ་མོ་སྣང་མཐའ། རོ་གསུམ་འཛིན་པ་དོན་གྲུབ་ཏུ་བསྒོམ་མོ། །ལུས་སྒྲིབ་སེལ་དུ་བསྒོམས་ཏེ། དེ་ལ་རྡུལ་ཕྲན་འདུས་པའི་གཟུགས་ཀྱི་ལུས་དབང་ནི་སྒྲིབ་སེལ་གྱི་རྣམ་སྣང༌། རུས་པའི་རང་བཞིན་རིན་འབྱུང༌། ཤའི་རང་བཞིན་སྣང་མཐའ། པགས་པའི་རང་བཞིན་དོན་གྲུབ། རེག་གསུམ་འཛིན་པ་མི་བསྐྱོད་པར་བསྒོམ་མོ། །ཡིད་ཀྱི་དབང་པོ་སྟེ། ནང་གི་རྣམ་ཤེས་གསུམ་ནི་འཇམ་དཔལ་དུ་བསམ། ལྡང་ཞིང་རྒྱུ་བའི་རླུང་མིག་ལ་བརྟེན་ནས། གཟུགས་ལྔའི་བྱ་བ་རྫོགས་པར་བྱེད་པ་ཉིད་གཟུགས་རྡོ་རྗེ་མར་བསྒོམས་ཏེ། དེ་ལ་རྐྱེན་གསུམ་འཚོགས་པས་མཐོང་བའི་ཡུལ་གྱི་གཟུགས་ནི་རྡོ་རྗེ་མའི་རྣམ་སྣང༌། འགྱིང་བག་དང༌། རྣམ་པར་རོལ་ལ་བཏེག་པའི་གཟུགས་མི་བསྐྱོད་པ། ཆགས་པའི་གཟུགས་རིན་འབྱུང༌། བཏང་སྙོམས་ཀྱི་གཟུགས་སྣང་མཐའ། ལམ་ཐམས་ཅད་སྒྲུབ་པའི་གཟུགས་དོན་གྲུབ་ཏུ་བསམ་མོ། །རྣམ་པར་རྒྱུ་བའི་སྒྲའི་རང་བཞིན་སྒྲ་རྡོ་རྗེ་མར་བསྒོམས་ཏེ། དེ་ལ་རྣ་བའི་ནང་གི་དང༌། མགོ་བོ་དང༌། སྐྲའི་སྒྲ་ནི་སྒྲ་རྡོ་རྗེ་མའི་རྣམ་སྣང༌། གླུ་དང་རྒྱུན་གྱི་སྒྲ་ནི་རིན་འབྱུང༌། རྐན་དང་མཆུ་དང༌། ངག་གི་སྒྲ་ནི་སྣང་མཐའ། ནགས་ཚལ་དང༌། ཆུ་བོ་དང༌། སེ་གོལ་དང༌། ཐལ་མོ་དང༌། རོལ་མོའི་སྒྲ་རྣམས་ནི་དོན་གྲུབ། ཧཱུྃ་གི་ཞི་དྲག་གི་སྒྲ་ནི་མི་བསྐྱོད་པར་བསམ་མོ། །ཡང་དག་པར་རྒྱུ་བའི་རླུང་དྲིའི་རང་བཞིན་དྲི་རྡོ་རྗེ་མར་བསྒོམས་ཏེ། དེ་ལ་དྲི་མ་ལུས་པ་ནི་དྲི་རྡོ་རྗེ་མའི་རྣམ་སྣང༌། ཡན་ལག་གི་དྲི་རིན་འབྱུང༌། དྲི་གསུམ་འཛིན་པ་སྣང་མཐའ། རོའི་དྲི་དོན་གྲུབ། དྲི་མི་ཟད་པ་མི་བསྐྱོད་པར་བསྒོམ་མོ། །རབ་ཏུ་རྒྱུ་བའི་རླུང་རོའི་རང་བཞིན་རོ་རྡོ་རྗེ་མར་བསྒོམས་ཏེ། དེ་ལ་རོ་མངར་བ་རོ་རྡོ་རྗེ་མའི་རྣམ་སྣང༌། བསྐ་བ་རིན་འབྱུང༌། ལན་ཚྭ་སྣང་མཐའ། ཁ་བ་མི་བསྐྱོད་པ། རོ་ཚ་སྐྱུར་སོགས་རོ་དྲུག་གི་བྱེ་བྲག་རྣམས་དོན་གྲུབ་ཏུ་བསྒོམ་མོ། །ངེས་པར་རྒྱུ་བའི་རླུང་རེག་བྱའི་རང་བཞིན་རེག་རྡོ་རྗེ་མར་བསྒོམས་ཏེ། དེ་ལ་སྟན་གཅིག་ལ་གནས་པའི་རེག་བྱ་ནི། རེག་རྡོ་རྗེ་མའི་རྣམ་སྣང༌། འཁྱུད་པའི་རེག་བྱ་རིན་འབྱུང༌། འོ་བྱེད་པའི་རེག་བྱ་སྣང་མཐའ། རྔུབ་པའི་རེག་བྱ་དོན་གྲུབ། དབང་པོ་གཉིས་སྦྱོར་གྱི་རེག་བྱ་མི་བསྐྱོད་པར་བསྒོམ་མོ། །ཡེ་ཤེས་ལྔ་ནི་ཐམས་ཅད་ཀྱི་དབྱེ་གཞི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་སྟེ་རིགས་བརྒྱ་ཡིན་ལ། ཇི་ལྟར་དུ་བསྒོམ་པའི་ཚུལ་ཡང་བསྐྱེད་རིམ་ལྟར་ལྷར་བསྐྱེད་ནས་བསྒོམ་པ་མ་ཡིན་གྱི། སྨན་པ་མཁས་པ་ནགས་སུ་ཞུགས་པས་ཅི་མཐོང་སྨན་དུ་ངོ་ཤེས་པ་ལྟར། གང་སྣང་སངས་རྒྱས་ཀྱི་རང་བཞིན་དུ་ཤེས་པར་བྱས་ནས་བསྒོམ་མོ་ཞེས་གསུང་ཡང༌། བསྐྱེད་རིམ་ལྟར་མངོན་བྱང་ལྔ་སོགས་ལས་བསྐྱེད་ནས་མི་བསྒོམ་པ་ཡིན་གྱི། སྐད་ཅིག་གིས་བསྐྱེད་ནས་ཞལ་ཕྱག་གི་རྣམ་པར་ཤར་བ་ངེས་པར་དགོས་སོ། །གཉིས་པ་འབྲིང་པོ་རིགས་ལྔར་བསྒོམ་པ་ནི། དེ་རྣམས་ཐམས་ཅད་བསྡུ་ན་ནི། འབྱུང་བཞི་རྣམ་ཤེས་དང་ལྔར་འདུ་བའི་ཕྱིར། རྣམ་སྣང་དུ་བསྒོམ་རྒྱུ་ཉི་ཤུ་སའི་ཁམས། རིན་པོ་ཆེའི་རིགས་ཉི་ཤུ་མེའི་ཁམས། པདྨའི་རིགས་ཉི་ཤུ་ཆུའི་ཁམས། ལས་ཀྱི་རིགས་ཉི་ཤུ་རླུང་གི་ཁམས། རྡོ་རྗེའི་རིགས་ཉི་ཤུ་རྣམ་ཤེས་ཀྱི་ཁམས་ཏེ། གསང་བའམ་དེ་ཁོ་ན་ཉིད་ལྔ་སངས་རྒྱས་ལྔའི་བདག་ཉིད་དུ་བསྒོམ་མོ། །གསུམ་པ་བསྡུས་པ་རིགས་གསུམ་དུ་བསྒོམ་པ་ནི། དེ་ཡང་བསྡུ་ན་རྣམ་སྣང་དང་རིན་འབྱུང་གཉིས་སྐུ་རྡོ་རྗེ། སྣང་མཐའ་དང་དོན་གྲུབ་གཉིས་གསུང་རྡོ་རྗེ། མི་བསྐྱོད་པ་དང་དྲུག་པ་རྡོ་རྗེ་འཆང་གཉིས་ཐུགས་རྡོ་རྗེ་སྟེ། དེ་གསུམ་རང་གི་ལུས་ངག་ཡིད་གསུམ་དུ་འདུས་པ་མོས་པར་བྱས་ལ་བསྒོམ་མོ། །ཉམས་སུ་བླང་བའི་ཚུལ་ནི། བསམ་གཏན་གྱི་ཁང་པར་འབོལ་བའི་སྟན་ལ་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅས། ལག་པ་མཉམ་གཞག སྒལ་ཚིགས་དྲང་པོར་བསྲང༌། མིག་ཐད་ཀར་འབྱེད་འཛུམས་མེད་པ། སོ་དང་མཆུ་མཉམ་པར་བྱ་སྟེ། ལུས་གནད་དེ་ལྟ་བུ་ལ་གནས་པས་དམིགས་པ་དང་པོ། རང་ཉིད་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་མཚན་ཉིད་རང་གི་སེམས་རང་བཞིན་གྱིས་དག་པའི་བདག་ཉིད་དུ་མོས་པ་བསྟེན་པས་རྡོ་རྗེ་གསུམ་གྱི་ངོ་བོ་གསང་ཆེན་རིགས་གཅིག་པ་རྡོ་རྗེ་འཆང་ཆེན་པོ་ཞལ་ཕྱག་གི་རྣམ་པ་ཅན་དུ་སྐད་ཅིག་གིས་གསལ་བཏབ་ལ་ཡིད་རྩེ་གཅིག་ཏུ་མཉམ་པར་གཞག་པས། སྔར་བསྐྱེད་རིམ་གོམས་པའི་སྟོབས་ཀྱིས་རང་ཉིད་ལྷ་སྐུར་གསལ་བར་འགྱུར་རོ། །གལ་ཏེ་རྣམ་པ་མི་གསལ་ན། རྡོ་རྗེ་འཆང་ཆེན་པོའི་ཙ་ཀ་ལིའམ་ཐང་སྐུ་རང་གི་མདུན་དུ་བཞག་ལ། དེ་ལ་བལྟས་ཤིང་གསལ་བཏབ་ལ་བརྟན་པར་གྱུར་གྱི་བར་དུ་བསྒོམ་མོ། །དེ་ལ་བརྟེན་ནས་སྔར་བཤད་པ་བཞིན་རིགས་གསུམ་གྱི་བདག་ཉིད་དུ་བསྒོམ། དེ་ལ་བརྟེན་ནས་རིགས་ལྔར་བསྒོམ། དེ་ལ་བརྟེན་ནས་རིགས་བརྒྱར་བསྒོམ། དེ་རྣམས་ལ་བརྟེན་ནས་ཁམས་གསུམ་པ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དུ་བསྒོམ་མོ། །དྲུག་པ་མཐར་ཕྱིན་པའི་ཚད་ནི། མཉམ་རྗེས་གཉིས་ཀ་ལ་ཁམས་གསུམ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་གསང་ཆེན་རིགས་གཅིག་ཏུ་ང་རྒྱལ་བརྟན་པར་འགྱུར་བའོ། །བདུན་པ་ཕན་ཡོན་ནི། ཐ་མལ་གྱི་རྣམ་རྟོག་ཕྲ་ཞིང་ཕྲ་བ་སྤང་བ་དང༌། ངག་དབེན་བསྒོམ་པ་ལ་ཕྱོགས་པར་འགྱུར་བ་དང༌། འབྲས་བུའི་དུས་སུ་གཟུགས་ཀྱི་སྐུ་ཐོབ་པར་འགྱུར་བ་ལ་སོགས་པའོ།། ༈ །།གཉིས་པ་དངོས་གཞི་ངག་རྣམ་པར་དབེན་པ་ལ་དྲུག་སྟེ། དང་པོ་རྟེན་གྱི་གང་ཟག་ནི། ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་མཐར་ཕྱིན་ནས། ངག་དབེན་བསྒོམ་པ་ལ་འདོད་པ་ཡོད་པའོ། །གཉིས་པ་ཤེས་བྱ་ནི། སྒྲའི་དེ་ཉིད་ནམ་མཁའ་དང་མཉམ་པ་དང༌། རླུང་གི་དེ་ཉིད་འཇུག་གནས་ལྡང་གསུམ་དང༌། སྔགས་ཀྱི་དེ་ཉིད་ཡི་གེ་འབྲུ་གསུམ་དབྱེར་མེད་དུ་གཞི་དུས་ན་གནས་པ་ལྟར་ཤེས་པར་བྱ་བ་སྟེ། དེ་ལ་རླུང་གི་གཙོ་བོ་ལྔ་སྟེ། སྲོག་རླུང་སྙིང་ག་ན། ཐུར་སེལ་འདོམས་ན། གྱེན་རྒྱུ་ལྐོག་མ་ན། མེ་དང་མཉམ་དུ་གནས་པ་ལྟེ་བ་ན། ཁྱབ་བྱེད་ཚིགས་ཐམས་ཅད་ན་གནས་སོ། །དེ་བཞིན་དུ་ཡན་ལག་གི་རླུང་ཡང་ལྔ་སྟེ། རྒྱུ་བའི་རླུང་མིག་ལ་གནས་ནས་གཟུགས་མཐོང་བའི་བྱ་བ་བྱེད་ལ། དེ་བཞིན་དུ་རྣམ་པར་རྒྱུ་བ་རྣ་བ་ལ་གནས་ནས་སྒྲ། ཡང་དག་པར་རྒྱུ་བ་སྣ་ལ་གནས་ནས་དྲི་རབ་ཏུ་རྒྱུ་བ་ལྕེ་ལ་གནས་ནས་རོ། ངེས་པར་རྒྱུ་བ་མཚན་མ་ལ་གནས་ནས་རེག་བྱ་ཐམས་ཅད་རིགས་པའི་བྱ་བ་བྱེད་དོ། །རླུང་བཅུ་པོ་འདི་རྣམས་བུད་མེད་ཀྱི་པདྨ་དང༌། སྐྱེས་པའི་རྡོ་རྗེའི་སྣ་ལས་བྱུང་ནས་སྟེང་དུ་སོང་སྟེ། ཀུན་རྫོབ་ཀྱི་སྣ་སྒོ་ནས་དཀྱིལ་འཁོར་བཞིའི་རླུང་དུ་འགྱུར་ཏེ། སྣ་གཡོན་ནས་རླུང་གི་དཀྱིལ་འཁོར་མདོག་ལྗང་སེར། དོན་གྲུབ་ཀྱི་ངོ་བོ་དགུ་བརྒྱ་པ་ཕྲག་གཅིག་རྒྱུ། གཡས་ནས་མེ་རླུང་དམར་པོ་འོད་དཔག་མེད་ཀྱི་རང་བཞིན། སྣ་གཉིས་ཀ་ནས་ས་རླུང་སེར་པོ་རིན་འབྱུང་གི་རང་བཞིན། དལ་ཞིང་རྒྱུ་བ་བུལ་བ་ཆུ་རླུང་དཀར་པོ་མི་བསྐྱོད་པའི་རང་བཞིན་དགུ་བརྒྱ་པ་ཕྲག་གཅིག་རྒྱུའོ། །ཁྱབ་བྱེད་ཀྱི་རླུང་ནི་དཀྱིལ་འཁོར་བཞི་ཆར་ལ་ཁྱབ་པའི་རླུང་སྟེ། ད་ལྟ་མི་རྒྱུ་ཞིང་འཆི་བའི་དུས་སུ་དགུ་བརྒྱ་པ་ཕྲག་གཅིག་རྒྱུའོ། །དེ་ལྟར་མགོན་པོ་རེ་རེའི་རླུང་རྒྱུ་བ་ན། ལྷ་མོའི་རླུང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་ཞིང༌། དཀྱིལ་འཁོར་རེ་རེ་ཡང་འཇུག་ནས་ལྡང་གསུམ་དུ་ཡོད་ལ། ཡི་གེ་གསུམ་གྱི་སྐད་གདངས་སུ་གནས་པ་ནི་རླུང་གི་དེ་ཁོ་ན་ཉིད་དོ། །ཨཱ་ལི་ཀཱ་ལི་ལས་བྱུང་བའི་སྔགས་རྣམས་ཀྱི་དེ་ཁོ་ན་ཉིད་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །སྔགས་ཀྱི་སྒྲ་ཐམས་ཅད་ཨའི་རིགས་སུ་གྱུར་པ་དང༌། ཨ་རྒྱུར་གྱུར་པ་དང༌། ཨ་ལས་ངེས་པར་བྱུང་བ་སྟེ། ངག་ཐམས་ཅད་སྟོང་པ་ཉིད་ལས་བྱུང་ཞིང༌། སྟོང་པ་ཉིད་ལ་ཐིམ་པ་ནམ་མཁའ་དང་མཉམ་པར་ཤེས་པར་བྱ་བ་ནི་སྒྲའི་དེ་ཁོ་ན་ཉིད་དོ། །གསུམ་པ་སྤང་བྱ་ནི་ཕྱི་རོལ་གྱི་ངག་གི་བཟླས་པ་དང༌། ཐ་མལ་པའི་དུས་ཀྱི་ངག་དང་རླུང་གི་རྒྱུ་བ་དང༌། རླུང་སྔགས་ཡི་གེ་ཐ་དད་དུ་བཟླས་པ་རྣམས་སོ། །བཞི་པ་གཉེན་པོ་ཉམས་ལེན་གྱི་རིམ་པ་ལ་གསུམ་སྟེ། རང་བཞིན་གྱི་རླུང་ལ་བསླབ་པ། ཐབས་མགོན་པོ་བཞིའི་རླུང་ལ་བསླབ་པ། ཤེས་རབ་ལྷ་མོ་རྣམས་ཀྱི་རླུང་ལ་བསླབ་པའོ། །དང་པོ་ནི། སྔར་གྱི་བསྒོམས་པའི་གནས་སུ་རྐང་པ་སྐྱིལ་ཀྲུང་སོགས་ལུས་གནད་སྔར་བཞིན་བཅས། དེ་ནས་རང་རྡོ་རྗེ་འཆང་གི་ང་རྒྱལ་གྱིས་རླུང་སྔགས་སྟོང་པ་དབྱེར་མེད་དུ་ཤེས་པའི་སྒོ་ནས་རླུང་ནང་དུ་འཇུག་པ་ཨོཾ། ནང་དུ་གནས་པ་ཨཱཿ ཕྱིར་ལྡང་བ་ཧཱུྃ་གི་སྒྲར་ཤེས་པའི་སྒོ་ནས། རང་བཞིན་གྱི་རྡོ་རྗེ་བཟླས་པ་ལ་སྐད་ཅིག་ཀྱང་མ་ཡེངས་པར་ཤེས་པ་གཏད་ལ་བསྒོམ། དེ་ལྟར་ཐུན་བཞིར་ཞག་བདུན་ཙམ་བསྒོམས་པས་རླུང་གི་ཁ་དོག་དང༌། རྒྱུ་ས་མཐོང་བ་དང༌། རླུང་གཡས་ནས་གཡོན་དུ་འཕོ་བ་དང༌། མགོན་པོ་བཞིའི་རླུང་གང་རྒྱུ་བ་ངོ་ཤེས་པ་འབྱུང་ངོ༌། །གལ་ཏེ་འབད་པ་ཆེན་པོ་བྱས་ཀྱང་རླུང་རྒྱུ་བ་མི་གསལ་ན། རས་བལ་སོབ་པོས་སྣ་བུག་ཅུང་ཟད་བཀག་ན་རྒྱུ་བ་གསལ་གསུང༌། ཁ་ཟས་བཅུད་ཅན་དང༌། སྤྱོད་ལམ་དལ་བར་བྱའོ། །གཉིས་པ་ནི། དེ་ལྟར་རང་བཞིན་གྱི་བཟླས་པས་རླུང་གི་རྒྱུ་ཚུལ་དང༌། ཁ་དོག་ལ་སོགས་པ་ངེས་ནས་ཐབས་ཀྱི་རྒྱུ་བ་ལ་བསླབས་ཏེ། དེ་ཡང་སྔར་བཞིན་ནང་དུ་འཇུག་པ་ཨོཾ་དང༌། གནས་པ་ཨཱཿདང༌། ཕྱིར་ལྡང་བ་ཧཱུྃ་གི་སྒྲར་ཤེས་པའི་སྒོ་ནས། གྱེན་རྒྱུ་མེའི་དཀྱིལ་འཁོར་ཁ་དོག་དམར་པོ་པདྨ་མགོན་པོའི་རང་བཞིན་དུ་སྣ་སྒོ་གཡས་ནས་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་ལ་བསླབ། དེ་ནས་ཐུར་སེལ་རླུང་གི་དཀྱིལ་འཁོར་ནག་པོ་ལས་ཀྱི་མགོན་པོའི་རང་བཞིན་སྣ་སྒོ་གཡོན་པ་ནས་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་ལ་བསླབ། དེ་ནས་མེ་དང་མཉམ་གནས་སའི་དཀྱིལ་འཁོར་སེར་པོ་རིན་ཆེན་མགོན་པོའི་རང་བཞིན་སྣ་སྒོ་གཉིས་ཀ་ནས་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་ལ་བསླབ། དེ་ནས་སྲོག་འཛིན་ཆུའི་དཀྱིལ་འཁོར་དཀར་པོ་རྡོ་རྗེ་མགོན་པོའི་རང་བཞིན་དལ་ཞིང་མི་གསལ་བ་དགུ་བརྒྱ་པ་ཕྲག་གཅིག་ལ་བསླབས་པས་རང་རང་གི་དཀྱིལ་འཁོར་གྱི་ཁ་དོག་དང་ཚད་དང་རྣམ་པ་ངེས་པར་འགྱུར་བས་དེ་མ་བྱུང་གི་བར་དུ་བསྒོམ་མོ། །གསུམ་པ་ནི་དེ་ལྟར་ཐབས་ཀྱི་རྒྱུ་བ་ལ་བསླབ་པའི་རྗེས་སུ་ཤེས་རབ་ཀྱི་རྒྱུ་བ་ལ་བསླབས་ཏེ། དེ་ཡང་ཐབས་མགོན་པོ་རེ་རེ་རྒྱུ་བ་ན་ཤེས་རབ་ལྷ་མོ་བཞི་བཞི་རྒྱུ་བ་ཡིན་ཏེ། སྔར་གྱི་གཡས་པ་ནས་མེའི་དཀྱིལ་འཁོར་པདྨ་མགོན་པོའི་རླུང་དམར་པོ་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བའི་ཕྱིར་དེ་ལ། བྱེ་བྲག་ཏུ་ཕྱེ་ན་བཞིར་འགྱུར་ཏེ། དང་པོ་གོས་དཀར་མོ་མེའི་ཁ་དོག་དམར་པོའི་དམར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེང་དུ་རྒྱུའོ། །དེའི་ཚེ་རླུང་དམར་པོའི་དམར་པོ་གྱེན་དུ་ཕྲ་མོར་རྒྱུ་བ་དེ་ཉིད་ལ་ཤེས་པ་གཏད་ལ། ནང་དུ་འཇུག་པ་ཨོཾ། གནས་པ་ཨཱཿ ཕྱིར་འགྲོ་བ་ཧཱུྃ་གི་སྒྲར་ཤེས་པར་བྱས་ལ། སྔར་བཞིན་དུ་བཟླ། དེ་ནས་སྒྲོལ་མ་མེའི་རླུང་ཁ་དོག་དམར་པོའི་ནག་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་བསྲེགས་ལ་རྒྱུ་བ་ལ་བསླབ། དེ་ནས་སྤྱན་མ་མེའི་ས་ཁ་དོག་དམར་པོའི་སེར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐད་ཀར་རྒྱུ་བ་ལ་བསླབ། དེ་ནས་མཱ་མ་ཀཱི་མེའི་ཆུ་དམར་པོའི་དཀར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་འོག་ཏུ་རྒྱུ་བ་ལ་བསླབ། དེ་བཞིན་དུ་དཀྱིལ་འཁོར་གཞན་གསུམ་པོ་ལ་ཡང༌། ཤེས་རབ་ཀྱི་རྒྱུ་བ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ལྔར་ཤེས་པར་བྱས་ལ་བསླབ། དེ་ལྟར་ཕྱོགས་བཞིའི་དབང་གིས་རླུང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཚན་པ་བཞི་སོང་བ་ན། ཐམས་ཅད་བསྡོམས་པས་རླུང་དགུ་བརྒྱ་པ་ཕྲག་གཅིག་ཏུ་འགྱུར་རོ། །དེ་ལྟར་བསྒོམས་པས་ལྷ་མོ་རྣམས་ཀྱི་རླུང་རྒྱུ་ཚུལ་དང༌། ཚད་ལ་སོགས་པ་མཐོང་བ་དང༌། འབྱུང་འཇུག་གཉིས་ཆ་ཕྲི་ནས་རླུང་གནོད་པ་མེད་པར་ནང་དུ་བསྡམས་ནུས་པ་སྟེ། དེ་ཡང་རླུང་གི་རླུང་རྒྱུ་བའི་དུས་སུ་ཕྱི་རོལ་དུ་རྒྱུ་བ་བཀག་ནས་ནང་དུ་བསྡམས་ན། ནམ་མཁའ་ལ་འཕུར་བ་དང༌། དེ་བཞིན་དུ་མེ་རླུང་རྒྱུ་བའི་དུས་སུ་ཕྱིར་འགྲོ་བ་བཀག་ན་ཕྱི་རོལ་གྱི་རླུང་ལ་སོགས་པས་གྲང་བའི་གནོད་པ་མི་འབྱུང་བ་དང༌། ས་རླུང་རྒྱུ་བའི་དུས་སུ་ཕྱིར་འགྲོ་བ་བཀག་ན། གྱད་ལ་སོགས་པས་བསྒུལ་མི་ནུས་པ་དང༌། ཆུ་རླུང་རྒྱུ་བའི་དུས་སུ་ཕྱིར་འགྲོ་བ་བཀག་ནས་ནང་དུ་བསྡམས་ན། མེ་ལ་སོགས་པས་ཚིག་པར་མི་འགྱུར་རོ། །ལྔ་པ་མཐར་ཕྱིན་པའི་ཚད་ནི་རྡོ་རྗེའི་བཟླས་པ་གོམས་པས་རང་གི་ཁམས་ཆ་མཉམ་པ་དང༌། རེག་པ་བདེ་བ་དང༌། རླུང་གཡས་གཡོན་སྤོ་ནུས་པ་དང༌། ཕྱི་ནང་གི་རླུང་བསྲེ་ནུས་པ་ལ་སོགས་པ་རླུང་ལས་རྣམ་པར་རྒྱལ་བའི་ཡོན་ཏན་རྣམས་ཐོབ་པ་ཡིན་ནོ། །དྲུག་པ་ཕན་ཡོན་ནི་རླུང་གི་རྣལ་འབྱོར་མཐར་ཕྱིན་པས་འབྲས་བུའི་དུས་སུ་དེ་བཞིན་གཤེགས་པའི་གསུང་རྣམ་པར་དག་པ་འགྲུབ་པ་དང༌། འཇིག་རྟེན་གྱི་ཆོས་བརྒྱད་ཟིལ་གྱིས་གནོན་པར་འགྱུར་བ་དང་རླུང་དབང་དུ་འདུས་པས་སེམས་དབེན་གྱི་ཡེ་ཤེས་སྐྱེ་བར་འགྱུར་བ་དང༌། ཟུང་འཇུག་གི་སྐབས་སུ་ཞི་བ་ལ་སོགས་པའི་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །གཉིས་པ་སེམས་རྣམ་པར་དབེན་པ་ལ་ལྔ་ལས་བསྒོམ་པའི་གང་ཟག་ནི། ངག་དབེན་མཐར་ཕྱིན་པས་རླུང་ནང་དུ་བསྡམ་ནུས་པའོ། །གཉིས་པ་ཤེས་བྱ་ནི་ཆོས་ཐམས་ཅད་རང་རིག་པ་བདེ་བ་ཆེན་པོའི་རྣམ་པ་ཡིན་ལ། སེམས་དེ་ཡང་སྟོང་པ་ཉིད་ལས་བྱུང་ཞིང་སྟོང་པ་ཉིད་དུ་ཐིམ་པར་འགྱུར་བས་ན་ནམ་མཁའ་དང་འདྲ་བར་ཤེས་པར་བྱའོ། །གསུམ་པ་སྤང་བྱ་ནི་གཟུང་འཛིན་གྱི་རྣམ་རྟོག་གིས་བསྡུས་པའི་རང་བཞིན་བརྒྱད་ཅུའོ། །བཞི་པ་སོ་སོའི་མཚན་ཉིད་ལ་གཉིས་ཏེ་གཞི་ཆོས་ཅན་གཏན་ལ་དབབ་པ་ཤེས་བྱ་ཡེ་ཤེས་ཀྱི་མཚན་ཉིད་བསྟན་པ་དང༌། སེམས་ཀྱི་དེ་ཉིད་མངོན་དུ་བྱ་བའི་ཕྱིར་རྣལ་འབྱོར་པས་ཉམས་སུ་མྱོང་བའི་སེམས་ལ་དམིགས་པའི་ཡེ་ཤེས་གཉིས་སུ་འདུ། ཕྱི་མ་འདི་ལ་དབྱེ་ན་གཉིས་ཏེ། སེམས་ཀྱི་ཆོས་ཅན་ཀུན་རྫོབ་རིག་པའི་ཡེ་ཤེས་དང༌། སེམས་ཀྱི་ཆོས་ཉིད་དོན་དམ་པའི་བདེན་པ་རིག་པའི་ཡེ་ཤེས་སོ། །དང་པོ་ནི། ཆོས་ཐམས་ཅད་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བར་རིག་པའི་དཔེའི་རྣམ་པ་ཉམས་སུ་མྱོང་བ་སྟེ། ཀུན་རྫོབ་ཀྱི་བདེན་པའི་སྔོན་དུ་འགྲོ་བའོ། །སེམས་ཀྱི་ཆོས་ཉིད་དོན་དམ་པའི་བདེན་པ་རིག་པའི་ཡེ་ཤེས་ནི། ཐམས་ཅད་སྟོང་པ་འོད་གསལ་བ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་སེམས་དང༌། ལྷའི་སྐུར་མངོན་པར་ཞེན་པ་སྤངས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ་འོད་གསལ་གྱི་སྐབས་སུ་ཤེས་པར་བྱའོ། །འདིར་ཀུན་རྫོབ་པའི་རང་རིག་པའི་ཡེ་ཤེས་དེ་རྟོགས་དགོས་ཏེ། དེ་ཡང་རང་རིག་པའི་བདེ་བ་རབ་འབྲིང་གསུམ་སྟེ། ཐོག་མར་གཟུང་བ་དང་འཛིན་པའི་རྣམ་རྟོག་གིས་སྟོང་ཞིང་བདེ་བའི་རྣམ་པར་སྐྱེས་པ་ནི་སྣང་བའི་ཡེ་ཤེས་སོ། གཟུང་འཛིན་གྱི་རྟོག་པ་ཆེས་སྟོང་ཞིང་ཀུན་དུ་བདེ་བའི་རྣམ་པ་སྐད་ཅིག་ནི་སྣང་བ་མཆེད་པའི་ཡེ་ཤེས་སོ། །དེ་བས་ཀྱང་གཟུང་འཛིན་གྱི་རྣམ་རྟོག་ཆེས་སྟོང་ཞིང་བདེ་བ་ཆེན་པོའི་རྣམ་པ་ཉམས་སུ་མྱོང་བ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །དེ་དག་སྒྲུབ་པའི་རིམ་པ་བསྒོམ་པ་ལ་གཉིས་ཏེ། ཕྱག་རྒྱ་ལ་མི་ལྟོས་པ་སྟེང་སྒོ་ལ་བརྟེན་པའི་ཐབས་དང༌། ལྟོས་པ་འོག་སྒོ་ལ་བརྟེན་པའི་ཐབས་སོ། །དང་པོ་ནི། བསམ་གཏན་གྱི་ཁང་པར་ཐུན་བཞིའི་ངེས་པས་ལུས་གནད་བདེ་བར་བཅས་ལ། རང་རྡོ་རྗེ་འཆང་གི་ང་རྒྱལ་ལ་གནས་པས་འདི་ལྟར་བསམས་ཏེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཡི་གེ་ཨོཾ་དཀར་པོ་གཅིག་བསམས་ལ། ཡིད་རྩེ་གཅིག་ཏུ་མཉམ་པར་གཞག་གོ །དེ་ལ་ཨོཾ་ནི་ཤེས་རབ་ཀྱི་རང་བཞིན། དེ་ལ་དམིགས་པའི་སེམས་རིག་པ་གསལ་བ་ནི་ཐབས་ཏེ། དེ་ལྟ་བུའི་ཐབས་ཤེས་ཀྱི་སྙོམས་འཇུག་དང༌། རླུང་ནང་དུ་གནས་པའི་སྟོབས་ཀྱིས་ཨོཾ་ལས་འོད་དཀར་ལ་བསིལ་བ་བྱུང༌། ཨ་བ་དྷཱུ་ཏཱིར་ཞུགས། སྤྱི་བོའི་ཧཾ་ལས་ཕོག་པས་དེ་ལས་བྱང་ཆུབ་ཀྱི་སེམས་དཀར་ནར་གྱིས་བྱུང་སྟེ། སྙིང་གའི་ཨོཾ་ལ་ཕོག་པ་དང༌། ཨོཾ་ཤེས་པའི་ངོ་བོ་དེ་གསལ་ཞིང་བདེ་བ་གཟུང་འཛིན་གྱིས་སྟོང་པ་རིག་པ་གསལ་བའི་ངོ་བོར་བསྒོམ་མོ། །དེ་ཅི་ཙམ་གནས་ཚད་དུ་བསྒོམས་ལ་སྐྱོ་ན་འཕྲོ་བཅད། དེ་ལྟར་ཐུན་གསུམ་མམ་བཞི་ལ་སོགས་པ་བཅད་ཅིང་བསྒོམས་པས་འབད་རྩོལ་ལ་མི་ལྟོས་པར་དྲན་པ་ཙམ་གྱིས་བདེ་བ་སྐྱེ་ཞིང་ཇི་ཙམ་འདོད་པར་བཟུང་ནུས་པ་ནི་སྣང་བའི་ཡེ་ཤེས་བསྒོམ་པའོ། །དེ་ནས་སྔར་གྱི་ཟླ་བའི་དཀྱིལ་འཁོར་དེ་ཉི་མར་བསྒྱུར། པདྨ་རྡོ་རྗེ་རྩེ་ལྔ་པར་བསྒྱུར་ལ། ཉི་མ་རྐྱང་པའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དམར་པོ། དེའི་ལྟེ་བར་ཡི་གེ་ཨ་ཐིག་ལེ་གཉིས་ཀྱིས་གློང་བརྒྱན་པར་བསམ། དེ་ཡང་དམིགས་རྟེན་ཤེས་རབ་ཀྱི་རང་བཞིན། དེ་ལ་དམིགས་པའི་རིག་པ་གསལ་བ་ཐབས་ཏེ། དེ་གཉིས་སྙོམས་འཇུག་བྱས་པས་ཉི་མའི་འོད་ཟེར་ལྟ་བུ་ཚ་ལ་རྣོ་བ་བྱུང་སྟེ། དྷཱུ་ཏཱི་ནས་ཞུགས། སྤྱི་བོའི་ཧཾ་ལ་ཕོག་པས་བྱང་སེམས་སྔར་བཞིན་བྱུང༌། སྙིང་གའི་ཡི་གེ་དང་རྡོ་རྗེ་ལ་ཐིམ་པས་སྔར་གྱི་ཉམས་ལས་ཆེས་གསལ་བ་ཉི་མའི་དཀྱིལ་འཁོར་ལྟ་བུ་རིག་པ་གསལ་ཞིང་བདེ་བ་གཟུང་འཛིན་གྱིས་སྟོང་པའི་རང་རིག་པ་གསལ་བར་བསྒོམས་ཏེ། སྣང་བ་མཆེད་པའི་ཡེ་ཤེས་བསྒོམ་པའོ། །དེ་ནས་སྙིང་གར་དམིགས་རྟེན་གཞན་མེད་པར་ཨ་ཐུང་རྐྱང་པ་བསམ། དེ་ཡང་ཨ་ཐུང་ཤེས་རབ་ཀྱི་རང་བཞིན། དེ་ལ་ཐབས་ཀྱི་རང་བཞིན་དམིགས་པའི་སྙོམས་འཇུག་བྱས་པས་འོད་ཟེར་མི་གསལ་བ་མོག་གེ་བ་སྤྲོས། དྷཱུ་ཏཱིར་ཞུགས། སྤྱི་བོའི་ཧ་ལ་རེག་དེ་ལས་བྱང་སེམས་བབས་པས་སྙིང་གར་ཨ་ཐུང་ལ་ཐིམ་པས། སེམས་སྔར་བས་ཆེས་ཆེར་བདེ་ཞིང༌། རང་རིག་པ་གསལ་བར་བསྒོམས་ཏེ། ཉེ་བར་ཐོབ་པའི་ཡེ་ཤེས་བསྒོམ་པའོ། །ཐུན་ཚད་དང་ཐུན་གྲངས་སོགས་སྔར་དང་འདྲ་བར་བྱ་ཞིང་ཟླ་བ་གཅིག་ཙམ་གྱི་བར་དུ་བསྒོམས་པས་རང་བཞིན་བརྒྱད་ཅུའི་རྟོག་པ་མངོན་གྱུར་པར་འགགས་ནས། སེམས་ཀྱི་ཀུན་རྫོབ་པའི་མཚན་ཉིད་རང་རིག་རང་གསལ་བདེ་བ་ཆེན་པོའི་རྣམ་པར་འཆར་བར་འགྱུར་རོ། །དེ་ནས་ལུགས་བཟློག་ཏུ་བསྒོམ་པར་བྱ་སྟེ། སྔར་གྱི་ལུགས་འབྱུང་ཚུལ་བཞིན་དུ་བསྒོམས་པའི་རྗེས་ལ། སྙིང་གའི་ཨ་ཐུང་ལས་གདན་ཉི་མ་ཅིག་སྤྲོས། དེའི་སྟེང་དུ་རྡོ་རྗེ། དེའི་ལྟེ་བ་ལ་ཨཿཚེག་དྲག་ཅན་བསམས་ལ། མཆེད་པའི་ཡེ་ཤེས་སྔར་བཞིན་དུ་བསྒོམ་མོ། །དེ་ནས་ཡང་ཨཿཚེག་དྲག་ཅན་དེ་ཨོཾ་དུ་བསྒྱུར་ཞིང༌། རྡོ་རྗེ་དེ་པདྨ་དམར་པོར་བསྒྱུར་ལ། ཉི་མ་ཟླ་བར་བསྒྱུར་ནས་སྣང་བའི་ཡེ་ཤེས་སྔར་བཞིན་དུ་བསྒོམ་མོ། །དེ་ལྟར་ལུགས་འབྱུང་དང་ལུགས་བཟློག་སྤེལ་མར་བསྒོམས་པས་མཉམ་གཞག་དང༌། རྗེས་ཐོབ་གཉིས་ཀ་ལ་རྟོག་པ་ཁྱད་མེད་པར་གྱུར་ན། སེམས་དབེན་བསྒོམ་པའི་དམིགས་པ་མཐར་ཕྱིན་པའོ། །ཚུལ་འདི་སྤྱོད་པ་བསྡུས་པའི་སྒྲོན་མེའི་དགོངས་པ་ཅི་ལྟ་བ་བཞིན་དུ་སྣང་ཞིང༌། རབ་ཏུ་བྱུང་བ་ཚངས་སྤྱོད་ཀྱི་རྟེན་ལ་གནས་པ་རྣམས། འདི་ཁོ་ན་ལྟར་བསྒོམ་པར་བྱ་བ་ཡིན་ནོ། །གལ་ཏེ་ཕྱག་རྒྱ་ལ་བརྟེན་པའི་རྣལ་འབྱོར་པ་ཡིན་ན་འོག་སྒོ་ལ་བརྟེན་ནས་སེམས་བདེ་བ་ཆེན་པོར་བསྒོམས་ཏེ། དེ་ཡང་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་དགེ་བ་བཅུ་དང་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུད་སྦྱངས་པ། སྒྲུབ་པ་པོ་རང་གིས་དབང་བསྐུར་ཞིང་དམ་ཚིག་དང་སྡོམ་པར་ལྡན་པ། དྲན་པ་གཅིག་པ་དང༌། རྟོག་པའི་རྣལ་འབྱོར་མཐར་ཕྱིན་པ་སྟེ། དེ་ལྟ་བུའི་རིག་མ་དང་གནས་དབེན་པར་འདུག་ལ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས་པས་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ན་གནས་པའི་བྱང་སེམས་རྣམས་རྩ་སོ་གཉིས་སུ་བབས། དེ་རྣམས་རྩའི་གཙོ་བོ་གསུམ་དུ་བབས། དེ་རྣམས་ཀྱང་ཨ་བ་དྡྷུ་ཏཱིར་བབས་ནས་སྙིང་གའི་གནས་སུ་ཕྱིན་པ་དང༌། དེར་བདེ་བ་བཟུང་ལ་བསྒོམ་མོ། །བཟུང་བའི་ཐབས་ནི་གཞན་མི་དགོས་ཏེ་སྔར་ངག་དབེན་གྱི་སྐབས་སུ། རླུང་ལས་རྣམ་པར་རྒྱལ་བ་ཐོབ་པས། ནང་དུ་རླུང་ཟིན་པའི་སྟོབས་ཀྱིས་ཅི་ཙམ་འདོད་ཚད་དུ་ཟིན་པར་འགྱུར་ཏེ། སྣང་བའི་ཡེ་ཤེས་སྒྲུབ་པའོ། །དེ་ལ་ཅི་ཙམ་འདོད་ཀྱི་བར་དུ་བཟུང་བར་ནུས་ཙམ་ན་སླར་ཡང༌། རྡོ་རྗེ་དང་པདྨ་བསྐྱོད་པས་བྱང་སེམས་ནོར་བུའི་རྩ་བར་ཕབ་ལ་བཟུང་བས་སྔར་བས་རྒྱ་ཤིན་ཏུ་ཆེ་བའི་སྣང་བ་མཆེད་པའི་ཡེ་ཤེས་སྐྱེ། དེ་ལ་ཅི་ཙམ་འདོད་ཚད་དུ་སེམས་བཟུང་བར་བྱ་སྟེ། མཆེད་པའི་ཡེ་ཤེས་སྒྲུབ་པའོ། །ཡང་རྡོ་རྗེ་དང་པདྨ་བསྐྱོད་དེ་བྱང་སེམས་རྡོ་རྗེ་ནོར་བུའི་ལྟེ་བར་ཕབ་ལ་དེར་བཟུང་བས། སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སྐྱེ་ལ། དེ་ལ་སེམས་རྩེ་གཅིག་ཏུ་བཞག་ཅིང་བསྒོམས་ཏེ། ཉེར་ཐོབ་ཀྱི་ཡེ་ཤེས་སྒྲུབ་པའོ། །དེའི་རྗེས་ལ་ལུགས་བཟློག་གི་ཚུལ་གྱི་བསྒོམས་པས་མཉམ་གཞག་དང་རྗེས་ཐོབ་ལ་ཁྱད་མེད་པའི་བདེ་བ་སྐྱེ་ཞིང༌། ཕྱག་རྒྱ་མེད་པའི་དུས་སུ་ཡང༌། བདེ་བ་ཚད་དུ་སྐྱེ་ན། སེམས་དབེན་མཐར་ཕྱིན་པའོ། །ལྔ་པ་ཕན་ཡོན་ནི། འབྲས་བུའི་དུས་སུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བ་ཆེན་པོ་འགྲུབ་པ་དང༌། གཞན་གྱི་སེམས་ཤེས་པ་སོགས་ཀྱི་མངོན་ཤེས་སྐྱེ་བ་དང༌། བདག་ལ་བྱིན་གྱིས་བརླབ་པའི་སྒོ་ལ་ཕྱོགས་པ་དང༌། ས་བཅུའི་དབང་ཕྱུག་དང་འདྲ་བ་དང༌། སེམས་ཀྱི་གནས་ལུགས་ཅི་ལྟ་བ་བཞིན་དུ་རྟོགས་པས། ལས་དང་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་གྲོལ་བར་འགྱུར་བ་སྟེ། རིམ་ལྔའི་གཉིས་པར། རང་བཞིན་སྣང་བའི་ཚུལ་གྱིས་ནི། །གང་གི་སྐྱེ་བོའི་ཉོན་མོངས་པ། །དེ་ཉིད་ཤེས་ན་ཡེ་ཤེས་ཅན། །སྲིད་པའི་གཟེབ་ལས་རྣམ་གྲོལ་འགྱུར། །ཞེས་གསུངས་སོ། །ཚིགས་བཅད་འདི་ཡན་འཕགས་པས་མཛད་ལ། ཤེས་རབ་ངོ་བོ་འདི་ཉིད་ནི། །ཞེས་པ་ནས། ཤཱཀྱ་བཤེས་གཉེན་གྱི་ནི་དགེ་བ་གང་བསགས་དེས། །མཁས་ཤིང་གསལ་བའི་རྣམ་སྨིན་བྱང་ཆུབ་སྣོད་འགྱུར་ཤོག །ཅེས་པའི་བར་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་སྔ་མའི་འཕྲོས་ཁ་བསྐངས་པ་ཡིན་ནོ། །ཞེས་རྗེ་འགོས་བཞེད་པ་ཉིད་ཤིན་ཏུ་ལེགས་པ་ཡིན་ནོ། །གཞན་དག་འཕགས་པའི་མཚན་གྱི་བྱེ་བྲག་ཤཱཀྱ་བཤེས་གཉེན་ཡིན་ཟེར་བ་དང༌། རིམ་པ་གཉིས་པ་ཡོངས་སུ་རྫོགས་པར་འཕགས་པས་མཛད་ཀྱང་ཤཱཀྱ་བཤེས་གཉེན་ལ་ཐུགས་དགེས་པས་དེའི་མཛད་བྱང་བཏབ་ཅེས་པ་དང༌། རིམ་པ་གཉིས་པ་འཕགས་པས་མ་མཛད་པར་ཤཱཀྱ་བཤེས་གཉེན་གྱིས་ཕྱིས་བཅུག་པ་ཡིན་ཅེས་པ་རྣམས་ནི་མ་བརྟགས་པར་སྣང་ངོ༌།། ༈ །།གསུམ་པ་ཀུན་རྫོབ་སྒྱུ་ལུས་ནི། དེ་ལྟར་ཞི་གནས་སེམས་གནས་པ་གཙོ་བོར་སྟོན་པའི་ལམ་གཞི་གསུམ་བཤད་ནས། ལྷག་མཐོང་དངོས་པོའི་གནས་ལུགས་རྟོགས་པ་གཙོ་བོར་སྟོན་པ་ལམ་ཕྱི་མ་གསུམ་སྟེ། དེ་ལ་སྒྱུ་མ་ཡུལ་གྱི་སྟོང་ཉིད། འོད་གསལ་སེམས་ཀྱི་སྟོང་ཉིད། ཟུང་འཇུག་ཡུལ་སེམས་གཉིས་མེད་ཀྱི་སྟོང་ཉིད་དང༌། ཡང་ན་ཤེས་བྱའི་གཟུང་བྱ་སྒྱུ་མ། སྒྱུ་མའི་འཛིན་བྱ་འོད་གསལ། དེ་གཉིས་སུ་མེད་པ་ཟུང་འཇུག་ཏུ་ཤེས་དགོས་པས། ལམ་ལྷག་མ་གསུམ་ཅེས་ཀྱང་ཉམས་སུ་བླང་དགོས་སོ། །དེ་ལ་སྒྱུ་མའི་ཏིང་ངེ་འཛིན་དངོས་ལ་བདུན་ལས། དང་པོ་གང་ཟག་ནི་གཞི་གསུམ་མཐར་ཕྱིན་ཅིང་སྒྱུ་མའི་ཏིང་ངེ་འཛིན་ལ་འདོད་པ་ཡོད་པ། ཚོགས་ཀྱི་དཀྱིལ་འཁོར་དུ་ཐུན་མོང་གི་དབང་དགུ་སྔོན་དུ་འགྲོ་བས་གསང་བའི་དབང་བསྐུར་བ་མན་ངག་བཞིན་དུ་ཐོབ་པའོ། །གཉིས་པ་ཤེས་པར་བྱ་བའི་ཡུལ་ནི། ཁམས་གསུམ་ཐམས་ཅད་རླུང་དང་རྣམ་པར་ཤེས་པ་ཙམ་ལས་གྲུབ་པའི་རྡོ་རྗེ་འཆང་གི་སྐུ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པར་ཤེས་པར་བྱའོ། །གསུམ་པ་སྤང་བྱ་ནི། ལྷ་སྐུ་ལ་སོགས་པའི་སྣང་བ་ཐམས་ཅད་ནུབ་པའི་རང་རིག་པའི་བདེ་བ་མྱོང་བ་ཙམ་འབའ་ཞིག་མཆོག་ཏུ་འདོད་པའི་གྲུབ་མཐའ་སྟེ། འདིར་སྒྱུ་མའི་སྐུར་བསྒོམས་པས་ཟུང་འཇུག་གི་དུས་སུ་གཟུགས་ཀྱི་སྐུའི་སྣང་བ་འབྱུང་བའི་ཕྱིར་རོ། །བཞི་པ་མཚོན་བྱེད་ཀྱི་དཔེ་ནི། བདག་བྱིན་གྱིས་བརླབ་པར། མེ་ལོང་ནང་གི་གཟུགས་བརྙན་གྱི། །སྒྱུ་མའི་ལུས་ནི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་གསུངས་པ་ལྟར། དཔེ་ཡི་གཙོ་བོ་རྣམ་པ་གསུམ་སྟེ། སྐད་ཅིག་ཙམ་གྱིས་ཡན་ལག་དང་ཉིང་ལག་རྫོགས་པར་གྲུབ་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྤྱོད་ཡུལ་ཐམས་ཅད་ལ་ཁྱབ་པ་ཆུ་ཟླ་ལྟ་བུ། ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་ཁ་དོག་སོ་སོར་སྣང་བ་འཇའ་ཚོན་ལྟ་བུའོ། །ལྔ་པ་སྒྱུ་མ་གྲུབ་པའི་རྒྱུ་རྐྱེན་ནི་སེམས་དབེན་གྱི་སྣང་བ་གསུམ་ཉེར་ལེན་གྱི་རྒྱུ་ཡིན་ལ། ངག་དབེན་གྱི་རླུང་འོད་ཟེར་ལྔ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཏེ། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མའི་ལུས་ཞེས་དེ་ལ་བྱ། །ཞེས་སོ། །དྲུག་པ་ཏིང་ངེ་འཛིན་ཉམས་སུ་ལེན་པའི་ཚུལ་ལ་མཉམ་རྗེས་གཉིས་ཀྱི། དང་པོ་ལ། གནས་དབེན་པར་མཚམས་དམ་དུ་བསྡམ། སྔར་གྱི་སེམས་དབེན་ཡན་ཆད་ཀྱི་ཏིང་ངེ་འཛིན་བསྒོམས་པ་སྔོན་དུ་སོང་ནས་སྒྱུ་མ་ལྟ་བུ་བསྒོམ་པ་ལ། སྟེང་སྒོ་ལ་བརྟེན་པའི་རྣལ་འབྱོར་པ་ཡིན་ན་སྔར་གྱི་སྟེང་སྒོའི་མན་ངག་ལྟར། ལུགས་བཟློག་གི་སྣང་བ་གསུམ་བསྐྱེད་ལ། རང་གི་སེམས་རང་རིག་རང་གསལ་བདེ་བ་ཆེན་པོ། སྣང་བའི་སེམས་དང་རླུང་ཙམ་ལས་སྐད་ཅིག་གིས་བདག་ཉིད་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེའི་སྐྱིལ་ཀྲུང་ཅན་དཔེའི་གཙོ་བོ་གསུམ་གྱིས་མཚོན་པའི་ཉམས་བདེ་གསལ་གྱི་རང་བཞིན་ཅན་དུ་བསྒོམ། བདེ་བ་མི་གསལ་ན་སེམས་དབེན་གྱི་སྐབས་ལྟར་བདེ་བ་བསྐྱེད་ཀྱིན་བསྒོམ་མོ། །འོག་སྒོ་ལ་བརྟེན་པའི་རྣལ་འབྱོར་པ་ཡིན་ན། ཕྱག་རྒྱ་ལ་བརྟེན་ཏེ་ལུགས་བཟློག་གི་སྣང་བ་གསུམ་བསྐྱེད་ལ། དེ་དང་རླུང་ལས་སྔར་བཞིན་ལྷའི་སྐུར་སྐད་ཅིག་གིས་བསྐྱེད་པ་སོགས་སྔ་མ་དང་འདྲའོ། །དེ་ལྟར་ཐུན་བཞིར་ཡུན་རིང་པོའི་བར་དུ་བསྒོམས་པས། སྒྱུ་མ་ལྟ་བུའི་ལྷའི་སྐུ་ཇི་ལྟར་འདོད་པ་བཞིན་འགྲུབ་པར་འགྱུར་རོ། །ཏིང་ངེ་འཛིན་དེ་གྲུབ་པ་དང་མཚན་མོ་གཉིད་ལོག་ཁར་བདག་གིས་དོ་ནུབ་གཉིད་ཀྱི་དུས་སུ་སེམས་དབེན་གྱི་ཡེ་ཤེས་བསྒོམ་པར་བྱ། རྨི་ལམ་གྱི་དུས་སུ་དེ་ལས་སྒྱུ་མ་ལྟ་བུའི་ལྷའི་སྐུར་ལྡང་བར་བྱ་སྙམ་པའི་འདུན་པས་གཉིད་ལོག་པས། གཉིད་དངོས་ཀྱི་ཚེ་སེམས་དབེན་གྱི་ཡེ་ཤེས་སུ་འགྱུར་ཞིང༌། རྨི་ལམ་དུ་ལངས་པའི་ཚེ་སྒྱུ་མ་ལྟ་བུའི་སྐུར་སྔར་བཞིན་དུ་འབྱུང་བར་འགྱུར་ལ། གཉིད་སད་པའི་ཚེ་མཉམ་གཞག་དང་ཁྱད་མེད་དུ་བསྒོམ་མོ། །དེ་ལྟར་ཡུན་རིང་དུ་སྦྱངས་པས་སད་པའི་དུས་སུ་བསྒོམས་པ་བཞིན་རྨི་ལམ་དུ་ཡང་དེ་དང་ཁྱད་མེད་པ་འབྱུང་སྟེ། གཉིད་ལོག་སད་ལ་དབྱེ་བ་ཡོད་མ་ཡིན། ཞེས་སོ། །གཉིས་པ་རྗེས་ཐོབ་དུ་བྱ་བ་ནི། སྲིད་པའི་དངོས་པོ་ཕྱི་ནང་དུ་བཅས་པ་ཐམས་ཅད་རླུང་སེམས་གཉིས་ལས་གྲུབ་པའི་སྒྱུ་མའི་སྣང་བར་ཤེས་པར་བྱ་སྟེ། དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཐམས་ཅད་དེ་དང་འདྲ་བར་འགྱུར། །ཞེས་སོ། །འདིར་པཎྜི་ཏ་བཙུན་མོ་ཅན་གྱི་མན་ངག་ཏུ་མི་གསལ་ཡང༌། རྗེ་འགོས་ཀྱི་ཉམས་ལེན་གྱི་ཚུལ་འདི་ལྟར་མཛད་དེ། གནས་དབེན་པར་བསམ་གཏན་གྱི་ཁང་པ་གྲུ་བཞི་པ་གཅིག་བྱས་ལ། ཕྱོགས་བཞིར་སྐར་ཁུང་བཞི། སྟེང་དུ་གཅིག་དང་ལྔ་བཏོད། ཕྱོགས་མཐའ་དག་ལ་དཀར་ཞལ་བྱ། སྟེང་འོག་ལ་ཚོན་སྣ་ལྔའི་རི་མོ་བྲི། རིན་པོ་ཆེའི་སྣོད་འོད་ཅན་དང༌། ཤེལ་དང༌། མེ་ལོང་གཡའ་དག་པར་དབྱེ་བ། འོག་ཏུ་ཆུ་སྣོད་མང་པོ་དང༌། རྩོད་ཁུ་ཟངས་ལ་སོགས་པ་རྣམས་བཞག