སྤྱོད་རྒྱུད་སྤྱིའི་རྣམ་བཞག བྱ་རྒྱུད་སྤྱིའི་རྣམ་བཤད། ཁ༽

གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུང༌། །ངས་ནི་གསང་བ་པ་རྣམས་གཞོམ་པ་དང༌། །དབུལ་བའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར། །དཀྱིལ་འཁོར་བཅས་ཤིང་ཕྱག་རྒྱར་ལྡན་པ་ཡི། །གསང་སྔགས་བྱེ་བ་ཕྲག་བདུན་རབ་ཏུ་བཤད། །ཕོ་ཉ་བཅུ་དང་རིག་པའི་རྒྱལ་པོ་བདུན། །དེ་བཞིན་ཕྱག་བརྙན་དྲུག་ཅུ་རྩ་བཞི་དང༌། །ང་ཡི་སྙིང་པོ་དམ་པ་བརྒྱད་རྣམས་དང༌། །ཁྲོ་བོ་དག་པ་བདུད་རྩི་ཐབ་སྦྱོར་དང༌། །རིག་པ་མཆོག་ལ་སོགས་པ་མཐུ་བོ་ཆེ། །རིག་པའི་རྒྱལ་པོ་གསང་སྔགས་རྗེས་འབྲང་བཅས། །དེ་སྙེད་རྡོ་རྗེའི་རིགས་ནི་གང་ཡིན་པ། །དེར་ནི་འདི་དག་ང་ཡིས་རྒྱ་ཆེར་བཤད། །སྤྱན་རས་གཟིགས་ཀྱི་གསང་སྔགས་བྱེ་བ་ཕྲག །གསུམ་དང་དེ་བཞིན་འབུམ་ཕྲག་ལྔ་རྣམས་བཤད། །དེ་ཡི་རིག་སྔགས་བདག་པོ་རྟ་མགྲིན་དང༌། །དེ་ཡི་མིང་ཅན་དཀྱིལ་འཁོར་དམ་པ་གསུམ། །བཅུ་གཉིས་ཕྱག་དང་བཅུ་དྲུག་པ་དང་ནི། །ཐོར་ཚུགས་ཅོད་པཎ་འདོད་པ་འབྱོར་བྱེད་དང༌། །ཞལ་བཞི་དོན་ཡོད་ཞགས་པ་བདུན་བསྟན་དང༌། །ས་སྟེང་གསང་སྔགས་ཉི་མ་བདུན་ལྟར་འབར། །དེ་རྣམས་རྟ་མགྲིན་དཀྱིལ་འཁོར་གསང་སྔགས་ཏེ། །མི་ལ་མཆོག་སྦྱིན་འཇིག་རྟེན་གསུམ་གྱིས་བཏུད། །སྒྲོལ་མ་དཀར་མོ་གོས་དཀར་ཅན་མ་དང༌། །རྣམ་གཟིགས་རལ་པ་གཅིག་མ་དཀར་ཤམ་དང༌། །གྲགས་ལྡན་ཁྲོ་གཉེར་ཅན་དང་འདི་དག་རྣམས། །པདྨའི་རིགས་ཀྱི་རིག་སྔགས་རྒྱལ་མོ་མཆོག །དེ་དག་དཀྱིལ་འཁོར་སྣ་ཚོགས་གཟུགས་ཅན་དང༌། །ཕྱག་རྒྱ་རྣམ་པ་སྣ་ཚོགས་རྣམས་དང་ལྡན། །རྒྱས་པའི་གསང་སྔགས་རྒྱུད་དུ་འོག་པག་ཅན། །རིག་པའི་དབང་ཕྱུག་གསང་སྔགས་བདག་པོར་བསྒོམ། །དེ་ཡི་གསང་སྔགས་མི་ལ་གྲུབ་མཆོག་སྟེར། །དེ་ལ་ལྔས་རྩེན་ཡང་ནི་མངོན་པར་དགའ། །གནོད་སྦྱིན་དབང་ཕྱུག་དེ་དང་རྟག་མཐུན་པས། །དེ་ཡི་བཀའ་ཡི་གསང་སྔགས་མཆོག་རྣམས་བཤད། །ལྔས་རྩེན་གྱིས་ནི་སྟོང་ཕྲག་ཉི་ཤུ་སྟེ། །དེ་ཡི་ཆུང་མས་དེ་ཡི་ཕྱེད་བཤད་དོ། །ནོར་གྱི་བདག་པོས་སྟོང་ཕྲག་སུམ་ཅུ་སྟེ། །གང་པོའི་ཕ་ཡིས་ཀྱང་ནི་འབུམ་བཤད་དོ། །ལྷ་དང་ལྷ་མིན་ལ་སོགས་རྒྱལ་བ་ལ། །དད་པ་རྣམས་ཀྱིས་གསང་སྔགས་མཐའ་ཡས་བཤད། །ཅེས་གསུངས་སོ། །འདི་བཤད་པ་ལ་ལྔ། གསུང་བ་པོའི་ཁྱད་པར། དགོས་ཆེད་ཀྱི་ཁྱད་པར། གཞུང་ཚད་ཀྱི་ཁྱད་པར། ལྷའི་ཁྱད་པར། སྔགས་ཀྱི་ཁྱད་པར་རོ། །དང་པོ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་རྣམས་ནི། ཤཱཀྱ་ཐུབ་པ་ལ་སོགས་པ་དེ་བཞིན་གཤེགས་པས་གསུངས། པདྨའི་རིགས་རྣམས་ནི་སྤྱན་རས་གཟིགས་ཀྱིས། རྡོ་རྗེའི་རིགས་རྣམས་ནི་ཕྱག་ན་རྡོ་རྗེས། ནོར་གྱི་རིགས་རྣམས་ནི་ནོར་གྱི་བདག་པོ་སྟེ། ནོར་བུ་བཟང་པོ་དང༌། གང་པོའི་ཕ་ཞེས་བྱ་བ། ལྷའི་དྲང་སྲོང་རྣམ་ཐོས་རྣམས་ཀྱིས་གསུངས། རྒྱས་པའི་རིགས་རྣམས་ནི་ལྔས་རྩེན་དང་དེའི་ཆུང་མ་འཕྲོག་མ་གཉིས་ཀྱིས། འཇིག་རྟེན་པའི་རིགས་རྣམས་ནི། སངས་རྒྱས་ལ་དད་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་རང་རང་སོ་སོ་རྣམས་ཀྱིས་བཤད་ཅིང༌། སྟོན་པས་གནང་ཞིང་རྗེས་སུ་ཡི་རང་བར་མཛད་པའོ། །གཉིས་པ་ནི། གཙོ་ཆེ་བ་ཉེ་བར་བཟུང་ནས་དེ་བཞིན་གཤེགས་པའི་རིགས་རྣམས་ལྷ་དང་ལྷ་མ་ཡིན་དང་མི་ལ་མཆོག་གི་དངོས་གྲུབ་ཀྱིས་ཕན་གདགས་པའི་ཆེད་དང༌། པདྨའི་རིགས་ནི་མི་ལ་མཆོག་དམ་པ་བརྒྱད་ལ་སོགས་པ་སྦྱིན་པ་དང༌། ས་འོག་ས་སྟེངས་ས་བླའི་འཇིག་རྟེན་གསུམ་གྱིས་འདུད་ཅིང༌། དེ་དག་དབང་དུ་བྱེད་པའི་ཆེད་དང༌། རྡོ་རྗེའི་རིགས་ནི་གསང་བ་པ་གནོད་སྦྱིན་རྣམས་འདུལ་བ་དང༌། ལྷ་མ་ཡིན་དཔལ་གྱི་སྒོ་འབྱེད་པ་དང༌། གཏེར་དབྱུང་བ་ལ་སོགས་པ་དབུལ་བའི་སྡུག་བསྔལ་བསལ་བའི་ཕྱིར་དང༌། ནོར་གྱི་རིགས་ནི་རྒྱུད་ལས་དངོས་སུ་མ་གསུངས་ཀྱང༌། དཔུང་བཟང་གི་བསྡུས་དོན་འགྲེལ་པའི་རྗེད་བྱང་ལས། དཔལ་ནོར་བུ་བཟང་པོ་ལ་སོགས་པ་ནོར་གྱི་རྒྱུན་ཟད་མི་ཤེས་པར་བྱིན་གྱིས་བརླབས་ནས། སེམས་ཅན་གྱི་དབུལ་བའི་གནོད་པ་སེལ་ཞེས་བྱ་བའི་དོན་ཏོ། །ཞེས་བཤད་པ་ལྟར་རོ། །རྒྱས་པའི་རིགས་ནི་དཔུང་བཟང་དུ་གསལ་བར་མ་བཤད་ཀྱང༌། རིག་མཆོག་ལས། ཡུལ་དུ་རྒྱལ་བར་བྱ་བ་དང༌། །རྒྱས་པ་ཡི་ནི་ལས་རྣམས་དང༌། །རྩོད་པ་དང་ནི་འཐབ་པ་དང༌། །བསྲུང་བའི་ལས་དག་བསྒྲུབ་པ་དང༌། །བག་མ་དག་ནི་ལེན་པ་ལ། །ཞེས་འདི་རྣམས་འོག་པག་ཅན་གྱི་བྱེད་ལས་སུ་བཤད་པས་དེ་རྣམས་ཀྱི་ཆེད་དུའོ། །འཇིག་རྟེན་པའི་རིགས་ནི། འབྱུང་པོའི་གནོད་པ་ཞི་བ་ལ་སོགས་པ་རང་རང་སོ་སོའི་སྐབས་ཀྱི་དགོས་ཆེད་ཀྱི་དོན་དུ་ཤེས་པར་བྱའོ། །གསུམ་པ་ནི། དེ་བཞིན་གཤེགས་པའི་རིགས་དང༌། པདྨའི་རིགས་གཉིས་ལ་བྱེ་བ་ཕྲག་གསུམ་གསུམ་དང་འབུམ་ཕྲག་ལྔ་ལྔ། རྡོ་རྗེའི་རིགས་ལ་བྱེ་བ་ཕྲག་བདུན། ནོར་གྱི་རིགས་ལ་འབུམ་དང་སུམ་ཁྲི། རྒྱས་པའི་རིགས་ལ་ཁྲི་ཕྲག་ཕྱེད་དང་གསུམ། འཇིག་རྟེན་པའི་རིགས་ལ་མཐའ་ཡས་ཤིང༌། དེ་རྣམས་ཤླཽ་ཀའི་གྲངས་ཡིན་པར་དཔུང་བཟང་གི་འགྲེལ་པར་བཤད་དོ། །བཞི་པ་ནི། དེ་བཞིན་གཤེགས་པའི་རིགས་ལ་རྒྱུད་ལས། གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །ཅེས་པ་ཙམ་ལས་མ་གསུངས་ཀྱང༌། དེའི་ཚིག་དོན་བཤད་པའི་འགྲེལ་པར། གཙུག་ཏོར་རྣམས་དང༌། ཡུམ་རྣམས་དང༌། ཁྲོ་བོ་རྣམས་དང༌། དེ་བཞིན་ཁྲོ་མོ་དང༌། ཕྱག་བརྙན་ལ་སོགས་པ་དང༌། གཞན་ཡང་དེ་བཞིན་གཤེགས་པའི་རིགས་སུ་བསྡུས་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། གནས་གཙང་མའི་ལྷ་རྣམས་སུ། རྣམ་གྲངས་དུ་མར་ཕྱེ་བ་དག་གོ །ཞེས་གསུངས་པས། རིགས་ཀྱི་གཙོ་བོའམ། ཁྱབ་བདག་དེ་བཞིན་གཤེགས་པ་ནི། དངོས་སུ་མ་སྨོས་ཀྱང་དོན་གྱི་གོ་བས་རྣམ་པར་སྣང་མཛད་དང༌། རྣམ་པར་སྣང་མཛད་ཆེན་པོ་དང༌། ཤཱཀྱ་ཐུབ་པ་དང༌། རྣམ་གཟིགས་དང༌། གཙུག་ཏོར་ཅན་ལ་སོགས་པ་རྣམས་ཏེ། འཇམ་དཔལ་རྩ་རྒྱུད་ལས། སངས་རྒྱས་འོད་ཀྱི་ཟླ་བ་དྲི་སྣང་བའི་དཔལ་ལ་སོགས་པ་གསུངས་པ་ལྟ་བུའོ། །རིགས་ཀྱི་བདག་པོའམ། རིག་པའི་རྒྱལ་པོ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཡིན་ཞེས་བླ་མ་སྣུར་པ་རྣམས་གསུང་ངོ༌། །གཞན་ཡང་དམ་ཚིག་གསུམ་བཀོད་ལས། རིག་པའི་རྒྱལ་པོ། བདུད་རྩི་རྡོ་རྗེ། རྡོ་རྗེ་གསུམ་གྱི་སྟོབས། མི་བརྗེད་པ་རྡོ་རྗེ། དམ་ཚིག་མཆོག རྡོ་རྗེ་རིགས་མཛེས། དཔའ་བོ་མཆོག མི་གཡོ་བ་མཆོག བདུད་རྩི་རྩེ་མོ། ཀུན་དུ་འཇུག་པ། དེ་བཞིན་གཤེགས་པའི་སྟོབས། སྤྱོད་ཡུལ་བྱིན་གྱིས་བརླབས་པ། རབ་མཆོག་རྡོ་རྗེ། ཕྱོགས་བཅུའི་འོད། སྤྱན་གསུམ་པ། ཀུན་ནས་བསྒྲགས་པ། རྡོ་རྗེ་འཆང༌། གསང་བ་མཆོག ཞལ་བཞི་པ། གཟི་བརྗིད་སྟོབས་རྣམས་གསུངས་པ་ལྟ་བུ་སྟེ། དེ་དང་ཕྱོགས་མཐུན་པའི་རིག་པའི་རྒྱལ་པོ་ཐམས་ཅད་དོ། །རིགས་ཀྱི་ཡུམ་ནི་ཡུམ་གྱི་གཙོ་མོ་སངས་རྒྱས་སྤྱན་ཏེ། མིང་གཞན་ནམ་མཁའི་སྤྱན་ཞེས་གྲགས་པ་ཉིད་ཡིན་ལ། གཞན་ཡང་དམ་ཚིག་གསུམ་བཀོད་ལས། རིག་པའི་རྒྱལ་མོ་ཆེན་མོའི་རྩེ་མོ། ཕུན་སུམ་ཚོགས་པ་མཐའ་ཡས་མ། ངག་གི་དབང་ཕྱུག་མ། དེ་བཞིན་གཤེགས་པའི་རྩེ་མོ། དོན་ཡོད་མ། གཏུམ་མོ། །མཉམ་པ་མེད་མ། ཐོགས་པ་མེད་པར་དོན་ཡོད་པར་གྲུབ་མ། སྟོབས་གསུམ་མ། འཇིགས་པ་མེད་པའི་དོན་ཡོད་པའི་འོད་ཟེར། མཉམ་པ་མེད་པའི་མཆོག་གི་སྟོབས་ཏེ་བཅུ་གསུངས་ཤིང༌། འཇམ་དཔལ་རྩ་རྒྱུད་ལས། རིག་པའི་རྒྱལ་མོ་རྣམས་ཡང་དག་པར་འདུས་པར་བཤད་པ་ནི་འདི་ལྟ་སྟེ། མཛོད་སྤུ་དང༌། སྨིན་མ་དང༌། ཞེས་སོགས་ཉི་ཤུ་རྩ་བདུན་གསུངས་ལ། དེ་དང་ཕྱོགས་མཐུན་པའི་རིག་པའི་རྒྱལ་མོ་མཐའ་ཡས་པའོ། །གཙུག་ཏོར་ནི་དམ་ཚིག་གསུམ་བཀོད་ལས། བཞི་ལས་མ་གསུངས་ཀྱང༌། རྣམ་སྣང་མངོན་བྱང་དང༌། འཇམ་དཔལ་རྩ་རྒྱུད་ཀྱི་དཀྱིལ་འཁོར་ལ་དགོད་པའི་སྐབས་ནས་གཙུག་ཏོར་འཁོར་ལོས་སྒྱུར་བ་དང༌། གཙུག་ཏོར་མངོན་པར་འཕགས་པ་དང༌། གཙུག་ཏོར་གདུགས་དཀར་དང༌། རྒྱལ་བའི་གཙུག་ཏོར་དང༌། པདྨའི་གཙུག་ཏོར་དང༌། རྣམ་པར་རྒྱལ་བའི་གཙུག་ཏོར་དང༌། གཟི་བརྗིད་ཕུང་པོའི་གཙུག་ཏོར་དང༌། གཙུག་ཏོར་མཐོན་པོ་སྟེ་བརྒྱད་གསུངས་ལ། གླེང་གཞིར་འདབ་མ་རྒྱས་པ་ལ་སོགས་པ་ཉི་ཤུ་རྩ་ལྔ་དངོས་སུ་གསུངས་ཤིང༌། དེ་ལ་སོགས་པ་མཐའ་ཡས་པར་གསུངས་ཏེ། འདི་དག་ཀྱང་རིག་པའི་རྒྱལ་པོའི་ཁོངས་སུ་འདུས་པར་བཤད་དོ། །རིགས་ཀྱི་ཁྲོ་བོའི་གཙོ་བོ་ནི། གཤིན་རྗེའི་གཤེད་དང༌། ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བ་ཡིན་ལ། དེ་དང་འབྲེལ་པའི་ཁྲོ་བོ་མཐའ་ཡས་པ་རྣམས་སོ། །རིགས་ཀྱི་ཁྲོ་མོ་ནི། རོ་ལངས་མ་དང༌། གཞན་གྱིས་མི་ཐུབ་མ་ལ་སོགས་པའོ། །རིགས་ཀྱི་ཕོ་ཉ་ནི། དམ་ཚིག་གསུམ་བཀོད་ལས། ཤིན་ཏུ་སྟོབས་ཆེན་མཆོག ཤིན་ཏུ་རྡོ་རྗེ་ལ་སོགས་པ་བཅུ་དང༌། ཕོ་ཉ་མོ། ཁྲོ་མོ་ཆེན་མོ། རབ་གཏུམ་ཆེན་མོ། མཐའ་ཡས་རྡོ་རྗེ་མ་ལ་སོགས་པ་བཅུ་གཅིག་གསུངས་ལ། འཇམ་དཔལ་རྩ་རྒྱུད་ལས། སྐྲ་ཅན་མ་དང༌། ཉེ་བའི་སྐྲ་ཅན་མ་ལ་སོགས་པ་བཤད་པ་ལྟ་བུའོ། །བཀའ་ཉན་དང༌། མངག་གཞུག་དང༌། ཕྱག་བརྙན་རྣམས་ནི་དོན་གཅིག་སྟེ། དེའི་གཙོ་བོ་ཁྲོ་བོ་མི་གཡོ་བ་ཡིན་ལ། གཞན་ཡང་དམ་ཚིག་གསུམ་བཀོད་ནས། སྟོབས་ཆེན་ཤུགས། བཀའ་ཉན་མེ་དཔུང༌། ཁ་དོག་ཅན་གདུག་པ་མི་གཡོ་བ། དམ་ཚིག་ཅན། མི་ཕམ་པའི་སྟོབས། སྟོབས་མཉམ་པ་མེད་པས་མཐོང་བ། མ་ཏཾ་ཀ་མྱོས་འགྲོ། མཐའ་ཡས་རྡོ་རྗེ་མི་གཡོ་བ། མཐར་བྱེད། མཐའ་ཡས་ཏེ་བཅུ་གཉིས་གསུངས་པ་ལྟ་བུའོ། །བཀའ་ཉན་མ་ནི། དེ་ཉིད་ལས། རྡོ་རྗེ་ཡན་ལག་མ། དར་དཔྱངས་མ། གྲུབ་པ་མོ། ཤུགས་ཤིན་ཏུ་མཐའ་ཡས་མ། དེད་དཔོན་མ། མྱོས་འགྲོ་མ། བསམ་གྱིས་མི་ཁྱབ་པའི་དཔའ་མོ། དཀར་མོ་ཚེས་ཅན་མ། རལ་པ་གསུམ་མ་སྟེ་དགུ་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ནི། དམ་ཚིག་གསུམ་བཀོད་དུ་ཉེར་དགུ་དང༌། འཇམ་དཔལ་རྩ་རྒྱུད་དུ་དཀྱིལ་འཁོར་ལ་བཅུ་དྲུག་དགོད་པར་གསུངས་པ་ལྟ་བུའོ། །གནས་གཙང་ལ་སོགས་པ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང༌། ཕྱིར་མི་ལྡོག་པའི་ས་ལ་གནས་པ། གནས་གཙང་མའི་ལྷ་ལ་སོགས་པ་ནས། ཀླུ་དང་ནམ་མཁའ་ལྡིང་ལ་སོགས་པའི་བར་གྱི་འགྲོ་བ། དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་རྣམས་སུ་ལྷར་བཀོད་པ་རྣམས་ཏེ། རྣམ་སྣང་མངོན་བྱང་ལས། གནས་གཙང་རྣམས་ནི་བྲི་བར་བྱ། །དབང་ཕྱུག་ཀུན་ཏུ་མེ་ཏོག་དང༌། །འོད་ཀྱི་ཕྲེང་བ་ཉིད་དང་ནི། །ཡིད་མགྱོགས་དང་ནི་རྣམ་གྲགས་དང༌། །དེ་དག་ཐམས་ཅད་ལེགས་པར་བྲི། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་ལྷ་དེ་དག་དཀྱིལ་འཁོར་དུ་ཅི་རིགས་པར་འདུས་པའམ། ལྷ་རེ་རེ་བརྗོད་བྱའི་གཙོ་བོར་བྱས་ནས་བསྟན་པའི་རྒྱུད་རྣམས་ནི་དེ་བཞིན་གཤེགས་པའི་རིགས་སོ། །པདྨའི་རིགས་ལ་རིགས་ཀྱི་གཙོ་བོ་ནི་སྣང་བ་མཐའ་ཡས་ཡིན་པར་བླ་མ་རྣམས་གསུངས་ལ། སྟོན་པ་པོའམ། རིགས་ཀྱི་བདག་པོ་ནི་སྤྱན་རས་གཟིགས་དབང་ཕྱུག་ཡིན་ནོ། །རིག་སྔགས་བདག་པོ་སྟེ་རིག་པའི་རྒྱལ་པོ་རྟ་མགྲིན་ཡིན་ལ། དེའི་མིང་ཅན་དཀྱིལ་འཁོར་ཞེས་བྱ་བ་ནི། དཔལ་རྟ་མགྲིན་པདྨའི་རིགས་ཀྱི་རིག་པའི་རྒྱལ་པོ་ཡིན་པས། དཔལ་སྡོམ་འབྱུང་གི་རྒྱུད་ལ་སོགས་པ་ནས། རབ་ཏུ་གནས་པའི་དཀྱིལ་འཁོར་འབྱུང་ངོ་ཅོག་ལ་དེའི་མིང་ཅན་ཞེས་གདགས་ཏེ། འཕགས་པ་རྟ་མགྲིན་ཉིད་ཀྱི་ཁྱད་པར་གྱི་དཀྱིལ་འཁོར་འབའ་ཞིག་ལ་གདམས་པ་ནི་མ་ཡིན་ནོ། །ཞེས་འགྲེལ་པར་བཤད་དོ། །རིག་པའི་རྒྱལ་པོ་ཕྱག་བཅུ་གཉིས་པ་དང༌། ཕྱག་བཅུ་དྲུག་པ་དང༌། ཐོར་ཚུགས་ཅོད་པཎ་དང༌། འདོད་པ་འབྱོར་བྱེད་དང༌། ཞལ་བཞི་པ་དང༌། དོན་ཡོད་ཞགས་པ་སྟེ་དྲུག་དང༌། སྔར་བསྟན་པའི་རྟ་མགྲིན་དང་བདུན་པོ་ནི། ས་སྟེང་དུ་སྒྲུབ་པ་པོའི་ལས་ཉོན་བསྲེག་ཅིང༌། མངོན་པར་མཐོ་བའི་དཔལ་འབར་བར་བྱེད་པས། གསང་སྔགས་ཉི་མ་བདུན་ལྟར་འབར་བའོ། །འཇམ་དཔལ་རྩ་རྒྱུད་ལས། རིག་པའི་རྒྱལ་པོ་པདྨའི་རིགས་ཀྱང་འདི་ལྟ་སྟེ། བཅོམ་ལྡན་འདས་ཕྱག་བཅུ་གཉིས་པ་དང༌། ཕྱག་དྲུག་པ་དང༌། ཕྱག་བཞི་པ་དང༌། ཧཱ་ལ་ཧཱ་ལ་དང༌། དོན་ཡོད་ཞགས་པ་དང༌། རྟ་མགྲིན་དཀར་པོ་དང༌། མགྲིན་པ་མཐའ་ཡས་པ་དང༌། མགྲིན་སྔོན་དང༌། མགྲིན་བཟང་དང༌། མགུལ་བཟང་ལ་སོགས་པ་སུམ་ཅུ་རྩ་གསུམ་ཙམ་དང༌། གཞན་ཡང་མཐའ་ཡས་པར་བཤད་དོ། །རིགས་ཀྱི་ཡུམ་ནི། གཙོ་མོ་སྒྲོལ་མ་དང༌། གོས་དཀར་མོ་གཉིས་ཡིན་ལ། སྒྲོལ་མ་ལ་རིགས་བདུན་ཡོད་དེ། ཆོ་ག་ཞིབ་མོར། སྒྲོལ་མ་བདུན་ནི་འདུ་བར་འགྱུར། །ཞེས་སོ། །གཞན་ཡང་དཀར་མོ་དང༌། རྣམ་པར་གཟིགས་དང༌། རལ་གཅིག་མ་དང༌། དཀར་ཤམ་མ་དང༌། གྲགས་ལྡན་མ་དང༌། ཁྲོ་གཉེར་ཅན་ཏེ་བརྒྱད། པདྨའི་རིགས་ཀྱི་ལྷ་མོར་གསུངས་ཏེ། འདི་རྣམས་ནི་ཁྲོ་མོ་དང་ཕོ་ཉ་མོ་དང་བཅས་པའི་གཙོ་མོ་བསྡུས་པའོ། །རིགས་ཀྱི་ཁྲོ་བོ་ནི། ཁྲོ་བོ་དོན་ཡོད་རྒྱལ་པོ་དང༌། ཁྲོ་བོ་རྟ་མགྲིན་དང༌། མགྲིན་སྔོན་ལ་སོགས་པ་སྟེ། ཆོ་ག་ཞིབ་མོར། རྡོ་རྗེའི་སྐུ་དང་སྟོབས་པོ་ཆེ། །རྟ་མགྲིན་དང་ནི་མགུལ་སྔོན་དང༌། །དེ་བཞིན་རྟ་ནི་རྒོད་མའི་ཁ། །ཞེས་སོགས་གསུངས་པ་རྣམས་སོ། །རིགས་ཀྱི་ཁྲོ་མོ་ནི། ཁྲོ་གཉེར་ཅན་མ་དང༌། རི་ཁྲོད་ལོ་མ་ཅན་མ་སྟེ། འཇམ་དཔལ་རྩ་རྒྱུད་ལས། རིག་པའི་རྒྱལ་མོ་དག་ལས། རི་ཁྲོད་མ་ལོ་མ་གྱོན་པ་དང༌། མྱ་ངམ་ལས་སྐྱེས་མ་དང༌། ཡིད་ལས་སྐྱེས་མ་ལ་སོགས་པའོ། །ཞེས་གསུངས་པ་ལྟར་རོ། །རིགས་ཀྱི་ཕོ་ཉ་ནི། ཁྲོ་བོ་སྤྱི་གཙུག་འབར་ལ་སོགས་པ་ཡིན་ལ། ཕོ་ཉ་མོ་ནི། ཆོ་ག་ཞིབ་མོར། དཔེ་མེད་ཕོ་ཉ་མོ་ཉ་ནི། །འཇིགས་མེད་དཔལ་དང་དབྱངས་ཅན་དང༌། །པདྨ་ཀོནྟི་ཨུཏྤལ། །པདྨའི་སོ་ཅན་དེ་བཞིན་དུ། །ཞེས་སོགས་བཤད་ལ། ཕོ་ཉའི་གཙོ་མོ་ནི། སྲིན་མོ་རལ་པ་གཅིག་མ་ཡིན་ལ། དེས་ན་དཔེ་མེད་མ་དང༌། འཇིགས་མེད་མ་དང༌། ལྷ་མོ་དཔལ་དང༌། དབྱངས་ཅན་མ་དང༌། པདྨའི་རིགས་མཛེས་མ་དང༌། གསང་སྔགས་ཀྱི་རྗེས་སུ་འབྲང་མ་དང༌། བཞིན་བསྒྱུར་མ་དང༌། ཝ་སནྟི་དང༌། དུང་ཅན་མ་དང༌། གཏུམ་མོ་དང༌། མེ་ཏོག་སོ་ཅན་མ་དང༌། མཆེ་གཙིགས་མ་དང༌། གནས་མ་དང༌། ཞི་བ་མ་དང༌། མཚན་མོའི་ལྷ་མོ་དང༌། སའི་ལྷ་མོ་དང༌། ལོ་ཏོག་གི་ལྷ་མོ་དང༌། འབྲས་བུའི་ལྷ་མོ་རྣམས་ཆོ་ག་ཞིབ་མོར་བཤད་དོ། །རྡོ་རྗེའི་རིགས་ལ་སློབ་དཔོན་སངས་རྒྱས་གསང་བས། རིགས་གསུམ་ཕྱེ་ལས་རྡོ་རྗེ་སྟེ། །མི་བསྐྱོད་ཕྱག་རྡོར་བདུད་རྩི་དང༌། །མཱ་མ་ཀཱི་དང་ལུ་གུ་རྒྱུད། །ཅེས་གཙོ་བོ་ལྔ་བསྡུས་ནས་གསུངས་པས། རིགས་ཀྱི་གཙོ་བོ་ནི། མི་བསྐྱོད་པ་སྟེ། བཅོམ་ལྡན་འདས་མི་འཁྲུགས་པ་ལ་སོགས་པའོ། །རིགས་ཀྱི་བདག་པོ་ནི། རིག་པ་མཆོག་དང༌། སོགས་ཀྱི་སྒྲས་བསྡུས་པ་ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས་བཤད་པའི། གླང་པོའི་རྣ་བ་དང༌། གནོད་མཛེས་དང༌། བསྡིགས་སུ་རུང་དང༌། འཕྲོག་བྱེད་དང༌། རྡོ་རྗེའི་ཞགས་པ་རྣམས་དང༌། དེ་དག་གི་རྗེས་སུ་འབྲང་བའི་ལྷའི་བྱེ་བྲག་མང་པོ་རྣམས་སོ། །སྙིང་པོ་དམ་པ་བརྒྱད་ནི། སྟོབས་པོ་ཆེའི་ཆོ་ག་ཞིབ་མོ་དང༌། རྣམ་པར་རྒྱལ་བའི་རྒྱུད་ལས་ཇི་སྐད་དུ་སྙིང་པོ་ཀཱི་ལི་ཀཱི་ལ་དང༌། འགྲོ་ལྡིང་དང༌། ལུས་དམར་དང༌། རྡོ་རྗེ་རྣམ་པར་འཇོམས་པ་དང༌། རྡོ་རྗེ་རྒྱ་ཆེན་དང༌། སྙིང་པོའི་མཆོག་དང༌། སོག་མེད་གཏུམ་པོ་དང༌། དཔལ་ལྡན་ཞི་བར་གྲགས་པ་ཞེས་བྱ་བ་དེ་དག་སྟེ། ལྷ་དེ་རྣམས་ནི་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་ཡོན་ཏན་གྱི་ཁྱད་པར་ལས་བརྒྱད་དུ་ཕྱེ་བར་རིགས་པར་བྱའོ། །ཞེས་འགྲེལ་པར་བཤད་དོ། །རིགས་ཀྱི་ཡུམ་ནི་གཙོ་མོ་མཱ་མ་ཀཱི་དང༌། རིག་མཆོག་ལས། དེ་ནས་རྡོ་རྗེའི་རིགས་ཀྱི་ཡུམ། །རིག་སྔགས་རྡོ་རྗེ་ལྕགས་ཀྱུ་བཟླས། །དེ་ནས་ཀྱང་ནི་རྩེ་མོ་ཅན། །ཞེས་པ་ལྟར། རྡོ་རྗེ་ལྕགས་ཀྱུ་དང༌། རྩེ་མོ་ཅན་རྣམས་ཡིན་ལ། དེའི་རིགས་སུ་གཏོགས་པ་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་དང༌། ཕྱག་རྡོར་དབང་བསྐུར་ལས་བཤད་པའི། རྡོ་རྗེ་མེ་ལྟར་རབ་ཏུ་རྨོངས་བྱེད་མ་ལ་སོགས་པའོ། །ཁྲོ་བོ་དྲག་པོ་ནི། རིག་མཆོག་ལས་ཚོགས་བརྒྱད་བཤད་དེ། བདུད་རྩི་ཐབ་སྦྱོར་དང༌། རྨུགས་བྱེད་དང༌། རྫོང་ལྡན་དང༌། མཚན་སྦྱིན་དང༌། ལྕགས་ཅན་དང༌། སོ་ཅན་དང༌། གསེར་ཅན་དང༌། གཏུམ་བྱེད་དག་གོ །ཞེས་འགྲེལ་པར་བཤད་པ་ལྟར་རོ། །གཞན་ཡང་ཕྱག་ན་རྡོ་རྗེའི་སྲས་བཅུ་དང༌། རྡོ་རྗེ་མེ་ལྟར་རབ་ཏུ་རྨོངས་བྱེད་ལས། རྡོ་རྗེའི་དམག་དཔོན་རྣམས་དང༌། དམག་སྐྱོང་རྣམས་དང༌། ས་སྐྱོང་རྣམས་བཤད་པ་ལྟ་བུའོ། །རིག་པའི་རྒྱལ་པོ་བདུན་ནི། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། རབ་ཏུ་གྲུབ་པ་དང༌། དབུ་རྒྱན་རྩེ་གསུམ་དང༌། བ་ལ་ཀཱི་ལི་ཀཱི་ལ་དང༌། རིན་ཆེན་ཀཱི་ལི་ཀཱི་ལ་དང༌། གཟུགས་ལེགས་དང༌། རྡོ་རྗེའི་ཐིགས་པ་དང༌། རྡོ་རྗེ་རོལ་པའོ། །ཞེས་སོགས། །འགྲེལ་པར་བཤད་པ་རྣམས་སོ། །རིགས་ཀྱི་ཁྲོ་མོ་ནི། རིག་པ་མཆོག་ལས། རིག་སྔགས་བློན་མོ་བདུན་དག་དང༌། །རིག་སྔགས་ཡན་ལག་བདུན་དང་བཅས། །འདོད་པའི་རྡོ་རྗེ་འཛིན་གྱིས་བཤད། །དང་པོ་འདོད་པའི་རྡོ་རྗེ་མ། །རིག་སྔགས་རྡོ་རྗེ་མེ་ཏོག་བཞིན། །ལས་མཆོག་ལ་ནི་གཉིས་པ་ཡིན། །རྫུ་འཕྲུལ་དང་ནི་སྟོབས་ལྡན་པ། །རྡོ་རྗེ་སྒྲོག་ཅེས་བྱ་བ་དང༌། །འོག་པག་སེར་མོ་གཏུམ་མོ་དང༌། །དེ་བཞིན་རྡོ་རྗེ་ཚུགས་པར་དཀའ། །རིག་སྔགས་ཆེན་མོ་བདུན་དེ་དག །ཉི་མ་བདུན་དང་སྟོབས་མཉམ་ཞིང༌། །ཞེས་བཤད་པ་ལྟར་ཏེ། གཙོ་མོ་ནི་རྡོ་རྗེ་ལུ་གུ་རྒྱུད་ཡིན་པར་སངས་རྒྱས་གསང་བས་བཤད་དོ། །རིགས་ཀྱི་ཕོ་ཉ་ནི། ཁྲོ་བོ་འཆོལ་པ་སྟེ་དམེ་བརྩེགས་ཡིན་ལ། དེ་དང་ཕྱོགས་མཐུན་པའི་ཁྲོ་བོ་གཞན་རྣམས་ཀྱང་ངོ༌། །རིགས་ཀྱི་ཕོ་ཉ་མོ་ནི་བཅུ་སྟེ། རིག་པ་མཆོག་ལས། དང་པོ་བློ་གྲོས་རྡོ་རྗེ་མ། །གཉིས་པ་རྡོ་རྗེ་དྲིལ་བུ་མ། །གསུམ་པ་རྡོ་རྗེ་ནག་མོ་དང༌། །བཞི་པ་གཞན་གྱིས་མི་ཐུབ་མ། །ལྔ་པ་རྡོ་རྗེ་རོལ་མ་དང༌། །དྲུག་པ་ཡང་ནི་རྒོད་བག་ཅན། །བདུན་པ་རྡོ་རྗེ་ཤུགས་ཡིན་ཏེ། །བརྒྱད་པ་རྡོ་རྗེ་ཉི་མ་ཡིན། །དགུ་པ་རྡོ་རྗེ་དབྱུག་པ་སྟེ། །དེ་ནི་སྣ་ཚོགས་གཟུགས་ཞེས་གྲགས། །བཅུ་པ་རྡོ་རྗེ་བདེན་པ་སྟེ། །ཞེས་པ་ལྟར་རོ། །ཕྱག་བརྙན་དྲུག་ཅུ་རྩ་བཞི་ནི། ཕོ་ཉ་མོ་བཅུ་པོ་དེ་རྣམས་ཀྱི་གཡོག་མོ་སྟེ། རིག་པ་མཆོག་ལས། དེ་ནས་ཕོ་ཉ་མོ་ཡི་ཚོགས། །བཅུ་པོ་རྣམས་ཀྱི་གཡོགས་མོ་ནི། །ཡིད་ལས་སྐྱེས་པ་དྲུག་ཅུ་བཞི། །ཞེས་སོ། །འདི་རྣམས་ཀྱི་སྔགས་རག་པ་མཆོག་ཏུ་བཤད་ཀྱང༌། མིང་གསལ་བར་མ་བྱུང་ལ། འགྲེལ་པར། རྡོ་རྗེའི་ལྟ་བ་ལ་སོགས་པ་འབྱུང་བ་རྣམས་ཏེ། དངོས་སུ་ཕོ་ཉ་མོ་བཅུའི་ཕྱག་བརྙན་ནོ། །ཞེས་བཤད་དོ། །ནོར་བུའི་རིགས་ལ་ནོར་བུ་བཟང་པོ་གནོད་སྦྱིན་བརྒྱད་དང་བཅས་པ་དང༌། ཛམྦྷ་ལ་གནོད་སྦྱིན་བརྒྱད་དང་བཅས་པ་དང༌། ་ནོར་རྒྱུན་མ་གནོད་སྦྱིན་མོ་བརྒྱད་དང་བཅས་པ་དང༌། རྣམ་ཐོས་སྲས་གནོད་སྦྱིན་བརྒྱད་དང༌། སྡེ་དཔོན་ཉི་ཤུ་རྩ་བརྒྱད་ཚོགས་དང་བཅས་པ་སྟེ། མདོར་ན། ནོར་ལྷ་གནོད་སྦྱིན་གྱི་ཚོགས་རྣམས་སོ། །རྒྱས་པའི་རིགས་ལ་ལྔས་རྩེན་དང༌། འཕྲོག་མ་བུ་ལྔ་བརྒྱ་དང་བཅས་པ་དང༌། སྲིན་མོ་ཆེན་མོ་བཞི་ལ་སོགས་པ་རྣམས་ཏེ། ལྔས་རྩེན་གྱི་བཙུན་མོ་འཕྲོག་མ་ནི། མེ་ཁལ་ཞེས་པ། བོད་སྐད་དུ་བསྒྱུར་བས་འོག་པག་ཅན། རིག་པའི་དབང་ཕྱུག་གི་གསང་སྔགས་ཐམས་ཅད་ལ་དབང་བསྒྱུར་བའི་བདག་མོར་བསྐོ་བ་ལ་ལྔས་རྩེན་ཡང་དགའ་ཞིང༌། དེའི་རིགས་སུ་གཏོགས་པའི་གནོད་སྦྱིན་གྱི་སྡེ་དཔོན་རྣམས་ཀྱང་བློ་མཐུན་པས། འོག་པག་ཅན་འདི་ནི་རྒྱས་པའི་རིགས་ཀྱི་གསང་སྔགས་ཀྱི་བདག་མོར་འགྲེལ་པར་བཤད་དོ། །འཇིག་རྟེན་པའི་རིགས་ནི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་སོ། །འདིར་མཁས་པ་དག ནོར་བུའི་རིགས། རིགས་བཞི་པ་དང༌། རྒྱས་པའི་རིགས། རིགས་ལྔ་པར་བཞེད་པ་ནི་མི་འཐད་དེ། འགྲེལ་པར་རྒྱས་པའི་གསང་སྔགས་རྒྱུད་དུ་ཞེས་པ་ནི་རིགས་བཞི་པར་བསྟན་པའོ། །ཞེས་དང༌། ནོར་གྱི་བདག་པོ་ཞེས་བྱ་བ་ནི་རིགས་ལྔ་པ་ནོར་བུའི་རིགས་བསྟན་པ་སྟེ། ཞེས་རྒྱས་པའི་རིགས་བཞི་པ་དང༌། ནོར་བུའི་རིགས་ལྔ་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །ལྔ་པ་ནི། དཔུང་བཟང་ལས། སྲིད་གསུམ་ནང་ན་རྒྱལ་བ་དཀོན་མཆོག་སྟེ། །དེ་ཡི་འོག་ཏུ་དེ་ལས་བྱུང་བའི་ཆོས། །དེ་ཡི་དགེ་འདུན་སྐྱེས་ཆེན་བརྒྱད་པོ་སྟེ། །སྲིད་པ་གསུམ་ན་དཀོན་མཆོག་གསུམ་པོ་གཙོ། །སྲིད་གསུམ་བསོད་ནམས་རྣམ་འཕེལ་རྒྱུ་ཡིན་པས། །དངོས་གྲུབ་འདོད་པས་གསང་སྔགས་མགོ་ལ་འདོན། །བསོད་ནམས་ཚེ་དང་ལོག་འདྲེན་རྨོངས་བྱའི་ཕྱིར། །ཕྱག་ན་རྡོ་རྗེ་གཏུམ་མཆོག་ཕྱག་འཚལ་ཞེས། །གསང་སྔགས་རྣམས་ཀྱི་མགོ་ལ་སྦྱར་བར་བྱ། །གནོད་སྦྱིན་མགོན་པོ་ངས་ནི་བཤད་པ་ཡིན། །ནོར་གྱི་རིགས་དང་པདྨའི་རིགས་ལ་ཡང༌། །རང་གི་གསང་སྔགས་བདག་པོར་ལྡན་པར་བྱ། །ཞེས་གསུངས་པས། དེ་བཞིན་གཤེགས་པའི་རིགས་རྣམས་ལ། གསང་སྔགས་ཀྱི་མགོར། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་སོ། །ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཞེས་སོགས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་ཚིག་ཕལ་ཆེ་བ་ལ་ཡོད་ཅིང༌། མེད་པ་རྣམས་ལ་ཡང་སྦྱར་དགོས་པར་བཤད་དེ། འདི་ནི་རིགས་ལྔ་པོ་ཐམས་ཅད་ཀྱིའང་ཐོག་མར་འོང་ངོ༌། །པདྨའི་རིགས་ལ་ལྷག་པོར། ན་མཿཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི། ཀཱ་ཡ། ཞེས་སོགས་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བའི་ཚིག་གིས་ཐོག་དྲངས་པའོ། །རྡོ་རྗེའི་རིགས་ལ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། ཞེས་སོགས་ཕྱག་རྡོར་ལ་ཕྱག་འཚལ་བའི་ཚིག་གིས་ཐོག་དྲངས་པའོ། །རྒྱས་པའི་རིགས་ལ། ན་མཿཔཉྩི་ཀཱ་ཡ། ཞེས་པ་ལྔས་རྩེན་དང༌། ན་མོ་མེ་ཁ་ལཱ་ཡ་ཞེས་པས་འོག་པག་ཅན་ལ་ཕྱག་འཚལ་བའི་ཚིག་གིས་ཐོག་དྲངས་པའོ། །ནོར་གྱི་རིགས་ལ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཞེས་སོགས་ནོར་བུ་བཟང་པོ་དང༌། ན་མཿཀུ་བེ་རཱ་ཡ། ཞེས་སོགས་རྣམ་ཐོས་ལ་ཕྱག་འཚལ་བའི་ཚིག་གིས་ཐོག་དྲངས་སོ། །འཇིག་རྟེན་པའི་རིགས་ལ་ནི། རང་རང་གི་བདག་པོ་ལ་ཕྱག་འཚལ་བ་སྟེ། མཐའ་གཅིག་ཏུ་མ་ངེས་སོ། །གསུམ་པ་ལ་གཉིས། སོ་སོའི་རྒྱུད་ངོས་གཟུང་བ་དང༌། སྤྱིའི་རྒྱུད་ངོས་གཟུང་བའོ། །དང་པོ་ལ་དྲུག དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དང༌། པདྨའི་དང༌། རྡོ་རྗེའི་དང༌། ལྔས་རྩེན་དང༌། ནོར་བུ་དང༌། འཇིག་རྟེན་པའི་རིགས་ཀྱི་རྒྱུད་དོ། །དང་པོ་ལ་བརྒྱད། རིགས་ཀྱི་གཙོ་བོའི་རྒྱུད་དང༌། རིགས་ཀྱི་བདག་པོའི་དང༌། རིགས་ཀྱི་ཡུམ་གྱི་དང༌། རིགས་ཀྱི་གཙུག་ཏོར་དང༌། རིགས་ཀྱི་ཁྲོ་བོ་ཁྲོ་མོ། རིགས་ཀྱི་ཕོ་ཉ་ཕོ་མོ། དེ་བཞིན་གཤེགས་པའི་རིགས་སུ་བསྡུས་པའི་བྱང་སེམས་ཀྱི། གནས་གཙང་མའི་ལྷ་ལ་སོགས་པའི་རྒྱུད་དོ། །དང་པོ་ནི། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད། འདི་ཁ་ཅིག་སྤྱོད་རྒྱུད་དུ་འཆད་མོད། བདག་བསྐྱེད་མ་བསྟན་པའི་ཕྱིར་བྱ་རྒྱུད་ཡིན་ཞིང༌། སློབ་དཔོན་ཨ་བྷ་ཡཱ་ལ་སོགས་པས་ཀྱང་བྱ་རྒྱུད་དུ་བཤད་དོ། །ནོར་བུ་རྒྱས་པའི་གཞལ་མེད་ཁང་ཤིན་དུ་རབ་ཏུ་མི་གནས་པའི་རྟོག་པའི་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་སྙིང་པོ་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་འདི་རྒྱུད་ཀྱི་དུམ་བུར་སྣང་སྟེ། དཔུང་བཟང་གི་འགྲེལ་པར་དྲངས་པའི་ལུང་རྣམས་འདི་ན་མི་སྣང་བའི་ཕྱིར་རོ། །འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་གཟུངས་ཆོ་ག་དང་བཅས་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ། འདི་གཟུངས་གཞན་ཞིག་ནས་བཏུས་པར་སྣང་ངོ༌། །སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས། འདི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང༌། ལྷ་མོ་བརྒྱད་ཀྱི་གཟུངས་ལས་ཡུམ་དུ་བཤད་པས་དེ་ལྟར་བྱས་ཀྱང་རུང་མོད། འདིའི་འགྲེལ་པར་ཡང༌། ཐུབ་པས་གཙོ་བྱས་པའི་དཀྱིལ་འཁོར་གྱི་ཚུལ་གཉིས་དབང་བསྐུར་དང་བཅས་པ་གསུངས་པས་དེ་བཞིན་གཤེགས་པའི་ཁོངས་སུ་མཁས་པ་དག་བཞེད་དོ། །སངས་རྒྱས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འདི་གཞན་གྱིས་མི་ཐུབ་པའི་གཟུངས་ཀྱི་ཡན་ལག་གཅིག་ཟུར་དུ་ཕྱུང་བར་སྣང་ངོ༌། །སངས་རྒྱས་བཅུ་གཉིས་པའི་གཟུངས། སངས་རྒྱས་ཀྱི་སྙིང་པོའི་གཟུངས། སངས་རྒྱས་ཀྱི་སྙིང་པོ། མེ་ཏོག་བརྩེགས་པའི་གཟུངས། འདི་དེ་བཞིན་གཤེགས་པའི་སྒྲུབ་ཐབས་ཡིན་པས། དེའི་རིགས་སུ་བྱས་སོ། །སའི་དབང་པོའི་གཟུངས། འདི་དང་འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་ཀུན་ནས་འོད་ཅེས་བྱ་བའི་སྙིང་པོ་གཉིས་འགྱུར་ཁྱད་མ་གཏོགས་པ་གཅིག་པར་སྣང་ངོ༌། །ཙནྡན་གྱི་ཡན་ལག་ཅེས་བྱ་བའི་གཟུངས། གདོན་མི་ཟ་བའི་གཟུངས། ཤཱཀྱ་ཐུབ་པའི་སྙིང་པོ། རྣམ་པར་སྣང་མཛད་ཀྱི་སྙིང་པོ། འདི་གཉིས་གཞན་རེ་ནས་ཕྱུང་བར་སྣང་ངོ༌། །སངས་རྒྱས་བདུན་པའི་གཟུངས། སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པའི་གཟུངས། ཟླ་འོད་ཀྱི་མཚན་རྗེས་སུ་དྲན་པ་དང༌། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེས་སུ་དྲན་པ་དང༌། རིན་ཆེན་གཙུག་ཏོར་ཅན་གྱི་མཚན་རྗེས་སུ་དྲན་པ་དང་གསུམ་ནི་གཞན་རེ་ནས་ཕྱུང་བར་སྣང་ངོ༌། །དྲི་མ་མེད་པའི་གཟུངས། གཟུངས་ཆེན་པོ། སྒྲོན་མ་མཆོག་གི་གཟུངས། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་གཟུངས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས། སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ། སྨན་ལ་སྔགས་ཀྱིས་གདབ་པ། འདི་སྨན་བླའི་སྙིང་པོ་སོགས་སུ་ཕྱུང་བར་སྣང་བས་རྒྱུད་ཐ་དད་དུ་མི་ལྟའོ། །འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བའི་གཟུངས། སྒོ་དྲུག་པའི་གཟུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ༌། འདི་ཡུམ་སྐོར་དུ་བྱས་ཀྱང་རུང་མོད། ཐུབ་པའི་སྙིང་པོ་ཡོད་པས་དེ་བཞིན་གཤེགས་རིགས་སུ་བྱས་སོ། །ཤེས་རབ་སྙིང་པོ་འདི་ལ་བརྟེན་ནས། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཐུབ་པ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་དང༌། སློབ་དཔོན་དཱ་རི་ཀ་པས་ཡུམ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་མཛད་པས་སྔགས་ཕྱོགས་སུ་གཏོགས་ལ། ཀླུ་སྒྲུབ་ལྟར་ན་དེ་བཞིན་གཤེགས་པའི་རིགས་སུ་འགྱུར་ཞིང༌། སློབ་དཔོན་དེ་གཉིས་ཀས་རྣལ་འབྱོར་ཆེན་པོར་བཀྲལ་ཡང༌། འདིར་བྱ་རྒྱུད་དུ་གཞག་གོ །ཡེ་ཤེས་ཏ་ལ་ལའི་གཟུངས། མཆོད་པའི་སྤྲིན་གྱི་གཟུངས། པདྨའི་སྤྱན་གྱི་གཟུངས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟུངས། འདི་སྦྱོང་རྒྱུད་ནས་ཕྱུང་བ་འདྲའོ། །སུ་རཱུ་པའི་གཟུངས། ཁྱད་པར་ཅན་གྱི་གཟུངས། འདི་སྟོན་པས་སྦྲུལ་ལོ་དགུན་ཟླ་རྭ་བའི་ཚེས་ཉི་ཤུ་ལ་གསུང་བྱ་བ་སྣང་བས། རྒྱ་གར་ན་སྦྲུལ་ལོ་ལ་སོགས་པའི་རྣམ་གཞག་མེད་པས་ཐེ་ཚོམ་ཟ་ལ། རཏྣ་ཀཱིརྟིས། འཇམ་དཔལ་གཞོན་ནུས་གསུངས་པ་ཡི། །ཁྱད་པར་ཅན་གྱི་གཟུངས་ལ་བསྟོད། །ཅེས་ཡང་དག་ཏུ་བྱས་སྣང་མོད། རཏྣ་ཀཱིརྟིས་བྱས་པའི་གཟུངས་སྤྱིའི་ཆོ་ག་འདི་རྣམས་ཀྱང་བོད་ཀྱི་བརྫུས་མར་སྣང་ངོ༌། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེ་ལེའུ་སོ་གཅིག་པ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལེའུ་ཉེར་དགུ་པ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལེའུ་ཉེར་གཅིག་པ། འདི་གསུམ་ཀ་ལ་དཀྱིལ་འཁོར་གྱི་ཆོ་ག བྲིས་སྐུའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་དང་བཅས་པ་བསྟན་པས་སྔགས་སུ་བྱས་སོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོའི་རྒྱུད་བཞི་བཅུ་ཞེ་གཉིས་ཐེ་ཚོམ་ཅན་གཅིག་དང་བཅས་པ་རྣམས་སོ། །གཉིས་པ་ནི། འཇམ་དཔལ་གྱི་ཞལ་ནས་གསུངས་པ། འཇམ་དཔལ་གྱི་དམོད་བཙུགས་པ། འཇམ་དཔལ་ཤེས་རབ་བློ་འཕེལ། འཇམ་དཔལ་ཡིག་འབྲུ་གཅིག་པ། འཇམ་དཔལ་གྱིས་དམ་བཅས་པ། འཇམ་དཔལ་རྣོན་པོ་ལ་སངས་རྒྱས་ཀྱིས་བསྟོད་པ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོའི་རྒྱུད་དྲུག་གོ །གསུམ་པ་ནི། དབང་བསྐུར་བའི་གཟུངས། འདི་ནི་སངས་རྒྱས་ཀྱི་ཡུམ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་ཡུམ་དུ་བྱས་སོ། །རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མ། རྨ་བྱ་ཆེན་མོ། སོ་སོར་འབྲང་མ་ཆེན་མོ། བསིལ་བའི་ཚལ་ཆེན་མོ། གསང་སྔགས་ཆེན་མོ་རྗེས་སུ་འཛིན་མ་སྟེ། འདི་རྣམས་ལ་གཟུངས་གྲ་ལྔ་ཞེས་གྲགས་སོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱའི་ཡང་སྙིང་ཞེས་བྱ་བ་ནི། ཕལ་ཆེར་རྨ་བྱ་ཆེན་མོའི་ནང་ན། སྣང་བས་དེ་ནས་ཕྱུང་བ་ཡིན་ནམ། གཞན་ཞིག་ཡིན་བརྟག་གོ །རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་གྱི་གཟུངས། དུག་སེལ་མའི་གཟུངས། བཀླགས་པས་གྲུབ་པ་སོར་མོ་ཅན་ཞེས་བྱ་བའི་རིག་པའི་རྒྱལ་མོ་འདིའི་དོན་གྱིས་དུག་སེལ་མའི་རིག་སྔགས་སོ། །དབྱིག་ལྡན་གྱི་གཟུངས། འདིའང་གཟུངས་འདི་ནི་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུམ་མོ་ཞེས་གསུངས་པའི་ཕྱིར་ཡུམ་དུ་བྱས་སོ། །ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས། གཙུག་གི་ནོར་བུའི་གཟུངས། རཏྣ་ཀཱིརྟིས་འདི་གཙུག་ཏོར་དུ་བཤད་ཀྱང༌། དངོས་སུ་གཙུག་ཏོར་གྱི་མིང་མ་བྱུང་ངོ༌། །ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་སྟེ། དེ་ལྟར་ན་རིགས་ཀྱི་ཡུམ་གྱི་རྒྱུད་རྣམ་གྲངས་བཅུ་བཞི་ཡོད་ལ། འདི་རྣམས་གཙོ་ཆེ་བ་ཉེ་བར་བཟུང་ནས་ཕྱོགས་མཐུན་པ་རྣམས་བསྡེབས་པ་སྟེ། ཁྲོ་བོ་དང༌། ཕོ་ཉ་མོའང་ཅི་རིགས་པར་ཡོད་པར་ཤེས་པར་བྱའོ། །བཞི་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པ་ཆེན་མོ་ཞེས་བྱ་བའི་གཟུངས། འདི་ལ་འགྲེལ་པར་དཀྱིལ་འཁོར་བཞི་བཤད་དོ། །གཙུག་ཏོར་གདུགས་དཀར་མཆོག་ཏུ་གྲུབ་པའི་གཟུངས་ནི། ཕལ་ཆེར་སྔར་དང་འདྲ་སྟེ། འདི་ལ་མཆོག་གྲུབ་མ་ཞེས་གྲགས་སོ། །གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བ། གླེང་གཞི་མེད་པ་གཞན་གོང་མ་དང་འདྲ་བ་སྟེ། འདི་ལ་གཙུག་ཏོར་དཀར་ཆུང་ངམ་མི་ཡུལ་མ་ཞེས་གྲགས་སོ། །གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་གླེང་གཞི་ཡོད་པ་གཞན་སྔར་དང་འདྲ་བ་ཏེ་འདི་ལ་ལྷ་ཡུལ་མ་ཆུང་བ་ཞེས་གྲགས་སོ། །དེ་ལྟར་གདུགས་དཀར་གྱི་མདོ་བཞི་སྣང་ཡང༌། ལོཙྪ་བ་སོ་སོས་འགྱུར་མི་འདྲ་བ་དང་རྒྱ་དཔེ་གླེང་གཞི་ཆད་པའི་དཔེ་ལས་བསྒྱུར་བས་སྣ་ཚོགས་སུ་བྱུང་བ་ཡིན་གྱི། རང་གི་ངོ་བོ་མདོ་གཅིག་ཡིན་ནོ། །ཞེས་ཁ་ཅིག་ཟེར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ་འདི་ལ། སྤྱན་རས་གཟིགས་ཀྱིས་ཞུས་པ་ཞེས་གྲགས་ཤིང་ལྷ་དགུ་གསལ་བར་གསུངས་སོ། །ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་པར་རྒྱལ་བ་འདི་ལ་བརྒྱ་བྱིན་གྱིས་ཞུས་པ་ཞེས་གྲགས་སོ། །གཟུངས་འདི་གཉིས་སོ་སོ་ཡིན་ལ་ཁ་ཅིག་གི་སྔགས་མཐུན་པ་ཙམ་ལ་བསམས་ནས་བསྲེས་པ་ནི་ཤིན་ཏུ་མ་དག་ཅིང༌། རྒྱ་དཔེ་ལའང་དེ་ལྟར་མེད་དོ་ཞེས་རྗེ་བཙུན་ས་སྐྱ་པ་རྣམས་གསུང་ངོ༌། །གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་རྟོག་པ་དང་བཅས་པ་ཆུང་བ། རྣམ་པར་རྒྱལ་མའི་རྟོག་པ་རབ་བྱེད་དང་པོ། །འདི་ལ་ལྷ་སོ་གསུམ་གྱི་དཀྱིལ་འཁོར་བཤད་དོ། །ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས། འདི་ལས་མཆོད་རྟེན་བརྒྱ་རྩ་བརྒྱད་དང་ལྔ་གདབ་པའི་སྤོས་ཆུའི་དཀྱིལ་འཁོར་གཉིས་གསུངས་ལ། འགྲེལ་པར་རིག་སོ་སོ་བ་གསུམ་རིགས་བསྡུས་ལྔ་སྟེ་དཀྱིལ་འཁོར་བརྒྱད་བཤད་དོ། །ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས་ནི་ཐེ་ཚོམ་ཅན་དུ་མཁས་པ་དག་བཞེད་དོ། །སྙིང་རྗེ་མཆོག་གི་གཟུངས། འདི་ལ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་ནས་བྱུང་བ་འདི་ཞེས་གསུངས་པས་གཙུག་ཏོར་དུ་བྱས་སོ། །དེ་ལྟར་ན་རིགས་ཀྱི་གཙུག་ཏོར་གྱི་རྒྱུད་བཅུ་གཅིག ཐེ་ཚོམ་ཅན་གཅིག་དང་བཅས་པ་རྣམས་སོ། །ལྔ་པ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས། བེ་ཅོན་ཆེན་པོའི་གཟུངས། གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བ། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བའི་གཟུངས། ཐམས་ཅད་ལ་མི་འཇིགས་པ་རབ་ཏུ་སྦྱིན་པའི་གཟུངས། འགྲོ་ལྡིང་བའི་རིག་སྔགས། འདི་འཕགས་པ་དྲ་བི་ཏའི་རིག་སྔགས་དང་གཉིས་འགྱུར་ཁྱད་མ་གཏོགས་པ་གཅིག་གོ །སྐུལ་བྱེད་མའི་གཟུངས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་ཏེ། དེ་ལྟར་ན་རིགས་ཀྱི་ཁྲོ་བོ་དང་ཁྲོ་མོའི་རྒྱུད་བརྒྱད་དོ། །དྲུག་པ་ནི། སྒོ་བཟང་པོའི་གཟུངས། བུ་མང་པོ་རྟོན་པའི་གཟུངས། འདི་གཉིས་ཁྲོ་བོའམ་ཕོ་ཉ་ཡིན་པར་སྔགས་དོན་ལས་ཤེས་སོ། །རོ་ལངས་བདུན་པའི་གཟུངས། མཚན་མོ་བཟང་པོའི་མདོ། མདངས་ཕྱིར་འཕྲོག་པའི་མདོ། འདི་གཉིས་ཕོ་ཉ་མོ་ཡིན་པར་སྔགས་དོན་ལས་ཤེས་སོ། །མིག་རྣམ་པར་སྦྱོང་བའི་གཟུངས། མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ། གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་གཟུངས། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། རིམས་ནད་རབ་ཏུ་ཞི་བའི་གཟུངས། ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་མདོ། ནད་རབ་ཏུ་ཞི་བར་བྱེད་པ་དང༌། རིམས་ནད་ཞི་བ་དང༌། འབྲུམ་བུའི་ནད་ཞི་བ་དང༌། མདངས་ཕྱིར་འཕྲོག་པའི་གཟུངས་རྣམས་ནི་གཞན་རེ་ནས་ཕྱུང་བར་སྣང་ངོ༌། །ནད་ཞི་བའི་གཟུངས་འདི་རྣམས། ལྷ་འདི་ཡིན་མི་གསལ་ཡང༌། བྱེད་ལས་ལ་བརྟགས་ནས་ཕོ་ཉ་ཕོ་མོར་བཞག་གོ །མི་རྒོད་རྣམ་པར་འཇོམས་པའི་གཟུངས། བར་དུ་གཅོད་པ་ཐམས་ཅད་སེལ་བའི་གཟུངས་ཏེ། དེ་ལྟར་ན་རིགས་ཀྱི་ཕོ་ཉ་ཕོ་མོའི་རྒྱུད་བཅྭོ་ལྔ་ཡོད་ལ། འཕགས་པ་མི་གཡོ་བའི་གཟུངས་ལེའུ་དགུ་པ་དང༌། རྡོ་རྗེ་ཁྲོ་བོ་རྒྱལ་བའི་རྟོག་པ་བསྡུས་པའི་རྒྱུད་ལེའུ་བཅུ་པ་གཉིས་ནི་རྫུན་མ་ཁོ་ནའོ། །ཞེས་མཁས་པ་དག་བཞེད་དོ། །བདུན་པ་ནི། བྱམས་པ། སྤྱན་རས་གཟིགས། ནམ་མཁའི་སྙིང་པོ། ཀུན་དུ་བཟང་པོ། ཕྱག་ན་རྡོ་རྗེ། འཇམ་དཔལ། སྒྲིབ་པ་རྣམ་སེལ། སའི་སྙིང་པོ་རྣམས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཡང་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ། འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ། བྱམས་པས་དམ་བཅས་པའི་གཟུངས། རྒྱལ་བའི་བླ་མའི་གཟུངས་ཏེ་བཅུ་གཉིས་པོ་འདི་དག་རྒྱུད་གཞན་རེ་རེ་ནས་ཕྱུང་བར་སྣང་ངོ༌། །ཤེས་རབ་བསྐྱེད་པའི་གཟུངས། དཀྱིལ་འཁོར་བརྒྱད་པའི་མདོ། བདུད་རྩི་འབྱུང་བའི་གཟུངས། འདི་ཆབ་གཏོར་གྱི་མདོར་སྣང་ངོ༌། །ཡི་དྭགས་ཁ་ནས་མེ་འབར་བ་ལ་སྐྱབས་མཛད་པའི་གཟུངས། ཡི་དྭགས་མོ་ཁ་འབར་མོ་དབུགས་དབྱུང་བའི་གཏོར་མའི་ཆོ་ག ཡེ་ཤེས་སྐར་མདའི་སྙིང་པོ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་སེམས་ཀྱི་རྒྱུད་བཅྭོ་བརྒྱད་དོ། །བརྒྱད་པ་ནི། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ། ཆོས་ཀྱི་རྒྱ་མཚོའི་མདོ། གེགས་སེལ་བའི་གཟུངས། སྤྲིན་ཆེན་པོའི་མདོ། སྤྲིན་ཆེན་པོའི་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ། ཀླུ་ཡི་རྒྱལ་པོ་གཟི་ཅན་གྱིས་ཞུས་པའི་གཟུངས། རྡོ་རྗེ་མཆུ་ཞེས་བྱ་བའི་ཀླུའི་དམ་ཚིག རྡོ་རྗེ་གནམ་ལྕགས་མཆུའི་གཟུངས། ལྕགས་མཆུའི་གཟུངས། ལྕགས་མཆུ་ནག་པོའི་གཟུངས། ནམ་མཁའ་ལྡིང་ཁྱུང་གཤོག་འབར་བ་ཞེས་བྱ་བའི་གཟུངས། མགོན་པོ་ནག་པོའི་གཟུངས། རིམས་ནད་ལས་ཐར་བར་བྱེད་པ། ལྷ་མོ་ནག་མོའི་གཟུངས། ལྷ་མོ་ནག་མོའི་མཚན་བརྒྱ་རྩ་བརྒྱད་པ་སྟེ། དེ་ལྟར་ན་གནས་གཙང་གི་ལྷ་ལ་སོགས་པའི་རྒྱུད་«བཅོ་ལྔ་་་་་་»བཅུ་བཞི་ཡོད་ལ། བྱ་ཁྱུང་དྲག་པོའི་མཆུ་དང༌། རྡོ་རྗེ་མཆུ་ཅན་གྱི་མཆུ་དང༌། བྱ་ཁྱུང་གི་གཟུངས་དང༌། ཀླུའི་དབང་པོའི་བྱ་ཁྱུང་གི་གཟུངས་དང༌། ནག་པོ་ཆེན་པོའི་རྒྱུད་རྟ་མགྲིན་གྱིས་གསུངས་པ་དང༌། ལྷ་མོ་ནག་མོ་ལ་བསྟོད་པའི་རྒྱུད་དེ་དྲུག་ནི་མཁས་པ་དག་བརྫུས་མར་བཞེད་དོ། །གཉིས་པ་ལ་ལྔ། རིགས་ཀྱི་གཙོ་བོ་དང༌། རིགས་ཀྱི་བདག་པོ་དང༌། རིགས་ཀྱི་ཡུམ་གཉིས། རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང༌། རིགས་ཀྱི་བཀའ་ཉན་ཕོ་མོའི་རྒྱུད་དོ། །དང་པོ་ནི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་འདི་ལ། སློབ་དཔོན་ཛེ་ཏཱ་རིའི་ལྷ་དགུའི་དཀྱིལ་འཁོར་དུ་བཀྲལ་ལོ། །ཡང་ཕལ་ཆེར་དེ་དང་འདྲ་བ་ལ་བར་ན་པུཎྱེ་ཡོད་པའི་ཨོཾ་གསུམ་བྱས་པ་གཅིག་དང༌། པུཎྱེ་མེད་པའི་ཨོཾ་གཉིས་བྱས་པ་གཅིག་སྟེ་གཉིས་ཡོད་དོ། །འདི་གཉིས་ལ་ཁ་ཅིག་འོག་མིན་དང་བདེ་ཅན་གྱི་ཚེ་དཔག་མེད་ཅེས་ཟེར་བ་ནི་འཁྲུལ་ཏེ། གཉིས་ཀ་སྟེང་ཕྱོགས་ཀྱི་ཚེ་དཔག་མེད་ཏུ་གསུངས་པའི་ཕྱིར་རོ། །དེ་ལྟར་དཔེ་གཉིས་སྣང་ཡང་རང་གི་ངོ་བོ་གཅིག་ཡིན་ཏེ། པུཎྱེ་མེད་པའི་ཨོཾ་གཉིས་མ་ནི། ལོཙྪ་བ་ཡོན་གྱིས་མ་མགུ་བས་སྔགས་ལ་སེར་སྣ་བྱས་པས་མ་དག་པ་ཡིན་ཏེ། མཚན་བརྒྱ་རྩ་བརྒྱད་མ་ཚང་བའི་ཕྱིར་རོ། །ཞེས་བདག་གི་བླ་མ་དག་གསུངས་སོ། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བ་འཆི་མེད་རྔ་སྒྲའི་གཟུངས། ཡང་འཆི་མེད་རྔ་སྒྲའི་གཟུངས། སྣང་བ་མཐའ་ཡས་རྗེས་སུ་དྲན་པ། ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ། ཐོས་པ་འཛིན་པ། མི་བརྗེད་པ་རྣམས་ཀྱི་གཟུངས། ཤེས་རབ་བསྐྱེད་པ་ཆ་གཉིས། ཤླཽ་ཀ་བརྒྱ་ལོབས་པ་ཆ་གཉིས། སྟོང་ལོབས་པ་ཆ་གསུམ་སྟེ་བཅུ་གསུམ་པོ་འདི་རྒྱུད་གཞན་ནས་ཕྱུང་བར་སྣང་ངོ༌། །དེ་ལྟར་ན་པདྨའི་རིགས་ཀྱི་གཙོ་བོའི་རྒྱུད་བཅོ་ལྔ་ཡོད་དོ། །གཉིས་པ་ནི། དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་འདིའི་བམ་པོ་ཉི་ཤུ་རྩ་བཞི་པའི་ཁྲོ་བོ་ལྕགས་ཀྱུའི་ལས་རབ་འབྱམས་ཀྱི་འཕྲོ་ཡན་ཆད་སྔོན་རྒྱལ་བློན་གྱི་དུས་སུ་འགྱུར་ཀྱང་ཧོར་ཀོང་མང་དུ་ཡོད་ཅིང་མཇུག་མ་རྫོགས་པ་ལ། དུས་ཕྱིས་ཀུན་མཁྱེན་གཉིས་པ་བུ་སྟོན་ཞབས་ཀྱིས་ཧོར་ཀོང་རྣམས་བསབས་ཤིང་རྫོགས་པར་བསྒྱུར་རོ། །ཕར་ཕྱིན་དྲུག་གི་གཟུངས་དང༌། ས་བཅུ་པའི་གཟུངས་རྣམས་ནི། ཆོ་ག་ཞིབ་མོ་ལས་ཕྱུང་བར་སྣང་བས་ལོགས་སུ་མི་བགྲང་ངོ༌། །དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས་ནི། ཆོ་ག་ཞིབ་མོའི་མགོ་ན་ཡོད་པའི་དོན་ཡོད་ཞགས་པའི་སྙིང་པོ་དང༌། འགྱུར་རྙིང་པ་ལ་འདྲ་བར་འདུག་ཅིང༌། འགྱུར་གསར་པ་ལ་སྔགས་ལ་མང་ཉུང་ཁྱད་ཆེ་བར་འདུག་ཀྱང་འགྱུར་ཆད་མ་གཏོགས་པ་དོན་གཅིག་ཏུ་འདུག་པས་རྒྱུད་གཅིག་ཏུ་བགྲང་ངོ༌། །ཡང་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ལ་མཇུག་ན་ཁྲུས་ཆོག་བྱེད་ཚུལ་དང་བཅས་པ་ནི། སྔར་གྱི་དེ་ལས་གཟུངས་དང་སྙིང་པོ་ལོགས་སུ་བཀོད་པ་ནས། ཁྲུས་ཆོག་བྱེད་ཚུལ་སྔོན་གྱི་མཁན་པོ་རྣམས་ཀྱིས་ཟིན་བྲིས་སུ་བཏབ་པར་སྣང་བས་རྒྱུད་ལོགས་སུ་མི་བགྲང་ངོ༌། །སྤྱན་རས་གཟིགས་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོ་རྒྱ་ཆེར་ཡོངས་སུ་རྫོགས་པའི་གཟུངས། སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་མིག་སྟོང་པ་དང་ལྡན་པའི་ཆོ་ག་ཞིབ་མོ་འདི་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་བཤད་དོ། །སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་གཟུངས། སྤྱན་རས་གཟིགས་ཀྱི་གཟུངས། སྤྱན་རས་གཟིགས་ཀྱི་སྙིང་པོ། ནཱི་ལ་ཀཎྛའི་གཟུངས། སྙིང་རྗེ་མི་བཤོལ་བའི་གཟུངས། སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱི་ཚིག་ཡོད་པའི་གཟུངས་མགོ་འཇུག་གཉིས་ཀ་ཅུང་ཟད་མ་ཚང་བ་གཅིག་སྟེ། དྲུག་ནི་རྒྱུད་གཞན་རེ་ནས་ཕྱུང་བར་སྣང་ངོ༌། །སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་རྒྱལ་བ་ཐམས་ཅད་ཀྱི་རིང་བསྲེལ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་དང༌། ཡང་འདི་དང་འདྲ་བ་ལ་མཚན་བརྒྱ་རྩ་བརྒྱད་པ་ལྷུག་པར་ཡོད་པ་སྟེ། འདི་གཉིས་འགྱུར་ཁྱད་ཡིན་པས་དོན་གཅིག་གོ །སེང་གེ་སྒྲའི་རྒྱུད་ཆུང་ངུ་དང༌། རྒྱུད་རྒྱས་པ་དང༌། སེང་གེ་སྒྲས་དམ་བཅས་པའི་གཟུངས། ཀུན་ཏུ་བཟང་པོའི་གཟུངས། སྤྱན་རས་གཟིགས་ཀྱིས་གསུངས་པ། ལུས་ཀྱི་དབྱིབས་མཛེས་པའི་གཟུངས། སྟོང་འགྱུར་གྱི་གཟུངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་དུ་སྟོན་པ་ཞེས་བྱ་བའི་གཟུངས་ཏེ། དེ་ལྟར་ན་པདྨའི་རིགས་ཀྱི་བདག་པོའི་རྒྱུད་བཅོ་བརྒྱད་ཟེར་བཅུ་བདུན་ཡོད་ལ། པདྨ་དྲྭ་བའི་རྒྱུད་དང༌། པདྨ་ཅོད་པཎ་གྱི་རྒྱུད་དང༌། འཇིག་རྟེན་དབང་ཕྱུག་གི་རྟོག་པ་དང༌། གསུམ་ནི། མཁས་པ་དག་ཐེ་ཚོམ་ཅན་དུ་འཆད་དོ། །གསུམ་པ་ནི། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། འདིའི་མཚན་རེ་རེ་ལ་སློབ་དཔོན་ཙནྡྲ་གོ་མིས་སྒྲུབ་ཐབས་རེ་རེ་མཛད་སྣང་ངོ༌། །སྒྲོལ་མའི་མཆོག་ཅེས་བྱ་བའི་ལྷ་མོའི་མཚན་རྩ་བརྒྱད་པ། སྒྲོལ་མས་དམ་བཅས་པའི་གཟུངས། འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བའི་སྒྲོལ་མའི་གཟུངས། གྲགས་ལྡན་མའི་གཟུངས་ཏེ་བཞི་པོ་འདི་ནི་རྒྱུད་གཞན་རེ་ནས་ཕྱུང་བར་སྣང་ངོ༌། །དེ་ལྟར་ན། པདྨའི་རིགས་ཀྱི་ཡུམ་གྱི་རྒྱུད་ལྔ་ཡོད་ལ། སྒྲོལ་མ་ལས་སྣ་ཚོགས་པ་འབྱུང་བའི་རྒྱུད་ལེའུ་སོ་ལྔ་པ་དང༌། སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་མདོ་གཉིས་ནི་བརྫུས་མར་འཆད་དོ། །བཞི་པ་ནི། རྟ་མགྲིན་གྱི་རྒྱུད་ཆེན་པོ་དཔལ་སྡོམ་པ་ཞེས་བྱ་བ་དང༌། རྟ་མགྲིན་གྱི་རྟོག་པ་བདུན་བརྒྱ་པ་གཉིས་ནི་བོད་ན་མི་བཞུགས་ལ། ཧ་ཡ་གྲཱི་བའི་གཟུངས་གསང་སྔགས་ཕྱིར་བཟློག་པ་རྣམ་པར་རྒྱལ་བ་ཅན། པརྞ་ཤ་བ་རིའི་མདོ། རི་ཁྲོད་མ་ལོ་མ་གྱོན་པ་ཞེས་བྱ་བའི་གཟུངས་ཏེ་བཞི་པོ་འདི་རྒྱུད་གཞན་ནས་ཕྱུང་བར་སྣང་ངོ༌། །དེ་ལྟར་ན་ཁྲོ་བོ་ཁྲོ་མོའི་རྒྱུད་བཞི་ཡོད་དོ། །ལྔ་པ་ནི། ཕྱིར་བཟློག་སྟོབས་ཆེན། ལྷ་མོ་དཔལ་ལུང་བསྟན་པའི་གཟུངས། དཔལ་ཆེན་མོའི་མདོ། དཔལ་ཆེན་མོའི་མཚན་བཅུ་གཉིས་པ་མཆོག་ཐོབ་པའི་རིག་སྔགས་ཏེ། དེ་ལྟར་ན། བཀའ་ཉན་ཕོ་མོའི་རྒྱུད་ལྔ་ཡོད་ལ། ལྷ་མོ་སྒྲ་ལྡན་མ་ལ་བསྟོད་པ་སྔགས་དང་བཅས་པ་འདི་ཐེ་ཚོམ་ཅན་དུ་འཆད་དོ། །གསུམ་པ་ལ་ལྔ། རིགས་ཀྱི་གཙོ་བོ་དང༌། རིགས་ཀྱི་བདག་པོ་དང༌། རིགས་ཀྱི་ཡུམ་དང༌། རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང༌། རིགས་ཀྱི་ཕོ་ཉ་དང༌། ཕྱག་བརྙན་ཕོ་མོའི་རྒྱུད་དོ། །དང་པོ་ནི། ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོང་བ་ཞེས་བྱ་བའི་མི་འཁྲུགས་པའི་གཟུངས། འདི་ལ་སློབ་དཔོན་ཛེ་ཏཱ་རིའི་ལྷ་དགུའི་དཀྱིལ་འཁོར་བཤད་དོ། །གཉིས་པ་ནི། རིག་པ་མཆོག་གི་རྒྱུད་ཆེན་པོ། རྡོ་རྗེ་ས་འོག་གི་རྒྱུད། ལག་ན་རྡོ་རྗེའི་གཟུངས་ཆོ་ག་དང་བཅས་པ། འདི་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་འགྲེལ་པའང་སྣང་ཞིང༌། བླ་མེད་དང་བྱ་སྤྱོད་དུ་འདོད་པའི་ཕྱག་རྡོར་གྱི་སྐོར་བརྫུས་མ་མང་པོ་ཞིག་ཡོད་པ་རྣམས་འདི་ལ་བརྟེན་ཏེ་བརྩམས་པར་སྣང་ངོ༌། །ལག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་པ་འདི་རིག་མཆོག་གམ་གཞན་ཞིག་ནས་ཕྱུང་བར་སྣང་ངོ༌། །ལག་ན་རྡོ་རྗེ་བཅུའི་སྙིང་པོ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས། འདི་ལ་ཞི་བ་འཚོ་བི་མ་ལ་མི་ཏྲ། བདེ་བའི་མྱུ་གུ་རྣམས་ཀྱིས་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དང༌། པདྨ་འབྱུང་གནས། ཀུ་མཱ་ར་སེ་ན། རྡོ་རྗེ་གོ་ཆ། སངས་རྒྱས་གསང་བ་རྣམས་ཀྱིས་ལྷ་ལྔའི་དཀྱིལ་འཁོར་དང༌། ཤ་བ་རི་པས་དཀར་པོ་ལྷ་བཅོ་ལྔ་མ་དང༌། མ་ཎི་བཛྲས་སྔོན་པོ་ལྷ་བཅུ་དགུ་མ་དང༌། ཤུ་རཾ་ག་ཝ་རྨས་ལྷ་ཉེར་གཅིག་པ་དང༌། བཅུ་གསུམ་པ་དང༌། ལྷ་ལྔ་དང༌། འཁྲུལ་འཁོར་བཅུ་གསུམ་མ་དང༌། ལྷ་བཅུ་གཅིག་མ་དང༌། དྲུག་ཅུ་རྩ་ལྔ་མ་སྟེ་དྲུག་ཏུ་བཀྲལ་ལོ། །ཡང་སློབ་དཔོན་མར་མེ་མཛད་དང༌། ཡེ་ཤེས་སྡེའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་དུ་གྲགས་པ། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བརྒྱད། འཇིག་རྟེན་པའི་དཀྱིལ་འཁོར་དྲུག་རྣམས་བཤད་དོ། །དེའི་བཤད་རྒྱུད་རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པ་ཆེན་པོའི་གཟུངས། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པའི་གཟུངས། ལག་ན་རྡོ་རྗེ་རྨི་ལམ་མཐོང་བའི་གཟུངས་ཏེ། དེ་ལྟར་ན་རྡོ་རྗེའི་རིགས་ཀྱི་བདག་པོའི་གཙོ་བོའི་རྒྱུད་དགུ་ཟེར་བརྒྱད་དོ། །གསུམ་པ་ནི། རྡོ་རྗེ་མི་ཕམ་མ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས། འདི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ནས་ཡུམ་དུ་བཤད་དོ། །བཞི་པ་ནི། བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་བཞི་པ་ཞེས་བྱ་བའི་གཟུངས། རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན། འདི་སྔགས་དོན་ཁྲོ་མོར་གསལ་ལོ། །དེ་ལྟར་ན་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་རྒྱུད་གཉིས་སོ། །ལྔ་པ་ནི། སྟོབས་པོ་ཆེའི་གཟུངས། ཁྲོ་བོ་དམེ་བརྩེགས་ལ་བསྟོད་པ་སྔགས་དང་བཅས་པ། འདི་ལས་དམེ་བརྩེགས་ཞལ་གསུམ་ཕྱག་དྲུག་པ་སྔགས་དང་བཅས་པ་བསྟན་ཀྱང༌། ཐེ་ཚོམ་ཅན་དུ་མཁས་པ་དག་བཞེད་དོ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ། འདི་རྒྱུད་རྣམ་དག་གཅིག་སྣང་ཡང༌། བླ་མེད་ཀྱི་རྒྱུད་གཅིག་གི་དུམ་བུར་སྣང་ངོ༌། །དེ་ལྟར་ན་རིགས་ཀྱི་ཕོ་ཉའི་རྒྱུད་གཉིས་སོ། །བཞི་པ་ལྔས་རྩེན་གྱི་རིགས་ནི། མེ་ཁ་ལའི་གཟུངས་ཁོ་ནའོ། །ལྔ་པ་ནོར་བུའི་རིགས་ནི། ནོར་བུ་བཟང་པོའི་གཟུངས། ནོར་བུ་བཟང་པོའི་རྟོག་པ། གར་མཁན་མཆོག་གི་རྟོག་པ། གནོད་འཛིན་དཔལ་གྱི་གཟུངས། གནོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་བདེ་བྱེད། འདི་སྔར་གྱི་ནོར་བུ་བཟང་པོའི་གཟུངས་དང་འདྲ་བར་སྣང་ངོ༌། །གནོད་གནས་ཀྱི་དབང་པོ་ཇི་ལྟར་འབྱུང་པའི་རྟོག་པ། གནོད་མཛེས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་སྟེ། དེ་ལྟར་ན་ནོར་བུའི་རིགས་ཀྱི་རྒྱུད་བདུན་ནོ། །འདིར་སྔོན་གྱི་གཟུངས་འབུམ་རྣམས་སུ་བྲིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། སྟོང་ཕྲག་ཉི་ཤུ་ལྔ་པ། བརྒྱད་སྟོང་པ་རྣམས་ཀྱི་གཟུངས། ཕར་ཕྱིན་དྲུག་གི་སྙིང་པོ། ཕར་ཕྱིན་དྲུག་གཟུང་བར་འགྱུར་བ། ཕར་ཕྱིན་བཅུ་ཐོབ་པར་འགྱུར་བ། ཚད་མེད་བཞི་ཐོབ་པར་འགྱུར་བ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་བ། ཕལ་པོ་ཆེ་གཟུང་བར་འགྱུར་བ། སྡོང་པོ་བཀོད་པའི་སྙིང་པོ། ཏིང་ངེ་འཛིན་རྒྱལ་པོ་གཟུང་བར་འགྱུར་བ། སོ་སོར་འབྲང་མ་ཆེན་མོ་གཟུང་བར་འགྱུར་བ། ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་བའི་གཟུངས། རིན་པོ་ཆེ་བརྡར་བ། བསྐོར་བ་བྱ་བའི་གཟུངས་གཉིས། ཡོན་ཡོངས་སུ་སྦྱོང་བའི་གཟུངས་གཉིས་དང༌། ཕྱག་བྱ་བ་དང༌། གོས་བརྒྱ་ཐོབ་པ་དང༌། སྐྲན་ཞི་བ། མ་ཞུ་བའི་ནད་འབྱང་བ། སྡང་བ་ཐམས་ཅད་ཞི་བར་བྱེད་པ། སྡིག་པ་ཐམས་ཅད་ཞི་བར་བྱེད་པ། སྡིག་པ་ཞི་བར་བྱེད་པ། ཁྲོས་པ་ཞི་བ། ཚིག་བཙན་པ། བདག་བསྲུང་བ། ཡིད་དུ་འོང་བ། མགྲིན་པ་སྙན་པ། དོན་ཐམས་ཅད་འགྲུབ་པ། ལས་འགྲུབ་པ། དུག་ཐམས་ཅད་ཞི་བར་བྱེད་པ། བཅིངས་པ་ལས་འགྲོལ་པ། བདུད་སྐྲག་པར་བྱེད་པ། རྨ་འབྱོར་བར་བྱེད་པ། མེའི་ཟུག་རྔུ་ཞི་བར་བྱེད་པ། མཁྲིས་པའི་ནད་སེལ་བ། བད་ཀན་གྱི་ནད་སེལ་བ། ཀྵ་ཡའི་ནད་སེལ་བར་བྱེད་པ། རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པ། འཇུར་གེགས་ཅན་ལ་ཆུ་སྦྱིན་པའི་གཟུངས། མཆིལ་མ་དང༌། སྣབས་དང༌། ལུས་ཀྱི་དྲི་མ་དང༌། དྲི་ཆེན་དང༌། དྲི་ཆུ་རྣམས་ཡི་དྭགས་ལ་སྦྱིན་པའི་གཟུངས་ཏེ། གཟུངས་ཕྲན་འདི་རྣམས་གཞན་ནས་བཏུས་པར་འདུག་ཅིང༌། གང་གི་རིགས་ཡིན་གསལ་བར་མི་ཤེས་པར་འདུག་པས། སོ་སོའི་བཏུས་མ་ཤེས་པར་བྱས་ལ། ཕྱོགས་གང་དུ་གཏོགས་ངོ་ཤེས་པར་བྱའོ། །དྲུག་པ་འཇིག་རྟེན་པའི་རིགས་ཀྱི་རྒྱུད་ནི། རིག་སྔགས་ཀྱི་རྒྱལ་མོ། དབུགས་ཆེན་མོ་ཁོ་ན་ཡིན་ནོ། །དེ་ལྟར་ན་འཕགས་པའི་རིགས་ལྔ་དང༌། འཇིག་རྟེན་པའི་རིགས་དང་དྲུག་གི་རྒྱུད་བོད་ན་བཞུགས་པ་ནི་སྔར་སྨོས་པ་འདི་རྣམས་ཡིན་ལ། རྒྱུད་སྡེ་གོང་མར་བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །ཞེས་གསུངས་པའང་གཞུང་གི་གྲངས་ཡིན་གྱི་ཤླཽ་ཀའི་གྲངས་མིན་ཏེ། བྱ་རྒྱུད་པདྨའི་རིགས་དོན་ཞགས་ཀྱི་ཆོ་ག་ཞིབ་མོ་བོད་དུ་འགྱུར་ཚད་ལའང་ཤླཽ་ཀ་སྟོང་ཕྲག་བརྒྱད་ཡོད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་སོ་སོའི་རྒྱུད་རྣམས་ལས་ཆོ་ག་དང་ལས་ཀྱི་ཡན་ལག་མ་ཚང་པ་རྣམས་ཁ་བསྐང་བ་དང༌། མི་གསལ་བ་རྣམས་གསལ་བར་བྱ་བའི་ཕྱིར། བྱ་རྒྱུད་ཐམས་ཅད་ཀྱི་བཤད་རྒྱུད་ལྟ་བུར་བྱ་བ་སྤྱིའི་རྒྱུད་བཞི་གསུངས་ཏེ། དེ་ལ་དཔུང་བཟང་གིས་ཞུས་པའི་མདོ་ནི། ལྕང་ལོ་ཅན་གྱི་གནས་སུ་རིག་སྔགས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་ལ། དེའི་སྲས་པོ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དཔུང་བཟང་གིས། མི་རྣམས་ཀྱིས་བཟླས་བརྗོད་དང་དཀའ་ཐུབ་ཡུན་རིང་པོར་བྱས་ཀྱང་སྔགས་མ་གྲུབ་ཅིང༌། ཉོན་མོངས་པ་རྣམས་ལ་སྙིང་རྗེ་སྐྱེས་ཏེ། རིགས་ཐམས་ཅད་དང་དེ་དག་གི་གསང་སྔགས་རིག་སྔགས་དང༌། ལས་ཀྱི་དབྱེ་བ་དང༌། མཉེས་པར་བྱ་བའི་ཐབས་རྣམས་ཁ་ཅིག་ཏུ་རྒྱས་པར་བསྟན་ཡང༌། བསྡུ་མ་ཤེས། ཁ་ཅིག་ཏུ་ཟུར་ཙམ་བསྟན་པ་ནི་མ་གོ། ཁ་ཅིག་ཏུ་མ་གསུངས་པས་མ་ཤེས་པའི་རྒྱུས་མ་གྲུབ་པར་དགོངས་ནས། རིགས་ཐམས་ཅད་མཉེས་པར་བྱ་བའི་ཐབས་སུ་གྱུར་པ་འཇུག་པ་དང༌། སྦྱོར་བ་དང༌། སྒྲུབ་པ་དང༌། གྲུབ་པའི་སྤྱོད་པ་རྣམས་ཞུས་པས། དེ་རྣམས་ཀྱི་དོན་འདུས་ཤིང་ཚང་ལ་གསལ་ལ་མ་ནོར་བ་ལེའུ་བཅུ་གཅིག་གི་སྒོ་ནས་གསུངས་སོ། །དེ་ལྟར་དཔུང་བཟང་གི་སྤྱོད་པ་བཞིའི་མཚན་ཉིད་བསྟན་ནས། ཁྱད་པར་དུ་འཇུག་པའི་སྤྱོད་པའི་སྐབས་ཀྱི་བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱའི་སྤྱིའི་ཆོ་ག་བསྟན་པ་ནི། གསང་བ་སྤྱིའི་རྒྱུད་དེ། ཇི་སྐད་དུ། དེ་ནས་གཞན་ཡང་གསང་བའི་རྒྱུད། །དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱི། །སྤྱི་ཡི་ཆོ་ག་རྒྱས་པ་དག །མདོར་བསྡུས་རབ་ཏུ་བཤད་པར་བྱ། །ཞེས་སོ། །འདི་ལ་དབང་བསྐུར་བའི་ཆོ་ག་རྒྱས་པར་གསུངས་སོ། །དེ་ལྟར་དབང་གིས་རྒྱུད་སྨིན་ནས། ལྷའི་རྣལ་འབྱོར་བསྒོམ་དགོས་པས། དེའི་ཆོ་ག་ཡན་ལག་དང་བཅས་པ་གསལ་བར་སྟོན་པ་ནི། ལེགས་པར་རབ་ཏུ་གྲུབ་པའི་རྒྱུད་དེ། འདི་ལས་ཆོ་གའི་ཡན་ལག་མ་འདུས་པ་དང༌། རྫས་སྒྲུབ་རྣམས་གསུངས་སོ། །དེ་ལྟར་ལྷའི་རྣལ་འབྱོར་དང་ལྡན་པས། བསམ་གཏན་བསྒོམ་དགོས་པས། དེ་གསལ་བར་སྟོན་པ་ནི། བསམ་གཏན་ཕྱི་མའི་རྒྱུད་དེ། འདི་བྱ་རྒྱུད་རྡོ་རྗེ་གཙུག་ཏོར་གྱི་ཕྱོགས་གཅིག་གམ། རྒྱུད་ཕྱི་མ་ལྟ་བུར་ཡིན་པར་སངས་རྒྱས་གསང་བས་བཤད་དོ། །འདི་བཞི་པོ་ནི། བྱ་བ་སྤྱིའི་རྒྱུད་ཡིན་པས། སོ་སོའི་རྒྱུད་གང་དུ། སྤྱི་དང་ཡན་ལག་གི་ལམ་མ་ཚང་བ་ཐམས་ཅད་འདི་བཞིས་ཁ་བསྐངས་ཏེ་བཤད་པར་བྱ་བ་ནི། རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་སྲོལ་དུ་སྣང་ངོ༌། །བཞི་པ་ཞར་ལ། གསང་སྔགས་གཞན་བསྟན་པ་ནི། འོ་ན་སྔར་གྱི་རིག་མང་པོ་དེར་མ་འདུས་པའི་བྱ་རྒྱུད་ཡོད་དམ་ཞེ་ན། སངས་རྒྱས་ཀྱི་གསུངས་པའི་བྱ་བའི་རྒྱུད་ནི་མེད་མོད། འོན་ཀྱང་འཇིག་རྟེན་པའི་རིགས་ཀྱི་རྒྱུད་མང་པོ་ཡོད་དེ། དཔུང་བཟང་ལས། དེ་ནས་གཞན་ཡང་འཇིག་རྟེན་པས་བསྡུས་ནས། ཞེས་བཤད་པ་འདི་དག་ཁྱོད་ཀྱིས་ཉོན། །དྲག་པོ་ཡིས་ནི་བྱེ་བ་ཕྲག་བཅུ་བཤད། །ནོར་ལྷའི་བུས་ནི་སྟོང་ཕྲག་སུམ་ཅུ་སྟེ། །ཚངས་པ་ཡིས་ནི་སྟོང་ཕྲག་དྲུག་ཅུ་ཉིད། །ཉི་མས་ཀྱང་ནི་འབུམ་ཕྲག་གསུམ་བཤད་དོ། །ནམ་མཁའ་ལྡིང་གིས་སྟོང་ཕྲག་བཅོ་བརྒྱད་དོ། །གཏུམ་བྱེད་མས་ནི་སྟོང་ཕྲག་བརྒྱད་བཤད་དོ། །མེ་ཡིས་ཀྱང་ནི་བརྒྱ་ཕྲག་བདུན་ཉིད་དང༌། །ཕུར་བུ་གསུམ་པ་ཡིས་ནི་སྟོང་བཤད་དོ། །ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་ལྔ་སྟོང་སྟེ། །མཚན་མོ་རྒྱུ་བས་སྟོང་ཕྲག་བཅུ་གཉིས་བཤད། །འགྲོ་ལ་ཕན་ཕྱིར་འཇིག་རྟེན་བདག་པོ་བཞིས། །འབུམ་ཕྲག་བཞི་ནི་རབ་ཏུ་བཤད་པ་ཡིན། །ལྷ་མིན་དབང་པོས་འབུམ་ཕྲག་གཉིས་ཉིད་དེ། །ལྷ་ཡི་བདག་པོས་ཀྱང་ནི་འབུམ་ཕྲག་གསུམ། །གསང་སྔགས་ཕྱག་རྒྱ་སྣ་ཚོགས་ཆོ་གར་ལྡན། །སོ་སོའི་གཞུང་གི་དཀྱིལ་འཁོར་རྣམས་དང་བཅས། །རང་སྔགས་རྡོ་རྗེའི་རྗེས་འབྲང་དད་བསྐྱེད་ནས། །མ་བསྒྲིམས་བཞིན་དུ་ཐེ་ཚོམ་མེད་པར་འགྲུབ། །ཅེས་གསུངས་པས་འཇིག་རྟེན་ལས་འདས་པའི་རྒྱུད་བཤད་པའི་ཞར་ལ་འཇིག་རྟེན་པའི་རྒྱུད་ཀྱི་རྣམ་གྲངས་ཀྱང་གསུངས་ཏེ། དེ་ལ་དྲག་པོ་ནི་ལྷ་ཆེན་པོ། །ནོར་ལྷའི་བུ་ནི་ཁྱབ་འཇུག གཏུམ་བྱེད་མ་ནི་འཇིག་རྟེན་པའི་རིག་སྔགས་ཀྱི་ལྷ་མོ་སྐལ་ལྡན་མ། ཕུར་བུ་གསུམ་པ་ནི་གདོལ་པའི་རྒྱལ་པོ། མཚན་མོ་རྒྱུ་བའི་དབང་པོ་ནི་གནོད་སྦྱིན་གྱི་སྡེ་དཔོན་རྣམས་སོ། །འཇིག་རྟེན་བདག་པོ་བཞི་ནི་རྒྱལ་ཆེན་བཞི། ལྷའི་དབང་པོ་ནི་བརྒྱ་བྱིན་ཏེ། དེ་རྣམས་ཀྱི་བྱེ་བ་ཕྲག་བཅུ་ལ་སོགས་པ་རིམ་པ་བཞིན་བཤད་པར་གསུངས་ལ། དེ་དག་ཀྱང་རང་རང་གི་གཞུང་ནས་འབྱུང་བའི་ཚུལ་ཆོ་ག་གཞན་དང་མ་འདྲེས་པར་རང་རང་གི་ལྷ་ལ་དད་ཅིང་ཐེ་ཚོམ་མེད་པར་བསྒྲུབས་ན་འགྲུབ་ཀྱི། དེ་ལྟར་མ་ཡིན་ན་སྡུག་བསྔལ་གྱི་རྒྱུར་འགྱུར་པར་འགྲེལ་པར་བཤད་དོ།།  །།གཉིས་པ་དེ་རིགས་གསུམ་དུ་བསྡུ་བ་ལ་གཉིས། རིགས་དྲུག་རིགས་གསུམ་དུ་བསྡུ་ཚུལ། རིགས་གསུམ་སོ་སོའི་ཁྱད་པར་བཤད་པའོ། །དང་པོ་ནི། དེ་ལྟར་རིགས་དྲུག་ཀྱང་བསྡུས་ན་གསུམ་དུ་འདུས་ཏེ། དཔུང་བཟང་གི་བསྡུས་དོན་དགྲོལ་བའི་བརྗེད་བྱང་ལས་ནོར་ཅན་ནི་པདྨའི་རིགས་ཀྱིས་བསྡུས་སོ། །རྒྱས་པ་ནི་རྡོ་རྗེའི་རིགས་ཀྱིས་བསྡུས་སོ། །འཇིག་རྟེན་པའི་རིགས་ཀྱང་དེ་དག་གི་འགབ་ཏུ་ཕལ་ཆེར་འདུས་པར་རིགས་པར་བྱའོ། །དེ་དག་གིས་མ་བསྡུས་པ་རྣམས་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ནས་འབྱུང་བ་ཡང་མ་ཡིན་ཡང༌། བྱང་ཆུབ་སེམས་དཔའ་ས་ལ་གནས་པ་ལྟར་བདེ་བར་གཤེགས་པ་ཉིད་ཀྱི་རིགས་སུ་སྐྱེས་པ་ཡང་མ་ཡིན་པས། དེ་བཞིན་གཤེགས་པའི་རིགས་ལ་བརྟེན་པ་ཞེས་གདགས་ཏེ། ཞེས་བཤད་ལ། ནོར་བུ་དང་རྒྱས་པའི་རིགས་གཉིས་མཚན་ཉིད་དང་སྔགས་ལ་བལྟས་ན་རྡོ་རྗེའི་རིགས་སུ་འདུ་བ་འདྲའོ། །ཞེས་མཁས་པ་དག་གསུང་མོད། སྔར་གྱི་ལུང་ཚད་མར་བྱའོ། །དཔུང་བཟང་ལས། ཁ་ཅིག་ང་ཡི་རིགས་སུ་གཏོགས་པ་སྟེ། །ཁ་ཅིག་དག་ནི་པདྨའི་རིགས་སུ་གཏོགས། །ཁ་ཅིག་ནོར་གྱི་རིགས་སུ་གཏོགས་པ་ཡིན། །གཞན་ཡང་ཁ་ཅིག་གནས་མེད་རྣམ་པར་འཁྱམས། །ནོར་སྤྱོད་ཅེས་བྱ་ནོར་གྱི་རིགས་སུ་གསུངས། །ང་ཡིས་རྡོ་རྗེའི་རིགས་ཞེས་རབ་ཏུ་བསྟན། །སྤྱན་རས་གཟིགས་དབང་པདྨའི་རིགས་ཡིན་ཏེ། །རིགས་བཞི་པ་ནི་འདིར་ནི་ལྔས་རྩེན་ཡིན། །གསང་སྔགས་མདོ་སྡེ་ངས་བཤད་གང་ཡིན་ཏེ། །བཞི་པོ་འདི་ནི་རྣམ་པར་སྦྱར་བར་བྱ། །ཞེས་གསུངས་ལ། འཇིག་རྟེན་པས་ཕུལ་བའི་གསང་སྔགས་ཁ་ཅིག་རིགས་བཞི་ལ་བརྟེན་པའི་གནས་མེད་པས་རྣམ་པར་འཁྱམས་པ་སྟེ་རིགས་ལ་སོགས་པ་ཡིན་པར་བསྟན་ཏོ། །འོ་ན་དེ་བཞིན་གཤེགས་པའི་རིགས་ཀྱིས་མ་བསྡུས་སམ་ཞེ་ན། དེའི་རིགས་སུ་གཏོགས་པ་ནི་གཙུག་ཏོར་ལ་སོགས་པའི་ཡེ་ཤེས་ལས་བྱུང་བ་ཡིན་ལ། འདི་དག་རྣམ་སྨིན་གྱིས་བསྐྱེད་པ་ཡིན་པའི་ཕྱིར། རིགས་དངོས་ཀྱི་མ་བསྡུས་ཀྱང་དད་པས་སངས་རྒྱས་ལ་རིག་སྔགས་ཀྱི་ཆོ་ག་ཕུལ་བ་ཡིན་པས། དེ་བཞིན་གཤེགས་པའི་རིགས་ལ་བརྟེན་པ་ཞེས་བྱ། དངོས་སུ་རིགས་ལྔ་ཆར་གྱིས་མ་བསྡུས་པས་ཡོངས་སུ་འཁྱམས་པ་ཞེས་ཀྱང་བྱ་སྟེ། ཚིག་དོན་དགྲོལ་བར། ཡོངས་སུ་འཁྱམས་པའི་རིགས་སོ་ཞེས་བཤད་དོ། །འོ་ན་དེ་དག་ལ་སྒྲུབ་པའི་ཆོ་ག་ཇི་ལྟ་བུ་བྱ་སྙམ་ན་དཔུང་བཟང་ལས། གཞན་ཡང་འདི་ན་ཁ་ཅིག་གནས་མེད་པར། །བདེ་བར་གཤེགས་ལ་བརྟེན་ཅིང་ཡོངས་འཁྱམས་པར། །མདོ་སྡེ་འདི་ནི་དེ་དག་ཐམས་ཅད་ཀྱང༌། །འབྱོར་པ་འདོད་པའི་མིས་ནི་རྣམ་པར་སྦྱར། །ལམ་འདི་ཉིད་དུ་ཞུགས་པའི་སྔགས་པས་ནི། །ཡིད་དང་མཐུན་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་ཡོངས་སུ་འཁྱམས་པའི་རིགས་ལ་ཡང༌། དཔུང་བཟང་ལས་འབྱུང་བའི་ཆོ་ག་སྦྱོར་བར་བཤད་པས་དེ་བཞིན་གཤེགས་པ་ལ་བརྟེན་པ་ཞེས་གདགས་སོ། །མདོར་ན་རིགས་དྲུག་པོ་ཐམས་ཅད་ཀྱང་རིགས་གསུམ་ཁོ་ནར་འདུ་བ་ཡིན་ཏེ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། འདི་ལྟར་བྱ་བའི་རྒྱུད་འདིར་རིགས་དུ་ཞིག་ཏུ་འགྱུར་ཞེ་ན། རིགས་གསུམ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་ལ་སོགས་པའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། རིགས་གསུམ་སོ་སོའི་ཁྱད་པར་དང༌། ནང་ཚན་སོ་སོའི་ཁྱད་པར་རོ། །དང་པོ་ལ་གསུམ། སྨིན་བྱེད་དབང་གི་ཁྱད་པར། དབང་ཐོབ་ནས་རིག་སྔགས་སྒྲུབ་པའི་ཁྱད་པར། རྫས་ཀྱི་སྒྲུབ་པའི་ཁྱད་པར་རོ། །དང་པོ་ལ་བཅུ་ལས། དང་པོ་དཀྱིལ་འཁོར་བྲི་བའི་གནས་ཀྱི་ཁྱད་པར་ནི། གསང་བ་སྤྱི་རྒྱུད་ལས། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི། །གནས་ནི་བཟང་པོ་གཞན་དུ་ཡང༌། །མཁས་པ་ཡིས་ནི་ཁྱད་པར་དུ། །ཐམས་ཅད་བྲི་བར་བྱ་བ་ཡིན། །རབ་ཏུ་གནས་སོགས་དཀྱིལ་འཁོར་ཀུན། །མཁས་པ་ཡིས་ནི་ཁྱད་པར་དུ། །པདྨའི་མཚོ་ཡི་ཉེ་འཁོར་དུ། །ཆོ་ག་བཞིན་དུ་བྲི་བར་བྱའོ། །རི་ཡི་རྩེ་མོར་མཁས་པ་ཡིས། །མདོ་ལས་བྱུང་བའི་ཆོ་ག་བཞིན། །རྣམ་པར་གནོན་སོགས་དཀྱིལ་འཁོར་ཀུན། །ཁྱད་པར་དུ་ནི་བྲི་བར་བྱའོ། །རྣམ་པར་ངེས་པའི་གནས་འདི་ནི། །ཁྱད་པར་དུ་ནི་བསྟན་པ་ཡིན། །ཞེས་གསུངས་པས། གཙུག་ལག་ཁང་ལ་སོགས་པའི་གནས་བཟང་པོར་དེ་བཞིན་གཤེགས་པའི་རིགས། མཚོ་འགྲམ་དུ་པདྨའི་རིགས། རི་རྩེར་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བྲི་བར་བྱའོ། །གཉིས་པ་དུས་ཀྱི་ཁྱད་པར་ནི། སྤྱི་རྒྱུད་དུ། ཚེས་ལྔའམ་ཡང་ན་ཚེས་བདུན་ནམ། །ཟླ་བ་ཉ་ལ་ཁྱད་པར་དུ། །ཕྱག་ན་པདྨའི་དཀྱིལ་འཁོར་གྱི། །ཆོ་ག་རྣམས་ནི་བྱ་བར་ཤིས། །ས་འོག་གི་ནི་དཀྱིལ་འཁོར་དང༌། །དྲག་ཤུལ་གྱི་ནི་ལས་རྣམས་དང༌། །ཁྲོ་བོ་རྣམས་ཀྱི་དཀྱིལ་འཁོར་གང༌། །དེ་དག་མར་ངོ་ལ་ཡང་བྲི། །ཟླ་བ་ཉ་ལ་ཁྱད་པར་དུ། །རྒྱལ་བའི་དཀྱིལ་འཁོར་བྲི་བར་ཤིས། །ཞེས་པ་ལྟར་རོ། །གསུམ་པ་ས་ཆོག་གི་ཁྱད་པར་ནི། སྤྱི་རྒྱུད་ལས། གཞན་གྱིས་མི་ཐུབ་ལ་སོགས་པ། །རྒྱལ་བའི་གཙུག་ཏོར་ཉིད་ཀྱིས་སྦྱོང༌། །ཕྱག་ན་པདྨའི་དཀྱིལ་འཁོར་ཀུན། །ས་གཞི་སྦྱང་བའི་བྱ་བ་ནི། །ཞི་བ་འདྲེན་པ་ཞེས་བྱ་ཡིས། །དཔལ་མོས་ཆོ་ག་བཞིན་དུ་སྦྱངས། །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་རྣམས། །ཁྱད་པར་དུ་ནི་ཁྲོ་བོས་སྦྱང༌། །ཞེས་གསུངས་པས། ས་ཆོག་གི་ས་སྦྱང་བའི་སྐབས་སུ། དེ་བཞིན་གཤེགས་རིགས་ལ་རྒྱལ་བའི་གཙུག་ཏོར་དང༌། པདྨའི་རིགས་ལ་དཔལ་མོ་དང༌། རྡོ་རྗེའི་རིགས་ལ་ཁྲོ་བོ་གནོད་མཛེས་རྣམས་ཀྱིས་བྱའོ། །བཞི་པ་སྟ་གོན་གྱི་ཁྱད་པར་ནི། སྤྱི་རྒྱུད་དུ། རྒྱལ་བའི་རིགས་ལ་རིག་སྔགས་རྒྱལ། །འཁོར་ལོས་སྒྱུར་བའི་ཡི་གེ་གཅིག །པདྨའི་རིགས་ལ་རིག་སྔགས་རྒྱལ། །རྟ་མགྲིན་ཡི་གེ་བཅུ་པའོ། །རྡོ་རྗེའི་རིགས་ལ་རིག་སྔགས་རྒྱལ། །དེ་བཞིན་གནོད་མཛེས་མཐུ་བོ་ཆེ། །ཡི་གེ་ཧཱུྃ་ནི་བཞི་དང་ལྡན། །ལས་རྣམས་ཀུན་ལ་རབ་ཏུ་དྲག །ཁྲོ་བོ་བདུད་རྩི་ཐབ་སྦྱོར་ནི། །རིགས་གསུམ་དག་ནི་སྤྱི་ལ་ཡང༌། །ཞེས་གསུངས་པས། སློབ་མ་ལྷག་གནས་ཀྱི་སྐབས་སུ། རིགས་ཀྱི་ཁྲོ་བོས་བསྲུང་བ་ལ། དེ་བཞིན་གཤེགས་རིགས་ལ་གཙུག་ཏོར་འཁོར་ལོས་སྒྱུར་བ། པདྨའི་རིགས་ལ་རྟ་མགྲིན། རྡོ་རྗེའི་རིགས་ལ་གནོད་མཛེས། རིགས་བསྡུས་གྱི་དཀྱིལ་འཁོར་ལ་བདུད་རྩི་འཁྱིལ་པས་བསྲུང་ངོ༌། །ལྔ་པ་དཀྱིལ་འཁོར་བྲི་བའི་ཁྱད་པར་ནི། སྤྱི་རྒྱུད་དུ། མཛོད་སྤུ་དང་ནི་མདུང་ཐུང་དང༌། །འཁོར་ལོས་སྒྱུར་བ་ཆེར་འབྱུང་བཅས། །རིག་སྔགས་ཆེན་མོ་སྤྱན་དང་ནི། །ཡིད་བཞིན་ནོར་བུ་རྒྱལ་མཚན་དང༌། །མངག་གཞུག་བརྩོན་འགྲུས་ཆེན་པོ་དང༌། །དེ་བཞིན་གཞན་གྱིས་མི་ཐུབ་པ། །དེ་བཞིན་གཤེགས་པའི་རིགས་དག་ནི། །དཀྱིལ་འཁོར་ཀུན་ལ་དགོད་པར་བྱ། །གྲགས་ལྡན་མ་དང་དཀར་ཆེན་མོ། །དེ་བཞིན་གོས་དཀར་ཅན་དང་ནི། །རྟ་མགྲིན་དང་ནི་རལ་པ་གཅིག །སྒྲོལ་མ་དཀར་ཤམ་དཔལ་མོ་ཆེ། །འདོད་པ་འབྱོར་བྱེད་གསང་སྔགས་དག །འཕགས་པ་སྤྱན་རས་གཟིགས་དབང་གི །དཀྱིལ་འཁོར་མ་ལུས་པ་རྣམས་སུ། །སྔགས་རྣམས་ཆོ་ག་བཞིན་དུ་དགོད། །རྡོ་རྗེ་ལྕགས་ཀྱུ་ཁུ་ཚུར་དང༌། །རིག་པའི་རྒྱལ་པོ་ཕྱག་རྒྱ་བཅས། །ཁྲོ་བོ་ཆེན་པོ་ཐབ་སྦྱོར་དང༌། །གོམ་པ་འདོར་བ་ཉིད་དང་ནི། །རྡོ་རྗེ་ལུག་རྒྱུད་བེ་ཅོན་དང༌། །ཁྲོ་བོ་འཆོལ་པ་ཞེས་བྱ་དག །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ། །མ་སྨོས་ཀྱང་ནི་དེ་དག་དགོད། །ཅེས་རིགས་བསྡུས་དང༌། སོ་སོའི་དཀྱིལ་འཁོར་དུ་ལྷ་བྲི་བའི་ཚུལ་དང༌། ཡང༌། དེ་ལས་སངས་རྒྱས་བཅོམ་ལྡན་ནི། །ཕྱག་རྒྱ་གཙུག་ཏོར་གོ་རིམ་བཞིན། །ཡིད་ལ་དེ་ཡི་སྔགས་ཟློས་ཤིང༌། །ཕྱེ་མ་དཀར་པོས་བྲི་བར་བྱ། །འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་རྒྱ་པདྨཽར་རབ་ཏུ་གྲགས། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ནི། །རྡོ་རྗེ་རྣོན་པོ་རྩེ་གསུམ་འབར། །ཞེས་གཙོ་བོ་གསུམ་གྱི་དཀྱིལ་འཁོར་དུ་ཕྱག་མཚན་མི་འདྲ་བ་དགོད་པར་གསུངས་སོ། །དྲུག་པ་བགེགས་བཟློག་པའི་ཆོ་གའི་ཁྱད་པར་ནི། དེ་ལྟར་དཀྱིལ་འཁོར་བྲི་བའི་ཚེ། བགེགས་ཀྱི་འཚེ་བས་ཆུ་རྡོལ་བ་ལ་སོགས་པའི་ལྟས་ངན་བྱུང་ན་དེ་ཞི་བའི་ཕྱིར། སྦྱིན་སྲེག་བྱ་བ་ཡང་མི་འདྲ་སྟེ། སྤྱི་རྒྱུད་ལས། ཞི་བ་ཡི་ནི་སྦྱིན་སྲེག་བྱ། །དེ་བཞིན་གཤེགས་པའི་རིགས་ལ་ནི། །སངས་རྒྱས་སྤྱན་གྱིས་ཞི་བར་བྱ། །པདྨའི་རིགས་ལ་གྲགས་ལྡན་མ། །རྡོ་རྗེའི་རིགས་ལ་མཱ་མ་ཀཱི། །རིགས་གསུམ་དག་ནི་སྤྱི་ལ་ཡང༌། །རིག་སྔགས་ཆེན་མོ་མཱ་མ་ཀཱི། །བློ་དང་ལྡན་པས་གནས་ཀུན་ལ། །དེ་བས་དེས་ན་ཞི་བར་བྱ། །ཞེས་པ་ལྟར་རོ། །བདུན་པ་དཀྱིལ་འཁོར་དུ་ལྷ་སྤྱན་དྲངས་པའི་ཁྱད་པར་ནི། རྡུལ་ཚོན་དུ་ལྷ་སྤྱན་དྲངས་པ་ལ་རིགས་ཀྱི་ཁྲོ་བོའམ་ཡུམ་གྱིས་སྤྱན་དྲངས་དགོས་པས་དེ་རྣམས་ཀྱང་མི་འདྲ་སྟེ། སྤྱི་རྒྱུད་དུ། མཁས་པས་དེ་བཞིན་གཤེགས་རིགས་ལ། །འཁོར་ལོ་བསྒྱུར་བས་སྤྱན་དྲང་ངོ༌། །ཡང་ན་སྤྱན་དྲང་ཆོ་ག་ནི། །སངས་རྒྱས་སྤྱན་གྱིས་བྱར་ཡང་རུང༌། །ཕྱག་ན་པདྨའི་རིགས་ཀུན་ལ། །རིག་པའི་རྒྱལ་པོས་སྤྱན་དྲང་བྱ། །ཡང་ན་སྤྱན་དྲང་ཆོ་ག་ནི། །དཔལ་མོ་ལས་ཀུན་བྱེད་པས་བྱ། །མཁས་པས་རྡོ་རྗེ་འཛིན་རིགས་ལ། །གནོད་མཛེས་ཞེས་བྱའི་གསང་སྔགས་ཀྱིས། །མ་ཡེངས་པ་ནི་མཱ་མ་ཀཱི། །སྤྱན་དྲང་པ་ཡི་ཆོ་ག་བྱ། །ཞེས་སོ། །བརྒྱད་པ་དེ་ལ་མཆོད་པའི་ཁྱད་པར་ནི། སྤྱི་རྒྱུད་དུ། སངས་རྒྱས་ལ་ནི་ཁྱད་པར་དུ། །བྱུག་སྤོས་གུར་གུམ་ལས་བྱས་པའམ། །ཨ་གར་ནག་པོ་དྲི་ཞིམ་པ། །ག་པུར་གྱིས་བསྒོས་དབུལ་བར་བྱ། །འཕགས་པ་སྤྱན་རས་གཟིགས་དབང་ལ། །ཙནྡན་དཀར་པོ་རབ་ཏུ་དབུལ། །ཕྱག་ན་རྡོ་རྗེ་འཁོར་བཅས་ལ། །ཙནྡན་དམར་པོ་དབུལ་བར་བྱ། །ཞེས་སོགས་བདུག་པ་དང༌། མེ་ཏོག་དང་ཞལ་ཟས་རྣམས་སོ་སོར་བཤད་ཅིང་ལེགས་གྲུབ་ཏུ་མར་མེ་དང་དྲི་ཆབ་ཀྱང་མི་འདྲ་བར་བཤད་པར་ལྟར་རོ། །དེ་ལྟ་བུའི་མཆོད་པ་དེ་རྣམས་གང་ནས་དབུལ་བའི་གནས་ཀྱང་མི་འདྲ་སྟེ། སྤྱི་རྒྱུད་དུ། སངས་རྒྱས་པ་ལ་ཤར་ཕྱོགས་སུ། །པདྨ་འཛིན་ལ་བྱང་ཕྱོགས་སུ། །གསང་བའི་བདག་པོས་བཤད་པ་ཡི། །གསང་སྔགས་རྣམས་ལ་ལྷོ་ཕྱོགས་སུ། །དེ་ལྟར་བྱས་ན་རིགས་གསུམ་གྱི། །གསང་སྔགས་འཁོར་དང་བཅས་པ་ཀུན། །མཆོད་པ་བྱས་པ་འདི་རུ་ནི། །དགྱེས་པར་གྱུར་པ་གདོན་མི་ཟ། །ཞེས་སོ། །དགུ་པ་མེ་ཏོག་ལྟུང་བའི་ཁྱད་པར་ནི། དཀྱིལ་འཁོར་དུ་འཇུག་པའི་སྐབས་སུ་མེ་ཏོག་དོར་བ་དེ་གང་དུ་ལྟུང་བའི་མཚན་མའི་ཁྱད་པར་གྱི་དངོས་གྲུབ་ཐོབ་ཚུལ་ཡང་མི་འདྲ་སྟེ། སྤྱི་རྒྱུད་དུ། སངས་རྒྱས་བཅོམ་ལྡན་འདས་ལ་ནི། །གང་གིས་མེ་ཏོག་བབ་གྱུར་པ། །དེ་ལ་རིགས་གསུམ་གསང་སྔགས་ཀུན། །གདོན་མི་ཟ་བར་འགྲུབ་པར་འགྱུར། །པདྨོ་འཛིན་ལ་རིགས་གཉིས་འགྲུབ། །རྡོ་རྗེ་འཛིན་ལ་རང་རིགས་འགྲུབ། །ཡང་ན་ལྷ་ནི་བསྙེན་པ་བཞིན། །གསང་སྔགས་འགྲུབ་པར་ཤེས་པར་བྱའོ། །ཞེས་སོ། །བཅུ་པ་དབང་བསྐུར་ཐོབ་པའི་ཁྱད་པར་ནི། སྤྱི་རྒྱུད་དུ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ། །གང་ཞིག་ལེགས་པར་དབང་བསྐུར་བ། །དེ་ནི་རིགས་རྣམས་སུམ་ཆར་གྱིས། །དཀྱིལ་འཁོར་ལ་སོགས་སློབ་དཔོན་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རིགས་གཉིས་དཀྱིལ་འཁོར་གྱི། །སློབ་དཔོན་དུ་ནི་དབང་བསྐུར་འགྱུར། །ཕྱག་ན་རྡོ་རྗེ་གཟི་ཆེན་གྱི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །ཕྱག་ན་རྡོ་རྗེའི་རིགས་གཅིག་གིས། །དཀྱིལ་འཁོར་དུ་ནི་སློབ་དཔོན་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་ལྔ། རིག་སྔགས་སྒྲུབ་པའི་གནས་ཀྱི་ཁྱད་པར། དུས་ཀྱི་དངོས་གྲུབ་སྒྲུབ་པའི། བགྲང་ཕྲེང་གི གྲུབ་པའི་འབྲས་བུའི་ཁྱད་པར་རོ། །དང་པོ་ནི། འཇམ་དཔལ་རྩ་རྒྱུད་ལས། རྒྱལ་བའི་རིགས་ཀྱི་སྔགས་དག་ནི། །བྱང་གི་ཕྱོགས་སུ་འགྲུབ་པ་ཡིན། །པདྨའི་རིགས་ལས་བྱུང་བའི་སྔགས། །དེ་བཞིན་ཤར་གྱི་ཕྱོགས་སུ་འགྲུབ། །ལྷོ་ཡི་ཕྱོགས་སུ་གནས་པ་ལ། །རྡོ་རྗེའི་རིགས་ནི་འགྲུབ་པར་འགྱུར། །ཞེས་པ་ལྟར་རོ། །གཉིས་པ་ནི། འཇམ་དཔལ་རྩ་རྒྱུད་ལས། རྒྱལ་བའི་རིགས་ཀྱིས་སྔགས་གྲུབ་པ། །སངས་རྒྱས་རྣམས་ལ་སྔོན་བྱུང་བའོ། །པདྨ་རྡོ་རྗེའི་རིགས་དག་ནི། །སངས་རྒྱས་རྣམས་ཀྱི་བར་མའི་དུས། །གཞན་གྱི་དུས་སུ་སྔགས་དག་ནི། །དེ་ལས་གཞན་པའི་རིགས་འགྲུབ་ཡིན། །ཞེས་སོ། །གསུམ་པ་ནི། ལེགས་གྲུབ་ལས། བདེ་བར་གཤེགས་པས་ཞི་བ་བྱ། །རྒྱས་པ་པདྨའི་རིགས་སྐྱེས་ཀྱི། །རྡོ་རྗེའི་རིགས་སྐྱེས་གསང་སྔགས་ཀྱིས། །དྲག་སྤྱད་པ་ཡི་ལས་རྣམས་བྱ། །ཞེས་པ་ལྟར་རོ། །བཞི་པ་ནི། ལེགས་གྲུབ་ལས། རྒྱལ་བའི་རིགས་ལ་བོ་དྷི་ཙེ། །སྔགས་ཀྱི་ནོར་བུ་རབ་ཏུ་བསྒྲགས། །པདྨའི་རིགས་ལ་པདྨའི་སྙིང༌། །རྡོ་རྗེའི་རིགས་ལ་རུ་རཀྵ། །ཞེས་དང༌། ཕྲེང་བ་བྱིན་གྱིས་རློབ་པའི་སྔགས་ཀྱང་སོ་སོར་བཤད་དོ། །ལྔ་པ་ནི། དེ་བཞིན་གཤེགས་པའི་རིགས་བསྒྲུབས་ན་རིགས་གསུམ་ཀའི་དངོས་གྲུབ་དང༌། པདྨའི་རིགས་བསྒྲུབས་ན་པདྨ་དང༌། རྡོ་རྗེའི་རིགས་གཉིས་ཀྱི་དངོས་གྲུབ་དང༌། རྡོ་རྗེའི་རིགས་བསྒྲུབས་ན་དེ་ཉིད་ཀྱི་དངོས་གྲུབ་འགྲུབ་པར་མེ་ཏོག་ཕོག་པའི་ལུང་གིས་ཤེས་སོ། །གསུམ་པ་རྫས་སྒྲུབ་པའི་ཆོ་གའི་ཁྱད་པར་ནི། ལེགས་གྲུབ་ལས། དབུས་སུ་ཆོས་ཀྱི་འཁོར་ལོ་དང༌། ཐོག་མར་རྒྱལ་པོ་རྣམས་ལ་དགོད། །ཅེས་པ་ནས། དཀྱིལ་འཁོར་ཆོ་ག་བསྟན་པ་འདི། །དེ་བཞིན་གཤེགས་པའི་རིགས་ཀྱིས་གསུངས། །ཞེས་སོགས་དེ་བཞིན་གཤེགས་རིགས་ཀྱི་རྫས་གྲུབ་དང༌། །དབུས་སུ་པདྨ་བྲིས་ནས་ཀྱང༌། །དང་པོར་ཤར་གྱི་ལོགས་སུ་ནི། །འདོད་པ་འབྱོར་བྱེད་དགོད་པར་བྱ། །ཞེས་སོགས་ཀྱིས་པདྨའི་རིགས་ཀྱི་རྫས་གྲུབ་དང༌། དང་པོ་དཀྱིལ་འཁོར་བྲི་བར་བྱ། །དབུས་སུ་རྡོ་རྗེ་བྲིས་ནས་ཀྱང༌། །ཤར་དུ་རིག་སྔགས་རྒྱལ་པོ་ནི། །ལེགས་པར་གྲུབ་བྱེད་ཐོག་མར་དགོད། །ཅེས་སོགས་ཀྱིས་རྡོ་རྗེའི་རིགས་ཀྱི་རྫས་གྲུབ་གསུངས་ཏེ། དེའང་དཀྱིལ་འཁོར་སོ་སོར་བཀོད་པའི་དབུས་སུ་རྫས་བཞག་སྒྲུབ་པའི་ཚུལ་ཡང་མི་འདྲ་བར་གསུངས་སོ། །གཉིས་པ་ལ་གསུམ། ལྷའི་ཁྱད་པར། སྔགས་ཀྱི་ཁྱད་པར། དེ་གཉིས་སྒྲུབ་པའི་འབྲས་བུའི་ཁྱད་པར་རོ། །དང་པོ་ནི། དེ་ལྟར་རིགས་གསུམ་པོ་གང་ཡིན་ཀྱང་སངས་རྒྱས་ཀྱི་སྐུ་སྟོད་ཀྱི་ཆ་ལས་བྱུང་བའི་ལྷས་དངོས་གྲུབ་རབ་དང༌། རྐེད་པའི་ཆ་ལས་བྱུང་བའི་ལྷས་འབྲིང་དང༌། སྐུ་སྨད་ཀྱི་ཆ་ལས་བྱུང་བའི་ལྷས་དངོས་གྲུབ་ཐ་མ་གྲུབ་ཅིང༌། དེ་རེ་རེ་ལ་ཡང་རབ་འབྲིང་གསུམ་གསུམ་དུ་ཡོད་དེ། ལེགས་གྲུབ་ལས། རོ་སྟོད་ལས་བྱུང་མཆོག་ཡིན་ཏེ། །ལྟེ་བ་མན་ཆད་ཐ་མ་ཡིན། །བར་གྱི་ལུས་ལས་བྱུང་བ་ཡི། །སྔགས་ཀྱིས་དངོས་གྲུབ་འབྲིང་བསྟན་ཏོ། །རབ་ཏུ་འབྲིང་དང་ཐ་མ་ཡང༌། །རྣམ་པར་རྟོག་པའི་མཐུ་དག་ལ། །དངོས་གྲུབ་རྣམ་པ་གསུམ་རྣམས་སུ། །གསང་སྔགས་ཆོ་ག་མཁས་པས་བཤད། །ཅེས་སོ། །ཡང་རིགས་གང་ཡིན་ཡང༌། རིགས་ཀྱི་བདག་པོ་དང་ཡུམ་གྱི་དངོས་གྲུབ་རབ། ཁྲོ་བོ་ཁྲོ་མོ་སོགས་ཀྱི་འབྲིང༌། ཕོ་ཉ་དང་མངག་གཞུག་ཕོ་མོ་སོགས་ཀྱི་ཐ་མ་སྟེ། ལེགས་གྲུབ་ཏུ། དེ་ལ་དངོས་གྲུབ་རབ་ལ་ནི། །རིག་སྔགས་བདག་པོ་ཡིན་པར་ཤེས། །མཁས་པས་ཤིན་ཏུ་ཐ་མ་ལ། །མངག་གཞུག་ལ་སོགས་ཤེས་པར་བྱ། །ཞེས་སོགས་སོ། །ཡང་རིགས་གང་ཡིན་ཡང་ཡུམ་གྱིས་ཞི་བ། རིགས་ཀྱི་བདག་པོས་རྒྱས་པ། ཁྲོ་བོ་ཁྲོ་མོས་མངོན་སྤྱོད། ཕོ་ཉ་ཕོ་མོས་གདོན་དབབ་པ་ལ་སོགས་པའི་ལས་ཕྲན་ཚེགས་འགྲུབ་སྟེ། ལེགས་གྲུབ་ཏུ། རིག་པའི་རྒྱལ་པོས་རྒྱས་པ་བྱ། །ཁྲོ་བོ་རྣམས་ཀྱིས་དྲག་ཤུལ་སྤྱད། །སྤྱན་ལ་སོགས་པས་ཞི་བར་བྱ། ཞེས་དང༌། གདོན་ལ་སོགས་དབབ་ལས་ལ་ནི། མཁས་པས་ཕོ་ཉ་སོགས་པས་བྱ། །ཞེས་སོ། །གཉིས་པ་ལ་གཉིས་ལས། གང་ལ་སྔགས་གང་ཤིས་པ་དང༌། ལྷ་གང་གི་སྔགས་གང་ཡིན་པའོ། །དང་པོ་ནི། ལེགས་གྲུབ་ཏུ། གསང་སྔགས་མང་པོ་ཕལ་ཆེར་ནི། །སྐུལ་བའི་ཚིག་དང་ལྡན་པས་ན། །དེ་དང་དེ་ཡི་ལས་རྣམས་ནི། །དེ་དག་ཉིད་ཀྱིས་རབ་ཏུ་བྱ། །ཞེས་གསུངས་པས། སྔགས་དོན་ལ་བསྐུལ་ཚིག་གང་ཡོད་པ་དང༌། མཐུན་པའི་ལས་སྒྲུབ། དེ་མེད་ན་མགོར་ཨོཾ་དང་མཇུག་ཏུ་སྭཱ་ཧཱ་ཡོད་པས་ཞི་བ། སྔགས་ཀྱི་གསེབ་ན་ར་དང་རྐན་གྱི་ཡི་གེ་ཤས་ཆེ་ཞིང་མཐར་ཧཱུྃ་ཕཊ་དང་བཅས་པས་དྲག་ཤུལ། དེ་ལས་གཞན་པ་དོན་དང་ཚིག་ཞི་བ་དང་ལྡན་ཞིང༌། མཐུ་དང་ལྡན་པས་རྒྱས་པ་བྱ་སྟེ། དེ་ཉིད་ལས། གསང་སྔགས་ཡི་གེ་ཉུང་ངུ་ལ། །གང་དག་སྭཱ་ཧཱ་ཨོཾ་ལྡན་པའང༌། །ཞི་བའི་ལས་རྣམས་ཐམས་ཅད་ནི། །དེ་ཡིས་དེ་དག་མྱུར་དུ་ཕྱེད། །ཧཱུྃ་དང་བཅས་ཤིང་ཕཊ་དང་བཅས། །གང་དག་ར་དང་རྐན་ཆགས་མང༌། །གསང་སྔགས་དེ་དག་དྲག་སྤྱོད་ལ། །མཁས་པས་ཀུན་དུ་སྦྱར་བར་བྱ། །མཁས་པས་དེ་ལས་གཞན་པའི་སྔགས། །དོན་དང་ཚིག་ནི་ཞི་ལྡན་པས། །རྒྱས་པའི་ལས་ནི་ཐམས་ཅད་ལ། །ལེགས་པར་རབ་ཏུ་སྦྱར་བར་བྱ། །ཞེས་སོ། །ལས་ཐམས་ཅད་པའི་སྔགས་ཡིན་ན། རྟོགས་པའི་ཆོ་གར་ཐོག་མ་སྨོས་པ་དེ་གཙོ་བོ་ཡིན་ལ། སྤྱི་རྒྱུད་ནས་གསུངས་པའི་སྔགས་ནི་གླེང་གཞིའི་དབང་དུ་མཛད་པ་དེ་གཙོ་བོ་ཡིན་ལ། གཞན་ཕལ་པ་ཡིན་ཏེ། དེ་ཉིད་ལས། ལས་ཀུན་བྱེད་པའི་གསང་སྔགས་ཀྱི། །ཆོ་ག་ཞིབ་མོར་རྒྱས་གསུངས་པར། །ཐོག་མར་ལས་ནི་གང་སྨོས་པ། །དེ་ནི་གཙོ་བོ་ཡིན་པར་བསྟན། །གླེང་གཞིའི་དབང་དུ་མཛད་ནས་ནི། །གསང་སྔགས་གང་དག་གསུང་གྱུར་པས། །དེ་ཉིད་དེ་ལ་གཙོ་བོར་བསྟན། །ལྷག་མ་གཞན་དུ་ཤེས་པར་བྱ། །ཞེས་སོ། །གཉིས་པ་ནི། སྔགས་ཀྱི་ཚིག་ལ་ལྷ་སོ་སོའི་མིང་དང༌། སྐུ་མདོག་ཕྱག་མཚན་དང༌། ལྷའི་མཐུ་དང་ཡོན་ཏན་སྨོས་པ་རྣམས་ནི། དེས་ལྷ་སོ་སོའི་སྔགས་སུ་ཤེས་པར་བྱ་ཞིང༌། མིང་མེད་ཅིང་སྐུལ་ཚིག་དང་ལྡན་པ་ལ། སྐུལ་ཚིག་གི་སྒོ་ནས་ཤེས་པར་བྱའོ། །མགོ་བོར་ཨོཾ་མཇུག་ཏུ་ན་མཿདང་སྭཱ་ཧཱ་དང་ལྡན་པ། བར་དུ་བྱང་སེམས་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་གྱི་ཚིག་སྨོས་ཤིང་དྲག་ཤུལ་གྱི་ཚིག་མེད་པ་ནི་སངས་རྒྱས་བྱང་སེམས་ཀྱི། ཧཱུྃ་ཕཊ་ཀྱི་མཐའ་བརྟེན་པ་ནི། གཙུག་ཏོར་གྱི། ཟོ་ཤིག ཆོམས་ཤིག སྣུན་ཅིག སོད་ཅིག རོལ་ཅིག ཅེས་སོགས་དྲག་ཤུལ་གྱི་ཚིག་དང་ལྡན་པ་ནི་ཁྲོ་བོ་དང་ཕྱག་བརྙན་གྱི། སྤྱི་བོ་དང་སྤྱི་གཙུག་ལ་སོགས་པའི་ཡན་ལག་གི་སྔགས་མེད་པའི་གཅིག་པུ་ནི་ཉན་ཐོས་ཀྱི་སྔགས་ཏེ། དེ་དག་བྱང་སེམས་ལྟར་གཟུགས་སྣ་ཚོགས་སུ་མི་འགྱུར་གྱི་དགེ་སློང་གི་ཚུལ་གཅིག་པུར་གནས་ཤིང་གང་ཟག་གི་བདག་མེད་གཅིག་པུ་ཁོང་དུ་ཆུད་པའི་མཚོན་དོན་ནོ། །རང་སངས་རྒྱས་ཀྱི་ནི་གཞན་དེ་དང་འདྲ་བ་ལ། ཁྱད་པར་རྟེན་འབྲེལ་ཟབ་མོ་ཁོང་དུ་ཆུད་པའི་ཏིང་ངེ་འཛིན་གྱི་ཚིག་དང་ལྡན་པ་སྟེ། རྣམ་སྣང་མངོན་བྱང་ལས། རྫོགས་སངས་རྒྱས་ཀྱི་གསང་སྔགས་ནི། །ཚིག་དང་མིང་དང་བརྡ་ཡི་མཚན། །ཚིག་གི་དབང་དུ་གྱུར་པས་ན། །གསང་སྔགས་དོན་རྣམས་གྲུབ་པར་བྱེད། །ཁ་ཅིག་སྐུལ་བའི་ཚིག་དང་ལྡན། །ཁ་ཅིག་རང་མིང་ཐོག་མར་སྨོས། །ཧཱུྃ་དང་ཕཊ་དང་ལྡན་པ་ནི། །གཙུག་ཏོར་རྣམས་ཀྱི་ཡིན་པར་བསྒྲགས། །ཟུངས་ཟོ་ཆོམས་ཤིག་ཅེས་པ་དང༌། །སྣུན་སོད་རོལ་ཅིག་ཅེས་པ་ནི། །ཕྱག་བརྙན་རྣམས་དང་ཁྲོ་བོ་ཡི། །གསང་སྔགས་ཡིན་པར་འདྲེན་པས་གསུངས། །ན་མཿསྭཱ་ཧཱ་ལ་སོགས་ལྡན། །ཏིང་ངེ་འཛིན་ནི་རྟོག་པས་མཚན། །ཞི་བའི་ཡི་གེ་རྣམ་པར་དག །རེ་བ་ཐམས་ཅད་རྫོགས་བྱེད་པའི། །གསང་སྔགས་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔས་སྐྱོབ་པ་ཡིན། །ཉན་ཐོས་རྣམས་ཀྱི་གསང་སྔགས་ནི། །གཅིག་པུ་གཞི་ནི་གཅིག་ལ་གནས། །རང་སངས་རྒྱས་ཀྱིའང་དེ་བཞིན་ཏེ། །ཁྱད་པར་དག་ནི་བཤད་བྱ་ན། །ཏིང་ངེ་འཛིན་གྱི་ཁྱད་པར་ལས། །ལས་ཚེ་རྣམ་པར་སྦྱང་ཞེས་བྱ། །ཞེས་གསུངས་ལ། འོན་ཀྱང་གཙུག་ཏོར་ནི་མཐའ་གཅིག་ཏུ་མ་ངེས་ཏེ། དེའི་འགྲེལ་པར་གཙུག་ཏོར་མ་ཡིན་པའི་ལྷ་རྣམས་ཀྱི་སྔགས་ཧཱུྃ་ཕཊ་དང་བཅས་པ་ཡང་འབྱུང་བས་ན་ཧཱུྃ་དང་ཕཊ་དང་བཅས་པའི་གཙུག་ཏོར་གྱི་སྔགས་འདི་རྣམས་ནི་རྒྱུད་འདི་ཉིད་དུ་སྨོས་པས་ཤེས་པར་བྱའོ། །ཞེས་སོ། །གསུམ་པ་ནི། དཀྱིལ་འཁོར་རབ་འབྲིང་ཐ་གསུམ་དང༌། སྒྲུབ་པ་པོ་རབ་འབྲིང་ཐ་གསུམ་དང༌། བསམ་པ་རབ་འབྲིང་ཐ་གསུམ་གྱིས་དངོས་གྲུབ་རབ་འབྲིང་ཐ་གསུམ་འགྲུབ་ཅིང༌། སངས་རྒྱས་བྱང་སེམས་ཀྱི་སྔགས་ཀྱི་སངས་རྒྱས། ཉན་རང་གི་སྔགས་ཀྱི་ཉན་རང༌། ཞི་བས་སངས་རྒྱས། རྒྱས་པས་རང་རྒྱལ། ལས་ཕྲན་ཚེགས་ཀྱིས་ཉན་ཐོས་འགྲུབ། ཅེས་འཇམ་དཔལ་རྩ་རྒྱུད་དུ་བཤད་དེ། མཆོག་ལ་མཆོག་དག་འགྲུབ་པ་དང༌། །འབྲིང་ལ་འབྲིང་དུ་ཉེ་བར་བསྟན། །ཐ་མས་ཕྲན་ཚེགས་འགྲུབ་པ་ནི། །རྒྱལ་བ་མཆོག་གིས་སྔོན་གསུངས་སོ། །སེམས་ཅན་ཡིད་ནི་རྣམ་གསུམ་གྱིས། །རྒྱལ་བ་མཆོག་གིས་འགྲུབ་པར་གསུང༌། །སེམས་ཅན་ཆེན་པོས་ཆེན་པོ་འགྲུབ། །སེམས་ཅན་འབྲིང་གིས་འབྲིང་དང་ནི། །གསུམ་པ་སྐྱེ་བོ་ཕྲ་མོ་ཡིས། །ལས་ཀྱི་ཕྲ་མོ་ཉེ་བར་བསྟན། །སངས་རྒྱས་ཉིད་དུ་སེམས་དྭང་ལ། །ཕུན་སུམ་ཚོགས་པ་ཐམས་ཅད་ནི། །ངེས་པར་ཐོབ་པར་འགྱུར་བ་སྟེ། །སེམས་ཅན་དཀྱིལ་འཁོར་མཐོང་བས་སོ། །དེ་དུས་སེམས་ནི་བར་མ་ཡིས། །རང་རྒྱལ་བྱང་ཆུབ་ཐོབ་པར་བྱེད། །གུས་པ་མེད་པའི་ཉན་ཐོས་ཉིད། །ཐ་མས་ངེས་པར་ཐོབ་པར་བྱེད། །ཅེས་དང༌། གང་ཞིག་རྒྱལ་དང་རྒྱལ་སྲས་སྔགས། །སེམས་ཅན་ཕྱིར་ནི་གསུངས་པ་རྣམས། །གང་ཞིག་དེ་ཟློས་མངོན་བརྩོན་པའང༌། །དེ་ནི་ངེས་པར་སངས་རྒྱས་འགྱུར། །གང་ཡང་སྔགས་ནི་བར་མ་དག །གང་ཞིག་བཟླས་པ་དེ་ཟློ་བྱེད། །རང་སངས་རྒྱས་སུ་ཡང་དག་བསྟན། །ངེས་པ་དེ་ཡི་རིགས་ཀྱང་ཡིན། །སྔགས་ནི་ཐ་མར་རབ་ཞུགས་པ། །ཉན་ཐོས་དགྲ་བཅོམ་གྱིས་བཤད་དང༌། །འཇིག་རྟེན་མ་ལུས་ཀུན་ལ་ཡང༌། །སྔགས་ཟློས་པ་ལ་མངོན་བརྩོན་པ། །ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཡི། །ངེས་པར་རིགས་སུ་དེ་གནས་ཡིན། །མཆོག་དང་ཐ་མ་བར་མ་ཡི། །དེར་ཡང་ལས་ནི་རབ་སྦྱར་བྱ། །ཞི་བས་སངས་རྒྱས་བྱང་ཆུབ་འགྱུར། །རྒྱས་པ་ཡིས་ནི་རང་རྒྱལ་ཏེ། །གཞན་པ་ཕྲན་ཚེགས་ལས་ཀྱིས་ནི། །ཉན་ཐོས་ཀྱི་ནི་བྱང་ཆུབ་བརྗོད། །ཅེས་སོ། །གསུམ་པ་ནི། དེ་ལྟར་རིགས་གསུམ་པོ་ཉིད་ཀྱང་བསྡུས་ན་གསང་སྔགས་དང་རིག་སྔགས་གཉིས་སུ་འདུ་ལ། དེ་ལ་གསང་སྔགས་ནི། ཐབས་ཕོ་གཙོ་ཆེ་བའི་རྒྱུད། རིག་སྔགས་ནི་ཤེས་རབ་ལྷ་མོ་གཙོ་ཆེ་བའི་རྒྱུད། གཟུངས་ནི་དེ་གཉིས་ཀྱི་དོན་དྲན་པ་དང༌། ཤེས་རབ་ཀྱིས་རྟོགས་ནས་མི་བརྗེད་པར་འཛིན་པ་ཡིན་པས་གཉི་གར་དུ་འདུས་པའམ། ཡང་ན་སྔགས་གཅིག་ལ་ལྷ་ཕོ་མོ་གཉིས་ཀའི་སྔགས་སུ་འགྱུར་བ་ནི་གཟུངས་སྔགས་སོ། །དེ་དག་ཀྱང་དོན་དམ་པར་ཐབས་ཤེས་གཉིས་སུ་མེད་པ་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་ཤེས་པ་དང༌། འགྲོ་བ་སྐྱོང་བར་བྱེད་པས་སམ། ཡིད་སྐྱོབ་པར་བྱེད་པས་གསང་སྔགས། མ་རིག་པ་སྤང་ཞིང་རིག་པ་བསྐྱེད་པར་བྱེད་པས་རིག་སྔགས་ཡིན་པའི་ཕྱིར། ལྷ་ཕོ་མོ་ཐམས་ཅད་ལ་གསང་སྔགས་དང་རིག་སྔགས་ཀྱི་སྒྲར་གསུངས་པས་ཐམས་ཅད་ཀྱང་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་དུ་མཚོན་པར་བྱེད་དེ། ཛྙཱ་ན་ཤྲཱིའི་མཐའ་གཉིས་སེལ་བར། དེའང་ལྷ་ཕོ་ནི་གསང་སྔགས། མོ་ནི་རིག་སྔགས། སྔགས་གཅིག་ཉིད་ལྷ་ཕོ་མོ་གཉིས་ཀའི་སྔགས་སུ་འགྱུར་བ་ནི་གཟུངས་སྔགས་སོ། །ཡང་སྔགས་གཅིག་ཉིད་ལ་དེ་གསུམ་ཆར་ཚང་བ་དང༌། ལྷ་གཅིག་ཉིད་ལ་སྔགས་དེ་གསུམ་ཆར་ཚང་བ་ཡང་ཡོད་ལ། རིག་སྔགས་དང༌། གཟུངས་སྔགས་གཉིས་ཀ་ལྷ་མོར་བཞག་པ་ཡང་ཡོད་པས་ཐམས་ཅད་དུ་ནི་གཅིག་ཏུ་མ་ངེས་སོ། །ཞེས་དང༌། བསམ་གཏན་ཕྱི་མའི་འགྲེལ་པར། དེ་ལ་རིག་སྔགས་ནི་བུད་མེད་ཀྱི་གཟུགས་དང་དབྱིབས་ཀྱི་ལྷ་དང༌། དེ་སྟོན་པའི་སྒྲ་དང༌། ཕྱག་རྒྱ་ལ་སོགས་པའོ། །དེ་ལས་བཟློག་པ་ནི་གསང་སྔགས་ཀྱི་མཚན་ཉིད་དོ། །རིག་སྔགས་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་ཀུན་རྫོབ་དང༌། དོན་དམ་པའི་བདེན་པ་ལ་གནས་པའི་བྱེ་བྲག་གིས་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང༌། གཟུགས་དང༌། ཕྱག་རྒྱ་དང༌། དམ་ཚིག་དང༌། ཡི་གེ་དང༌། སྒྲ་དང་རྣམ་པ་དང་བཅས་པ་དང༌། རྣམ་པ་མེད་པའི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དེ་ལ་དེ་དག་གི་ཆོས་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་གང་ཡིན་པ་དེ་ནི། སོ་སོ་རང་གིས་རིག་པ་སྟེ། བྱིན་གྱི་བརླབས་ཀྱིས་ཀྱང་འདུལ་བའི་སྤྱོད་ཡུལ་དུ་ཉེ་བར་བསྟན་དུ་མི་རུང་ངོ༌། །ཞེས་གསུངས་པས། རྒྱུད་ཐམས་ཅད་གསང་སྔགས་དང་རིག་སྔགས་གཉིས་སུ་འདུ་ཞིང་དེ་གཉིས་ཀ་ཡང་ཐབས་ཤེས་དབྱེར་མེད་དུ་ཤེས་པར་བྱའོ། །གསུམ་པ་དེ་དག་གི་དོན་གཏན་ལ་དབབ་པ་ནི། སློབ་དཔོན་སངས་རྒྱས་གསང་བའི་རྣམ་འཇོམས་འགྲེལ་པར། འདི་ནི་དོན་རྣམས་མདོར་བསྡུས་ན། །སྔོན་བྱུང་སངས་རྒྱས་རྣམ་འཕྲུལ་དང༌། །རྗེས་འཇུག་མངོན་རྟོགས་མན་ངག་གོ །ཞེས་བཤད་པ་ལྟར། དོན་གཉིས་ཏེ། སྔོན་བྱུང་སངས་རྒྱས་ཀྱི་རྣམ་འཕྲུལ་ལྟར། རྒྱུད་ཀྱི་ཚིག་བཤད་པ་དང༌། རྗེས་འཇུག་གང་ཟག་གི་ལམ་མངོན་པར་རྟོགས་པའི་རིམ་པ་ཉམས་སུ་བླང་བའོ། །དང་པོ་ནི། སྔོན་སྟོན་པས་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་རྒྱུད་ལེགས་པར་གསུངས་པ་ལྟར། འདིར་ཡང་དེ་དང་མཚུངས་པར་བཤད་པར་བྱ་ལ། གཞུང་ཚིག་རེ་རེ་ནས་འཆད་པའི་མན་ངག་ཀྱང་སངས་རྒྱས་གསང་བས། དགོས་པ་རྣམ་པ་གཉིས་སུ་བསྟན། །ཚིག་དོན་བརྒལ་ལན་མཚམས་སྦྱར་བ། །རྣམ་པ་ལྔས་ནི་འདིར་ཤེས་བྱ། །ཞེས་མདོ་སྡེ་འཆད་ལུགས་དང་ཚུལ་མཚུངས་པར་བཤད་པ་ལྟ་བུའམ། སློབ་དཔོན་སྨྲྀ་ཏིས། དྲང་དོན་དང་ངེས་དོན་གྱི་བཤད་པའང་གསུངས་པས་དེ་ལྟ་བུའི་ཚུལ་གྱིས་བཤད་པ་ལ་སོགས་པ་རྒྱུད་སོ་སོའི་བརྒྱུད་པའི་མན་ངག་ལས་འབྱུང་བ་ལྟར་བཤད་དོ། །རྒྱུད་སྤྱི་ལ་ཐུན་མོང་དུ་ཉེ་བར་མཁོ་བ་ནི་ལྔ་སྟེ། བརྗོད་པར་བྱ་བ་ནི་སྟོང་པ་ཉིད་ཀྱི་དོན། སོ་སོའི་རྒྱུད་ཀྱི་ཐབས་དང་བཅས་པའོ། །རྗོད་པར་བྱེད་པ་ནི་གཞུང་གི་ཚོགས་སོ། །དགོས་པ་ནི་ངན་འགྲོ་སྦྱོང་བ་ལ་སོགས་པ། རྒྱུད་སོ་སོའི་བྱེད་ལས་གང་ཡིན་པ་དང༌། མ་འོངས་པའི་སྐྱེ་བོ་བྱང་ཆུབ་ལ་གནས་པར་བྱ་བའོ། །དགོས་པའི་ཡང་དགོས་པ་ནི། རྒྱུད་དོན་ཉམས་སུ་བླངས་བས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱེད་པའོ། །འགྲེལ་པར་ནི། བརྗོད་བྱ་དང་རྗོད་བྱེད་དེ་དག་ཐབས་དང་ཐབས་ལས་བྱུང་བ་སྟེ། སངས་རྒྱས་གསང་བས། ཐབས་དང་ཐབས་བྱུང་ཇི་ལྟ་བུ། །ཞེས་སོ། །གཉིས་པ་ལ། དཔུང་བཟང་བསྡུས་དོན་ལས། རིགས་ཐམས་ཅད་ཀྱི་མཉེས་པར་བྱ་བའི་ཐབས་སུ་གྱུར་པ། འཇུག་པ་དང༌། སྦྱོར་བ་དང༌། སྒྲུབ་པ་དང༌། གྲུབ་པའི་སྤྱོད་པ་བསྟན་པ་རྣམས་ཞེས་བྱ་རྒྱུད་ཐམས་ཅད་ཀྱི་དོན་འདི་གསུམ་དུ་འདུ་བར་བཤད་པས། དེ་ལྟར་དུ་བཤད་པ་ལ། དོན་གསུམ་སྟེ། འཇུག་པའི་སྤྱོད་པ་དང༌། སྦྱོར་བའི་སྤྱོད་པ་དང༌། སྒྲུབ་པའི་སྤྱོད་པའོ། །དང་པོ་ལ་གསུམ། འཇུག་བྱ་གང་ཟག་གི་རྒྱུད་སྦྱང་བ། སྦྱངས་པ་ལ་སྨིན་བྱེད་ཀྱི་དབང་བསྐུར་བ། དབང་ཐོབ་ནས་དམ་ཚིག་གི་ཚོགས་བསྐྱང་བའོ། །དང་པོ་ནི། བྱ་བའི་རྒྱུད་ཀྱི་སྒོར་འཇུག་པ་ལ་ཐོག་མར་དབང་བསྐུར་བ་ཐོབ་དགོས་ལ་དེའི་སྔོན་དུ་ཡང་དག་པའི་ལྟ་བ་དང་ལྡན་པར་བྱ་དགོས་ཏེ། དཔུང་བཟང་ལས། གསང་སྔགས་བཟླས་བརྗོད་གང་དག་ངས་གསུངས་པ། དེ་ཡི་བརྟུལ་ཞུགས་དད་པས་ངས་བཤད་དོ། །དེ་ཡི་བདེ་བར་གཤེགས་ལ་དད་བསྐྱེད་ནས། དེ་བཞིན་དུ་ནི་བྱང་ཆུབ་སེམས་ཀྱང་བསྐྱེད། །སེར་སྣ་དྲེགས་དང་རྒྱགས་པ་རྣམ་སྤངས་ཏེ། །དཀོན་མཆོག་གསུམ་ལ་དད་པས་བསྟན་པར་བྱ། །རྡོ་རྗེའི་རིགས་ཞེས་བརྗོད་པས་རྒྱ་ཆེ་དང༌། །ང་ལ་ཡང་ནི་དད་ཅིང་དགའ་བར་བྱ། །ཚིག་རྩུབ་ཕྲ་མ་འཁྱལ་པ་སྨྲ་བ་དང༌། གཞན་གྱི་བུད་མེད་སྤྱོད་དང་རྫུན་སྨྲ་དང༌། རྐུ་དང་གཞན་གྱི་སྲོག་གཅོད་གནོད་བྱེད་དང༌། ཆང་དད་བྱེད་པ་རྟག་ཏུ་སྤང་བར་བྱ། །རྨོངས་པ་གང་གི་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱིས་བསོད་ནམས་བསག་བྱས་ཀྱང༌། །ཐམས་ཅད་ལོག་པར་ལྟ་བས་བཅོམ་པས་ན། །དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། །དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང༌། །ས་བོན་ཚིག་པ་མྱུ་གུ་མི་སྐྱེ་ལྟར། །དེ་བཞིན་མི་ཤེས་ལོག་ལྟས་བཅོམ་པ་ཡིས། །སེམས་ལ་དགེ་བའི་ཆོས་རྣམས་མི་སྐྱེའོ། །དེ་ཕྱིར་ལོག་པར་ལྟ་བ་རྣམས་སྤངས་ཏེ། ཡང་དག་ལྟ་བ་ལ་ནི་བརྟེན་པར་གྱིས། །རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གི །ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས། །ཞེས་པ་ལྟར། ལས་འབྲས་ལ་གཟོབ་པ་ལྷུར་ལེན་པ་ལ་ཐོག་མར་བསླབ་དགོས་ཀྱི། འདི་མེད་ན་ལམ་ཇི་ཙམ་ཞིག་བསྒོམས་ཀྱང་བདེ་འགྲོ་ཙམ་ཡང་ཐོབ་མི་སྲིད་དོ། །དེའི་འོག་ཏུ་སོ་སོར་ཐར་པའི་སྡོམ་པ་ལ་ཚུལ་བཞིན་དུ་བསླབ་དགོས་ཏེ། དཔུང་བཟང་ལས། ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ། །སེམས་ནི་བཟའ་བཏུང་སོགས་ལ་ཆགས་མི་བྱ། །དབང་པོ་དྲུག་པོ་ཡུལ་ལ་འཕྲོ་བ་དང༌། །བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ། །ལྷུང་བཟེད་དེ་དག་ལས་ནི་གཅིག་ཐོགས་ནས། །གཉའ་ཤིང་གང་དུ་བལྟ་ཞིང་བསོད་སྙོམས་སྤྱད། །འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ནི་མཚོན་ཆ་འདེབས་འདྲ་བས། །སྐྱེས་པའི་སེམས་དག་སྔོན་དུ་ཕྲོག་པར་བྱེད། །ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀབ་པ་ཆེས་སླ་ཡིས། །ཉེས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་སླ། །གང་དུ་དགའ་བར་འགྲོ་ཞིང་འཛིན་བྱེད་ལ། །སེམས་ཀྱིས་སེམས་ནི་རྣམ་པར་འདུལ་བཞིན་དུ། །རབ་འབྲིང་ལ་སོགས་རྣམ་པར་སྤངས་ནས་སུ། །མི་སྨྲ་བར་ནི་གཞན་གྱི་ཁྱིམ་དུ་འགྲོ། །གང་ན་བ་གཞོན་བེའུ་ཕྲུག་ཆུང་བ། །གང་ན་སྐྱེས་བུ་ཆང་ནི་འཐུང་བ་དང༌། །གང་ན་བུ་མོ་གཞོན་བསྟེན་རྩེ་བ་དང༌། དེ་བཞིན་གང་ན་གཞོན་ནུ་རྩེ་བ་དང༌། །དང་པོར་ཇི་ལྟར་བདེ་བར་བགོ་བར་བྱ། །རྐང་བཀྲུས་གློ་བུར་བ་ལ་བྱིན་ནས་སུ། །ལུས་བསྲུང་ཕྱིར་ནི་ཁ་ཟས་ཟ་བར་བྱ། །ཞེས་གསུངས་སོ། །གལ་ཏེ་བྱ་རྒྱུད་ཀྱི་སྒོར་ཞུགས་པ་རྣམས་ཀྱིས་སོ་ཐར་གྱི་སྡོམ་པ་ལ་ངེས་པར་བསླབ་དགོས་ན། སྔགས་པ་ཁྱིམ་པ་རྣམས་ཀྱིས་ཇི་ལྟར་བྱ་སྙམ་ན། དཔུང་བཟང་ལས། དཔེར་ན་ལོ་ཏོག་ཐམས་ཅད་ས་དག་ལ། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག །སྙིང་རྗེས་ཆུས་བརླན་པས་ནི་རྣམ་པར་སྐྱེ། །རྒྱལ་བ་ངས་གསུང་སོ་སོར་ཐར་པ་ཡང༌། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆ་ལུགས་སྤང༌། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་པ་ལྟར་རབ་བྱུང་གི་རྟགས་དང༌། ཆ་ལུགས་མ་གཏོགས་གཞན་བསླབ་བྱ་མཐའ་དག་ལ་བསླབ་པར་བྱའོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ཏེ། དེའི་སྤྱོད་པ་རླབས་པོ་ཆེ་རྣམས་ལ་འབད་པས་བསླབ་དགོས་ཏེ། དཔུང་བཟང་ལས། སངས་རྒྱས་ཀྱིས་གསུང་ཡན་ལག་བརྒྱད་ལམ་ནི། །ཡང་དག་འཚོ་དང་ལས་མཐའ་ཏིང་འཛིན་ངག །རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས། །སོ་སོ་སོ་སོར་ཡང་དག་བརྟེན་པར་བྱ། །ལམ་འདི་རྣམས་ཀྱིས་གསང་སྔགས་དངོས་གྲུབ་ཅིང༌། །དེ་བཞིན་འདིས་ནི་མཐོ་རིས་ཐར་པ་ཐོབ། །རྒྱལ་སྲས་སྔོན་གྱི་རྒྱལ་བ་འདས་པ་དག །འདི་ནས་གཤེགས་ཤིང་དེ་བཞིན་གཤེགས་པར་འགྱུར། །ཞེས་དང༌། ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ། །ཆོས་གོས་དང་ནི་བསོད་སྙོམས་ངན་དོན་དང༌། །སྨན་དང་མལ་སྟན་ངན་ངོན་ཙམ་གྱིས་ཀྱང༌། །ཆོག་པའི་སེམས་དང་ལྡན་པས་བསོད་སྙོམས་ཐོབ། །བདག་ལ་བསྟོད་པ་ནམ་ཡང་མི་བྱ་ཞིང༌། །སེམས་ཅན་གཞན་ལ་སྨད་པར་མི་བྱའོ། །སྟག་དང་སྦྲུལ་དང་མེ་འདྲར་འཇིག་རྟེན་དག །བསམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ། །བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང༌། །སྨན་དང་གླང་ཆེན་བརྟག་པའང་སྐར་མའི་དཔྱད། །མཚོན་བྱ་བརྟག་པའང་ལྟ་དཔྱད་རང་བཟོའམ། །བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་སྤང༌། །གླང་ཆེན་རྟ་དང་བ་གླང་བྱ་ནག་ཁྱི། །གོང་མོ་སྲེག་པ་འུག་པ་སྐྱེས་པ་དང༌། །བུད་མེད་བུ་མོ་བྱིས་པ་ར་ལུག་སོགས། །འཐབ་མོ་འགྱེད་པ་མི་བལྟ་མི་བྱའོ། །ཡུལ་པའི་གཏམ་དང་མི་དབང་བསྟེན་པ་དང༌། །དམག་དང་གྱད་དང་ན་ཆུང་གཏམ་དག་དང༌། །བསྲུང་ལྡེབས་དང་ནི་སྔོན་གྱི་ལོ་རྒྱུས་དང༌། །འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱ། །ཞེས་སོ། །དེ་ལྟར་ཕར་ཕྱིན་ཐེག་པའི་ལམ་གྱི་རྒྱུད་སྦྱང་ཞིང་བྱང་ཆུབ་ཀྱི་སེམས་གཟུང་བ་ལ་དབང་བསྐུར་བ་བྱ་ཡི་རྒྱུད་མ་སྦྱངས་པའི་གང་ཟག་ལ་གྱ་ཚོམ་དུ་འཇུག་པའི་སྤྱོད་པ་བསྟན་ན། རང་གཞན་གཉིས་ཀ་ཕུང་བར་འགྱུར་ཏེ། དཔུང་བཟང་ལས། རིགས་དང་དམ་ཚིག་མ་མཐོང་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང༌། །སངས་རྒྱས་མ་དད་ལྷ་གཞན་ལ་བརྟེན་པས། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་སོ། །དེ་ལྟར་ན་སློབ་དཔོན་སྙིང་རྗེ་ཆེན་པོས་སློབ་མའི་ཁམས་ལེགས་པར་བརྟགས་ལ་སྔོན་འགྲོ་འདི་དག་གི་རྒྱུད་སྦྱངས་ཟིན་པའི་གང་ཟག་ལ་ནི་དབང་བསྐུར་ལ། རྒྱུད་མ་སྦྱངས་པའི་གང་ཟག་ལ་ནི་ཐོག་མར་ལམ་འདི་རྣམས་བསྟན་ནས། དེའི་རྗེས་སུ་དབང་བསྐུར་བར་བྱའོ། །གཉིས་པ་ལ་ལྔ། གང་གིས་དབང་བསྐུར་བ་སློབ་དཔོན་གྱི་མཚན་ཉིད། གང་ལ་དབང་བསྐུར་བ་སློབ་མའི་མཚན་ཉིད། ཇི་ཙམ་ཞིག་ལ་དབང་བསྐུར་བའི་གྲངས། ཇི་ལྟར་བསྐུར་བའི་ཆོ་ག དེ་ལྟར་དབང་བསྐུར་བའི་ཕན་ཡོན་ནོ། །དང་པོ་ནི། སྤྱི་རྒྱུད་ལས། སློབ་དཔོན་བསྟན་བཅོས་ཀུན་མཁྱེན་དང༌། །ཚུལ་ཁྲིམས་ལྡན་ཞིང་སྙིང་རྗེའི་བདག །དྲང་ཞིང་གཟོ་ལ་གཙང་སྦྲ་ཅན། །དད་དང་དྲང་ལྡན་སྙིང་སྟོབས་ཅན། །སྨྲ་མཁས་མི་འཇིགས་བསྲན་ཐུབ་པ། །སྒྱུ་རྩལ་དག་ལ་མཁས་ཤིང་གསལ། །མཛེས་ཤིང་དད་ལྡན་དེ་བཞིན་དུ། །གུས་ལྡན་དུལ་ལ་ཁོང་གཟོ་བ། །རྟག་ཏུ་དམ་པའི་ཆོས་ལ་དགའ། །ཐེག་པ་ཆེ་ལ་མོས་པ་ཅན། །གསང་སྔགས་སྤྱོད་པ་ལ་བསླབས་ཤིང༌། །དཀྱིལ་འཁོར་དག་གི་བྱེ་བྲག་ཤེས། །ཞེས་གསུངས་ལ། དེའི་ཐེག་ཆེན་ལ་མོས་པ་ཡན་ཆད་ནི་ཐུན་མོང་གི་མཚན་ཉིད་དང༌། གསང་སྔགས་སྤྱོད་ལ་བསླབས་པ་ནི། སྔགས་ཀྱི་ཚུལ་ལ་བསླབས་ཤིང་བསྙེན་པ་ལས་རུང་དུ་བྱས་པ་དང༌། རིགས་གསུམ་སྤྱི་དང་སོ་སོའི་དཀྱིལ་འཁོར་གྱི་ཆོ་ག་ལ་མཁས་པ་སྟེ་གཉིས་དང༌། ལེགས་གྲུབ་ལས། དཀྱིལ་འཁོར་ཆེན་པོ་དག་ཏུ་ནི། །བླ་མས་ཚུལ་བཞིན་དབང་བསྐུར་ཞིང༌། །བླ་མ་ལས་ནི་ལུང་ཐོབ་པས། །དེ་ནི་སློབ་དཔོན་ཡིན་པར་བཤད། །དེ་ཉིད་ཀྱིས་ནི་ཆོ་ག་བཞིན། །དམ་ཚིག་ལ་སོགས་དཀྱིལ་འཁོར་བྲི། །ཞེས་པ་ལྟར་དཀྱིལ་འཁོར་དུ་དབང་ཐོབ་ཅིང༌། སྔགས་གང་སྒྲུབ་པའི་བཟླས་ལུང་ཐོབ་པ་སྟེ། ཐུན་མོང་མ་ཡིན་པའི་མཚན་ཉིད་གསུམ་དང་ལྡན་པའོ། །གཉིས་པ་ནི། ཆོ་ག་ཞིབ་མོར་དེ་བས་ན་རིག་སྔགས་འཆང་གིས་ལེགས་པར་བརྟག་ཅིང་སོ་སོར་བརྟགས་ཏེ་སེམས་ཅན་དཀྱིལ་འཁོར་དུ་གཞུག་པར་བྱའོ། །སྒྲུབ་པ་པོ་བདེན་པར་སྨྲ་བ་དང༌། དབང་པོ་ཡང་དག་པར་སྡོམ་པ་དང་སེམས་ཅན་ཐམས་ཅད་ལ་བྱམས་པ། སེམས་ཅན་ཐམས་ཅད་ལ་བརྩེ་བ་ཅན། གཞན་ལ་ཡང་དག་པར་སྨྲ་བ་ཚིག་རྟག་པ་དད་པ་ཅན། གུས་པ་དང་ལྡན་པ་ཉིད། མར་འཛིན་པ། ཕར་འཛིན་པ། དཀོན་མཆོག་གསུམ་ལ་མཆོག་ཏུ་གུས་པ། རྟག་ཏུ་བླ་མ་ལ་གུས་པ་ཉིད་སེམས་ཅན་འདི་དག་གཞུག་པར་བྱའོ། །ཞེས་དང༌། སྤྱི་རྒྱུད་ལས། གཅིག་ལ་གཅིག་ནི་སེམས་བཟང་ཞིང༌། །ཞི་དུལ་བླ་མ་ལ་ཕན་པར། །འཕགས་པའི་ཡུལ་དང་རིགས་སྐྱེས་པ། །སློབ་མ་མདོར་ན་གཟུང་བར་བྱ། །ཞེས་པའི་མཚན་ཉིད་དང་ལྡན་པའོ། །གསུམ་པ་ནི། སྤྱི་རྒྱུད་དུ། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔའམ་ཡང་ན་བདུན་དག་གམ། །ཉི་ཤུ་དག་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་ཡོངས་སུ་བཟུང༌། །དེ་བས་ལྷག་པའི་སློབ་མ་དག །ཡོངས་སུ་བཟུང་བར་མི་ཤིས་སོ། །མདོར་ན་སློབ་མ་ཕན་ཚུན་དུ། །ནང་མི་གཤིན་པ་མི་བཟུང་ངོ༌། །ཞེས་པ་ལྟར། ཉི་ཤུ་རྩ་ལྔ་མན་ཆད་ལས་ལྷག་པ་དཀྱིལ་འཁོར་གཅིག་ཏུ་མི་འཛིན་པ་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་སྲོལ་དུ་སྣང་སྟེ་ལུགས་ཤིན་ཏུ་ལེགས་པ་ཡིན་ནོ། །བཞི་པ་ལ་གཉིས། སྔོན་དུ་བསྙེན་པ་དང༌། དཀྱིལ་འཁོར་གྱི་ཆོ་གའོ། །དང་པོ་ནི། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་སློབ་དཔོན་ལ། སློབ་མ་ལམ་ཐུན་མོང་བས་རྒྱུད་སྦྱངས་པ་རྣམས་ཀྱིས། དབང་བསྐུར་བར་ལན་མང་དུ་གསོལ་བ་འདེབས་པ་ན། དེ་དག་རྗེས་སུ་གཟུང་བའི་ཕྱིར་སྔོན་དུ་བསྙེན་པ་བྱ་སྟེ། རྣམ་སྣང་མངོན་བྱང་ལས། །ཡེ་ཤེས་རླབས་པོ་ཆེའམ་ནི། །ཡང་ན་མངོན་ཤེས་ལྔ་པོ་དང༌། །རིག་སྔགས་འཆང་གྱུར་དངོས་གྲུབ་དང༌། །ཚེ་རིང་གཞོན་ནུར་གྱུར་པ་གང༌། །གལ་ཏེ་ཐོབ་པར་འདོད་ན་ནི། །ཇི་སྲིད་འདི་ནི་མ་བསྙེན་པར། །དེ་སྲིད་ཐོབ་པར་མི་འགྱུར་རོ། །ཞེས་པ་ལྟར། རིག་སྔགས་འཆང་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་དུ་གནས་དབེན་པར་འོག་སྦྱོར་བའི་སྐབས་སུ་བཤད་པ་ལྟར། ལྷའི་རྣལ་འབྱོར་ཡན་ལག་དང་བཅས་པ་རྫོགས་པར་བསྒོམས་ནས། བཟླས་པ་འབུམ་ཕྲག་གཅིག་བྱ་སྟེ། དཔུང་བཟང་ལས། ཆོ་ག་བཞིན་དུ་དང་པོར་འབུམ་བཟླས་ནས། །ཞེས་དང༌། དེའི་ཚིག་འགྲེལ་དུ། དང་པོར་འབུམ་བཟླས་ནས་ཞེས་བྱ་བ་ནི་ཆོ་ག་ཞིབ་མོ་དག་ལ། བསྙེན་པའི་གྲངས་ངེས་པར་གསུངས་པ་ལ་མ་གཏོགས་པར་འཇུག་པའི་སྤྱོད་པ་སྔར་སྤྱད་པས་འབུམ་བཟླས་བརྗོད་བྱ་དགོས་པའི་དོན་ཏོ། །ཞེས་གསུངས་པས། རྫས་བསྒྲུབ་པ་ལ་སོགས་པའི་ཆོ་ག་ཞིབ་མོ་ལ་བསྙེན་པའི་གྲངས་ངེས་རང་རང་ནས་བཤད་པ་བཞིན་བཟླ་དགོས་ལ། འཇུག་པའི་སྤྱོད་པའི་སྔོན་འདིར་འབུམ་ཕྲག་གཅིག་གིས་ཆོག་པའི་དོན་ཏོ། །འོ་ན་འཇུག་པའི་སྤྱོད་པ་སྔར་སྤྱད་པས་ཤེས་པའི་དོན་ཅི་སྙམ་ན། སྔར་དབང་བསྐུར་མང་དུ་བྱས་པའི་སློབ་དཔོན་གྱིས་ཀྱང་བསྙེན་པ་འབུམ་ཕྲག་རེ་དཀྱིལ་འཁོར་ནམ་འདྲི་རེས་ཀྱིས་བཟླ་དགོས་པ་ཡིན་ནོ། །གཉིས་པ་ལ་གཉིས། སློབ་དཔོན་གཞན་གྱི་དཀྱིལ་ཆོག་གི་ལུགས་བཤད་པ་དང༌། རང་ལུགས་གསང་བ་སྤྱི་རྒྱུད་ལྟར་བཤད་པའོ། །དང་པོ་ནི། སློབ་དཔོན་ཨ་བྷ་ཡཱས་རྡོར་ཕྲེང་དུ་བཤད་པའི་བྱ་སྤྱོད་ཀྱི་དཀྱིལ་འཁོར་རྣམས་ལ། བླ་མེད་ཀྱི་ཆོ་ག་ལས། གཞན་ཟུར་པ་མ་བཀོད་པ་ལ། དེའི་རྗེས་འབྲང་གི་བོད་ཁ་ཅིག་བྱ་རྒྱུད་ལ་མི་བསྐྱོད་པ་ཆུ་དབང་དང༌། རིན་ཆེན་འབྱུང་ལྡན་ཅོད་པཎ་གྱི་དབང་ཙམ་ཞིག་མཛད་ཅིང༌། རྡོ་རྗེ་གསང་བས་ཀྱང༌། དེ་ལྟར་བྱས་པ་ནི་ཤིན་ཏུ་མི་འཐད་དེ། བྱ་རྒྱུད་ཀྱི་ལུགས་ཡིན་ན་དབང་རྫས་དང༌། སློབ་མ་མི་བསྐྱོད་པ་སོགས་སུ་བསྐྱེད་པར་འགལ་ལ། བླ་མེད་ཡིན་ན་རིགས་འོག་མ་གསུམ་གྱི་དབང་མེད་པའི་གོང་མ་གཉིས་ཀྱི་དབང་གང་ཡང་མ་བཤད་པས་ཤིན་ཏུ་མི་ལེགས་པ་ཡིན་ནོ། །ཡང་ཕྲེང་བ་མཁན་པོ་ཁ་ཅིག་དང༌། པདྨ་ལྕགས་ཀྱུས་བྱས་ཟེར་བའི་གདུགས་དཀར་གྱི་དཀྱིལ་ཆོག་ཏུ་རང་ལུགས་བཞག་པ་རྣམས་ལས། རིག་པའི་དབང་ལྔ་ཡན་ཆད་ཙམ་ཞིག་བཤད་དེ། འདི་ཨ་བྷ་ཡཱས་རིག་པའི་དབང་ལྔ་ཐོབ་པས་བྱ་སྤྱོད་ཀྱི་རྒྱུད་འཆད་པ་ལ་དབང་བར་བཤད་པ་དང་མཐུན་པས་སྔར་གྱི་འདོད་པ་བས་ཅུང་ཟད་ལེགས་མོད། བླ་མེད་ཀྱི་ཆོ་ག་བྱ་རྒྱུད་ལ་སྦྱར་བ་ཡིན་གྱི། བྱ་རྒྱུད་རང་གི་ཆོས་སྐད་མིན་པས་འཐད་པར་མི་སེམས་སོ། །ཡང་ཕྲེང་བ་མཁན་པོ་ཁ་ཅིག་དང༌། སློབ་དཔོན་ཀླུ་སྒྲུབ་དང་འགྲོ་བཟང་གིས་མཛད་ཟེར་བའི་ཕྱག་རྡོར་གྱི་དཀྱིལ་ཆོག་དང༌། པདྨ་ལྕགས་ཀྱུས་བྱས་ཟེར་བའི་གདུགས་དཀར་གྱི་དཀྱིལ་ཆོག་གི་གཞན་ལུགས་བཀོད་པ་རྣམས་ལས། རིག་པའི་དབང་ལྔ་རྡོ་རྗེ་སློབ་དཔོན་དང་བཅས་པས་བསྐུར་བར་འདོད་པ་ནི། སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས། འདིར་ཕྲེང་བ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བར་བྱ་བའི་རྒྱུད་རྣམས་སུ་ཡང་མི་འགལ་ཏེ། འཇམ་དཔལ་རྩ་རྒྱུད་ལ་སོགས་པ་རྣམས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་དང་མཐུན་མོད། འོན་ཀྱང༌། དེའི་དོན་ནི་འཕགས་པ་ཡབ་སྲས་རྣམས་རྒྱུད་སྡེ་བཞིའི་ལམ་ལ་མཆོག་དམན་གྱི་ཁྱད་མི་བཞེད་པར་ཐམས་ཅད་བླ་མེད་དུ་བཞེད་པས། དེའི་དབང་དུ་བྱས་པ་ཡིན་ལ། འདིར་རྒྱུད་སྡེ་བཞིའི་ལམ་ལ་མཆོག་དམན་གྱི་ཁྱད་པར་འདོད་ཅིང༌། འཇུག་སྒོ་མི་འདྲ་བར་འདོད་བཞིན་དུ་དབང་བསྐུར་ལ་ཁྱད་མི་འབྱེད་པ་ཤིན་ཏུ་མི་འཐད་དོ། །ཡང་སྤྱན་རས་གཟིགས་དང་ཕྱག་རྡོར་སོགས་ཀྱི་བོད་ཀྱི་དཀྱིལ་ཆོག་ཁ་ཅིག་ལ་དབང་བཞི་ཆར་བྱས་པ་ནི་ཤིན་ཏུ་མི་འཐད་དེ། དེ་དག་བླ་མེད་ཡིན་ན་ཁྱེད་རང་རྣམས་ཀྱིས་བྱ་རྒྱུད་དུ་ཁས་བླངས་པ་དང་འགལ་ཞིང༌། བྱ་རྒྱུད་དུ་འདོད་ན་རྒྱུད་སྡེ་གོང་མར་ཡང༌། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། ཞེས་པ་དང་འགལ་ལོ། །དེས་ན་བོད་ཀྱི་བྱ་རྒྱུད་ཀྱི་དཀྱིལ་ཆོག་རྣམས་ལས་རྒྱུད་སྡེ་གོང་འོག་གི་དབང་གི་ཁྱད་མ་འབྱེད་པ་དང༌། དབང་བསྐུར་ཁྲུས་ཆོག་རིག་གཏད་རྣམས་ཀྱི་ཁྱད་མ་ཕྱེད་པ་མང་དུ་སྣང་བས་དེ་དག་ཚད་མར་མི་བཟུང་ངོ༌། །གཉིས་པ་ལ་གསུམ། སའི་ཆོ་ག སྟ་གོན་གྱི་ཆོ་ག འཇུག་པའི་ཆོ་གའོ། །དང་པོ་ནི། སྔགས་ཀྱི་བསྙེན་པ་མཐར་ཕྱིན་པའི་སློབ་དཔོན་དེས། གཙུག་ལག་གང་ངམ་གྲོང་ཁྱེར་གྱི་བྱང་ཤར་གྱི་ཕྱོགས་ཀྱི་ཆར། མཐོ་དམན་ལ་སོགས་པའི་སྐྱོན་དང་བྲལ་ཞིང༌། གཙང་ལ་སྣུམ་པའི་ས་བཙལ་ཏེ། སྤྱི་རྒྱུད་ལས། མཐོ་དམན་ཅན་དང་ཚེར་མ་ཅན། །གྱོ་མོ་དུམ་བུ་ཅན་དག་དང༌། །ངོམ་གྲོག་རུས་པ་སྡོང་དུམ་ཁུང༌། །གྲོག་མཁར་ཐལ་བ་ཚ་སྒོ་ཅན། །གསག་མ་རྡོ་དང་རྡུལ་དང་སྐྲ། །སྲིན་བུ་གྲོག་སྦུར་ལ་སོགས་མང༌། །དེ་ལྟ་བུ་ཡི་ས་གཞི་ནི། །མཁས་པས་ལས་རྣམས་ཀུན་ལ་སྤངས། །མཐོ་དམན་སྙོམས་ཤིང་གཙང་ལ་སྣུམ། །ཟུག་རྔུ་ཉེས་པ་རྣམ་པར་སྤངས། །ཤར་དང་བྱང་དུ་གཞོལ་བ་ཡི། །ས་གཞི་ལས་རྣམས་ཀུན་ལ་ཤིས། །ཞེས་སོ། །དེ་ལྟ་བུའི་ས་དེར་པུས་ནུབ་ཙམ་དུ་བརྐོས་ལ་ས་དེ་ཉིད་ཀྱིས་བཀང་བས་ས་ལྷག་པོར་གྱུར་ན། དངོས་གྲུབ་ཐོབ་ཅིང༌། སས་མ་ཁེངས་ན་གནས་དེར་ལས་མི་བྱ་བར་བཤད་དོ། །དེ་ལྟ་བུའི་ས་བརྟག་པའི་ཆོ་ག་མ་གྲུབ་ན་གནས་མཚན་ཉིད་དང་ལྡན་པ་ལ་བྱ་སྟེ། སྤྱི་རྒྱུད་ལས། ཕུན་སུམ་ཚོགས་པ་ཀུན་བཟང་བའི། །ཚོགས་པ་དག་ནི་རྙེད་པར་དཀའ། །མདོར་ན་ས་གཞི་མཉམ་པ་དང༌། །མདངས་སྣུམ་ཤར་དུ་གཞོལ་བར་བཞེད། །ཆུ་མང་ལྡན་པའི་གནས་དང་ནི། །ལྗོན་ཤིང་བཟང་པོས་བརྒྱན་པ་དང༌། །བདག་གི་མིག་ཡིད་མགུ་བ་དང༌། །འཚེ་མེད་ཟུག་རྔུ་སྤངས་པ་ནི། །དཀྱིལ་འཁོར་གནས་སུ་ཤིས་པ་སྟེ། །མེ་ཡིས་དངོས་གྲུབ་ཐོབ་པར་བྱེད། །ཅེས་གསུངས་ཏེ་ས་བརྟག་པའོ། །དེ་ལྟར་བརྟགས་པས་རུང་བར་ཤེས་པ་དང༌། ས་དེའི་བདག་པོ་ལ་ཚིག་གམ་རིན་གྱིས་སྒོ་ནས་སླང༌། དེས་བྱིན་པ་དང༌། ས་དེའི་གཞི་བདག་དང༌། གནོད་སྦྱིན་སོགས་ལ་གཏོར་མ་ཕུལ་ནས་ས་སླང་བ་རྣམས་སྤྱི་རྒྱུད་དུ་མ་བཤད་ཀྱང༌། བླ་མ་དག་མཛད་པས་དེ་ལྟར་ཡང་མི་འགལ་ལོ། །དེ་ནས་སའི་ལྷ་མོ་ལ་བསླང་བ་སྤྱི་རྒྱུད་དུ་མ་བྱུང་ཡང༌། རྣམ་སྣང་མངོན་བྱང་ནས་ཁ་བསྐང་བ་མཛད་ཅིང༌། ཤུ་རཾ་ག་ཝརྨའི་རྣམ་འཇོམས་དཀྱིལ་ཆོག་ཏུའང་བཤད་དེ། ས་བསླང་བའི་ཆོ་ག་གཞན་ནས་ཁ་བསྐང་བའོ། །དེ་ནས་གཟའ་སྐར་བཟང་པོ་ལ་དཀྱིལ་འཁོར་བྲི་བའི་སར་དྲག་པོའི་སྦྱིན་སྲེག་གིས་བགེགས་བཟློག ཞི་བའི་སྦྱིན་སྲེག་གིས་བདག་གཞན་གྱི་སྡིག་སྒྲིབ་ཞི་བར་བྱ་སྟེ། ཕྱག་རྡོར་དབང་བསྐུར་ལས། ས་ནི་ཤིན་ཏུ་ཡོངས་སྦྱང་ཕྱིར། །སྦྱིན་སྲེག་བྱ་བ་འདི་ལྟ་སྟེ། །ཞེས་སོ། །དེ་ནས་ས་སྦྱོང་བའི་སྔགས་བཟླ་ཞིང༌། ཡུངས་ཀར་ཆུ་ཐལ་བ་རྣམས་ཀྱིས་གཏོར་ཏེ། ཆོ་ག་ཞིབ་མོར། ཆུ་དང་ཡུངས་ཀར་ལ་བཟླས་ཏེ། ཀུན་ཏུ་གཏོར་རོ། །ས་གཞི་དེ་ལྟ་བུ་སྦྱང་བ་ནི་མཆོག་ཡིན་ནོ། །ཞེས་སོ། །དེ་ནས་དཔངས་འདོམ་གང་ངམ། ལྐོག་མའམ། ལྟེ་བའམ། པུས་ནུབ་ཙམ་དུ་བརྐོས་ལ། རུས་པ་དང༌། གྱོ་མོ་ལ་སོགས་པའི་ཟུག་རྔུ་རྣམས་བསལ། དྲི་བཟངས་ཀྱི་ཆུ་དང༌། རིན་པོ་ཆེ་དང་བཅས་པས་བཀང་ལ་ས་སྟེགས་ལེགས་པར་བྱའོ། །དེ་ལྟར་བྱ་མ་ནུས་ན། སྤྱི་རྒྱུད་ལས། ཟུག་རྔུ་ཉེས་པ་ཐམས་ཅད་ནི། །གང་གིས་དབྱུང་བར་མི་ནུས་ན། །དེར་ནི་གསང་སྔགས་ཁོ་ན་ཡིས། །སྦྱང་བ་ལེགས་པར་བྱས་པར་འགྱུར། །ཞེས་སྔགས་ཁོ་ནས་ཆོག་པར་གསུངས་ལ། དེའི་ཚུལ་ཡང༌། དེར་རང་བཞིན་གནས་པའི་ས་གཞི་ལ། །བྱི་དོར་ལེགས་པར་བྱས་ནས་ནི། །ལག་པས་བྲབ་ཅིང་གསང་སྔགས་བཟླས། །དེ་ཡི་སྦྱང་བ་དེ་ཡིན་ནོ། །ཞེས་སོ། །དེ་ནས་ས་གཞི་སྟོང་པ་ཉིད་དང༌། སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བསྒོམས་ཏེ། ཕྱག་རྡོར་དབང་བསྐུར་ལས། ས་དེ་བྱང་ཆུབ་ཀྱི་སེམས་ཀྱིས་སྦྱང་བར་བྱའོ། །ཞེས་བཤད་དེ་ས་སྦྱང་བའི་ཆོ་གའོ། །དེ་ནས་སྤྱི་རྒྱུད་ལས། བློ་དང་ལྡན་པས་ཅི་རིགས་པར། །ས་གཞི་ཡོངས་སུ་གཟུང་བར་བྱ། །ཡང་དག་བསྡམས་པས་ཞག་གསུམ་ན། །ལས་ཀུན་བྱེད་པའི་གསང་སྔགས་དང༌། །ནང་གི་དཀྱིལ་འཁོར་གང་ཡིན་པ། །དེ་དག་གིས་ནི་ཡོངས་གཟུང་བྱ། །གཅིག་གི་དྲི་ཡི་ཆུ་ཡིས་ནི། །དངོས་སུ་བསང་གཏོར་བྱ་བ་སྟེ། །ཅིག་ཤོས་ཀྱི་ནི་ལག་པ་ཡིས། །ས་ལ་བྲབ་སྟེ་མངོན་པར་སྔགས། །བློ་ཡིས་ཡོངས་སུ་གཟུང་བྱས་ན། །གནས་ནི་ཡོངས་སུ་བཟུང་བ་ཡིན། །ཞེས་གསུངས་པ་ལྟར། ས་སྟེགས་ཀྱི་སྟེང་དྲིའི་དཀྱིལ་འཁོར་ལ་ལྷ་རྣམས་སྤྱན་དྲངས་མཆོད་བསྟོད་བཟླས་པ་དང་བཅས་པ་བྱ་བ་ནི། རང་གི་ལྷས་ས་གཟུང་བའོ། །ལག་པ་གཉིས་ས་ལ་བཞག་ཅིང༌། སོ་སོའི་སྔགས་བརྗོད་པ་ནི། སྔགས་ཀྱིས་གཟུང་བའོ། །ས་ཕྱོགས་འདིར་དཀྱིལ་འཁོར་བྲིས་ལ། སློབ་མ་སྨིན་པར་བྱའོ་སྙམ་དུ་བསམ་པ་ནི། བློས་གཟུང་བ་སྟེ་ས་གཟུང་བའོ། །གཉིས་པ་ལ་བཞི། ལྷ་སྟ་གོན། སྦྱིན་སྲེག་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་ནོ། །དང་པོ་ནི། སྤྱི་རྒྱུད་ལས། ས་གཞིའི་སྟེང་དུ་བྱུག་སྤོས་ཀྱིས། །དཀྱིལ་འཁོར་སོར་གྲངས་བཅུ་གཉིས་བྱ། །དཀྱིལ་འཁོར་གྱི་ནི་རིག་སྔགས་ཀྱི། །ལག་པས་བྲབ་ཅིང་ལན་བདུན་བཟླ། །དེ་ནས་གཙོ་བོས་སོ་སོ་ཡི། །ཕྱག་རྒྱ་ཡིད་ལ་བསམས་ནས་སུ། །བྱུག་སྤོས་མེ་ཏོག་ལ་སོགས་པ། །སྙིང་པོས་ཅི་རིགས་མཆོད་པར་བྱ། །ཞེས་གསུངས་པས། ས་གཞིའི་དབུས་སུ་དྲིའི་དཀྱིལ་འཁོར་བྱ་ཞིང༌། དེར་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་ལ། དེར་ལྷ་རྣམས་སྤྱན་དྲངས་ནས། མིང་གིས་ཡིད་ལ་བསམ་ཞེས་པ། མིང་ནི་སོ་སོའི་སྔགས་ལན་བདུན་བདུན་བརྗོད་པ་ཡིན་ལ། དེའི་ཚེ་སོ་སོའི་ཕྱག་རྒྱ་བསྟན་ཅིང་ལྷའི་སྐུ་ལ་སེམས་གཏོད་པའོ། །དེ་ལ་མཆོད་པ་རྒྱས་པར་བྱ་ཞིང༌། སྙན་གསན་དབབ་པ་ནི་འདི་པའི་ལུགས་ཀྱི་སྐབས་འདིར་མི་བྱེད་དོ། །གཉིས་པ་ནི། སྤྱི་རྒྱུད་ལས། དང་པོར་བགེགས་ནི་ཞི་བྱའི་ཕྱིར། །མར་ལས་བཏགས་པའི་ཡམ་ཤིང་ལ། །མར་དང་སྦྱར་བའི་ཏིལ་དག་དང༌། །མར་གྱི་སྲེག་བླུགས་སྦྱིན་སྲེག་བྱ། །འབྲས་ཆན་ཞོ་སྦྱར་སྦྱིན་སྲེག་བྱ། །དེ་ཡི་འོག་ཏུ་སྙིང་པོ་སྟེ། །དེ་ནས་ཞི་བའི་སྦྱིན་སྲེག་ནི། །ཞི་བའི་རིག་སྔགས་ཉིད་ཀྱིས་བྱ། །ཞེས་གསུངས་པས། ཞི་བའི་ཐབ་ཁུང་དུ་མེ་ལྷའི་སྦྱིན་སྲེག་ཡན་ཆད་ཚར་བ་དང༌། བགེགས་ཞི་བའི་ཕྱིར་རིགས་ཀྱི་ཁྲོ་བོ་གང་ཡིན་ལ་ཏིལ་དང་མར་སྦྱར་བ་དང་མར་གྱི་སྲེག་བླུགས་དང༌། ཞོ་དང་འབྲས་ཆན་སྦྱར་བའི་སྦྱིན་སྲེག་དབུལ། དེ་ནས་བསོད་ནམས་རྒྱས་པའི་ཕྱིར་གཙོ་བོ་གང་ཡིན་གྱི་སྙིང་པོའི་སྔགས་ཀྱི་སྦྱིན་སྲེག་བྱ། དེ་ནས་སྡིག་པ་ཞི་བའི་ཕྱིར། རྒྱལ་བའི་གཙུག་ཏོར་སོགས་ལ་སྦྱིན་སྲེག་དབུལ་ལོ། །གསུམ་པ་ནི། སྤྱི་རྒྱུད་དུ། དབང་བསྐུར་བ་ཡི་བུམ་པ་ནི། །འབྲུ་ལ་སོགས་པ་ཀུན་ལྡན་པ། །ཆུ་ནི་ཅུང་ཟད་བླུགས་ནས་སུ། །རིག་པའི་རྒྱལ་པོས་མངོན་བསྔགས་པའི། །སྤོས་ཆུས་མཆོད་ཡོན་ཕུལ་ནས་ནི། །ཆོ་ག་བཞིན་དུ་སྟ་གོན་བྱ། །མེ་ཏོག་དག་ཀྱང་བླུགས་ནས་སུ། །བདུག་སྤོས་ཀྱིས་ནི་བདུག་པར་བྱ། །ཕྱི་དེ་ཉིན་པར་དུས་གསུམ་དུ། །མཁས་པས་བཟླས་བརྗོད་ལེགས་པར་བྱའོ། །དཀྱིལ་འཁོར་དུ་ཡང་བཟླས་ནས་ནི། །དེ་ཡིས་མངོན་པར་དབང་བསྐུར་བྱ། །ཞེས་གསུངས་ཏེ། དེ་ལ་དབང་བསྐུར་བའི་དོན་དུ། བུམ་པའི་གྲངས་ནི་ལྷ་གྲངས་དང་མཉམ་པ་དང༌། དེ་ཙམ་མ་གྲུབ་ན། དར། བུམ་པ་འདི་ཀུན་མ་འབྱོར་ན། །དབང་བསྐུར་ཕྱིར་ནི་འབྲིང་པོ་གཅིག །ནན་ཏན་བསྐྱེད་དེ་ལེགས་པར་བཞག །ཅེས་པས་རྣམ་རྒྱལ་དང༌། བུམ་པ་གཅིག་ནི་ཕྱི་སྒོ་ཡི། །དྲུང་དུ་མངོན་པར་གཞག་པར་བྱ། །ཞེས་པས་ལས་བུམ་དང༌། སྒོའི་དྲུང་དུ་གཅིག་གཞག་པ། །དེ་ནི་ངེས་པར་བྱ་དགོས་སོ། །ཞེས་པས་འཇུག་སྒོའི་བུམ་པ་བསྟན་པས་བུམ་པ་གསུམ་བྱའོ། །འབྲུ་ལ་སོགས་པ་ལྡན་པའི་དོན་ནི། དེར། འབྲས་ཀྱི་སོ་བ་མོན་སྲན་དྲེའུ། །ནས་དང་གྲོ་དང་ཏིལ་དང་ལྔ། །འབྲུ་རྣམས་ཀུན་ཤེས་བྱ་བ་ནི། །ལས་རྣམས་ཀུན་ལ་འདི་དག་བཟུང༌། །ཧ་ས་ཧ་ས་དེརྦ་ཏེ། །སྨན་རྣམས་ཀུན་ཤེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །བྱི་རུ་གསེར་ནི་ས་ལེ་སྦྲམ། །དུང་དང་ནོར་བུ་མུ་ཏིག་སྟེ། །རིན་ཆེན་ཀུན་ཤེས་བྱ་བ་ལ། །ལྔ་པོ་འདི་དག་ཤེས་པར་བྱ། །ཞེས་སོ། །ཆུ་ཅུང་ཟད་བླུགས་པའི་དོན་ནི་དཔུང་བཟང་ཚིག་འབྲེལ་དུ་སྤོས་ཆུས་བཀང་བ་ཞེས་བྱ་བ་ནི། འཕགས་པ་འཇམ་དཔལ་སྤྱི་རྒྱུད་ཆེན་པོ་ལས། ཙནྡན་དང་ག་པུར་དང་གུར་གུམ་གྱིས་བསྲེ་བ་གསུངས་སོ། །ཞེས་བཤད་དོ། །ཡང་དེར། ལྡུམ་བུས་ཁ་བཀང་ཞེས་བྱ་བ་ནི། རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། ལོ་མ་ཡོད་པའི་ཤིང་ཡལ་གས་ཁ་བརྒྱན་པར་གསུངས་སོ། །རས་ཀྱིས་མགུལ་བ་དཀྲིས་ཞེས་བྱ་བ་ནི། རས་ཕྲན་དཀར་པོས་ཁ་ཚར་མ་གོད་པས་ཁྱེའུ་གཙང་མས་མགྲིན་པ་དཀྲིས་པའི་དོན་ཏོ། །ཞེས་ཀྱང་བཤད་དོ། །དེའི་ཁར་རང་རང་གི་རིག་པའི་རྒྱལ་པོས་བསྔགས་པའི་མཆོད་ཡོན་དུང་ཆོས་སུ་བླུགས་ལ་བཞག དེར་ལྷ་སོ་སོའི་ཕྱག་མཚན་གསེར་དང་ཟངས་ལ་སོགས་པ་ལ་བཟོས་པས་མེ་ཏོག་ཕྲེང་བ་དང་བཅས་པ་བཞག་སྟེ། ཆོ་ག་ཞིབ་མོར། ཟངས་ལས་བྱས་པའི་མེ་ཏོག་ཅེས་འབྱུང་བ་སྤྱན་རས་གཟིགས་ཀྱི་ཕྱག་མཚན་པདྨ་བསྟན་ལ། དེས་མཚོན་ནས་དེ་བཞིན་གཤེགས་རིགས་ལ་གསེར་ལས་གྲུབ་པའི་འཁོར་ལོ་དང༌། རྡོ་རྗེའི་རིགས་ལ་ལྕགས་ལས་བྱས་པའི་རྡོ་རྗེ་བཞག་གོ །ཆོ་ག་བཞིན་ཞེས་པས་ལྷ་སྤྱན་དྲང་པ་སོགས་བུམ་བཟླས་རྣམས་བསྟན་ཏེ། དཔུང་བཟང་ཚིག་འགྲེལ་ལས། དེའི་ནང་དུ་སྤྱན་དྲང་བར་ཅི་མངོན་ཞེ་ན། ལས་ཀྱི་ཕྲེང་བ་ལས། འཇིག་རྟེན་དབང་ཕྱུག་ཆུ་དབུས་སྤྱན་དྲངས་ཏེ། ཞེས་གསུངས་པ་དང་མཐུན་པའི་ཕྱིར་རོ། །དེ་ལྟ་བས་ན་བུམ་པ་དེ་དག་ཀྱང་ཡིད་བཞིན་གྱི་མཚོ་བུམ་པའི་ཆུས་གང་བར་བསམས་ལ། དེ་ལ་གནས་རྣམས་བཀོད་དེ་འཕགས་པ་རྣམས་མཆོད་ཡོན་ནམ་གསང་སྔགས་ཀྱིས་སྤྱན་དྲང་ངོ༌། །ཞེས་སོ། །སང་ནས་ཀྱང་ཉིན་རེ་བཞིན་ཐུན་གསུམ་དུ་བུམ་བཟླས་བྱའོ། །བུམ་པའི་རྒྱུ་དང་ཚད་ཀྱང༌། དཔུང་བཟང་ལས། བུམ་པ་པདྨ་དམར་པོའི་མདོག་འདྲ་བ། །ནག་པོ་ར་རི་མེད་ཅིང་རིན་ཆེན་བཅས། །སྨན་དང་འབྲུ་དང་སྤོས་ཆུས་བཀང་བ་བཞི། །ལྡུམ་བུས་ཁ་བསྐང་རས་ཀྱིས་མགུལ་པ་དཀྲི། །ཞེས་པ་ཙམ་ལས་མི་འབྱུང་ལ། འཕགས་པ་དྲ་བི་ཏའི་གཟུངས་ཆོག་ལས། གསེར་དང་དངུལ་དང་ཟངས་ལས་བྱས་པའམ། དབུལ་པོས་དེ་རྣམས་མ་འབྱོར་ན། རྫ་ལས་བྱས་པའི་བུམ་པ་ལི་ཁྲི་དང་མཚལ་ལྟར་དམར་བ། དབུས་ཀྱི་དབྱིབས་ལྷུང་བཟེད་ལྟ་བུ་ལ་མགྲིན་པའི་དཔངས་སུ་སོར་བཞི་པ། མགྲིན་པའི་སྟེང་ཁ་ཁྱེར་གྱི་འདབ་མ་ལ་སོར་གཉིས་པ། ཁའི་བུ་ག་སོར་བཞི་པ། ཞབས་སྟེགས་སོར་གཅིག་པ་ལ་སོགས་སུ་བྱ་བར་བཤད་དོ། །བཞི་པ་ནི། དེ་ནས་ལེགས་པར་བརྟགས་པའི་སློབ་མ་འོས་སུ་གྱུར་པ་རྣམས་སྤྱི་རྒྱུད་ལས། གཙང་མའི་གོས་དཀར་བགོས་པ་ཡི། །སློབ་མ་དེ་ལྟ་བུ་དག་ནི། །ཤར་ཕྱོགས་ཁ་བལྟས་འཁོད་པ་ལ། །སྟ་གོན་གནས་པ་ཚུལ་བཞིན་བྱ། །ཞེས་པ་ལྟར་བྱས་ལ། སློབ་དཔོན་ལ་ཡོན་ཕུལ་ནས། །ཁ་ཅིག་གསང་སྔགས་སྒྲུབ་པའི་ཕྱིར། །དེ་ལས་གཞན་པའི་བསོད་ནམས་འདོད། །ཅེས་སོགས་ཀྱིས་དོན་བཤད་ལ། སངས་རྒྱས་ཐོབ་འདོད་ཀྱི་བློ་བསྐྱེད་དུ་གཞུག དེ་ནས་སྤྱི་རྒྱུད་དུ། དེ་ནས་བླ་མས་བྱང་ཆུབ་སེམས། །མ་བསྐྱེད་པ་ནི་བསྐྱེད་པར་བྱ། །བསྐྱེད་པ་དག་ནི་དྲན་པར་བྱ། །ཞེས་པས། ལེགས་གྲུབ་ནས་བཤད་པ་ལྟར་རྒྱུན་བཤགས་དང༌། སེམས་བསྐྱེད་བྱ། དེ་ནས་ཁྲོ་བོ་བཟླས་པ་ཡི། །སྤོས་ཆུས་མགོ་ལ་གཏོར་བར་བྱ། །མགོ་ལ་བྲབས་ཏེ་མཉམ་བཞག་ནས། །ལན་བདུན་དུའང་བཟླས་བརྗོད་བྱའོ། །བྱུག་སྤོས་དག་ནི་བསྐུས་པ་ཡི། །ལག་པ་མགོ་ལ་བཞག་བཞིན་དུ། །མཁས་པས་རིག་པའི་རྒྱལ་པོ་ཡི། །སྙིང་པོ་ཡང་ནི་ལན་བདུན་བཟླ། །ཞེས་པས་རང་རང་གི་རིགས་ཀྱི་ཁྲོ་བོའི་སྔགས་བཟླས་པའི་སྤོས་ཆུས་མགོ་ལ་གཏོར་ཞིང་ལག་པ་བཤལ་ལ་སྔགས་ལན་བདུན་བཟླ། དེ་ནས་དྲི་བཟངས་ཀྱིས་བསྐུས་པའི་ལག་པ་མགོ་ལ་བཞག་སྟེ། སྔགས་ལན་བདུན་བཟླ། དེ་ཉིད་ཀྱིས་ནི་བསང་གཏོར་བྱ། །བདུག་སྤོས་དག་ནི་རབ་ཏུ་བདུག །ཅེས་པས་དྲི་ཡི་བསང་གཏོར་བྱ། །སྤོས་ཀྱིས་བདུག་གོ །དེ་ནས་བྱང་གི་ཕྱོགས་སུ་ཁ་བལྟ་ཞིང༌། ཐལ་མོ་སྦྱར་ཏེ་འཁོད་པ་ལ། །སོ་ཤིང་གོ་རིམས་བཞིན་དུ་སྦྱིན། །སློབ་མ་ཤར་དུ་ཁ་བལྟས་ཏེ། །མི་སྨྲ་བར་ནི་སོ་ཤིང་འཆའ། །འཆའ་བ་ཟིན་ནས་མིང་གདགས་ཤིང༌། །ཕན་ཚུན་དུ་ཡང་མི་འདོར་རོ། །སོ་ཤིང་མདུན་དུ་དྲང་པོར་དོར། །དེ་ཚེ་བདག་ལ་ལྟ་བ་དང༌། །རྩེ་མོ་གྱེན་དུ་བསྒྲེང་གྱུར་ན། །དེ་ནི་དངོས་གྲུབ་མཆོག་ཅེས་བྱ། །དེ་བཞིན་ཤར་དུ་ཁ་བལྟས་ན། །དེ་ནི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ། །སོ་ཤིང་དོར་བ་རྒྱ་ཞིག་ན། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པར་ས་འོག་གི །དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །ཅེས་པས། བ་གླང་གི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་དེར་སོ་ཤིང་དོར། དེ་ནས། སློབ་མ་ཉེ་རེག་བྱས་ནས་ནི། །སྔ་མ་བཞིན་དུ་འཁོད་པ་དང༌། །རེ་རེ་ལ་ཡང་བཏུང་བའི་ཕྱིར། །བླ་མས་ལས་ཀུན་བྱེད་པ་ཡི། །གསང་སྔགས་དག་གི་སྤོས་ཀྱི་ཆུ། །སྐྱོར་བར་བླུགས་ལ་ལན་བདུན་བླུད། །དེ་ནི་འཐུངས་ཏེ་ལངས་ནས་ཀྱང༌། །ཕྱི་རོལ་དུ་ནི་ཁ་བཀྲུ་བྱས། །ཞེས་པས་སློབ་མ་རྣམས་ཉེ་རེག་བྱེད་དུ་བཅུག་ལ། ལས་ཐམས་ཅད་པ་བཟླས་པའི་དྲིའི་ཆུ་ཁྱོར་བར་ལན་བདུན་སྦྱིན། དེ་ནས་སློབ་མ་ཕྱི་རོལ་དུ་སོང་ཁ་དག་པར་བཀྲུའོ། །དེ་ནས་སྲུང་སྐུད་བཅིང་བ་ནི། སྐབས་འདིར་མ་གསུངས་ཀྱང༌། གོང་སློབ་མ་བཟུང་བའི་སྐབས་སུ་བཤད་པ་ལྟར་འདིར་ཡང་མཛད་དོ། །དེ་ནས་སྟ་གོན་གྱི་ལྷ་ལ་མཆོད་པས་མཆོད་ནས། སྙན་གསན་དབབ་པར་གསུངས་ཏེ། དེ་ནས་མཆོད་པ་ཡང་བྱས་ནས། བདུག་སྤོས་ལག་ཏུ་ཐོགས་ནས་སུ། ཞེས་སོགས་སྤྱོད་ལམ་དང༌། །འདི་ཞེས་བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་གསོལ་བ་འདེབས་པ་དངོས་སུ་གསུངས་ལ། དེ་ལྟར་ལན་གསུམ་བཟླས་ནས་སུ། །བསམ་པ་དག་པས་ཕྱག་བྱས་ཏེ། །བསྟོད་པའི་ཚིག་ཀྱང་བརྗོད་ནས་སུ། །དེ་ནས་སླར་ནི་གཤེགས་པར་གསོལ། །ཞེས་པས་གསོལ་གདབ་ལན་གསུམ་གྱི་རྗེས་ལ། ཕྱག་དང་བསྟོད་པ་བྱས་ནས་སྟ་གོན་གྱི་ལྷ་གཤེགས་སུ་གསོལ་བར་བསྟན་ཏོ། །རྒྱུད་སྡེ་གཞན་ལས་སྟ་གོན་གྱི་ལྷ་ནམ་མཁར་འདེགས་པ་དང་ལུས་ལ་བསྡུ་བ་སོགས་ཡོད་ཀྱང་འདིར་ལྷ་གཤེགས་གསོལ་བྱ་བ་ནི་བྱ་རྒྱུད་པའི་གྲུབ་པའི་མཐའ་འོ། །དེ་ནས། འདོད་ཆགས་བྲལ་དང་ལྡན་པའི་ཆོས། །སློབ་མ་རྣམས་ལ་བཤད་ནས་ནི། །ཞེས་ཆོས་འཆད་པ་གསུངས་ཀྱང་ཚིག་མ་གསུངས་པ། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་སོགས་ཀྱིས་ཁ་བསྐང་བར་བླ་མ་རྣམས་བཞེད་དོ། །དེ་ནས་ཀུ་ཤ་བཏིང་བའི་ས་གཞི་ལ། ཤར་ཕྱོགས་ཁ་བལྟས་ཉལ་དུ་གཞུག །ཅེས་པས་ཀུ་ཤ་སྦྱིན་ཞིང་ཉལ་དུ་བཅུག་ལ། ནངས་པར་སྔ་བར་ལངས་ནས་རྨི་ལམ་དྲི་ལ། སངས་རྒྱས་མཐོང་བ་ལ་སོགས་པའི་རྨི་ལམ་རབ་འབྲིང་ཐ་གསུམ་རྨི་ན། དངོས་གྲུབ་རབ་འབྲིང་ཐ་གསུམ་འགྲུབ་པར་ལུང་བསྟན། ངན་ན་ཞི་བའི་སྦྱིན་སྲེག་གི་ཆོ་གས་བའི་མར་གྱི་སྲེག་བླུགས་བརྒྱ་རྩ་བརྒྱད་བྱིན་ལ་ཞི་བར་བྱ་སྟེ། དེ་ནས་ནང་པར་ནམ་ལངས་ནས། རྨི་ལམ་ཅི་མཐོང་དྲི་བར་བྱ། །ཞེས་པ་ནས། ཆོ་ག་བཞིན་དུ་ཞི་བར་བྱ། །ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏེ་སྟ་གོན་གྱི་ཆོ་གའོ། །གསུམ་པ་ལ་གསུམ། དཀྱིལ་འཁོར་བྲི་བ། སྒྲུབ་ཅིང་མཆོད་པ། འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གསུམ་གྱི། དང་པོ་ཐིག་གིས་བྲི་བ་ནི། སྤྱི་རྒྱུད་ལས། དཀྱིལ་འཁོར་གྱི་ནི་གསང་སྔགས་ཀུན། །ནངས་པར་རྗེས་སུ་དྲན་བྱས་ནས། །ཞེས་པས། ནངས་པར་སྔ་བར་ལངས་ཏེ་ཁྲུས་བྱ་བ་ནས་ལྷའི་རྣལ་འབྱོར་རྫོགས་པའི་བར་བྱ། ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །ཐོག་མ་ཉིད་དུ་བསང་གཏོར་བྱ། །ཞེས་པས། དཀྱིལ་འཁོར་བྲི་བའི་གནས་སུ་སྤོས་ཆུས་གཏོར། དེ་ནས་ལས་ཐིག་གིས་ཆ་དབྱེ་བའི་ཕྱིར། །དཀྱིལ་འཁོར་ཐིག་གདབ་ཐིག་སྐུད་ནི། །ཁ་བསྒྱུར་གཙང་མ་སྲ་ཞིང་ཕྲ། །དེ་བཞིན་བུ་མོ་གཞོན་ནུས་བཀལ། །གསར་པ་ཤིན་ཏུ་གཙང་བ་དང༌། །མཛེས་ཤིང་ཤིན་དུ་རན་པ་དག །དྲི་ཞིམ་རེག་ན་བདེ་བ་དང༌། །ལེགས་པར་བཀལ་དང་སྲ་བ་དང༌། །སྦོམ་ཕྲ་ལ་སོགས་བཀལ་ཉེས་དང༌། །འཇུར་མདུད་མེད་པར་གྱུར་པ་ཡི། །ཐིག་སྐུད་མེ་ཏོག་སྤོས་མཆོད་པས། །ཤེས་རབ་ཅན་གྱིས་ཐིག་གདབ་བོ། །ཞེས་པས་ལས་ཐིག་བཏབ་ལ། ཁ་བསྒྱུར་ཞེས་པའི་དོན། རྣམ་སྣང་མངོན་བྱང་གི་འགྲེལ་པར། ཤར་ཐིག་གི་མཚན་ཉིད་མ་བསྟན་ཀྱང༌། ཁ་དོག་འཆོལ་བ་ཡོངས་སུ་སྤང་བའི་ཕྱིར། དཀར་པོ་ཁོ་ནས་བྱའོ་ཞེས་པ་ལྟར་ཐིག་ཆལ་གྱིས་ཁ་བསྒྱུར་བ་ཡིན་ནོ། །དེས་ཐིག་ཇི་ལྟར་དུ་གདབ་ན། །ཕྱོགས་རྣམས་ཀུན་དུ་མཁས་པ་ཡིས། །དབུས་སུ་སྒོ་ནི་དོད་པར་བྱ། །ངོས་གཉིས་སུ་ནི་ཆ་དག་ཀྱང༌། །བཞི་བཞི་དག་ནི་དོར་བར་བྱ། །ཞེས་པའི་དོན། དབུས་སུ་སྒོ་ཆ་ཆེན་གཅིག་པའི་ངོས་གཉིས་སུ་ཆ་ཆེན་བཞི་བཞི་སྟེ། དཀྱིལ་འཁོར་གྱི་ནང་ཆ་ཆེན་དགུ་ལ་སྒོ་འཁོར་ལོའི་དགུ་ཆ་ཅན་དུ་བྱེད་པ་ནི་མ་ཡིན་ཏེ། ངོས་གཉིས་སུ་ཞེས་ཚངས་ཐིག་གི་ངོས་ཡིན་པའི་ཕྱིར་དང༌། ནང་ཆ་ཆེན་དགུར་བགོ་བ་མ་གསུངས་པའི་ཕྱིར་རོ། །དེས་ན་ནང་ཆ་ཆེན་བརྒྱད་པ་ཕྱི་བརྒྱད་པ་སྟེ་བཅུ་དྲུག་ཏུ་གྲུབ་བོ། །འདིར་རིགས་གསུམ་སྤྱི་དང་སོ་སོའི་དཀྱིལ་འཁོར་གང་བྱེད་ཀྱི་ཐིག་གདབ་སྟེ་སོ་སོའི་གཞུང་དུ་ཤེས་སོ། །དེ་ནས་ཡེ་ཤེས་ཀྱི་ཐིག་བྱིན་གྱིས་བརླབ་པའི་ཕྱིར། ཚོན་སྣ་ལྔ་ཡི་སྐུད་པ་ལས། །དེ་ཉིད་ཀྱི་ནི་བརྒྱར་བཟླས་ཏེ། །བཟང་པོའི་ལྟས་དང་སྦྱར་ནས་སུ། །མཁས་པས་དཀྱིལ་འཁོར་ཐིག་གདབ་བོ། །ཐིག་སྐུད་ཀྱི་ནི་ཚོན་སྣ་ལྔ། །དཀར་དང་དམར་དང་དེ་བཞིན་སེར། །སྔོ་དང་ལྔ་པ་ནག་པོ་དང༌། །ཚོན་ཅི་རྣམས་ཀྱང་དེ་དང་འདྲ། །ཞེས་པ་དཔའ་བོའི་རིན་གྱིས་ཉོས་པའི་རས་བལ་དཀྱིལ་འཁོར་གཞན་དུ་ལོངས་མ་སྤྱད་པའི་གསར་པ་ཚོན་སྣ་ལྔས་ཁ་བསྒྱུར་བ་རྣམས་ལག་མཐིལ་དུ་བཞག་ལ། མཛུབ་མོའི་རྩ་བ་ནས་རྩེ་མོའི་བར་རིམ་པ་བཞིན་དགོད་ཅིང༌། ལས་ཐམས་ཅད་པ་བརྒྱ་རྩ་བརྒྱད་བཟླ། འོག་ཚོན་བྱིན་གྱིས་རློབ་པའི་སྐབས་ལྟར་ལྷ་སྤྱན་དྲངས་ལ་བསྟིམས་ནས། དང་པོར་སོ་སོ་དང་དེ་ནས་ལྔ་པོ་གཅིག་ཏུ་བསྒྲིལ་ལ། ལས་ཐམས་ཅད་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབ་བོ། །དེ་ནས་ཡེ་ཤེས་ཀྱི་ཐིག་གདབ་པའི་ཕྱིར། དཀོན་མཆོག་གསུམ་ལ་མཆོད་བྱ་ཞིང༌། །ལྷ་རྣམས་ལ་ཡང་ཕྱག་བྱས་ནས། །མཁས་པས་སྲད་བུ་དྲི་བར་བྱ། །ཞེས་སོགས་ཀྱི་དོན་ནམ་མཁར་དཀྱིལ་འཁོར་གྱི་ལྷ་ཚོགས་བསམས་ལ། དེ་རྣམས་ལ་མཆོད་བསྟོད་བྱས་ནས། སློབ་དཔོན་ཤར་དུ་སོང་ལ། ནུབ་དུ་ཁ་བལྟས་ཏེ། ཚངས་ཐིག་དང་པོ་དང༌། ལྷོ་ནས་བྱང་དུ་བལྟས་པས་གཉིས་པ། མེ་ནས་དབང་ལྡན་དུ་བལྟས་པས་ཤར་གྱི་རྩ་ཐིག དེ་ཉིད་ནས་བདེན་བྲལ་དུ་བལྟས་པས་ལྷོའི་རྩ་ཐིག རླུང་ནས་བདེན་བྲལ་དུ་བལྟས་པས་ནུབ་ཀྱི་རྩ་ཐིག དེ་ནས་དབང་ལྡན་དུ་བལྟས་པས་བྱང་གི་རྩ་ཐིག་བཏབ་ལ། ཐིག་གི་སྒྲས་སངས་རྒྱས་རྣམས་སྤྱན་དྲངས་ལ། ཐིག་སྐུད་ལ་ཐིམ་པར་བསམས་ལ། དང་པོར་བར་སྣང་དང༌། རྗེས་ལ་ས་གཞི་ལ་ཐིག་བཏབ་ནས། ཐིག་སྐུད་ཀྱི་ལྷ་ལ་མཆོད་དེ་གཤེགས་སུ་གསོལ་ལོ། །གཉིས་པ་ཚོན་གྱིས་བྲི་བ་ནི། །མཁས་པས་ལྕགས་ནི་རྣམ་ལྔའམ། །ཕྱེ་མ་དཀར་པོ་ལ་སོགས་པ། །དད་ཅིང་ཡོན་ཏན་ལྡན་པ་ཡིས། །སློབ་མས་རིན་ཆེན་ཕྱེ་མས་བྲི། །རིན་ཆེན་ལྕགས་རྣམས་མ་འབྱོར་ན། །སཱ་ལུ་བཏགས་པའི་ཕྱེ་མས་བྱ། །ཚོན་རྩི་ལྔར་བཤད་ཞིབ་མོ་དང༌། །འབྱུང་ཁུངས་ནས་བྱུང་ཕྱེ་མ་དང༌། །རྡོ་ཡི་ཁམས་ནི་སྣ་ཚོགས་ཀྱང༌། །ཕྱེ་མའི་ལས་ལ་སྦྱར་བར་བྱ། །དེ་ལྟར་རྣམ་པ་ལྔ་པོ་དག །ཕྱེ་མའི་རྒྱུར་ནི་བསྒྲགས་པ་ཡིན། །ཞེས་པའི་ཚོན་སྣ་ལྔ་ལ་བྱིན་གྱིས་བརླབས་པའི་ཆོ་ག་མ་བཤད་ཀྱང༌། དེ་ནི་ཕྱི་མའི་ཆོ་གའི་རིམ། །ཁྱད་པར་དང་བཅས་བསྟན་པ་ཡིན། །ཞེས་པས་ཟུར་ཙམ་ཟིན་པས། རྣམ་སྣང་མངོན་བྱང་ནས་ཁ་བསྐངས་ཏེ་ཚོན་དཀར་པོ་ལ་ར། དམར་པོ་ལ་ཨཾ། སེར་པོ་ལ་ཀ ལྗང་གུའམ་སྔོ་སྐྱ་ལ་བ། ནག་པོ་ལ་ཧ་བྲིས་ལ་ཕྱོགས་སོ་སོར་བཀོད། ཡིག་འབྲུ་ལྔ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་ལྔ་སྤྱན་དྲངས་ནས་ཚོན་སོ་སོ་ལ་ཐིམ་པས། ཚོན་དཀར་པོ་ར་ལས་ཆོས་དབྱིངས་ཡེ་ཤེས་དཀར་པོ། དམར་པོ་ཨྃ་ལས་རྒྱལ་བ་ཐུབ་པ་དམར་པོ། སེར་པོ་ཀ་ལས་ཐུབ་པ་གསེར་མདོག་སེར་པོ། སྔོ་སྐྱའམ་ལྗང་གུ་བ་ལས་ཐུབ་པ་ཆེན་པོ། བྱང་ཆུབ་སྙིང་པོ་སྔོ་སྐྱ། ནག་པོ་ཧ་ལས་ཕྱག་ན་རྡོ་རྗེ་ནག་པོ་རྣམས་སུ་བསམས་ཏེ། རྣམ་སྣང་མངོན་བྱང་ལས། ཐོག་མར་ཚོན་རྩི་དཀར་པོ་བླངས་ལ། འདི་ལྟར་བྱིན་གྱིས་བརླབ་པར་བྱའོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རྣམ་སྦྱང་བ། །འདི་ནི་བདག་ཉིད་དེ་བཞིན་གཤེགས། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །དེ་ལྟར་བློ་ཅན་གྱིས་བསམས་ནས། །དེར་ནི་ར་ཞེས་བྱ་བ་ཡང༌། །ཞི་བ་འབར་བའི་ཕྲེང་ཅན་མདོག །དུང་ཟླ་ཀུནྡ་འདྲ་བར་བསམས། །དེ་ནས་ཚོན་རྩི་གཉིས་པ་ནི། །དམར་པོ་བླངས་ནས་ནན་ཏན་དུ། །ཡི་གེ་ཨ་ཞེས་བྱ་བ་ནི། །འབར་བ་ཀླད་ཀོར་བཅས་པར་བསམས། །རྒྱལ་བ་ཐུབ་དཀའ་དམ་པ་སྟེ། །ཉི་མ་དང་པོར་འཆར་བ་བཞིན། །དེ་ནས་སྔགས་པས་ཚོན་གསུམ་པ། །ཁ་དོག་སེར་པོ་བླང་བར་བྱ། །མཁས་པས་དེ་ནས་ཀ་ཞེས་པ། །དེ་ཚེ་ཆོ་ག་བཞིན་དུ་བསམ། །དེ་བཞིན་གསེར་མདོག་ཐུབ་པ་ནི། །གསེར་གྱི་ཁ་དོག་འབར་དང་བཅས། །ཏིང་འཛིན་གནས་ཤིང་སྡིག་བཅོམ་པ། །ཀུན་དུ་རྣམ་པར་སྣང་བ་ཡིན། །དེ་ནས་མརྒད་འདྲ་བ་ཡི། །ཚོན་རྩི་འཁོར་བ་ལས་སྒྲོལ་བ། །བ་ཞེས་བྱ་བ་དེ་རུ་བཞག །བྱང་ཆུབ་སྙིང་པོ་ཐུབ་ཆེན་དེ། །དཔའ་བོ་ཁ་དོག་འཇའ་འདྲ་བ། །ཀུན་དུ་འཇིགས་པ་མེད་པར་བྱེད། །དེ་ནས་ཚོན་རྩི་ནག་པོ་དེ། །མཁས་པ་ཡིས་ནི་བླངས་ནས་སུ། །དེར་ནི་ཧ་ཞེས་བྱ་བར་བསམས། །འབར་བའི་ཕྲེང་བ་རྣམ་པར་འཕྲོ། །དུས་མཐའི་མེ་ལྟར་མི་བཟད་པ། །ལག་ན་རྡོ་རྗེ་རྩེ་བྲན་བརྒྱན། །བདུད་སྡེ་སྡང་བ་ཐམས་ཅད་ལ། །རྣམ་པར་ཀུན་དུ་སྡིགས་པར་བྱེད། །ཅེས་སོ། །དེ་ལྟར་ལྷར་བསྐྱེད་ནས་བྱིན་གྱིས་རློབ་པའི་སྔགས་ཆོ་ག་ཞིབ་མོར་བཤད་པ་དང༌། གཟི་བྱིན་བསྐྱེད་པའི་སྔགས་ལེགས་གྲུབ་ཏུ་བཤད་པས་ཀྱང་ཁ་བསྐང་ངོ༌། །དེ་ནས་རང་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། རྡོ་རྗེ་ཁུ་ཚུར་སྦྱོར་བའམ། །ཡང་ན་ལྕགས་ཀྱུའི་ཕྱག་རྒྱ་ཡི། །ལྷུང་བཟེད་ཕྱག་རྒྱའི་སྦྱོར་བའམ། །ཡང་ན་རིག་བྱེད་ལག་པས་བྲི། །དཀར་པོ་དང་པོར་དགྱེ་བར་བྱ། །དེ་ཡི་འོག་ཏུ་དམར་པོ་དགྱེ། །དེ་ནས་སེར་པོ་དགྱེ་བར་བྱ། །དེ་ཡི་འོག་ཏུ་ལྗང་གུ་དགྱེ། །སྔགས་པས་ཀུན་གྱི་ཕྱི་རོལ་དུ། །ཚོན་རྩི་ནག་པོ་དགྱེ་བར་བྱ། །གཡས་སུ་བསྐོར་ཞིང་རྒྱུན་མི་བཅད། །ཐམས་ཅད་མཉམ་ཞིང་བར་ཆད་མེད། །ཅེས་པ་ལྟར་སློབ་དཔོན་གྱིས་བྲི། ལྷག་མ་རྣམས་རང་གིས་མ་གྲུབ་ན་ཆོ་ག་ཞིབ་མོར། ཁྲུས་བྱས་འདྲི་མཁན་གཙང་མ་ཡིས། །གཙང་མའི་སྣོད་དུ་ཚོན་རྣམས་ནི། །ལྷག་མ་མིན་པས་ཀུན་དུ་བྲི། །ཟས་ནི་དཀར་གསུམ་གྲུབ་པར་བྱ། །ཁྱད་པར་འདོད་པས་ཟས་ངན་པ། །སྤང་བར་བྱ་བ་ཉ་དང་ཤ །བཙོང་དང་སྒོག་སྐྱ་ཀེའུ་རྣམས་དང༌། །འདྲེས་པ་སྤང་བར་བྱ་བ་ནི། །ལོག་འདྲེན་གླགས་ཚོལ་སྤང་ཕྱིར་རོ། །ཁྲུས་བྱས་གོས་ནི་གསར་པ་བགོས། །གཙང་མས་དཀྱིལ་འཁོར་དྲི་བར་བྱ། །ཞེས་པའི་མཚན་ཉིད་ཅན་གྱིས་བྲིའོ། །དེ་ལ་ཕྱོགས་མདོག་གི་གསལ་ཀ་དངོས་སུ་གསུངས་པ་མི་སྣང་བས། རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་དུ། ཤར་མེ་ལོང་ཡེ་ཤེས། ལྷོ་མཉམ་ཉིད་ཡེ་ཤེས། ནུབ་སོར་རྟོག་ཡེ་ཤེས། བྱང་བྱ་གྲུབ་ཡེ་ཤེས། དབུས་སུ་ཆོས་དབྱིངས་ཡེ་ཤེས་སུ་བཤད་ཅིང༌། ཁ་དོག་དང་ཡེ་ཤེས་སྦྱོར་བའི་སྐབས་སུ། དཀར་པོ་ཆོས་དབྱིངས་ཡེ་ཤེས། དམར་པོ་མེ་ལོང་ཡེ་ཤེས། སེར་པོ་མཉམ་ཉིད་ཡེ་ཤེས། ལྗང་གུ་སོར་རྟོག་ཡེ་ཤེས། ནག་པོ་བྱ་གྲུབ་ཡེ་ཤེས་སུ་གསུངས་པ་ལྟར་ན། དབུས་དཀར། ཤར་དམར། ལྷོ་སེར། ནུབ་ལྗང་གུའམ་སྔོ་སྐྱ། བྱང་ནག་པོར་ཐོབ་པར་སྣང་ལ། དཀྱིལ་འཁོར་འབྲི་ཚུལ་རྒྱས་པར་ནི་སོ་སོའི་གཞུང་དུ་ཤེས་སོ། །དེ་ནས། ལྷ་རྣམས་ཐམས་ཅད་དགོད་པ་ནི། །རྣམ་པ་ཀུན་དུ་རབ་ཏུ་བཤད། །དང་པོ་གཟུགས་སུ་བྲི་བར་བྱ། །གཉིས་པ་དག་ནི་ཕྱག་རྒྱ་བྲི། །གསུམ་པ་སྟན་དང་གནས་དག་ཏུ། །བྲི་བའི་ཆོ་གར་ཡོངས་སུ་བསྒྲགས། །ཞེས་དང༌། བློ་དང་ལྡན་པས་མ་བསླབས་པར། །ཕྱག་རྒྱ་རྣམས་སུ་དགོད་པར་བྱ། །བསླབས་པས་ཀྱང་ནི་ཕྱེ་མ་ཡིས། །ཡན་ལག་རྫོགས་པར་རབ་ཏུ་དཀའ། །ཡན་ལག་རྫོགས་ཤིང་རྒྱས་བྱས་ན། །ཆོ་གའི་ལས་ལ་རིང་ཏུ་ཐོགས། །གཟུགས་རྣམས་ལེགས་པར་གྲུབ་ན་ནི། །མང་པོ་རྣམས་ནི་ཟིན་མི་འགྱུར། །ཡན་ལག་ཉམས་ན་བྱིན་མི་རློབ། །དངོས་མི་འགྲུབ་པར་རབ་ཏུ་བཤད། །དེ་ལྟ་བས་ན་མཁས་པ་ཡིས། །ཕྱག་རྒྱའི་གཟུགས་སུ་ལྷ་རྣམས་དགོད། །ཅེས་པ་ལྟར་མཚན་མ་རྣམས་དགོད། དེ་ནས་ཚོན་གྱི་ལྷ་གཤེགས་སུ་གསོལ་ལ། ལྷག་མ་མི་འགོམས་པར་བསྡུའོ། །གསུམ་པ་མཆོད་རྫས་དགོད་པ་ནི། དེ་ལྟར་དཀྱིལ་འཁོར་བྲིས་པའི་མཐར་དྲི་བཟངས་པོའི་ཆུས་བྱུགས་ལ། མཆོད་པ་རྣམས་ལྷ་རེ་རེ་ཞིང་བརྒྱ་བརྒྱའམ། མ་འབྱོར་ན་བཅུ་བཅུ་ལས་མི་ཉུང་བར་བཤམ། ཕྱོགས་མཚམས་བརྒྱད་དུ་རྒྱལ་མཚན་བརྒྱད་དགོད་དེ། སྤྱི་རྒྱུད་ལས། རྒྱལ་མཚན་གསར་པ་སྣ་ཚོགས་དང༌། །བརྒྱད་ནི་ཁོ་ར་ཁོར་ཡུག་ཏུ། །ཡུ་བ་རིང་པོ་དྲང་པོ་ལ། །རྒྱང་ནས་ཉེ་བར་གཟུགས་བྱ་སྟེ། །དཀར་པོ་ཤར་གྱི་ཕྱོགས་སུ་གཟུགས། །ཤར་ལྷོའི་མཚམས་སུ་ལེ་བརྒན་གཟུགས། །ལྷོ་ཡི་ཕྱོགས་སུ་ནག་པོ་གཟུགས། །ལྷོ་ནུབ་མཚམས་སུ་དུད་ཁ་གཟུགས། །ནུབ་ཀྱི་ཕྱོགས་སུ་དམར་པོ་གཟུགས། །ནུབ་བྱང་མཚམས་སུ་ཁྲ་བོ་གཟུགས། །བྱང་གི་ཕྱོགས་སུ་སེར་པོ་གཟུགས། །བྱང་ཤར་མཚམས་སུ་ལྗང་སེར་གཟུགས། །དེ་ལྟར་རྒྱལ་མཚན་བརྒྱད་པོ་རྣམས། །གོ་རིམ་བཞིན་དུ་གཟུགས་པར་བྱ། །རྒྱལ་མཚན་རྣམས་ཀྱི་རྩེ་མོ་ལ། །ཏོག་ནི་རྨ་བྱའི་མདངས་ཀྱིས་སོ། །རྒྱལ་མཚན་རྣམས་ནི་མ་རྙེད་ན། །ཐམས་ཅད་ཐལ་ཀར་གཅིག་པུའམ། །ཡང་ན་དེ་བས་མང་ཡང་རུང༌། །ཤར་གྱི་ཕྱོགས་སུ་གཟུགས་པར་བྱ། །ཞེས་སོ། །གཞན་ཡང་ཕྱོགས་མཚམས་བརྒྱད་དུ། སོ་མ་བཏང་བའི་ཁམ་ཕོར་དཀར་པོ་བཅུར་ཨ་ག་རུ་ལ་སོགས་པ་བདུག་སྤོས་བཏུལ་བ་དང༌། རྟ་བབས་དང༌། དྲིལ་བུ་དང༌། གདུགས་དང༌། རྔ་ཡབ་དང༌། བུམ་པ་ལ་སོགས་པ་ཇི་ལྟར་འབྱོར་པ་དགོད་དེ། རྒྱས་པར་སྤྱི་རྒྱུད་དུ་ཤེས་སོ། །གཉིས་པ་ལ་གསུམ། དཀྱིལ་འཁོར་སྒྲུབ་པ། དེ་ལ་མཆོད་པ། དེའི་སྤྱན་སྔར་བདག་འཇུག་བྱ་བའོ། །དང་པོ་ནི། རང་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། བདག་གྱི་བྱ་བ་རྫོགས་པར་བསྒོམ། སྟ་གོན་ལྟར་བུམ་བཟླས་ཀྱང་བྱ། དེ་ནས་མདུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་ཐབས་ནས་བཤད་པའི་ཚུལ་གྱིས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། དེ་ནས་སྤྱི་རྒྱུད་ལས། ཆོ་ག་བཞིན་དུ་བྱས་ནས་སུ། །དེ་ནས་སྤྱན་དྲང་བརྩམ་པར་བྱ། །མཆོད་ཡོན་ཆོ་ག་སྔ་མ་བཞིན། །མ་ཡེངས་པར་ནི་སྦྱར་ནས་སུ། །སོ་སོའི་སྔགས་ཀྱིས་ཅི་ནུས་པར། །མཁས་པས་སྤྱན་ནི་དྲང་བར་བྱ། །ཞེས་གསུངས་པས་ཐོག་མར་མཆོད་ཡོན་བསྒྲུབས་ལ། དེ་ནས་ལྷ་རྣམས་སྤྱན་དྲངས་པར་བསམས་ཞིང་སོ་སོའི་སྔགས་ཀྱི་མཇུག་ཏུ་ཨེ་ཧྱེ་ཧི་བཏགས་པས་བཀུག་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བཞུགས་སུ་གསོལ་ནས། སོ་སོའི་སྐུ་མདོག་དང་ཕྱག་མཚན་གསལ་བཏབ་ལ་ཡུན་རིང་དུ་བསྒོམ་མོ། །དེ་ནས་སོ་སོའི་དམ་ཚིག་གི་ཕྱག་རྒྱའམ། དེ་ལྟར་དམིགས་གསལ་མེད་པ་རྣམས་ལ་སྤྱིའི་དམ་ཚིག་གི་ཕྱག་རྒྱ་བསྟན་པས་བརྟན་པར་བྱས་པར་བསྒོམས་ལ་བྱོན་ལེགས་དང་གདན་དབུལ་ཡང་བྱའོ། །གཉིས་པ་ལ་གདན་གྱི་ནང་དུ་དཀྱིལ་འཁོར་གྱི་ལྷ་མཆོད་པས་མཆོད་པ་དང༌། ཕྱི་རོལ་དུ་འབྱུང་པོ་གཏོར་མས་མཆོད་པའོ། །དང་པོ་ནི། དེ་ལྟར་སྤྱན་དྲང་བྱས་ནས་ནི། །མཆོད་ཡོན་ཉིད་ཀྱིས་ལན་རེ་བཞིན། །དེ་ནས་ཞབས་བཀྲུའི་ཆོ་ག་བྱ། །བདེ་བར་གཤེགས་ཞེས་བྱ་ལ་སོགས། །ཕྱག་ཀྱང་གུས་པར་འཚལ་བ་དག །གོ་རིམ་བཞིན་དུ་བྱས་ནས་ནི། །མཁས་པས་དེ་དག་མཆོད་པ་བརྩམ། །དང་པོར་བྱུག་སྤོས་དབུལ་བྱ་སྟེ། །དེ་ཡི་འོག་ཏུ་མེ་ཏོག་དབུལ། །དེ་ནས་ལེགས་པར་མཉམ་གཞག་ནས། །བདུག་སྤོས་ལྷ་བཤོས་དག་ཀྱང་དབུལ། །ཞེས་སོགས་རྒྱས་པར་བཤད་པ་ལྟར་ཅི་ནུས་ཀྱིས་མཆོད་དོ། །གཉིས་པ་ནི། །དེ་ནས་མེ་ཏོག་དཀར་པོ་དང༌། །ཏིལ་དང་འབྲས་སྤོས་དཀྱིལ་འཁོར་དགྲམ། །མཐའ་ཕྱོགས་རྣམས་ཀྱི་གཏོར་མ་ཡིས། །རྒྱ་ཆེན་ཕྱོགས་རྣམས་ཀུན་དུ་སྦྱིན། །འབྲས་ཡོས་དང་ནི་ཏིལ་དུ་བཅས། །འབྲས་དང་མེ་ཏོག་ཆུ་དང་བཅས། །སྲན་ཆེན་བཅས་ཤིང་མང་དུ་བྱ། །མར་དང་ཙེགས་ཙགས་བཅས་པ་ཡིས། །གཏོར་མ་འདི་འདྲ་སློབ་དཔོན་གྱིས། །ལག་ཏུ་བླངས་ཏེ་བཀའ་བཞིན་དུ། །ཕྱོགས་མཚམས་ཀུན་དུ་གསུམ་གསུམ་དབུལ། །མཆོད་ཡོན་དང་ནི་བདུག་པའང་སྦྱིན། །སྲིན་པོ་རྣམས་དང་ཤ་ཟ་དང༌། །འབྱུང་པོ་རྣམས་དང་ཤ་རྗེན་ཟ། །སེམས་ཅན་རྣམ་པ་སྣ་ཚོགས་ལ། །མཁས་པས་གཏོར་མ་ཕྱོགས་སུ་གཏོར། །སེམས་ལ་གང་དང་གང་དྲན་པ། །དེ་དག་ཀུན་ལ་གཏོར་མ་སྦྱིན། །ས་ཕྱོགས་དེ་ཡི་སེམས་ཅན་ནི། །ལྗོན་ཤིང་གེལ་པར་གནས་རྣམས་ལ། །སྦྱིན་བྱ་གལ་ཏེ་འཐོར་བའི་ཚེ། །གློ་བུར་ཅེ་སྤྱང་སྒྲ་གྲགས་ན། །དེར་ནི་མཉམ་གཞག་མ་འཁྲུལ་བར། །གཏོར་མ་ཡང་དང་ཡང་དུ་སྦྱིན། །ཞེས་སོ། །དེ་ལ་ཕྱོགས་མཚམས་ཀུན་དུ་ཞེས་པས་ནི། །ཕྱོགས་སྐྱོང་བཅུ་ལ་གཏོར་མ་དབུལ་བ་དང༌། སྲིན་པོ་རྣམས་དང་ཞེས་པས་ནི་བགེགས་གཏོར་བསྟན་ལ། དཔུང་བཟང་ལས། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ཞེས་སོགས་ཀྱིས་འབྱུང་པོའི་གཏོར་མ་བསྟན་པས་ཁ་བསྐང་ངོ༌། །འབུལ་བའི་གོ་རིམ་ནི། དཔུང་བཟང་ལས། དེ་ལྟར་གདོན་ལ་མཆོད་པ་བྱས་ནས་སུ། དེ་ནས་ཕྱོགས་སྐྱོང་རྣམས་ལ་མཆོད་པ་བྱ། ཞེས་པས་ཐོག་མར་འབྱུང་པོ། །དེ་ནས་ཕྱོགས་སྐྱོང༌། དེ་ནས་བགེགས་ལ་སྦྱིན་ནོ། །དེའི་ཚེ་གློ་བུར་དུ་ཅེ་སྤྱང་གི་སྒྲ་གྲགས་པ་ལ་སོགས་ལྟས་ངན་བྱུང་ན་གཏོར་མས་སྐྱར་ལ་གཏང་ཞིང་བསྲུང་བ་བྱའོ། །དེ་ནས། དེ་ལྟར་ཕྱོགས་ཀྱི་གཏོར་མ་དག །བྱིན་ནས་ལེགས་པར་ལག་བཀྲུས་ཏེ། །ཉེ་རེག་བྱས་ནས་ཕྱི་རོལ་དུ། །མཁས་པ་ཡིས་ནི་བདུག་སྤོས་སྦྱིན། །ཞེས་པས། གཏོར་མའི་རྗེས་སུ་ཁྲུས་དང༌། ཉེ་རེག་དང་བདུག་སྤོས་ཀྱིས་བདུག་པ་རྣམས་བྱ། དེ་ནས་ནང་དུ་ཞུགས་ནས་ནི། །མཆོད་ཡོན་སྔ་མ་བཞིན་ཕུལ་ནས། །བདུགས་སྤོས་དག་གིས་བདུགས་ནས་སུ། །ཡིད་ཀྱིས་མཆོད་པའི་བཤོས་རྣམས་དབུལ། །དཀྱིལ་འཁོར་དབུས་མའི་ལྷ་རྣམས་ལ། །ཐམས་ཅད་ལ་ཡང་ནན་ཏན་དུ། །རས་ནི་དཀར་ལ་ཕྲ་བ་དག །རེ་རེ་ལ་ཡང་ཟུང་རེ་དབུལ། །ཞེས་པས། ནང་དུ་ཞུགས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་ཡོན་དང་བདུག་སྤོས་དང་ལྷ་བཤོས་དང་གོས་ཟུང་རྣམས་དབུལ་ལོ། །དེ་ནས་སོ་སོའི་གསང་སྔགས་ནི། རེ་རེའང་བདུན་བདུན་བཟླས་བརྗོད་བྱ། །དཀྱིལ་འཁོར་བདག་པོའི་གསང་སྔགས་ཀྱང༌། །བརྒྱ་རྩ་བརྒྱད་དུ་བཟླས་པ་བྱ། །ཞེས་པས་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད། ལྷ་གཞན་རྣམས་ཀྱི་བདུན་བདུན་བཟླ། །ཡང་ན་རིགས་ཀྱི་སྙིང་པོའི་སྔགས། །རེ་རེ་ཞིང་ཡང་བརྒྱ་བརྒྱ་བཟླས། །དེ་ནས་སོ་སོའི་ཕྱག་རྒྱ་རྣམས། །བཟླས་བརྗོད་གསུམ་བྱས་རིམ་བཞིན་བཟླ། །ཡང་ན་སྤྱི་ཡི་ཕྱག་རྒྱ་ནི། །རེ་རེ་ལ་ཡང་སོ་སོར་བསྟན། །ཞེས་པས། ཡང་ན་ལྷ་རེ་རེ་ལ་བརྒྱ་བརྒྱད་བཟླ། གཙོ་འཁོར་སོ་སོའི་ཕྱག་རྒྱ་བཅིངས་ལ་སོ་སོའི་སྔགས་གསུམ་གསུམ་བཟླས། དེ་ཙམ་མ་གྲུབ་ན་རིགས་གང་ཡིན་པ་དེའི་སྤྱིའི་ཕྱག་རྒྱ་བསྟན་ཅིང་སོ་སོའི་སྙིང་པོ་བརྗོད་པས་ལྷ་རྣམས་མཉེས་པ་དང་བྱིན་གྱིས་རློབ་པར་འགྱུར་ཏེ། དེ་ལྟར་བྱས་ནས་མཉེས་པ་དང༌། །བྱིན་གྱིས་རློབ་ཅིང་དངོས་གྲུབ་སྩོལ། །ཞེས་སོ། །དེ་ནས་ཆོ་ག་བཞིན་སྦྱིན་སྲེག་བྱས་ལ། ཞི་བ་ཡི་ནི་གསང་སྔགས་ཀྱིས། །སྲེག་བླུགས་བརྒྱ་རྩ་བརྒྱད་ཕུལ་ནས། །ལྷ་རྣམས་ཀུན་ལ་བཟོད་པར་གསོལ། །སེམས་ནི་རབ་ཏུ་དྭང་བཅས་ལ། །དཀྱིལ་འཁོར་དུ་ནི་བདུག་སྤོས་དབུལ། །དེ་ནས་རིགས་ཀྱི་བདག་པོ་ལ། །བསྟོད་པ་དག་ནི་ལེགས་པར་བྱ། །སྡིག་པ་རྣམས་ཀྱང་གུས་པས་བཤགས། །བསོད་ནམས་རྗེས་སུ་ཡི་རང་བྱ། །ཇི་ལྟར་བསླབས་ཤིང་ཅི་འདོད་པ། །སྨོན་ལམ་དག་ནི་བཏབ་ནས་སུ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། །ཡང་དང་ཡང་དུ་གུས་པར་བྱའོ། །ཕྱིར་མི་ལྡོག་པའི་དགེ་འདུན་དང༌། །རིག་སྔགས་གསང་སྔགས་ཚོགས་ལ་ཡང༌། །ཡིད་ལ་བསམས་ཏེ་ཡང་དང་ཡང༌། །བྱང་ཆུབ་ཏུ་ནི་སེམས་ཀྱང་བསྐྱེད། །དེ་ལྟར་བྱས་ནས་དེ་འོག་ཏུ། །གླེགས་བམ་ཅུང་ཟད་བཀླག་པར་བྱ། །ཞེས་པས། སྦྱིན་སྲེག་ཚར་བའི་མཇུག་ཏུ་ནོངས་པ་བཟོད་པར་གསོལ། བདུག་སྤོས་དབུལ། དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྟོད་པས་བསྟོད་ཅིང༌། སྡིག་བཤགས་ཡིད་རང་སྨོན་ལམ་སྐྱབས་འགྲོ་སེམས་བསྐྱེད་རྣམས་བྱས་ལ། ཤེར་ཕྱིན་གྱི་གླེགས་བམ་གདོན་པར་བྱའོ། །གསུམ་པ་ནི། དེ་ནས་སློབ་དཔོན་བདག་འཇུག་བྱ་བ་སྤྱི་རྒྱུད་ན་མི་གསལ་ཡང༌། ཆོ་ག་ཞིབ་མོར། རིག་སྔགས་འཆང་དཀྱིལ་འཁོར་གྱི་སློབ་དཔོན་དེས་ཀྱང་དཀྱིལ་འཁོར་དུ་འཇུག་པར་བྱས་ནས། ཞེས་གསུངས་པས། བླ་མའི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་དང༌། ལས་ཀྱི་རྡོ་རྗེའི་བྱ་བ་རྣམས་རང་རང་གི་ལས་ཐམས་ཅད་པའི་ཁྲོ་བོ་དང༌། སློབ་མའི་བྱ་བ་རྣམས་རང་གིས་བྱས་པར་བསྒོམས་ལ། སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་རང་གིས་ཀྱང་བླང་བར་བྱའོ། །གསུམ་པ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བའོ། །དང་པོ་ནི། སྤྱི་རྒྱུད་ནས། བློ་དང་ལྡན་པས་ཆོ་ག་འདིས། །སློབ་མ་རྣམས་ལ་ལེགས་པར་བཤད། །ཅེས་པས། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་ཁྲུས་བྱས་ནང་དུ་བཅུག་པས་ཡོན་ཕུལ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་སྔགས་ཀྱི་སྤྱོད་པ་བསྒྲུབ་པ་ལ་ཡང་དག་པར་ཞུགས་པ་དང༌། འཇིག་རྟེན་པ་ཐམས་ཅད་ལས་ཤིན་ཏུ་འདས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་གསང་ཆེན་དུ་ཡང་དག་པར་ཞུགས་པ་དང༌། ཆོས་ཀྱི་རྒྱལ་སྲིད་དང་བཅས་པའི་སངས་རྒྱས་ཉིད་དུ་ལྷག་པར་འགྱུར་བར་སློབ་དཔོན་གྱིས་སྤྲོ་བར་མཛོད་ཅིག ཅེས་འཇམ་དཔལ་རྩ་རྒྱུད་ནས་འབྱུང་བའི་ཚིག་གིས་གསོལ་གདབ་དེ་ནས་སྲུང་འཁོར་ལྟར་ཕྱོགས་དང་མཚམས་དང་དཀྱིལ་འཁོར་བཅིང་བ་བྱ། རྡོ་རྗེ་གོ་ཆའི་སྔགས་རྒྱས་གོ་བཀོན་ཅིང་བསྲུང་བ་རྣམས་སྤྱི་རྒྱུད་ན་མི་གསལ་ཡང༌། ཆོ་ག་ཞིབ་མོར་འབྱུང་བས་ཁ་བསྐང༌། དེ་ནས་སྤྱི་རྒྱུད་ལས། སློབ་མ་རེ་རེ་ནས་དགུག་སྟེ། །བསང་གཏོར་སྔ་མ་བཞིན་བྱས་ནས། །བྱུག་སྤོས་ལ་སོགས་བྱིན་ནས་སུ། །སྙིང་པོ་མངོན་པར་བསྔགས་ནས་ནི། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །བཏགས་པའི་གོས་ཀྱིས་གདོང་གཡོགས་ཏེ། །སྔར་བསྟན་པ་ཡི་ཕྱག་རྒྱ་ལ། །མེ་ཏོག་དག་ནི་བཞག་ནས་སུ། །ཞེས་པས། སློབ་མ་རྣམས་ལས་བུམ་གྱིས་བསང་གཏོར་བྱ། ལས་ཐམས་ཅད་པ་བསྔགས་པས་གདོང་གཡོགས་བཅིང༌། རིགས་སོ་སོའི་གཙོ་བོའི་ཕྱག་རྒྱ་འཆིང་དུ་བཅུག་ལ། དེར་མེ་ཏོག་གི་ཕྲེང་བ་སྦྱིན། དེ་ནས་རྒྱུན་བཤགས་བྱ་བ་བླ་མ་རྣམས་བཞེད་པས། དེ་ལྟར་བྱ་ཞིང༌། ཆོ་ག་ཞིབ་མོར་དཀྱིལ་འཁོར་དུ་འཇུག་པ་ནི། ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་བྱ་བ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། དམ་ཚིག་ལ་རབ་ཏུ་འདུག་པ་ལ་ཤར་གྱི་སྒོ་རུ་ཕྱག་བྱས་ནས། །དཀྱིལ་འཁོར་མཆོག་ལ་བསྐོར་བ་བྱས་ཏེ། །སྒོ་དང་སྒོ་རུ་ཕྱག་བྱ་ཞིང༌། །ཤར་གྱི་སྒོ་རུ་འཇུག་པར་བྱའོ། །ཞེས་གསུངས་པ་བཞིན་དུ། ཕྱག་དང་བསྐོར་བ་དང༌། སླར་ཡང་ཤར་སྒོ་ནས་ཕྱག་བྱ་བ་རྣམས་ཁ་བསྐང༌། དེ་ནས་འཇུག་སྒོའི་བུམ་ཆུའི་གཙོ་བོའི་སྔགས་ཀྱིས་ཆུ་དབང་བསྐུར་ལ། འཐུང་དུ་གཞུག འདི་ཡང་ཆོ་ག་ཞིབ་མོ་ལས། དེ་ནས་འཇུག་པའི་སྒོར། ཙནྡན་དང༌། གུར་གུམ་དང༌། གླ་རྩི་དང༌། ག་པུར་གྱིས་བསྒོས་པའི་ཆུས་བུམ་པ་བཀང་ལ། རས་དཀར་པོས་དཀྲིས་ཤིང་རྒྱན་གྱིས་བརྒྱན་པ་རིན་པོ་ཆེ་སྣ་བདུན་ཅན་རྟག་ཏུ་གཞག་པར་བྱའོ། །ཞེས་དང༌། ཇི་སྲིད་འཇུག་གི་བར་དུ་སློབ་མ་བསྲུང་བ་བྱས་ལ་དེ་ནས་དོན་ཡོད་པའི་སྙིང་པོ་བཟླས་བརྗོད་བྱ་ཞིང༌། དོན་ཡོད་པའི་ཁྲོ་བོས་དབང་བསྐུར་བར་བྱའོ། །དབང་བསྐུར་བ་ཙམ་གྱིས་ཀྱང་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་འགྱུར་རོ། །ཞེས་གསུངས་པས། ཁྲོ་བོའི་དཀྱིལ་འཁོར་གྱི་སྐབས་སུ་ཁྲོ་བོའི་འཇུག་སྒོའི་དབང་བསྐུར་བར་གསུངས་པས་འདིར་ཡང་གཙོ་བོའི་བུམ་པས་དབང་བསྐུར་བར་གྲུབ་བོ། །ཞེས་མཁས་པ་དག་གསུངས་ཏེ། ཕྱིའི་འཇུག་པའོ། །དེ་ནས་དཀྱིལ་འཁོར་བདག་པོའི་སྔགས། །ཕྱག་རྒྱར་བཅས་པ་སྤྱི་བོར་བཞག །གསང་སྔགས་ལན་གསུམ་བཟླས་བྱས་ནས། །ཉིད་ཀྱིས་བདེན་པའི་བྱིན་རླབས་གསོལ། །འདི་ལྟར་བདག་གི་སློབ་མ་འདི། །ཞེས་སོགས་གསུངས་པས་སློབ་མའི་སྤྱི་བོར་གཙོ་བོའི་ཕྱག་རྒྱ་བཅིངས་པ་བཞག་ལ། དེའི་སྔགས་ལན་གསུམ་དང་བདེན་པའི་སྟོབས་བརྗོད་དོ། །དེ་ནས་དཔུང་བཟང་ལས། ཇི་ལྟ་ཇི་ལྟར་དཀྱིལ་འཁོར་མཐོང་བ་དང༌། །དེ་ལྟ་དེ་ལྟར་རྡོ་རྗེའི་རིགས་བསྟན་དང༌། །རིག་པའི་ཚོགས་ལ་བརྟེན་པའི་བསོད་ནམས་ཀྱིས། །དེ་ཡི་ལུས་ལ་བྱིན་རླབས་མ་ལུས་འཇུག །ཅེས་དང༌། དེའི་ཚིག་འགྲེལ་ལས། དེ་ཡི་ལུས་ལ་བྱིན་རླབས་མ་ལུས་འཇུག །ཅེས་པ་ནི། དཀྱིལ་འཁོར་དུ་ཞུགས་པའི་དུས་ན་མིག་གི་སྤྱོད་ཡུལ་དུ་མ་གྱུར་གྱིས་ཀྱང༌། ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་རྣམས་ལས་གསང་སྔགས་ཀྱི་བྱིན་རླབས་ཀྱིས་འོད་ཟེར་འབྱུང་སྟེ། དེ་དག་སྒྲུབ་པ་པོའི་ལུས་ལ་འཇུག་ཅེས་པའི་ཐ་ཚིག་གོ །ཞེས་གསུངས་པས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀའམ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱག་མཚན་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་སྟེ་སློབ་མའི་སྙིང་གར་ཐིམ་པས། བྱིན་གྱིས་བརླབས་པར་བསམས་ཏེ། འདི་ནི་རྒྱུད་སྡེ་གཞན་ལས་ཡེ་ཤེས་དབབ་པར་གསུངས་པ་དང་དོན་གཅིག་གོ །དེ་ནས་སྒོ་ཡི་ཕྱོགས་སུ་དེ། །བཞག་སྟེ་མེ་ཏོག་དོར་དུ་གཞུག །གང་དུ་མེ་ཏོག་བབ་གྱུར་པ། །དེ་ནི་དེ་ཡི་རིགས་སུ་གསུང༌། །དེ་ནས་གདོང་གཡོགས་བཀྲོལ་ནས་ནི། །དཀྱིལ་འཁོར་བཟང་པོ་བསྟན་པར་བྱ། །ཞེས་པས་ལག་པ་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་གི་ཕྲེང་བ་བཟུང་ལ་དཀྱིལ་འཁོར་དུ་གཏོར། དེ་ནས་གདོང་གཡོགས་བཀྲོལ་ཏེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཞེས་པ་ནས། གསང་སྔགས་དག་ལ་བརྩོན་པར་གྱིས། །ཞེས་པའི་བར་བསྒོ་ཞིང་དཀྱིལ་འཁོར་བལྟར་བཅུག་གོ །དེ་ནས་སློབ་མ་བདག་ཉིད་ཀྱིས། །མེ་ཏོག་སྙིམ་པ་བཀང་ནས་ནི། །རིགས་གསུམ་དག་ལ་བསྔོས་ནས་སུ། །ཕྱག་འཚལ་ལན་གསུམ་དོར་བར་བྱ། །དེ་ནས་དེ་ཚེ་སློབ་དཔོན་གྱིས། །དཀྱིལ་འཁོར་དེ་ནི་རང་སྔགས་སམ། །སྙིང་པོ་བཞིན་བྱས་དེས་ཀྱང་དེ། །མནོས་ནས་དཀྱིལ་འཁོར་གཉིས་པ་བཟླས། །དངོས་གྲུབ་རབ་འབྲིང་རྣམ་གསུམ་ནི། །མེ་ཏོག་བབ་པ་ལས་བརྟགས་ཏེ། །ཅེས་པས། སླར་ཡང་སློབ་མས་མེ་ཏོག་སྙིམ་པ་བཀང་ལ་ཕྱག་འཚལ་ལ་དོར་རོ། །ལན་གསུམ་ཞེས་པའི་དོན་རིགས་གསུམ་སྤྱིའི་དཀྱིལ་འཁོར་གྱི་དབང་དུ་             རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*