མདུན་དུ་མེ་ལོང་རས་བྲིས་དང༌། རྒྱ་མཉམ་པ་གཅིག་བཞག རྒྱབ་ཏུ་རས་ལ་སོགས་པའི་གཞི་སྔོན་པོ་ལ་རྡོ་རྗེ་འཆང་གི་འདྲ་འབག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཅིག་བྲིས་ལ་བཞག དེ་ལྟར་བྱས་པས་ཉི་མའི་འོད་ཤེལ་ལ་སོགས་པ་ལ་ཕོག་དེའི་འོད་ཆུ་ལ་ཕོག་དེའི་འོད་བྲིས་སྐུ་ལ་ཕོག་དེའི་འོད་མེ་ལོང་ལ་ཤར་བའི་རྡོ་རྗེ་འཆང་གི་འདྲ་འབག་སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ་ལ་ཤེས་པ་གཏད་དོ། །དེ་ཡང་དང་པོར། སེམས་དབེན་གྱི་བདེ་སྟོང་གི་ངང་ལས་སད་པར་བྱས་ལ་བྲིས་སྐུའི་གཟུགས་བརྙན་མེ་ལོང་དུ་ཤར་བ་ལ་སེམས་གཏད། དེ་ལ་སེམས་ཟིན་པ་དང༌། རང་གི་ལུས་དང་དེ་གཉིས་དབྱེར་མེད་དུ་བསྒོམ། དེ་ལྟར་བསྒོམས་པས་སེམས་གོམས་ཙམ་ན་ཐམས་ཅད་སྒྱུ་མའི་སྣང་བར་འཆར་བར་འགྱུར་ཏེ། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་མཚོན་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཞེས་བཤད་དོ། །མན་ངག་འདི་དང་པོ་ཉིད་ནས་བྱེད་ན། ཏིང་ངེ་འཛིན་མྱུར་དུ་སྐྱེ་བའི་རྒྱུར་འགྱུར་ལ། གང་ཟག་འགའ་ཞིག་ལ་རྩོལ་བ་ཆེན་པོས་ཉམས་སུ་བླངས་ཀྱང་སེམས་དབེན་གྱི་རྟོག་པ་ལས་ལྡང་མ་ཐུབ་ན་སྤོགས་ཆོག་གི་ཚུལ་དུ་ཕྱིས་ཉམས་སུ་བླངས་ན་སེམས་རྣམ་པར་དབེན་པའི་བདེ་སྟོང་གི་ཏིང་ངེ་འཛིན་ལས་རྡོ་རྗེ་འཆང་གི་སྐུར་ལྡང་ནུས་པར་འགྱུར་བས་ཤིན་ཏུ་ཟབ་པའི་གདམས་ངག་ཏུ་སྣང་ངོ༌། །བདུན་པ་མཐར་ཕྱིན་པའི་རྟགས་ཚད་དང་ཕན་ཡོན་ནི། རྨི་ལམ་དུ་ཁྱེའུ་དང་བུ་མོ་ལ་སོགས་པས་མཆོད་པ་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་ཁམས་མཐོང་བ་དང༌། སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ་དང༌། དབང་རྟགས་རྡོ་རྗེ་དང་དྲིལ་བུ་དང༌། གསང་འདུས་ཀྱི་གླེགས་བམ་ལག་ཏུ་བྱིན་ནས། གཉིད་སད་ཙམ་ན་པོསྟི་དང༌། རྡོར་དྲིལ་ལ་སོགས་པ་ལག་ཏུ་འབྱུང་བ་སོགས་ནི་གྲུབ་པའི་རྟགས་ཡིན་ལ། འོད་གསལ་དོན་དམ་པའི་བདེན་པ་རྟོགས་པར་འགྱུར་བ་ནི་ཕན་ཡོན་ཡིན་ནོ།། ༈ །།བཞི་པ་འོད་གསལ་ནི། དེ་ལྟར་ཡུལ་གྱི་སྟོང་ཉིད་སྒྱུ་མ་ཟུང་འཇུག་ལོངས་སྐུའི་ཉེར་ལེན་གྱི་རྒྱུ་བསྒོམ་པ་ལ་བརྟེན་ནས། སེམས་ཀྱི་སྟོང་ཉིད་འོད་གསལ་དོན་དམ་པའི་བདེན་པ་བསྒོམ་པའི་ཚུལ་ལ་བདུན་ལས། དང་པོ་གང་ཟག་ནི་ཀུན་རྫོབ་ཀྱི་བདེན་པ་མཐར་ཕྱིན་ནས་ཐམས་ཅད་སྟོང་པ་འོད་གསལ་གྱི་ཏིང་ངེ་འཛིན་ལ་འདོད་པ་ཡོད་པའོ། །གཉིས་པ་ངོ་བོ་ནི། ཆོས་ཐམས་ཅད་སྣང་བ་ནུབ་པས་ཁྱད་པར་དུ་བྱས་པའི་ཏིང་ངེ་འཛིན་ཏོ། །གསུམ་པ་ཤེས་པར་བྱ་བའི་ཡུལ་ནི། ཆོས་ཐམས་ཅད་སྟོང་པ་འོད་གསལ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་མཐར་ཐུག་པའོ། །བཞི་པ་སྤང་བྱ་ནི་སྒྱུ་མའི་སྐུ་དེ་ཉིད་ལ་དངོས་པོ་དང་མཚན་མར་འཛིན་པའི་རྟོག་པ་སྟེ། རྡོ་རྗེ་ཕྲེང་བར། བདག་བྱིན་རླབས་ཆེན་མ་གཏོགས་པའི། །རིན་ཆེན་གཞན་དག་འདི་ན་མེད། །མེ་ཡིས་སྦྱངས་པའི་ནོར་བུ་བཞིན། །རང་བཞིན་འོད་གསལ་རྣམ་དག་པའོ། །ཞེས་སོ། །གལ་ཏེ་སྒྱུ་མ་ལྟ་བུའི་སྐུ་ལ་དངོས་པོ་དང་མཚན་མར་རྟོག་པ་དེ་ཡང་དག་པར་བརྟག་བཟོད་པ་གཅིག་ཏུ་ཞེན་པ་ཡིན་ནམ། འོན་ཏེ་རྫུན་པ་སྒྱུ་མ་ཙམ་དུ་ཞེན་པ་ཡིན་སྙམ་ན། ཕྱི་མ་འདི་ལ་ཡང་དག་ཏུ་ཞེན་པ་མི་རིགས་ཏེ། སྒྱུ་མ་ལྟ་བུར་བསྒོམ་པའི་ཕྱིར་རོ། །སྒྱུ་མ་ཙམ་དུ་ཞེན་པ་ནི་ཕྱིན་ཅི་ལོག་མ་ཡིན་ཏེ། སྒྱུ་མ་ལ་སྒྱུ་མར་ངོ་ཤེས་པའི་ཕྱིར་རོ། །ཞེ་ན། ཞེན་པ་འདི་དག་ཐམས་ཅད་ཚུལ་ཇི་ལྟར་ཞེན་ཀྱང་ཡང་དག་པའི་ཞེན་པར་འགྲོ་སྟེ། དངོས་པོ་སྣང་ལ་རང་བཞིན་མེད་པ་ལ་སྒྲོ་བཏགས་པའི་ཕྱིར་རོ། །དཔེར་ན་སོ་སོ་སྐྱེ་བོ་རྣམས་མི་རྟག་པར་རྟོགས་པའི་ཤེས་པ་ཉིད། རྟག་པར་འཛིན་པའི་གཉེན་པོ་ཡིན་ཀྱང༌། ཞེན་པ་ཆ་ཕྲ་བ་ཡིན་པ་བཞིན་ནོ། །ལྔ་པ་གཉེན་པོ་མངོན་པར་བྱང་ཆུབ་པའི་རིམ་པ་ནི། ཕྱིའི་མངོན་པར་བྱང་ཆུབ་པ་དང༌། ནང་གིའོ། །དང་པོ་ནི། ཐོ་རངས་ཀྱི་ཐུན་མཚམས་སུ་མ་རིག་པའི་སྣང་བ་འདས་ནས། ཇི་སྲིད་ཉི་མ་གསལ་བར་མ་གྱུར་གྱི་བར་ཏེ། འདི་ལ་ནི་འོད་གསལ་བ་དྲི་མ་མེད་པའི་རྣམ་པ་གསལ་ཞིང་ལུས་དང་ངག་དང་ཡིད་དང་བྲལ་བ་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་ནོ། །ཉི་མ་ཤར་བ་ནི་སྣང་བ་མཆེད་པ། ཉི་མ་ནུབ་པའི་ཐུན་མཚམས་སུ་མ་རིག་པའོ། །ཟླ་བ་ཤར་བའི་ཚེ་ནི་སྣང་བའོ། །ནང་གི་མངོན་པར་བྱང་ཆུབ་པ་ནི། དང་པོ་མིག་སྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པ་མཐོང་ངོ༌། །གཉིས་པ་ནི། ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི། སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི། སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ། ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན། དོན་དམ་པའི་བདེན་པ་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ༌། །ཞེས་པ་ལྟར་རོ། །དེ་ལ་མཚན་མོ་དང༌། སྨག་དང་ཉི་མ་འཆར་ཀའི་དཔེ་ནི། དགག་བྱ་གློ་བུར་བའི་རྟོག་པ་དང་བྲལ་བའི་ཁྱད་པར་བཞིའི་ཆ་ནས་མཚོན་པ་ཡིན་ལ། ནང་གི་མངོན་པར་བྱང་ཆུབ་པའི་བསམ་གཏན་གཉིས་ཀྱི་སྒྱུ་མ་འོད་གསལ་དུ་འཇུག་པའི་ཉམས་སུ་མྱོང་བའི་ཆ་ནས་བཤད་པ་ཡིན་ནོ། །དེ་མངོན་དུ་བྱེད་པའི་ཐབས་ནི་གཉིས་ཏེ། རིལ་པོར་འཛིན་པའི་བསམ་གཏན་དང༌། རྗེས་སུ་གཞིག་པའི་བསམ་གཏན་ནོ། །དང་པོ་ནི། གནས་དབེན་པར་ལུས་གནད་བཅས་ལ། སེམས་དབེན་གྱི་ཏིང་ངེ་འཛིན་ལས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས། དེ་ཡུན་རིང་པོར་སྒོམས་པ་དང༌། རང་གི་ལུས་ངག་ཡིད་གསུམ་གྱི་རྟོག་པ་སྤང་བའི་ཕྱིར། རྡོ་རྗེ་གསུམ་གྱི་རིལ་འཛིན་བསྒོམ་པ་ལ། དང་པོར་རླུང་དང་ཤེས་པ་ཙམ་ལས། ཁམས་གསུམ་པ་ཐམས་ཅད་ཀྱི་ངོ་བོ་ཉིད་རྡོ་རྗེ་འཆང་ཆེན་པོ་སྒྱུ་མ་ལྟ་བུར་བསྒོམས་ལ། དེ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དུ་བསྒྱུར། དེ་ཐུགས་ཀའི་ཨོཾ་ལ་བསྡུ། ཨོཾ་ཡང་རིལ་གྱིས་ཨ་ཐུང་ལ་བསྡུ། དེ་ཡང་ཇེ་ཕྲ་ཇེ་ཕྲ་ལ་མཐར་མི་དམིགས་པར་བསྒོམས་ཏེ། སྐུའི་རིལ་འཛིན་ནོ། །དེ་བཞིན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་བསྒོམས་པའི་རིམ་པས་ཀྱང་ཁམས་གསུམ་གྱི་ངག་དང་སེམས་ཀྱི་རྟོག་པ་སྤང་བར་བྱའོ། །དེ་ལ་དང་པོ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ལུས་ཀྱི་རྟོག་པ་སྤང་པའི་ཚེ་ལུས་ཀྱི་ངོ་བོ་སའི་ཁམས་ཆུ་ལ་ཐིམ་པས་རྟགས་ཅན་མིག་སྒྱུ་མ་ལྟ་བུ་དང༌། རྟགས་འོད་ཟེར་ལྔའི་ཚོགས་དང་པོར་མཐོང་ངོ༌། །གསུང་རྡོ་རྗེའི་ཏིང་ངེ་འཛིན་གྱི་ངག་གི་རྟོག་པ་སྤང་བའི་ཚེ། ངག་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་དང༌། རླུང་ཐིམ་པའི་རྟགས་དང༌། རྟགས་ཅན་འབྱུང་བར་འགྱུར་ཏེ་དེའི་ཚེ་རྟགས་ཅན་ཤེས་པ་དེ་བརྟན་གཡོའི་ཚད་ནི་དུ་བ་ལྟ་བུ་ལ་རྟགས་ནི་ཟླ་བའི་འོད་ཟེར་ལྟ་བུ་སྟེ་སྣང་བ་མཆེད་པའི་ཡེ་ཤེས་མངོན་དུ་བྱས་པའོ། །ཐུགས་རྡོ་རྗེའི་ཏིང་ངེ་འཛིན་གྱི་རིམ་པས་ཁམས་གསུམ་ཐམས་ཅད་ཀྱི་སེམས་ཀྱི་རྟོག་པ་འཇོམས་པའི་ཚེ་ན་ནི། སེམས་སྣང་བ་གསུམ་ཐིམ་པའི་རྟགས་གསུམ་འབྱུང་སྟེ། དེ་ཡང་དང་པོ་སེམས་སྣང་བ་དང་པོ་སེམས་ལས་བྱུང་བ་ལ་ཐིམ་པར་འགྱུར་བའི་རྟགས་ཅན་ཉི་མའི་འོད་ཟེར་ལྟ་བུ་སྟེ། ཐུགས་རྡོ་རྗེའི་དམ་ཚིག་སེམས་དཔའ་ཐིམ་པའི་དུས་སུ་འབྱུང་ངོ༌། །སེམས་བྱུང་མ་རིག་པ་ལ་ཐིམ་པར་འགྱུར་བའི་རྟགས་ཅན་མར་མེའི་རྩེ་མོ་ལྟ་བུ་ལ། རྟགས་ནི་མུན་ནག་ལྟ་བུ་སྟེ། ཡེ་ཤེས་སེམས་དཔའ་ཐིམ་པའི་དུས་སུ་འབྱུང་ངོ༌། །མ་རིག་པ་འོད་གསལ་དུ་ཐིམ་པས། ཐམས་ཅད་སྟོང་པ་འོད་གསལ་བ་སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་སྟེ། ཏིང་ངེ་འཛིན་སེམས་དཔའི་ཐིག་ལེར་བསྒོམ་པ་ཡང་སྤངས་པའི་དུས་སུ་འབྱུང་ངོ༌། །དེའི་ཚེ་འོད་གསལ། དོན་དམ་པའི་བདེན་པའི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་བར་འགྱུར་བས། དེའི་སྟེང་དུ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་གཞག་གོ །གཉིས་པ་རྗེས་སུ་གཞིག་པའི་བསམ་གཏན་ནི། དང་པོར་རང་ཉིད་སྒྱུ་མ་ལྟ་བུའི་རྡོ་རྗེ་འཆང་དུ་བསྐྱེད་ལ། དེ་སྐུ་རྡོ་རྗེ་ལ་སོགས་པ་གསུམ་དུ་བསྒྱུར་ནས། དེ་གསུམ་གྱི་ཐུགས་ཀའི་ས་བོན་ལས་རང་ཉིད་མ་གཏོགས་པའི་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་བདག་ལ་བསྡུས། བདག་ཉིད་ཀྱང་སེམས་དཔའ་གསུམ་གཅིག་ལ་གཅིག་ཐིམ་པའི་རིམ་གྱིས་ཐིག་ལེར་བསྒོམ་པ་ཡང་སྤངས་ནས་འོད་གསལ་བ་མངོན་དུ་བྱེད་པ་ཡིན་ནོ། །གལ་ཏེ་སྒྱུ་ལུས་ཀྱི་དམིགས་པ་ཤིན་ཏུ་བརྟན་པས་རིལ་འཛིན་དང༌། རྗེས་གཞིག་གི་དམིགས་པ་དེ་རྣམས་ཀྱིས་སྒྱུ་ལུས་འོད་གསལ་དུ་བྱེད་པར་མ་ནུས་ན། སྤོགས་ཆོག་གི་ཚུལ་དུ་དམིགས་པ་འདི་རྣམས་ཉམས་སུ་ལེན་ཏེ། ཇི་སྐད་དུ། བསམ་གཏན་གཉིས་ཀྱི་རིམ་པ་ནི། །རིལ་འཛིན་སྙིང་གར་གནས་པ་ཡི། །སྣ་ཚོགས་པདྨའི་ལྟེ་བ་ལ། །ཟླ་བའི་སྟེང་ནས་མི་ཤིགས་པའི། །ཐིག་ལེ་ཨ་ཡི་རྣམ་པར་གནས། །རླུང་ལྡང་ཨཱ་ལི་ཀཱ་ལི་ཡི། །ཕྲེང་བ་སྣ་སྒོར་ནར་གྱིས་བྱུང༌། །འཇུག་པ་ནང་དུ་ཨ་ལ་བསྐོར། །ཕྲེང་བ་ཕྱེད་དང་བཞི་ཡིས་བསྐོར། །ཀ་ཡིས་སྣ་དྲངས་ཨས་གཞུག་བརྟུལ། །ཨ་ནས་ཕྱིར་ལ་ལོག་སྟེ་བསྐོར། །མི་ཤིགས་པ་ཡི་ཐིག་ལེ་ལ། །ཤེས་པ་གནས་ཚད་གཟུང་བར་བྱ། །གཞན་ཡང་སྣ་ཚོགས་པདྨ་ལ། །ཀཱ་ལིའི་གྲོང་ཁྱེར་དགོད་པར་བྱ། །གྷ་ཛྷ་དྷ་བྷ་བཞི་བཀོད་དེ། །ལྟེ་བའི་ཟླ་བར་ཨ་ལི་བཀོད། །དབུས་སུ་མི་ཤིགས་ཨ་ཐུང་ནི། །ཉུངས་འབྲུ་ཙམ་དུ་བསྒོམ་པར་བྱ། །གཞན་ཡང་ཐིག་ལེར་གྱུར་པ་ལས། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། རིགས་ཀྱི་ཁ་དོག་བཞིན་བསམས་ཏེ། །རྩེ་གཅིག་རིགས་ལྔའི་བསམ་གཏན་བསྒོམ། །ཨཱ་ལི་ཀཱ་ལིའི་ཕྲེང་བ་ཡི། །སྤྲོ་བསྡུ་སྔར་བཞིན་བྱ་བར་གསུངས། །རྗེས་སུ་གཞིག་པའི་བསམ་གཏན་ནི། །སྔར་བཞིན་གང་བསྒོམས་དེ་ཉིད་ལས། །འོད་འཕྲོས་སྣོད་བཅུད་རིམ་གྱིས་བསྡུས། །ཡིག་འབྲུ་སྟོང་པའི་བར་དུ་བསྡུ། །སྨིག་རྒྱུ་ལ་སོགས་རྟགས་ལྔ་དང༌། །ཟླ་ཉི་ནུབ་པའི་རྟགས་གསུམ་འབྱུང༌། །མཐར་ཐུག་འོད་གསལ་སྟོང་པར་འཆར། །ཞེས་གསུངས་པ་ལྟར། སྒྱུ་ལུས་འོད་གསལ་དུ་བྱེད་པའི་དམིགས་པ་བཅུ་གསུམ་འབྱུང་སྟེ། བླ་མ་འགོས་ལོཙྪའི་གདམས་ངག་ལས་ཤེས་པར་བྱའོ། །དྲུག་པ་མངོན་སུམ་དུ་ཉམས་སུ་མྱོང་བར་བྱ་བ་ནི། དེ་ལྟར་བསམ་གཏན་གཉིས་ཀྱི་མན་ངག་ཐོབ་ཅིང་ཉམས་མྱོང་ལེགས་པར་སྐྱེས་པའི་རྗེས་སུ། སློབ་མས་མངོན་སུམ་དུ་ཉམས་སུ་མྱོང་བར་བྱ་བའི་ཕྱིར། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ། དེ་ཡང༌། སློབ་དཔོན་གྱིས་ལེགས་པར་སྦྱངས་པའི་ཕྱག་རྒྱ་སློབ་མའི་ལག་པར་གཏད་ནས། དངོས་པོ་ཐམས་ཅད་དང་བྲལ་ཞིང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་ཉིད་པ། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བརྗོད་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ལ། སློབ་མས་ཆགས་ལམ་གྱི་མན་ངག ཇི་ལྟ་བ་བཞིན་སྙོམས་པར་ཞུགས་པས། འོད་གསལ་གྱི་དོན་ཇི་ལྟ་བ་བཞིན་ཉམས་སུ་མྱོང་བ་ནི། ཡེ་ཤེས་ཀྱི་དབང་ཡིན་ནོ། །དེ་ཡང་རིམ་ལྔར། བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །བསྐལ་བཟང་སློབ་མ་བཟང་པོ་མན་ངག་ཐོབ། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། །ཞེས་སོ། །གལ་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་སྔར་ལམ་བསྒོམས་པའི་སྔོན་འགྲོར་བྱ་བར་རིགས་ན། འདིར་ཅིའི་ཕྱིར་བསྐུར་སྙམ་ན། སྨིན་བྱེད་ཀྱི་དབང་རྣམས་སྔར་རིམ་པ་བཞིན་བསྐུར་ཚར་ལ། འདིར་ཕྱིས་དབང་བསྐུར་བ་ནི། མན་ངག་གི་པྲ་ཀྲྀ་ཏ་ལ་བསླབ་པའི་ཕྱིར་བསྐྱར་ཏེ་བསྐུར་བ་སྟེ། བླ་མ་ལས་ནི་སླར་ཡང་བླང་བར་བྱ། །ཞེས་པའི་དོན་དུ་བཞེད་དོ། །བདུན་པ་མཐར་ཕྱིན་པའི་ཚད་ནི། མཉམ་གཞག་གི་དུས་སུ་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་འགྲོ་བ་སྙམ་བྱེད་ཅིང་མཚན་མ་ཐམས་ཅད་ནུབ་པ་དང༌། གཞན་གྱི་ཀླག་ཅོར་ལ་སོགས་པའི་སྒྲས་རྣམ་རྟོག་མི་བསྐྱེད་ལ། རྗེས་ཐོབ་ཀྱི་དུས་སུ་དངོས་པོ་ལ་མངོན་ཞེན་མི་སྐྱེ་བ་དང༌། ཉོན་མོངས་པའི་ཟུག་རྔུ་དང་བྲལ་བར་འགྱུར་ཞིང༌། འབྲས་བུ་མཐར་ཐུག་ཟུང་འཇུག་གི་སྐུར་ལྡང་ནུས་པར་འགྱུར་ཏེ། ཡང་དག་མཐའ་ལས་ལངས་ནས་ཀྱང༌། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཞེས་སོ། །ལྔ་པ་ཟུང་འཇུག་ལ་བདུན་ལས། དང་པོ་རྟེན་གྱི་གང་ཟག་ནི་འོད་གསལ་མཐར་ཕྱིན་པའོ། །གཉིས་པ་ཤེས་བྱ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་བྱ་བ་ཉིད་དོ། །གསུམ་པ་སྤང་བྱ་ནི་ཆད་པའི་མཐར་ལྷུང་བ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ལ་གཟུགས་སྐུའི་སྣང་བ་ནུབ་པར་འདོད་པའི་གྲུབ་མཐའོ། །བཞི་པ་མཚོན་པར་བྱེད་པའི་མཚན་ཉིད་ལ་གསུམ་སྟེ། འགོག་པ་ཟུང་འཇུག སྣང་བ་ཟུང་འཇུག འབྲེལ་བ་ཟུང་འཇུག་གོ །དང་པོ་ནི། ཐ་དད་པའི་རྣམ་པར་རྟོག་པས་སྟོང་པ་སྟེ། གཉིས་མེད་ཀྱི་ཡེ་ཤེས་དེ་འཁོར་བ་དང༌། མྱ་ངན་ལས་འདས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་གི་ཆོས་ཐམས་ཅད་དབྱེར་མེད་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །«ཚིག་ཁ་ཤས་མི་གསལ་ཡང་འདི་ལྟར་མིན་ནམ་སྙམ།་་་་་»གཉིས་པ་ནི། འོད་གསལ་གྱི་མཐར་ཐུག་པ་སྟེ། ཐབས་ཀུན་རྫོབ་ཀྱི་བདེན་པ་རྡོ་རྗེ་འཆང་ཆེན་པོའི་ལུས་དང༌། གནས་དང༌། ལོངས་སྤྱོད་དང༌། སྣང་བ་ཁྱད་པར་ཅན་དང༌། ཤེས་རབ་དོན་དམ་པའི་བདེན་པ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས་ཞེན་པ་དང༌། མི་རྟོག་པ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་བདེན་གཉིས་དབྱེར་མེད་པ་སྟེ། སྣང་ལ་ཞེན་པ་མེད་པའི་ཏིང་ངེ་འཛིན་ཏོ། །གསུམ་པ་ནི་ཤེས་རབ་དང་སྙིང་རྗེ་དབྱེར་མེད་པར་འབྲེལ་པས་ན་འབྲེལ་པ་ཟུང་འཇུག་སྟེ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པའོ། །ལྔ་པ་ཟུང་འཇུག་ལ་སློབ་པའི་ཚུལ་ལ་གཉིས་ཏེ། བརྩོན་འགྲུས་ཅན་མཐོང་བའི་ཆོས་ལ་སངས་རྒྱ་བ་དང༌། ལེ་ལོ་ཅན་བར་དོར་སངས་རྒྱ་བའི་མན་ངག་གོ །དང་པོ་ནི། རྣལ་འབྱོར་པ་བརྩོན་འགྲུས་རབ་དང་ལྡན་ཞིང༌། ཁ་ཟས་སོགས་རང་གིས་འབྱོར་པ་དང་ལྡན་ལ། ཞིང་ལ་སོགས་པའི་གཡེང་བ་མེད་པ་རྣམས་ཀྱིས་ནི། ཚེ་འདི་ཉིད་ལ་ཀུན་རྫོབ་ཀྱི་བདེན་པའི་གནས་སྐབས་སུ་སྤྱོད་པ་གསུམ་གང་ཡང་རུང་བ་ལ་གོམ་པར་བྱ་ཞིང་དོན་དམ་པའི་བདེན་པ་བརྟན་པའི་མཚན་མ་ཐོབ་པའི་རྣལ་འབྱོར་པས། བསམ་གཏན་གྱི་ཁང་པར། ལུས་གནད་དང་བཅས་པས་བསྡད་ལ། སེམས་ཀྱིས་འཕེན་པ་འདི་ལྟར་བྱ་སྟེ། བདག་གིས་འོད་གསལ་བའི་ཏིང་ངེ་འཛིན་འདི་ལ་ལོ་དང་ཟླ་བ་ལ་སོགས་པའི་དུས་འདི་སྲིད་གཅིག་ཏུ་གནས་པར་བྱས་ལ། ཀུན་རྫོབ་བདེན་པ་རྗེས་སུ་དྲན་པས་ཟུང་དུ་འཇུག་པའི་སྐུར་ལྡང་བར་བྱའོ། །སྙམ་པའི་འཕེན་པ་དྲག་པོ་བཏང་ནས། ལོ་དང་ཟླ་བ་ལ་སོགས་པ་ཅི་ཙམ་མཉམ་པར་འཇོག་ནུས་ཀྱི་བར་དུ་འོད་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ། །དེ་ལྟར་ཐམས་ཅད་སྟོང་པ་འོད་གསལ་མཐར་ཕྱིན་པ་དེ་ལས་དང་པོར། ཐོབ་པའི་ཡེ་ཤེས་གཟུང་འཛིན་གཉིས་ཀྱིས་སྟོང་པ་མུན་པ་ལྟ་བུ་འབྱུང༌། དེ་ལས་མཆེད་པའི་ཡེ་ཤེས་ཉི་མ་ལྟར་ཆེར་གསལ་བ། ཚ་བའི་རྣམ་པ་ཅན་འབྱུང༌། དེ་ལས་སྣང་བའི་ཡེ་ཤེས་ཟླ་བ་ལྟར་བསིལ་བའི་རྣམ་པ་ཅན་འབྱུང༌། དེ་ལས་སྔར་ཀུན་རྫོབ་བསྒོམས་པའི་སྟོབས་ཀྱིས་སྒྱུ་མ་ལྟ་བུའི་ལྷའི་རྣམ་པ་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་འབྱུང་བ་ནི་ཟུང་འཇུག་སྟེ། ཇི་ལྟར་ཞེ་ན། རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང༌། །འབྲས་བུ་ལ་ཡང་རྒྱུ་རྒྱས་གདབ། །ཅེས་པས་རྒྱུ་ཀུན་རྫོབ་ཀྱི་བདེན་པ་སྣང་བ་དེ་ལ། འབྲས་བུ་འོད་གསལ་གྱིས་རྒྱས་གདབ་པས་སྣང་བ་དངོས་པོའི་མཐར་མ་ལྷུང༌། འབྲས་བུ་འོད་གསལ་སྟོང་པ་ལ་སྣང་བ་ཀུན་རྫོབ་པའི་རྒྱས་བཏབ་པས་དོན་དམ་སྟོང་པའི་མཐར་མ་ལྷུང་བའོ། །དེ་ལྟ་བུའི་ལོངས་སྐུའི་ཟུང་འཇུག་ལ་བརྟན་པ་ཐོབ་པ་དང༌། སྤྲུལ་སྐུའི་ཟུང་འཇུག་བསྒོམ་པ་ནི། དེ་ཡང་སྐད་ཅིག་ཙམ་གྱིས་གཞལ་ཡས་ཁང་གདན་བཅས་ཡེ་ཤེས་ཀྱི་རང་སྣང་ཙམ་གྱིས་སྤྲུལ་ལ། དེའི་དབུས་སུ་བདག་ཉིད་གནས་ཏེ། རང་གི་སྙིང་ག་ནས། འོད་ཀྱི་རིག་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཕྱུང་ལ། དེ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་ཙམ་ལས་རང་གི་ལྷག་པའི་ལྷ་གང་ཡིན་པའི་སྤྲུལ་སྐུར་སྐད་ཅིག་གིས་བསྐྱེད་ལ། རང་གི་མཚན་སྔགས་ཀྱིས་བསྐུལ་ཏེ། སྤྲོ་བསྡུའི་རིམ་པས་བདག་ཉིད་ལ་བཅུག་པས་སྤྲུལ་པའི་སྐུར་བསྒྱུར་བ་ནི་དང་པོ་སྦྱོར་བའོ། །དེ་ནས་སྤྲུལ་སྐུ་དེ་ཡང་རང་གི་འོད་ཀྱིས་རིག་མ་དང་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་དང་བདེ་བ་ཙམ་ལས་ལྷ་སོ་གཉིས་སྐད་ཅིག་ཙམ་གྱིས་བསྐྱེད། མཚན་སྔགས་ཀྱིས་བསྐུལ་ཏེ་ཕྱིར་སྤྲོས་མཛད་པ་མཛད། སླར་བསྡུ་བའི་སེམས་ཀྱི་རང་གནས་སུ་འཁོད་དོ། །ལྷ་དེ་དག་ཐམས་ཅད་ཀྱང་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ངོ་བོ་ཉིད་ཡིན་ཞིང༌། སྣང་ལ་རང་བཞིན་མེད་པར་བསྒོམ་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །ཚུལ་དེ་ལ་གནས་པས་རྡོ་རྗེའི་བཟླས་པའི་སྒོ་ནས་ཞི་སོགས་ཀྱི་ལས་བསྒྲུབ་ཅིང་སེམས་ཅན་གྱི་དོན་མང་པོ་བྱེད་པ་ནི་ལས་རྒྱལ་མཆོག་སྟེ་སློབ་པའི་ཟུང་འཇུག་གི་ཏིང་ངེ་འཛིན་བསྒོམས་པའི་རིམ་པའོ། །ཚུལ་དེ་ལ་གནས་ནས་སྤྲོས་བཅས་དང་སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་གང་ཡང་རུང་བ་ལ་མན་ངག་བཞིན་བསླབས་པས་སྐུ་གསུམ་དབྱེར་མེད་ཀྱི་ཏིང་ངེ་འཛིན་དངོས་གཞི་ཐོབ་པར་འགྱུར་ཏེ། དེ་ལ་ཟུང་འཇུག་གི་སྐུ་དེ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱས་བཏབ་པས་ན་ཆོས་ཀྱི་སྐུའོ། །ས་བཅུའི་བྱང་སེམས་རྣམས་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཀྱི་ཆོས་ཀྱི་ལོངས་སྤྱོད་ཀྱིས་རོ་མྱོང་བར་མཛད་པས་ན་ལོངས་སྐུའོ། །དེ་ཉིད་སོ་སོ་སྐྱེ་བོ་ལས་དག་པ་རྣམས་ལ་ཞེ་སྡང་རྡོ་རྗེ་ལ་སོགས་པར་སྣང་ཞིང་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་བྱེད་པ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་ངོ་བོ་ཉིད་དབྱེར་མི་ཕྱེད་པའོ། །དེ་ལྟ་བུའི་ཚུལ་འདི་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བའི་རིམ་པ་སྟེ། རྣལ་འབྱོར་པ་བརྩོན་འགྲུས་ཅན་འབྱོར་པ་དང་ལྡན་ཞིང༌། གཡེང་བ་མེད་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་བ་སྟེ། ཇི་ལྟར་སྔོན་གྱི་དུས་ཀྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆེན་པོ་དང་འདྲ་བར་འགྱུར་བ་ཡིན་ནོ། །གཉིས་པ་ལེ་ལོ་ཅན་བར་དོར་སངས་རྒྱ་བའི་མན་ངག་ནི། རྣལ་འབྱོར་པ་གང་ཞིག་ཀུན་རྫོབ་ཀྱི་བདེན་པའི་གནས་སྐབས་སུ་སྤྱོད་པ་གསུམ་གང་ཡང་རུང་བ་ལ་མ་བསླབས་པར་འཆི་བའི་དུས་བྱེད་པར་འགྱུར་ན། གཅིག་ཏུ་བྱེད་པའི་བསམ་གཏན་གྱིས་གྲོལ་བར་བྱ་སྟེ། དེ་ཡང་བདག་སྒྲུབ་པ་པོ་འཆི་བའི་སྔོན་དུ་སེམས་ཀྱི་འཕེན་པ་འདི་ལྟར་བཏང་སྟེ། རང་ཉིད་ཀྱི་ས་ཆུ་ལ་ཐིམ་པ་ལ་སོགས་པ་རིམ་གྱིས་འཆར་བ་ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་བྱས་ཏེ་ཏིང་ངེ་འཛིན་དེ་ལ་དུས་ཇི་སྲིད་འདོད་པར་གནས་ཏེ་གོམས་པར་བྱས་ལ། དེ་ནས་བར་སྲིད་དེ་ཡེ་ཤེས་ཀྱི་སྐུ་ཟུང་འཇུག་ཏུ་བསྐྱེད་ལ། དེ་སྤྲུལ་སྐུར་བསྒྱུར་ལ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པར་བསྐྱེད་ལ་སྔ་མ་བཞིན་རྡོ་རྗེ་བཟླས་པས་འགྲོ་བའི་དོན་བྱ་བ་དང༌། སྤྱོད་པ་གསུམ་གང་རུང་ལ་བསླབ་པ་དང༌། དངོས་གཞི་སྐུ་གསུམ་དབྱེར་མེད་ལ་བསླབས་པས། དངོས་གྲུབ་ཀྱི་མཚན་མ་ཐོབ་ནས་མི་སློབ་པའི་ཟུང་འཇུག་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སེམས་ཀྱི་འཕེན་པ་བཏང་ནས་འཆི་ཁ་མའི་མན་ངག་བསྒོམས་པས་ས་ཆུ་ལ་ཐིམ་པ་ལ་སོགས་པའི་རྟགས། ཡན་ལག་ཐམས་ཅད་ཕྲ་བར་གྱུར་པ་ལ་སོགས་པའི་རིམ་གྱིས་འཆི་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་མངོན་དུ་བྱས་ཏེ། ཇི་སྲིད་འདོད་ཀྱི་བར་དུ་མངོན་དུ་བྱས་ནས། འོད་གསལ་དེ་ལས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བར་མདོའི་སྲིད་པ་དེ་ཉིད་ཟུང་འཇུག་གི་སྐུར་བསྐྱེད། དེ་སྤྲུལ་སྐུར་བསྒྱུར། དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པར་བསྐྱེད། དེ་ལ་གནས་པས་རྡོ་རྗེའི་བཟླས་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་དང༌། སྤྱོད་པ་གསུམ་གང་རུང་ལ་བསླབས་པས། དངོས་གྲུབ་ཀྱི་མཚན་ལྟས་རྣམས་འབྱུང་ཞིང་བར་དོ་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །དྲུག་པ་ནི་དེ་ལྟ་བུའི་བསླབ་ཚུལ་གང་རུང་ལ་བསླབས་པས་མཐར་ཕྱིན་པའི་རྟགས་གསུམ་འབྱུང་སྟེ། རྣལ་འབྱོར་པ་དེ་དབུགས་དབྱུང་རྔུབ་ཙམ་གྱིས་ཀྱང་སེམས་ཅན་གྱི་དོན་བྱེད་ནུས་པ་དང༌། ཅི་དང་ཅི་མཐོང་བ་ཐམས་ཅད་ཟག་མེད་ཀྱི་བདེ་བ་ཆེན་པོའི་རང་བཞིན་དུ་འགྱུར་བ་དང༌། བླང་དོར་དང་བདག་གཞན་ལ་སོགས་པའི་ཐ་སྙད་ཀྱི་རྣམ་རྟོག་ཐམས་ཅད་ཞི་བ་དང༌། སངས་རྒྱས་རྣམས་ཀྱིས་ལུང་བསྟན་པར་འགྱུར་བའོ། །བདུན་པ་ཕན་ཡོན་ནི། ཏིང་ངེ་འཛིན་འདི་མཐར་ཕྱིན་པའི་སྐད་ཅིག་མ་གཉིས་པ་ལ་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འགྱུར་བ་སྟེ། རིམ་ལྔར། འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོ་སྟེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །ཞེས་སོ།། །། ༄༅། །རྡོ་རྗེ་ཕྲེང་བའི་ཐིག་རྣམས་ཕྱོགས་གཅིག་བསྡུས་པ་བཞུགས་སོ།། ༈ །རྗེ་བཙུན་འཇིག་མེད་འབྱུང་གནས་དང༌། །ལྷག་པའི་ལྷ་ལ་ཕྱག་འཚལ་ནས། །རྡོ་རྗེ་ཕྲེང་བར་གསུངས་པ་ཡི། །ཐིག་རྣམས་ཕྱོགས་གཅིག་བསྡུ་བྱས་ལ། །འདིར་ནི་གསལ་པོར་བྲི་བར་བྱ། །ཤར་ནུབ་ཚངས་ཐིག་དྲང་པོར་གདབ། །དབུས་ནས་ཆ་ཆུང་བཅུ་གཉིས་པས། །བསྐོར་བས་ཟླུམ་པོར་གཅིག་ཏུ་འགྱུར། །དེ་དང་ཚངས་ཐིག་ཕྲད་པ་ནས། །ཆ་ཆུང་བཅུ་བདུན་པ་ཡིས་བསྐོར། །ཤར་ནུབ་ཟླུམ་པོ་གཉིས་སུ་འགྱུར། །ཉ་སྟེང་ཚངས་ཐིག་གཉིས་པ་གདབ། །དེ་དང་ནང་ཐིག་ཟླུམ་པོ་གཉིས། །འཛོམ་པའི་ས་ནས་སྔ་མ་བཞིན། །བསྐོར་བས་ལྷོ་བྱང་ཟླུམ་པོ་གཉིས། །དབུས་ནས་ཟུར་ཐིག་ཉ་ཡི་བར། །ཕྱེད་ཚད་ཟུར་གྱི་ཉ་ནས་ཕྱིར། །མཚན་མ་བྱ་སྟེ་ཟུར་ཐིག་གདབ། །ཟུར་ཐིག་རྩེ་ནས་ཟུར་ཐིག་རྩེར། །མདའ་ཡབ་ཐིག་ནི་གདབ་པར་བྱ། །ཟུར་གྱི་ཉ་ནས་ཉ་ཡི་རྩེར། །རྩ་བའི་ཐིག་ནི་གདབ་པར་བྱ། །དེ་བར་ཕྱེད་མར་བགོས་པ་ཡི། །ནང་མའི་མཐའ་གཉིས་ཆ་ཆུང་རེ། །ཕྱི་མ་ཕྱེད་ཕྱིར་ཕྱེད་མར་གདབ། །རིམ་བཞིན་རྩིག་པ་འདོད་སྣམ་དང༌། །དྲྭ་ཕྱེད་ཕ་གུ་མདའ་ཡབ་བོ། །ཚངས་པའི་ཐིག་གི་གཡས་གཡོན་དུ། །སྒོ་ཚད་གཉིས་དོར་རྩ་ཐིག་ནས། །མདའ་ཡབ་བར་གདབ་དེ་ཡི་ནང༌། །ཕྱེད་མར་བགོས་པའི་ནང་མ་ཡི། །ཕྱེད་གདབ་ཕྱི་ཕྱེད་ཕྱེད་མར་བགོ །ཕྱི་མ་བཞི་ཆ་བཞི་རུ་བགོ །མདའ་ཡབ་ཐིག་གི་ཕྱི་རོལ་དུ། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆུང་དགུ་དགུ་དོར་བར་ཐིག །རིང་བ་ཆ་ཆེན་གསུམ་གྱི་ཚད། །མདའ་ཡབ་ཕྱི་རུ་སྒོ་ཚད་རེ། །དོར་བའི་ཐིག་གསུམ་མཐའ་ལ་རེག །ཕྱི་དང་ནང་གཉིས་ཆ་བཞིར་བགོ །པདྨའི་དབུས་སུ་བཞི་ཆ་གདབ། །གསེར་དང་རིན་ཆེན་ཤར་བུ་རྨིག །མུན་པ་འབའ་རན་མུན་སྣམ་དང༌། །སླར་ཡང་ཤར་བུ་རིན་ཆེན་རྨིག །མདའ་ཡབ་རྣམས་ནི་རིམ་བཞིན་ཡིན། །འདི་ནི་གཉིས་མཉམ་དགུ་མཉམ་མོ། །དཔངས་ཀྱི་ཚད་དང་ཕྱོགས་སུ་རྒྱར། །སྣམ་བུ་དང་པོ་དྲུག་པ་ཡི། །རྩེ་ནས་ཆ་ཆུང་རེ་རེ་དང༌། །ལྔ་པ་བརྒྱད་དགུ་བཅུ་པ་ཡི། །རྩེ་ནས་གཉིས་གཉིས་བདུན་པར་ནི། །གསུམ་མམ་བཅུ་གཅིག་པ་རུ་བཞི། །ཕྲིས་ནས་སྣམ་བུ་རྣམས་ཀྱི་མཐར། །སྟེང་དུ་སོང་བའི་ཐིག་ཅིག་གོ །གླང་རྒྱབ་དོན་དུ་རྟ་བབས་ཀྱི། །སྣམ་བུ་དང་པོར་ཆ་ཆུང་ནི། །ཕྱེད་དང་དྲུག་ནི་དོར་བར་བྱ། །གཉིས་པ་གསུམ་པ་དྲུག་དྲུག་དོར། །བཞི་པར་བཞི་དང་ལྔ་པར་ནི། །ཕྱེད་དང་བཞི་དོར་དྲུག་པར་གསུམ། །དེ་ནས་བདུན་པའི་ཚངས་པར་རེག །ཐིག་གདབ་དེ་ཡི་ནང་དུའང༌། །ཆ་ཆུང་ཕྱེད་ནི་དོར་ལ་གདབ། །རྟ་བབས་རྩེ་མོའི་གཡས་གཡོན་དུ། །ཆ་ཆུང་གཉིས་གཉིས་དོར་བ་ཡི། །སྒོ་ཚད་གཅིག་པ་རྩེ་མོ་ནི། །ཆ་ཆུང་གཉིས་ཀྱིས་སྦྲེལ་བར་བྱ། །རྡོ་རྗེའི་རྭ་རྩེ་དབུས་མའོ། །ཚངས་ལས་ཆ་ཆུང་གཉིས་སྤང་བར། །སྣམ་བུ་ལྔ་པའི་ཐིག་སྟེང་ནས། །མདའ་ཡབ་ཐིག་ནས་བརྩམས་ནས་ནི། །རྭ་ཡི་ཐིག་ལ་རེག་པའི་བར། །ཆ་ཆུང་བརྒྱད་ཀྱིས་བསྐོར་བར་བྱ། །དེ་ཡི་ཕྱི་རྒྱུད་གཅིག་གིས་བསྐོར། །ལྔ་པ་དྲུག་པའི་དབུས་དང་ནི། །ཚངས་ལས་ལྔ་པའི་སྟེང་ལས་ནི། །དགུ་ཡིས་སྔར་བཞིན་བསྐོར་བར་བྱ། །རྭ་ཡི་རྩེ་དང་གཉིས་དང་གཉིས། །བཞི་ནས་ཕྱི་རུ་ཟླུམ་ཐིག་བཞི། །དུར་ཁྲོད་ཡོད་ན་དེ་ཡི་ཕྱི། །བཞི་ཡིས་སླར་ཡང་བསྐོར་བར་བྱ། །གཞན་ཡང་སྒོ་ཚད་གསུམ་པོ་དེ། །མཉམ་པོ་བརྒྱད་དུ་བགོས་པ་ཡི། །གསུམ་པ་བདུན་པའི་ཕྱི་མཐའ་དང༌། །ལྔ་པའི་ནང་མཐར་སུམ་ཆ་གདབ། །གླང་རྒྱབ་གཉིས་མཉམ་དགུ་མཉམ་བཞིན། །དེ་ནས་རྭ་ཡི་བསྐོར་ཐིག་ནི། །ལྔ་དང་ཕྱེད་བཅས་བཞི་དོར་ནས། །ཕྱེད་བཅས་བཅུ་ཡིས་བསྐོར་བར་བྱ། །སླར་ཡང་དྲུག་དང་ཕྱེད་བཅས་གཉིས། །དོར་ནས་དགུ་ཡི་ནང་དུ་སྟེ། །དབུས་མའི་རྩེ་མོ་གཅིག་ཡིན་ནོ། །འདི་ནི་ལྔ་མཉམ་གསུམ་གསུམ་མཉམ། །རིན་ཆེན་ཤར་བུ་རྨིག་པ་གསེར། །ཆུ་སྲིན་གསེར་དང་རྨིག་པ་དང༌། །རིན་ཆེན་རྨིག་དང་གསེར་མདའ་ཡབ། །ཡང་ན་དཔངས་སུ་སྒོ་ཚད་གཅིག །རྒྱར་ནི་སྒོ་ཚད་བཞི་པ་ལ། །སྣམ་བུ་བཅུ་གཅིག་ལྔ་མཉམ་དང༌། །གསུམ་གསུམ་མཉམ་གྱི་ལུགས་སུ་བྱ། །དེ་ཡི་ཕྱི་མཐའི་རིང་ཚད་ནི། །དང་པོ་བཞི་ལྔ་བཅུ་པ་ཡི། །མཐའ་ནས་རེ་རེ་ཕྱི་བར་བྱ། །བཅུ་གཅིག་པ་ཡི་མཐའ་ནས་གཉིས། །ཕྱིས་ལ་གཞན་རྣམས་རང་སར་བཞག །དེ་ཡི་ནང་ཆོད་རིམ་པ་ནི། །དང་པོ་ཕྱེད་ལྔ་ལྔ་པ་གཉིས། །བཞི་དང་ཕྱེད་བཞི་གསུམ་ནས་སྦྲེལ། །མུན་པའི་སྣམ་བུ་མེད་པ་ན། །སྒོ་སོགས་མཉམ་གསུམ་འདོད་པ་ཡིན། །དེ་རྣམས་མཁས་པ་སྔོན་མའི་ལུགས། །ཡང་ན་རྭ་ཡི་བསྐོར་ཐིག་ནི། །ཚད་དང་མདའ་ཡབ་ཕྲད་པ་ན། །ཆ་ཆུང་བཞི་དང་བཞི་གསུམ་ནི། །སོང་བ་ཆ་ཆུང་དགུ་དང་ནི། །བཞི་ཆས་གཡས་གཡོན་ཕྱི་རྭ་བསྐོར། །མདའ་ཡབ་ཚངས་ལ་ཆ་ཆུང་ནི། །ཕྱེད་བཅས་གསུམ་ནས་ཐད་ཀར་གཡས། །དྲུག་ནས་ཕྱེད་བཅས་བཅུ་གཉིས་ཀྱིས། །གཡོན་སྐོར་གཡས་པ་དེ་ལས་བཟློག །ཅེས་པ་ད་ལྟའི་མཁས་པའི་ལུགས། །སོ་སོའི་ནང་དུ་འདི་ལྟར་གདབ། །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཆ་ཆེན་ལ། །ཕྲེད་ཐིག་དེ་ཡི་ནང་ཆེན་གཅིག །དོར་བར་ཟླུམ་པོའི་ཆ་ཆུང་གཅིག །ཕྱི་རུ་འོད་ཕྲེང་ཆ་གཅིག་བསྐོར། །དེ་ནང་ལིང་ཚེ་དགུ་དོན་དུ། །ཚངས་ནས་གཉིས་ཡང་ཕྲེད་ཐིག་གཅིག །དེ་ཕྱིར་ཆ་ཆུང་གཅིག་ནས་ཐིག །མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་ལ། །སླར་ཡང་དེ་ནང་དུའང་ཆ་ཆུང་གཅིག །བསྐོར་ཏེ་ཟླུམ་པོ་ཕྱི་མ་མེད། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ། །རྩ་བའི་ཐིག་གི་ནང་ནས་ནི། །གསུམ་དང་ཕྱེད་དང་གསུམ་དང་ནི། །ཕྱེད་དང་གསུམ་དང་ཕྱེད་པོ་གཉིས། །དོར་བའི་ཟླུམ་སྐོར་བདུན་ཡིན་ནོ། །ཟླུམ་ཐིག་ནང་མ་ལ་རེག་པའི། །ཚངས་པའི་གཡས་དང་གཡོན་དག་ཏུ། །ཕྱེད་བཅས་གཅིག་ནི་དོར་བར་ཐིག །བཞི་དང་དེ་རྣམས་ཕྱི་རུ་ཡང༌། །ཕྱེད་ཕྱེད་དོར་ནས་ཐིག་བཞིའོ། །ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ། །རྩ་ཐིག་ནང་དུ་བཞི་དང་ལྔ། །དྲུག་དོར་བར་ནི་ཟླུམ་པོ་གསུམ། །དེ་ཡི་ཚངས་པའི་གཡས་གཡོན་དུ། །གསུམ་གསུམ་དོར་བར་ཐིག་བཞི་གདབ། །དེ་ཕྱིར་རེ་རེ་དོར་བར་བཞི། །ཀུན་སྤང་ཟླུམ་པོའི་ནང་མ་ལ། །རྩེ་གཉིས་ཡན་ལག་རེག་པའོ། །ཀྱེ་ཡི་རྡོ་རྗེའི་དཀྱིལ་འཁོར་བཞིར། །ཟླུམ་ཐིག་བཞི་སྟེ་ཚངས་པའི་ཕྱིར། །བརྒྱད་ཆ་དང་བཅས་ཕྱེད་གསུམ་དང༌། །བཞི་ཆ་དང་བཅས་ཆ་ཆུང་ལྔ། །བརྒྱད་ཆ་དང་བཅས་ཆ་ཆུང་གཅིག །སླར་ཡང་ཆ་ཆུང་གཅིག་མཐར་རོ། །ཉི་ཤུ་རྩ་གསུམ་བདག་ཉིད་དང༌། །བཅོ་ལྔའི་བདག་ཉིད་བདག་མེད་མ། །ཀུ་རུ་ཀུལླེ་བདུད་རྩི་བཞི་གཉིས་ཀྱི། །དཀྱིལ་འཁོར་ལ་ཡང་དེ་ལྟར་རོ། །དགུ་ཡི་བདག་ཉིད་ཀྱེ་རྡོར་གཉིས། །དཀྱིལ་འཁོར་བཞི་ནི་ཚངས་པའི་ཕྱིར། །ལྔ་དང་བཅོ་ལྔ་བཅུ་དྲུག་གི །མཐར་ནི་ཟླུམ་པོ་གསུམ་ཡིན་ནོ། །སྒྱུ་མ་ཆེན་པོའི་དཀྱིལ་འཁོར་དང༌། །སངས་རྒྱས་ཐོད་པ་ལྷ་དགུའང་དེ་བཞིན་ནོ། །ཧཱུྃ་མཛད་རྡོ་རྗེའི་དཀྱིལ་འཁོར་དུ། །ཚངས་ཕྱིར་ཕྱེད་བཅས་གཉིས་དང་ནི། །ཕྱེད་བཅས་བདུན་མཐར་ཟླུམ་པོ་གཉིས། །ཟླུམ་པོ་ཕྱི་མ་ནས་བརྩམས་ཏེ། །ཆ་གཅིག་སྟོང་པར་བཞག་ནས་ནི། །ཚངས་ཟུར་བརྒྱད་ཀྱི་ཐིག་སྟེང་དུ། །བཞི་ཆས་དམན་པའི་བཞི་ལྡན་པའི། །སྲད་བུས་བཟུང་བའི་ཟླུམ་པོ་བརྒྱད། །ཤར་ནུབ་སྒོ་ཡི་དབུས་སུ་ཡང༌། །ཆ་ཆུང་གསུམ་པའི་ཟླུམ་པོའོ། །བདེ་མཆོག་བཞི་དང་ཕག་མོ་གསུམ། །སངས་རྒྱས་ཐོད་པ་ཉེར་ལྔ་རྣམས། །རྩ་བའི་ཐིག་ནས་ཚངས་ཐིག་བར། །ཆ་ཆུང་གཉིས་གཉིས་ཟླུམ་པོ་བརྒྱད། །ཚངས་ཟུར་ཐིག་གི་གཡས་གཡོན་དུ། །ཆ་ཆུང་གཉིས་ཡང་རྩ་ཐིག་ལ། །ཟླུམ་པོའི་རི་མོར་རེག་པར་གདབ། །དེ་ཡི་འཁོར་ལོའི་ཀྱོག་ཐིག་ནི། །ཚངས་ཟུར་རྣམས་ནས་ཟླུམ་པོ་ནི། །དང་པོའི་ཆ་ཆུང་གཅིག་མཐའ་ནས། །གཉིས་པའི་རྩེར་ཀྱོག་དེ་བཞིན་དུ། །གསུམ་ནས་བཞི་དང་ལྔ་ནས་དྲུག །བརྒྱད་པའི་གཅིག་མཐར་སླར་ཀྱོག་གོ །དེ་ཡི་ནང་དུ་བཞི་ཆ་ཀྱོག །དེ་ཡི་བདུན་ལྔ་གསུམ་པའི་ནང༌། །ཆ་ཆུང་ཕྱེད་ཕྱེད་བསྐོར་བར་བྱ། །དང་པོའི་ནང་དུ་བཞི་ཆས་བསྐོར། །སླར་ཡང་ཕྱེད་གསུམ་དོར་ནས་བསྐོར། །སངས་རྒྱས་ཐོད་པའི་ཁྱད་པར་ནི། །གསུམ་པའི་ནང་དུ་ཆ་ཕྱེད་བསྐོར། །དེ་ཡི་ནང་དུ་ལྔ་དོར་བསྐོར། །ཐུགས་འཁོར་ཡངས་ནས་འདབ་བརྒྱད་བྲི། །རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་དུ། །རྩ་ཐིག་ནང་དུ་རིམ་བཞིན་དུ། །ཕྱེད་བཅས་གསུམ་དང་ཕྱེད་བཅས་བཞི། །བརྒྱད་དང་དགུ་དང་བཅུ་དོར་ནས། །ཟླུམ་པོ་ལྔ་ཡི་ནང་མ་ལ། །རྩེ་གཉིས་རེག་པས་ཚངས་པའི་ཕྱིར། །གཉིས་དང་གསུམ་མཐར་ཐིག་གཉིས་དེར། །དེ་ལྟར་ཕྱོགས་རྣམས་ཀུན་ཏུའོ། །གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ། །ཚངས་པའི་ཐིག་གི་ཕྱི་རོལ་དུ། །བདུན་དང་བརྒྱད་ནི་དོར་བའི་མཐར། །ཐིག་གཉིས་ཟུར་ནས་ཟུར་དུའོ། །རྡོ་རྗེ་ལྟེ་བའི་ཕྱི་ངོས་སུ། །སྒོ་ཚད་གཅིག་དང་གཅིག་གི་མཐར། །ཚངས་ལ་ཆ་ཆུང་གཅིག་གཉིས་གཅིག །དོར་བར་ཀྱོག་པོའི་ཐིག་གཉིས་སྟེ། །རྩེ་མོ་ཆ་ཆུང་གཉིས་ཀྱིས་སྦྲེལ། །ལྟེ་ནས་ཆ་ཆུང་ཕྱེད་བཅས་གཉིས། །ཚངས་ལས་ཆ་ཕྲན་གཅིག་འཛོམ་པར། །བཟུང་ནས་ཆ་ཕྲན་ཕྱེད་དང་བཞིས། །ལྟེ་བའི་ལོགས་ནས་དབུས་རྭ་ལ། །རེག་གི་བར་དུ་བསྐོར་བར་བྱ། །ལྟེ་ནས་ཆ་ཕྲན་ཕྱེད་བཅས་གཉིས། །ཚངས་ལས་ཆ་ཕྲན་གཉིས་འཛོམ་པར། །ཆ་ཕྲན་ཕྱེད་བཅས་གསུམ་གྱིས་བསྐོར། །ལྟེ་བ་ནས་གསུམ་ཚངས་པ་ནས། །སུམ་ཆས་དམན་པའི་ཆ་ཕྲན་བཞི། །འཛོམ་པར་རྐང་པས་དམན་པའི་བཞིས། །བསྐོར་བ་རྭ་ཡི་ཐིག་ཡིན་ནོ། །རྡོ་རྗེ་སྒྲོལ་མའི་ཚངས་ལས་ཕྱིར། །གསུམ་པ་དགུ་མཐར་ཟླུམ་པོའོ། །འོད་ཟེར་ཅན་གྱི་དཀྱིལ་འཁོར་ནི། །འཇམ་པའི་རྡོ་རྗེ་དང་པོ་མཚུངས། །སྲུང་བ་ལྔ་ནི་ཚངས་པའི་ཕྱིར། །སྒོ་ཚད་དོར་ནས་ཟླུམ་པོ་གཅིག །དེ་ཕྱིར་གཅིག་དོར་བཞི་པ་ཡིས། །སྲད་བུ་བཟུང་བའི་ཟླུམ་པོ་བཞི། །ཕྱོགས་སུའང་འདི་ལྔའི་དབུས་སུ་སླར། །རང་གི་དྲུག་ཆ་ལྡན་པས་བསྐོར། །རྡོ་རྗེ་དབྱིངས་ཀྱི་ཁྱད་པར་ནི། །ཟུར་ཐིག་ཕྱེད་དུ་ནང་མ་ཡི། །རྩ་ཐིག་གདབ་ཅིང་ཟླུམ་པོ་གཅིག །འདི་ནང་བཞི་མཐར་སླར་ཡང་བསྐོར། །ཚངས་པའི་ཕྱིར་རུ་གཉིས་དང་གསུམ། །དོར་བར་ཐིག་བརྒྱད་རྩེ་མོ་རྣམས། །ཟླུམ་པོ་ནང་མ་ལ་རེག་པའོ། །ཕྱི་སྒོའི་ལྷ་སྣམ་ཆ་ཆེན་གཅིག །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དུ། །རྩ་ཐིག་ནས་བརྩམས་ནང་ཉིད་དུ། །དང་པོ་ཟུར་ཐིག་བར་དུ་ཐིག །བརྒྱད་དེ་དཀྱིལ་འཁོར་ནང་མ་དག །གཉིས་པོ་ཡི་ནི་རྩ་ཐིག་གོ །དཀྱིལ་འཁོར་ནང་མའི་ནང་གི་ཐིག །རྡོ་རྗེ་དབྱིངས་དང་མཚུངས་པའོ། །ཕྱི་མ་གཉིས་ལ་ལྷ་སྣམ་ནི། །རང་རང་ཆ་ཆེན་རེ་རེའོ། །ཆོས་དབྱིངས་གསུང་གི་དབང་ཕྱུག་གི །ཚངས་པའི་བཞི་ཆ་བཞི་ཆ་ཡི། །བཅུ་དྲུག་ཆ་ཡིས་ལྷག་བསྐོར་བས། །བར་དུ་ཟུར་ཐིག་ཡང་ནའོ། །དཀྱིལ་འཁོར་ཆེན་པོའི་རྩ་ཐིག་ནས། །མདའ་ཡབ་བར་ཐིག་བར་ན་ནི། །ཟླུམ་པོའི་སྒོ་དང་རྟ་བབས་བར། །མུན་པ་མཐའ་གཉིས་སྤང་པ་སྟེ། །དེ་ལས་གཞན་པ་སྔར་བཞིན་ནོ། །རྩ་ཐིག་ནང་དུ་སྒོ་ཡི་ཚད། །གཉིས་དང་གསུམ་དང་ཕྱེད་བཅས་གསུམ། །དོར་ནས་ཟུར་ཐིག་བར་དུ་ཐིག །བཅུ་གཉིས་བཏབ་པ་ནང་མ་ཡི། །དཀྱིལ་འཁོར་གསུམ་གྱི་རྩ་ཐིག་གོ །དཀྱིལ་འཁོར་ནང་མའི་ནང་གི་ཐིག །རྡོ་རྗེ་དབྱིངས་དང་མཚུངས་པའོ། །ངན་སོང་སྦྱོང་བ་བསྡུས་རིམ་ལྟར། །འོན་ཀྱང་དབུས་ཀྱི་ཀ་བ་སོགས། །དོར་བར་འཁོར་ལོ་རྩིབས་བརྒྱད་དེ། །ལྟེ་བ་སྒོ་ཚད་གཅིག་ཉིད་དོ། །འབྱུང་པོ་ཐམས་ཅད་འདུལ་བ་ནི། །རྩ་ཐིག་ནང་དུ་སྒོ་ཚད་གཅིག །དོར་ནས་ཅུང་ཟད་མ་འབྲེལ་བའི། །ཟུར་ཐིག་བར་དུ་ལོགས་ཐིག་གསུམ། །དེ་ནས་བཞི་དོར་བར་ཡང་གཅིག །འདི་ནང་བཞི་དང་སླར་ཡང་ནི། །གཅིག་དོར་བར་ནི་ཟླུམ་པོ་གཉིས། །ཚངས་ཕྱིར་གཉིས་དང་སླར་ཡང་གཅིག །དོར་བའི་ཐིག་བརྒྱད་རྩེ་མོ་རྣམས། །ཟླུམ་ཐིག་ནང་མ་ལ་རེག་པའོ། །མཁའ་འགྲོ་ལྔ་ཡི་དཀྱིལ་འཁོར་དུ། །རྩ་བའི་ཐིག་ནས་དེ་ཡི་བར། །ཚངས་ཕྱིར་གསུམ་དང་ཕྱེད་བཅས་བཞི། །ཕྱེད་བཅས་ལྔ་དང་བདུན་དང་བཅུ། །བཅུ་གསུམ་ཕྱེད་བཅས་བཅུ་བཞི་རྣམས། །དོར་བར་བདུན་ཕྲག་བཞི་ཡི་ཐིག །དཀྱིལ་འཁོར་ལྔ་ཡི་རྩ་ཐིག་དང༌། །མདའ་ཡབ་རྣམས་དང་ཚངས་ཐིག་བཞིར། །གྱུར་པ་བསྐྱར་ཞིང་ལྷག་པ་དབྱི། །བཞི་ལ་ཟུར་ཐིག་རྣམས་ཀྱང་བཏབ། །རྩ་ཐིག་རྣམས་ཀྱི་ནང་དུ་ནི། །ཤར་ལྷོ་ནུབ་བྱང་དབུས་རིམ་པའི། །ཟླུམ་དང་རིན་ཆེན་ཆ་བརྒྱད་དང༌། །པདྨ་ཟུར་གསུམ་ཟླ་ཕྱེད་དབྱིབས། །དྲུག་ཆའི་བར་ལྡན་ཐིག་གཉིས་ཏེ། །གཙོ་བོའི་དབང་གིས་གྱུར་པའོ། །འཁོར་ལོ་བསྒྱུར་དྲུག་དཀྱིལ་འཁོར་དུ། །དཀྱིལ་འཁོར་ཆེན་པོའི་རྩ་ཐིག་ནང༌། །ཆ་ཆེན་ཕྱེད་དོར་ཟླུམ་པོ་སྟེ། །སླར་ཡང་ཆ་ཆེན་གཉིས་ནས་བསྐོར། །དེ་ནས་ཆ་ཆེན་ཕྱེད་དོར་བར། །གྲུ་བཞི་ཆ་ཆེན་གཉིས་པ་གདབ། །ཤར་གྱི་ཚངས་ཐིག་ནས་བརྩམས་ཏེ། །ཟླུམ་བསྐོར་ནང་མ་ཆ་ཆུང་བདུན། །ཕྱི་མར་ཕྱེད་དང་བཅུ་བདུན་ཏེ། །དྲང་པོར་བཙལ་ལ་ཚངས་ཐིག་ལྔ། །ཤར་མིན་ཤར་གྱི་ཚངས་ཟུར་དབྱིབས། །ཟུར་ཐིག་མདའ་ཡབ་དག་ལ་སོགས། །རང་རང་ཆ་ཡིས་ཤེས་པར་བྱ། །འཁོར་ལོ་དྲུག་གི་ལྟེ་བའི་ཕྱིར། །རང་གི་ཆ་ཆུང་གསུམ་དང་དགུ། །ཚེས་དང་རྒྱལ་པོས་རིམ་བཞིན་དུ། །དོར་བར་ཐིག་ཟླུམ་བཞི་བཞིའོ། །ཕྱི་མའི་ནང་གི་ཕྱོགས་མཚམས་སུ། །ཆ་ཆུང་དྲུག་པའི་པདྨ་བརྒྱད། །དཀྱིལ་འཁོར་སྒོ་དབྲག་ཐམས་ཅད་ལ། །ཕྱི་མ་ཕྱི་མའི་ཕྱེད་ཕྱེད་རྣམས། །ནང་མ་ནང་མའི་རྩ་ཐིག་ཡིན། །དུས་འཁོར་མ་གཏོགས་ནང་མ་ལ། །རྟ་བབས་མེད་པའང་དགོངས་པར་མཛོད། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ། །དཀྱིལ་འཁོར་གསུམ་རིམ་ལྡན་པ་ལ། །ཇི་ལྟར་རིགས་པའི་ཚངས་ཐིག་གི །བཅུ་དྲུག་ཆར་ལྡན་ཟུར་ཐིག་གདབ། །ལོགས་རེར་ཟུར་ཐིག་གསུམ་གཉིས་མཐར། །སྐུ་ཡི་འཁོར་ལོའི་རྩ་ཐིག་གོ །རྩ་ཐིག་ནང་དུ་སྒོ་ཡི་ཚད། །གཉིས་དང་གསུམ་མཐར་ཟུར་ཐིག་བར། །གསུང་དང་ཐུགས་ཀྱི་རྩ་ཐིག་གདབ། །འདི་རྣམས་མདའ་ཡབ་བར་དུ་སྟེ། །འགྲམ་ལོགས་སྒོ་མཉམ་ཐིག་བཞིན་གདབ། །རྩ་ཐིག་རྣམས་ཀྱི་ནང་དུ་ནི། །ཐུགས་ཀྱི་འཁོར་ལོའི་ཆ་ཆུང་གི །ཕྱི་མར་གཅིག་དང་ཉི་མ་དང༌། །གཉིས་པར་གཅིག་བཞི་གསུམ་པར་ནི། །གཅིག་བཞི་བདུན་དང་གཅིག་བཞི་གཅིག །བར་དུ་དོར་ཤིང་ཟུར་ཐིག་བར། །ཕྱོགས་བཞི་ལོགས་ཐིག་བཅུ་བཅུ་སྟེ། །དགུ་དང་བཅུ་པ་བརྒྱད་པའི་སྲིད། །བརྒྱད་དགུའི་བར་དུ་ཚངས་ཐིག་ཕྱིར། །གཉིས་གསུམ་དོར་ནས་ཐིག་བཞིའོ། །ལྟེ་བའི་ཕྱི་ནས་གཉིས་དང་དྲུག །དོར་ནས་ཐིག་ཟླུམ་གཉིས་ཡིན་ནོ། །མདའ་ཡབ་ཐིག་གི་ཕྱི་རོལ་དུ། །རང་རང་རྟ་བབས་བྱ་བ་ནི། །དཔངས་སུ་རང་རང་སྒོ་ཚད་གསུམ། །འོག་མའི་མ་མཐར་སུམ་ཆ་གདབ། །སུམ་ཆ་དེ་ཉིད་ཕྱེད་དུ་བགོ །བར་མའི་མཐའ་གཉིས་བཞི་ཆ་གདབ། །དེ་གཉིས་རང་རང་ལ་ལྟོས་པའི། །སུམ་ཆ་སུམ་ཆ་མ་མཐར་གདབ། །སྟེང་མ་སུམ་ཆ་གསུམ་དུའོ། །དེའི་བར་མའི་མ་མཐའ་ནི། །ཆ་ཆུང་ཕྱེད་ནི་གདབ་པར་བྱ། །དེ་རྣམས་སྣམ་བུ་བཅུ་གཉིས་པོའོ། །དཔངས་ཀྱི་ཚད་དོ་ཞེང་དུ་ནི། །དང་པོ་ཆ་ཆུང་ཉེར་བཞིའོ། །གཉིས་པ་གསུམ་པ་བཅུ་དྲུག་གོ །བཞི་པ་བརྒྱད་དེ་ལྔ་དྲུག་ནི། །ཆ་ཆུང་བཅུ་གཉིས་དག་ཏུ་རིང༌། །བདུན་པ་བཅོ་ལྔ་བརྒྱད་དགུ་བརྒྱད། །བཅུ་པ་ཆ་ཆུང་བཅུ་གཉིས་སོ། །བཅུ་གཅིག་པ་ཡང་ཆ་ཆུང་བརྒྱད། །བཅུ་གཉིས་བུམ་པ་རྒྱལ་མཚན་གནས། །ཀ་བ་བཞི་ནི་སུམ་རིམ་གྱི། །འོག་མ་ཆ་ཆུང་གཅིག་པ་ལ། །བར་མ་བཞི་གསུམ་སྟེང་མ་ཕྱེད། །ཀ་བར་བཞི་གསུམ་གཉིས་རིམ་བཞིན། །འདི་ཡི་ནང་གི་ཟླུམ་པོ་ནི། །ཚད་ནས་གཉིས་དང་བཞི་ནས་བསྐོར། །སྐུ་ཡི་དཀྱིལ་འཁོར་ཕྱི་རོལ་དུ། །ས་ཆུ་མེ་རླུང་ནམ་མཁའ་དང༌། །འོད་ཕྲེང་རིམ་བཞིན་ཆ་ཆེན་ཕྱེད། །གཅིག་པ་གསུམ་དང་ཡང་ཕྱེད་དང༌། །གཅིག་ནས་ཟླུམ་པོར་བསྐོར་བར་བྱ། །དེ་ལྟར་རྡོ་རྗེ་ཕྲེང་བ་ཡི། །དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་ཀྱི། །ཐིག་གི་གདབ་ཚུལ་གསལ་བ་འདིས། །འགྲོ་ཀུན་ཀུན་མཁྱེན་ཐོབ་པར་ཤོག། །།གཟའ་ཡུམ་གྱི་ནི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་སྒོ་ཚད་གཅིག །སྤངས་པར་ལྷ་སྣམ་གྲུ་བཞིར་གདབ། །དེ་ལ་རེག་པར་ཟླུམ་པོར་བསྐོར། །དེ་ནང་ཆ་ཆུང་གཅིག་ནས་བསྐོར། །དེ་ལ་རྡོ་རྗེའི་ཕྲེང་བར་བྱ། །དེ་ནང་ཆ་ཆུང་དྲུག་དང་ནི། །སུམ་གཉིས་དོར་བར་བསྐོར་བ་ལ། །གཅུས་ཐིག་བཏབ་ལ་འདབ་བརྒྱད་བྲི། །ལྷ་སྣམ་ཕྱོགས་མདོག་ཤར་སྔོ་ཤིང༌། །ལྷོ་སེར་ནུབ་དམར་བྱང་ལྗང་གུ། །རྩིག་པ་ནང་ནས་དཀར་ལྗང་དམར། །སེར་དང་སྔོན་པོའི་རིམ་པའོ།། །།ནོར་རྒྱུན་མ་ཡི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་སྒོ་ཚད་རེའི། །ལྷ་སྣམ་རིམ་པ་གཉིས་གདབ་ཞིང༌། །ལྷ་སྣམ་ནང་མ་ལ་རེག་བསྐོར། །དེ་ནང་ཆ་ཆུང་ལྔ་དང་ནི། །སུམ་ཆ་དོར་བས་སླར་ཡང་བསྐོར། །གཅུས་ཐིག་བཏབ་ལ་འདབ་བརྒྱད་བྲི། །ལྷ་སྣམ་གཉིས་དང་ཕྱོགས་མདོག་ནི། །ཤར་དཀར་ལྷོ་སེར་ནུབ་དམར་ཞིང༌། །བྱང་ལྗང་རྩིག་པ་ནང་ནས་ནི། །སེར་ལྗང་དམར་སྔོ་དཀར་པོའོ།། །།རྣམ་རྒྱལ་མ་ཡི་དཀྱིལ་འཁོར་ལ། །དང་པོར་ཚངས་ཟུར་བཏབ་ནས་ནི། །དབུས་ནས་སོར་མོ་བཞི་དང་གཅིག །བཞི་དང་གཅིག་དང་བཞི་དང་གཉིས། །གཉིས་དང་གཉིས་རྣམས་དོར་བར་བསྐོར། །དེ་ནས། ཐམས་ཅད་སོར་མོ་བརྒྱད་དོར་བར། །ཟླུམ་པོར་བསྐོར་རམ་གྲུ་བཞིར་གདབ། །དབུས་ནས་རིམ་བཞིན་ལྟེ་བ་དང༌། །མུ་ཁྱུད་འཁོར་ལོ་རྩིབས་བརྒྱད་དང༌། །པདྨ་བཅུ་དྲུག་འཁོར་ཡུག་གསུམ། །ཕྱི་མ་སོར་བརྒྱད་པ་ཡི་གནས། །དེ་ལ་ཕྱོགས་དང་མཚམས་རྣམས་སུ། །སོར་བརྒྱད་པ་ཡི་པདྨ་ནི། །འདབ་མ་བརྒྱད་པ་རེ་རེ་བྱ། །ས་གཞི་ཐམས་ཅད་དཀར་བ་སྟེ། །བར་གྱི་འབྱེད་རྣམས་དམར་པོས་བྱ།། །། ༄༅། །བླ་མ་དགེ་བཟང་བའི་དྲིས་ལན་བཞུགས་སོ།། ༈ །ཨོཾ་སྭ་སྟི། དགེ་བའི་བཤེས་གཉེན་དགེ་བཟང་བའི་གསུང་ཡིག་ན། དྲི་བའི་ཚུལ་འགའ་ཞིག་བཀོད་པ་རྣམས་ལ་ལན་ཅུང་ཟད་བརྗོད་ན། འདའ་ཁ་མ་ལ་གསུང་ངག་ནས་བཤད་པ་དང༌། འོད་དཔག་མེད་ཀྱི་ཉལ་འཕོ་དང་བློ་སྦྱོང་ནས་བཤད་པ་རྣམས་ཅུང་མི་མཐུན་སྣང་བ་ཇི་ལྟར་བྱེད་ཅེས་པ་ལ། བློ་སྦྱོང་ནས་དོན་དམ་བྱང་སེམས་ཀྱི་སྒོ་ནས་འཕོ་བ་དང༌། ཀུན་རྫོབ་བྱང་སེམས་ཀྱི་སྒོ་ནས་འཕོ་བ་གཉིས་ལ། དང་པོ་ནི། འཕོ་བྱ་འཕོ་བྱེད་སོགས་འཁོར་གསུམ་དུ་མི་དམིགས་པའི་སྒོ་ནས་འཕོ་བ་ཡིན་པས་འདི་འཕོ་བ་ཐམས་ཅད་ལ་དགོས་པ་ཡིན། གཉིས་པ་ཀུན་རྫོབ་བྱང་སེམས་ཀྱི་སྒོ་ནས་འཕོ་བ་དེ་ཐེག་ཆེན་གྱི་ལམ་དུ་ཞུགས་པའི་གང་ཟག་ཀུན་རྫོབ་བྱང་སེམས་ལ་གོ་མྱོང་ཡོད་པ་གཅིག་གིས་བྱེད་རྒྱུ་ཡིན་ཏེ། ཀུན་རྫོབ་བྱང་སེམས་ཀྱི་སྒོ་ནས་བདག་གཞན་བརྗེ་བའི་དམིགས་པ་བརྟན་པོ་མེད་ན་དམིགས་པ་དེ་འཆི་ཁར་མི་ཐེབས་པ་ཡིན། འོན་ཀྱང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་འཆི་ཁར་ཡུད་ཙམ་རེ་སྐྱེས་ན་ཡང་ཕན་ཡོན་ཆེན་པོ་ཡོད་པས་གཞན་ལ་སྟོན་པར་ཞུ། འོད་དཔག་མེད་ཀྱི་ཉལ་འཕོ་ཕལ་པོ་ཆེ་ལས་གསུངས་པའི་གདམས་ངག་ཁྱད་པར་ཅན་ཡིན་པས་སྐྱེ་བོ་སྡིག་པ་ཅན་ཆོས་ལ་མ་ཞུགས་པ་རྣམས་ལ་བསྟན་རྒྱུ་ཡིན་ཞིང༌། ལམ་ཞུགས་རྣམས་ལ་ཡང་མན་ངག་མཆོག་ཏུ་འགྱུར་བ་ཡིན། གསུང་ངག་ལ་དབང་བཞིའི་ལམ་དང་བསྟུན་པའི་འཕོ་བ་བཞི་ལས། ད་ལྟ་ཕྱི་ནང་གི་བསྐྱེད་རིམ་བསྒོམ། དབང་རྒྱུན་དུ་ལེན། ལྷའི་རྣམ་པ་ལ་སེམས་འཛིན་པ་དང༌། བཟླས་པ་བྱེད་ཅིང༌། རྫོགས་རིམ་གྱི་དམིགས་པ་ཅི་རིགས་པ་ཉམས་སུ་ལེན་ཀྱང་བུམ་པའི་དབང་གི་ལམ་ལ་གནས་པའི་གང་ཟག་ཡིན་པས་འདའ་ཁ་མ་གང་དུ་འཕོ་བའི་མན་ངག་རྣམས་ཉམས་སུ་ལེན་ཅིང༌། ལམ་དེ་ལ་ཞུགས་པ་རྣམས་ལ་མན་ངག་ཀྱང་གོང་དུ་འཕོ་བ་རྣམས་བསྟན་པས་ཁྱབ། ཡང་གང་ཟག་བསྐྱེད་རིམ་སྔོན་དུ་སོང་བ་རྫོགས་རིམ་བསྒོམས་པས་རླུང་ལས་སུ་རུང་ཞིང་བདེ་སྟོང་གི་ཏིང་ངེ་འཛིན་ཅུང་ཟད་རྒྱུད་ལ་སྐྱེས་པ་ཡན་ཆད་ཀྱི་གང་ཟག་འཕོ་ན། གསང་དབང་མན་ཆད་ཀྱི་འཕོ་བ་རྣམས་ཉམས་སུ་ལེན་པ་ཡིན། མདོར་ན་སྐྱེ་བོ་སྡིག་པ་ཅན་ལ་འོད་དཔག་མེད་ཀྱི་ཉལ་འཕོ། ཀུན་རྫོབ་བྱང་སེམས་ཅུང་ཟད་སྐྱེས་པའི་གང་ཟག་ལ་བློ་སྦྱོང་གི་འཕོ་བ། བསྐྱེད་རིམ་གྱི་སྒོར་ཞུགས་པ་ལ་གསུང་ངག་གི་གང་དུ་འཕོ་བ། རྫོགས་རིམ་པ་ལ་ཕྱག་རྒྱ་ཆེན་པོའི་འཕོ་བ་སོགས་གང་ཟག་རྒྱུད་ཐ་དད་ཀྱི་དབང་གིས་འཕོ་བའི་མན་ངག་ཐ་དད་པ་ཡིན་པས་མི་འགལ། བློ་སྦྱོང་ནས་བཤད་པའི་རྫས་ཀྱི་འཕོ་བ་གང་ཟག་ཐམས་ཅད་ལ་བྱར་རུང་བ་ལགས། ཞེས་པ་དགེ་སློང་ཀུན་དགའ་བཟང་པོས་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་ནས་ཕུལ་བའོ།། ༈ །།ཨོཾ་སྭ་སྟི། བླ་མ་དགེ་བཟང་བའི་གསུང་ཡིག་ན། རབ་གནས་ཀྱི་དུས་སུ་བདུན་བསྲེས་ཀྱི་དཀྱིལ་འཁོར་བསྒྲུབས་ནས། རྟེན་ལ་ལམ་དུས་ཀྱི་དབང་བསྐུར་བྱེད་མཁན་སྣང་བ་ཇི་ལྟར་ཡིན་གསུངས་པ་ལ་རབ་གནས་ཀྱི་སྟ་གོན་དངོས་གཞི་གཉིས་སུ་བྱས་ནས། རས་བྲིས་སམ་རྡུལ་ཚོན་གྱི་དཀྱིལ་འཁོར་བདུན་བསྲེས་ཀྱིས་བསྒྲུབས་ནས་རྟེན་ལ་འཇུག་པ་དང༌། མཐའ་རྟེན་བཞི་སྤངས་པའི་བདག་འཇུག་ལྟར་དབང་བཞི་བསྐུར་གྱི་ལམ་དུས་ལྟར་བྱེད་མཁན་མ་མཐོང༌། ཉིན་གཅིག་ལ་བདག་བསྐྱེད་དང་བུམ་བཟླས་ཙམ་ལ་བརྟེན་པ་ཡིན་ན་བདུན་བསྲེས་བྱེད་དོན་མེད། དེའི་ཚེ་རྟེན་ལ་དབང་སྤྱི་དང་མཐུན་པར་མདོར་བསྡུས་པར་བསྐུར་བ་ལགས། ན་ཉིན་སྔ་སོར་ཞྭ་ལུ་པའི་ལག་ལེན་མང་པོ་ས་ལུགས་ལ་བསྲེས་ནས། ས་ལུགས་ཡིན་ཟེར་བ་བྱུང་བ་འདྲ། དེ་རྣམས་ཀྱིས་འཐད་མི་འཐད་ཀྱི་དྲི་བ་ཅིག་བྱུང་ནའང༌། དེ་རྣམས་མི་འཐད་པའི་ཚུལ་ཁྱེད་རང་གིས་དགོངས་པས་ལན་མ་ཕུལ་བ་ལགས། ཞེས་པ་ཨེ་ཝཾ་ཆོས་ལྡན་ནས་ཕུལ་བའོ།། །།ཤུ་བྷཾ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply