མངོན་སུམ་ལེའུ་བཞུགས། ཀ༽

༄༅། །མངོན་སུམ་ལེའུ་བཞུགས།།

གསུམ་པ་སྐབས་སུ་བབ་པའི་ལེའུ་ལྷག་མར་ལུས་པ་གཉིས་པོ་བཤད་པ་ལ་གཉིས་ཏེ། མངོན་སུམ་ཚད་མ་བཤད་པ་དང་། གཞན་དོན་རྗེས་དཔག་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐོག་མར་འབྲེལ་གྱི་མཚམས་སྦྱར་བསྟན། བར་དུ་ལེའུ་གཞུང་ཉིད་བཤད། ཐ་མར་མཚན་གྱིས་མཇུག་སྡུད་བསྟན་པའོ། །དང་པོ་ལ་ལྷའི་འགྲེལ་པར། སློབ་དཔོན་གྱི་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་བཤད་པའི་རྒྱུ་རྗེས་སུ་དཔག་པ་སྔར་རྣམ་པར་བཞག་པ་དང་། སློབ་དཔོན་གྱིས་གསུངས་པ་བསྟན་བཅོས་ཀྱི་དང་པོ་ཕྱག་འཚལ་བའི་ཚིགས་སུ་བཅད་པ་ཕྱེད་འོག་མ་རྟོགས་སླ་བ་ཉིད་ཀྱི་ཕྱིར་ཕྱེད་གོང་མ་ཉིད་ཀྱི་བཤད་པ་ཡོངས་སུ་རྫོགས་པར་མཛད་ནས། ད་ནི་ཚད་མའི་མཚན་ཉིད་ཀྱི་བཤད་པ་མཛད་པའི་ཕྱིར་གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་ལ་སོགས་པས་བརྩམས་པ་ཡིན་ནོ་ཞེས་གསུངས་པའི་དོན་ལ་བོད་དག ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་ཀུན་ལས་བཏུས་སྤྱི་ལ་བྱས་ནས་དེ་འཆད་པའི་རྒྱུ་རང་དོན་རྗེས་དཔག་དང་ཀུན་ལས་བཏུས་ཀྱི་མཆོད་བརྗོད་ཀྱི་འགྲེལ་པ་ཡིན་པས་ཚད་མ་གྲུབ་པའང་བཤད་ཟིན་ནས་ད་ནི་ཚད་མའི་མཚན་ཉིད་བཤད་པའི་ཕྱིར་མངོན་སུམ་ལེའུ་འཆད་ཅེས་འདོད་པ་ནི་ནང་འགལ་ཏེ། འདིའི་མངོན་སུམ་ལེའུ་མན་ཆད་ལ་མདོའི་ལེའུ་གཉིས་ཀྱི་རྣམ་འགྲེལ་ལས་མེད་པའི་ཕྱིར་དང་། རང་དོན་རྗེས་དཔག་འཆད་པའི་རྒྱུར་ཡང་རང་དོན་རྗེས་དཔག་འཆད་རིགས་པར་ཐལ་བའི་ཕྱིར་རོ། །དེས་ན་ལྷའི་དགོངས་པ་ནི་སློབ་དཔོན་གྱི་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་ནི་མདོའི་མངོན་སུམ་གྱི་ལེའུ་ཡིན་པས་དེ་འཆད་པའི་རྒྱུ་རང་དོན་རྗེས་དཔག་དང་། མདོའི་མཆོད་བརྗོད་ཀྱི་འགྲེལ་པ་ཡིན་པས་ཚད་མ་གྲུབ་པའི་ལེའུ་བཤད་ཟིན་ནས་ད་ནི་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་མདོའི་མངོན་སུམ་གྱི་ལེའུ་འཆད་ཅེས་པ་སྟེ། འདིར་ལོག་རྟོག་རྣམ་བཞི་བསལ་བའི་སྒོ་ནས་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་འཆད་པར་གསུངས་ཤིང་། དེ་ཡང་མངོན་སུམ་གྱི་ལེའུ་ཉིད་ཀྱིས་རྫོགས་པའི་ཕྱིར་རོ། །ཅིའི་ཕྱིར་མངོན་སུམ་གྱི་ལེའུ་ལ་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་ཞེས་སྨོས་ཤེ་ན། གྲངས་སོགས་བཞི་བསྟན་པས་ཚད་མའི་མཚན་ཉིད་རྣམ་དག་ཏུ་རྟོགས་པར་བྱེད་པའི་ཕྱིར་ཏེ། འགྲེལ་པར། གལ་ཏེ་ཚད་མའི་མཚན་ཉིད་སྟོན་པར་བྱེད་པ་ལ་གྲངས་ལ་སོགས་པ་སྟོན་པ་དོན་མེད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་ནི་མཚན་ཉིད་རྣམ་པར་དག་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་གསུངས་པས་སོ། །འོ་ན་རྣམ་ངེས་ལས་ཀྱང་མངོན་སུམ་ལེའུ་ཐོག་མར་རང་དོན་རྗེས་དཔག་ཅིའི་ཕྱིར་མི་འཆད་ཅེ་ན། དེ་ནི་འགྲེལ་པ་མཁན་པོ་ཉིད་ལ་དྲི་བར་བྱ་བའི་ཁོ་བོ་ནི་ཚད་མ་གྲུབ་པའི་ལེའུ་དང་སྦྱོར་བས་སྐྱོན་དེ་དག་མི་གནས་པའི་ཚུལ་ལེའུ་དང་པོར་བཤད་ཟིན་ཏོ། །གཉིས་པ་ལ་གཉིས་ཏེ། མཐའ་དཔྱད་པ་དང་། གཞུང་གི་དོན་ནོ། །དང་པོ་ནི། ལྷའི་འགྲེལ་པར་ཚད་མ་དང་དེའི་མཚན་ཉིད་ཀྱི་བསྟན་བཅོས་དག་ལ་ལོག་པར་རྟོག་པ་རྣམ་པ་བཞི་མཐོང་སྟེ། འདི་ལྟ་སྟེ། གྲངས་ལ་ལོག་པར་རྟོག་པ་དང་། མཚན་ཉིད་ལ་ལོག་པར་རྟོག་པ་དང་། སྤྱོད་ཡུལ་ལ་ལོག་པར་རྟོག་པ་དང་། འབྲས་བུ་ལ་ལོག་པར་རྟོག་པའོ་ཞེས་གསུངས་པའི་དོན་ལ་སྔ་མ་ཁ་ཅིག གྲངས་དང་སྤྱོད་ཡུལ་ལ་ལོག་རྟོག་དགག་པ་ཞེས་སྤྱོད་ཡུལ་དང་པོ་ཁོ་ན་ལ་སྦྱོར་བ་མི་འཐད་དེ། དེ་ལྟར་ན་འགྲེལ་པར་ཡང་མཚན་ཉིད་ལ་ལོག་པར་རྟོག་པའི་གོང་དུ་འབྱུང་རིགས་པར་ཐལ་བའི་ཕྱིར་དང་། མངོན་སུམ་རྟོག་དང་བྲལ་བར་ནི། །ཞེས་པའི་སྔ་འགྲེལ་དུ། དེ་ལྟར་གྲངས་ལ་ལོག་པར་རྟོག་པ་བསལ་ནས་ངོ་བོ་ལ་ལོག་པར་རྟོག་པ་སེལ་བ་ནི་ཞེས་པ་དང་ཡང་འགལ་བའི་ཕྱིར་རོ། །ཁ་ཅིག སྒྲ་ཇི་བཞིན་དུ་ས་བཅད་བཞིར་བྱས་ནས་སྤྱོད་ཡུལ་ལ་ལོག་པར་རྟོག་པ་བསལ་བ། བསགས་པ་དག་ནི་ཚོགས་པ་ཡིན། །ཞེས་པ་མན་ཆད་ཀྱིས་སྟོན་པར་འདོད་པ་ཡང་མི་འཐད་དེ། དབང་མངོན་གྱི་གཞུང་ཕྱེད་ཀྱིས་མཚན་ཉིད་ལ་ལོག་རྟོག་བསལ་བ་དང་། དེའི་ཕྱེད་དང་མངོན་སུམ་ལྷག་མ་གསུམ་གྱིས་གཞུང་གིས་སྤྱོད་ཡུལ་ལ་ལོག་རྟོག་བསལ་བའི་ཁྱད་པར་ནི་གང་གིས་ཀྱང་བསྒྲུབ་མི་ནུས་པའི་ཕྱིར་རོ། །དེས་ན་ལྷའི་དགོངས་པ་ནི་སྤྱོད་ཡུལ་ལ་ལོག་རྟོག་བསལ་བ་སྔ་མ་གཉིས་ཀྱི་ཐུན་མོང་བ་ཡིན་པའི་དབང་དུ་བྱས་ནས་གསུམ་པར་གསུངས་པ་སྟེ། གྲངས་ཀྱི་སྐབས་སུ་གཞལ་བྱ་གཉིས་སུ་ངེས་པར་བསྒྲུབ་ཅིང་གྲངས་གཞན་འགོག་པ་རྣམས་དང་། མཚན་ཉིད་ལ་དབང་མངོན་གྱི་སྐབས་སུ་ཚོགས་སྤྱི་དང་ལྡོག་པ་དུ་མ་དབང་མངོན་གྱི་ཡུལ་ཡིན་པ་བཀག་པ་དང་། ཡིད་མངོན་གྱི་སྐབས་སུ་དེ་མ་ཐག་རྐྱེན་དབང་མངོན་གྱི་གཟུང་དོན་ཡིད་མངོན་གྱི་ཡུལ་ཡིན་པ་བཀག་པ་དང་། རང་རིག་གི་སྐབས་སུ་བདེ་སོགས་བེམ་པོ་ཡིན་པ་བཀག་པ་དང་། རྣལ་འབྱོར་མངོན་སུམ་གྱི་སྐབས་སུ་ཡང་དག་མ་ཡིན་པའི་དོན་རྣལ་འབྱོར་མངོན་སུམ་གྱི་ཡུལ་ཡིན་པ་བཀག་པ་རྣམས་ནི་སྤྱོད་ཡུལ་ལ་ལོག་རྟོག་བསལ་བ་ཡིན་པའི་ཕྱིར་རོ། །འོན་ཀྱང་རིགས་གཏེར་ལས། ཚད་མ་གཉིས་སུ་གྲངས་ངེས་པར་བསྒྲུབ་པའི་སྐབས་ཀྱི་གཞུང་རྣམས་ཚད་མ་སྤྱིའི་ཐུན་མོང་གི་ཆོས་ཡིན་པ་ལ་དགོངས་ནས་མཚན་ཉིད་བརྟག་པའི་རབ་བྱེད་ཀྱི་སྐབས་སུ་བཤད་པ་ཉིད་ལེགས་པས་དེའི་ལུགས་སུ་བྱས་ནས་འཆད་པར་བྱའོ། །གཉིས་པ་ལ་གཉིས་ཏེ། ཚད་མ་གཉིས་ཀྱི་སྤྱི་ཡི་རྣམ་གཞག་བསྟན། །སྐབས་ཀྱི་བརྗོད་བྱ་མངོན་སུམ་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། ཚད་མ་གཉིས་སུ་ངེས་པར་བསྒྲུབ། །གྲངས་གཞན་འདོད་པའི་ལོག་རྟོག་དགག་པའོ། །དང་པོ་ལ་གསུམ་སྟེ། གཉིས་སུ་ངེས་པའི་སྒྲུབ་བྱེད་དགོད། །སྒྲུབ་བྱེད་དེ་ཡི་ཚུལ་གསུམ་བསྒྲུབ། །ཚུལ་དེས་གྲངས་གཞན་སེལ་བར་བསྟན་པའོ། །དང་པོ་ནི་མདོར། མངོན་སུམ་དང་ནི་རྗེས་སུ་དཔག ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་པའི་དོན་འཆད་དེ། སྔར་བཤད་པའི་མཚན་ཉིད་ཅན་གྱི་ཚད་མ་ཆོས་ཅན། འཇུག་ཚུལ་གྱི་སྒོ་ནས་མངོན་སུམ་དང་རྗེས་དཔག་གཉིས་སུ་ངེས་ཏེ། འཇུག་ཚུལ་གྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། གཞལ་བྱ་གཉིས་སུ་ངེས་པའི་སྒྲུབ་བྱེད་དགོད། །བསྒྲུབ་བྱ་གཞལ་བྱ་གཉིས་ཀྱི་རང་བཞིན་བཤད་པའོ། །དང་པོ་ནི། གལ་ཏེ་གཞལ་བྱ་གཉིས་སུ་ངེས་པར་མ་གྲུབ་སྟེ། ཨུཏྤལ་སྔོན་པོ་སོགས་རང་སྤྱི་གཉིས་ཀ་ཡིན་པ་ཡང་ཡོད་པའི་ཕྱིར་རོ་ཞེ་ན། ཚད་མའི་འཇུག་ཚུལ་གྱི་གཞལ་བྱ་ཆོས་ཅན། གཉིས་ཡིན་གྱི་ཕུང་གསུམ་སེལ་ཏེ། དོན་བྱེད་ནུས་པ་དང་མི་ནུས་པ་གཉིས་སུ་གྲངས་ངེས་པའི་ཕྱིར། གལ་ཏེ་དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་དང་ཟླ་གཉིས་སོགས་རང་སྤྱི་གཉིས་ཀ་མ་ཡིན་པའི་གཞལ་བྱར་འགྱུར་ཏེ། དོན་བྱེད་མི་ནུས་པས་རང་མཚན་ནི་མ་ཡིན་ཞིང་། གསལ་བར་སྣང་ཞིང་རྗེས་འགྲོ་མེད་པས་སྤྱི་མཚན་ཡང་མ་ཡིན་པའི་ཕྱིར་ཞེ་ན། དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་དང་ཟླ་གཉིས་ལ་སོགས་པ་ནི་ཆོས་ཅན། རང་སྣང་བའི་དབང་ཤེས་དེས་གཞལ་བའི་དོན་མིན་ཏེ། རང་སྣང་བའི་དབང་ཤེས་དེས་གཞལ་བའི་དོན་དུ་དབང་ཤེས་དེས་དྲངས་པའི་ངེས་པས་མོས་པ་སྟེ་ཞེན་པ་མེད་པའི་ཕྱིར་རོ། །དེས་ན་ཚད་མའི་འཇུག་ཚུལ་གྱི་གཞལ་བྱ་ཆོས་ཅན། རང་སྤྱི་གཉིས་སུ་གྲངས་ངེས་ཏེ། ཡུལ་དུས་རང་བཞིན་འདྲ་བ་སྟེ་ཐུན་མོང་བ་དང་མི་འདྲ་བ་སྟེ་ཐུན་མོང་མ་ཡིན་པ་གཉིས་ཉིད་དུ་ངེས་པའི་ཕྱིར་དང་། སྒྲའི་དངོས་ཡུལ་ཡིན་པ་དང་དངོས་ཡུལ་མིན་པ་གཉིས་སུ་ངེས་པའི་ཕྱིར་དང་། ཡུལ་ལས་རྒྱུ་མཚན་གཞན་ཡིད་ལ་བྱེད་པ་དང་བརྡ་འཛིན་པ་སོགས་ནི་ཡོད་པ་ན་བློ་ནི་ཡོད་པའི་སྣང་ཡུལ་དང་། བརྡ་འཛིན་སོགས་ཡོད་ཀྱང་སྣང་ཡུལ་གྱི་དོན་མེད་ན་མེད་པའི་བློའི་སྣང་ཡུལ་གཉིས་སུ་གྲངས་ངེས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། འཇུག་ཚུལ་སྒོ་ནས་གཞལ་བྱ་གཉིས་སུ་བསྟན། །འཇུག་ཡུལ་གཞལ་བྱ་རང་མཚན་གཅིག་ཏུ་བསྡུ། །དེ་ལ་གཉིས་སུ་གསུངས་དང་འགལ་བ་སྤང་བའོ། །དང་པོ་ལ་གསུམ་སྟེ། སྔར་བཤད་ཕྱོགས་གཉིས་མཚན་གཞིར་བསྟན། །མཚན་ཉིད་དངོས་པོར་ཡོད་མེད་བཤད། །སྤྱི་མཚན་ཉིད་ཀྱི་དབྱེ་བ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མཚན་གཞི་དངོས། རྩོད་པ་སྤོང་བའོ། །དང་པོ་ནི། གཞལ་བྱ་གཉིས་ཕྱིར་ཞེས་གསུངས་པའི་གཞལ་བྱ་གཉིས་ཀྱི་མཚན་གཞི་གང་ཞེ་ན། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཆོས་ཅན། ཁྱོད་ཀྱི་མཚན་གཞི་ཡོད་དེ། གཞལ་བྱ་གང་ཞིག་དོན་དམ་པར་དོན་བྱེད་པ་སྟེ་འབྲས་བུ་བསྐྱེད་ནུས་པ་དང་། ཐུན་མོང་མ་ཡིན་པའི་དངོས་པོ་དང་། སྒྲའི་དངོས་ཡུལ་མ་ཡིན་པ་དང་། ཡུལ་གྱི་རྗེས་སུ་བྱེད་པའི་བློའི་སྣང་ཡུལ་གང་ཡིན་པ་དེ་གཞུང་འདིར་དོན་དམ་པར་ཡོད་པ་ཡིན་ཅིང་། དོན་དམ་པར་དོན་བྱེད་མི་ནུས་པ་ལ་སོགས་པ་གཞན་ནི་འདིར་ཀུན་རྫོབ་ཏུ་ཡོད་པ་སྟེ་དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་ཡོད་པ་དེ་དག་ནི་རིམ་པ་ལྟར་ཁྱོད་ཀྱི་མཚན་གཞིར་བཤད་པའི་ཕྱིར། འདིར་ཞེས་པའི་དོན་ནི་མདོ་སྡེ་པའི་ལུགས་ཀྱི་བདེན་པ་གཉིས་ཀའི་རྣམ་བཞག་སྟོན་པ་སྟེ། ཡ་མཱ་རིས་ཞར་ལ་ཐེག་པ་ཐ་ཤལ་གྱི་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་བསྟན་པའི་ཕྱིར་ཞེས་གསུངས་པས་སོ། །དེས་ན་གཞུང་འདིས་རང་སྤྱི་གཉིས་ཀྱི་མཚན་གཞི་དང་། བདེན་པ་གཉིས་ཀྱི་མཚན་ཉིད་སྟོན་པ་ཡིན་གྱི། གཞུང་སྔ་མའི་ཁྱབ་སྒྲུབ་དང་། རང་སྤྱི་གཉིས་ཀྱི་མཚན་ཉིད་སྟོན་པ་ལ་སྦྱོར་བ་ནི་སྐབས་ཀྱི་དོན་མ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། མཚན་གཞི་དང་པོའི་རྩོད་པ་སྤོང་། །མཚན་གཞི་གཉིས་ཀའི་རྩོད་པ་སྤང་། །མཚན་གཞི་ཕྱི་མའི་རྩོད་པ་སྤང་བའོ། །དང་པོ་ནི། ངོ་བོ་ཉིད་མེད་པར་སྨྲ་བ་ན་རེ། དོན་དམ་པར་དོན་བྱེད་ནུས་པ་དེ་རང་མཚན་གྱི་མཚན་གཞིར་མི་འཐད་དེ། གལ་ཏེ་ཤེས་པ་ཐམས་ཅད་ལ་དོན་དམ་པར་དོན་བྱེད་ནུས་པ་མེད་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། ས་བོན་དང་མེ་ལ་སོགས་པ་ནི་མྱུ་གུ་དང་དུ་བ་ལ་སོགས་པ་སྐྱེད་པ་ལ་ནུས་པ་མཐོང་བའི་ཕྱིར། གལ་ཏེ་དེ་ལྟར་མཐོང་བ་དེ་ཀུན་རྫོབ་ཙམ་དུ་སྐྱེ་བར་འདོད་པ་ཡིན་གྱི། དོན་དམ་པར་མ་ཡིན་པས་དེ་མཚན་ཉིད་དུ་བྱས་ན་ཁྱབ་ཆེས་ལ། དོན་དམ་དུ་སྐྱེ་བ་མཚན་ཉིད་དུ་བྱས་ན་མི་སྲིད་དོ་ཞེ་ན། ཀུན་རྫོབ་དང་དོན་དམ་གང་ཡིན་ཡང་རུང་། དོན་བྱེད་ནུས་པར་ཚད་མས་མཐོང་བ་དེ་མཚན་ཉིད་དུ་བྱེད་ལ། དེ་ལ་ཀུན་རྫོབ་ཏུ་མིང་འདོགས་ན་ཅི་སྟེ་མིང་ལ་རྩོད་པ་དེ་ལྟར་འགྱུར་ཏེ། ངེད་དོན་བྱེད་ནུས་པ་དེ་ཉིད་ལ་དོན་དམ་ཞེས་ཟེར་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དོན་བྱེད་ནུས་པ་རང་མཚན་དང་། དོན་བྱེད་མི་ནུས་པ་སྤྱི་མཚན་གྱི་མཚན་གཞིར་མི་འཐད་དེ། རང་སྤྱི་ཀུན་ལ་དོན་དམ་པར་དོན་བྱེད་ནུས་པ་དེ་ཡོད་པའི་ཕྱིར་རོ་ཞེ་ན། སྤྱིའི་མཚན་ཉིད་ཆོས་ཅན། སྤྱི་འཛིན་གྱི་བློ་ལ་ཕན་འདོགས་པ་མིན་ཏེ། སྤྱི་འཛིན་གྱི་བློ་དེ་ཁྱོད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་མ་མཐོང་བའི་ཕྱིར། ཅི་དང་འདྲ་བར་མ་མཐོང་ཞེ་ན། མིག་དང་། གཟུགས་དང་། ཡིད་ལ་བྱེད་པ་སོགས་ཀྱི་རྗེས་སུ་མིག་བློ་བྱེད་པ་དེ་བཞིན་དུ་མ་མཐོང་ངོ་། །སྤྱི་འཛིན་སྤྱི་ལས་མི་སྐྱེ་བར་བཤད་པའི་རིགས་པ་དེ་ནི་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། བྱེ་བྲག་པས་བཏགས་པའི་ཡན་ལག་ཅན་གྱི་རྫས་བུམ་པ་ལྟ་བུ་དང་། འདོགས་པ་སྟེ་ལས་དང་། བུམ་པ་ཉིད་ལ་སོགས་པའི་སྤྱི་དང་ནི། གཉིས་གསུམ་ལ་སོགས་པའི་གྲངས་དང་། སོགས་པ་བྱེ་བྲག་དང་། འདུ་བ་སྟེ་ཚིག་གི་དོན་དྲུག་འཛིན་པའི་བློ་ནི་རྫས་སོགས་ལས་མི་སྐྱེ་སྟེ། རྫས་སོགས་ཀྱི་རྗེས་སུ་མི་བྱེད་པའི་ཕྱིར་ཞེས་བཤད་པ་ཡིན་པའི་ཕྱིར། གང་ལས་སྐྱེ་ན་རྫས་སོགས་འཛིན་པའི་རྟོག་བློ་ཆོས་ཅན། རྒྱུ་ཡོད་དེ། བརྡ་ཤེས་པ་དྲན་པ་དང་། ཡིད་ཀྱི་རྩོལ་བ་སོགས་ནང་གི་ཡན་ལག་ཁོ་ནའི་རྗེས་སུ་འཇུག་པའི་ཕྱིར་རོ། །གསུམ་པ་ལ་བཞི་སྟེ། སྐྲ་སོགས་སྤྱི་མཚན་ཡིན་པ་སྤོང་། །དངོས་པོ་མེད་ལ་མཚུངས་པ་སྤོང་། །སྐྲ་སྣང་རང་སྤྱིར་འགྱུར་ཚུལ་བཤད། །རང་མཚན་ཉིད་ལ་རྩོད་པ་སྤོང་བའོ། །དང་པོ་ནི། དོན་དམ་པར་དོན་བྱེད་མི་ནུས་པ་སྤྱི་མཚན་ཡིན་ན། དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་སོགས་ཀྱང་སྤྱི་མཚན་དུ་འགྱུར་རོ་ཞེ་ན། དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་སོགས་ནི་ཆོས་ཅན། སྤྱི་མིན་ཏེ། རང་སྣང་བའི་ཤེས་པ་དེས་དོན་དུ་ཞེན་པའི་སྒོ་ནས་ཐ་སྙད་བྱེད་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་དངོས་མེད་ཀྱང་སྤྱི་མིན་པར་ཐལ། དེ་ལ་དོན་དུ་ཞེན་པ་མེད་པའི་ཕྱིར་ཞེ་ན། དངོས་པོར་མེད་པ་ལ་ཆོས་ཅན། སྤྱི་མ་ཡིན་པའི་ཉེས་པ་དག་ཏུ་ཐལ་བར་མི་འགྱུར་ཏེ། རྟོག་པས་ཤེས་བྱར་འཛིན་པའི་སྒོ་ནས་སྤྱིར་འཇོག་པའི་ཕྱིར། གསུམ་པ་ནི། འོ་ན་སྐྲ་ཤད་ཀྱང་སྤྱི་ཡིན་པར་ཐལ། རྟོག་པས་ཤེས་བྱར་ཞེན་པས་སོ་ཞེ་ན། སྐྲ་སོགས་དེ་དག་གི་ཡང་ཤེས་པ་གཞན་གྱི་སྐྲ་ཤད་སོགས་དེ་ལྟའི་དངོས་པོར་འཛིན་པའི་རྟོག་བློའི་སྣང་ཡུལ་ཆོས་ཅན། སྤྱི་མཚན་ཡིན་པ་བཀག་པ་མེད་དེ། རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། དབང་ཤེས་འཁྲུལ་པ་ལ་སྐྲ་སོགས་གསལ་བར་སྣང་བའི་རྣམ་པ་ཉིད་ཆོས་ཅན། རང་མཚན་ཡིན་ཏེ། ཤེས་པའི་ངོ་བོའི་དོན་ཉིད་ཡིན་པའི་ཕྱིར། སྐྲ་སོགས་ཞེས་བྱ་བར་དཔྱོད་པའི་རྗེས་ཀྱི་རྟོག་བློ་དག་ནི་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་རང་མཚན་མ་ཡིན་ཏེ། ཁྱོད་སྤྱིའི་སྤྱོད་ཡུལ་ཅན་གྱི་རྟོག་པ་ཡིན་པའི་ཕྱིར། སྐྲར་སྣང་བའི་དབང་ཤེས་ཆོས་ཅན། ཁྱོད་ཀྱི་གཟུང་ཡུལ་རང་སྤྱི་གང་རུང་མ་ཡིན་ཏེ། ཁྱོད་གཟུང་དོན་མེད་པ་ཅན་ཡིན་པའི་ཕྱིར། བཞི་པ་ནི། གལ་ཏེ་སྤྱི་སྟེ་རྟོག་པ་ལ་སྣང་བའི་རྣམ་པ་ནི་ཆོས་ཅན། རང་མཚན་ཡིན་པར་ཐལ་བར་འགྱུར་ཏེ། ཤེས་པའི་ངོ་བོའི་དོན་ཉིད་ཡིན་པའི་ཕྱིར་ཞེ་ན། མདོ་སྡེ་པ་ཆོས་ཅན། རྟོག་པ་ལ་སྣང་བའི་རྣམ་པ་རང་མཚན་ཡིན་པར་ཐལ་བའི་སྐྱོན་ཡོད་པ་མིན་ཏེ། རྟོག་པ་ལ་སྣང་བའི་རྣམ་པ་རང་མཚན་ཡིན་པ་དེ་ལྟར་འདོད་པའི་ཕྱིར། འོ་ན་སྤྱིར་ཇི་ལྟར་འཇོག་ཅེ་ན། རྟོག་པ་ལ་སྣང་བའི་བུམ་སོགས་ཀྱི་རྣམ་པ་ཆོས་ཅན། ཕྱི་རོལ་དོན་གྱི་ངོ་བོར་ཞེན་པ་ཉིད་ཀྱི་ཆ་སྤྱིར་འཇོག་སྟེ། ཕྱི་རོལ་དོན་གྱི་ངོ་བོར་ཞེན་པ་ཉིད་ཀྱི་ཆ་དེ་རྟོག་ངོར་བུམ་གསལ་ཀུན་ལ་ངོ་བོ་མཚུངས་པར་ཡོད་པའི་ཕྱིར་དང་། རྟོག་ངོར་དེ་བུམ་མིན་ལས་ལྡོག་པ་ལ་བརྟེན་པའི་ཕྱིར་རོ། །གཉིས་པ་མཚན་ཉིད་དངོས་པོར་ཡོད་མེད་བཤད་པ་ལ་གཉིས་ཏེ། སྤྱི་མཚན་དངོས་པོར་མེད་པར་བསྒྲུབ། །དངོས་པོ་རང་མཚན་ཉིད་དུ་བསྒྲུབ་པའོ། །དང་པོ་ལ་བརྒྱད་དེ། སྒྲ་ཡི་དངོས་ཀྱི་བརྗོད་བྱ་ཡིན་པས་བསྒྲུབ། །དེ་ཉིད་གཞན་ཉིད་བརྗོད་དུ་མེད་པས་བསྒྲུབ། །ཞིག་པ་འཛིན་དང་སྣང་ཚུལ་མཚུངས་པར་བསྒྲུབ། །ལྡོག་པ་མཚུངས་པའི་སྤྱི་ཉིད་ཡིན་པར་བསྒྲུབ། །འབྲས་བུ་ཡིན་མིན་རྣམ་པར་བརྟགས་ནས་བསྒྲུབ། །བརྡ་དྲན་ཤེས་པའི་སྣང་ཡུལ་ཡིན་པས་བསྒྲུབ། །རང་དབང་འཛིན་པའི་ཤེས་པ་མེད་པས་བསྒྲུབ། །དོན་བྱེད་ནུས་ངེས་སྟོང་བའི་རྟགས་ཀྱིས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་འགོད་དེ་ཁྱབ་པ་བསྒྲུབ། །ཁྱབ་སྒྲུབ་ཉིད་ལ་རྩོད་པ་སྤོང་བའོ། །དང་པོ་ནི། བུམ་སོགས་ཀྱི་སྤྱི་དེ་ཆོས་ཅན། དངོས་པོ་མིན་ཏེ། སྒྲས་དངོས་སུ་བརྗོད་བྱ་ཉིད་ཡིན་པའི་ཕྱིར། མ་ཁྱབ་ན་རང་མཚན་ཆོས་ཅན། ཁྱོད་སྣང་ནས་རྟོགས་པ་ལ་དབང་པོའི་ཤེས་པ་དོན་མེད་དུ་ཐལ། ཁྱོད་སྒྲ་ལས་དངོས་སུ་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། དབང་སོགས་རྐྱེན་གསུམ་པོ་འབྲས་བུ་སྟེ་དགོས་པ་དང་བཅས་པ་ཉིད་མ་ཡིན་པ་གང་ཞིག རང་མཚན་སྣང་ནས་རྟོགས་པ་ལས་དགོས་པ་གཞན་མེད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། མིང་སོགས་བརྗོད་པས་དབང་སོགས་དོན་ཡོད་སྤོང་། །སྤྱི་དངོས་བརྗོད་པས་དབང་སོགས་དོན་ཡོད་སྤོང་། །མངོན་སུམ་ཤེས་ཕྱིར་དབང་སོགས་དོན་ཡོད་སྤོང་བའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་དེ་དྲི་བ་དགོད། །དྲིས་པའི་མཐའ་གསུམ་སོ་སོར་དགག་པའོ། །དང་པོ་ནི། ཉན་ཐོས་མང་པོས་བཀུར་བ་ལ་སོགས་པ་ན་རེ། སྒྲས་དངོས་པོ་དངོས་སུ་བརྗོད་ཀྱང་དབང་སོགས་དོན་མེད་དུ་མི་འགྱུར་ཏེ། མིང་སྟེ་སྒྲའི་རྣམ་པ་དང་། སོགས་པ་མཚན་མ་སྟེ་དོན་གྱི་རྣམ་པ་གཟུགས། སེམས། སེམས་ལས་བྱུང་བ་ལས་རྫས་གཞན་པའི་ལྡན་མིན་འདུ་བྱེད་སྒྲས་དངོས་སུ་བརྗོད་ཅིང་གཟུགས་སོགས་རང་མཚན་རྟོགས་པ་ལ་དབང་སོགས་དགོས་པའི་ཕྱིར་ཞེ་ན། འོ་ན་བུམ་པ་ཞེས་པའི་སྒྲས། འཆད་པ་པོ་དང་ཉན་པ་པོའི་བློ་དང་འབྲེལ་པའི་མིང་སོགས་བརྗོད་དམ། བརྗོད་བྱ་བུམ་པ་དང་རྗེས་སུ་འབྲེལ་བ་ཅན་གྱི་མིང་སོགས་བརྗོད་དམ། མིང་སོགས་བློ་དོན་གང་དང་ཡང་འབྲེལ་པ་མེད་པ་ཅན་བརྗོད། གཉིས་པ་ལ་གསུམ་སྟེ། བློ་དང་འབྲེལ་པ་བརྗོད་པ་དགག །ཚུལ་དེས་འབྲེལ་མེད་བརྗོད་པ་ཁེགས། །དོན་དང་འབྲེལ་པ་བརྗོད་པ་དགག་པའོ། །དང་པོ་ལ་ལྔ་སྟེ། ཐལ་བ་འགོད་དེ་ཉེས་སྤོང་དགག །རང་ལ་མི་མཚུངས་རྒྱུ་མཚན་དགོད། །རྒྱུ་མཚན་དེ་ཉིད་གཞན་ལ་མེད། །ཡོད་ཀྱང་འདོད་པ་གྲུབ་མི་འགྱུར། །སྒྲུབ་བྱེད་ཤེས་ཀུན་དོན་ལྡན་དགག་པའོ། །དང་པོ་ནི། འཆད་ཉན་བྱེད་པའི་བློ་ཁོ་ན་དང་འབྲེལ་བའི་མིང་སོགས་བརྗོད་བྱའོ་ཞེ་ན། དོན་གཉེར་སྐྱེས་བུ་ཆོས་ཅན། བུམ་པ་ཞེས་པའི་སྒྲ་ལས་བུམ་པ་རང་མཚན་གྱི་དོན་ལ་འཇུག་པར་མི་འགྱུར་བར་ཐལ། བུམ་པ་ཞེས་པའི་སྒྲ་དེས་བུམ་པ་རང་མཚན་མ་བརྗོད་པའི་ཕྱིར། གལ་ཏེ་བུམ་པའི་མིང་སོགས་དང་བུམ་པ་རང་མཚན་གཉིས་ཚུལ་འདྲ་བ་ལས་གཅིག་ཏུ་འཁྲུལ་ནས་བུམ་པའི་མིང་སོགས་བརྗོད་པའི་སྒྲ་ལས་དོན་ལ་འཇུག་པར་འགྱུར་ཞེ་ན། བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ལས་དོན་ལ་འཇུག་པའི་དུས་ཀུན་ཏུ་བུམ་པའི་མིང་སོགས་ལ་བུམ་པར་འཁྲུལ་ནས་འཇུག་པ་མ་ཡིན་པར་ཐལ། ཁྱོད་ལས་དོན་ལ་འཇུག་པའི་ཚེ་བུམ་པའི་མིང་སོགས་དང་བུམ་པ་འདྲ་བ་ཙམ་གྱིས་གཅིག་ཏུ་འཁྲུལ་པའི་ཕྱིར། དཔེར་ན་མཚེ་མ་གཉིས་འདྲ་བ་ཙམ་གྱིས་འཁྲུལ་ན་ཕན་ཚུན་འཁྲུལ་པ་བཞིན་ནོ། །ཡང་བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ལས་དོན་ལ་འཇུག་པའི་ཚེ་ཡུལ་སོ་སོར་ངེས་པ་ཅན་གྱི་བུམ་པའི་མིང་སོགས་དང་བུམ་པ་ལ་གཅིག་ཏུ་འཁྲུལ་པ་མིན་པར་ཐལ། ཁྱོད་ལས་བུམ་པའི་མིང་སོགས་དང་བུམ་པ་འདྲ་བ་ཙམ་གྱིས་གཅིག་ཏུ་འཁྲུལ་བའི་ཕྱིར། དཔེར་ན་ལྷས་བྱིན་འདྲ་བ་གཉིས་ཡོད་ཀྱང་མདུན་མ་ལ་བྱིན་ཅིག་ཅེས་བརྗོད་ན་རྒྱབ་མ་ལ་མི་འཁྲུལ་པ་བཞིན་ནོ། །གཉིས་པ་ནི། སྒྲ་ལས་དོན་ལ་མི་འཇུག་པར་ཐལ་བའི་ཉེས་པ་ཁྱོད་རང་ལ་ཡང་མཚུངས་ཏེ། སྒྲས་ཤེས་པའི་རྣམ་པ་བརྗོད་ཀྱི་དོན་མ་བརྗོད་པའི་ཕྱིར་ཞེ་ན། རྟོག་པའི་ཤེས་པ་ལ་སྣང་བའི་རྣམ་པ་ཆོས་ཅན། ཁྱོད་བརྗོད་བྱར་འདོད་པ་ལ་སྒྲས་ཕྱི་རོལ་གྱི་དོན་མ་བརྗོད་པའི་སྒོ་ནས་ཕྱི་རོལ་གྱི་དོན་ལ་མི་འཇུག་པར་ཐལ་བ་མཚུངས་པ་མིན་ཏེ། ཁྱོད་དང་ཕྱི་རོལ་གྱི་དོན་གཅིག་ཏུ་རློམ་པའི་སྒོ་ནས་སྒྲས་བརྗོད་པ་ན། རྣམ་པ་དེ་ངོ་བོ་ཉིད་ཀྱིས་ཕྱི་རོལ་དེ་འདྲ་བར་སྣང་བའི་བློ་སྐྱེ་ཞིང་དེ་ལས་དོན་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། གཞན་མིང་སོགས་བརྗོད་བྱར་འདོད་པ་ལ་ཆོས་ཅན། སྒྲ་ལས་དོན་ལ་འཇུག་པའི་རྒྱུ་མཚན་བློའི་རྣམ་པ་ལ་དོན་དུ་འཁྲུལ་པ་དེ་མེད་པར་ཐལ་ཏེ། ཕྱི་རོལ་དོན་གྱི་རྣམ་པ་ཅན་དུ་སྣང་བ་ཡི་བློ་ནི་ཁས་ལེན་པ་མེད་པའི་ཕྱིར་རོ། །བཞི་པ་ནི། གལ་ཏེ་མིང་སོགས་ལ་དོན་དུ་ཞེན་པའི་རྣམ་ཤེས་དེ་ཁས་ལེན་ན་ཡང་མིང་སོགས་འཛིན་པའི་རྣམ་ཤེས་ཆོས་ཅན། ཁྱོད་ལས་རྫས་གཞན་ཐ་དད་པའི་མིང་སོགས་ནི་ཁྱོད་ཀྱི་གཟུང་དོན་དུ་ཚད་མས་གྲུབ་པ་ཅན་མ་ཡིན་པར་ཐལ། ཁྱོད་ལས་རྫས་ཐ་དད་པའི་མིང་སོགས་ལོག་པའི་སྟོབས་ཀྱིས་ཁྱོད་ལྡོག་པ་གྲུབ་པ་མེད་པའི་ཕྱིར་རོ། །ལྔ་པ་ནི། གལ་ཏེ་ཤེས་པ་ཀུན་གཟུང་དོན་དང་ལྡན་པར་ངེས་པའི་ཕྱིར་ན། མིང་སོགས་འཛིན་པའི་རྣམ་ཤེས་དེ་ཡང་མིང་སོགས་ཀྱི་གཟུང་དོན་དང་ལྡན་པར་གྲུབ་སྟེ། གཟུགས་སོགས་རང་མཚན་པའི་དོན་ལྡན་དུ་མི་འཐད་པའི་ཕྱིར་ཞེ་ན། ཤེས་པ་ཡིན་ན་གཟུང་དོན་དང་ལྡན་པས་ཁྱབ་པ་དེ་འཐད་པ་མ་ཡིན་པར་ཐལ། རྨི་ལམ་གྱི་ཤེས་པ་སོགས་གཟུང་དོན་ཡོད་པ་ལས་རྣམ་པ་གཞན་དུ་མཐོང་བའི་ཕྱིར་རོ། །གལ་ཏེ་མ་གྲུབ་སྟེ། རྨི་ལམ་གྱི་ཤེས་པ་དེ་ཡང་འདུ་བྱེད་ཀྱི་དངོས་པོ་གཟུང་དོན་དུ་བྱས་པ་ལས་སྐྱེས་པའི་ཕྱིར་ཞེ་ན། རྨི་ལམ་གྱི་ཤེས་པ་ཆོས་ཅན། འདུ་བྱེད་གཟུང་དོན་དུ་བྱས་པ་ལས་ཀྱང་སྐྱེ་བ་མ་ཡིན་ཏེ་སྔོན་པོ་དང་དབྱིབས་ལ་སོགས་པར་སྣང་བའི་ཕྱིར་རོ། །ཁྱབ་པ་ཁས་བླངས་ཏེ། འདུ་བྱེད་དེ་ཁ་དོག་དང་དབྱིབས་དང་བྲལ་བར་འདོད་པས་སོ། །གལ་ཏེ་རྨི་ལམ་གྱི་ཤེས་པ་ལ་སྔོ་སོགས་རང་མཚན་པ་དངོས་སུ་སྣང་བ་ཡིན་ནོ་ཞེ་ན། རྨི་ལམ་གྱི་ཤེས་པ་ལ་སྣང་བའི་སྔོ་སོགས་ཀྱི་རྣམ་པ་ཆོས་ཅན། སྔོ་སོགས་རང་མཚན་པ་མིན་ཏེ་རྩིག་པ་སོགས་ལ་ཐོགས་མེད་དུ་སྣང་བའི་ཕྱིར་ནའོ། །དེས་ན་དེ་ཆོས་ཅན། ཤེས་པ་ཡིན་གྱི་ཕྱི་རོལ་གྱི་དོན་མ་ཡིན་ཏེ། མཐོང་རུང་གི་ཡུལ་དེ་ཉིད་ན་གནས་པའི་སྐྱེས་བུ་གཞན་གྱིས་སྣང་ནས་མི་ཤེས་པར་རྨི་བ་པོ་རང་ཉིད་ཀྱིས་སྣང་ནས་ཤེས་པའི་ཕྱིར། རྨི་ལམ་ལ་སྣང་བའི་རྣམ་པ་ཤེས་པར་བསྟན་པའི་རིགས་པ་དེས་ནི་ཆོས་ཅན། རྟོག་པའི་ཡུལ་དུ་གྱུར་པའི་མིང་སོགས་ཤེས་པར་བརྗོད་པ་སྟེ་གྲུབ་པ་ཡིན་ཏེ། རྟོག་པའི་ཡུལ་དུ་གྱུར་པའི་མིང་སོགས་དེ་གཞན་ལ་མི་སྣང་བར་རང་ཉིད་ཀྱིས་སྣང་ནས་ཤེས་པར་བསྟན་པའི་ཕྱིར། གཞན་ཡང་མིག་ལ་སོགས་པའི་བློ་མ་འཁྲུལ་བ་གཟུང་དོན་དང་ལྡན་པར་འདོད་པ་དེ་ཉིད་དོན་ལྡན་དུ་རྒྱུ་མཚན་གང་གིས་འདོད། གལ་ཏེ་རྒྱུ་གཞན་ཚང་ཡང་གཟུང་དོན་མེད་ན་མི་སྐྱེ་བས་གཟུང་དོན་གྱི་ནུས་པ་མཐོང་བའི་ཕྱིར་ཞེ་ན། དབང་ཤེས་ལས་གཞན་རྟོག་པ་ཆོས་ཅན། གཟུང་དོན་མེད་པ་ཅན་ཐོབ་པར་འགྱུར་བར་ཐལ། གཟུང་དོན་གྱི་ནུས་པ་ལ་ལྟོས་པ་མེད་པའི་ཕྱིར། གཉིས་པ་ནི། སྒྲས་བློ་དོན་གང་དང་ཡང་འབྲེལ་མེད་ཀྱི་མིང་སོགས་རྐྱང་པ་བརྗོད་ཅེ་ན་ཡང་། དོན་གཉེར་སྐྱེས་བུ་ཆོས་ཅན། བུམ་པ་ཞེས་པའི་སྒྲ་ལས་བུམ་པ་ལ་འཇུག་པར་མི་འགྱུར་བར་ཐལ། བུམ་པ་ཞེས་པའི་སྒྲས་བུམ་པ་མ་བརྗོད་པའི་ཕྱིར། གསུམ་པ་ནི། གལ་ཏེ་སྒྲས་དོན་རང་མཚན་དང་འབྲེལ་པ་དང་ལྡན་པའི་མིང་སོགས་ཁོ་ན་བརྗོད་ཅེ་ན། ད་ལྟར་ཆོས་ཅན། འདས་པ་དང་མ་འོངས་པ་སྒྲའི་བརྗོད་བྱ་མ་ཡིན་པར་ཐལ། འདས་པའི་དོན་རང་མཚན་དང་། དེ་དང་འབྲེལ་བའི་མིང་སོགས་དེ་ནི་ཟད་ཅིང་། མ་འོངས་པའི་དོན་རང་མཚན་དང་མིང་སོགས་དེ་དག་མ་སྐྱེས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དག་དགག་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། གལ་ཏེ་དངོས་པོ་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ཡང་དབང་སོགས་དོན་མེད་དུ་ཐལ་བར་མི་འདོད་དེ། སྒྲ་ཡིས་སྤྱི་ཡན་གར་བའི་དངོས་པོ་ནི་དངོས་སུ་བརྗོད་པའི་ཕྱིར། དེས་ན་སྒྲ་ལས་སྤྱི་དངོས་སུ་རྟོགས་ཤིང་རང་མཚན་སྣང་ནས་རྟོགས་པ་ལ་དབང་སོགས་དགོས་སོ་ཞེ་ན། གཉིས་པ་ལ་བཞི་སྟེ། ཡན་གར་སྤྱི་ཉིད་བརྗོད་པ་མེད། །བརྗོད་ན་ཐལ་བ་གཉིས་ཀྱིས་གནོད། །ཐལ་བ་ཕྱི་མའི་ཉེས་སྤོང་དགག །རྣམ་པ་རྒྱུ་མེད་ཐལ་བས་གནོད་པའོ། །དང་པོ་ནི་སྒྲ་ཆོས་ཅན། སྤྱི་ཡན་གར་བ་དངོས་སུ་བརྗོད་པའི་རྒྱུ་མཚན་གྱིས་དབང་སོགས་དོན་མེད་དུ་ཐལ་བའི་སྐྱོན་མི་འཇུག་པ་དེ་མིན་པར་ཐལ། སྤྱི་ནི་ཡན་གར་བ་བརྗོད་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། མ་གྲུབ་སྟེ། སྤྱི་ཡན་གར་བ་ཡོད་ཅིང་དེ་སྒྲས་བརྗོད་ཅེ་ན། ཡང་སྤྱི་དེ་ཆོས་ཅན། གསལ་བ་ཀུན་ལའང་མཚུངས་པར་རྗེས་སུ་འགྲོ་བ་མ་ཡིན་པར་ཐལ་བ་དང་། རང་འཛིན་གྱི་བློ་བསྐྱེད་པ་གསལ་བ་སོགས་ཀྱིས་གསལ་བར་བྱས་པ་མིན་པར་ཐལ། གསལ་བ་ལ་ལྟོས་མེད་ཀྱི་ཡན་གར་བ་ཡིན་པའི་ཕྱིར། ཐལ་བ་ཕྱི་མ་ལ་འདོད་ན། སྤྱི་ཆོས་ཅན། གསལ་བ་ཡོད་མེད་ཀྱི་དུས་རྟག་ཏུ་དམིགས་པར་འགྱུར་བར་ཐལ། རང་འཛིན་གྱི་བློ་བསྐྱེད་པ་གསལ་བ་ལ་མི་ལྟོས་པ་དེས་ན་སྟེ་དེའི་ཕྱིར་དང་དམིགས་རུང་གི་རྟག་པ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་ཡང་གསལ་བ་མངོན་སུམ་གྱིས་མཐོང་བ་ལ་ལྟོས་པ་ལས་སྤྱི་མངོན་སུམ་ལ་གསལ་བར་བྱེད་པ་ཡིན་པས་གསལ་བ་མེད་པའི་དུས་ན་སྤྱི་མ་དམིགས་སོ་ཞེ་ན། སྤྱི་ཆོས་ཅན། རང་ལ་དམིགས་པའི་མངོན་སུམ་དུས་རྟག་ཏུ་བསྐྱེད་པར་ཐལ། བདག་ལ་དམིགས་པའི་མངོན་སུམ་གྱི་ཤེས་པ་བསྐྱེད་པ་ལ་ནུས་པ་གང་ཡིན་པ་དེ་ནུས་བརྟག་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་གསལ་བ་མེད་པའི་དུས་འགའ་ཞིག་གི་ཚེ་སྤྱི་འཛིན་བསྐྱེད་པའི་ནུས་པ་དེ་ཉིད་མེད་དོ་ཞེ་ན། སྤྱི་དེ་ནི་ཆོས་ཅན། དུས་ཀུན་གྱི་ཚེ་སྤྱི་འཛིན་བསྐྱེད་པའི་ནུས་པ་མེད་པར་འགྱུར་བར་ཐལ། གསལ་བ་མེད་པའི་ཚེ་སྤྱི་འཛིན་བསྐྱེད་པའི་ནུས་པ་མེད་པ་གང་ཞིག རྟག་པ་ཡིན་པའི་ཕྱིར། གལ་ཏེ་དེའི་ཚེ་ནུས་པ་འགལ་རྐྱེན་གྱིས་བཅོམ་པ་ཡིན་ནོ་ཞེ་ན། སྤྱི་དེ་ཡི་རང་འཛིན་ཤེས་པ་བསྐྱེད་པའི་ནུས་པ་མེད་པའི་ནུས་པ་མེད་པར་ངོ་བོ་ཉིད་ཀྱིས་གང་གནས་པ་དེ་ཆོས་ཅན། ཁྱོད་ཀྱིས་ནུས་པ་དང་ནུས་མེད་ཀྱི་རང་བཞིན་དེ་ཟད་པར་བྱ་བའི་ཕྱིར་རིམ་པ་ལྟར་འགལ་རྐྱེན་དང་མཐུན་རྐྱེན་གྱི་ནུས་པ་གང་འཇུག་སྟེ་མི་འཇུག་པར་ཐལ། རྐྱེན་གྱིས་བཅོས་སུ་ཡོད་པ་མིན་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར། བཞི་པ་ནི་སྔོ་འཛིན་མངོན་སུམ་གྱི་རྗེས་སུ་སྔོན་པོའི་སྤྱི་འཛིན་པ་ཡི་རྣམ་པར་ཤེས་པ་དེ་ཆོས་ཅན། ཁྱོད་དང་རྗེས་སུ་འབྲེལ་བའི་སྔོན་པོ་ལ་སོགས་པའི་རྣམ་པའི་ཆ་ནི་རྣམ་པར་ངེས་པ་སྟེ་སྣང་བ་གང་ཡིན་པ་དེ་ནི་ཆོས་ཅན། ཁྱོད་དེ་ལ་དོན་གང་གིས་སྤྲུལ་ཏེ་སྤྲུལ་བྱེད་མེད་པར་ཐལ། སྤྱི་ནི་སྔོ་སོགས་ཀྱིས་སྟོང་པས་ཁྱོད་ལ་སྔོན་པོའི་རྣམ་པ་མི་འཇོག གསལ་བ་ཁྱོད་ཀྱི་ཡུལ་མ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་དངོས་པོ་སྒྲས་དངོས་སུ་བརྗོད་ཅིང་སྒྲ་ལས་དངོས་སུ་རྟོགས་ཀྱང་དབང་པོ་སོགས་དོན་མེད་དུ་ཐལ་བ་མིན་ཏེ་གཟུགས་ཀྱི་དངོས་པོ་མངོན་སུམ་དུ་ཤེས་པ་ལ་དབང་སོགས་དོན་ཅན་དུ་དགོས་པ་ཉིད་ཀྱི་ཕྱིར་ཞེ་ན། གཟུགས་དེ་ཆོས་ཅན། ཁྱོད་སྒྲ་ལས་རྟོག་པས་མངོན་སུམ་དུ་མ་རྟོགས། དབང་སོགས་ལས་དབང་ཤེས་ཀྱིས་མངོན་སུམ་དུ་རྟོགས་པའི་བློ་ཐ་དད་དུ་སྣང་བ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། རྟོག་པ་དང་དབང་ཤེས་གཉིས་ཀའི་དངོས་ཡུལ་དུ་གྱུར་པའི་དངོས་པོ་གཅིག་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སྒྲུབ་བྱེད་རིགས་པ་དངོས་ཉིད་བཤད། །དེས་ན་དངོས་མེད་བརྗོད་བྱར་གྲུབ། །བརྗོད་བྱ་དངོས་པོ་ཡིན་པ་དགག་པའོ། །དང་པོ་ལ་གསུམ་སྟེ། ཕྱོགས་ཆོས་སྒྲུབ། གཏན་ཚིགས་དགོད། རྩོད་པ་སྤོང་བའོ། །དང་པོ་ནི། སྤྱི་རྫས་སུ་གྲུབ་ན་གསལ་བ་དང་རྫས་གཅིག་ཡིན་ནམ་རྫས་གཞན་ཡིན། གྲངས་ཅན་པ་ན་རེ། རྫས་གཅིག་ཡིན་ནོ་ཞེ་ན། བུམ་སྤྱི་ཆོས་ཅན། རིགས་ལྡན་བུམ་གསལ་རྣམས་ཀྱི་རིགས་མིན་པར་ཐལ། གང་གི་ཕྱིར་ན་བུམ་པའི་གསལ་བའི་ངོ་བོ་གཞན་གསེར་བུམ་ལ་བརྟེན་པ་མེད་པའི་ཕྱིར་ཏེ། དངུལ་བུམ་དང་རྫས་གཅིག་ཡིན་པའི་ཕྱིར། བྱེ་བྲག་པ་ན་རེ། གལ་ཏེ་སྤྱི་གསལ་བ་ལས་རྫས་ཐ་དད་དུ་གྲུབ་ཅེ་ན། བུམ་སྤྱི་ཆོས་ཅན། བུམ་གསལ་གྱི་འབྲས་བུ་ཉིད་དུ་བརྗོད་རིགས་པར་ཐལ། དོན་གཞན་བུམ་གསལ་ལ་ལྟོས་པའི་ཕྱིར། གལ་ཏེ་བུམ་གསལ་གྱི་འབྲས་བུ་མ་ཡིན་ན་ནི་བུམ་སྤྱི་དེ་ཆོས་ཅན། བུམ་གསལ་ལ་འབྲེལ་པ་མེད་པར་ཐལ། བུམ་གསལ་གྱི་འབྲས་བུ་མ་ཡིན་ཞིང་དེ་ལས་རྫས་གཞན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། འབྲས་བུ་དུ་བ་སོགས་ནི་རང་གི་རྒྱུ་ལས་གྲུབ་ཟིན་པའི་ཕྱིར་ན་དོན་དམ་པར་རྒྱུ་ལ་རག་ལས་པ་མེད་པར་ཡང་རྟོག་པ་ཡིས་ནི་མེ་ལས་བྱུང་བའི་དུ་བ་ཞེས་འབྲེལ་བར་བྱེད་པ་ཡིན་ན་འབྲས་བུ་མིན་པའི་རྫས་གཞན་ནི་ཇི་ལྟར་ཡང་ཅི་ཞིག་འབྲེལ་ཏེ་མ་འབྲེལ་བའི་ཕྱིར་རོ། །གཉིས་པ་ནི། བུམ་སྤྱི་ཆོས་ཅན། དོན་དམ་པར་རང་བཞིན་མེད་པར་གྲུབ་སྟེ། རང་གི་གསལ་བ་ལས་དེ་ཉིད་དང་གཞན་ཉིད་གང་དུ་ཡང་མ་གྲུབ་པ་དེའི་ཕྱིར། གསུམ་པ་ནི། བུམ་གསལ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་བུམ་གསལ་ལས་རྗེས་སུ་འགྲོ་བའི་སྤྱི་ཡིན་ན་བུམ་པས་སྤྱི་དེ་མེད་པ་རི་བོང་གི་རྭའི་རིགས་སུ་འགྱུར་རོ་ཞེ་ན། བུམ་སྤྱི་ཆོས་ཅན། མེད་པ་རི་བོང་གི་རྭའི་རིགས་སུ་ཐལ་བར་མི་འགྱུར་ཏེ་དེ་ལ་ལྟོས་པ་མེད་པའི་ཕྱིར་རོ། །ཁ་ཅིག་མེད་པ་རི་བོང་གི་རྭ་ཡང་རིགས་སུ་འགྱུར་རོ་ཞེས་པའི་རྩོད་ལན་བྱེད་པས་ནི་དྲུག་སྒྲའི་ནུས་པ་མ་ཐོན་ནོ། །གཉིས་པ་ལ་བཞི་སྟེ། བརྗོད་བྱ་རྟོག་པས་བརྟག་པར་བསྟན། །རྟོག་པ་འཁྲུལ་པ་ཡིན་པར་བསྟན། །འཁྲུལ་པས་བརྟགས་པ་དངོས་པོ་མེད། །དངོས་པོར་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། སྤྱི་དངོས་པོར་མེད་ན་སྒྲས་བརྗོད་པ་ལ་དགོས་པ་མེད་པར་འགྱུར་རོ་ཞེ་ན། སྤྱི་གསལ་བ་ལ་ལྟོས་དགོས་པ་དེའི་ཕྱིར་བུམ་གསལ་གྱི་ངོ་བོ་ལ་བརྟེན་ནས་རང་གི་ངོ་བོ་མེད་པའི་བུམ་པའི་རིགས་བློས་བརྟགས་པ་བུམ་པ་ཞེས་པའི་སྒྲ་རྣམས་ཀྱིས་ནི་རབ་ཏུ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱད་པར་བུམ་པ་རང་མཚན་དེ་ལ་འཇུག་པའི་དོན་ཅན་ཡིན་པའི་ཕྱིར། གཉིས་པ་ནི། བུམ་འཛིན་རྟོག་པ་གང་ཡིན་པ་དེ་ཆོས་ཅན། འཁྲུལ་པ་ཡིན་ཏེ། རང་ལ་སྣང་བའི་རྣམ་པ་དེ་ལ་ཕྱི་རོལ་བུམ་པའི་ངོ་བོར་སྣང་བའམ། ཕྱི་རོལ་བུམ་པའི་དོན་ལ་རྣམ་པ་དེ་ཉིད་དུ་འཛིན་པ་ཡིན་པའི་ཕྱིར། འཁྲུལ་པའི་རྒྱུ་གང་ཞེ་ན། དེ་ཆོས་ཅན། ཁྱོད་འཁྲུལ་བའི་རྒྱུ་ཡོད་དེ། ཁྱོད་ཐོག་མ་མེད་པའི་དུས་ཅན་གྱི་བུམ་གསལ་མཐོང་བ་ན་སྣང་བརྟག་གཅིག་ཏུ་ཞེན་པ་གོམས་པའི་བག་ཆགས་ཀྱིས་འཁྲུལ་པར་སྤྲུལ་པ་སྟེ་བསྐྱེད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དོན་བུམ་གསལ་རྣམས་ཀྱི་ནི་སྤྱི་གང་ཡིན་པ་གཞན་རིགས་མི་མཐུན་ལས་ལྡོག་པའི་མཚན་ཉིད་ཅན་བུམ་པ་ཞེས་པའི་སྒྲ་འདི་དག་གིས་གང་བརྗོད་པ་དེ་ལ་ཆོས་ཅན་བདེན་པའི་ངོ་བོ་ཅུང་ཟད་མེད་དེ། རྟོག་པའི་རྣམ་པ་ལ་ཕྱི་རོལ་དོན་དུ་འཁྲུལ་པ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་བུམ་སྤྱི་ཆོས་ཅན། བདེན་པར་གྲུབ་པའི་ངོ་བོ་ཅན་མ་ཡིན་ཏེ། བུམ་པའི་ངོ་བོ་མེད་པ་ཅན་གྱི་སྤྱི་འཛིན་གྱི་བློའི་རྣམ་པ་ལ་འཁྲུལ་ངོར་སྤྱི་ཉིད་དུ་ནི་མཐོང་བ་ཡིན་པའི་ཕྱིར་དང་། བུམ་གསལ་གྱི་དོན་ལ་རྣམ་པར་འཁྲུལ་པའམ། བུམ་པའི་ངོ་བོར་མེད་པའི་རྣམ་པ་ནི་རྟོག་ངོར་སྤྱི་འདོད་ཅིང་རྟོག་པ་དེའང་བསླད་པ་ཡིན་པའི་ཕྱིར་དང་། དེ་ཁོ་ན་ཉིད་དུ་ན་རྣམ་པ་དེ་བུམ་པའི་དོན་དངོས་སུ་མེད་པའི་ཕྱིར་རོ། །དེས་ན་བུམ་སྤྱི་ཆོས་ཅན། རྫས་དེ་ཉིད་དང་གཞན་དེ་ཉིད་དུ་བརྗོད་བྱ་མིན་ཏེ། བདེན་པའི་ངོ་བོ་མེད་པས་སོ། །བཞི་པ་ནི། གལ་ཏེ་བུམ་སྤྱི་ཆོས་ཅན། རྫས་དེ་ཉིད་དང་གཞན་ཉིད་དུ་བརྗོད་བྱ་ཡིན་ཏེ། སྣམ་བུའི་སྤྱི་ལ་སོགས་པ་འགའ་ཞིག་ལས་གཞན་པའི་དངོས་པོར་འདོད་པའི་ཕྱིར་རོ། །དེས་ན་སྔར་གྱི་གཏན་ཚིགས་མ་གྲུབ་བོ་ཞེ་ན། བུམ་སྤྱི་ཆོས་ཅན། ཁྱོད་སྣམ་བུའི་སྤྱི་ལས་གཞན་ཡིན་པ་ཙམ་གྱིས་རྫས་དེ་ཉིད་དང་གཞན་ཉིད་དུ་མེད་པའི་གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ། ཁྱོད་དངོས་པོ་རྣམས་གང་ལ་ལྟོས་ནས་ཅི་ལྟར་ཡང་དེ་ཉིད་དང་གཞན་ཉིད་དུ་བརྗོད་བྱ་མིན་པ་ཉིད་གཏན་ཚིགས་མ་ཡིན་གྱི། རང་གི་གསལ་བ་ལས་རྫས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ཉིད་གཏན་ཚིགས་ཡིན་པའི་ཕྱིར། སྣམ་བུའི་སྤྱི་ལས་རྫས་གཞན་དུ་འདོད་ན་ནི་བུམ་པའི་སྤྱི་དང་། སྣམ་བུའི་སྤྱི་ཆོས་ཅན། རྫས་གཞན་དུ་བརྗོད་པར་བྱ་བ་མིན་ཏེ། ཉེར་ལེན་བུམ་སྣམ་གཉིས་པོ་རྫས་ཐ་དད་ཡིན་པའི་ཕྱིར་ན་གཞན་དུ་ཉེ་བར་བཏགས་པ་ཙམ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད་དེ་ཐལ་བ་དགོད། །ཉེས་སྤོང་དངོས་བཏགས་ཁྱད་པར་དགག་པའོ། །དང་པོ་ནི། འདས་པ་དང་ནི་མ་འོངས་པའི་བུམ་པའི་དོན་ལའང་སྤྱི་དངོས་པོ་བ་ཡི་རྒྱུ་མཚན་ཅན་གྱི་བུམ་པ་ཞེས་པའི་མཉན་པ་དག་ནི་འཇུག་པར་འགྱུར་ཏེ། གཞན་དུ་ན་རང་ཉིད་ཀྱང་དངོས་པོར་མེད། སྤྱི་དངོས་པོ་བ་ཡང་མེད་པས་སྒྲ་འཇུག་པའི་རྒྱུ་མེད་པར་ཐལ་བའི་ཕྱིར་རོ་ཞེ་ན། བུམ་སྤྱིའི་དངོས་པོ་བ་ཆོས་ཅན། ད་ལྟར་དངོས་པོར་མེད་པ་འདས་མ་འོངས་ཀྱི་བུམ་པའི་ཆོས་སུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ད་ལྟར་དངོས་པོར་ཡོད་པའི་ཕྱིར། འདོད་ན། འདས་མ་འོངས་ཀྱི་བུམ་པ་ལ་བུམ་པ་ཞེས་པའི་སྒྲ་མི་འཇུག་པར་འགྱུར་ཏེ་བུམ་སྤྱི་དངོས་པོ་བ་མེད་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་ནི། གལ་ཏེ་འདས་མ་འོངས་ཀྱི་བུམ་པ་ལ་ཉེ་བར་བཏགས་པ་ལས་བུམ་པ་ཞེས་པའི་སྒྲ་དེ་འཇུག་པར་འདོད་དེ། དངོས་མིང་འཇུག་པའི་རྒྱུ་ལ་སྤྱི་དངོས་པོ་བ་དགོས་པའི་ཕྱིར་ཞེ་ན། ད་ལྟར་བའི་བུམ་པ་ཡི་དངོས་པོ་མེད་པ་འདས་མ་འོངས་གྱི་བུམ་པ་ཆོས་ཅན། བུམ་པ་ཅེས་པའི་མིང་ཁྱོད་ལ་བཏགས་མིང་དུ་འཇུག སྣམ་སོགས་ལ་བཏགས་མིང་དུ་མི་འཇུག་པའི་ཁྱད་པར་མི་འཐད་པར་ཐལ། བུམ་པ་ཅེས་པའི་མིང་བཏགས་མིང་དུ་འཇུག་པའི་རྒྱུ་མཚན་གང་ཞིག སྣམ་སོགས་ལ་མེད་ལ་ཁྱོད་དང་ནི་ཉེ་བ་གང་ཞིག་ཡོད་དེ་མེད་པའི་ཕྱིར་རོ། །གཞན་ཡང་སྤྱི་དངོས་པོ་བ་ཡོད་མེད་ཀྱིས་མིང་དེ་དངོས་མིང་དང་བཏགས་མིང་དུ་འཇུག་པར་འདོད་པ་ནི་འཇིག་རྟེན་ན་གྲགས་པའི་དངོས་བཏགས་ཀྱི་ཁྱད་པར་དང་ཡང་འགལ་ཏེ། འཇིག་རྟེན་ན་མིང་དེ་ལས་དོན་དེ་བློ་ནི་འཁྲུལ་པ་མེད་པར་འཇུག་པའི་མིང་ནི་རྟག་ཏུ་དངོས་མིང་དང་། དངོས་མིང་དུ་འཇུག་པའི་ཡུལ་དེ་དང་ཆོས་འགའ་ཞིག་མཚུངས་པ་རྒྱུ་མཚན་དུ་བྱས་ནས་མིང་དེ་དོན་གཞན་ལ་སྒྲོ་འདོགས་པ་ལ་བཏགས་མིང་དུ་གྲགས་པའི་ཕྱིར་ཏེ། སེངྒེ་ལ་སེངྒེ་ཞེས་དེ་ལྟར་བརྗོད་པ་དང་། དེ་དང་དཔའ་བ་སོགས་སུ་ཆོས་མཚུངས་པའི་བྲམ་ཟེའི་ཁྱེའུ་ལ་སེངྒེ་ཞེས་དེ་ལྟར་བརྗོད་པ་འཇིག་རྟེན་ན་ཡོད་པའི་ཕྱིར་རོ། །ཡང་དེ་བསྟན་བཅོས་ལས་གྲགས་པའི་དངོས་བཏགས་ཀྱི་ཁྱད་པར་དང་ཡང་འགལ་ཏེ། བསྟན་བཅོས་ལས་དོན་དེ་དངོས་པོར་མེད་ན་ཡང་འགྲོ་བ་ཡིས་ཡུལ་གང་ལ་གྲགས་པ་སྟེ་འདོད་རྒྱལ་བས་སྒྲ་སྟེ་མིང་བཀོད་པའི་ཡུལ་དེ་མིང་དེ་དངོས་མིང་དང་། དངོས་མིང་དུ་འཇུག་པའི་ཡུལ་དེ་དང་ཆོས་འགའ་ཞིག་མཚུངས་པའི་ཕྱིར་ན། མིང་དེ་ལས་དོན་དེ་མ་ཡིན་པ་ལ་འཁྲུལ་བའི་རྟོག་པ་སྐྱེ་བ་ཅན་གྱི་མིང་ནི་དོན་གཞན་ལ་པ་ལ་པ་བཏགས་མིང་དུ་གྲགས་པ་ཡིན་པའི་ཕྱིར་རོ། །དེས་ན་བཏགས་མིང་དུ་འཇུག་པའི་ཡུལ་ཡིན་ན་དངོས་པོར་མེད་པས་མ་ཁྱབ་སྟེ། ཅི་ལྟར་བུ་གླེན་པའི་དངོས་པོ་དགོས་པ་བསྒྲུབ་པའི་ནུས་པ་མེད་པ་ལ་བུ་མེད་ཅེས་པའི་མིང་བཏགས་མིང་དུ་འཇུག་པའམ། གྲངས་ཅན་གྱི་རྟོག་པ་ཅི་ལྟ་བ་བཞིན་དུ་བྱ་བ་དུ་མ་བྱེད་ནུས་པའི་ཡུལ་མི་རྒན་པོ་ལའང་གཙོ་བོ་ལ་སོགས་པའི་མཉན་པས་སྐྱེ་བོས་བཏགས་མིང་དུ་བྱས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། གཏན་ཚིགས་འགོད་དེ་ཁྱབ་པ་བསྒྲུབ། །ཉེས་སྤོང་སྔར་བཤད་རིགས་པས་ཁེགས་པའོ། །དང་པོ་ནི། བུམ་པ་མ་ཞིག་པ་ད་ལྟར་བ་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་དངོས་པོར་མེད་དེ། བུམ་པ་ཞིག་པ་འདས་པ་ལ་སྒྲ་ལས་རྟོག་པའི་བློ་རང་ཡུལ་མི་གསལ་བར་ཅི་འདྲ་བར་སྣང་བ་དེ་འདྲར་ཁྱོད་ལའང་སྣང་བའི་ཕྱིར་རོ། །ཁྱབ་སྟེ། རྣ་བ་དང་མིག་ལ་སོགས་པའི་རྣམ་པར་ཤེས་པ་གཟུང་དོན་ཡོད་པ་ཅན་ལ་ཞིག་པ་འཛིན་པའི་རྟོག་པ་དང་སྣང་ཚུལ་མཚུངས་པ་དེ་དག་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་བུམ་པ་འདས་པ་དང་ད་ལྟར་བ་འཛིན་པའི་རྟོག་པའི་སེམས་གཉིས་དང་ནི་ཆོས་ཅན། རང་ཡུལ་སྣང་ཚུལ་མཚུངས་པ་ཡིན་ཏེ། གསལ་བ་ལ་ལྟོས་མེད་ཀྱི་སྤྱི་ཡན་གར་བ་ཙམ་ཞིག་འཛིན་པར་བྱེད་པའི་ཕྱིར། དེས་ན་སྣང་ཡུལ་དངོས་པོར་མེད་པས་སྣང་ཚུལ་མཚུངས་པ་མ་ཡིན་ནོ་ཞེ་ན། དེ་ཆོས་ཅན། སྤྱི་དེ་འབའ་ཞིག་འཛིན་པར་བྱེད་པ་མ་ཡིན་པར་ཐལ། སྤྱི་དེ་འབའ་ཞིག་ནི་འཛིན་པར་བྱེད་པ་དེ་མཚུངས་མིན་དང་གསལ་བ་མིན་ཞེས་པར་སྔར་ནི་རྣམ་པར་བཟློག་ཟིན་ཏོ། །བཞི་པ་ལ་གསུམ་སྟེ། སྤྱི་གསལ་དེ་ཉིད་གཞན་ཉིད་དགག །ལྡོག་པའི་སྤྱི་ལ་མཚུངས་པ་སྤང་། །བཀག་པས་གྲུབ་པའི་གཏན་ཚིགས་དགོད་པའོ། །དང་པོ་ནི། སྤྱི་དོན་ལ་གྲུབ་ན་སྤྱི་གསལ་རྫས་གཅིག་ཡིན་ནམ་རྫས་གཞན་ཡིན། གྲངས་ཅན་པ་ན་རེ། རྫས་གཅིག་ཡིན་ནོ་ཞེ་ན། དངོས་པོ་སྣ་ཚོགས་རྣམས་ནི་ཆོས་ཅན། རང་བཞིན་ཁྱད་པར་མེད་པའི་ངོ་བོ་གཅིག་ཏུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། དོན་དམ་པར་སེམས་ཡོད་མེད་སོགས་ཕན་ཚུན་ཐ་དད་པའི་ཁྱད་པར་ཅན་ཡིན་པའི་ཕྱིར། ཁྱབ་པ་མེད་དེ། དངོས་པོ་རྣམས་ལ་རང་བཞིན་ཁྱད་པར་མེད་པའི་ངོ་བོ་དང་གནས་སྐབས་ཁྱད་པར་ཅན་གྱི་ངོ་བོ་ཉིད་གཉིས་ཡོད་པའི་ཕྱིར་ཞེ་ན། ཡང་རང་བཞིན་དང་གནས་སྐབས་དེ་ཆོས་ཅན། དངོས་པོ་སྟེ་རང་བཞིན་གཅིག་ཏུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱད་པར་ཅན་དང་ཁྱད་མེད་ཀྱི་ངོ་བོ་གཉིས་ཡིན་པའི་ཕྱིར་རོ། །གལ་ཏེ་རིགས་པ་ཅན་པ་ན་རེ། གསལ་བ་དེ་དག་མཚུངས་པ་ཡི་དངོས་པོ་སྤྱི་དེ་གསལ་བ་དེ་དག་ལས་གཞན་ཉིད་དུ་དོན་ལ་ཡོད་ཅེ་ན། སྤྱི་ཆོས་ཅན། གསལ་བ་དེ་དག་གི་སྤྱི་ཞེས་འབྲེལ་བ་མེད་པར་འགྱུར་བ་ཐལ། གསལ་བ་ལ་མི་ལྟོས་པའི་དོན་གཞན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཉེས་པ་དེ་ཁྱེད་རང་ལ་ཡང་མཚུངས་སོ་ཞེ་ན། ལྡོག་པའི་སྤྱི་ཆོས་ཅན། ཁྱོད་ལ་ནི་དོན་ལ་གསལ་བ་དང་གཅིག་གམ་ཐ་དད་ཀྱི་སྒོ་ནས་སུན་དབྱུང་དུ་མེད་དེ། དོན་ལ་མེད་པའི་ཕྱིར། གསུམ་པ་ནི། སྤྱི་འདི་ལ་ཆོས་ཅན། དངོས་པོ་མེད་པའི་མཚན་ཉིད་དེ་རང་བཞིན་ཡིན་ཏེ། གསལ་བ་ལ་མཚུངས་པར་རྗེས་སུ་འགྲོ་བ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། མཚུངས་སྤྱི་ཡིན་ན་གསལ་བ་དང་རྫས་གཅིག་དང་རྫས་གཞན་གང་རུང་ཡིན་པ་བཀག་ཟིན་པ་དེའི་ཕྱིར། ལྔ་པ་ལ་གཉིས་ཏེ། འབྲས་བུ་ཡིན་ན་ཐལ་བ་གསུམ་གྱིས་གནོད། འབྲས་བུ་མིན་ན་ཐལ་བ་གཉིས་ཀྱིས་གནོད་པའོ། །དང་པོ་ནི། སྤྱི་དངོས་པོ་ཡིན་ན་འབྲས་བུ་ཡིན་ནམ་མིན། སྤྱི་དེ་འབྲས་བུ་ཡིན་ནོ་ཞེ་ན། སྤྱི་དེ་ཆོས་ཅན། དུ་མ་དང་འཇིག་པར་འགྱུར་བར་ཐལ། གསལ་བ་དུ་མ་ལ་ཁྱབ་པའི་འབྲས་བུ་ཡིན་པའི་ཕྱིར། དེ་ཡང་འདོད་པ་ལ་མ་ཡིན་ཏེ་གཅིག་པུ་དང་རྟག་པར་འདོད་པའི་ཕྱིར་རོ། །སྤྱི་ཆོས་ཅན། རྟག་པ་ཉིད་མིན་པར་ཐལ། འབྲས་བུའི་དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། འཇིག་པ་ནི་དངོས་པོ་ཙམ་དང་རང་ཆས་སུ་རྗེས་སུ་འབྲེལ་བའི་ཕྱིར། གཉིས་པ་ནི། རིགས་རྣམས་འབྲས་བུ་མིན་པའི་ཕྱིར་སྐྱོན་མེད་ན་བ་ལང་གི་རིགས་དེ་ཆོས་ཅན། བ་གསལ་རྣམས་དང་མ་འབྲེལ་བར་ཐལ། བ་གསལ་གྱི་འབྲས་བུ་མ་ཡིན་པའི་རྫས་གཞན་ཡིན་པའི་ཕྱིར། དེ་ཆོས་ཅན། དངོས་མེད་དུ་འགྱུར་བར་ཐལ། འབྲས་བུ་མ་ཡིན་པའི་ཕྱིར། དྲུག་པ་ལ་གཉིས་ཏེ། ཁྱབ་པ་བསྟན་ཏེ་གཏན་ཚིགས་དགོད། །གཏན་ཚིགས་མ་གྲུབ་སྨྲ་བ་དགག་པའོ། །དང་པོ་ནི། སྤྱི་འཛིན་པ་ཡི་ནི་རྟོག་བློ་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་དངོས་པོར་མེད་དེ། ཁྱོད་ལ་རང་ཡུལ་བརྡ་དྲན་ལ་མ་ལྟོས་པ་དེ་ལྟར་སྣང་བ་མེད་པའི་ཕྱིར། ཁྱབ་སྟེ། གཟུང་དོན་དངོས་པོའི་སྟོབས་ཀྱིས་སྐྱེས་པའི་ཤེས་པ་གང་ཡིན་པ་དེ་བརྡ་དྲན་པ་དག་ལ་ལྟོས་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་གཏན་ཚིགས་མ་གྲུབ་སྟེ། རྟ་དང་བ་གླང་དཀར་ཟལ་གཉིས་ལ་བ་ལང་སྤྱི་འཛིན་གྱི་བློ་མི་སྐྱེ། དཀར་ཟལ་ནག་སྒུར་གཉིས་ལ་བརྡ་མི་ཤེས་ན་ཡང་བ་ལང་སྤྱི་འཛིན་གྱི་བློ་གཅིག་སྐྱེ་བའི་ཕྱིར་ཞེ་ན། དཀར་ཟལ་ནག་སྒུར་གྱི་དངོས་པོ་གཉིས་མཐོང་བ་ལ་བློ་འགའ་ཞིག་བརྡ་དྲན་པ་མེད་ན་ཡང་ཐ་དད་པ་མེད་པ་སྤྱི་འཛིན་གྱི་བློ་གཅིག་རྗེས་སུ་འཇུག་པ་གང་ཡིན་པ་དེ་ཆོས་ཅན། སྤྱི་དངོས་པོ་བ་ལས་སྐྱེས་པ་མ་ཡིན་ཏེ། བ་གསལ་གྱི་དོན་ཉེ་བ་དང་འབྲེལ་པ་སྟེ་དེ་ལས་སྐྱེས་པ་ཡིན་པའི་ཕྱིར། དཔེ་ཇི་ལྟར་ན། རིགས་དངོས་པོ་བ་མེད་ཀྱང་དབང་པོའི་ཤེས་པ་ཡི་འབྲས་བུ་ཅན་ཏེ་རྒྱུར་གྱུར་པའི་མིག་སོགས་རྐྱེན་གསུམ་པོ་ཉེ་བ་ལས་དབང་པོའི་ཤེས་པ་སྐྱེ་བར་འདོད་པ་བཞིན་ནོ། །བ་གསལ་རྣམས་ལ་རིགས་དངོས་པོ་བ་མེད་ན་རིགས་ཅི་ལྟར་ཡོད་ཅེ་ན། དཀར་ཟལ་ནག་སྒུར་གཉིས་ཆོས་ཅན། བ་གླང་གི་རིགས་ཀྱང་རྗེས་འགྲོ་བ་ཡིན་ཏེ། བ་ལང་གི་འབྲས་བུ་མི་བྱེད་པ་ལས་ལྡོག་པའི་རྒྱུ་མཚན་གང་གིས་བ་ལང་མ་ཡིན་པ་ལས་རྣམ་པར་ཕྱེ་བ་ཡིན་ཏེ་དེའི་ཕྱིར། བདུན་པ་ལ་གཉིས་ཏེ། གཏན་ཚིགས་དགོད། རྩོད་པ་སྤོང་བའོ། །དང་པོ་ནི། སྤྱི་ཆོས་ཅན། གསལ་བ་ལ་ལྟོས་མེད་ཀྱི་དངོས་པོ་མ་ཡིན་ཏེ། རིགས་པའི་རྣམ་པ་འགས་ཀྱང་རང་འཛིན་པའི་རྣམ་ཤེས་ལ་ཁྱོད་དེའི་དངོས་པོ་སྣང་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དབང་པོ་གཟུགས་ཅན་པ་ཡང་ཕྱི་རོལ་གྱི་ཡུལ་ལ་ལྟོས་མེད་ཀྱི་དངོས་པོ་མིན་པར་འགྱུར་ཏེ། དེ་ལ་ལྟོས་མེད་ཀྱི་དངོས་པོར་མི་སྣང་བའི་ཕྱིར་ཞེ་ན། དབང་པོ་གཟུགས་ཅན་པ་རྣམས་ཆོས་ཅན། ཁྱོད་ལ་གལ་ཏེ་ལྟ་བ་པོ་འཕགས་པ་ལྟ་བུ་ཡོད་ན་ཁྱོད་དེའི་ལུས་སྣང་བར་འགྱུར་ཏེ། ཁྱོད་ཕྱི་རོལ་གྱི་གཟུགས་སོགས་ལ་ལྟོས་མེད་ཀྱི་གཟུགས་ཅན་ཡིན་པའི་ཕྱིར། སྤྱི་ལའང་མཚུངས་སོ་ཞེ་ན། རིགས་རྣམས་ནི་ཆོས་ཅན། འཕགས་པའི་མངོན་སུམ་ལའང་གསལ་བ་ལ་ལྟོས་མེད་དུ་སྣང་བ་མ་ཡིན་ཏེ། གསལ་བ་ལས་ཡན་གར་དུ་སྣང་རུང་མཐོང་བ་མེད་པའི་ཕྱིར། གལ་ཏེ་གསལ་བ་མཐོང་བའི་ཚེ་སྤྱི་དེ་ཡང་མཐོང་སྙམ་ན། བ་ལང་གི་གསལ་བ་འཛིན་པའི་ཚེ་ནའང་དབང་ཤེས་དེ་ཆོས་ཅན། བ་སྤྱི་དངོས་པོ་བ་མཐོང་བ་མེད་དེ། བ་ལང་དེའི་སྒྲ་སྟེ་མིང་དང་། ཁ་དོག་དང་། དབྱིབས་ལ་སོགས་པའི་ངོ་བོ་ལས་གཞན་སྤྱི་སྣང་བ་མེད་པའི་ཕྱིར་རོ། །བརྒྱད་པ་ནི། སྤྱི་དེ་ནི་ཆོས་ཅན། རང་འཛིན་ཤེས་པ་སྐྱེད་པ་ཙམ་གྱི་དོན་བྱེད་པར་ཡང་མི་རུང་སྟེ། རང་འཛིན་ཤེས་པ་ལས་ཡན་གར་དུ་མི་སྣང་བ་དེའི་ཕྱིར། དེས་ན་སྤྱི་ཆོས་ཅན། དངོས་པོའི་རང་བཞིན་མེད་པར་གྲུབ་སྟེ། དོན་བྱེད་པ་དེ་མི་རུང་བའི་ཕྱིར། ཁྱབ་སྟེ། དོན་བྱེད་ནུས་པས་སྟོང་པ་དེ་ནི་དངོས་མེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་དངོས་པོ་རང་མཚན་ཉིད་དུ་བསྒྲུབ་པ་ནི། དངོས་པོ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་དུ་འདོད་དེ། སྒྲའི་དངོས་ཀྱི་བརྗོད་བྱ་སོགས་ཇི་སྐད་བཤད་པ་ལས་བཟློག་པའི་ཕྱིར། འདིར་རང་མཚན་དངོས་པོར་གྲུབ་ཅེས་པའི་ས་གཅད་བྱེད་པ་ནི་སྔ་མའི་ནུས་པ་མ་གོ་བར་ཚིག་གིས་འགྲོས་སྦྱར་བ་ཙམ་དུ་སྣང་ངོ་། །གསུམ་པ་སྤྱི་མཚན་ཉིད་ཀྱི་དབྱེ་བ་བསྟན་པ་ལ་གཉིས་ཏེ། དངོས་དང་། རྩོད་པ་སྤང་བའོ། །དང་པོ་ནི། སྤྱི་དངོས་པོར་མེད་ན་དབྱེ་བའང་མེད་པར་འགྱུར་རོ་ཞེ་ན། སྤྱི་དེའང་ཆོས་ཅན། རྣམ་པ་གསུམ་སྟེ། སྐྱེ་ལྡན་གྱི་སྤྱི་ལྟ་བུ་དངོས་པོ་ལ་བརྟེན་པ་དང་། སྐྱེ་མེད་ཀྱི་སྤྱི་ལྟ་བུ་དངོས་མེད་ལ་བརྟེན་པ་དང་། ཤེས་བྱའི་སྤྱི་ལྟ་བུ་གཉིས་ཀ་ལ་བརྟེན་པ་རྣམས་སུ་ཡོད་པའི་ཕྱིར། འདི་དང་ལེའུ་དང་པོར་སྤྱི་ལ་གསུམ་དུ་གསུངས་པ་ནི་སྤྱིར་འཇོག་པ་ནི་རྟོག་པའི་རྣམ་པ་ལ་དོན་དེར་ཞེན་པའི་ཆ་ནས་འཇོག་པས་གཉིས་ཀ་ལ་བརྟེན་པའི་སྤྱི་མིང་གསུངས་ལ། གཞན་སེལ་ལ་དངོས་པོའི་གཞན་སེལ་དང་། དངོས་མེད་ཀྱི་གཞན་སེལ་གཉིས་སུ་མཛད་པ་ནི་གཞན་སེལ་རིགས་མི་མཐུན་བཅད་པའི་སྒོ་ནས་འཇོག་པས་བཅད་བྱའི་རིགས་མི་མཐུན་དངོས་པོ་དང་དངོས་མེད་གཉིས་སུ་ངེས་པ་ལ་དགོངས་སོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་དངོས་པོ་ལ་བརྟེན་པའི་སྤྱི་འཛིན་པའི་རྟོག་པ་ཆོས་ཅན། དངོས་པོ་རང་མཚན་སྣང་ནས་ཤེས་པར་འགྱུར་བར་ཐལ། དངོས་པོ་རང་མཚན་གྱི་རྗེས་སུ་འགྲོ་ལྡོག་འབྲེལ་བའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ནི། དེ་ཆོས་ཅན། རང་མཚན་སྣང་ནས་ཤེས་པ་མིན་ཏེ། ཁྱོད་ཀྱི་སྣང་ཡུལ་དངོས་པོ་ཡིན་པ་ལ་བརྗོད་བྱ་ཉིད་ཕྱིར་ཞེས་སོགས་ཀྱི་སྐབས་སུ་ལན་བཏབ་ཟིན་པའི་ཕྱིར་དང་། འདས་པ་དང་ལ་སོགས་པ་མ་འོངས་པའི་དངོས་པོ་འཛིན་པའི་རྟོག་པ་ལ་དངོས་པོའི་རང་མཚན་དང་འབྲེལ་པ་ལས་རྣམ་པ་གཞན་དུ་མཐོང་བས་གཏན་ཚིགས་ཀྱང་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་དངོས་པོའི་སྤྱི་དེ་དངོས་པོའི་ཆོས་ཉིད་ཡིན་པ་ཉམས་པར་འགྱུར་ཏེ། དངོས་པོ་འཛིན་པའི་རྟོག་པ་དེ་དངོས་པོ་དང་དངོས་སུ་མ་འབྲེལ་བའི་ཕྱིར་རོ་ཞེ་ན། དངོས་པོའི་སྤྱི་ཆོས་ཅན། ཁྱོད་དངོས་པོའི་ཆོས་ཡིན་པ་ཉམས་པའི་ཉེས་པ་འདི་མེད་དེ། གཟུགས་སོགས་ཀྱི་དངོས་པོ་འཛིན་པའི་མངོན་སུམ་སྔོན་དུ་འགྲོ་བ་ཅན་གྱི་རྟོག་བློ་དེ་ཁྱོད་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་འཇུག་ཡུལ་གཞལ་བྱ་རང་མཚན་གཅིག་ཏུ་བསྡུ་བ་ནི། འོ་ན་གཞལ་བྱ་ལ་ངོ་བོའི་སྒོ་ནས་རང་སྤྱི་གཉིས་སུ་ངེས་སམ་ཞེ་ན། འཇུག་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས་སུ་ཕྱེ་བ་ལས་རང་གི་མཚན་ཉིད་གཅིག་པུ་ཀུན་ཏུ་ཐ་སྙད་པའི་ཚད་མའི་འཇུག་ལྡོག་གི་ཡུལ་དུ་གྱུར་པའི་གཞལ་བྱ་ཡིན་ཏེ། དེས་དྲངས་པའི་ངེས་ཤེས་ཀྱི་འཇུག་བྱ་དང་ལྡོག་བྱ་ཡོད་མེད་ཉིད་དུ་དཔྱོད་པ་རྣམས་ཀྱི་དོན་བྱ་བ་ནི་རང་མཚན་དེ་ཁོ་ན་ལས་གྲུབ་པའི་ཕྱིར་རོ། །དེ་ཡང་ཕྱི་རོལ་གྱི་དོན་རང་མཚན་གཅིག་ཉིད་མངོན་སུམ་གྱིས་གཞལ་བ་ན་གཟུང་ཡུལ་དང་། རྗེས་དཔག་གིས་གཞལ་བ་ན་ཞེན་ཡུལ་དང་། གཉིས་ཀའང་སྐྱེས་བུ་འཇུག་པ་ན་མི་སླུ་བས་འཇུག་ཡུལ་དུ་བཞག་ཅིང་། རྗེས་དཔག་གིས་གཞལ་བ་ན་རང་གི་རྣམ་པ་ལ་ཕྱི་རོལ་དུ་ངོ་བོ་ཉིད་ཀྱིས་འཁྲུལ་པའི་ཆ་སྤྱི་མཚན་དུ་བཞག་པས་རང་མཚན་གཅིག་ཉིད་ལ་འཇུག་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས་སུ་ཕྱེ་བའི་རྟོག་གེའི་གནད་འདི་ཤེས་ན་སྐབས་འདིར་དོགས་གཅོད་གཞན་དོན་མེད་དོ། །གསུམ་པ་དེ་ལ་གཉིས་སུ་གསུངས་པ་དང་འགལ་བ་སྤོང་བ་ལ་གསུམ་སྟེ། རྟོགས་ཚུལ་སྒོ་ནས་གཉིས་སུ་གཞག །རྟོགས་ཚུལ་གཉིས་པ་འཁྲུལ་པར་བསྟན། །དེ་ལ་ཚད་མ་མིན་པ་སྤང་བའོ། །དང་པོ་ནི། རང་མཚན་གཅིག་པུ་གཞལ་བྱ་ཡིན་ན་ཕྱོགས་གླང་གིས་མཚན་ཉིད་གཉིས་གཞལ་བྱ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ཕྱོགས་གླང་ཆོས་ཅན། གཞལ་བྱ་ལ་ངོ་བོའི་སྒོ་ནས་རང་སྤྱི་གཉིས་སུ་བཞེད་པ་མ་ཡིན་ཏེ། རང་མཚན་དེ་ནི་མངོན་སུམ་གྱི་རང་གི་ངོ་བོ་ཡིས་རྟོགས་པ་དང་། རྗེས་དཔག་གིས་གཞན་སྤྱིའི་ངོ་བོ་ཡིས་རྟོགས་པའི་ཕྱིར་ན་འཇུག་ཚུལ་གྱི་སྒོ་ནས་གཞལ་བྱ་གཉིས་སུ་བཞེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྟོགས་ཚུལ་གཉིས་པ་རྗེས་དཔག་ཆོས་ཅན། འཁྲུལ་པ་ཡིན་པར་བཞེད་དེ། རང་མཚན་གྱི་དོན་ཇི་ལྟ་བ་བཞིན་མངོན་པར་ཞེན་པ་མིན་པར་རང་གི་རྣམ་པ་ལ་དོན་དུ་ཞེན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། གལ་ཏེ་རང་མཚན་ལས་གཞན་གྱི་ངོ་བོ་དོན་གྱི་རྣམ་པ་ལ་རང་མཚན་དུ་ཞེན་ནས་ནི་རྗེས་དཔག་གིས་རྟོགས་ན་རྗེས་དཔག་ཆོས་ཅན། རང་མཚན་འཐོབ་བྱེད་མ་ཡིན་པར་ཐལ། རང་མཚན་མིན་པའི་རྣམ་པ་ལ་རང་མཚན་དུ་ཞེན་གྱི། རང་མཚན་དངོས་སུ་མི་སྣང་བའི་ཕྱིར། ཡང་ན་རྗེས་དཔག་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། འཁྲུལ་པ་ཡིན་པའི་ཕྱིར། དེ་གཉིས་ཀས་རང་རྒྱུད་འཕེན་ནུས་སོ་ཞེ་ན། གཉིས་པ་ལ་གཉིས་ཏེ། སྒྲུབ་བྱེད་སྒོ་ནས་མདོར་བསྟན་བཤད། །དཔེ་ཡི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། རྗེས་དཔག་ཆོས་ཅན། སྣང་ཡུལ་ལ་འཁྲུལ་པ་ཡིན་ཡང་འཇུག་ཡུལ་ལ་ཚད་མ་ཉིད་ཡིན་ཏེ། སྣང་ཡུལ་ལ་འཁྲུལ་པ་ཡིན་ཡང་བསམ་པའི་དོན་འཇུག་ཡུལ་ལ་ནི་བསླུ་བ་མེད་པའི་ཤེས་པ་ཡིན་པའི་ཕྱིར། ཐལ་བ་སྔ་མ་ལ་ཁྱབ་པ་མེད་དེ། ནོར་བུ་ལས་རྣམ་པ་གཞན་ནོར་བུའི་འོད་ལ་ནོར་བུར་ཞེན་པ་ཉིད་ཀྱིས་ཀྱང་ནོར་བུ་རྟོགས་པ་སྟེ་ཐོབ་པ་མཐོང་བའི་ཕྱིར་རོ། །ཡང་ཐལ་བ་དང་པོས་འཕེན་པའི་རང་རྒྱུད་ཀྱི་བསྒྲུབ་བྱ་རྗེས་དཔག་གིས་རང་མཚན་སྣང་ནས་རྟོགས་པ་མི་འཐད་དེ། ཕྱོགས་འདི་ལ་ནི་བརྗོད་བྱ་ཉིད་ཕྱིར་ཞེས་སོགས་ཀྱིས་ལན་བཏབ་ཟིན་ཏོ། །གཉིས་པ་ནི། འོ་ན་རྟོག་པ་ཐམས་ཅད་ཚད་མར་འགྱུར་རོ་ཞེ་ན། རྗེས་དཔག་དང་ནི་དེར་སྣང་བའི་རྟོག་པ་དག་ཆོས་ཅན། མངོན་པར་ཞེན་པ་ཇི་ལྟ་བ་བཞིན་དོན་རང་མཚན་དུ་མེད་པར་མཚུངས་ནའང་ཚད་མ་ཡིན་མིན་ཉིད་དུ་རྣམ་པར་གཞག་སྟེ། འཇུག་ཡུལ་ཐོབ་པའི་དོན་བྱེད་པ་དང་རྗེས་སུ་འབྲེལ་མ་འབྲེལ་གྱི་ཁྱད་པར་ཡོད་པས་སོ། །དཔེ་ཇི་ལྟར་ན་ནོར་བུའི་འོད་དང་སྒྲོན་མེའི་འོད་དག་ལ་ནོར་བུར་འཛིན་པའི་བློ་ཆོས་ཅན། ལོག་པའི་ཤེས་པར་ཁྱད་པར་མེད་ཀྱང་ནོར་བུ་ཐོབ་པའི་དོན་བྱེད་པ་ལ་ཁྱད་པར་ཡོད་དེ། ཁྱོད་དེ་ཡིས་ནོར་བུ་ཐོབ་པའི་ཕྱིར་དུ་མངོན་པར་རྒྱུག་པའི་ཚེ་ནོར་བུ་རྟོགས་པའི་ཚད་མ་བསྐྱེད་མི་སྐྱེད་ཀྱི་ཁྱད་པར་ཡོད་པའི་ཕྱིར་ཞེས་པ་དེ་ལྟར་རོ། །འདིར་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་ནི་ཤེས་རྗེས་དཔག་དང་། རྒྱན་གྱིས་མངོན་སུམ་དང་། ཆོས་མཆོག་གིས་ཚད་མིན་གྱི་བློ་ཡིན་པར་འདོད་པ་དང་གསུམ་ལས། ཕྱི་མ་ཉིད་གཞུང་གི་དགོངས་པ་སྟེ། ལོག་པའི་ཤེས་པར་གསུངས་པའི་ཕྱིར་དང་། དེ་མ་ཡིན་ལ་དེར་འཛིན་ཡིན་པའི་ཕྱིར་རོ། །འོ་ན་དོན་བྱེད་ལ་ཁྱད་ཡོད་ཅེས་པ་ཇི་ལྟར་དྲང་སྙམ་ན་ཐོག་མར་ནོར་བུའི་འོད་འཛིན་པའི་མངོན་སུམ་སྐྱེ། དེ་ནས་འཁྲུལ་རྒྱུའི་དབང་གིས་འདི་ནི་ནོར་བུའོ་སྙམ་པའི་ལོག་ཤེས་སྐྱེ། དེ་ནས་ནོར་བུའི་འོད་ཡིན་པའི་སྤུ་རིས་ཟིན་པ་ན་དེའི་རྟགས་ལས་ནོར་བུ་ཡོད་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ཡང་སྲིད་ཅིང་། ནོར་བུའི་འོད་དུ་མ་ངེས་ན་དེ་ཐོབ་པའི་ཆེད་དུ་རྒྱུག་པས་མདུན་དུ་ཕྱིན་པའི་ཚེ་ནོར་བུ་མཐོང་བའི་མངོན་སུམ་སྐྱེ་བས་ནོར་བུ་ནི་ཚད་མ་དེ་གཉིས་ཀྱི་འཇུག་ཡུལ་ཡིན་གྱི། ལོག་ཤེས་ཀྱི་འཇུག་ཡུལ་ནི་མ་ཡིན་ནོ། །འདིར་དཔེར་གཟུང་བ་ནི་ལོག་ཤེས་དེ་ཉིད་ཡིན་ཅིང་དེས་དོན་བྱེད་པའི་ཚུལ་ནི་བཤད་ཟིན་ཏོ། །མར་མེའི་འོད་མཐོང་བའི་མངོན་སུམ་གྱི་རྗེས་སུ་འདི་ནི་ནོར་བུའོ་སྙམ་པའི་ལོག་ཤེས་སྐྱེ་ཡང་སྔར་གྱི་ཚད་མ་གཉིས་པོ་བསྐྱེད་པ་མི་སྲིད་པས་དོན་བྱེད་ལ་ཁྱད་པར་ཡོད་ཅེས་གསུངས་སོ། །དེ་ལྟར་ན་མངོན་རྒྱུག་པ་ཞེས་དང་། ལོག་པའི་ཤེས་པར་ཞེས་དང་། དོན་བྱེད་ལ་ཁྱད་ཡོད་ཅེས་པ་རྣམས་ཀྱི་ཚིག་གི་ནུས་པ་ཐོན་ཅིང་། དཔེར་སྦྱོར་ཚུལ་ཡང་རྟོགས་པར་འགྱུར་རོ། །གཉིས་པ་ལ་གསུམ་སྟེ། རང་གི་ངོ་བོས་རྟོགས་པ་མངོན་སུམ་ཡིན། །གཞན་གྱི་ངོ་བོས་རྟོགས་པ་རྗེས་དཔག་ཡིན། །དེས་ན་གཞལ་བྱས་ཚད་མའི་གྲངས་ངེས་གྲུབ་པའོ། །དང་པོ་ནི། ཕྱི་རོལ་གྱི་དོན་རང་མཚན་གང་ལ་དམིགས་ནས་གཟུང་དོན་གྱི་ནུས་པ་ལ་རྗེས་སུ་འགྲོ་ལྡོག་བྱེད་པ་ཅན་གྱི་བློ་ཆོས་ཅན། དོན་རང་མཚན་རང་གི་ངོ་བོའི་སྒོ་ནས་རྟོགས་ཏེ། དོན་རང་མཚན་དེ་ལ་འཛིན་པ་རང་དབང་ཅན་ཡིན་པའི་ཕྱིར་རོ། །སྔ་ཕྱི་མང་པོ་དག་ལྷའི་འགྲེལ་པར་འདི། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་ཁྱབ་སྒྲུབ་ལ་སྦྱོར་བ་དང་། དེ་ནི་རང་གཞན་ངོ་བོ་ཡིས། །ཞེས་པ་དང་། དེ་ལ་འཛིན་པ་རང་དབང་ཅན། །ཞེས་དང་། རྟོགས་པའི་རྟེན་ནི་དོན་གཞན་ཡིན། །ཞེས་པའི་གཞུང་གསུམ་པོ་སྦྱོར་བའི་ཚེ་འདི་ལས་མ་འདས་སོ། །གཉིས་པ་ལ་གསུམ་སྟེ། ལྐོག་གྱུར་རྟོགས་པ་རྟགས་ལ་ལྟོས། །རྟགས་དང་བསྒྲུབ་བྱའི་ཁྱད་པར་བཤད། །དེས་ན་རྗེས་དཔག་ཉིད་ཀྱིས་གྲུབ་པའོ། །དང་པོ་ནི། གཟུང་དོན་བྱེད་པ་དེ་ལས་གཞན་པའི་ཕྱི་དོན་གྱི་དངོས་པོ་ནི་དབང་པོ་ལས་འདས་པ་ལྐོག་གྱུར་ཡིན་པས་མངོན་སུམ་དུ་མ་མཐོང་བའི་བདག་ཉིད་ཕྱི་དོན་རང་མཚན་གྱི་ངོ་བོ་དེ་ཆོས་ཅན། གཞན་གྱི་ངོ་བོའི་སྒོ་ནས་རྟོགས་ཏེ། ཁྱོད་རྟོགས་པའི་རྟེན་ནི་དོན་གཞན་གཏན་ཚིགས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གཏན་ཚིགས་ཐམས་ཅད་ལས་ལྐོག་གྱུར་གྱི་རང་མཚན་རྟོགས་སམ་ཞེ་ན། གལ་ཏེ་གཏན་ཚིགས་དེ་རྟེན་ཆོས་ཅན་དང་། ཆོས་དང་འབྲེལ་བ་ཅན་ཡིན་ན། དེའི་ཚེ་དུ་བ་ལྟ་བུ་ཆོས་ཅན། གཞི་འགར་ལྐོག་གྱུར་གྱི་མེའི་གོ་བྱེད་ཉིད་ཡིན་ཏེ། དེ་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའི་ཕྱིར། ཚུལ་གསུམ་ཚང་བའི་རྟགས་ལས་ལྐོག་གྱུར་གྱི་ཁྱད་པར་ཐམས་ཅད་རྟོགས་སམ་ཞེ་ན། ཚུལ་གསུམ་ཚང་བ་དེའི་ཚེ་གོ་བྱེད་དུ་བ་ལྟ་བུ་ཆོས་ཅན། ཁྱོད་ལས་གཞི་འགར་ལྐོག་གྱུར་གྱི་མེའི་དོན་ཐམས་ཅད་གསལ་བ་ལ་སོགས་པའི་ཁྱད་པར་དུ་ནི་རྟོགས་པར་མི་འགྱུར་ཏེ། ཁྱོད་ལ་རྗེས་སུ་འགྲོ་བས་ཁྱབ་པའི་མེ་དེ་མེ་སྤྱིའི་ངོ་བོ་ཉིད་དུ་རྟོགས་ཀྱི། གསལ་འབར་བ་ལ་སོགས་པའི་ཁྱད་པར་མ་ཡིན་པས་དེས་ན་སྟེ་དེའི་ཕྱིར། གསུམ་པ་ནི། རང་མཚན་ལྐོག་གྱུར་གྱི་སྒྲུབ་བྱེད་རྗེས་དཔག་གཅིག་ཏུ་ངེས་པ་ཡིན་ཏེ། ཆོས་ཅན་དང་ཆོས་འབྲེལ་བ་ཅན་གྱི་གཏན་ཚིགས་ཀྱི་ཆོས་ལས་ནི་ཆོས་ཅན་ལ་རང་མཚན་ལྐོག་གྱུར་གྱི་རྟོགས་པ་སྐྱེ་བ་གང་ཡིན་པ་དེས་ན་སྟེ་དེའི་ཕྱིར། གསུམ་པ་ནི། རང་མཚན་གཅིག་ཉིད་ལ་བློ་སོ་སོ་ལ་ལྟོས་ནས་གཞལ་བྱ་མངོན་ལྐོག་གཉིས་སུ་གྲངས་ངེས་པ་ཉིད་ཀྱིས་ཚད་མ་མངོན་རྗེས་གཉིས་སུ་ངེས་པར་བཞེད་པ་ཡིན་ཏེ། རང་མཚན་གཅིག་ཉིད་མངོན་སུམ་དུ་གྱུར་པ་དང་། ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པ་ལས་གཞལ་བྱ་རྟོགས་ཚུལ་གཞན་ནི་ཡོད་པ་མ་ཡིན་པ་དེའི་ཕྱིར། གསུམ་པ་ཚུལ་དེས་གྲངས་གཞན་སེལ་བར་བསྟན་པ་ནི། ཚད་མ་མངོན་རྗེས་གཉིས་ལས་གྲངས་མང་བ་གསུམ་ལ་སོགས་པ་དང་། ཉུང་བ་གཅིག་གི་གྲངས་ནི་བསལ་བ་ཡིན་ཏེ། གཞལ་བྱ་རང་མཚན་ལ་མངོན་ལྐོག་གཉིས་སུ་གྲངས་ངེས་པ་ནི་མཐོང་བའི་ཕྱིར། གཉིས་པ་གྲངས་གཞན་འདོད་པའི་ལོག་རྟོག་དགག་པ་ལ་གཉིས་ཏེ། ཉུང་བའི་ཕྱོགས་ཀྱི་ལོག་རྟོག་དགག །མང་བའི་ཕྱོགས་ཀྱི་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས་ཏེ། གཅིག་ཏུ་འདོད་པའི་ལོག་རྟོག་བརྗོད། །དེ་ཉིད་རྣམ་པར་བརྟགས་ནས་དགག་པའོ། །དང་པོ་ནི། རྒྱང་འཕེན་པ་ན་རེ། སྤྱི་མཚན་ཆོས་ཅན། གཞལ་བྱ་མ་ཡིན་ཏེ། མེད་པའི་ཕྱིར་ཏེ། མངོན་སུམ་དུ་མ་མཐོང་བའི་ཕྱིར། དེའི་ཕྱིར་གཞལ་བྱ་ནི་མངོན་སུམ་དུ་མཐོང་བའི་རང་མཚན་གཅིག་ཉིད་ཡིན་པས་དེ་འཇལ་བའི་མངོན་སུམ་ཁོ་ན་ཚད་མ་ཡིན་གྱི། རྗེས་དཔག་ནི་མ་ཡིན་ནོ་ཞེ་ན། གཉིས་པ་ལ་བཞི་སྟེ། རྗེས་དཔག་ཚད་མ་མིན་པའི་སྒྲུབ་བྱེད་དགག །རྗེས་དཔག་ཚད་མ་ཡིན་པའི་སྒྲུབ་བྱེད་དགོད། །རྗེས་དཔག་ཚད་མ་མིན་ན་ཧ་ཅང་ཐལ། །དེས་ན་ཚད་མ་གཉིས་སུ་གྲུབ་པར་བསྟན་པའོ། །དང་པོ་ནི། སྤྱི་མཚན་དོན་ལ་མེད་པའི་ཕྱིར་དོན་ལ་གཞལ་བྱ་མ་ཡིན་པ་ནི་ཁོ་བོའང་འདོད་དེ། རང་གི་མཚན་ཉིད་གཅིག་གཞལ་བྱ་ཞེས་སྨྲས་ཟིན་པའི་ཕྱིར་རོ། །སེལ་ངོར་མེད་པའང་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྤྱི་མཚན་གཞལ་བྱ་མིན་པར་སྒྲུབ་པ་ལ་ཁྱབ་པ་མ་ངེས་པ་ཉིད་ཡིན་ཏེ། ཁྱོད་ཚད་མས་ངེས་པའི་ཕྱིར། དམ་ཅེས་པ་ནི་འོག་མ་འདྲེན་པའོ། །གཉིས་པ་ལ་གཉིས་ཏེ། དགག་པའི་རྗེས་དཔག་ཁས་བླངས་ཉིད་ཀྱིས་འགྲུབ། །སྒྲུབ་པའི་རྗེས་དཔག་དངོས་སྟོབས་རིགས་པས་འགྲུབ་པའོ། །དང་པོ་ལ་གཉིས་ཏེ། དངོས་ཀྱི་དོན་དང་། ཉེས་སྤོང་དགག་པའོ། །དང་པོ་ནི། ཚད་མ་གཉིས་པ་རྗེས་དཔག་ཆོས་ཅན། ཁྱོད་གྲུབ་སྟེ། སྤྱི་མཚན་མེད་པ་ལྟ་བུའི་མེད་དགག་དེ་ངེས་པའི་ཚད་མ་དེ་ཁྱོད་ཉིད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མངོན་སུམ་འཇུག་པའི་སྒྲུབ་བྱེད་དགག །མངོན་སུམ་རྟོགས་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི་མ་གྲུབ་སྟེ། མེད་དགག་དེ་དབང་པོའི་མངོན་སུམ་གྱིས་ངེས་པའི་ཕྱིར་ཞེ་ན། དབང་པོ་ལས་སྐྱེས་པའི་བློ་མངོན་སུམ་ཆོས་ཅན། མེད་དགག་ལ་འཇལ་བྱེད་དུ་འཇུག་པ་མིན་ཏེ། རང་གི་གཟུང་དོན་གྱི་སྟོབས་ལས་སྐྱེས་པའི་ཕྱིར། གལ་ཏེ་མ་གྲུབ་ན། དབང་པོ་ལས་སྐྱེས་པའི་བློ་མངོན་སུམ་ནི་ཆོས་ཅན། ཁྱོད་དང་ཡུལ་གྱི་བར་དུ་བར་ཆོད་རྩིག་པ་ལ་སོགས་པ་ཡོད་ན་ཡང་སྐྱེ་བར་འགྱུར་བར་ཐལ། གཟུང་དོན་གྱི་ནུས་པ་ལ་ལྟོས་པ་མེད་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་དགག་བྱའི་ཆོས་དེ་འཛིན་པའི་མངོན་སུམ་ཉིད་ལྡོག་པ་ལས་དགག་བྱའི་ཆོས་དེ་མེད་པར་ངེས་པ་ཡིན་གྱི། མངོན་སུམ་འཇུག་པས་མེད་དགག་ངེས་པ་མ་ཡིན་ནོ་ཞེ་ན། མངོན་སུམ་ལྡོག་པའི་མེད་དགག་དེ་ཉིད་ཀྱིས་སྤྱི་མཚན་མེད་པར་ངེས་ཞེས་པ་ནི་རང་ཚིག་འགལ་བའམ་དེ་ཉིད་རྒྱུ་མཚན་དུ་བྱས་ནས་སྤྱི་མེད་པར་ངེས་པ་ཡིན་ན་རྟགས་ལ་བརྟེན་པའི་རྗེས་དཔག་ཚད་མ་ཡོད་པར་གྲུབ་སྟེ་མངོན་སུམ་ལྡོག་པ་དེ་ཉིད་སྤྱི་མཚན་མེད་པར་གྲུབ་པའི་ལྡོག་པ་དང་། རྗེས་འགྲོ་ཅན་གྱི་རྟགས་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། གཞན་སེམས་རྟོགས་པས་རྗེས་དཔག་གྲུབ། །བསླུ་བ་མེད་པས་ཚད་མ་གྲུབ་པའོ། །དང་པོ་ནི། རིགས་པ་སྔ་མས་མ་ཟད་ཡང་ཚད་མ་གཉིས་པ་ནི་གྲུབ་པ་ཡིན་ཏེ། ཚུར་མཐོང་གིས་ཕ་རོལ་པོ་གཞན་ལ་སེམས་སམ་ངག་ནི་ཡོད་པར་ཚད་མས་རྟོགས་པའི་ཕྱིར་རོ། །ཅི་ལྟར་ཞེ་ན། ངག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན། སེམས་དེའི་ངོ་བོ་ཡོད་པར་ངེས་པར་གྲུབ་སྟེ། ངག་སྨྲ་བ་སོགས་ཐ་སྙད་ལ་ནི་འཇུག་པའི་ཕྱིར། ཞེས་པའི་རྟགས་ལས་སོ། །གཉིས་པ་ལ་གཉིས་ཏེ། དངོས་དང་། རྩོད་པ་སྤོང་བའོ། །དང་པོ་ནི། དུ་བ་ལས་མེ་དང་། ཤ་བ་ལས་ཤིང་དཔོག་པ་ལྟ་བུའི་རྗེས་དཔག་དེ་ཆོས་ཅན། ཚད་མ་ཉིད་ཡིན་ཏེ། བསླུ་བ་མེད་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་ཚུལ་གསུམ་ཚང་བའི་གཏན་ཚིགས་འགའ་ཞིག་མི་འཁྲུལ་ཡང་ཚུལ་གསུམ་ཚང་བའི་གཏན་ཚིགས་འགའ་ཞིག་ལ་ཡིད་བརྟན་དུ་མེད་པས་དེ་བརྟེན་པའི་བློ་མི་སླུ་བ་མ་ཡིན་ཏེ། ལྷས་བྱིན་གྱི་བུ་ལས་སྔོ་སངས་བསྒྲུབ་པ་ལྟ་བུའི་གཏན་ཚིག་ལ་ལ་དག་ཏུ་ནི་འཁྲུལ་པ་མཐོང་བའི་ཕྱིར་ཅེ་ན། གཉིས་པ་ལ་གཉིས་ཏེ། འཁྲུལ་ན་གཏན་ཚིགས་ཡང་དག་མིན། །ཡང་དག་རྟགས་ལ་འཁྲུལ་པ་མེད་པའོ། །དང་པོ་ནི། རྒྱང་འཕེན་པ་ཆོས་ཅན། ཁྱོད་ཀྱིས་རྟགས་ལོག་པ་ཚུལ་གསུམ་མ་ཚང་བ་ལ་ཚུལ་གསུམ་ཚང་བར་མཐོང་བའི་ཕྱིར། ཚུལ་གསུམ་མ་ཚང་བའི་རྟགས་དེ་འཁྲུལ་པ་དེ་འདྲ་བར་མཐོང་བ་ཡིན་གྱི། ཚུལ་གསུམ་མ་ཚང་བ་དེ་གཏན་ཚིགས་ཡང་དག་མ་ཡིན་ཏེ། ཚུལ་གསུམ་མ་ཚང་བ་དེ་ལ་ཁྱོད་ཀྱིས་ཚུལ་གསུམ་ཚང་བར་མཐོང་ཡང་དོན་ལ་ཚུལ་གསུམ་མ་ཚང་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྒྲུབ་པའི་རྟགས་ལ་འཁྲུལ་པ་མེད། །དགག་པའི་རྟགས་ལ་འཁྲུལ་པ་མེད་པའོ། །དང་པོ་ནི། དུ་བ་དང་ཤ་བ་ལྟ་བུ་གང་ལས་དུས་འགའ་ཞིག་གི་ཚེ་ཆོས་ཅན་གྱི་དངོས་པོ་འགའ་ལ་མེ་དང་ཤིང་དེའི་རྟོག་པ་གྲུབ་པར་གྱུར་པའི་དུ་བ་དང་ཤ་པ་དེ་ནི་ཆོས་ཅན། རང་གི་རྒྱུ་མེའམ་རང་གི་ངོ་བོ་ཤིང་དག་མེད་པར་ཁྱོད་ཀྱི་དོན་ནི་སྲིད་པ་མིན་ཏེ། ཁྱོད་ལས་སྐྱེས་པའམ། ཤིང་དེའི་ངོ་བོར་གདོན་མི་ཟ་བའི་ཕྱིར། ཚུལ་གསུམ་ཚང་བའི་གཏན་ཚིགས་གཞན་ལ་ཡང་འཁྲུལ་པ་མི་སྲིད་དེ། འབྲས་བུ་དང་ཁྱབ་བྱ་དེ་དག་རྒྱུ་དང་ཁྱབ་བྱེད་ལ་རང་བཞིན་འབྲེལ་བ་གྲུབ་པས་མི་འཁྲུལ་བར་མཐོང་བ་གང་ཡིན་པ་དེ་ཉིད་ཚུལ་གསུམ་ཚང་བའི་གཏན་ཚིགས་གཞན་དུའང་མི་འཁྲུལ་བར་འཇོག་པའི་མཚན་ཉིད་དེ་འཇོག་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། ཡོད་ན་ལྟར་རུང་གི་ཤ་པ་རང་གི་ངོ་བོ་ཤིང་ངམ། དུ་བ་རང་གི་རྒྱུ་མེ་མཐོང་བའི་རྒྱུ་གཞན་དབང་པོ་ལ་སོགས་པ་དག་ཡོད་པའི་གཞིར་རང་བཞིན་དང་རྒྱུ་དེ་དག་སྣང་བ་མེད་ན་ནི་ཆོས་ཅན། གཞི་དེར་རང་བཞིན་དང་རྒྱུ་དེ་དང་ལྡན་པ་རང་བཞིན་ཅན་ཤ་པ་དང་། འབྲས་བུ་དུ་བ་རྣམས་ཀྱང་ཇི་ལྟར་ཡོད་དེ་མེད་པར་ཐལ། གཞི་དེ་རང་བཞིན་ཤིང་དང་། རྒྱུ་མེ་ཚད་མས་ཁེགས་པའི་ཕྱིར། གསུམ་པ་ནི། སྤྱིའི་བློ་རྗེས་དཔག་ནི་ཚད་མ་མིན་པར་མངོན་སུམ་ཁོ་ན་ཚད་མ་ཡིན་ན་ཚུ་རོལ་མཐོང་བ་ཆོས་ཅན། རང་ལ་ལྐོག་གྱུར་གྱི་དོན་མ་ལུས་པ་མེད་པ་ཐོབ་པར་འགྱུར་བར་ཐལ། རང་ལ་ལྐོག་གྱུར་གྱི་དོན་མ་ལུས་པ་ད་ལྟར་རང་གི་མངོན་སུམ་གྱིས་མ་གྲུབ་པའི་ཕྱིར། དཔེར་ན་འཇིག་རྟེན་ཕ་རོལ་གྱི་དངོས་པོ་བཞིན་ནོ། །གལ་ཏེ་རང་ལ་ལྐོག་གྱུར་རྣམས་རང་གི་དབང་པོའི་མངོན་སུམ་རྣམས་ཀྱིས་དུས་གཞན་དུ་ནི་རྟོགས་པ་སྲེད་པས་དེ་དག་མེད་པའི་སྐྱོན་མེད་དོ་ཞེ་ན། ཐ་མལ་པའི་དབང་པོའི་མངོན་སུམ་གྱི་བློ་ནི་ཆོས་ཅན། ལྐོག་གྱུར་མ་ལུས་པ་ཁྱོད་ཀྱིས་དུས་གཞན་གྱི་ཚེ་རྟོགས་པ་དེ་རིགས་པ་མིན་ཏེ། དབང་པོ་གཟུགས་ཅན་པ་དང་། རྒྱུས་འབྲས་བུ་བསྐྱེད་པའི་ནུས་པ་སོགས་ལ་ཁྱོད་འཇུག་པ་མི་སྲིད་པའི་ཕྱིར། གལ་ཏེ་དེ་ཉིད་ཀྱི་ཕྱིར་དེ་དག་མེད་པ་རྟོགས་པ་ཡིན་ནོ་ཞེ་ན་ནི། དབང་པོའི་བློ་དང་འབྲས་བུ་སྐྱེ་བ་རྒྱུ་མེད་དུ་འགྱུར་བར་ཐལ། དབང་པོ་གཟུགས་ཅན་པ་དང་། རྒྱུ་ལ་འབྲས་བུ་སྐྱེད་པའི་ནུས་པ་མེད་པའི་ཕྱིར། བཞི་པ་ནི། མངོན་སུམ་ཁོ་ན་ཚད་མ་མ་ཡིན་པར་ཚད་མ་ལ་མངོན་རྗེས་གཉིས་སུ་གྲུབ་སྟེ། རང་མཚན་མངོན་གྱུར་ལ་རྣམ་རྟོག་མེད་པའི་བློ་འཇུག་པ་ཉིད་ཀྱིས་ན་རང་གི་མཚན་ཉིད་མངོན་གྱུར་ལ་མངོན་སུམ་འཇལ་བྱེད་དུ་འཇུག རྣམ་རྟོག་མེད་པར་སྤྱི་འཛིན་པ་མིན་པ་དེའི་ཕྱིར་ན་སྤྱི་དེ་ལ་རྗེས་དཔག་ཉིད་འཇལ་བྱེད་དུ་འཇུག་པའི་ཕྱིར། གཉིས་པ་མང་བའི་ཕྱོགས་ཀྱི་ལོག་རྟོག་དགག་པ་ལ་གཉིས་ཏེ། ལོག་རྟོག་གཉིས་པོ་ལྷན་ཅིག་བརྗོད། །འགོག་བྱེད་རིགས་པ་སོ་སོར་བཤད་པའོ། །དང་པོ་ལ་གསུམ་སྟེ། འདྲེས་པ་འཛིན་པ་ཚད་མ་གཞན་དུ་འགྱུར། །ཁྱད་པར་མཐོང་བ་ཚད་མ་གཞན་དུ་འགྱུར། །དེས་ན་གཉིས་ལས་གྲངས་གཞན་སེལ་མི་ནུས་པའོ། །དང་པོ་ནི། རིགས་པ་ཅན་པ་ན་རེ། ཚད་མ་ཆོས་ཅན། ཁ་དོག་ནི་མི་རྟག་པ་ཉིད་དུ་རྟོགས་པར་མི་འགྱུར་བར་ཐལ། གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར་ནའོ། །ཁྱབ་སྟེ། ཁ་དོག་རང་མཚན་དང་མི་རྟག་པ་སྤྱི་མཚན་ཡིན་པས་ཁ་དོག་མི་རྟག་པ་དེ་རང་སྤྱི་འདྲེས་པ་ཡིན་པའི་ཕྱིར། དེས་ན་ཁ་དོག་མི་རྟག་པ་དེ་རྟོགས་པའི་བློ་ཆོས་ཅན། ཚད་མ་གཉིས་ལས་གཞན་དུ་འགྱུར་ཏེ། སྤྱི་མཚན་ཡིན་པས་མངོན་སུམ་མ་ཡིན་ཞིང་། རྟགས་ལ་ལྟོས་པ་མེད་པར་ནི་ཡོད་པས་རྗེས་དཔག་ཀྱང་མ་ཡིན། ཚད་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དཔྱོད་པ་པ་ན་རེ། སྔར་ཁང་ནང་དུ་མེ་མངོན་སུམ་དུ་མཐོང་། ཕྱིས་ཁང་རྒྱབ་ཏུ་དུ་བའི་རྟགས་ལས་སྔར་མངོན་སུམ་གྱིས་མཐོང་བའི་མེ་དེ་ཉིད་འདི་ཡིན་ནོ་ཞེས་འཛིན་པ་ནི་སྔར་གྱི་མེའི་ཁྱད་པར་དེ་ཉིད་མཐོང་བའི་ཚད་མ་ཡིན་ལ། དེ་ལྟ་བུའི་བློ་ནི་ཆོས་ཅན། ཚད་མ་གཉིས་ལས་གཞན་ཡིན་ཏེ། རྟགས་ལ་ལྟོས་པས་མངོན་སུམ་མ་ཡིན། རང་གི་རྟེན་གཞི་རྟགས་དུ་བ་དང་ནི་མེའི་ཁྱད་པར་དེ་འབྲེལ་བ་རྟོགས་པ་མེད་པས་རྗེས་དཔག་ཀྱང་མ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཚད་མ་རྣམས་མངོན་རྗེས་གཉིས་ལས་གྲངས་མང་པོ་ཉིད་དུ་གྲུབ་སྟེ། གཞལ་བྱ་ལ་རང་སྤྱི་གཉིས་དང་། རང་སྤྱི་འདྲེས་པ་སོགས་མང་པོ་ཡོད་པའི་ཕྱིར་རམ། གཞལ་བྱ་གཅིག་པ་ལ་ཡང་ཚད་མ་དུ་མ་ཉིད་ནི་འཇལ་བྱེད་དུ་འཇུག་པའི་ཕྱིར་ཏེ། མངོན་རྗེས་གཉིས་ཀ་འཇུག་ཡུལ་རང་མཚན་གཅིག་ལ་འཇུག་པར་ཁས་བླངས་པའི་ཕྱིར། དེས་ན་ཚད་མ་གཅིག་ལ་སོགས་པའི་གྲངས་ཀྱང་སེལ་བར་མི་འགྱུར་བར་ཐལ། མངོན་རྗེས་གཉིས་པོ་ཡུལ་སོ་སོར་ངེས་པ་ནི་མེད་པར་གཅིག་གིས་ཡུལ་ལ་གཉིས་ཀ་འཇུག་པས་ཅིག་ཤོས་དོན་མེད་པའི་ཕྱིར་དང་། དཔེར་ན། ཁྱད་པར་མཐོང་བ་བཞིན་ནོ། །ཚད་མ་གསུམ་ལ་སོགས་པའི་གྲངས་ཀྱང་སེལ་བར་མི་འགྱུར་བར་ཐལ། གཞལ་བྱ་ལ་རང་སྤྱི་གཉིས་ལས་གཞན་རང་སྤྱི་འདྲེས་པ་སོགས་ནི་ཡོད་པའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ལ་གཉིས་ཏེ། འདྲེས་པ་འཛིན་པ་གཞན་དུ་འགྱུར་བ་སྤོང་། །ཁྱད་པར་མཐོང་བ་གཞན་དུ་འགྱུར་བ་སྤོང་བའོ། །དང་པོ་ལ་བཞི་སྟེ། རྟགས་ལས་རྟོག་པ་སྤྱི་འཛིན་རྗེས་དཔག་ཡིན། །རྗེས་ཀྱི་ངེས་པས་རྟོགས་པ་ཚད་མ་ཡིན། །ཞིག་འཇིག་གཅིག་པའི་ལུགས་ལའང་རྗེས་དཔག་ཡིན། །ཞར་ལ་གཞན་སྡེའི་མི་རྟག་འདོད་ཚུལ་དགག་པའོ། །དང་པོ་ལ་གསུམ་སྟེ། དངོས་དོན་མདོར་བསྟན། ཞར་བྱུང་རྒྱས་པར་བཤད། དཀྱུས་མའི་མཇུག་བསྡུ་བའོ། །དང་པོ་ནི། མདོར། དེ་ལ་རབ་སྦྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ཏེ། །ཞེས་པའི་དོན་འཆད་དེ། ཁ་དོག་མི་རྟག་པར་ངེས་པའི་ཚད་མ་ཆོས་ཅན། ཁ་དོག་རང་མཚན་ལ་མི་རྟག་པའི་སྤྱི་སྦྱར་ནས་འཛིན་པའི་རྒྱུ་མཚན་གྱིས་ཚད་མ་གཞན་ཡིན་པའི་སྐྱོན་འདིར་ཐལ་བར་མི་འགྱུར་ཏེ། ཁ་དོག་གི་སྤྱི་ལ་མི་རྟག་པའི་སྤྱི་སྦྱོར་ནས་འཛིན་པའི་ཕྱིར་རོ། །ཁ་ཅིག འདིར་དྲི་བ་གཉིས་བྱས་ནས་བྱས་རྟགས་ལས་ཁ་དོག་མི་རྟག་རྟོགས་པའི་ཚད་མ་ཆོས་ཅན་དུ་འཛིན་པ་ནི་ཕྱོགས་སྔ་མ་དང་མ་འབྲེལ་ཏེ། རྟགས་མེད་པར་ནི་ཡོད་ཕྱིར་རོ། །ཞེས་པའི་མཚན་གཞི་ལ་མི་གནོད་པའི་ཕྱིར་རོ། །ཁ་ཅིག་རྗེས་དཔག་ཆོས་ཅན་དུ་འཛིན་ན་ཤཱཀྱ་དང་འགལ་ཞེས་བཀག་ནས། མངོན་སུམ་གྱིས་དྲངས་པའི་བཅད་ཤེས་ཆོས་ཅན་དུ་འཛིན་པ་ནི། དངོས་གང་ཇི་ལྟ་བུར་གྱུར་པ། །ཞེས་སོགས་ཀྱི་གཞུང་དང་མ་འབྲེལ་བ་དང་། རྗེས་སུ་དཔག་པས་མི་རྟག་སོགས། །ཞེས་པ་དང་དངོས་སུ་འགལ་བས་མི་འཐད་དོ། །དེས་ན་ཕྱོགས་སྔ་ཕྱི་གཉིས་ཆར་ལ་མཐུན་སྣང་དུ་གྲུབ་ཅིང་། ཕྱོགས་སྔ་མས་མངོན་སུམ་གྱིས་དྲངས་པས་བཅད་ཤེས་ལ་ཡང་འཇུག་ཏུ་རུང་། རང་གི་རྗེས་དཔག་ལ་སྦྱོར་དུ་རུང་བའི་ཁ་དོག་མི་རྟག་པར་ངེས་པའི་ཚད་མ་འཛིན་པ་ནི་གནད་ཀྱི་དོན་ནོ། །གཉིས་པ་ལ་གསུམ་སྟེ། སྤྱི་ལ་སྦྱོར་ཡང་དངོས་པོའི་ཆོས་སུ་གྲུབ། །གཞན་ལ་འཁྲུལ་ཡང་འབྲེལ་པས་བསླུ་བ་མེད། །འབྲེལ་པས་བསླུ་བ་མེད་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། མི་རྟག་པ་དེ་དངོས་མེད་ཀྱི་ཆོས་སུ་འགྱུར་ཏེ། ཁ་དོག་གི་སྤྱི་དངོས་མེད་ཡིན་ཅིང་དེའི་ཆོས་ཡིན་པའི་ཕྱིར་རོ་ཞེ་ན། མི་རྟག་པ་ཆོས་ཅན། ཁྱོད་དངོས་མེད་ཀྱི་ངོ་བོ་དེ་ཆོས་མིན་ཏེ། དོན་ལ་ཁ་དོག་དེ་ཉིད་ཁྱོད་དེ་ལྟར་གྲུབ་པས་སྒྲུབ་མི་དགོས་ཀྱང་བློ་ངོར་ཁ་དོག་རང་མཚན་པ་དེ་ཁྱོད་རང་མཚན་པར་མ་གྲུབ་པ་སྒྲུབ་པའི་ཕྱིར་རོ། །གཉིས་པ་ནི། གཞན་ཁ་དོག་གི་རྣམ་པ་ལ་མི་རྟག་པ་བསྒྲུབས་པས་གཞན་ཁ་དོག་རང་མཚན་མི་རྟག་པར་གྲུབ་པ་མིན་པར་འགྱུར་ཏེ། རྣམ་པ་ཤེས་པ་དང་། ཁ་དོག་ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར་ཞེ་ན། ཁ་དོག་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། ཁ་དོག་མི་རྟག་པའི་རྣམ་པ་གྲུབ་པས་ཁ་དོག་མི་རྟག་པ་མི་གྲུབ་པ་མིན་ཏེ། རང་ལ་སྣང་བའི་རྣམ་པ་དེ་ཉིད་ཁ་དོག་མི་རྟག་པ་རང་མཚན་དུ་ཞེན་པས་འཇུག་ཡུལ་ཁ་དོག་མི་རྟག་པ་གྲུབ་པའི་ཕྱིར་ཏེ། ཁ་དོག་མི་རྟག་པ་ལ་བརྒྱུད་ནས་འབྲེལ་བ་གྲུབ་པའི་རྟོག་པ་ཚད་མ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། སྒྲུབ་པའི་རྗེས་དཔག་འབྲེལ་བས་བསླུ་བ་མེད། །དགག་པའི་རྗེས་དཔག་འབྲེལ་བས་བསླུ་བ་མེད་པའོ། །དང་པོ་ལ་བཞི་སྟེ། ཇི་ལྟར་འབྲེལ་ཚུལ་དངོས། དེས་ན་བསླུ་མེད་འགྲུབ། བསླུ་བ་མེད་ཀྱང་འཁྲུལ། ཚུལ་དེས་གྲུབ་པའི་དོན་ནོ། །དང་པོ་ནི། རྗེས་དཔག་འཇུག་ཡུལ་རང་མཚན་ལ་བརྒྱུད་ནས་འབྲེལ་བ་ཇི་ལྟར་འགྲུབ་ཅེ་ན། སྒྲ་མི་རྟག་པ་དང་། ལ་མེ་ལྡན་དེ་ལྟ་ཡི་དངོས་པོ་ལ་རྟགས་འཛིན་སེམས་དེས་བསྐྱེད་པའི་སྒྲ་མི་རྟག་པ་དང་། ལ་མེ་ལྡན་རྟོགས་པའི་རྟགས་ཅན་གྱི་བློ་ཆོས་ཅན། ཁྱོད་རང་གི་འཇུག་ཡུལ་མེ་དང་མི་རྟག་པ་རང་མཚན་ལ་བརྒྱུད་ནས་འབྲེལ་ཏེ། མི་རྟག་པ་དང་མེའི་དངོས་པོ་གང་བྱས་པའི་རང་བཞིན་དང་། དུ་བའི་རྒྱུ་ཇི་ལྟ་བུར་གྱུར་པ། དེ་འདྲ་བའི་མི་རྟག་པ་དང་མེ་དེ་ནི་རྟགས་བྱས་པ་དང་། དུ་བ་འཛིན་པའི་སེམས་ཀྱི་རྒྱུ་ཡིན། རྟགས་འཛིན་གྱི་སེམས་གཉིས་པོ་དེ་ལས་ཁྱོད་སྐྱེས་པའི་ཕྱིར་རོ། །གཉིས་པ་ནི། ཚུལ་དེ་ལྟར་ན་རྟགས་ཀྱི་བློ་དང་། རྟགས་ཅན་གྱི་བློ་གཉིས་པོ་ཆོས་ཅན། རང་མཚན་དེར་སྣང་བ་ཡིས་ནི་སྟོང་ཡང་འཇུག་ཡུལ་རང་མཚན་ལ་སླུ་བྱེད་ཉིད་མ་ཡིན་ཏེ། བརྒྱུད་པ་ཡིས་ནི་འཇུག་ཡུལ་རང་མཚན་གྱི་དངོས་པོ་དང་འབྲེལ་པའི་ཤེས་པ་ཡིན་པའི་ཕྱིར། འདིར་རྟགས་འཛིན་སེམས་འཇུག་ཡུལ་ལ་མི་སླུ་བའི་ཤེས་པ་ཡིན་པར་གསུངས་པ་ནི་འཇུག་ཡུལ་ལ་མི་བསླུ་བའི་ཤེས་པའི་རྒྱུ་ཡིན་པས་དེའི་མིང་གིས་བཏགས་པ་སྟེ། ཤས་རྟགས་ཀྱི་ཡུལ་ཅན་མངོན་སུམ་གྱི་ཕྱིས་བྱུང་བ་གང་ཡིན་པ་དེ་ནི་ཚད་མར་ཐ་སྙད་བྱ་སྟེ། ཚད་མའི་རྒྱུ་ཉིད་ཡིན་པའི་ཕྱིར་ཞེས་སོ། །དཔེར་ན་ཚད་མ་མདོར་རྗེས་དཔག་གི་མིང་གིས་བཏགས་པ་བཞིན་ནོ། །གསུམ་པ་ནི། རྗེས་དཔག་དེ་མ་འཁྲུལ་བ་ཡིན་པར་འགྱུར་ཏེ། མི་བསླུ་བ་ཕྱིར་མངོན་སུམ་བཞིན་ནོ་ཞེ་ན། རྗེས་དཔག་དེ་ཆོས་ཅན། དངོས་པོ་རང་མཚན་ལ་སླུ་བྱེད་ཉིད་མིན་ཡང་འཁྲུལ་བར་རྣམ་གཞག་བྱས་པ་ཡིན་ཏེ། ཕྱི་དོན་རང་མཚན་དེའི་ངོ་བོས་སྟོང་པའི་རྣམ་པ་དེ་དག་ཕྱི་དོན་རང་མཚན་དེའི་ངོ་བོར་ཞེན་པའི་ཕྱིར། བཞི་པ་ནི། རྗེས་དཔག་འཇུག་ཡུལ་ལ་བརྒྱུད་ནས་འབྲེལ་པ་དེའི་ཕྱིར། རྟགས་ཅན་དེའི་བློ་སྒྲ་མི་རྟག་པ་དང་། ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། བསྒྲུབ་བྱའི་དངོས་པོ་རྟོགས་པར་བྱ་བ་སྒྲ་མི་རྟག་པ་དང་། ལ་མེ་ལྡན་ལ་བརྒྱུད་ནས་འབྲེལ་བ་གྲུབ་པས་མི་བསླུ་བ་ཡིན་ཏེ། ཁྱབ་བྱེད་བྱས་པ་དེའི་ངོ་བོ་མི་རྟག་པའམ་དུ་བའི་རྒྱུ་མེ་དག་ཁྱབ་པར་བྱ་བ་བྱས་པ་དང་། དུ་བ་འཛིན་པའི་སེམས་ཀྱི་རྒྱུ་མཚན་ཡིན་ཞིང་། རྟགས་འཛིན་གྱི་སེམས་གཉིས་པོ་དེ་ཡང་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །འདིར་རྟགས་འཛིན་སེམས་ལ་ཁྱབ་བྱ་འཛིན་པའི་སེམས་ཞེས་གསུངས་པ་ཉིད་ཀྱིས་རིགས་དེ་ལས་རྟགས་འཛིན་གྱི་སེམས་རྟགས་སུ་དགོད་བྱའི་རང་ལྡོག་ངེས་པའི་བཅད་ཤེས་ཡིན་པར་གསུངས་པ་གཞུང་གི་དགོངས་པར་གྲུབ་བོ། །གཉིས་པ་ལ་གཉིས་ཏེ། དགག་བྱ་འགོག་པའི་དོན་ལ་ཐ་དད་མེད། །སྦྱོར་བ་འགོད་ཚུལ་སྒོ་ནས་སོ་སོར་ཕྱེ་བའོ། །དང་པོ་ལ་གཉིས་ཏེ། དགག་པ་ཐམས་ཅད་མི་དམིགས་པ་ལས་གྲུབ། དེས་ན་འགལ་ཟླ་དམིགས་པས་མི་དམིགས་འཕེན་པའོ། །དང་པོ་ནི། སྒྲུབ་རྟགས་ལ་འབྲེལ་བ་གྲུབ་པས་རྗེས་དཔག་མི་བསླུ་བར་གྲུབ་ཀྱང་དགག་རྟགས་ལ་འབྲེལ་བ་ཇི་ལྟར་གྲུབ་ཅེ་ན། རྒྱུ་མ་དམིགས་པ་དང་། མི་སྣང་བ་མ་དམིགས་པ་གཉིས་ལ་ལྡོག་འབྲེལ་དེ་བྱུང་འབྲེལ་བ་གྲུབ། ཁྱབ་བྱེད་མ་དམིགས་པ་ལ་ལྡོག་འབྲེལ་བདག་གཅིག་འབྲེལ་བ་གྲུབ་ཅིང་། མ་དམིགས་པའི་གཏན་ཚིགས་གཞན་རྣམས་མཐར་དགག་བྱ་ཚད་མས་མ་དམིགས་པས་དགག་བྱ་མེད་ངེས་སུ་བསྒྲུབ་པར་མཚུངས་ལ། དེ་ནི་མཐར་རང་བཞིན་གྱི་རྟགས་སུ་འདུས་པས་བདག་གཅིག་གི་འབྲེལ་པ་གྲུབ་བོ་ཞེས་སྟོན་པ་ནི། དགག་གཞི་འགོག་པར་དགག་ཆོས་དགག་པ་ཉིད་ནི་འགལ་ལྔ་དམིགས་པ་རྟགས་སུ་འགོད་པ་སོགས་ཐམས་ཅད་དུ་དགག་ཆོས་ཚད་མས་མི་དམིགས་པ་ལས་གྲུབ་པ་ཡིན་ཏེ། བུམ་པ་སོགས་ཡོད་པའི་འཇོག་བྱེད་ཚད་མས་གྲུབ་པ་ཡིན་པར་སྨྲ་བ་རྣམས་ཀྱི་དོན་གྱི་བཟློག་པ་ཚད་མས་གྲུབ་པ་ལོག་པ་ཉིད་ལས་དགག་ཆོས་དེ་མེད་ངེས་སུ་གྲུབ་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། འགལ་དམིགས་གཉིས་ཀྱི་མི་དམིགས་འཕེན། །མི་འཕེན་ན་ནི་ཧ་ཅང་ཐལ། །མ་དམིགས་གཞན་ཡང་དེ་ལྟར་གྲུབ་པའོ། །དང་པོ་ནི། འོ་ན་འགལ་ལྔ་དམིགས་པ་རྟགས་སུ་བཀོད་པ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། གཞི་འགར་གྲང་རེག་དང་། གྲང་འབྲས་སྤུ་ལོང་བྱེད་དགག་པ་གྲང་རེག་དེ་དང་འགལ་བའམ། སྤུ་ལོང་བྱེད་དེའི་རྒྱུ་དང་འགལ་བའི་མེ་ཡོད་པར་བརྗོད་པ་མཐོང་བ་གང་ཡིན་པ་དེ་ཡང་ཆོས་ཅན། གྲང་རེག་དང་། གྲང་འབྲས་སྤུ་ལོང་བྱེད་དེ་ཡི་དམིགས་བྱེད་ཀྱི་ཚད་མ་ཉིད་མེད་པ་འཕེན་པར་བྱེད་པ་ཡིན་ཏེ། གཞི་དེར་གྲང་རེག་དང་གྲང་འབྲས་སྤུ་ལོང་བྱེད་འགོག་ནུས་ཀྱི་དངོས་པོ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལས་གཞན་དུ་ན། གཞི་འགར་མེའི་དངོས་པོ་གཅིག་ཡོད་པར་བརྗོད་པས་གཞན་གྲང་རེག་དང་། གྲང་འབྲས་སྤུ་ལོང་བྱེད་མེད་པ་དེ་ནི་གང་ལས་རྟོགས་ཞེས་དྲིས་པས། དེ་གཉིས་དང་འགལ་བའི་ཕྱིར་ཞེ་ན། འགལ་བ་དེ་ཉིད་ཀྱང་ཅིས་གྲུབ། ལྷན་ཅིག་ཏུ་མི་གནས་པའི་ཕྱིར་འགལ་བར་གྲུབ་བོ་ཞེ་ན། ལྷན་ཅིག་མི་གནས་པ་དེ་ཡང་གང་ལས་གྲུབ་པར་འདོད། གྲང་རེག་གི་རྒྱུན་མ་གཏུགས་པར་འབྱུང་བ་ན་མེ་ཉེ་བའི་སྟོབས་ཀྱིས་གྲང་རེག་སྣང་དུ་རུང་བ་མཐོང་བ་མེད་པའི་ཕྱིར་ལྷན་ཅིག་མི་གནས་པར་གྲུབ་ཅིང་། དེས་ན་མེ་ལས་གྲང་རེག་མེད་པར་འགྲུབ་ཅེ་ན། མེས་གྲང་རེག་འགོག་པའི་སྐབས་འདིར་ཆོས་ཅན། མེ་ཉེ་བ་ཡོད་པའི་སྟོབས་ཀྱིས་གྲང་རེག་སྣང་རུང་མཐོང་བ་མེད་པ་དེ་ནི་སྒྲུབ་བྱེད་ཚད་མ་ཉིད་མིན་པར་ཐལ། གྲང་རེག་ཚད་མས་མ་དམིགས་པ་དེ་སྒྲུབ་བྱེད་ཚད་མ་ཉིད་མ་ཡིན་པའི་ཕྱིར། གསུམ་པ་ནི། འགལ་ལྔ་དམིགས་པས་མི་དམིགས་པ་འཕེན་ན། མི་དམིགས་པ་རྟགས་སུ་བཀོད་ན་ཡང་གཏན་ཚིགས་གཞན་ཞིག་འཕེན་དགོས་པར་འགྱུར་རོ་ཞེ་ན། མ་དམིགས་པ་ལས་གཞན་གྱིས་མེད་པ་གོ་མི་ནུས་པ་དེའི་ཕྱིར་བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུ་མ་དམིགས་པ་རང་གི་སྒྲས་བརྗོད་ན་ཡང་བུམ་པ་ཚད་མས་མ་དམིགས་པ་དེ་ཉིད་ཆོས་ཅན། གཞི་འགར་བུམ་པ་མེད་པའི་སྒྲུབ་བྱེད་ཡིན་ཏེ། དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། གཞི་འགར་ཆོས་འགའ་ཞིག་དགག་པ་གང་ལ་ཆོས་དེ་མ་དམིགས་པ་དེ་ནི་སྒྲུབ་བྱེད་ཚད་མ་མིན་པར་འདོད་པ་དེས་ཆོས་ཅན། དགག་པའི་གཏན་ཚིགས་རྣམ་པ་ཀུན་ཏུ་བརྗོད་པར་བྱ་བ་མིན་ཏེ། ཆོས་དེ་མི་དམིགས་པས་ཆོས་དེ་མེད་པར་བསྒྲུབ་མི་ནུས་ཤིང་། དེ་ལས་གཞན་པའི་གཏན་ཚིགས་ཀྱང་མེད་པའི་ཕྱིར། རང་བཞིན་དང་རྒྱུ་འགལ་དམིགས་གཉིས་དགག་བྱའི་ཆོས་ཚད་མས་མ་དམིགས་པ་རྟགས་སུ་འཕེན་པར་བསྟན་པའི་རིགས་པ་དེས་ནི་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། གཞི་འགར་གྲང་རེག་འགོག་པ་ལ་གྲང་རེག་དེ་དང་འགལ་བ་མེའི་དོན་གྱི་འབྲས་བུ་དུ་བ་དྲག་ཕྱུར་བ་རྟགས་སུ་བརྗོད་པའི་ཚེ་ན་ཡང་གྲང་རེག་ཚད་མས་མ་དམིགས་པ་རྟགས་སུ་འཕེན་པར་བཤད་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། དམིགས་དང་མ་དམིགས་སྦྱོར་བའི་སྒོ་ནས་དབྱེ། །དམིགས་པ་ཉིད་ཀྱང་སྦྱོར་བའི་སྒོ་ནས་དབྱེ། །མ་དམིགས་ཉིད་ཀྱང་སྦྱོར་བའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ཏེ། སྦྱོར་བའི་སྒོ་ནས་འབྱེད་ཚུལ་བཤད། །གཉིས་ལས་གཞན་གྱི་གོ་བྱེད་དགག་པའོ། །དང་པོ་ནི། འགལ་ལྔ་དམིགས་པ་དང་འབྲེལ་ལྔ་མ་དམིགས་པའི་གཏན་ཚིགས་ཀུན་ལ་ཆོས་ཅན། སྦྱོར་བ་འགོད་ཚུལ་ཐ་དད་པ་ཉིད་ཡིན་གྱི། དགག་བྱ་འགོག་པའི་སྒོ་ནས་སོ་སོར་ཕྱེ་བ་མིན་ཏེ། དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་འགོག་པའི་དོན་ལ་ཐ་དད་མེད་པའི་ཕྱིར་དང་། སྦྱོར་བའི་སྒོ་ནས་དམིགས་པ་རྟགས་སུ་སྦྱོར་བ་དང་། མ་དམིགས་པ་རྟགས་སུ་སྦྱོར་བ་གཉིས་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དངོས་དོན་དཔེ་དང་བཅས་ཏེ་བཤད། །དཔེ་ཡི་སྒྲུབ་བྱེད་རྒྱས་པར་བཤད་པའོ། །དང་པོ་ནི། འགལ་ལྔ་དམིགས་པ་དང་། འབྲེལ་ལྔ་མ་དམིགས་པ་ལས་གཞན་པའི་དགག་རྟགས་ཀྱང་ཡོད་པས་དགག་བྱ་འགོག་ཚུལ་གཞན་ཡང་ཡོད་དོ་ཞེ་ན། དགག་བྱའི་ཆོས་ཀྱི་འགལ་བ་གྲུབ་པ་རྟགས་སུ་བཀོད་པ་དང་། དགག་བྱའི་ཆོས་དེ་ནི་རང་གི་ངོ་བོ་ཐབས་འབྲེལ་ཡུལ་དང་བཅས་པ་བཀག་པ་རྟགས་སུ་བཀོད་པ་མེད་པར་ནི་དགག་བྱ་དགག་པ་ལ་སྒྲུབ་བྱེད་ཚད་མ་ཡོད་པར་སྨྲ་བ་གང་ཡིན་པ་དེ་ཆོས་ཅན། རིགས་པའི་རྗེས་འབྲང་ཅན་མིན་ཏེ། གཏན་ཚིགས་འཁྲུལ་པས་དགག་བྱ་འགོག་ནུས་པར་སྨྲས་པའི་ཕྱིར་རོ། །དཔེར་ན་འགལ་བ་གྲུབ་པ་མེད་པ་ནི་ངག་སྨྲ་བ་དང་སྐྱེས་བུ་ཡིན་པ་ལ་སོགས་པའི་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་བསྒྲུབ་པ་དང་། འབྲེལ་ཡུལ་བཀག་པ་མེད་པ་ནི་ཐ་མལ་པའི་དབང་པོའི་མངོན་སུམ་གྱིས་མ་དམིགས་པས་འཇིག་རྟེན་གཞན་སྐྱེ་བ་སྔ་ཕྱི་སོགས་མེད་པར་བསྒྲུབ་པ་བཞིན་ནོ། །གཉིས་པ་ནི། ངག་སྨྲའི་རྟགས་ཀྱིས་ཕ་རོལ་པོ་ཀུན་མཁྱེན་ཡིན་པ་འགོག་མི་ནུས་ཏེ། ངག་སྨྲ་དེ་དབང་པོ་ལས་འདས་པའི་དོན་ཀུན་མཁྱེན་ལ་སོགས་པ་རྣམས་དང་འགལ་བ་གྲུབ་པ་མེད་པའི་ཕྱིར་རོ། །དེ་ཉིད་བསྒྲུབ་པ་ནི་ཀུན་མཁྱེན་དང་ངག་སྨྲ་གནོད་བྱ་དང་གནོད་བྱེད་ཀྱང་ངོ་བོ་གང་ཡིན་ཏེ་མིན་པར་ཐལ། གལ་ཏེ་ངག་སྨྲ་བ་པོ་ཤེས་བྱ་ཀུན་རིག་པ་ཡིན་པ་ཡོད་པའི་ཕྱིར་ནའོ། །མ་གྲུབ་སྟེ། ངག་སྨྲ་བའི་ཀུན་མཁྱེན་དེ་འདྲ་མི་དམིགས་པའི་ཕྱིར་ཞེ་ན། འོ་ན་མ་དམིགས་པ་དེ་ཉིད་ཀུན་མཁྱེན་འགོག་པའི་སྒྲུབ་བྱེད་ཡིན་པར་བརྗོད་རིགས་པར་ཐལ། ངག་སྨྲས་ཀུན་མཁྱེན་འགོག་པ་དེ་མཐར་ངག་སྨྲའི་ཀུན་མཁྱེན་མ་དམིགས་པ་ལ་ཐུག་པའི་ཕྱིར། འདོད་ན། ཁས་བླངས། གཞན་ཡང་དེ་ལྟར་དུ་བརྗོད་ན་ཐ་མལ་པའི་དབང་པོའི་མངོན་སུམ་གྱིས་མི་དམིགས་པ་ནི་ཆོས་ཅན། ཀུན་མཁྱེན་དང་འཇིག་རྟེན་གཞན་སོགས་མེད་པར་བསྒྲུབ་པའི་རྟགས་ཡང་དག་ཅིག་མིན་པར་ཐལ། ཀུན་མཁྱེན་དང་འཇིག་རྟེན་གཞན་སོགས་མེད་པ་དེ་ལྟ་བུ་ངེས་བྱེད་མིན་པར་གོང་དུ་རབ་ཏུ་བརྗོད་ཟིན་པའི་ཕྱིར། དེས་ན་ཐ་མལ་པའི་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ལས་ཤིན་ཏུ་ལྐོག་གྱུར་ལ་ཡོད་མེད་གང་རུང་དུ་ངེས་པའི་ངེས་ཤེས་འདྲེན་པ་ཡོད་པ་མ་ཡིན་ཏེ། ཤིན་ཏུ་ལྐོག་གྱུར་ཡོད་ཀྱང་ཁྱོད་ལ་སྣང་དུ་མི་རུང་བ་དེའི་ཕྱིར། གཉིས་པ་ནི། དགག་པ་གོ་བྱེད་ཀྱི་འགལ་ལྔ་དམིགས་པ་སྦྱོར་བའི་སྒོ་ནས་ཇི་ལྟར་དབྱེ་ཞེ་ན། འགལ་ཟླ་དམིགས་པའི་གཏན་ཚིགས་དེ་ཆོས་ཅན། རྣམ་པ་གཉིས་ཡོད་དེ། དགག་བྱའི་ཆོས་ནི་རང་ལས་རྫས་ཐ་དད་དམ། རང་ལས་རྫས་ཐ་དད་མེད་པ་དགག་པ་ལ་རབ་ཏུ་སྦྱོར་བ་གཉིས་ཡོད་པའི་ཕྱིར་ཏེ། རིམ་པ་ལྟར། གཞི་འགར་ཁ་བ་མེད་པར་སྒྲུབ་པ་ལ་མེ་རྟགས་སུ་བཀོད་པ་དང་། གྲངས་ཅན་པས་མྱུ་གུ་བདག་ལས་སྐྱེ་བར་འདོད་པ་ལ། ཡོད་པའི་གཏན་ཚིགས་ཀྱིས་གནོད་པ་བཞིན་ནོ། །གསུམ་པ་ལ་གསུམ་སྟེ། རྒྱུ་དང་ཁྱབ་བྱེད་མ་དམིགས་སྦྱོར་བའི་ཚུལ། །སྣང་རུང་རང་བཞིན་མ་དམིགས་སྦྱོར་བའི་ཚུལ། །མ་དམིགས་གསུམ་དུ་བསྡུ་ཞིང་ཁྱད་ཆོས་བསྟན་པའོ། །དང་པོ་ནི། དགག་པ་གོ་བྱེད་ཀྱི་འབྲེལ་ལྔ་མ་དམིགས་པ་སྦྱོར་བའི་སྒོ་ནས་ཇི་ལྟར་དབྱེ་ཞེ་ན། ཅི་ལྟར་རྒྱུ་དང་ཁྱབ་བྱེད་ཀྱི་དངོས་པོ་ཉིད་བསྒྲུབ་པ་ལ་འབྲས་བུ་དང་ཁྱབ་བྱའི་དངོས་པོ་རྣམས་ཀྱི་སྒྲུབ་བྱེད་བཀོད་པ་ཡང་དག་ཏུ་འདོད་པ་དེ་བཞིན་དུ་རྒྱུ་དང་ཁྱབ་བྱེད་ཀྱི་དངོས་པོ་ཉིད་རང་ལྡོག་པ་རྟགས་སུ་བཀོད་པ་ན་ཆོས་ཅན། གཞི་འགར་འབྲས་བུ་དང་ཁྱབ་བྱའི་དངོས་པོ་རྣམས་ལྡོག་པར་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར་རོ། །འབྲེལ་བའི་དངོས་པོ་ཉིད་ཀྱིས་འབྲེལ་ཡུལ་གྱི་དངོས་པོ་སྒྲུབ་པར་བྱེད་ཅིང་། འབྲེལ་ཡུལ་ཁེགས་པ་འབྲེལ་ཆོས་ལྡོག་པའི་གོ་བྱེད་དུ་བསྟན་པ་དེས་ནི་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། རྟོག་པས་རང་འགར་སྦྱར་བའི་ཆོས་སྒྲ་རྟག་པའམ་མི་རྟག་པར་བསྒྲུབ་པ་ལ་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་དང་། སོགས་པ་དེ་ལྟར་ཁས་བླངས་པ་དང་། ལུང་གིས་གྲུབ་པ་རྟགས་སུ་བཀོད་པ་དེ་རྟགས་ཡང་དག་ཡིན་པ་བསལ་བ་ཡིན་པའི་ཕྱིར། དེ་དག་སེལ་ནུས་ཏེ། རྟག་མི་རྟག་ཅི་ཡང་རུང་བ་ལ་འགོད་ཚུལ་དང་མཐུན་པར་འཇུག་པ་སྲིད་པའི་ཕྱིར་རོ། །འབྲེལ་ཡུལ་ལྡོག་པས་འབྲེལ་ཆོས་ལྡོག་པར་བསྒྲུབ་པ་དེ་ལའང་ཁྱབ་པར་བྱེད་པའི་ཆོས་མེ་དང་ཤིང་བཀག་པ་ཆོས་ཅན། གལ་ཏེ་རང་གི་ལྡོག་པ་དེ་བཟློག་འབྲེལ་ནི་ཚད་མས་རྣམ་པ་འགར་ཡོངས་སུ་བཅད་ན་གཞི་འགར་ཁྱབ་བྱ་དུ་བ་དང་ཤ་བ་ལྡོག་པའི་གོ་བྱེད་དུ་འདོད་དེ། བཟློག་འབྲེལ་ཚད་མས་ངེས་པའི་ཚེ་དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར་རོ། །གཉིས་པ་ནི། གཞི་འགར་སྣང་རུང་གི་བུམ་པ་མེད་པར་བསྒྲུབ་པ་ལ་ནི་བུམ་པ་དེ་ཉིད་དམིགས་བྱེད་ཀྱི་ཚད་མ་མེད་པ་རྟགས་སུ་བརྗོད་པ་གང་ཡིན་པ་དེ་ནི་ཆོས་ཅན། རྒོལ་བ་དོན་ཤེས་ཀྱང་ཐ་སྙད་ལ་ཤིན་ཏུ་རྨོངས་པས་ཐ་སྙད་ཤེས་པའི་དོན་དུ་བཀོད་པ་ཡིན་ཏེ། བུམ་པ་ཚད་མས་མ་དམིགས་པའི་གཞི་འགར་བུམ་པ་མེད་པར་བསྒྲུབ་པའི་གཏན་ཚིགས་གང་ཞིག་སྣང་རུང་གི་ཆོས་འགའ་ཞིག་ཚད་མས་དམིགས་པ་ལ་ཆོས་དེ་མེད་ངེས་ཀྱི་ཐ་སྙད་མཁས་པ་ནས་གནག་རྫི་མོའི་བར་དུ་གྲགས་པའི་ཕྱིར་རོ། །གསུམ་པ་ནི། མི་དམིགས་པའི་གཏན་ཚིགས་ནི་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་གསུམ་པོ་འདི་ཙམ་གཞི་འགར་དགག་ཆོས་མེད་པ་ལ་ངེས་པ་འདྲེན་པའི་འབྲས་བུ་ཅན་ཡིན་ཏེ། རྒྱུ་ཁྱབ་བྱེད་མ་དམིགས་པ་ལས་གཞན་པའི་སྣང་རུང་མ་དམིགས་པའི་གཏན་ཚིགས་ཐམས་ཅད་མཐར་རང་བཞིན་མ་དམིགས་པར་འདུས་པའི་ཕྱིར་རོ། །རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་གསུམ་པོ་ཆོས་ཅན། ཁྱོད་ཀྱིས་གཞི་འགར་དགག་ཆོས་མེད་ངེས་སུ་བསྒྲུབ་པ་དེ་ཡང་ཡོད་ན་སྣང་བར་རུང་བར་འདོད་པ་ཡི་རྒྱུའམ། ཁྱབ་བྱེད་དམ། རང་བཞིན་སྣང་བ་མེད་པ་དེ་མ་དམིགས་པ་ཉིད་དགོས་ཏེ། སྣང་མི་རུང་གི་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པས་གཞི་དེར་དགག་ཆོས་མེད་ངེས་སུ་བསྒྲུབ་མི་ནུས་པའི་ཕྱིར་རོ། །གསུམ་པ་ནི། རྗེས་སུ་དཔག་པས་ཁ་དོག་མི་རྟག་པ་སོགས་འཛིན་པ་ནི་ཆོས་ཅན། ཁ་དོག་གི་སྤྱི་ལ་མི་རྟག་པའི་སྤྱི་སྦྱར་ནས་ཁ་དོག་རང་མཚན་ལ་མི་རྟག་པ་རང་མཚན་གྲུབ་པའི་ཚུལ་འདིར་འདོད་པ་ཡིན་ཏེ། ཁ་དོག་མི་རྟག་པ་ལ་བརྒྱུད་ནས་འབྲེལ་བས་མི་བསླུ་བའི་ཕྱིར་རོ། །གཉིས་པ་རྗེས་ཀྱི་ངེས་པས་རྟོགས་པ་ཚད་མ་མིན་པ་ལ་གསུམ་སྟེ། མཐོང་ཟིན་འཛིན་པས་ཚད་མ་མིན། །སྔ་མས་མཐོང་བའི་སྒྲུབ་བྱེད་དགོད། །རྗེས་དཔག་དོན་མེད་འགྱུར་བ་སྤོང་བའོ། །དང་པོ་ནི། རྗེས་དཔག་ལས་གཞན་དུ་ཁ་དོག་གི་སྐད་ཅིག་ཐ་མ་མཐོང་བའི་རྗེས་སུ་སྐྱེས་པའི་ཁ་དོག་མི་རྟག་པར་ངེས་པའི་ངེས་ཤེས་ཆོས་ཅན། ཁ་དོག་གི་མི་རྟག་པ་ལ་ཚད་མ་ཉིད་དུ་འདོད་པ་རིགས་པ་མ་ཡིན་ཏེ། རང་འདྲེན་བྱེད་ཁ་དོག་མཐོང་བའི་མངོན་སུམ་གྱིས་བཟུང་ཟིན་པའི་ཁ་དོག་གི་མི་རྟག་པ་ལ་ཞེན་ནས་འཛིན་པའི་ཕྱིར། གཉིས་པ་ནི། མངོན་སུམ་དེས་མི་རྟག་པ་དེ་གཟུང་བ་མ་གྲུབ་ཅེ་ན་ཁ་དོག་གི་མི་རྟག་པ་དེ་ཡང་ཆོས་ཅན། ངེས་ཤེས་དེའི་སྔར་ཁ་དོག་འཛིན་པའི་དབང་པོའི་མངོན་སུམ་ལས་གྲུབ་སྟེ། ཁ་དོག་གི་དངོས་པོ་ལས་གཞན་དུ་མེད་པར་དེ་དང་རྫས་གཅིག་ཡིན་པའི་ཕྱིར། ཁ་དོག་ལས་དེའི་མི་རྟག་པ་གཞན་དུ་མེད་ན་ཁ་དོག་གི་མི་རྟག་པ་ཞེས་པའི་དྲུག་སྒྲ་སོགས་ཀྱིས་ཐ་དད་དུ་བརྗོད་དུ་མེད་པར་འགྱུར་རོ་ཞེ་ན། ཁ་དོག་དང་ཁ་དོག་གི་མི་རྟག་པ་ཆོས་ཅན། ཁྱོད་རྫས་དུ་མའི་དངོས་པོ་ཡིན་པ་དེ་སྒྲ་ཐ་དད་ཀྱི་བརྗོད་བྱ་མིན་ཏེ། ཁྱོད་རྟོག་པས་ཐ་དད་དུ་བསྐྱེད་པ་སྟེ། སྒྲོ་འདོགས་པའི་ཆོས་ལྡོག་པ་དུ་མ་ཙམ་དེ་སྒྲ་ཐ་དད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་ལྔ་སྟེ། མཐོང་ཡང་མ་ངེས་རྗེས་དཔག་འཇུག །མཐོང་ཡང་མ་ངེས་འཁྲུལ་རྒྱུ་བཤད། །མཐོང་ཡང་མ་ངེས་དཔེ་དང་བཅས། །འཁྲུལ་པ་བཟློག་ཕྱིར་རྗེས་དཔག་དགོས། །འཁྲུལ་པ་མེད་ན་རྟགས་མི་དགོས་པའོ། །དང་པོ་ནི། སྤྱི་དེ་མི་རྟག་པ་ཡི་ནི་རྟེན་སྒྲ་ལྟ་བུ་དེ་ནི་ཆོས་ཅན། ཁྱོད་མངོན་སུམ་གྱིས་གྲུབ་པ་ན་སྤྱི་དེ་ཁྱོད་ཀྱི་མི་རྟག་པ་དེ་ཉིད་ནི་གྲུབ་པ་ཡིན་ཏེ། ཁྱོད་དང་ཁྱོད་ཀྱི་མི་རྟག་པ་རྫས་གཅིག་ཡིན་པའི་ཕྱིར། འོ་ན་རྗེས་དཔག་ཇི་ལྟར་འཇུག་ཅེ་ན། སྒྲ་མི་རྟག་པར་རྗེས་སུ་དཔོག་པར་བྱེད་པའི་རྟགས་ཡང་དག་ཆོས་ཅན། དགོས་པ་ཡོད་དེ། སྒྲའི་མི་རྟག་པ་དེ་མངོན་སུམ་གྱིས་གྲུབ་ཀྱང་ངེས་ཤེས་ཀྱིས་མ་གྲུབ་ན་མི་རྟག་པ་དེ་ལྟར་སྒྲ་དེ་ངེས་ཤེས་ཀྱིས་རབ་ཏུ་གྲུབ་པའི་ཕྱིར་དུ་ཁྱོད་འཇུག་པ་ཡིན་པའི་ཕྱིར། གཉིས་པ་ནི། མངོན་སུམ་གྱིས་མི་རྟག་པ་མཐོང་ཡང་རྗེས་ཀྱི་རྟོག་པས་མ་ངེས་པའི་རྒྱུ་གང་ཞེ་ན། དངོས་པོ་རྒྱུ་ལྡན་དུ་འབྱུང་བ་མངོན་སུམ་གྱིས་མཐོང་བའི་གནས་སྐབས་ལ་ལར་ཆོས་ཅན། དངོས་པོ་དེའི་མི་རྟག་པ་མངོན་སུམ་གྱིས་མཐོང་ཡང་རྟོག་པས་ཡོངས་སུ་མི་ཤེས་ཏེ། དངོས་པོ་དེའི་སྐད་ཅིག་མའི་རྗེས་སུ་དེ་དང་འདྲ་བ་གཞན་ནི་བར་མ་ཆད་ཡོད་པའི་ཕྱིར། ཁྱབ་སྟེ། འདྲ་བ་གཞན་འབྱུང་དེས་འཁྲུལ་རྒྱུ་བྱས་པའི་ཕྱིར་ན་དངོས་པོའི་སྐད་ཅིག་སྔ་ཕྱི་ཐ་དད་པར་མཐོང་བ་སྟེ་ངེས་པ་མེད་པའི་ཕྱིར་རོ། །དཔེར་ན་སྒོང་སྒོང་ཐ་དད་པ་དོན་ལ་ཡོད་ཀྱང་དབང་ཤེས་ཀྱིས་ཐ་དད་པར་མ་མཐོང་བ་བཞིན། འདིར་ཁ་ཅིག སྒོང་སྒོང་སྔ་ཕྱི་ཐ་དད་དུ་དབང་ཤེས་ཀྱིས་མཐོང་ཡང་རྟོག་པས་ཐ་དད་པར་མ་ངེས་པ་བཞིན་ཞེས་དཔེར་བྱེད་པ་ནི་མགལ་མེ་མྱུར་དུ་བསྐོར་བའི་རྐྱེན་ལས་འཁོར་ལོའི་རྣམ་པར་སྣང་བའི་དབང་ཤེས་དེ་མ་འཁྲུལ་པར་ཁས་བླང་དགོས་པས་མི་འཐད་དོ། །འདྲ་བ་གཞན་བྱུང་རྟག་པར་འཁྲུལ་བའི་རྒྱུ་ཡིན་ཏེ། རྒྱུ་མཚན་འདི་ལྟར་རྟགས་ལ་ལྟོས་པ་མེད་པར་མཁས་པ་ནས་བྱིས་པའི་བར་གྱི་སྐྱེ་བོས་རིགས་འདྲ་ཕྱིས་འབྱུང་བ་ནི་འབྲེལ་བ་མེད་པའི་མར་མེ་སོགས་ཀྱི་འཇིག་པ་མངོན་སུམ་གྱིས་མཐོང་བས་རྗེས་ཀྱི་རྟོག་པས་ཡོངས་སུ་གཅོད་པ་ཉིད་ཡིན་པའི་ཕྱིར། གསུམ་པ་ནི། མངོན་སུམ་གྱིས་མཐོང་ཡང་རྗེས་ཀྱི་རྟོག་པས་མ་ངེས་པ་དཔེར་ན། ས་བོན་སོགས་ཀྱི་དངོས་པོ་ཆོས་ཅན། ཁྱོད་ཀྱིས་མྱུ་གུ་བསྐྱེད་པའི་ནུས་པ་ཁྱོད་ཀྱི་རང་བཞིན་དུ་གྱུར་པ་ཡིན་པས་ཁྱོད་མཐོང་བའི་མངོན་སུམ་གྱིས་གྲུབ་ཀྱང་སྐབས་འགར་ནུས་པ་དེ་ལ་རྨོངས་པར་གྱུར་ནས་མི་ངེས་པ་སྲིད་དེ་ཁྱོད་ལས་འབྲས་བུ་མྱུ་གུ་སོགས་སྐྱེ་བཞིན་པ་ཁྱོད་མཐོང་བའི་མངོན་སུམ་དེས་མཐོང་བ་མེད་པའི་ཕྱིར་དང་། ཁྱོད་མྱུ་གུ་བསྐྱེད་ནུས་མ་ཡིན་པ་ལས་ཐ་དད་དུ་ངེས་པར་བྱེད་པའི་ཆོས་མངོན་སུམ་དེའི་ཡུལ་དུ་གསལ་བ་མེད་པའི་ཕྱིར་ཏེ། ཁྱོད་ལས་དེ་མ་ཐག་ཏུ་མྱུ་གུ་འབྱུང་བ་མེད་པས་སོ། །བཞི་པ་ནི། ཁ་དོག་མི་རྟག་པ་དང་ས་བོན་ནུས་ལྡན་སོགས་སུ་བསྒྲུབ་པའི་རྟགས་དང་རྗེས་སུ་དཔག་པ་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། འདྲ་བ་གཞན་བྱུང་སོགས་ཀྱིས་བྱས་པའི་འཁྲུལ་པ་དེ་ཉིད་བཟློག་པའི་ཆེད་དུ་ནི་ཡིན་པའི་ཕྱིར། ལྔ་པ་ནི། ཁ་དོག་སོགས་ཀྱི་དངོས་པོ་རྟག་པར་འཁྲུལ་བའི་འཁྲུལ་རྒྱུ་དང་བྲལ་བའི་བློ་གྲོས་ཆེན་པོ་ཆོས་ཅན། ཁྱོད་ཀྱི་ངོར་ཁ་དོག་སོགས་མི་རྟག་པར་བསྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་མི་དགོས་ཏེ། ཁྱོད་ཀྱིས་ཁ་དོག་སོགས་མངོན་སུམ་གྱིས་མཐོང་བ་ཉིད་ལས་མི་རྟག་སོགས་ཀྱི་རྣམ་པ་ཐམས་ཅད་དེས་དྲངས་པའི་ངེས་ཤེས་ཀྱིས་ངེས་པར་བྱེད་པའི་ཕྱིར། དངོས་པོ་དང་དེའི་མི་རྟག་པ་དོན་ལ་ཐ་དད་མེད་ན་ཇི་ལྟར་ཆོས་དང་ཆོས་ཅན་དུ་འགྱུར་ཞེ་ན། དོན་ལ་ཆོས་ཐ་དད་པ་དུ་མ་མེད་པའི་དོན་ཆོས་ཅན་སྒྲ་ལྟ་བུ་དེ་ལ་ནི་ཆོས་ཅན། ལོག་པ་ཐ་དད་ལས་ལྡོག་པའི་རྒྱུ་མཚན་ཅན་གྱི་བློ་དུ་མ་དང་། ཇི་ལྟར་བརྡར་བརྟགས་པའི་སྒྲ་ཐ་དད་པ་དག་ནི་དོན་ལ་ཐ་དད་པའི་རྟེན་ཅན་བཞིན་དུ་འཇུག་པར་འགྱུར་ཏེ། དོན་ལ་གཅིག་ཡིན་ཀྱང་མ་བྱས་རྟག་སོགས་རིགས་མི་མཐུན་ཐམས་ཅད་ལས་ནི་ལྡོག་པ་ཡིས་སོ། །དེས་ན་སྒྲ་སོགས་ཆོས་ཅན། ཁྱོད་རྟག་འཛིན་གྱི་འཁྲུལ་རྒྱུ་མེད་ན་ཁྱོད་མཐོང་བའི་མངོན་སུམ་གྱི་རྗེས་སུ་ཁྱོད་མི་རྟག་པར་བསྒྲུབ་པའི་རྟགས་དང་རྗེས་དཔག་འཇུག་མི་དགོས་ཏེ། ཁྱོད་རྟག་འཛིན་གྱི་འཁྲུལ་རྒྱུ་མེད་ན་ཁྱོད་དེ་ཡིས་ནི་ངོ་བོ་ཉིད་ཀྱིས་རང་དང་ནི་རྗེས་སུ་མཐུན་པའི་མི་རྟག་པར་ངེས་པའི་བློ་བསྐྱེད་པར་བྱེད་པའི་ཕྱིར། གསུམ་པ་ཞིག་འཇིག་གཅིག་པའི་ལུགས་ལའང་རྗེས་དཔག་ཡིན་པ་ནི། སྔར་གྱི་བཤད་ཚུལ་ལས་ཡང་ན་བྱེ་བྲག་ཏུ་སྨྲ་བ་སོགས་དངོས་པོ་ཞིག་ནས་མེད་པ་མི་རྟག་པར་འདོད་པའི་ལུགས་ལའང་ཁ་དོག་མི་རྟག་པར་ངེས་པའི་ཚད་མ་ཆོས་ཅན། མངོན་རྗེས་གཉིས་ལས་གཞན་པའི་ཚད་མ་མ་ཡིན་ཏེ། ཁ་དོག་གི་སྐད་ཅིག་ཐ་མ་མཐོང་བའི་སྐབས་འདིར་ནི་སྔར་གྱི་ཁ་དོག་མ་དམིགས་པའི་རྟགས་ལས་ཁ་དོག་གི་འཇིག་པ་གྲུབ་པའི་རྗེས་དཔག་ཡིན་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། དེ་དག་གི་ལུགས་ལ་སྔར་བྱུང་བའི་དངོས་པོ་ཕྱིས་མེད་ཅིང་མི་དམིགས་པར་གྱུར་པ་ན་སྔར་གྱི་དངོས་པོ་དེ་མི་རྟག་ཅེས་ནི་བརྗོད་པ་ཡིན་པའི་ཕྱིར་རོ། །བཞི་པ་ཞར་ལ་གཞན་སྡེའི་མི་རྟག་འདོད་ཚུལ་དགག་པ་ལ་གཉིས་ཏེ། ཕྱོགས་སྔ་བརྗོད་དེ་དེ་དོན་དྲི། །དྲིས་པའི་མཐའ་གཉིས་བརྟགས་ནས་དགག་པའོ། །དང་པོ་ནི། རིག་པ་ཅན་པ་དང་། གསལ་བྱེད་པ་གང་གི་ལུགས་ལ་དངོས་པོ་ཡོད་ཙམ་མི་རྟག་པ་མིན་ཏེ། ཡིན་ན་ནམ་མཁའ་སོགས་ཀྱང་མི་རྟག་པར་ཐལ་བའི་ཕྱིར་རོ། །དངོས་པོ་ཞིག་ཙམ་ཡང་མ་ཡིན་ཏེ། དངོས་པོ་དང་འབྲེལ་བ་མེད་པས་དངོས་པོ་འདིའི་མི་རྟག་པ་ནི་འདི་ཡིན་ཞེས་ཐ་སྙད་ཐོབ་པ་མ་ཡིན་པའི་ཕྱིར་ཏེ། དེས་ན་མི་རྟག་ཅེས་པ་ཉིད་ཀྱི་སྒྲ་ནི་མཐའ་གཉིས་ཀྱི་བར་ན་ཆོད་པ་སྟེ། ད་ལྟར་དབུས་ན་གནས་པའི་གཟུགས་ལ་སོགས་པ་ཡོད་པའི་དངོས་པོ་དེ་ཡོད་པ། དེའི་འཕྲོད་པ་འདུ་བའི་འབྲེལ་པ་བརྗོད་པའི་ངང་ཚུལ་ཅན་ཡིན་པར་སྨྲའོ། །འོ་ན་ཡོད་པ་ཁྱད་པར་བ་དེའི་བྱེད་ཆོས་མཐའ་གཉིས་པོ་དེ་དག་གང་ལ་བརྗོད་པ་ཡིན་ཅེས་དྲིའོ། །གཉིས་པ་ལ་གཉིས་ཏེ། སྔ་ཕྱིར་མེད་པ་མཐའ་གཉིས་ཡིན་པ་དགག །རྒྱུ་དང་འབྲས་བུ་མཐའ་གཉིས་ཡིན་པ་དགག་པའོ། །དང་པོ་ནི། གལ་ཏེ་དངོས་པོ་དེ་སྔ་ན་མ་སྐྱེས་ནས་མེད་པ་དང་། ཕྱིས་ཞིག་ནས་མེད་པ་གཉིས་པོ་དེ་ཉིད་མཐའ་ཡིན་ན་སྔ་ན་མེད་པ་དང་ཞིག་ནས་མེད་པ་དེ་ཉིད་མི་རྟག་པ་ཅིས་མ་ཡིན་ཞེས་དྲིས་པས། དངོས་པོའི་མི་རྟག་པ་མ་ཡིན་ཏེ། དངོས་པོའི་མི་རྟག་པ་ཞེས་དྲུག་པ་དང་། ཆོས་ཆོས་ཅན་སོགས་ཀྱི་སྒྲ་སྦྱོར་དུ་མི་རུང་བའི་ཕྱིར་ཏེ། དངོས་མེད་ཡིན་པས་དངོས་པོ་དང་འབྲེལ་བ་མེད་པའི་ཕྱིར་ཞེ་ན། འོ་ན་མཐའ་གཉིས་ལ་ཆོས་ཅན། ཡོད་པ་དང་ལྷན་ཅིག་ཏུ་དྲུག་པའི་སྒྲ་དེ་ཇི་ལྟར་སྦྱར་དུ་རུང་སྟེ་མི་རུང་བར་ཐལ། དངོས་མེད་ཡིན་པའི་ཕྱིར། གཞན་ཡང་ཡོད་པ་ཉིད་ཁྱད་པར་ཅན་དང་། དེའི་འབྲེལ་པ་ཆོས་ཅན། སྔ་ན་མེད་པ་དང་ཕྱི་ན་མེད་པའི་མཐའ་ཡིས་ཁྱད་པར་དུ་བྱས་པར་འགྱུར་བ་མ་ཡིན་པར་ཐལ། རྟག་པའི་ཕྱིར། རྟགས་བསལ་ཁས་བླངས་སོ། །གཉིས་པ་ལ་བཞི་སྟེ། དངོས་པོ་སྔར་མེད་མེད་པས་རྒྱུ་འབྲས་མེད། །འབྲེལ་པ་རྟག་པ་ཡིན་པས་འབྲས་བུ་མིན། །དངོས་པོ་སྔར་མེད་བྱེད་ན་རང་ཚིག་འགལ། །དེས་ན་དངོས་པོ་སྔར་མེད་ཉིད་དུ་བསྟན་པའོ། །དང་པོ་ནི། གལ་ཏེ་རྒྱུ་སྔ་མའི་མཐའ་དང་། འབྲས་བུ་ཕྱི་མའི་མཐའ་ཡིན་ཞིང་། བར་གྱི་དངོས་པོ་དེ་ཡོད་པ་ཁྱད་པར་བ་ཡིན་ནོ་ཞེ་ན། ཡོད་པ་ཁྱད་པར་བ་ཆོས་ཅན། རྒྱུ་འབྲས་ཀྱི་ཁྱད་པར་དུ་བྱས་པ་མེད་པ་ཉིད་དུ་འགྱུར་ཏེ། རྒྱུ་འབྲས་ཉིད་མ་གྲུབ་པའི་ཕྱིར་རོ། །ཁྱབ་སྟེ། སྔར་མེད་མེད་པ་དེ་ལ་སྔར་མེད་དེའི་ཁྱད་པར་ཅན་དུ་བརྗོད་པ་དེ་ཡང་མི་གྲུབ་པའི་ཕྱིར། སྔ་མའི་གཏན་ཚིགས་ཁས་བླངས་ཏེ། རིག་པ་ཅན་པ་དེ་ཡིས་ནི་དངོས་པོ་སྔར་མེད་འདོད་པ་མིན་པའི་ཕྱིར་ཏེ། དངོས་པོ་དང་སྔ་ན་མེད་པ་ལ་འབྲེལ་པ་མེད་པར་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ནི། འབྲས་བུ་དེ་ཡོད་པ་ཁྱད་པར་བ་ཉིད་དང་འབྲེལ་པར་བྱེད་པའི་ཕྱིར་རམ། འབྲས་བུ་དེ་རང་རྒྱུ་དང་འཕྲོད་འདུའི་རྒྱུས་འབྲེལ་པར་བྱེད་པའི་ཕྱིར་ན། འཕྲོད་འདུའི་རྒྱུ་དེ་ལ་རྒྱུ་ཞེས་གྲགས་ལ། དེས་དེ་དག་འབྲེལ་པར་བྱས་པའི་འབྲེལ་པ་གཉིས་པོ་དེ་འབྲས་བུ་ཡིན་ཞིང་། རྒྱུ་འབྲས་དེ་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་ཡོད་པ་ཉིད་མི་རྟག་པ་ཡིན་ནོ་ཞེ་ན། སྔར་ཡོད་ཀྱི་འབྲས་བུ་ཡོད་པ་ཉིད་དང་འབྲེལ་བའི་ཆ་དེ་དང་། རང་རྒྱུ་དང་འབྲེལ་པའི་ཆ་གཉིས་པོ་དེ་ཡང་ཆོས་ཅན། འདི་འབྲས་བུ་གང་ཞིག་ཡིན་ཏེ་མིན་པར་ཐལ། རྟག་ན་འོན་ཏེ་དེའི་ཕྱིར། གསུམ་པ་ནི། འབྲས་བུ་གང་ཞིག་སྔར་མེད་པ་དེ་རྒྱུས་བྱེད་པས་སྐྱོན་མེད་དོ་ཞེ་ན། དངོས་པོ་ཆོས་ཅན། རྒྱུས་ཁྱོད་སྔར་མེད་བྱེད་པ་མིན་པར་ཐལ། ཁྱོད་ལ་སྔར་མེད་ལྡན་པ་མ་ཡིན་པའི་ཕྱིར་ཏེ། ཁྱོད་སྔ་ན་མེད་པ་དང་ལྷན་ཅིག་ཏུ་འབྲེལ་པ་ཁས་ལེན་པ་མེད་པའི་ཕྱིར་རོ། །དེས་ན་དངོས་པོ་རིལ་པོ་འདི་ཆོས་ཅན། རྟག་པར་འགྱུར་ཏེ། སྔར་མེད་སྐྱེས་པའི་སྒོ་ནས་འབྲས་བུ་མ་ཡིན་པ་དེའི་ཕྱིར་རོ། །བཞི་པ་ནི། འོ་ན་དངོས་པོ་དང་སྔ་ན་མེད་པ་ཐ་དད་དུ་འབྱེད་པའི་སྒྲ་རྟོག་མི་འཇུག་པར་འགྱུར་རོ་ཞེ་ན། དངོས་པོ་སྔར་མེད་དུ་ཁས་མི་ལེན་ན་སྐྱོན་ཡོད་པ་དེའི་ཕྱིར། བརྗོད་བྱ་ཆོས་ཅན་དངོས་པོ་དང་། ཆོས་སྔ་ན་མེད་པ་དོན་ལ་ཐ་དད་པ་ཅན་དུ་ཞེན་པའི་བློ་ནི་ཆོས་ཅན། དངོས་པོ་དང་སྔ་ན་མེད་པ་རྫས་ཐ་དད་པ་ལ་བརྟེན་པ་མིན་ཏེ། དོན་ལ་ཐ་དད་དུ་མེད་པའི་དོན་དངོས་པོ་དང་སྔ་ན་མེད་པ་ཐ་དད་དུ་སྒྲོ་འདོགས་པའི་བློ་ཡིན་པའི་ཕྱིར། ཐ་དད་མེད་པའི་དོན་དུ་མངོན་པར་འདོད་པ་ཅན་གྱི་དངོས་པོ་དང་སྔ་ན་མེད་པ་བརྗོད་པའི་སྒྲ་ལའང་ཆོས་ཅན། དངོས་པོ་དང་སྔ་ན་མེད་པ་རྫས་ཐ་དད་པ་ལ་བརྟེན་པ་མིན་ཏེ། དེ་གཉིས་ལྡོག་པའི་ཁྱད་པར་ཐ་དད་པ་ཙམ་ཞིག་རྟེན་དུ་ཡོད་པ་ཡིན་པའི་ཕྱིར། གཉིས་པ་ཁྱད་པར་མཐོང་བ་གཞན་དུ་འགྱུར་བ་སྤང་བ་ལ་ལྔ་སྟེ། བློ་དེ་ཚད་མ་མིན་པ་བསྟན། །ཁྱད་པར་ཡུལ་ཅན་ཉིད་ཀྱང་མིན། །ཚད་མ་ཡིན་པའི་སྒྲུབ་བྱེད་དགག །དྲན་པ་བཅད་ཤེས་ཉིད་དུ་བསྟན། །དྲན་པ་མིན་པའི་སྒྲུབ་བྱེད་འཁྲུལ་བའོ། །དང་པོ་ནི། མདོར། ཡང་ཡང་ཤེས་པའང་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་པའི་དོན་འཆད་དེ། སྔར་ཁང་ནང་དུ་མེ་མངོན་སུམ་གྱིས་མཐོང་ནས། ཕྱིས་ཁང་རྒྱབ་ཏུ་དུ་བའི་རྟགས་ལས་སྔར་གྱི་མེ་དེ་ཉིད་འདིའོ་ཞེས་ཁྱད་པར་ངོ་ཤེས་པའི་བློ་དེ་ཆོས་ཅན། ཚད་མ་མ་ཡིན་ཏེ། མེའི་སྐད་ཅིག་སྔ་ཕྱི་སོ་སོར་ཐ་དད་པ་གཅིག་ཏུ་ཞེན་པའི་ཕྱིར། གཉིས་པ་ནི། ཕྱིས་ཀྱི་བློ་དེ་ཆོས་ཅན། མེའི་ཁྱད་པར་སྔ་མའི་ཡུལ་ཅན་ཉིད་ཀྱང་མིན་པར་ཐལ། སྔར་མཐོང་བའི་མེ་དང་མཚུངས་པར་ཕྱིས་ཀྱི་མེ་དེ་འཛིན་པ་སྟེ། སྔ་ཕྱི་མཚུངས་པའི་སྤྱི་ཙམ་འཛིན་པའི་ཕྱིར། གལ་ཏེ་སྔར་གྱི་མེ་དེ་ཉིད་ཕྱིས་ཀྱི་བློས་མེ་ཕྱི་མ་འཇལ་བའི་དཔེ་ཡིན་པའི་ཕྱིར་ན་བློ་དེས་སྔ་ཕྱི་མཚུངས་པའི་སྤྱི་འབའ་ཞིག་འཛིན་པ་མིན་ཏེ། སྤྱིའི་སྒོ་ནས་སྔར་གྱི་མེ་དེ་འཛིན་པའི་ཕྱིར་ཞེ་ན། སྔར་མེ་ཆོས་ཅན། ངོ་ཤེས་ཀྱི་བློའི་སྔར་ཚད་མས་གྲུབ་ཟིན་བྱེད་པ་མ་ཉམས་པ་ཡིན་པར་ཐལ། ངོ་ཤེས་ཀྱི་བློའི་ངོར་དཔེ་ཡང་དག་ཉིད་ཡིན་པའི་ཕྱིར། འདོད་ན། སྔར་མེ་དེ་ཆོས་ཅན། ཁྱོད་འཇལ་བ་ལ་ངོ་ཤེས་ཀྱི་ཚད་མ་གཞན་གྱིས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། འདོད་པ་དེའི་ཕྱིར། གལ་ཏེ་ངོ་ཤེས་ཀྱི་བློའི་དུས་ན་བརྗེད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། སྔ་མེ་དེ་ཆོས་ཅན། ངོ་ཤེས་ཀྱི་བློའི་ངོར་དཔེ་སྐྱོན་མེད་མིན་པར་ཐལ། ངོ་ཤེས་ཀྱི་བློའི་དུས་ན་བརྗེད་པ་དེ་ཉིད་ཀྱི་ཕྱིར་ནའོ། །གསུམ་པ་ནི། གལ་ཏེ་ངོ་ཤེས་ཀྱི་བློ་དེས་རང་གི་མཐོང་བའི་མེ་ཕྱི་མ་ལ་སྔར་གྱི་མེ་དེའི་དངོས་པོའི་ཆོས་སྔར་མ་རྟོགས་པ་ནི་ཚད་མ་ངེས་གྲུབ་པས་ན་དེ་ཚད་མ་ཡིན་ནོ་ཞེ་ན། འོ་ན་མེ་སྔ་ཕྱི་ཐ་དད་ཡིན་ནམ་གཅིག་ཡིན། དང་པོ་ལྟར་ན་ངོ་ཤེས་ཀྱི་བློ་དེ་ཆོས་ཅན། ཕྱིན་ཅི་ལོག་གི་ཤེས་པ་ཡིན་པ་ཐལ། སྔར་གྱི་མེ་ལས་དངོས་པོ་གཞན་ཕྱིས་ཀྱི་མེ་ལ་སྔར་གྱི་མེ་དེ་ཉིད་དུ་སྒྲོ་འདོགས་པའི་བློ་ཡིན་པའི་ཕྱིར་རོ། །འདོད་ན། ངོ་ཤེས་ཀྱི་བློ་དེ་ཆོས་ཅན། ཁྱོད་དེས་གྲུབ་པ་དེ་ཚད་ཅན་ཉིད་མ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ལྟར་ན། སྔར་མེ་འཇལ་བ་ལ་ངོ་ཤེས་ཀྱི་བློ་དོན་མེད་པར་ཐལ། སྔར་མངོན་སུམ་ཚད་མས་གཅིག་མེ་སྔ་མ་གྲུབ་པ་ན་མེ་སྔ་ཕྱི་གཉིས་ཀ་གྲུབ་པའི་ཕྱིར་ཏེ། སྔར་གྱི་མངོན་སུམ་གྱི་ཡུལ་མེ་སྔ་མ་དང་། ཅིག་ཤོས་ཕྱིས་ཀྱི་མེ་གཅིག་ཡིན་པའི་ཕྱིར། བཞི་པ་ནི། ངོ་ཤེས་ཀྱི་བློ་དེ་ཆོས་ཅན། མཁས་པས་དྲན་པ་ཙམ་ཞིག་ཡིན་པར་ཤེས་ཀྱི། ཚད་མ་མིན་ཏེ། སྔར་མཐོང་བའི་དོན་གཞན་དང་ཕྱིས་ཀྱི་མེ་དོན་གཅིག་ཏུ་མཚམས་ནི་སྦྱོར་བའི་ཞེན་པ་ཡིན་པའི་ཕྱིར། ལྔ་པ་ནི། གལ་ཏེ་ངོ་ཤེས་ཀྱི་བློ་དེ་ཆོས་ཅན། དྲན་པ་མིན་ཏེ། རྟགས་ལ་ལྟོས་པའི་ཕྱིར་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ཏེ། རྟགས་ཡང་དག་ལ་ལྟོས་པ་ནི་མ་གྲུབ་ཅིང་རྟགས་སུ་བཀོད་ཙམ་ལ་ལྟོས་པའི་ཕྱིར་ཞེས་འགོད་ན་ཁྱབ་པ་འཁྲུལ་པའི་ཕྱིར་རོ། །གཉིས་པ་སྐབས་ཀྱི་བརྗོད་བྱ་མངོན་སུམ་གཏན་ལ་ཕབ་པ་ལ་གསུམ་སྟེ། ངོ་བོ་སྒྲུབ་བྱེད་མངོན་སུམ་ཡང་དག་བཤད། །མ་འཁྲུལ་རྟོགས་ཕྱིར་མངོན་སུམ་ལྟར་སྣང་བཤད། །གཞལ་བྱ་རྟོགས་པའི་སྒྲུབ་བྱེད་ཚད་འབྲས་བཤད་པའོ། །དང་པོ་ལ་གཉིས་ཏེ། མཐའ་དཔྱད་པ་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མི་འཐད་པའི་ཆ་དགག་པ་དང་། གཞུང་གིས་བསྟན་ཚུལ་བཤད་པའོ། །དང་པོ་ནི། སྔ་མ་བུ་དག མངོན་སུམ་རྟོག་དང་བྲལ་བར་ནི། །ཞེས་པ་ནས། བརྟེན་ནས་མིག་བློ་སྐྱེ་བར་འགྱུར། །ཞེས་པའི་བར་གྱིས་མངོན་སུམ་སྤྱིའི་མཚན་ཉིད་བསྟན། གལ་ཏེ་མངོན་སུམ་ཤེས་བསྐྱེད་ལ། །ཞེས་པ་མན་ཆད་ཀྱིས། མངོན་སུམ་བཞི་པོ་སོ་སོར་བསྟན་པར་འདོད་པ་མི་འཐད་དེ། མདོར། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པས་མངོན་སུམ་སྤྱིའི་མཚན་ཉིད་བསྟན་ན་འདིར་གཞུང་དེ་དག་གིས་བསྟན་པར་འགལ་ཞིང་། མ་བསྟན་ན་ཡིད་ཀྱང་དོན་དང་ཞེས་པས་སྔ་མ་རྟོག་བྲལ་ཡིན་པའི་སྒྲུབ་བྱེད་དོན་ལས་སྐྱེས་པ་ཡིན་པར་མ་ཟད་ཡིད་མངོན་ཡང་དོན་ལས་སྐྱེས་པས་རྟོག་བྲལ་ཡིན་ཞེས་པའི་དོན་དུ་རྣམ་འགྲེལ་ངེས་གཉིས་ཆར་དུ་གཏན་ལ་དབབ་པ་ལས་མངོན་སུམ་ཐམས་ཅད་གཟུང་དོན་ལས་སྐྱེས་པ་མིན་པའི་ཕྱིར་དང་། ཡིན་ན་ཡང་མངོན་སུམ་གཟུང་དོན་ལས་སྐྱེས་པར་མ་ཟད་ཡིད་མངོན་ཀྱང་གཟུང་དོན་ལས་སྐྱེས་ཞེས་པ་ལ་འབྲེལ་བ་མེད་པའི་ཕྱིར་རོ། །ཕྱི་མ་དག་འདིའི་ཚིགས་བཅད་དང་པོས་མངོན་སུམ་སྤྱིའི་མཚན་ཉིད་དང་། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ཞེས་པ་མན་ཆད་དབང་མངོན་ལ་སྦྱར་ནས་འདི་ཉིད་རྣམ་ངེས་ཀྱི་དགོངས་པ་ཡིན་པར་སྨྲའོ། །དེ་དག་གིས་ནི་རྣམ་ངེས་ལས་མངོན་སུམ་དང་། རང་དོན་དང་། གཞན་དོན་གྱི་ལེའུ་གསུམ་གྱིས་ཐོག་མར་དེ་དག་སྤྱིའི་མཚན་ཉིད་སྟོན་པའི་གཞུང་ཡོད་ཅིང་འདིར་མེད་པའི་ཁྱད་པར་མ་ཕྱེད་པར་སྣང་ཞིང་། འདིའི་ཚིགས་བཅད་དང་པོ་རྣམ་ངེས་ཀྱི་མངོན་སུམ་རྟོག་བྲལ་མ་འཁྲུལ་བ་ཞེས་སོགས་ཀྱི་དོན་དུ་འདོད་ན་གཞུང་འོག་མ་རྣམས་མ་བལྟས་པར་གསལ་ཏེ། དེ་ཉིད་ལས། རིགས་སོགས་སྦྱོར་བའི་རྟོག་པ་དང་བྲལ་བར་བསྒྲུབས་ཟིན་པའི་འོག་ཏུ་ཡང་ན་དབང་པོའི་བློ་རྟོག་པ་དང་བྲལ་བ་སྒྲུབ་པར་བྱེད་པ་ནི་མངོན་སུམ་ཉིད་དེ་གང་གི་ཕྱིར་དང་། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ཞེས་སོགས་གསུངས་པ་མ་མཐོང་འདུག་པའི་ཕྱིར་རོ། །ཁ་ཅིག་འདི་དག་དབང་མངོན་ལ་སྦྱར་ཡང་དབང་ཤེས་རྟོག་བྲལ་ཡིན་པར་བསྒྲུབ་པ། རྟོག་པ་ཡིན་པར་འདོད་པ་དགག་པ་གཉིས་སུ་བྱས་ནས། དང་པོ་ལ་མངོན་སུམ་གྱིས་བསྒྲུབ། རྟགས་ཀྱིས་བསྒྲུབ། གཞན་གྱི་སྒྲུབ་བྱེད་དགག་པ་གསུམ། ཕྱི་མ་ལ་དོན་སྦྱོར་རྟོག་པ་ཡིན་པ་དགག སྒྲ་སྦྱོར་རྟོག་པ་ཡིན་པ་དགག རྟོག་པ་ཡིན་ན་ཧ་ཅང་ཐལ་བ་གསུམ་དུ་འབྱེད་པ་ཡང་གཞུང་གི་དོན་མ་ཡིན་ཏེ། རྟོག་བྲལ་དུ་བསྒྲུབ་པ་དང་རྟོག་པ་ཡིན་པ་དགག་པ་ལ་ཁྱད་པར་མེད་པའི་ཕྱིར་དང་། སྔ་མ་མིང་སྦྱོར་རྟོག་པ་ཡིན་པ་དགག་པ་དང་། ཕྱི་མ་དོན་སྦྱོར་རྟོག་པ་ཡིན་པར་དགག་པའི་སྐབས་དོན་ངོས་མ་ཟིན་པའི་ཕྱིར་དང་། མངོན་སུམ་གྱིས་གྲུབ་པ་ཡང་། ཀུན་གྱི་རྣམ་རྟོག་མིང་རྟེན་ཅན། །ཞེས་མིང་སྦྱོར་རྟོག་པ་དང་བྲལ་བ་ལ་སྦྱར་རྒྱུ་ཡིན་པའི་ཕྱིར་དང་། བརྡ་དྲན་པ་ཡི་རྒྱུ་ཅན་གྱི། །ཞེས་པ་དོན་སྦྱོར་རྟོག་པ་དགག་པ་ལས་ལོགས་སུ་འབྱེད་པ་ཡང་དེའི་སྔ་འགྲེལ་དུ་རྣམ་ངེས་ལས། གང་ལ་ཐ་དད་པར་རྟོག་པ་ཡོད་པ་དེ་ལ་ཡང་འཛིན་པ་ནི་ཞེས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། ཕྱོགས་གླང་གིས། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོགས་པ་དང་བྲལ་མངོན་སུམ་མོ། །ཞེས་དབང་མངོན་ལ་རྟོག་བྲལ་གྱི་དམ་བཅའ་དངོས་སུ་སྨོས་ནས་སྒྲུབ་བྱེད་ཤུགས་ལ་བསྟན། ཡིད་ཀྱང་དོན་དང་ཞེས་ཡིད་མངོན་ལ་སྒྲུབ་བྱེད་དངོས་སུ་སྨོས་ནས་དམ་བཅའ་ཤུགས་ལ་བསྟན། དཔལ་ལྡན་གྲགས་པས་དེ་གཉིས་སྦྱར་ཏེ་དབང་མངོན་གྱི་སྐབས་སུ་དོན་ལས་སྐྱེས་པས་རྟོག་བྲལ་དུ་བསྒྲུབ་པ་དང་། བྲལ་བྱ་རྟོག་པ་ལ་བརྟགས་ཏེ་མིང་སྦྱོར་རྟོག་པ་དང་བྲལ་བར་བསྒྲུབ་པ་དང་། དོན་སྦྱོར་རྟོག་པ་བྲལ་བར་བསྒྲུབ་པ་གསུམ་མཛད་ནས། རྣམ་ངེས་སུ་མངོན་སུམ་གྱི་མཚན་ཉིད་སྟོན་པ་ལས་འཕྲོས་ནས་བྲལ་བྱ་རྟོག་པའི་དོན་ལྡོག་ངོས་བཟུང་། དེ་ལས་འཕྲོས་ནས་དབང་མངོན་དེ་དང་བྲལ་བར་བསྒྲུབ་པ་ལ་མདོ་ལས་གསུངས་པའི་སྒྲུབ་བྱེད་དོན་ལས་སྐྱེས་པ་བཀོད། དེ་ནས་དོན་སྦྱོར་རྟོག་པ་དང་བྲལ་བ་དང་། མིང་སྦྱོར་རྟོག་པ་དང་བྲལ་བའི་སྒྲུབ་བྱེད་རིམ་པ་བཞིན་གསུངས་སོ། །འདིར་དེ་གསུམ་གོ་རིམ་བཟློག་སྟེ་གསུངས་པ་ལས་དང་པོ་གཉིས་ནི་མདོའི་གོ་རིམ་ཡིན་ཅིང་། དོན་ལས་སྐྱེས་པ་མཇུག་ཏུ་སྨོས་པའི་དགོས་པ་ནི་མཚོན་བྱ་དབང་ཤེས་ཀྱི་ཐ་སྙད་ལ་རྩོད་པ་སྤོང་བའི་འཕྲོས་ཡུལ་དུ་དབང་པོ་དང་ཡུལ་གཉིས་ཀ་ལས་སྐྱེས་པ་སྨོས་དགོས་ལ། དེའི་ཡ་གྱལ་དོན་ལས་སྐྱེས་པ་ཤེས་པའི་ཕྱིར་དུ་ཡིན་ནོ། །སྔོན་ཆད་བོད་འདིར་འདི་ཇི་ལྟ་བ་བཞིན་བཤད་པ་གཞན་མི་སྣང་ངོ་། །གཉིས་པ་ལ་བཞི་སྟེ། རྟོག་བྲལ་རྩོད་སྤོང་བཅས་ཏེ་དབང་པོའི་མངོན་སུམ་བཤད། །རྐྱེན་གསུམ་རྩོད་སྤོང་བཅས་ཏེ་ཡིད་ཀྱི་མངོན་སུམ་བཤད། །མྱང་བྱ་ཤེས་པར་བསྒྲུབས་ཏེ་རང་རིག་མངོན་སུམ་བཤད། །ཡང་དག་གསལ་སྣང་བསྒྲུབ་ཏེ་རྣལ་འབྱོར་མངོན་སུམ་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་རྟོག་བྲལ་རིགས་པས་བསྒྲུབ། །མཚན་མཚོན་གཉིས་ལ་རྩོད་པ་སྤོང་བའོ། །དང་པོ་ལ་གཉིས་ཏེ། བྲལ་བྱ་རྟོག་པ་བརྟགས་ཏེ་བསྒྲུབ། །སྒྲུབ་བྱེད་ཤུགས་བསྟན་སྦྱར་ཏེ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། མིང་སྦྱོར་རྟོག་དང་བྲལ་བར་བསྒྲུབ། །རིགས་སོགས་སྦྱོར་བའི་རྟོག་བྲལ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། རིགས་པས་འཐད་པའི་སྒྲུབ་བྱེད་དགོད། །སྒྲུབ་བྱེད་ལྟར་སྣང་བཀོད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། འཁྲུལ་རྒྱུ་མེད་ན་མངོན་སུམ་ཉིད་ཀྱིས་འགྲུབ། །འཁྲུལ་རྒྱུ་ཡོད་ན་རྟགས་ལ་བརྟེན་ནས་བསྒྲུབ། །འཁྲུལ་རྒྱུ་བསྟན་ནས་དེ་ལ་རྩོད་པ་སྤོང་བའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་ཉིད་ཀྱིས་འགྲུབ་ཚུལ་བཤད། །མཚན་གཞིའི་སྟེང་དུ་སྒྲུབ་བྱེད་འགོད་པའོ། །དང་པོ་ནི། སློབ་དཔོན་གྱིས་དབང་མངོན་རྟོག་པ་དང་བྲལ་བ་འཁྲུལ་རྒྱུ་མེད་ན་མངོན་སུམ་གྱིས་འགྲུབ་པ་དང་། འཁྲུལ་རྒྱུ་ཡོད་ན་ཡིད་མངོན་གྱི་སྐབས་སུ་བཤད་པའི་སྒྲུབ་བྱེད་ཀྱིས་འགྲུབ་པ་ལ་དགོངས་ནས་སྒྲུབ་བྱེད་དངོས་སུ་མ་གསུངས་པ་ཡིན་པས་ན་དབང་པོའི་མངོན་སུམ་ཆོས་ཅན། འཁྲུལ་རྒྱུ་མེད་ན་ཁྱོད་རྟོག་པ་དང་བྲལ་བ་ཡིན་པར་ནི་རང་རིག་མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར་ཏེ། འཁྲུལ་རྒྱུ་མེད་ན་ཁྱོད་རྟོག་པ་དང་བྲལ་བ་ལ་ཁྱོད་མྱོང་རང་རིག་མངོན་སུམ་གྱིས་ངེས་པ་འདྲེན་ནུས་པའི་ཕྱིར། ཁྱབ་སྟེ། སྐྱེས་བུ་ཀུན་གྱི་རྣམ་རྟོག་མིང་གི་རྟེན་ཅན་ཡིན་ན། སོ་སོར་རང་གི་རང་རིག་གིས་རིག་པར་བྱ་བ་ཡིན་དགོས་པའི་ཕྱིར། གཉིས་པ་ནི། འཁྲུལ་རྒྱུ་མེད་པའི་དབང་པོའི་མངོན་སུམ་ཇི་ལྟ་བུ། དེ་རྟོག་བྲལ་དུ་མངོན་སུམ་ཉིད་ཀྱིས་འགྲུབ་པའི་ཚུལ་ཇི་ལྟ་བུ་ཞེ་ན། ཕྱི་རོལ་གྱི་ཡུལ་ཐམས་ཅད་ལས་ནི་རྟོག་པའི་སེམས་ནང་དུ་བསྡུས་ནས་ནང་གི་བདག་ཉིད་རྟོག་པ་གཟུགས་སོགས་ལ་གཡོ་བ་མེད་པར་གནས་པ་ནའང་མིག་གི་ཤེས་པས་གཟུགས་དག་ནི་མཐོང་བའི་བློ་དེ་ཆོས་ཅན། དབང་པོའི་མངོན་སུམ་ཡིན་ཏེ། བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་སྐྱེས་པའི་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། སྔར་བཤད་པའི་གནས་སྐབས་ཀྱི་དབང་པོའི་རྟོག་པ་ཆོས་ཅན། ཁྱོད་མིང་སྦྱོར་རྟོག་པ་དང་བྲལ་བར་ཁྱོད་མྱོང་རང་རིག་མངོན་སུམ་གྱིས་འགྲུབ་སྟེ། ཁྱོད་མིང་སྦྱོར་རྟོག་པ་ཡིན་ན་སླར་ཡང་ཁྱོད་མྱོང་རང་རིག་མངོན་སུམ་གྱི་རྗེས་ཀྱི་ཤེས་པས་ཅུང་ཟད་ཅིག་རྣམ་པར་རྟོག་པ་ན་ཁོ་བོའི་རྣམ་རྟོག་འདི་འདྲར་འགྱུར་ཞེས་རིག་དགོས་པ་ལས་དེ་ལྟར་རིག་པ་ཁྱོད་ལ་མེད་པའི་ཕྱིར་རོ། །ཁ་ཅིག་འདི་སྣང་རུང་མ་དམིགས་པའི་གཏན་ཚིགས་སུ་འདོད་པ་ནི་མི་འཐད་དེ། རིགས་པ་ཅན་པ་ལ་དབང་ཤེས་རྟོག་བྲལ་གྱི་དོན་བསྒྲུབ་དགོས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཕྱོགས་ཆོས་བསྒྲུབ། གཏན་ཚིགས་དགོད། ཁྱབ་པ་བསྒྲུབ་པའོ། །དང་པོ་ནི། དབང་ཤེས་ཀྱི་ཡུལ་དུ་གྱུར་པའི་ཁྱད་པར་རང་མཚན་ནི་ཆོས་ཅན། ཁྱོད་སྒྲས་དངོས་སུ་བརྗོད་བྱ་མ་ཡིན་ཏེ། ཁྱོད་གཅིག་བརྡ་དུས་སུ་མཐོང་བ་གཞན་ཐ་སྙད་ཀྱི་དུས་འགའ་ཞིག་ཏུ་མཐོང་བར་མི་འགྱུར་བའི་ཕྱིར། དེས་གསལ་བ་དང་རྫས་གཅིག་པའི་སྤྱི་དངོས་སུ་བརྗོད་པ་ཡང་ཁེགས་སོ། །གལ་ཏེ་དབང་ཤེས་ཀྱི་ཡུལ་དུ་གྱུར་པའི་སྤྱི་རྫས་གཞན་ཡོད་པས་དེ་དངོས་སུ་བརྗོད་དོ་ཞེ་ན། དབང་ཤེས་ཀྱི་ཡུལ་དུ་གྱུར་པའི་རང་མཚན་དེ་ཆོས་ཅན། ཁྱོད་ལས་སྤྱི་གཞན་གསལ་བ་ལས་རྫས་ཐ་དད་པ་ཡོད་པ་མ་ཡིན་ཏེ། གསལ་བ་ལས་རྫས་ཐ་དད་པའི་སྤྱི་འཛིན་པའི་ཚད་མའི་བློ་མེད་པའི་ཕྱིར་རོ། །གཉིས་པ་ནི། དབང་ཤེས་ཀྱི་ཡུལ་སྒྲས་དངོས་སུ་མི་བརྗོད་པ་དེའི་ཕྱིར་དབང་པོ་ལས་སྐྱེས་པའི་བློ་མ་འཁྲུལ་བ་ཐམས་ཅད་ཆོས་ཅན། མིང་སྦྱོར་རྟོག་པ་མ་ཡིན་ཏེ། ཁྱད་པར་རང་མཚན་གྱི་གཟུང་ཡུལ་ཅན་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རང་མཚན་བརྡ་ཡུལ་མིན་པར་བསྟན། །བརྡ་ཡུལ་ཡིན་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། རྩ་བའི་གཏན་ཚིགས་ལ་ཁྱབ་པ་ཡོད་དེ། ཁྱད་པར་རང་མཚན་རྣམས་ལ་སྒྲ་དག་ནི་དངོས་སུ་འཇུག་པ་སྲིད་པ་ཡོད་པ་མིན་པའི་ཕྱིར་ཏེ། ཁྱད་པར་རང་མཚན་བརྡ་དུས་དང་ཐ་སྙད་ཀྱི་དུས་གཉིས་སུ་རྗེས་འགྲོ་མེད་པ་མིན་དེ་ལ་བརྡ་དངོས་སུ་འཇུག་པ་ནི་མེད་པའི་ཕྱིར་རོ། །སྔ་མ་ལ་ཁྱབ་པ་ཡོད་སྟེ་སྒྲ་རྣམས་ཀྱི་དངོས་ཡུལ་ཡང་གང་ཡིན་པ་དེ་ཉིད་ལ་མིང་དེ་རྣམས་ཉིད་ནི་སྦྱོར་བར་བྱེད་པའི་ཕྱིར། གཞན་ཡང་དབང་པོའི་ཤེས་པའི་སྤྱོད་ཡུལ་ཆོས་ཅན། བརྡའི་དངོས་ཡུལ་མིན་ཏེ། བརྡ་འབྲེལ་བྱེད་པའི་རྟོག་པ་ལ་དངོས་སུ་མི་སྣང་བ་དེ་ནི་ཡིན་པའི་ཕྱིར། ཁྱབ་སྟེ། དོན་དེའི་མིང་འདི་ཡིན་ནོ་ཞེས་ནི་མིང་དོན་གྱི་འབྲེལ་པ་བྱེད་པའི་རྟོག་པ་ལ་དོན་དང་སྒྲའི་རྣམ་པ་སྣང་བ་ནི་གང་ཡིན་པ་དེ་དག་ཉིད་ལ་ནི་ཕྱི་རོལ་གྱི་མིང་དོན་དུ་ཞེན་ནས་མིང་དང་མིང་ཅན་དུ་འབྲེལ་བ་བྱེད་པ་ཡིན་པས་ནའོ། །སྔ་མའི་གཏན་ཚིགས་གྲུབ་སྟེ། བརྡ་འབྲེལ་བྱེད་པ་དེའི་ཚེ་གསལ་བར་སྣང་བ་ཡི་དོན་སྣང་བ་ནི་མེད་པའི་ཕྱིར་རོ། །ཁྱབ་སྟེ། ཤེས་པ་ལ་སྣང་བ་ཐ་དད་པ་ཡིས་ནི་དོན་རྣམས་ཁྱད་པར་དུ་འཇོག་པར་བྱེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་འདས་མ་འོངས་དང་ཡུལ་ཤིན་ཏུ་ཐག་རིང་བ་སོགས་ལ་བརྡ་བྱེད་པའི་ཚེ་རང་མཚན་དངོས་སུ་མི་སྣང་བས་དེ་ལ་བརྡ་དངོས་སུ་མི་བྱེད་ཀྱང་མིག་ཤེས་ལ་སྣང་བའི་གཟུགས་བསྟན་ནས་འདི་གཟུགས་སོ་ཞེས་བརྡ་བྱེད་པའི་ཚེ་རང་མཚན་ལ་བརྡ་དངོས་སུ་སྦྱོར་རོ་ཞེ་ན། མིག་ཤེས་ལ་དོན་གཟུགས་སྣང་བཞིན་པ་ན་ཡང་གཟུགས་འདིའོ་ཞེས་ཉན་པ་པོ་ལ་གཞན་གྱིས་བསྟན་པའི་བརྡའི་དངོས་ཡུལ་གང་ཡིན་པ་དེ་ཆོས་ཅན། རྟོག་པ་ལ་སྣང་བའི་རྣམ་པ་ལ་ཕྱི་རོལ་དུ་ཞེན་པ་དེ་ཉིད་སྒྲ་ཡིས་དངོས་སུ་སྦྱོར་བར་བྱེད་ཀྱི་དབང་པོའི་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའི་རང་མཚན་མ་ཡིན་ཏེ། གལ་ཏེ་ཡིན་ན། དབང་པོའི་ཤེས་པ་ཡུལ་ལ་འཇུག་པའི་བྱ་བ་མེད་པ་ལ་གཞན་གྱི་གཟུགས་ཞེས་པའི་ངག་ཙམ་གྱིས་གཟུགས་གསལ་བར་སྣང་དགོས་པ་ལས་དེ་ལྟར་སྣང་བ་མེད་པའི་ཕྱིར། མིང་ཆོས་ཅན། མིང་ཅན་དང་འབྲེལ་པ་བརྡ་མ་བྱས་པ་རང་གི་བརྗོད་བྱ་ཤེས་པར་བྱེད་པ་ཅན་མིན་ཏེ། གལ་ཏེ་ཡིན་ན་བརྡ་མ་མཐོང་ཡང་། རང་ཉིད་ཐོས་པ་ཙམ་གྱིས་དེའི་དོན་ཤེས་པར་ཐལ་བའི་སྐྱོན་འབྱུང་བའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། འཁྲུལ་རྒྱུ་བསྟན། རྩོད་པ་སྤོང་བའོ། །དང་པོ་ནི། གལ་ཏེ་རིགས་པ་ཅན་དབང་པོའི་སྒོར་རྗེས་སུ་འབྲང་བའི་ཡིད་རྟོག་དེ་ཉིད་མངོན་སུམ་དུ་འཁྲུལ་ནས་དབང་པོའི་མངོན་སུམ་རྟོག་པར་འདོད་ན་དེའི་འཁྲུལ་རྒྱུ་གང་ཞེ་ན། རྟོག་པ་དང་བཅས་པའི་ཡིད་དང་། རྟོག་པ་མེད་པའི་ཡིད་དབང་ཤེས་དེ་དག་ལ་ནི་ཆོས་ཅན། བླུན་པོ་རིགས་པ་ཅན་པ་དག་གཅིག་ཏུ་ཞེན་ཅིང་འཁྲུལ་པའི་རྒྱུ་ཡོད་དེ་ཡུལ་གཟུགས་སྒྲ་ལྟ་བུ་གཅིག་ལ་ཅིག་ཆར་དུ་ནི་འཇུག་པའི་ཕྱིར་རམ། རིམ་གྱིས་འཇུག་ཀྱང་འཇུག་པར་མྱུར་བའི་ཕྱིར་ན་སྟེ། དེས་འཁྲུལ་རྒྱུ་བྱས་པའི་ཕྱིར། འཁྲུལ་རྒྱུ་དང་པོ་ནི་རང་གི་འདོད་པ་ཡིན་ལ། གཉིས་པ་ནི་གཞན་གྱི་འདོད་པ་དང་བསྟུན་པའོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་མཐོང་བ་རྟོག་མེད་ཡིན་ན་བློ་དུ་མ་ཅིག་ཆར་མི་སྐྱེ་བས་རྟོག་པ་དང་སྤེལ་ནས་སྐྱེ་དགོས་ལ། དེ་ལྟར་ན་མཐོང་བ་མངོན་སུམ་ཆོས་ཅན། རྒྱུན་ཆད་པར་འགྱུར་བ་སྟེ་བར་མ་ཆད་དུ་མི་སྣང་བར་ཐལ། རང་གི་སྔ་ཕྱིའི་བར་དུ་རྣམ་རྟོག་གིས་བཅད་པས་སོ་ཞེ་ན། གཉིས་པ་ལ་གཉིས་ཏེ། མཐོང་བ་རྒྱུན་ཆད་གཞན་ལ་མཚུངས། །མི་མཚུངས་པ་ཡི་གཞན་ལན་དགག་པའོ། །དང་པོ་ནི། རིགས་པ་ཅན་པ་གཞན་གྱི་དབང་ཤེས་རྟོག་པ་ཡིན་པ་ལྟར་ནའང་ད་ལྟར་གྱི་རྟོག་པ་ལས་རིགས་ནི་ཐ་དད་པའི་འདས་པའི་སྒྲ་ལ་རྣམ་པར་རྟོག་པའི་ཚེ་ད་ལྟར་གྱི་གཟུགས་འཛིན་པའི་མིག་ཤེས་ཆོས་ཅན། རྒྱུན་ཆད་པ་ཇི་ལྟར་མིན་ཏེ་ཡིན་པར་ཐལ། རང་གི་སྔ་ཕྱིའི་བར་དུ་འདས་པའི་སྒྲ་འཛིན་པའི་རྟོག་པས་ཆོད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གཞན་ལན་བརྗོད། དཔེ་དོན་དགག་པའོ། །དང་པོ་ནི། གལ་ཏེ་གཟུང་དོན་དངོས་པོ་མཐོང་བའི་ཕྱོགས་ཀྱི་རྟོག་པ་ཆོས་ཅན། བར་དང་བཅས་པ་ཡིན་ཀྱང་བར་མ་ཆད་པར་སྣང་སྟེ། སྟོབས་དང་ལྡན་པས་འཇུག་པ་མྱུར་བའི་ཕྱིར། མགལ་མེ་དེ་མྱུར་དུ་བསྐོར་བའི་ཚེ་འཇུག་པ་མྱུར་བས་འཁོར་ལོའི་རྣམ་པར་མཐོང་བ་བཞིན་ཞེས་འདོད་ན། གཉིས་པ་ལ་གཉིས་ཏེ། དོན་དགག དཔེ་དགག་པའོ། །དང་པོ་ལ་བཞི་སྟེ། འཇུག་པ་མྱུར་བ་གཞན་ལ་མཚུངས། །དབང་པོ་ཅིག་ཆར་འཇུག་པར་ཐལ། །ཡིད་བློ་ཅིག་ཆར་འཇུག་པར་ཐལ། །གཉིས་ཀ་ལ་ཡོད་རྩོད་པ་སྤོང་བའོ། །དང་པོ་ནི། རྟོག་པ་རྟོག་མེད་སྤེལ་ནས་སྐྱེ་ན་ཡང་གཞན་དབང་པོའི་མངོན་སུམ་ཆོས་ཅན། བར་མ་ཆད་དུ་སྣང་བར་ཐལ། འཇུག་པ་མྱུར་བ་དེ་ནི་ཁྱོད་ལའང་མཚུངས་པ་ཡིན་པའི་ཕྱིར། གཉིས་པ་ནི། ཡི་གེ་ས་ར་ཐོས་པའི་ཉན་ཤེས་ཆོས་ཅན། རང་ཡུལ་གྱི་ཡི་གེའང་ཅིག་ཆར་ཐོས་པར་འགྱུར་ཏེ། རང་ཡུལ་གྱི་ཡི་གེ་ལ་འཇུག་པར་མྱུར་བའི་ཕྱིར། གལ་ཏེ་དེ་དག་འཇུག་པར་མྱུར་ཡང་བར་མ་ཆད་དུ་མི་ཐོས་སོ་ཞེ་ན། བློ་དུ་མ་ཅིག་ཅར་མི་སྐྱེ་བར་འདོད་པའི་ལུགས་འདིར་ཡིད་བྱེད་སྔ་མ་ཡུལ་དྲུག་ཆར་ལ་མཉམ་དུ་འཇུག་ཅིང་། གཟུགས་སོགས་དོན་དྲུག་པོ་ཀུན་དང་ཅིག་ཆར་དུ་འདུས་པ་ཅན་མིག་སོགས་དབང་པོ་དྲུག་པོ་རྣམས་ཅིག་ཆར་དུ་ཡོད་པ་ན་ཆོས་ཅན། འཇུག་ཤེས་དྲུག་རིམ་གྱིས་སྐྱེ་བར་ཐལ། འཇུག་ཤེས་དྲུག་སྐྱེ་བ་གང་ཞིག འཇུག་ཤེས་དྲུག་ཅིག་ཆར་དུ་མི་སྐྱེ་བའི་ཕྱིར། རྟགས་ཁས་བླངས། འདོད་ན། དེའི་ཚེ་གཟུགས་འཛིན་མིག་ཤེས་སྐད་ཅིག་སྔ་ཕྱིའི་བར་དུ་འཇུག་ཤེས་གཞན་ལྔ་པོ་རྣམས་ཀྱིས་ཆོད་ན་ཡང་འཇུག་པ་མྱུར་བ་ཆོད་མེད་བཞིན་དུ་སྣང་བའི་བློ་ཡང་ཡིན། ས་ར་ཐོས་པའི་ཉན་ཤེས་གང་དེ་མིང་གི་མཐར་ཐུག་པའི་ཡི་གེ་ས་ར་ཐོས་པའི་ཤེས་པ་སྐད་ཅིག་སྔ་མ་དང་ཕྱི་མ་འདྲེས་པ་སྟེ་བར་ཆད་མེད་པར་རྟོགས་ཀྱང་བར་ཆོད་པར་སྣང་བར་ཁས་ལེན་པ་གང་ཡིན་པ་དེ་ཆོས་ཅན། མཁས་པས་ངོ་མཚར་ཏེ་བཞད་གད་ཀྱི་གནས་ཡིན་ཏེ། ཤེས་པ་ལྔས་ཆོད་ཀྱང་བར་མ་ཆོད་དུ་སྣང་བ་དང་། བར་ཆད་མེད་ཀྱང་བར་ཆད་དང་བཅས་པར་སྣང་བར་ཁས་ལེན་པ་ཡིན་པའི་ཕྱིར། བློ་ཅིག་ཆར་མི་སྐྱེ་བ་ལ་སྐྱོན་ཡོད་པ་དེའི་ཕྱིར་གང་ཟག་གཅིག་གི་རྒྱུད་ལ་ཆོས་ཅན། རྟོག་པ་རྟོག་མེད་སྤེལ་ནས་སྐྱེ་བའི་རྒྱུ་མཚན་གྱིས་མཐོང་བ་རྒྱུན་ཆད་པར་འགྱུར་བའི་སྐྱོན་མེད་དེ། རྟོག་པ་དང་རྟོག་མེད་ཀྱི་བློ་ནི་ཅིག་ཆར་སྐྱེ་བར་འགྱུར་བའི་ཕྱིར་ཏེ་འཇུག་ཤེས་དྲུག་ཡུལ་ལ་འཇུག་པའི་གནས་སྐབས་ཀྱི་གཟུང་འཛིན་མིག་ཤེས་དང་མིག་ཤེས་གཅིག་པུ་ཡུལ་ལ་འཇུག་པའི་གནས་སྐབས་ཀྱི་གཟུང་འཛིན་མིག་ཤེས་ཆོས་ཅན། བར་ཆད་དང་བཅས་པ་དང་། བར་ཆད་མེད་པར་སྣང་བའི་ཁྱད་པར་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། རང་ཡུལ་བར་མ་ཆད་དུ་སྣང་བ་ལའང་ཁྱད་པར་མེད་པའི་ཕྱིར། གསུམ་པ་ནི། དབང་ཤེས་འགགས་པའི་རྗེས་ཀྱི་ཡིད་ཀྱི་རྟོག་པ་འབའ་ཞིག་ལའང་ཆོས་ཅན། རང་ཡུལ་རིམ་ཅན་དུ་འཛིན་པར་མི་འགྱུར་བར་ཐལ། རང་ཡུལ་ལ་འཇུག་པ་མྱུར་བའི་ཕྱིར། བཞི་པ་ནི། བློ་དུ་མ་ཅིག་ཆར་སྐྱེ་ན། དབང་པོ་ལྔ་དང་དོན་ལྔ་ཉེ་བའི་གནས་སྐབས་ལ་ལར་གཟུང་འཛིན་ལྟ་བུ་གཅིག་ཁོ་ན་ལས་མི་སྐྱེ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། གནས་སྐབས་ལ་ལར་ཡིད་གཟུགས་མཛེས་ལ་ཀུན་ཏུ་ཆགས་སེམས་ཅན་གྱི་སྐྱེས་བུ་དོན་སྒྲ་སོགས་ཉེ་བ་ལའང་དེ་འཛིན་པའི་ཤེས་པ་མེད་པ་གང་ཡིན་པ་དེ་ཆོས་ཅན། བློ་དུ་མ་ཅིག་ཆར་དུ་མི་སྐྱེ་བའི་རྒྱུ་མཚན་གྱིས་མིན་ཏེ་གཟུགས་མཛེས་ལ་ལྷག་པར་ཆགས་པས་གཞན་སྒྲ་འཛིན་སོགས་བསྐྱེད་པའི་ནུས་པ་ཉམས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། སྔར་བཤད་པའི་རྩོད་པ་འདི་ཆོས་ཅན། བློ་དུ་མ་ཅིག་ཆར་དུ་སྐྱེ་བའི་ཕྱོགས་ཁོ་ནས་སྤང་བར་བྱ་བ་མ་ཡིན་པར་ཐལ། བློ་དུ་མ་ཅིག་ཆར་སྐྱེ་བ་དང་རིམ་གྱིས་སྐྱེ་བའི་ཕྱོགས་གཉིས་ཀ་ལ་ཡང་ཁྱོད་སྤང་བྱར་ཡོད་པའི་ཕྱིར། གཉིས་པ་ནི། མགལ་མེ་མྱུར་དུ་བསྐོར་བའི་རྐྱེན་ལས་འཁོར་ལོའི་རྣམ་པར་སྣང་བའི་དབང་ཤེས་དེ་ཆོས་ཅན། མགལ་མེ་རང་མཚན་པ་དེ་མཐོང་བ་འཇུག་པ་མྱུར་བས་མཚམས་སྦྱོར་བ་ལས་འཁོར་ལོའི་རྣམ་པར་སྣང་བ་མ་ཡིན་ཏེ། མགལ་མེ་ལ་སོགས་པ་མྱུར་དུ་འཇུག་པའི་རྗེས་སུ་འགྲོ་བས་གནོད་པ་བྱས་པ་ཅན་གྱི་མིག་ལས་འཁོར་ལོའི་རྣམ་པར་འཁྲུལ་པ་སྐྱེ་བའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་སྒྲུབ་བྱེད་ལྟར་སྣང་བཀོད་པ་དགག་པ་ལ་གཉིས་ཏེ། སྒྲུབ་བྱེད་ལྟར་སྣང་བརྗོད། དཔེ་དོན་སོ་སོར་དགག་པའོ། །དང་པོ་ནི། སྲིད་པའི་བདག་པོ་ལ་སོགས་པ་མདོའི་འགྲེལ་བྱེད་ལ་ལ། བརྡ་བྱང་སྐྱེས་བུའི་དབང་ཤེས་དེ་ཆོས་ཅན། རྟོག་མེད་ཡིན་ཏེ། དབང་པོ་ལས་སྐྱེས་པའི་ཕྱིར་དང་། ལ་སོགས་པ་ཡིད་ལས་བྱུང་བ་མ་ཡིན་པའི་ཕྱིར་དང་། མྱོང་བའི་རྣམ་པས་འཇུག་པའི་ཕྱིར། །བྱིས་པའི་རྒྱུད་ཀྱི་དབང་བློ་བཞིན། །ཞེས་པ་དང་། བྱིས་པའི་རྒྱུད་ཀྱི་དབང་བློ་རྟོག་མེད་ཉིད་ཡིན་པའི་རྒྱུ་མཚན་ནི། བྱིས་པའི་བློ་གང་ཡིན་པ་དེ་བརྡ་འཛིན་པའི་ནུས་པ་ཉམས་པ་ཉིད་ཡིན་པའི་ཕྱིར་ཞེས་སྨྲ་བར་བྱེད་དོ། །གཉིས་པ་ལ་གཉིས་ཏེ། དཔེ་དགག དོན་དགག་པའོ། །དང་པོ་ནི། སྲིད་པའི་བདག་པོ་སོགས་དེ་དག་གི་ལྟར་ན་བྱིས་པའི་རྒྱུད་ཀྱི་བློ་ཆོས་ཅན། མངོན་སུམ་ཉིད་དུ་འགྱུར་བ་སྟེ་དཔྱོད་པ་ཉིད་དུ་ཅུང་ཟད་ཀྱང་མི་སྲིད་པར་ཐལ། རྟོག་མེད་དེ་བརྡ་འཛིན་མི་ནུས་པའི་ཕྱིར། འདོད་ན་བྱིས་པའི་བློ་དེ་ནི་ཆོས་ཅན། ཕྱིས་ཀྱང་བརྡ་འཛིན་པ་མི་སྲིད་པར་འགྱུར་བར་ཐལ། བརྡ་འཛིན་པའི་རྒྱུ་དཔྱོད་པ་དང་བྲལ་བའི་ཕྱིར། གལ་ཏེ་བྱིས་པ་ལ་བརྡ་ལ་མ་བྱང་བའི་གནས་སྐབས་ན་ཡང་བླང་དོར་ལ་དཔྱོད་པའི་ཡིད་ཡོད་པ་དེས་ན་ཕྱིས་བརྡ་དེ་འཛིན་པར་འདོད་ཅེ་ན། བྱིས་པའི་དབང་པོ་ལས་སྐྱེས་པའི་ཤེས་པ་ལ་ཡང་ཆོས་ཅན། ཡིད་ལ་བརྡ་མ་བྱང་བ་ན་དཔྱོད་པ་ཡིན་པ་དེ་བཞིན་དུ། ཁྱེད་ཀྱང་བརྡ་འཛིན་པ་མེད་ན་ཡང་དཔྱོད་པ་ཡིན་པར་འགྱུར་བར་ཐལ། རྒྱུ་མཚན་མཚུངས་པའི་ཕྱིར། གཉིས་པ་ནི། དབང་པོ་ལས་སྐྱེས་པ་འདི་འདྲ་འདི་ཡང་ཆོས་ཅན། དབང་ཤེས་རྟོག་བྲལ་དུ་བསྒྲུབ་པ་ལ་ལྷག་ལྡན་ཡིན་གྱི་ཁྱབ་པ་མ་ངེས་པར་ཐལ། མི་མཐུན་ཕྱོགས་ལ་འགོད་ཚུལ་ལྟར་ཞུགས་པའི་ཕྱིར། གཞན་ཡང་བརྡ་བྱང་སྐྱེས་བུའི་དབང་ཤེས་རྟོག་བྲལ་དུ་བསྒྲུབ་པའི་སྐབས་འདིར་ཡང་ཆོས་ཅན། བྱིས་པའི་དབང་ཤེས་ལ་རྟོག་བྲལ་དུ་བསྒྲུབ་པར་བྱེད་པའི་བརྡ་ཉམས་པ་གང་ཡིན་པ་དེ་ཉིད་ཁྱོད་ཀྱི་རྟགས་སུ་བརྗོད་པར་བྱ་བར་རིགས་ཀྱི། དབང་སྐྱེས་རྟགས་སུ་བཀོད་པ་དོན་མེད་པར་ཐལ་ཏེ། བྱིས་པའི་དབང་སྐྱེས་དང་ཁྱོད་དབང་པོའི་བློར་ནི་མཚུངས་པས་བརྡ་ཉམས་པ་དེ་བྱིས་པའི་དབང་ཤེས་རྟོག་བྲལ་དུ་སྒྲུབ་བྱེད་ཡིན་པ་དང་། ཁྱོད་ཀྱི་སྒྲུབ་བྱེད་མ་ཡིན་པའི་ཁྱད་པར་མེད་པའི་ཕྱིར་རོ། །དབང་སྐྱེས་ལྟར་སྣང་དུ་བསྟན་པ་འདིས་ནི་ཆོས་ཅན། མྱོང་བ་དང་སོགས་པ་ཡིད་ལས་བྱུང་བ་མ་ཡིན་པ་ཉིད་ཀྱང་ལྟར་སྣང་དུ་བཤད་པ་ཡིན་ཏེ། རིགས་པ་མཚུངས་པའི་ཕྱིར་རོ། །གཉིས་པ་རིགས་སོགས་སྦྱོར་བའི་རྟོག་བྲལ་བསྒྲུབ་པ་ལ་གཉིས་ཏེ། ཐ་དད་རྟོགས་པ་མེད་པས་བསྒྲུབ། །སྔ་ཕྱི་བསྲེ་བ་མེད་པས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཁྱབ་པ་བསྟན་ཏེ་གཏན་ཚིགས་དགོད། །གཏན་ཚིགས་དེ་ཡི་ཕྱོགས་ཆོས་བསྒྲུབ་པའོ། །དང་པོ་ནི། རིགས་པ་ཅན་པ་དང་བྱེ་བྲག་པ་སོགས་བ་ལང་འཛིན་པའི་དབང་ཤེས་ནི་བ་ལང་ཉིད་ལ་སོགས་པའི་རིགས་དང་། ཁ་དོག་ལ་སོགས་པའི་ཡོན་ཏན་དང་། འགྲོ་འོང་ལ་སོགས་པའི་བྱ་བས་བ་ལང་དེ་ཁྱད་པར་དུ་བྱས་ནས་འཛིན་པའི་རྟོག་པ་ཡིན་པར་འདོད་དོ། །དེ་དགག་པ་ནི་བ་ལང་འཛིན་པའི་དབང་ཤེས་འདི་ལ་ཆོས་ཅན། བ་ལང་དེ་རིགས་སོགས་ཀྱིས་ཁྱད་པར་དུ་བྱས་ནས་འཛིན་པའི་དོན་སྦྱོར་རྟོག་པའང་མེད་དེ། རིགས་སོགས་དེ་དང་ལྡན་པའི་རྫས་བ་ལང་ལ་རིགས་སོགས་སྦྱོར་བ་ཡོད་པ་མིན་པ་དེས་ན་སྟེ་དེའི་ཕྱིར་ཏེ། བ་ལང་གི་རིགས་དང་འཕྲོད་འདུའི་འབྲེལ་པ་སོགས་ཀྱི་བྱེ་བྲག་རྟོགས་པ་མེད་པའི་ཕྱིར། ཁྱབ་སྟེ། ཁྱད་པར་གྱི་ཆོས་དང་ནི། ཁྱད་པར་གྱི་གཞི་དང་། དེ་གཉིས་ཀྱི་འབྲེལ་པ་དང་། འཇིག་རྟེན་གྱི་གཞུང་ལུགས་སོ་སོའི་མིང་རྣམས་ནི་སྔར་བཟུང་ནས་ཕྱིས་དེ་དག་བསྡོམས་པར་བྱས་པ་དེ་ཁྱད་གཞི་ལ་ཁྱད་ཆོས་སྦྱོར་བ་དེ་ལྟར་རྟོགས་ཀྱི་ཆོས་བཞི་སོ་སོར་གཟུང་བ་ལས་གཞན་དུ་མ་གཟུང་ན་ཕྱིས་བསྡོམས་པ་མིན་པའི་ཕྱིར། དཔེར་ན་ཁྱད་ཆོས་དབྱུག་པ་དང་། ཁྱད་གཞི་སྐྱེས་བུ་དང་། དེ་གཉིས་ཀྱི་འབྲེལ་པ་དང་། སོ་སོའི་མིང་ཤེས་ན་སྐྱེས་བུ་དབྱུག་པ་ཅན་ཞེས་འཛིན་གྱི། མི་ཤེས་ན་མི་འཛིན་པ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། རིགས་གཞན་དབང་ཤེས་ཀྱིས་མི་འཛིན། །འབྲེལ་པ་དབང་ཤེས་ཀྱིས་མི་འཛིན། །རིགས་སོགས་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། རིགས་སོགས་དབང་ཤེས་ཀྱིས་མི་རྟོགས་པ་མ་གྲུབ་སྟེ། དབང་ཤེས་ཀྱིས་མཐོང་བའི་དཀར་ཟལ་ལ་བ་སྤྱི་དངོས་པོ་བ་ཡོད་པའི་ཕྱིར་ཞེ་ན། བ་གསལ་ལ་རྗེས་སུ་འགྲོ་བ་ཅན་གྱི་སྤྱི་འཛིན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེའང་ཆོས་ཅན། ཁྱོད་ལ་སྣང་བ་དེ་བ་སྤྱི་དངོས་པོ་བ་མ་ཡིན་ཏེ། བ་ལང་ཞེས་པའི་སྒྲའི་རྣམ་པ་དང་། གསལ་བའི་ཁ་དོག་དང་། དབྱིབས་ལ་སོགས་པར་སྣང་བའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཁ་དོག་དང་དབྱིབས་དང་། ཡི་གེ་སྟེ་སྒྲའི་རྣམ་པ་བཞི་ཡིས་སྟོང་པ་དེ་བ་ལང་ཉིད་ཅེས་པའི་སྤྱི་དག་ཏུ་བརྗོད་པའི་ཕྱིར། གལ་ཏེ་རྣམ་པ་དེ་ཉིད་མཚུངས་པ་སྟེ་བ་ལང་གི་སྤྱི་ཉིད་ཡིན་དུ་ཆུག་ན་ཡང་། བ་ལང་འཛིན་པའི་མིག་གི་ཤེས་པ་ཆོས་ཅན། རྟོག་པ་ལ་དངོས་སུ་སྣང་བ་དེ་རང་གི་ཡུལ་ལ་མཐོང་བ་མེད་དེ། རང་ཡུལ་གསལ་བར་སྣང་བའི་ཕྱིར། ཁྱབ་སྟེ། ཡུལ་གཅིག་ཉིད་གསལ་བར་སྣང་བ་དང་། མི་གསལ་བར་སྣང་བའི་བློ་ཐ་དད་པའང་ཤེས་པ་གཅིག་ལ་རྙེད་པར་དཀའ་བའི་ཕྱིར་ཏེ། ཤེས་པ་གཅིག་ལ་གསལ་མི་གསལ་གྱི་སྣང་བ་གཉིས་ནི་མེད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། འཕྲོད་འདུ་དབང་པོའི་ཡུལ་ལས་འདས། །འཕྲོད་འདུ་ཡོད་པའི་སྒྲུབ་བྱེད་དགག །འཕྲོད་འདུ་མེད་ཀྱང་དངོས་མིང་འཐད་པའོ། །དང་པོ་ནི། དབང་པོའི་ཤེས་པས་ཆོས་ཅན། རིགས་དང་རིགས་ལྡན་གྱི་འཕྲོད་འདུའི་འབྲེལ་པ་མཐོང་བ་མེད་པར་གནས་པར་ཐལ། སྤྱིར་འཕྲོད་འདུའི་འབྲེལ་པ་འཛིན་པ་མེད་པའི་ཕྱིར་ཏེ། འཕྲོད་འདུ་དབང་པོ་ལས་འདས་པར་ཁས་བླངས་པས་སོ། །གཉིས་པ་ནི། གལ་ཏེ་མ་གྲུབ་སྟེ། འཕྲོད་འདུ་དབང་པོ་ལས་འདས་པར་གཟེགས་ཟན་གཅིག་པུས་འདོད་ཀྱི། ངེད་རིགས་པ་ཅན་པ་ལྟར་ན་འཕྲོད་འདུའི་འབྲེལ་པ་དབང་པོའི་ཡུལ་དུ་ཡོད་དེ། དབང་ཤེས་ཀྱིས་མཐོང་བའི་སྣལ་མ་འདི་ལ་སྣམ་བུའོ་ཞེས་དང་། རྭ་ལ་བ་ལང་ངོ་ཞེས་པའི་སྒྲ་བློ་དོན་མཐུན་འཇིག་རྟེན་ན་གྲགས་པའི་ཕྱིར་ཞེ་ན། སྣལ་མ་འདི་ལ་སྣམ་བུའོ་ཞེས་པའི་སྒྲ་འདི་དག་ཀྱང་ཆོས་ཅན། འཇིག་རྟེན་ན་གྲགས་པའི་ཐ་སྙད་དོན་མཐུན་མ་ཡིན་ཏེ། རིགས་པ་ཅན་པ་རང་གིས་རང་དགར་སྒྲོ་བཏགས་ནས་བྱས་པའི་ཕྱིར། རྭ་ལ་བ་ལང་ཞེས་པའི་སྒྲ་དེ་ཡང་འཇིག་རྟེན་ན་གྲགས་པའི་ཐ་སྙད་དོན་མཐུན་མ་ཡིན་ཏེ། བ་ལང་ལ་རྭ་ཞེས་འཇིག་རྟེན་ན་གྲགས་ཀྱི་རྭ་ལ་བ་ལང་ཞེས་འཇིག་རྟེན་ན་གྲགས་པ་མིན་པའི་ཕྱིར་རོ། །གང་ལྟར་ཡང་རུང་སྟེ། འདི་ལ་འདིའོ་ཞེས་པའི་རྒྱུ་འཕྲོད་འདུའི་འབྲེལ་པ་ལས་མ་འདས་སོ་ཞེ་ན། བ་ལང་ལ་རྭའོ་ཞེས་པའི་སྒྲ་བློ་ཆོས་ཅན། འཕྲོད་འདུའི་འབྲེལ་པའི་རྒྱུ་མཚན་ཅན་མིན་པར་ཐལ། བ་ལང་ཞེས་བྱ་བའི་མིང་ཅན་དེའི་ཡན་ལག་ནི་ལྷག་མ་ནོག་ལྐོག་ཤལ་སོགས་དང་རྭ་དེ་ཡུལ་རྣམ་པར་བཅད་པར་དམིགས་པ་མེད་པར་འབྱར་བར་མཐོང་བ་ཙམ་གྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར། འཇིག་རྟེན་ན་སྣལ་མ་ལ་སྣམ་བུ་ཞེས་གྲགས་པ་མིན་གྱི། འོན་ཀྱང་སྔར་གྱི་སྣལ་མ་དེ་རྣམས་ཀྱི་འབྲས་བུ་སྣམ་བུ་འདི་ཞེས་པའི་ཐ་སྙད་དེ་ཆོས་ཅན། འཕྲོད་འདུའི་འབྲེལ་པའི་རྒྱུ་མཚན་ཅན་མིན་ཏེ། སྔར་གྱི་སྣལ་མ་ཐག་མཁན་གྱིས་འདུས་བྱས་པ་ལས་ཕྱིས་འབྱུང་བའི་འབྲས་བུ་སྣམ་བུར་འཇིག་རྟེན་ན་བརྗོད་པ་ཡིན་གྱི། ཇི་ལྟ་བུར་ཡང་སྣལ་མ་དང་དུས་གཅིག་པའི་འཕྲོད་འདུའི་འབྲེལ་པ་གྲུབ་པའི་སྣམ་བུ་བརྗོད་པ་མིན་པའི་ཕྱིར། ཡང་ན་སྣལ་མ་དེ་དག་གར་ཡོད་ཅེས་དྲིས་པའི་ལན་དུ་སྐྱེས་བུ་འགའ་ཡིས་འབྲས་བུ་སྣམ་བུ་ལ་རྒྱུ་སྣལ་མར་སྒྲོ་བཏགས་པའི་སྒོ་ནས་ད་ལྟར་གྱི་སྣམ་བུ་བསྟན་ནས་འདིའོ་ཞེས་པའམ། ཡང་ན་སྣམ་བུའི་སྒྲའི་རྟེན་ཏེ་རྒྱུ་ནི་སྟོན་པ་ན་སྣམ་བུ་ལས་སྣལ་མ་ཅིག་ནི་ལོགས་སུ་བཀར་བར་བྱས་ལ་འདིའོ་ཞེས་པའི་སྒྲ་དེ་ཆོས་ཅན། འཕྲོད་འདུའི་འབྲེལ་པའི་རྒྱུ་མཚན་ཅན་མིན་ཏེ། འབྲས་བུ་སྣམ་བུའམ་འབྲས་དུས་ཀྱི་སྣལ་མ་ལ་རྒྱུ་སྣལ་མ་འདིའོ་ཞེས་སྒྲོ་བཏགས་ནས་འཇུག་པར་འགྱུར་བ་ཡིན་པའི་ཕྱིར། ཡང་བ་ལང་ལ་རྭའོ་ཞེས་པའི་སྒྲ་བློ་ཆོས་ཅན། རྭ་དང་བ་ལང་གི་འཕྲོད་འདུའི་འབྲེལ་པའི་རྒྱུ་མཚན་ཅན་མིན་ཏེ། བ་ལང་གི་ཡན་ལག་གཞན་གྱི་རྒྱུ་དང་། རྭའི་རྒྱུ་དག་རྭ་དང་ཡན་ལག་གཞན་བསྐྱེད་པ་ལ་ཕན་གདགས་པར་བྱ་བ་དང་། ཕན་འདོགས་བྱེད་དུ་གྱུར་པ་ཉིད་དམ། ཡན་ལག་དེ་དག་ལས་རྭ་དེ་རྣམ་པར་ཆད་པ་མེད་པར་སྣང་བ་ཉིད་རྒྱུ་མཚན་དུ་བྱས་པའི་ཕྱིར། གསུམ་པ་ནི། འདི་ལ་འདིའོ་ཞེས་པའི་སྒྲ་བློ་འཇུག་པའི་རྒྱུ་བརྗོད་བྱ་དོན་གཞན་མེད་ན་དངོས་མིང་གི་རྣམ་གཞག་མི་འཐད་པར་འགྱུར་རོ་ཞེ་ན། བ་ལང་ཞེས་པའི་དངོས་མིང་ཆོས་ཅན། འཕྲོད་འདུ་དོན་གཞན་མེད་ཀྱང་ཁྱོད་འཇུག་པའི་ཡུལ་ཡོད་དེ། བ་ལང་མ་ཡིན་པ་ལ་བ་ལང་དེར་འཛིན་པའི་འཁྲུལ་པ་མེད་པར་བ་ལང་དེར་ཡིན་པ་ལ་དེར་འཛིན་པ་ཅན་གྱི་ཤེས་པ་འཇུག་པའི་གཞི་བ་ལང་གི་མིང་དང་པོར་བརྡ་སྦྱར་བ་ཡི་བརྡ་ཡི་སྤྱོད་ཡུལ་གང་ཡིན་པ་ཁྱོད་འཇུག་པའི་ཡུལ་ཡིན་པའི་ཕྱིར། གསུམ་པ་ལ་བཞི་སྟེ། རིགས་གཞན་ཡོད་པའི་སྒྲུབ་བྱེད་མེད། །ཡོད་པར་འདོད་པའི་སྒྲུབ་བྱེད་དགག །རིགས་གཞན་མེད་ཀྱང་སྒྲ་བློ་འཐད། །དགག་སྒྲུབ་གཉིས་ཀྱི་དོན་བསྡུ་བསྟན་པའོ། །དང་པོ་ནི། གསལ་བའི་དངོས་པོ་རྣམས་ལ་སྤྱི་དོན་གཞན་མངོན་སུམ་གྱིས་མ་གྲུབ་ཀྱང་རྗེས་དཔག་གིས་གྲུབ་བོ་ཞེ་ན། གསལ་བའི་དངོས་པོ་ལས་ནི་དོན་ལ་ཐ་དད་པ་ཅན་གྱི་རིགས་སོགས་ཡོད་པ་ལ་ནི་ཆོས་ཅན། འཇལ་བྱེད་རྗེས་དཔག་མེད་དེ། སྒྲུབ་བྱེད་གཏན་ཚིགས་དང་མཐུན་དཔེ་ཡང་དག་མེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། མ་གྲུབ་སྟེ། གསལ་བའི་དངོས་པོ་ཆོས་ཅན། སྤྱི་དོན་གཞན་ཡོད་དེ། སྤྱིའི་ཡུལ་ཅན་གྱི་སྒྲ་བློ་འཇུག་པའི་ཕྱིར། སྐྱེས་བུ་ལ་དབྱུག་པ་དོན་གཞན་ཁྱད་ཆོས་སུ་ཡོད་པའི་རྒྱུ་མཚན་གྱིས་སྐྱེས་བུ་དབྱུག་པ་ཅན་ཞེས་པའི་སྒྲ་བློ་འཇུག་པ་བཞིན་ནོ་ཞེ་ན། གཉིས་པ་ལ་གསུམ་སྟེ། མཐུན་དཔེ་བསྒྲུབ་བྱའི་ཆོས་ཀྱིས་སྟོང་། །གཏན་ཚིགས་མི་མཐུན་ཕྱོགས་ལ་ཞུགས། །ཉེས་སྤོང་དངོས་རྟགས་ཁྱད་པར་དགག་པའོ། །དང་པོ་ནི། སྐྱེས་བུ་དབྱུག་པ་ཅན་དང་། ཞྭ་ཅན་ལ་སོགས་པ་ཐམས་ཅད་ལའང་ཆོས་ཅན། དབྱུག་པ་ཅན་སོགས་ཀྱི་ཐ་སྙད་དེ་དབྱུག་པ་ཅན་དོན་གཞན་ཁྱད་ཆོས་སུ་ཡོད་པ་ཙམ་གྱིས་འཇུག་པ་མ་ཡིན་ཏེ། དབྱུག་པ་དང་། ཁྱད་གཞི་དང་། ཁྱད་ཆོས་སུ་བློ་ཀུན་རྫོབ་པ་རྟོག་པས་སྒྲོ་འདོགས་པ་ཙམ་ལས་དབྱུག་པ་ཅན་སོགས་ཀྱི་ཐ་སྙད་འདོགས་པའི་ཕྱིར་རོ། །གཉིས་པ་ནི། ཆོས་དེའི་ཡུལ་ཅན་གྱི་སྒྲ་རྟོག་ཡོད་པས་ཆོས་དེ་དོན་གཞན་ཚེ་ཁྱད་ཆོས་སུ་ཡོད་པར་མི་འགྱུར་ཏེ། གལ་ཏེ་འགྲུབ་ན་དངོས་པོ་ཞེས་དང་། ཁང་བཟང་གི་ཕྲེང་བ་ཞེས་སོགས་ཀྱི་སྒྲ་ཡང་ཆོས་ཅན། རིམ་པ་ལྟར་ཚིག་གི་དོན་དྲུག་དང་ཁང་བཟང་ལ་མི་འཇུག་པར་ཐལ། ཚིག་གི་དོན་དྲུག་དང་ཁང་བཟང་ལ་ཁྱོད་ཀྱི་བརྗོད་བྱ་དེ་དག་དོན་གཞན་ཁྱད་ཆོས་སུ་ཡོད་པ་ལ་ལྟོས་པ་མིན་པའི་ཕྱིར་ཏེ། ཚིག་གི་དོན་དྲུག་ཏུ་ཤེས་བྱ་ཀུན་འདུས་པར་ཁས་བླངས་ཤིང་། ཁང་བཟང་ལ་ཕྲེང་བ་དོན་གཞན་ཡོད་ན་ཁང་བཟང་རྫས་སུ་ཐལ་བའི་ཕྱིར་རོ། །གལ་ཏེ་ཁང་པ་རྡུལ་རིགས་མི་མཐུན་འདུས་པའི་ལྡན་པ་ཡིན་ཞེ་ན། ཁང་བཟང་དེའི་ཕྲེང་བ་དེ་ནི་ཅི་ཞིག་ཡིན། རེ་ཞིག་རྫས་དང་། ཡོན་ཏན་དང་། ལས་མ་ཡིན་ཏེ། ཁང་བཟང་ཞེས་པའི་ཡོན་ཏན་ལ་བརྟེན་པའི་ཕྱིར། གལ་ཏེ་ཕྲེང་བ་ནི་ཁང་བཟང་དེའི་རིགས་ཡིན་ནོ་ཞེ་ན། ཁང་བཟང་གི་ཕྲེང་བ་ཞེས་པའི་སྒྲ་ཆོས་ཅན། ཁང་བཟང་གཅིག་ཀྱང་ཁྱོད་ཀྱིས་བརྗོད་པར་བྱ་བར་འགྱུར་བར་ཐལ། ཁྱོད་ཁང་བཟང་གི་རིགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། དཔེར་ན་ཤིང་ཞེས་པའི་སྒྲ་དེ་ཤིང་གཅིག་ལའང་འཇུག་པ་བཞིན་ནོ། །གཞན་ཁང་བཟང་གི་ཕྲེང་བ་མང་པོ་ཆོས་ཅན། ཁང་བཟང་གི་ཕྲེང་བ་ཞེས་པ་དེའི་སྒྲ་ཇི་ལྟར་འཇུག་སྟེ་མི་འཇུག་པར་ཐལ། རིགས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། རིགས་ལ་རིགས་གཉིས་པ་མེད་པར་ཁས་བླངས་པའི་ཕྱིར། གཞན་ཡང་ཁང་བཟང་དང་ཁང་བཟང་གི་ཕྲེང་བ་ཆོས་ཅན། ཁྱོད་ལ་ཆེན་པོ་དང་རིང་པོ་སོགས་ཀྱི་སྒྲ་མི་འཇུག་པར་ཐལ། ཁྱོད་ལ་ཆེན་པོ་དང་རིང་པོ་དོན་གཞན་མེད་པའི་ཕྱིར་ཏེ། རིམ་པ་ལྟར་ཡོན་ཏན་དང་རིགས་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཕྲེང་སོགས་ལ་ནི་ཆེན་པོ་སོགས་དངོས་སུ་མེད་ཀྱང་ཉེ་བར་བཏགས་པ་ལས་ཆེན་པོ་སོགས་ཀྱི་ཐ་སྙད་འཇུག་པར་འདོད་དེ། བརྗོད་བྱ་དོན་གཞན་ཡོད་པ་ལ་མིང་དེ་དངོས་མིང་དང་། བརྗོད་བྱ་དོན་གཞན་མེད་པ་ལ་མིང་དེ་བཏགས་མིང་དུ་འཇུག་པའི་ཕྱིར་ཞེ་ན། ཁང་བཟང་གི་ཕྲེང་བ་ཆེན་པོ་སོགས་གང་ཡིན་པ་ཆོས་ཅན། ཆེན་པོ་ཉེ་བར་བཏགས་པ་བ་མིན་པར་ཐལ། ཆེན་པོ་དངོས་སུ་གྱུར་པའི་རི་བོ་སོགས་དང་ཆེན་པོ་ཉིད་དུ་ཁྱད་པར་མེད་པར་མ་འཁྲུལ་བའི་རྣམ་ཤེས་ཀྱི་གཟུང་བྱ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་བརྗོད་དོན་གཞན་ཡོད་པ་ལ་མིང་དེ་དངོས་མིང་དང་། བརྗོད་བྱ་དོན་གཞན་མེད་པ་ལ་མིང་དེ་བཏགས་མིང་དུ་འཇུག་པར་མ་ངེས་པར་ཐལ། དོན་དེ་དངོས་སུ་མངོན་པར་འདོད་པ་འགའ་ཞིག་ལའང་དོན་དེའི་མིང་དངོས་མིང་དུ་འཇུག་པའི་རྒྱུ་བརྗོད་བྱ་དོན་གཞན་ཡོད་པ་མིན་པ་ཉིད་དེ་མཚུངས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཚིག་གི་དོན་ཞེས་པའི་སྒྲ་ཆོས་ཅན། ཚིག་གི་དོན་དྲུག་རྣམས་ལ་ནི་དངོས་མིང་དུ་མི་འཇུག་པར་ཐལ། ཚིག་གི་དོན་དྲུག་ལ་དངོས་མིང་དུ་འཇུག་པའི་རྒྱུ་བརྗོད་བྱ་དོན་གཞན་གང་ལ་ལྟོས་པར་མཐོང་སྟེ་མ་མཐོང་བའི་ཕྱིར་རོ། །དེས་ན་ཇི་ལྟར་གྲགས་ལས་ཏེ་འདོད་རྒྱལ་དང་པོར་མིང་དུ་གྲུབ་པ་གང་ཡིན་པ་དེ་ནི་དོན་དེ་ལ་དངོས་མིང་དང་། དོན་དེ་དང་ཆོས་འགའ་ཞིག་གིས་མཚུངས་པའི་ཕྱིར་ན་དོན་གཞན་གང་ལ་མིང་དེ་སྐད་དུ་བརྗོད་པ་ནི་ཕལ་པ་སྟེ་བཏགས་མིང་ཡིན་གྱི་མིང་ཆོས་ཅན། བརྗོད་བྱ་དངོས་པོར་ཡོད་མེད་ཀྱིས་དངོས་མིང་དང་བཏགས་མིང་དུ་འཇོག་པ་མིན་ཏེ། བུ་གླེན་པའི་དངོས་པོ་འགའ་ཞིག་ལའང་བུའི་དངོས་པོ་མེད་ཅེས་པའི་མིང་ནི་བཏགས་ནས་འཇུག་པའི་ཕྱིར་རོ། །གལ་ཏེ་གྲགས་པ་དངོས་མིང་ཡིན་མོད་ཀྱི། གྲགས་པ་དེ་ཡང་བརྗོད་བྱ་དོན་གཞན་ཁྱད་ཆོས་སུ་མེད་པར་འཇུག་པ་མ་ཡིན་ནོ་ཞེ་ན། གྲགས་པ་ཆོས་ཅན། བརྗོད་བྱ་དོན་གཞན་ཁྱད་ཆོས་སུ་ཡོད་པ་ལ་ལྟོས་པ་མིན་ཏེ། བརྡའི་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། བརྡ་དེ་ཡང་བརྗོད་འདོད་ཀྱི་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར། བརྗོད་བྱ་གཞན་ལ་མི་ལྟོས་ན་བརྡ་ཅི་ཞིག་བྱ་ཞེ་ན། བརྡ་ཆོས་ཅན། དགོས་པ་ཡོད་དེ། ཐ་སྙད་འཇུག་ལྡོག་གི་དོན་དུ་བྱས་པ་སྟེ་དེའི་ཕྱིར། དཔེར་ན་སྡེབ་སྦྱོར་གྱི་ཁྱད་པར་འགའ་ཞིག་ལ་མེ་ཏོག་གི་ཕྲེང་བ་དོན་གཞན་ཁྱད་ཆོས་སུ་མེད་ཀྱང་མེ་ཏོག་ཕྲེང་འཛིན་ཅེས་པའི་མིང་དང་། སྒྲའི་ཆ་ཤས་འགའ་ཞིག་ལ་བྱིངས་དང་རྐྱེན་དོན་གཞན་ཁྱད་ཆོས་སུ་མེད་ཀྱང་དེ་དག་གི་མིང་གིས་བཏགས་པ་བཞིན་ནོ། །གསུམ་པ་ལ་གསུམ་སྟེ། འབྲས་བུ་གཅིག་པས་སྤྱི་འཛིན་འཇུག །གཞན་སེལ་སྒྲ་ཡི་ཡུལ་དུ་བསྟན། །སྤྱི་དངོས་སྒྲ་ཡི་ཡུལ་མ་ཡིན་པའོ། །དང་པོ་ནི། གསལ་བ་དུ་མ་ལ་སྤྱི་གཅིག་དོན་ལ་མེད་ན་སྤྱི་འཛིན་ཇི་ལྟར་འཇུག་ཅེ་ན། བུམ་གསལ་དུ་མ་སྤྱི་དངོས་པོ་བ་མེད་པའི་རྫས་ཐ་དད་ཡིན་ཀྱང་། བུམ་འཛིན་དུ་རིགས་གཅིག་པ་དེ་འདྲའི་རྣམ་ཤེས་ཀྱི་རྒྱུ་ཡི་ནི་དོན་བུམ་གསལ་དེ་དག་ལ་ཆོས་ཅན། བུམ་པའི་སྤྱི་འཛིན་གྱི་བློ་འཇུག་སྟེ། གང་ཡང་དངོས་པོའི་ཆོས་ཉིད་ཀྱིས་བུམ་པའི་སྤྱི་འཛིན་པའི་ཤེས་པ་དེས་བུམ་པར་རིགས་གཅིག་པ་དེ་ལྟར་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར། བུམ་གསལ་དུ་མས་སྤྱི་འཛིན་གྱི་བློ་གཅིག་བསྐྱེད་པ་ཉིད་ཀྱང་མ་གྲུབ་ཏེ། རྫ་བུམ་འཛིན་པའི་ཤེས་པ་སོགས་ཐ་དད་ཡིན་པའི་ཕྱིར་ཞེ་ན། བུམ་གསལ་ཐ་དད་པ་རྣམས་བུམ་པར་རིགས་ཐ་དད་མིན་པར་ནི་རྟོགས་པའི་རྒྱུར་མཚུངས་པས་བུམ་པར་རིགས་གཅིག་པ་ཡིན་ལ། བུམ་འཛིན་གྱི་ཤེས་པ་དུ་མའང་ཆོས་ཅན། དེ་བཞིན་དུ་རིགས་གཅིག་སྟེ། ཤེས་པའི་སྤྱི་འཛིན་པ་གཅིག་གི་རྒྱུད་མཚུངས་པའི་ཕྱིར། དེས་ན་བུམ་གསལ་རྣམས་ཆོས་ཅན། བུམ་པ་དེའི་འབྲས་བུ་མེད་པ་དང་བྲལ་བ་ཙམ་གྱིས་སེལ་བའི་སྤྱི་རྗེས་སུ་འགྲོ་བ་ཡིན་གྱི། སྤྱི་དངོས་པོ་བ་ཞིག་ཡོད་པ་མ་ཡིན་ཏེ། བུམ་པའི་འབྲས་བུ་མེད་པ་ལས་ལོག་པར་མཚུངས་པ་དེའི་ཕྱིར་དང་། སྤྱི་གཞན་སྣང་རུང་མ་དམིགས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐ་སྙད་ཀྱི་ཡུལ་གཞན་སེལ་ཡིན། བརྡ་ཡི་ཡུལ་ཡང་གཞན་སེལ་ཡིན་པའོ། །དང་པོ་ལ་གཉིས་ཏེ། འཇུག་ཡུལ་དོན་གྱི་གཞན་སེལ་ཡིན། །དངོས་ཡུལ་བློ་ཡི་གཞན་སེལ་ཡིན་པའོ། དང་པོ་ནི། བུམ་གསལ་གྱི་དངོས་པོ་རྣམས་ལ་བུམ་པ་ཞེས་པའི་མཉན་པ་སྟེ་སྒྲ་ཆོས་ཅན། བུམ་པ་རང་མཚན་དེའི་མཐར་ཐུག་པ་ཅན་ཡིན་ཏེ། ཁྱོད་བུམ་པ་མ་ཡིན་པ་ལས་ལོག་པ་ལ་བརྡ་སྦྱར་བ་ཡིན་པ་གང་ཞིག ཁྱོད་ཀྱི་བརྗོད་བྱར་ཞེན་པའི་བུམ་གསལ་གྱི་དངོས་པོ་རྣམས་ལ་བུམ་པ་མ་ཡིན་པ་ལས་ལོག་པ་དེ་ཡོད་པ་དེའི་ཕྱིར། འོ་ན་བུམ་པ་རང་མཚན་དངོས་སུ་བརྗོད་པ་འགྱུར་རོ་ཞེ་ན། བུམ་པ་ཞེས་པའི་སྒྲ་དེ་ནི་ཆོས་ཅན། ཕྱི་རོལ་གྱི་དོན་བྱེད་ནུས་པའི་རྣམ་གཅོད་དོན་གྱི་གཞན་སེལ་ལ་རེག་པ་སྟེ་དངོས་སུ་བརྗོད་པ་མེད་ཀྱང་དོན་གྱི་གཞན་སེལ་དེའི་མཐར་ཐུག་པ་ཅན་ཡིན་ཏེ། ཁྱོད་ཀྱིས་རྣམ་པར་རྟོག་པའི་གཟུགས་བརྙན་ལ་ཕྱི་དོན་དུ་ཞེན་པ་དེ་དངོས་སུ་བརྗོད་པ་གང་ཞིག གཟུགས་བརྙན་དེ་ནི་རང་མཚན་དེའི་མཐར་ཐུག་པ་རྣམས་དང་བརྒྱུད་ནས་འབྲེལ་པ་དེས་ནའོ། །དེས་ན་བུམ་པ་ཞེས་པའི་མཉན་པ་ཆོས་ཅན། བུམ་པའི་གཞན་སེལ་ཡུལ་དུ་བྱེད་པར་བརྗོད་དུ་རུང་སྟེ། བུམ་པའི་བློའི་གཞན་སེལ་དངོས་སུ་བརྗོད་པས་བུམ་པའི་དོན་གྱི་གཞན་སེལ་ཐོབ་པར་བྱེད་པ་དེའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། བློ་ལ་དོན་དུ་འཁྲུལ་པའི་རྒྱུ། །འཁྲུལ་པ་མེད་ན་བརྗོད་བྱར་མིན། །འཁྲུལ་ན་བརྗོད་བྱ་རུང་བར་བསྟན་པའོ། །དང་པོ་ནི། གལ་ཏེ་རྟོག་པ་ལ་སྣང་བའི་གཟུགས་བརྙན་དེ་ཤེས་པ་ལས་རྫས་ཐ་དད་པའི་དོན་དུ་སྣང་བའི་ཕྱིར་ཕྱི་རོལ་གྱི་དོན་ཡིན་པས་ཕྱི་དོན་རང་མཚན་དངོས་སུ་བརྗོད་པར་འགྱུར་རོ་སྙམ་ན། བུམ་པ་ཞེས་པའི་སྒྲ་དེ་དག་ལ་བརྟེན་ནས་བུམ་པ་མ་ཡིན་པ་ལས་ལྡོག་པ་བཞིན་དུ་རྟོག་པའི་ཤེས་པ་ལ་གཞན་བུམ་སོགས་ཀྱི་གཟུགས་བརྙན་སྣང་བ་གང་ཡིན་པ་དེའང་ཆོས་ཅན། ཕྱི་རོལ་དོན་གྱི་བདག་ཉིད་མིན་ཏེ། ཁྱོད་ལ་ཕྱི་རོལ་གྱི་དོན་དུ་ཞེན་པ་དེ་འཁྲུལ་པ་ཡིན་པའི་ཕྱིར། འཁྲུལ་པ་དེ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། ཁྱོད་སྣང་བ་ལ་དོན་དུ་ཞེན་པའི་བག་ཆགས་སྔ་མ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རང་སྡེ་ཁ་ཅིག རྟོག་པ་ལ་སྣང་བའི་རྣམ་པ་དེ་དོན་དུ་མ་ཞེན་པར་སྣང་ཆ་ནས་སྒྲས་དངོས་སུ་བརྗོད་པར་འདོད་པ་ལྟར་ན། བུམ་པ་ཞེས་སོགས་ཀྱི་མཉན་པ་ཆོས་ཅན། ཁྱོད་ལས་ཕྱི་རོལ་དོན་གྱི་ཆ་གང་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་ཀྱིས་རྟོག་པ་ལ་སྣང་བའི་བུམ་སོགས་ཀྱི་རྣམ་པ་དོན་དུ་མ་ཞེན་པ་དེ་ནི་ཁོ་ན་བརྗོད་པའི་ཕྱིར་ནའོ། །འདོད་ན། བུམ་པ་ཞེས་སོགས་ཀྱི་སྒྲ་ཆོས་ཅན། ཁྱོད་ཕྱི་རོལ་གྱི་དོན་དེ་རྟོགས་པའི་དོན་ཅན་ཏེ་ཆེད་དུ་བརྡ་བྱེད་པ་ནི་དོན་མེད་དུ་འགྱུར་བར་ཐལ། ཁྱོད་ལས་ཕྱི་རོལ་གྱི་དོན་དེ་མ་རྟོགས་པའི་ཕྱིར་ནའོ། །དེས་ན་བུམ་པ་ཞེས་སོགས་ཀྱི་སྒྲས་དོན་གྱི་ཆ་ནི་ཅི་བརྗོད་ཅེས་འདྲི་ན། དེ་ལ་བུམ་པའི་གཞན་སེལ་བརྗོད་དོ་ཞེས་བརྗོད་པར་བྱ་སྟེ། སྒྲ་དེས་བུམ་འཛིན་རྟོག་པའི་རྣམ་པ་ལ་ཕྱི་རོལ་གྱི་བུམ་པ་ཞེན་པ་དེ་བརྗོད་པའི་ཕྱིར། བུམ་འཛིན་རྟོག་པའི་རྣམ་པ་དེ་ཡང་ཆོས་ཅན། ཇི་ལྟར་ན་དེ་བརྗོད་པ་ཕྱི་དོན་བུམ་པ་ཐོབ་པའི་རྟེན་ཡིན་ཏེ་མ་ཡིན་པར་ཐལ། ཕྱི་དོན་བུམ་པ་ལ་མེད་པའི་ཕྱིར། དེ་ཉིད་སྟོན་པ་ནི་བུམ་པ་ཞེས་སོགས་གསལ་བ་ལ་རྗེས་སུ་འགྲོ་བ་ཅན་གྱི་རིགས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་རྟོག་པའི་རྣམ་པ་དོན་དུ་མ་ཞེན་པ་དེ་དངོས་སུ་མ་བརྗོད་པར་ཐལ། ཁྱོད་ཀྱིས་གསལ་བ་ཀུན་ལ་རྗེས་སུ་འགྲོ་བ་ཅན་གྱི་སྤྱི་དངོས་སུ་བརྗོད་པ་དེ་ཕྱི་དོན་ཐོབ་པར་བྱེད་པའི་འབྲས་བུ་ཅན་ཡིན་པ་གང་ཞིག་སྣང་བ་ལ་དོན་དུ་མཐོང་བ་གོམས་པས་སྤྲུལ་པའི་རྟོག་པའི་རྣམ་པ་དེ་ཡང་ཕྱི་དོན་ལ་རྗེས་སུ་འགྲོ་བ་མེད་པ་ཅན་ཡིན་པའི་ཕྱིར་ཏེ། དེ་རང་སྣང་བའི་བློ་ལ་ཐ་དད་མེད་པའི་ཕྱིར་རོ། །གསུམ་པ་ནི། བུམ་པ་ཞེས་པའི་སྒྲའི་དོན་གང་ཡིན་ཞེས་འདྲི་ན། དེ་ལ་དོན་དུ་ཞེན་པའི་ངོར་བུམ་འཛིན་རྟོག་པའི་རྣམ་པ་དེ་ཉིད་ཡིན་ཅེས་བརྗོད་པ་ལ་ནི་འགལ་བ་མེད་དེ། བུམ་པ་ཞེས་པའི་སྒྲ་ལས་བུམ་འཛིན་རྟོག་པའི་རྣམ་པ་དེ་ཕྱི་རོལ་བུམ་པའི་དངོས་པོར་སྒྲོ་བཏགས་པ་དངོས་སུ་རྟོགས་པ་ཡིས་གཞན་བུམ་པ་མ་ཡིན་པ་ལས་བཟློག་པ་རྟོགས་པའི་ཕྱིར་ཡང་ངོ་། །གཏན་ཚིགས་གྲུབ་སྟེ། བུམ་འཛིན་རྟོག་པའི་ཤེས་པ་བུམ་པ་ཞེས་པའི་སྒྲ་ཡིས་ངེས་པར་སྤྲུལ་པ་དེ་དག་ཆོས་ཅན། ཕྱི་རོལ་གྱི་དོན་དུ་ལོག་པར་སྣང་བ་ཉིད་ཡིན་ཏེ། ཕྱི་རོལ་གྱི་དོན་མ་ཡིན་པ་ལས་ཕྱི་རོལ་གྱི་དོན་དུ་ཞེན་པའི་ཕྱིར་རོ། །དེས་ན་བུམ་པ་ཞེས་པའི་མཉན་པ་ཆོས་ཅན། བུམ་པའི་གཞན་སེལ་ཡུལ་དུ་བྱེད་དེ། སེལ་ངོར་དོན་བུམ་གསལ་གྱི་ཆ་ལ་ཁྱོད་ཀྱིས་དངོས་ཀྱི་བརྗོད་བྱ་བུམ་པ་མ་ཡིན་པ་ལས་ལྡོག་པ་འདི་རྗེས་སུ་འགྲོ་བ་དེ་ལྟར་ན་སྟེ་དེའི་ཕྱིར། གཉིས་པ་ནི། ཐ་སྙད་ཀྱི་དུས་སུ་སྒྲས་གཞན་སེལ་དངོས་སུ་བརྗོད་པ་དེའི་ཕྱིར་བརྡའི་དུས་ན་ཡང་བུམ་པ་ཞེས་པའི་སྒྲ་ཆོས་ཅན། བུམ་པའི་གཞན་སེལ་དང་འབྲེལ་པ་སྟེ། བརྡ་དངོས་སུ་སྦྱོར་བར་འགྱུར་ཏེ། རང་ཉིད་དངོས་སུ་རྟོག་པས་བུམ་པ་རང་མཚན་མཐོང་པའི་འབྲས་བུ་ཅན་དུ་གྱུར་པ་བུམ་པ་ཞེས་པའི་སྒྲས་དངོས་སུ་བསྟན་པའི་དོན་རྟོག་པའི་རྣམ་པ་ལ་ཕྱི་རོལ་དུ་འཁྲུལ་པ་དང་འབྲེལ་བ་སྟེ་དེ་ལ་དངོས་སུ་སྦྱོར་བའི་ཕྱིར། གསུམ་པ་སྤྱི་དངོས་སྒྲའི་ཡུལ་མ་ཡིན་པ་ནི། བུམ་པ་ཞེས་སོགས་ཀྱི་སྒྲ་ཆོས་ཅན། གཞན་སེལ་དང་འབྲེལ་པ་སྟེ་དེ་ལ་འཇུག་པར་འགྱུར་གྱི། དེ་ནི་སྤྱི་གཞན་དངོས་པོ་བ་ལ་འཇུག་པར་མི་རུང་སྟེ། ཁྱོད་ལས་དོན་གོ་བར་བྱེད་པ་རང་གི་དོན་དེ་ལས་གཞན་དུ་བརྡ་སྦྱོར་བ་མ་མཐོང་བ་ལ་ལྟོས་པ་དང་། རང་གི་དོན་ལ་ལར་བརྡ་སྦྱར་བ་དེ་མཐོང་བ་ལ་ལྟོས་པའི་ཕྱིར། བཞི་པ་དགག་སྒྲུབ་གཉིས་ཀྱི་མཇུག་བསྡུ་བསྟན་པ་ནི། དབང་ཤེས་ཀྱིས་མཐོང་བའི་གསལ་བ་ཆོས་ཅན། ཁྱོད་ལས་རྫས་ཐ་དད་པའི་རིགས་དང་། ཡོན་ཏན་དང་། ལས་ལ་སོགས་པ་དང་། རིགས་སོགས་དེ་དང་ལྡན་པའི་རིགས་ལྡན་ནི་ཡོད་པ་མིན་ཏེ། ཁྱོད་ལས་རྫས་ཐ་དད་པའི་རིགས་དང་རིགས་ལྡན་སོགས་དབང་ཤེས་ལ་སྣང་བ་མེད་པའི་ཕྱིར་དང་། དེ་སྒྲུབ་པ་ལ་རྗེས་དཔག་མེད་པ་དེའི་ཕྱིར་རོ། །དེས་ན་བུམ་པ་ཞེས་པའི་མཉན་པ་ཆོས་ཅན། དོན་ཡན་ལག་ཅན་གྱི་རྫས་དང་། རིགས་སོགས་དེ་དག་ལ་འབྲེལ་པ་སྟེ་དངོས་སུ་སྦྱོར་བ་མིན་ཏེ། གཞན་ལས་ནི་ལྡོག་པའི་སེལ་བ་ཉིད་ལ་སྒྲ་དེ་སྦྱོར་བའི་ཕྱིར་རོ། །གཉིས་པ་སྔ་ཕྱི་བསྲེ་བ་མེད་པས་བསྒྲུབ་པ་ལ་གཉིས་ཏེ། མཐའ་དཔྱད་པ་དང་། གཞུང་གི་དོན་ནོ། །དང་པོ་ནི། ཁ་ཅིག དབང་མངོན་རྟོག་བྲལ་དུ་བསྒྲུབ་པ་ལ་མིང་སྦྱོར་རྟོག་པ་དང་བྲལ་བ། དོན་སྦྱོར་རྟོག་པ་དང་བྲལ་བ། སྒྲ་སྦྱོར་རྟོག་པའམ་བརྡ་སྦྱོར་རྟོག་པ་དང་བྲལ་བར་བསྒྲུབ་པ་གསུམ་དུ་བྱས་ནས་ཕྱི་མ་གཞུང་འདིས་བསྟན་པར་འདོད་པའང་ཅུང་ཟད་མི་ལེགས་ཏེ། འདི་དོན་སྦྱོར་རྟོག་པ་དང་བྲལ་བ་བསྒྲུབ་པའི་ཁོངས་སུ་འདུས་པའི་ཕྱིར་རོ། །ཁ་ཅིག འཇིག་རྟེན་གཞུང་ལུགས་དབང་ཤེས་ཀྱིས་མི་འཛིན་པ་སྒྲུབ་པ་ལ་སྦྱོར་བ་ཡང་གཞུང་གི་སྐབས་དོན་མ་ཡིན་ཏེ། དེ་སྔར་ཁྱད་པར་སོགས་གསུམ་པོ་དབང་ཤེས་ཀྱིས་སོ་སོར་འཛིན་པ་མེད་པའི་སྐབས་དོན་ཡིན་ལ། འདི་ནི་སོ་སོར་གཟུང་བ་ཡོད་ཀྱང་ལྷན་ཅིག་སྦྱོར་བ་མེད་པ་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །རང་ལུགས་ནི། ཁྱད་པར་དང་ནི་ཁྱད་པར་གཞི། །ཞེས་པ་ནས་འདི་ཡན་ཆད་ཀྱིས་ཁྱད་གཞི་བ་ལང་ལྟ་བུ་དབང་ཤེས་ཀྱིས་འཛིན་པ་ཡོད་ཀྱང་ཁྱད་པར་གྱི་ཆོས་དང་། དེ་གཉིས་ཀྱི་འབྲེལ་པ་དང་། མིང་གི་ཐ་སྙད་གསུམ་དབང་ཤེས་ཀྱིས་སོ་སོར་འཛིན་པ་མེད་པས་དེ་དག་སྦྱོར་བའི་དོན་སྦྱོར་རྟོག་པ་མིན་ཞེས་བསྒྲུབས་ཟིན་ནས། འདི་མན་ཆད་ཀྱིས་སོ་སོར་གཟུང་བ་ཡོད་ཀྱང་དེ་དག་ལྷན་ཅིག་ཏུ་སྦྱོར་བ་དབང་ཤེས་ལ་མི་སྲིད་ཅེས་སྟོན་ཏེ། གཞུང་སྔ་མར་རིགས་སོགས་ཀྱི་བྱེ་བྲག་རྟོག་པ་མེད་པའི་ཕྱིར་ཞེས་དང་། འདིའི་སྔ་འགྲེལ་དུ་རྣམ་ངེས་ལས་ཐ་དད་པར་རྟོག་པས་ངག་ལ་ཡང་བསྲེ་བ་ནི་ཞེས་གསུངས་པས་སོ། །གཉིས་པ་ལ་གསུམ་སྟེ། སྔ་ཕྱི་འཛིན་པ་མེད་པས་བསྲེ་བ་མེད། །གཞན་ལ་རྟོག་ཀྱང་མཐོང་བས་བརྡ་མི་འཛིན། །མིང་སྦྱོར་རྟོག་པ་ཡིན་ན་ཧ་ཅང་ཐལ་བའོ། །དང་པོ་ནི། མིག་ཤེས་སོགས་དབང་ཤེས་ལ་ནི་ཆོས་ཅན། བརྡ་དྲན་པ་ཡི་རྒྱུ་ཅན་གྱི་སྟེ་འབྲས་བུ་སྔར་བརྡ་དུས་དང་ད་ལྟར་མཐོང་བའི་དོན་གཉིས་གཅིག་ཏུ་བསྲེས་ནས་དོན་འདིའི་མིང་འདིའོ་ཞེས་འཛིན་པར་བྱེད་པའི་བདག་ཉིད་ཅན་གྱི་རྟོག་པ་དེ་ཇི་ལྟར་ཡིན་ཏེ་མིན་པར་ཐལ། སྔ་ཕྱིའི་དོན་གཅིག་ཏུ་འཛིན་པས་སྟོང་པ་ཡི་ཕྱིར་རོ། །གཉིས་པ་ནི། རྟོགས་པ་ད་ལྟར་གྱི་གཟུགས་ལས་གཞན་འདས་པའི་སྒྲ་ལ་འཇུག་སེམས་ཅན་གྱི་ཡང་མིག་གིས་གཟུགས་དག་མཐོང་བར་གྱུར་པ་དེར་ནི་ཆོས་ཅན། གསལ་བར་ཏེ་ངེས་པར་བརྡ་དྲན་པ་དེས་བསྐྱེད་པའི་མིང་དོན་སྦྱོར་བའི་རྟོག་པའང་མེད་དེ། ཡུལ་དེའི་བརྡའ་མི་འཛིན་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། དབང་ཤེས་འདོད་པས་འཇུག་པར་ཐལ། །གཟུགས་འཛིན་མྱོང་བ་མེད་པར་ཐལ། །རང་མཚན་སྣང་བ་མེད་པར་ཐལ་བའོ། །དང་པོ་ནི། དབང་ཤེས་ཆོས་ཅན། ཁྱོད་ཀྱི་ཡུལ་དེ་ལ་སྒྲ་དངོས་སུ་འགོད་པར་ཐལ། ཁྱོད་སྒྲ་དོན་སྦྱོར་བའི་རྟོག་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཡུལ་གང་ལ་མིང་གི་སྒྲ་ནི་ངེས་པར་དངོས་སུ་འགོད་པ་དེ་ཁོ་ན་ལ་བརྡ་སྦྱོར་རྟོག་པ་སྐྱེ་བར་འགྱུར་གྱི། གཞན་དུ་མིན་པའི་ཕྱིར། འདོད་ན། དབང་པོ་ལས་སྐྱེས་པའི་ཤེས་པ་ཆོས་ཅན། རང་ཡུལ་ལ་འདོད་པ་ཡིས་འཇུག་པར་འགྱུར་གྱི། གཟུང་དོན་ཕྱི་རོལ་གྱི་དོན་མཐོང་བར་མི་འགྱུར་བར་ཐལ། འདོད་པ་དེས་ནའོ། །གཉིས་པ་ལ་གསུམ་སྟེ། མྱོང་བྱེད་མེད་པར་ཐལ་བ་དགོད། །མྱོང་བྱེད་ཡོད་པའི་གཞན་ལན་དགག །རྟོག་མེད་ཡིན་ན་འདོད་པ་གྲུབ་པའོ། །དང་པོ་ནི། སྐྱེས་བུ་གཅིག་གི་རྒྱུད་ལ་ཆོས་ཅན། མིག་ཤེས་ཀྱིས་གཟུགས་མཐོང་བའི་དུས་དེར་གཟུགས་འཛིན་གྱི་ཤེས་པ་དེ་མྱོང་བ་མེད་པར་ཐལ། མིག་ཤེས་ཀྱིས་གཟུགས་ལ་གཟུགས་ཞེས་མཐོང་བ་སྟེ་ངེས་པ་ན་གཟུགས་དེ་འཛིན་པའི་བློའོ་ཞེས་ནི་ཇི་ལྟར་མཐོང་ཞིང་ངེས་ཏེ་མ་ངེས་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། གཟུགས་འཛིན་རྟོག་པ་ཡིན་ཅིང་དེ་མྱོང་བྱེད་དེ་ནི་རྟོག་མེད་དེ་ཇི་ལྟར་ཡིན་ཏེ་མ་ཡིན་པའོ། །འདོད་མི་ནུས་ཏེ། གཟུགས་འཛིན་དང་དེའི་ཉམས་སུ་མྱོང་བའང་ཅིག་ཆར་ཡོད་པས་བསལ་ལོ། །གཉིས་པ་ལ་གསུམ་སྟེ། གཟུགས་འཛིན་ཉིད་ཀྱིས་མྱོང་བ་དགག །དུས་མཉམ་གཞན་གྱིས་མྱོང་བ་དགག །ཕྱིས་བྱུང་གཞན་གྱིས་མྱོང་བ་དགག་པའོ། །དང་པོ་ནི། གལ་ཏེ་རྟགས་མ་གྲུབ་སྟེ། འདི་གཟུགས་སོ་ཞེས་མཐོང་བའི་མངོན་སུམ་རྟོག་པ་དེ་ཉིད་ཀྱིས་འདི་གཟུགས་འཛིན་ནོ་ཞེས་མྱོང་བ་ཡིན་པའི་ཕྱིར་རོ་ཞེ་ན། སྐྱེས་བུ་གཅིག་གི་རྒྱུད་ལ་ཆོས་ཅན། རྟོག་པ་རྫས་ཐ་དད་པ་གཉིས་ཅིག་ཆར་སྐྱེ་སྲིད་པར་ཐལ། འདི་གཟུགས་སོ་ཞེས་རྟོག་པ་དང་། འདི་གཟུགས་འཛིན་ནོ་ཞེས་རྟོག་པ་གཉིས་ཅིག་ཆར་ཡོད་པའི་ཕྱིར། འདོད་ན་དེ་ལྟར་ཚད་མས་མཐོང་བ་མེད་པར་གསལ་ལོ། །གཉིས་པ་ནི། གལ་ཏེ་གཟུགས་འཛིན་གྱི་ཤེས་པ་དེ་རང་དང་དུས་མཉམ་པའི་ཤེས་པ་རྫས་གཞན་གྱིས་མྱོང་བས་སྔ་མའི་གཏན་ཚིགས་མ་གྲུབ་བོ་ཞེ་ན། རྒྱུད་གཅིག་ལ་རྟོག་པ་རྫས་ཐ་དད་པ་གཉིས་ཅིག་ཆར་མི་སྐྱེ་བར་བསྟན་པ་དེས་ནི་ཆོས་ཅན། གཟུགས་འཛིན་པའི་མངོན་སུམ་རྟོག་པ་དེ་དེ་དང་དུས་མཚུངས་པའི་རྣམ་པར་ཤེས་པ་རྟོག་བཅས་གཞན་གྱི་མྱོང་བ་ལ་ཡང་སྐྱོན་བསྟན་པ་ཡིན་ཏེ། རྒྱུད་གཅིག་ལ་རྟོག་པ་རྫས་ཐ་དད་པ་གཉིས་ཅིག་ཆར་མི་སྐྱེ་བར་བསྟན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རིགས་པ་གསུམ་གྱིས་གནོད། །ཕྱི་མའི་ཉེས་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་གཟུགས་འཛིན་དེ་ཕྱིས་སྐྱེས་པའི་ཤེས་པ་གཞན་གྱིས་མྱོང་བས་སྔ་མའི་གཏན་ཚིགས་མ་གྲུབ་བོ་ཞེ་ན། ཕྱིས་ཀྱི་བློ་དེ་ཆོས་ཅན། གཟུགས་འཛིན་འདས་པ་ལ་ནི་དྲན་པའི་ཤེས་པར་འགྱུར་བར་ཐལ། གཟུགས་འཛིན་འདས་པ་ལ་དམིགས་པའི་རྟོག་པ་ཡིན་པའི་ཕྱིར། འདོད་ན། ཕྱིས་ཀྱི་བློ་དེ་ཆོས་ཅན། གཟུགས་འཛིན་སྔ་མ་དེ་ལ་དྲན་པ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། ཁྱོད་ཀྱིས་སྔར་གཟུགས་འཛིན་དེ་མྱོང་བ་མེད་པའི་ཕྱིར། གཞན་ཡང་རང་རྒྱུད་ཀྱིས་གཟུགས་འཛིན་ལ་སོགས་པའི་བློའི་ཡུལ་ཅན་གྱི་བློ་དང་། གང་ཟག་གཞན་གྱི་བློ་ཡོངས་སུ་གཅོད་ཅིང་འཇལ་བའི་ཚེ་ཚད་མ་གཉིས་ཆོས་ཅན། ཡུལ་ཡོངས་སུ་གཅོད་ཚུལ་གྱི་དོན་གཅིག་པར་འགྱུར་བར་ཐལ། རང་ལས་དོན་གཞན་པའི་ལྐོག་གྱུར་གྱི་བློ་འདས་པ་ལ་འཇུག་པར་མཚུངས་པའི་ཕྱིར། གཞན་ཡང་དོན་རིག་འདས་པ་ཆོས་ཅན། རང་རྒྱུད་ལ་ཡོད་པ་རྗེས་དཔག་གིས་ཀྱང་མ་གྲུབ་པར་ཐལ། རང་རྒྱུད་ཆོས་ཅན་དུ་བཟུང་ནས་དེ་ལ་ཁྱོད་ཡོད་པར་བསྒྲུབས་ན་བསྒྲུབ་བྱའི་ཆོས་ལྡན་གྱི་མཐུན་དཔེ་དག་དང་བྲལ་ཞིང་། ཁྱོད་ཆོས་ཅན་དུ་བཟུང་ནས་རང་རྒྱུད་ལ་ཡོད་པར་བསྒྲུབས་ན་ཆོས་ཅན་ཉིད་མ་གྲུབ་པའི་དེ་ལ་ཕྱོགས་ཆོས་སུ་གྲུབ་པའི་རྟགས་ནི་ཡོད་པ་མིན་པའི་ཕྱིར། འདོད་ན་རང་རྒྱུད་ལས་བྱུང་བའི་དོན་རིག་འདས་པ་ཆོས་ཅན། རང་རྒྱུད་ལ་ཚད་མས་ཅིས་གྲུབ་སྟེ་མ་གྲུབ་པར་ཐལ། གང་གི་ཕྱིར་ན་དེ་ལ་ནི་རང་རྒྱུད་ལ་ཡོད་པར་འཇལ་བའི་མངོན་སུམ་འཇུག་པ་མ་ཡིན་ལ། རྟགས་ཅན་རྗེས་དཔག་ཀྱང་འཇུག་པ་མིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་དོན་རིག་འདས་པ་དེའི་ངོ་བོ་སྟེ་རྣམ་པར་ནི་སྣང་བ་ཅན་གྱི་དེའི་རྗེས་ཐོབ་པ་དེ་མ་ཐག་པའི་བློས་དོན་རིག་འདས་པ་འཛིན་པར་འགྱུར་ཏེ། མདོ་སྡེ་པའི་ལུགས་ལ་གཟུགས་སོགས་ཀྱི་རྣམ་པ་སྣང་བའི་བློས་གཟུགས་སོགས་སྔ་མ་འཛིན་པར་འདོད་པ་བཞིན་དུའོ་ཞེ་ན། དོན་རིག་རྒྱུན་ལྡན་དུ་སྐྱེས་པའི་རྗེས་ཐོག་དེ་མ་ཐག་པའི་ཤེས་པ་ཆོས་ཅན། དོན་རིག་སྐད་ཅིག་ཐ་མ་ལས་གཞན་སྐད་ཅིག་སྔ་མའི་བློ་དེ་རྣམས་ནི་ཉམས་སུ་མྱོང་བའི་སྒོ་ནས་འཛིན་པར་མི་འགྱུར་བར་ཐལ། དོན་རིག་སྐད་ཅིག་སྔ་མ་རྣམས་དང་ཁྱོད་ཀྱི་བར་དུ་ཤེས་པ་གཞན་གྱིས་ཆོད་པའི་ཕྱིར། གསུམ་པ་ནི། གཟུགས་རང་གི་ཡུལ་ཅན་གྱི་རྣམ་ཤེས་ཉམས་སུ་མྱོང་བྱེད་མངོན་སུམ་དེ་ཆོས་ཅན། རྟོག་མེད་ཡིན་ཏེ། རང་ཡུལ་ལ་བརྡ་བྱེད་མི་ནུས་པའི་ཕྱིར་ཞེ་ན། ཇི་ལྟར་དེ་རྟོག་མེད་ཡིན་པ་དེ་བཞིན་དུ་མངོན་སུམ་གཞན་ཡང་ཆོས་ཅན། རྟོག་པ་མེད་པར་འགྱུར་ཏེ། རང་ཡུལ་ལ་བརྡ་བྱ་བར་མི་ནུས་པའི་ཕྱིར་རོ། །གསུམ་པ་ནི། ཁྱད་པར་རང་མཚན་སྣང་ནས་བློ་གང་གིས་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། རྟོག་པ་མེད་པའི་བློ་མེད་ན་ནིའོ། །ཁྱབ་སྟེ། རྗོད་བྱེད་ཀྱི་སྒྲ་ནི་སྤྱི་དངོས་སུ་བརྗོད་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་དང་། རྟོག་པའང་སྒྲ་དེ་དང་དོན་གཅིག་ཁོ་ན་ལ་འཇུག་པའི་ཕྱིར་ནའོ། །གལ་ཏེ་དབང་ཤེས་རྟོག་མེད་འགའ་ཞིག་ཀྱང་ཡོད་ཅིང་དེས་རང་མཚན་སྣང་ནས་རྟོགས་ཤེ་ན། དབང་ཤེས་གཞན་ཐམས་ཅད་ཀྱང་ཆོས་ཅན། དབང་ཤེས་གཅིག་རྟོག་མེད་ཡིན་པ་དེ་བཞིན་དུ་རྟོག་མེད་ཡིན་པར་ཐལ། རྟོག་མེད་ཀྱི་དབང་ཤེས་གཅིག་པུ་དེ་དང་རྐྱེན་གསུམ་མཚུངས་པའི་རྒྱུ་ཅན་ཏེ་དངོས་འབྲས་ཡིན་པའི་ཕྱིར། ཁྱབ་སྟེ། འབྲས་བུ་ཤེས་པའི་བདག་ཉིད་རྫས་ཐ་དད་ཡིན་ན་རྒྱུ་ཚོགས་ཐ་དད་ལས་སྐྱེས་པ་ཡིན་པས་ཁྱབ་པ་ཡིན་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་ཤུགས་བསྟན་སྦྱར་ཏེ་བསྒྲུབ་པ་ནི། མདོར། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་དམ་བཅའ་དངོས་སུ་བསྟན། སྒྲུབ་བྱེད་ཤུགས་ལ་བསྟན། ཡིད་མངོན་གྱི་སྐབས་སུ་ཡིད་ཀྱང་དོན་དང་ཞེས་སྒྲུབ་བྱེད་དངོས་སུ་བསྟན་ནས་དམ་བཅའ་ཤུགས་ལ་བསྟན་པ་ལ། དཔལ་ལྡན་གྲགས་པས་དབང་མངོན་གྱི་སྐབས་སུ་དམ་བཅའི་དངོས་བསྟན་བྲལ་བྱ་རྟོག་པ་ལ་བརྟགས་ཏེ་རྟོག་བྲལ་དུ་བསྒྲུབ་པ་དང་། སྒྲུབ་བྱེད་ཤུགས་བསྟན་གཟུང་དོན་ལས་སྐྱེས་པའི་རྟགས་ཀྱིས་རྟོག་བྲལ་དུ་བསྒྲུབ་པ་གཉིས་གསུངས་ཤིང་། ཡིད་མངོན་ལ་རིགས་པ་དེ་ཁ་སྤོ་བས་ཆོག་པ་ལ་དགོངས་ནས་དངོས་སུ་མ་གསུངས་སོ། །དེ་ལ། མངོན་སུམ་རྟོག་དང་བྲལ་བར་ནི། །ཞེས་པ་ནས་འདི་ཡན་ཆད་ཀྱིས་མིང་སྦྱོར་རྟོག་པ་དང་རིགས་སོགས་སྦྱོར་བའི་རྟོག་པའི་དོན་ལ་བརྟགས་ནས་དེ་དང་བྲལ་བར་བསྒྲུབས་ཟིན་ནས། འདི་ནས་གཟུང་དོན་ལས་སྐྱེས་པའི་རྟགས་ཀྱིས་རྟོག་བྲལ་དུ་བསྒྲུབ་པ་སྟོན་ཏེ། རྣམ་ངེས་ལས། རིགས་པ་འདི་མིང་སྦྱོར་རྟོག་པ་དང་བྲལ་བར་བསྒྲུབ་པའི་གོང་དུ་གསུངས་པ་དང་དོན་གཅིག་གོ །དེས་ན་འདི་ལ་གསུམ་སྟེ། སྒྲུབ་བྱེད་དགོད། ཉེས་སྤོང་དགག གྲུབ་དོན་བསྡུ་བའོ། །དང་པོ་ནི། མིག་གི་བློ་མ་འཁྲུལ་བ་ཆོས་ཅན། ཁྱོད་དང་མིང་སྦྱོར་རྟོག་པའི་གཞི་མཐུན་མེད་དེ། ཕྱི་རོལ་གྱི་དོན་ལ་དངོས་སུ་ལྟོས་པ་མེད་པར་དོན་དེའི་བརྡ་དྲན་པ་ཙམ་ལས་མིང་དོན་སྦྱོར་བའི་རྟོག་པ་སྐྱེ་བ་ཡིན་ལ། དེ་བཞིན་དུ་དོན་དེའི་བརྡ་དྲན་པ་ལ་ལྟོས་པ་མེད་པར་རང་གི་གཟུང་དོན་གྱི་དངོས་ནུས་ཉིད་ལས་ཁྱོད་སྐྱེ་བར་འགྱུར་བའི་ཕྱིར། གཉིས་པ་ནི། གལ་ཏེ་རྟགས་མ་གྲུབ་སྟེ། དབང་ཤེས་ཀྱི་དམིགས་རྐྱེན་གཟུགས་སོགས་ནི་རང་གི་བརྡ་དྲན་ལ་ལྟོས་ན་རང་འཛིན་དབང་པོའི་བློ་བསྐྱེད་པ་དག་ལ་ནུས་པ་དང་ལྡན་པར་འགྱུར་གྱི། རང་གི་བརྡ་དྲན་ལ་ལྟོས་མེད་དུ་དབང་ཤེས་བསྐྱེད་ནུས་པ་མིན་ཅེ་ན། དབང་ཤེས་ཀྱི་གཟུང་དོན་ཆོས་ཅན། རང་འཛིན་དབང་ཤེས་བསྐྱེད་པའི་སྔ་རོལ་དུ་རང་གི་བརྡ་དྲན་པ་ཉིད་བསྐྱེད་པ་ལ་ནུས་པ་དང་ལྡན་པར་འགྱུར་གྱི། རང་འཛིན་དབང་ཤེས་དངོས་སུ་སྐྱེད་བྱེད་མིན་པར་ཐལ། རང་གི་བརྡ་དྲན་དེ་ནི་རང་ཉིད་དེ་ལ་འབྲེལ་བ་སྟེ། མངོན་དུ་ཕྱོགས་པ་ལས་རང་འཛིན་དབང་ཤེས་སྐྱེ་བའི་ཕྱིར། དཔེར་ན་དུ་སོགས་ཀྱི་རྟགས་རྗེས་དཔག་བསྐྱེད་པ་འབྲེལ་པ་དྲན་པ་ལ་ལྟོས་པའི་རྒྱུ་མཚན་གྱིས་རྗེས་དཔག་དངོས་སུ་མི་བསྐྱེད་བར་དེའི་སྔར་འབྲེལ་བ་དྲན་པ་བསྐྱེད་པ་བཞིན་ནོ། །གཞན་ཡང་དབང་བློའི་རྐྱེན་གསུམ་ཚང་བ་ནས་ཡང་རེས་འགའ་དབང་བློ་སྐྱེ་བར་འགྱུར་བའམ། རེས་འགའ་མིན་པ་སྟེ། སྐྱེ་བར་མ་ངེས་པར་ཐལ་བ་དང་། བརྡ་དྲན་དེ་ལས་དབང་བློའི་རྐྱེན་གསུམ་ཚང་བ་ལས་གཞན་དུའང་དབང་བློ་སྐྱེ་བར་འགྱུར་བར་ཐལ། དབང་བློའི་གཟུང་དོན་གྱི་བརྡ་དྲན་པ་ལས་དབང་བློ་དངོས་སུ་སྐྱེ་བའི་ཕྱིར། ཁྱབ་སྟེ། རེས་འགའ་རྐྱེན་གསུམ་མ་ཚང་བ་ན་ཡང་བརྡ་དྲན་ཡོད་སྲིད་ཅིང་། ལ་ལར་རྐྱེན་གསུམ་ཚོགས་ཀྱང་ཡིད་ཡུལ་གཞན་ལ་རྣམ་པར་གཡེང་ནས་གཟུང་དོན་གྱི་བརྡ་མི་དྲན་པ་སྲིད་པའི་ཕྱིར་རོ། །གལ་ཏེ་དབང་ཤེས་བརྡ་དྲན་ལས་སྐྱེ་ཡང་གཟུང་དོན་ལས་དངོས་སུ་མི་སྐྱེ་བར་མི་འགྱུར་ཏེ། གཟུང་དོན་གཅིག་གིས་རིམ་གྱིས་ཏེ་སྔར་བརྡ་དྲན་དང་། ཕྱིས་དབང་ཤེས་བསྐྱེད་པས་དེ་གཉིས་ཀའི་དངོས་རྒྱུ་བྱེད་པ་ཡིན་པའི་ཕྱིར་ཞེ་ན། གཟུང་དོན་གཅིག་པོ་དེ་ཆོས་ཅན། སྔར་བརྡ་དྲན་སྐྱེད་པ་ཉིད་ཀྱི་དུས་ན་དབང་ཤེས་ཀྱང་བསྐྱེད་པར་འགྱུར་བར་ཐལ། སྔར་བརྡ་དྲན་བསྐྱེད་པའི་དུས་ན་དབང་ཤེས་སྐྱེད་བྱེད་ཀྱི་དོན་དང་ཐ་དད་མེད་པའི་རྟག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་གཏན་ཚིགས་མ་གྲུབ་སྟེ། གཟུང་དོན་གྱི་སྐད་ཅིག་དང་པོས་ནི་བརྡ་དྲན་བསྐྱེད་ལ། དབང་པོའི་བློའི་རྒྱུར་གྱུར་པའི་དོན་ནི་སྐད་ཅིག་དང་པོ་ལས་གཞན་སྐད་ཅིག་ཕྱི་མ་ཡིན་པའི་ཕྱིར་ཞེ་ན། དབང་ཤེས་ཆོས་ཅན། རང་གི་གཟུང་དོན་གྱིས་རང་ཉིད་བསྐྱེད་པ་དེ་ལ་བརྡ་དྲན་པ་དོན་མེད་དུ་འགྱུར་བར་ཐལ། བརྡ་དྲན་གྱིས་དོན་གྱི་སྐད་ཅིག་དང་པོ་ཁོ་ན་འཛིན་ཅིང་། ཁྱོད་ཀྱིས་བརྡ་དྲན་གྱིས་ཡུལ་དུ་མ་བྱས་པའི་དོན་གྱི་སྐད་ཅིག་ཕྱི་མ་ཁོ་ན་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར། ཁྱབ་སྟེ། བརྡ་དྲན་པ་ན་ཇི་ལྟར་བརྡར་བཏགས་པའི་དོན་སྔ་མ་གྲུབ་པ་སྟེ་རྟོགས་པའི་དོན་དེ་འདོད་པ་དང་། དབང་ཤེས་ནི་དོན་གྱི་ཁྱད་པར་བརྡར་བཏགས་པ་མེད་པའི་དོན་ཕྱི་མ་འཛིན་ཞིང་། དོན་ཕྱི་མས་དབང་ཤེས་དངོས་སུ་བསྐྱེད་པ་ཡིན་ན། དེ་ལ་བརྡ་དྲན་པ་དོན་ཅི་ཡོད་དེ་མེད་དགོས་པའི་ཕྱིར་རོ། །གལ་ཏེ་རྟགས་མ་གྲུབ་སྟེ། དབང་ཤེས་ནི་བརྡའི་ཡུལ་སྤྱི་ཡན་གར་བ་ཙམ་འཛིན་པ་ཡིན་པའི་ཕྱིར་ཞེ་ན། དབང་ཤེས་མ་གྲུབ་པ་ཆོས་ཅན། དོན་གྱི་ཁྱད་པར་སྐད་ཅིག་གཉིས་པ་དམིགས་རྐྱེན་དུ་ཡོད་པ་ལ་ལྟོས་པར་མི་རུང་བར་ཐལ། དོན་ལ་ལྟོས་མེད་ཀྱི་སྤྱི་ཡན་གར་བ་ཙམ་འཛིན་པའི་ཕྱིར། གསུམ་པ་ནི། མིག་བློས་མཚོན་ནས་དབང་བློ་ཆོས་ཅན། མིག་དང་གཟུགས་ཀྱིས་མཚན་ནས་རང་གི་རྐྱེན་གསུམ་དག་ལ་བརྟེན་ནས་སྐྱེ་བར་འགྱུར་གྱི། བརྡ་དྲན་ལས་སྐྱེ་བ་མ་ཡིན་ཏེ། རང་རྒྱུ་རྐྱེན་གསུམ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་ཀྱི། བརྡ་དྲན་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པ་དེའི་ཕྱིར། གཉིས་པ་མཚན་མཚོན་གཉིས་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། མཚོན་བྱའི་མིང་ལ་རྩོད་པ་སྤང་། །མཚན་ཉིད་དོན་ལ་རྩོད་པ་སྤང་བའོ། །དང་པོ་ནི། མདོར། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་གསུངས་པའི་དོན་འགྲེལ་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་དབང་པོའི་མངོན་སུམ་གྱི་ཤེས་པ་བསྐྱེད་པ་ལ་དབང་པོ་ནུས་པ་དང་ལྡན་པ་བཞིན་དུ་ཡུལ་ཡང་ནུས་པ་ཅན་ཡིན་པར་མཚུངས་ན། འོ་ན་ཅིའི་ཕྱིར་ཡུལ་དབང་གཉིས་ཀ་ལ་རག་ལས་པ་ལས་སྐྱེ་བའི་ཤེས་པ་དེ་ནི་ཡུལ་དེས་མཚོན་ནས་ཡུལ་གྱི་མངོན་སུམ་ཞེས་མི་བརྗོད་པར་དབང་པོས་མཚོན་ནས་དབང་པོའི་མངོན་སུམ་ཞེས་བརྗོད་ཅེ་ན། གཉིས་པ་ནི། ཡུལ་དབང་གཉིས་ལས་སྐྱེས་པའི་ཤེས་པ་མ་འཁྲུལ་བ་ལ་དབང་པོའི་མངོན་སུམ་ཞེས་པའི་ཐ་སྙད་སྦྱར་བར་བྱ་བ་ཡིན་པའི་རྒྱུ་མཚན་ཡང་ཐ་སྙད་དེས་དོན་དེ་ཐུན་མོང་མ་ཡིན་པར་གོ་ནུས་པར་དེའི་ཆོས་ཀྱིས་ཡིན་ཏེ། དབང་པོའི་མངོན་སུམ་ཞེས་པའི་ཐ་སྙད་ལ་ཡུལ་དབང་གཉིས་ལས་སྐྱེས་པའི་ཤེས་པ་མ་འཁྲུལ་བ་ཐུན་མོང་མ་ཡིན་པར་གོ་ནུས་པ་དེ་ཡོད་པའི་ཕྱིར། ཁྱབ་སྟེ། སྤྱིར་རྟོགས་ལྡན་ནི་དགོས་པ་མེད་པར་ཐ་སྙད་སྦྱོར་བ་མ་ཡིན་གྱི། འོན་ཀྱང་ཐ་སྙད་དེ་ལ་བརྟེན་ནས་དོན་དེ་ཐུན་མོང་མ་ཡིན་པར་གོ་བར་བྱེད་པ་ཉིད་ཀྱི་དགོས་པ་མཐོང་ནས་ཐ་སྙད་དེ་དོན་དེའི་མིང་དུ་ངེས་པར་སྦྱོར་བ་ཡིན་པའི་ཕྱིར། དེས་ན་དབང་པོའི་མངོན་སུམ་ཞེས་པའི་ཐ་སྙད་ཆོས་ཅན། ཡུལ་དབང་གཉིས་ལས་སྐྱེས་པའི་ཤེས་པ་མ་འཁྲུལ་བ་འདི་ལ་ནི་སྦྱར་བར་བྱ་བར་འོས་ཏེ། ཡུལ་དབང་གཉིས་ལས་སྐྱེས་པའི་ཤེས་པ་མ་འཁྲུལ་བ་ཐུན་མོང་མ་ཡིན་པར་གོ་བར་བྱེད་ནུས་ཀྱི་ཐ་སྙད་ཡིན་པ་དེའི་ཕྱིར་ཞེས་པ་རང་བཞིན་གྱི་རྟགས་ཡིན་ཏེ། སྒྲུབ་རྟགས་ཡང་དག་གང་ཞིག རང་གི་བསྒྲུབ་བྱའི་ཆོས་དང་བདག་གཅིག་ཏུ་འབྲེལ་བའི་ཕྱིར། ཡུལ་དབང་གཉིས་ལས་སྐྱེས་པའི་ཤེས་པ་མ་འཁྲུལ་བ་དེ་ལ་ཆོས་ཅན། ཡུལ་ཤེས་ཞེས་པའི་ཐ་སྙད་སྦྱར་བར་འོས་པ་ལྡོག་པར་འགྱུར་ཏེ། ཡུལ་ཤེས་ཞེས་པའི་ཐ་སྙད་སྦྱར་བར་འོས་པའི་ཁྱབ་པར་བྱེད་པའི་རང་བཞིན་ཐ་སྙད་དེ་ལས་རང་ཉིད་ཐུན་མོང་མ་ཡིན་པར་གོ་ནུས་པ་དེ་ནི་ལོག་པའི་ཕྱིར་ནའོ། །གཉིས་པ་ལ་གཉིས་ཏེ། ལུང་གིས་གནོད་པའི་རྩོད་པ་སྤང་། །རིགས་པས་གནོད་པའི་རྩོད་པ་སྤང་བའོ། །དང་པོ་ནི། མདོར། དེ་དོན་དུ་མས་བསྐྱེད་པའི་ཕྱིར། །རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན། །ཞེས་གསུངས་པའི་དོན་འགྲེལ་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། ཁྱོད་མདོ་སྡེ་པ་དབང་ཤེས་རྟོག་བྲལ་དུ་འདོན་ན། ཁྱེད་ཉིད་ཀྱི་གྲུབ་མཐའ་ལས་རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པ་ཅན་ཡིན་ནོ་ཞེས་བཤད་པ་དང་འགལ་ཏེ། འདི་ལྟར་དབང་པོའི་བློ་ཆོས་ཅན། གདོན་མི་ཟ་བར་ཡང་རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་པར་ཐལ། རིགས་སྤྱི་འཛིན་པའི་བློ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། བསགས་པ་ལ་དམིགས་ཞེས་བཤད་པའི་བསགས་པ་དག་ནི་ཆོས་དུ་མ་ཚོགས་པ་ཡིན་ལ། ཚོགས་པ་དེ་རིགས་སྤྱི་ཡིན་ཞིང་དེ་ལ་དབང་བློས་དམིགས་པར་བཤད་པའི་ཕྱིར། ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛོད་འགྲེལ་ལས། འདི་རྣམས་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ལ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི། རྫས་ཀྱི་རང་གི་མཚན་ཉིད་ལ་ནི་མ་ཡིན་ནོ་ཞེས་གསུངས་པ་དང་ཡང་འགལ་ཏེ། དབང་ཤེས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་པར་སྤྱིའི་མཚན་ཉིད་ཁོ་ནའི་ཡུལ་ཅན་ཡིན་པར་བཤད་པའི་ཕྱིར་ཅེ་ན། གཉིས་པ་ལ་གསུམ་སྟེ། གྲུབ་པའི་མཐའ་དང་འགལ་བ་སྤང་། །མཁས་པའི་གཞུང་དང་འགལ་བ་སྤང་། །ལུང་གི་དོན་ལ་རྩོད་པ་སྤང་བའོ། །དང་པོ་ནི། བསགས་པ་ཞེས་པའི་ཚིག་དེས་ཆོས་ཅན། དུ་མ་ཚོགས་པའི་རིགས་སྤྱི་བཤད་པ་མ་ཡིན་ཏེ། དབང་ཤེས་བསྐྱེད་མི་ནུས་པའི་རྡུལ་ཕྲན་སོ་སོ་བ་དག་དོན་གཞན་རྡུལ་ཕྲན་ཟླ་བོ་དུ་མ་དང་ནི་མངོན་པར་འབྲེལ་ཞིང་ཚོགས་པའི་ཕྱིར་ཏེ། དེའི་སྒོ་ནས་དབང་ཤེས་བསྐྱེད་པའི་ནུས་པ་མེད་པའི་རྡུལ་ཕྲན་སོ་སོ་བ་ལས་རྡུལ་ཕྲན་གཞན་དབང་ཤེས་བསྐྱེད་ནུས་གང་ཡིན་པ་སྐྱེ་བར་འགྱུར་བའི་རྡུལ་ཕྲན་དུ་མ་དེ་དག་བཤད་པའི་ཕྱིར་རོ། །དེས་ན། བསགས་པ་ལ་དམིགས་ཞེས་པའི་ཚིག་དེས་ཆོས་ཅན། རིགས་སྤྱི་དབང་ཤེས་ཀྱི་ཡུལ་དུ་བཤད་པའི་སྒོ་ནས་དབང་ཤེས་རྟོག་པར་བསྟན་པ་མིན་ཏེ། ཕན་ཚུན་ཚོགས་པའི་རྡུལ་ཕྲན་ཁྱད་པར་ཅན་དུ་མ་དེ་དག་ནི་དབང་པོའི་ཤེས་པ་སྐྱེ་བའི་རྒྱུ་མཚན་ཏེ་དམིགས་ཡུལ་དུ་སྟོན་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སློབ་དཔོན་དབྱིག་གཉེན་གྱི་གཞུང་དེའང་ཆོས་ཅན། དབང་ཤེས་རིགས་སྤྱིའི་སྤྱོད་ཡུལ་ཅན་དུ་བསྟན་པའི་སྒོ་ནས་རྟོག་པར་སྟོན་པ་མ་ཡིན་ཏེ། དབང་ཤེས་རྡུལ་ཕྲན་གཞན་དང་ཚོགས་པའི་རྡུལ་ཕྲན་ཁྱད་པར་ཅན་དུ་མ་ལ་སྤྱི་ཞེས་མིང་དུ་བཏགས་པ་དེ་ཡི་སྤྱོད་ཡུལ་ཅན་དུ་བཤད་པ་ཙམ་ཡིན་པའི་ཕྱིར། རྡུལ་ཕྲན་ཁྱད་པར་ཅན་དུ་མ་ཉིད་དབང་ཤེས་ཀྱི་ཡུལ་དུ་བཞེད་དེ་རྡུལ་ཕྲན་སོ་སོ་བ་གཞན་དག་ཚོགས་པ་མེད་པར་ནི་རྡུལ་ཕྲན་ཁྱད་པར་ཅན་དབང་ཤེས་ཀྱི་དམིགས་རྐྱེན་བྱེད་ནུས་དེའང་མེད་ལ། དེ་མེད་ན་དབང་ཤེས་དེ་མ་འཕྲད་པའི་རྡུལ་ཕྲན་གཅིག་ལ་འཛིན་བྱེད་དུ་ངེས་པ་མིན་གྱི། ཕན་ཚུན་ཕྲད་པའི་ཡུལ་དུ་མ་འཛིན་བྱེད་དུ་ངེས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་རྡུལ་ཕྲན་དུ་མ་ཚོགས་པ་དེས་དབང་ཤེས་གཅིག་བསྐྱེད་པས་སྐྱེ་མཆེད་གཅིག་ཡིན་དུ་ཟིན་ན་ཡང་རྡུལ་ཕྲན་དུ་མ་ཆོས་ཅན། དབང་ཤེས་ཀྱིས་ཅིག་ཆར་འཛིན་པ་མིན་པར་ཐལ། རྫས་དུ་མ་ཡིན་པའི་ཕྱིར། དེས་ན་རྫས་དུ་མ་ཤེས་པས་འཛིན་ན་རིམ་གྱིས་འཛིན་པས་ཁྱབ་པས་དབང་ཤེས་སྤྱིའི་སྤྱོད་ཡུལ་ཅན་དུ་འདོད་དོ་ཞེ་ན། གཉིས་པ་ལ་ལྔ་སྟེ། ཏིལ་སོགས་ཅིག་ཆར་འཛིན་པ་མེད་པར་ཐལ། །ཁྲ་བོ་ཅིག་ཆར་འཛིན་པ་མེད་པ་ཐལ། །ནོག་སོགས་ཅིག་ཆར་འཛིན་པ་མེད་པར་ཐལ། །སྣ་ཚོགས་གཞན་དུ་ཤེས་པ་མེད་པར་ཐལ། །དུ་མ་ཅིག་ཆར་འཛིན་པ་གཞན་ལའང་ཡོད་པའོ། །དང་པོ་ལ་གཉིས་ཏེ། ཐལ་བ་དགོད། གཞན་ལན་དགག་པའོ། །དང་པོ་ནི། ཏིལ་དང་ནས་ལ་སོགས་པ་དུ་མ་ལ་ཆོས་ཅན། ཇི་ལྟར་ཅིག་ཆར་འཛིན་པར་སྣང་བ་ཡིན་ཏེ། མི་སྣང་བར་ཐལ། རྫས་ཐ་དད་དུ་མ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཏིལ་སོགས་རྣམས་ཤེས་པས་རིམ་གྱིས་མཐོང་ཡང་འཇུག་པ་མྱུར་བའི་ཕྱིར་ཅིག་ཆར་འཛིན་པར་སྣང་བ་ཡིན་ཞེ་ན། འཇུག་པ་མགྱོགས་པའི་ཕྱིར། ཅིག་ཆར་སྣང་ཞེས་པ་འདི་ཆོས་ཅན། ཁྱོད་མི་འཐད་པར་ཐལ། ཁྱོད་ལ་ཡི་གེའང་ཅིག་ཆར་ཐོས་པར་འགྱུར་ཞེས་ཧ་ཅང་ཐལ་བ་བཤད་ཟིན་པའི་ཕྱིར། གཞན་ཡང་ནམ་མཁའ་ནས་ཐུར་དུ་རིམ་ཅན་འབབ་པའི་ཏིལ་སོགས་དེ་ཉིད་ཆོས་ཅན། ཁྱོད་ལ་ཇི་ལྟར་ན་དབང་ཤེས་ཀྱིས་རིམ་མིན་ཅིག་ཆར་དུ་འཛིན་པར་མི་འགྱུར་ཏེ་འགྱུར་བར་ཐལ། དབང་ཤེས་ཁྱོད་ལ་འཇུག་པ་མྱུར་བའི་ཕྱིར། གཞན་ཡང་བློ་རྣམས་དག་ནི་ཐམས་ཅད་ཀྱང་ཆོས་ཅན། ཇི་ལྟར་དེ་དག་ལ་འགའ་ཞིག་ཡུལ་རིམ་མིན་དུ་འཛིན་པར་སྣང་བ་དང་། གཞན་ནི་ཡུལ་རིམ་ལྡན་དུ་འཛིན་པར་སྣང་བར་འགྱུར་ཏེ་མི་འགྱུར་བར་ཐམས་ཅད་རིམ་མིན་དུ་འཛིན་པར་ཁོ་ནར་སྣང་བར་ཐལ། དུས་སྔ་ཕྱི་བར་མ་ཆད་དུ་སྐྱེ་བའི་མྱུར་བར་མཚུངས་པའི་ཕྱིར་རོ། །འདོད་ན། དོན་ཀུན་འཛིན་པའི་བློ་ལ་ཆོས་ཅན། ཡུལ་འདི་ནི་རིམ་མིན་ཅིག་ཆར་སྣང་བ་ཁོ་ནར་ཐལ་བར་འགྱུར་ཏེ། འཇུག་པ་མྱུར་བར་མཚུངས་པ་དེའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གནོད་བྱེད་ཐལ་བ་དགོད། གཏན་ཚིགས་མ་གྲུབ་སྤང་བའོ། །དང་པོ་ནི། དུ་མ་ཅིག་ཆར་འཛིན་པ་མི་སྲིད་ན་ཕྱེ་མ་ལེབ་དང་། རྨ་བྱ་དང་། སྣམ་བུའི་ཁྲ་བོ་ལ་སོགས་པའི་གཟུགས་སྔོ་སེར་སོགས་དུ་མའང་ཆོས་ཅན། ཇི་ལྟར་བློ་ལ་ཅིག་ཆར་སྣང་བར་འགྱུར་ཏེ་མི་འགྱུར་བར་ཐལ། རྫས་ཐ་དད་དུ་མ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྣ་ཚོགས་གཅིག་ཏུ་འདོད་པའི་གྲུབ་མཐའ་སྨད། །སྣ་ཚོགས་གཅིག་ཏུ་མེད་པའི་སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། གལ་ཏེ་རྟགས་མ་གྲུབ་སྟེ། ཕྱེ་མ་ལེབ་ཀྱི་ཁྲ་བོའི་ཁ་དོག་སྣ་ཚོགས་དེ་ཡན་ལག་ཅན་གྱི་རྫས་གཅིག་ཡིན་པས་དེ་མཐོང་བའི་ཕྱིར་ཞེ་ན། སྣ་ཚོགས་གཅིག་ཡིན་པའི་གྲུབ་མཐའ་འདི་ཆོས་ཅན། ཕྱེ་མ་ལེབ་ཀྱི་ཁྲ་བོཾ་དེ་བས་ཀྱང་ཆེས་ངོ་མཚར་ཆེ་སྟེ། དེ་བས་ཆེས་བཞད་གད་ཀྱི་གནས་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། །སྣ་ཚོགས་ཡིན་པས་གཅིག་ཉིད་མེད། །སྣ་ཚོགས་ཡིན་པའི་སྒྲུབ་བྱེད་དགོད། །རགས་སྣང་ལ་བརྟེན་རྩོད་པ་སྤང་པའོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་དགོད། གཞན་ལན་དགག་པའོ། །དང་པོ་ནི། ཕྱེ་མ་ལེབ་ཀྱི་ཁྲ་བོའི་སྔོ་སེར་སོགས་ཆོས་ཅན། རྫས་གཅིག་པའི་རང་བཞིན་མིན་ཏེ། རྫས་སྣ་ཚོགས་ཡིན་པའི་ཕྱིར། དཔེར་ན་ནོར་བུ་རིགས་ཐ་དད་པ་དུ་མ་སྤུངས་པའི་གཟུགས་དེ་བཞིན་ནོ། །གཉིས་པ་ནི། གལ་ཏེ་མི་མཚུངས་ཏེ། ནོར་བུ་དུ་མ་སྤུངས་པའི་ཚེ་འདི་ནི་སྔོན་པོ་འདི་ནི་སེར་པོ་ཞེས་སོགས་རྣམ་པར་དབྱེ་ནུས་པའི་ཕྱིར་ཞེ་ན། སྣམ་བུ་དང་སྟན་ཁྲ་བོ་ལ་སོགས་དག་ཆོས་ཅན། ནོར་བུ་དུ་མ་སྤུངས་པའི་གཟུགས་དང་ཡན་ལག་ཅན་གྱི་རྫས་གཅིག་མེད་པར་མཚུངས་ཏེ། འདི་ནི་སྔོན་པོའོ། །འདི་ནི་སེར་པོའོ་ཞེས་སོགས་རྣམ་པར་དབྱེ་བ་ནི་ཁྱོད་ལའང་ནུས་པར་མཚུངས་པའི་ཕྱིར་རོ། །གལ་ཏེ་རྣམ་དབྱེ་བྱེད་པའི་བློ་དེ་ལ་ཕྱེ་མ་ལེབ་ལ་སོགས་པའི་སྔོ་སེར་སོགས་ཡན་ལག་གི་གཟུགས་འབའ་ཞིག་རྣམ་དབྱེ་ནུས་པ་དེ་ལྟར་མཐོང་གི ཡན་ལག་ཅན་གྱི་རྫས་ནི་རྣམ་དབྱེ་ནུས་པ་མ་ཡིན་ནོ་ཞེ་ན། ཁྲ་བོ་འཛིན་པའི་བློ་ཆོས་ཅན། གལ་ཏེ་ཡན་ལག་གི་སྔོ་སོགས་ཐམས་ཅད་སྤངས་པ་སྟེ་མ་གཏོགས་པ་ཡི་ཡན་ལག་ཅན་གྱི་ཁྲ་བོ་གཞན་ཁྱོད་ཀྱིས་མཐོང་བྱར་ཡོད་པ་ངོ་མཚར་ཏེ། ཡན་ལག་གི་སྔོ་སོགས་ལས་མ་གཏོགས་པའི་ཡན་ལག་ཅན་གྱི་སྔོ་སོགས་ཁྱོད་ཀྱིས་སྣང་རུང་དུ་མ་དམིགས་པའི་ཕྱིར་རོ། །གལ་ཏེ་ཕྱེ་མ་ལེབ་ཀྱི་ཁྲ་བོ་དེ་བཅོས་མིན་གྱི་ཁྲ་བོ་ཡིན་པས་ཡན་ལག་ཅན་གྱི་རྫས་གཅིག་ཡོད་དོ་ཞེ་ན། ཁ་དོག་གི་གྲངས་མཉམ་པའི་ཕྱེ་མ་ལེབ་ཏུ་བཅོས་པའི་ཁྲ་བོ་དང་། བཅོས་མིན་གྱི་ཕྱེ་མ་ལེབ་ཀྱི་ཁྲ་བོ་འཛིན་པའི་བློ་ཆོས་ཅན། ཁྱོད་དེ་དག་ལས་གཅིག་ནི་ཡུལ་རིམ་ལྡན་དུ་སྣང་ཞིང་དོན་ནམ་ཡུལ་མང་བ་དང་། གཅིག་ནི་ཡུལ་རིམ་མིན་ཅིག་ཆར་དུ་སྣང་ཞིང་དོན་ནམ་ཡུལ་རྫས་གཅིག་གིས་སྣང་བའི་ཁྱད་པར་ཅི་ཞིག་ཡོད་དེ་མེད་པར་ཐལ། ཁྱོད་གཉིས་ཀ་ལ་རང་ཡུལ་དུས་ཅིག་ཆར་དུ་སྣང་བ་དང་། དོན་གྱི་རྣམ་པ་ནི་སྣ་ཚོགས་སུ་སྣང་བར་མཚུངས་པར་རྟོགས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། གཏན་ཚིགས་དགོད། གཞན་ལན་དགག གྲུབ་དོན་བསྡུ་བའོ། །དང་པོ་ནི། ཕྱེ་མ་ལེབ་ལ་སོགས་པ་ཁྲ་བོའི་ཁ་དོག་གི་དོན་རྣམས་ཆོས་ཅན། རྫས་སྣ་ཚོགས་པའི་ངོ་བོ་ཉིད་ཡིན་ཏེ། བློ་མ་འཁྲུལ་བ་རྣམས་ལ་རྣམ་པར་དབྱེ་ནུས་ཀྱི་རྫས་སྣ་ཚོགས་པའི་ངོ་བོར་སྣང་བའི་ཕྱིར། གཉིས་པ་ནི། གལ་ཏེ་ཁྱབ་པ་མེད་དེ། བློ་ལ་ཐ་དད་དུ་སྣང་བ་དེ་དོན་ཐ་དད་པ་དེའི་རྒྱུ་མཚན་མིན་པའི་ཕྱིར་ཞེ་ན། བུམ་སྣམ་སོགས་རྫས་ཐ་དད་པའི་དངོས་པོ་རྣམས་ཆོས་ཅན། ཁྱོད་ཐ་དད་དུ་བཞག་པ་འདི་རྒྱུ་མཚན་གང་གིས་འགྲུབ་སྟེ་མི་འགྲུབ་པར་ཐལ། བློ་མ་འཁྲུལ་བ་ལ་ཐ་དད་དུ་སྣང་བས་ཁྱོད་ཐ་དད་དུ་མི་འགྲུབ་པའི་ཕྱིར་ཏེ། གལ་ཏེ་བློ་ལ་སྣ་ཚོགས་སུ་སྣང་བས་དོན་སྣ་ཚོགས་སུ་མི་འགྲུབ་སྟེ། བློ་ལ་སྣ་ཚོགས་སུ་སྣང་བ་ནི་ཡན་ལག་ཅན་གྱི་རྫས་གཅིག་ཉིད་ཡིན་གྱི། སྔོན་པོ་ལ་སོགས་པ་ཡན་ལག་གི་རྫས་སྣ་ཚོགས་ནི་བློ་ལ་མི་སྣང་ངོ་ཞེ་ན། རི་མོ་དང་སྟན་ལ་སོགས་པའི་ཁྲ་བོ་ཆོས་ཅན། བློ་ལ་སྣ་ཚོགས་སུ་སྣང་བ་མིན་པར་ཐལ། ཡན་ལག་ཅན་གྱི་རྫས་གཅིག་མེད་པའི་ཕྱིར། རྟགས་ཁས་བླངས་ཏེ། རྡུལ་རིགས་མི་མཐུན་རྣམས་ཀྱིས་ཡན་ལག་ཅན་གྱི་རྫས་གཅིག་རྩོམ་པ་མེད་པའི་ཕྱིར་རོ། །གལ་ཏེ་རི་མོ་སོགས་ལ་ཡན་ལག་ཅན་གྱི་རྫས་གཅིག་མེད་ཀྱང་རྡུལ་རིགས་མི་མཐུན་ཕྲད་པའི་ལྡན་པ་ཡོད་པས་དེ་བློ་ལ་སྣ་ཚོགས་སུ་སྣང་ངོ་ཞེ་ན། ལྡན་པ་ཆོས་ཅན། དབང་ཤེས་མ་འཁྲུལ་བ་ལ་རྫས་སྣ་ཚོགས་སུ་སྣང་བ་མིན་པར་ཐལ། གཟུགས་མེད་པའི་ཕྱིར་ཏེ། ཡོན་ཏན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས། གལ་ཏེ་ལྡན་པ་དེ་ལ་ཁ་དོག་སྣ་ཚོགས་དངོས་མེད་ཀྱང་ཕྱེ་མ་ལེབ་ལ་སོགས་པ་ལ་ཡོད་པའི་ཡན་ལག་ཅན་གྱི་སྣ་ཚོགས་དང་འདྲ་བས་སྣ་ཚོགས་སུ་བཏགས་ནས་བཞག་ཅེ་ན། ལྡན་པ་ཆོས་ཅན། ཕྱེ་མ་ལེབ་ལ་སོགས་པ་ལ་ཡོད་པའི་ཡན་ལག་ཅན་གྱི་སྣ་ཚོགས་དང་འདྲ་བས་སྣ་ཚོགས་སུ་ཉེ་བར་བཏགས་པ་ལ་བརྟེན་པའང་མིན་པར་ཐལ། ཕྱེ་མ་ལེབ་ལ་སོགས་པ་ལ་ཡོད་པའི་ཡན་ལག་ཅན་གྱི་སྣ་ཚོགས་མི་སྲིད་པའི་ཕྱིར། གལ་ཏེ་ལྡན་པ་དང་ཁ་དོག་སྣ་ཚོགས་དེ་གཉིས་དོན་གཅིག་ལ་འཕྲོད་པ་འདུ་བའི་ཕྱིར་ལྡན་པ་ལ་སྣ་ཚོགས་སུ་འདོགས་ཤེ་ན། འོ་ན་དེ་གཉིས་གང་དུ་འཕྲོད་པ་འདུ། སྔོན་པོ་ལ་སོགས་པའི་ཡན་ལག་རེ་རེ་བ་རྣམས་ལ་འདུ་ཞེ་ན། སྔོ་སོགས་ཡན་ལག་རེ་རེ་བ་ཆོས་ཅན། ཁྱོད་ལ་ལྡན་པ་དང་སྣ་ཚོགས་ལྷན་ཅིག་ཏུ་འཕྲོད་པ་འདུ་བ་མིན་པར་ཐལ། ཁྱོད་ལ་སྣ་ཚོགས་འདུ་བ་མིན་པའི་ཕྱིར་རོ། །གལ་ཏེ་དབང་ཤེས་ཀྱི་རི་མོ་སོགས་མཐོང་བ་ན་སྔོ་སོགས་རིམ་གྱིས་མཐོང་ཡང་ཕྱིས་ཀྱི་བློ་གཅིག་གིས་བསྲེས་ནས་ཅིག་ཆར་དུ་འཛིན་ཞེ་ན། དབང་ཤེས་ཆོས་ཅན། ཁྱོད་ཀྱིས་སྔོ་སོགས་རིམ་བཞིན་དུ་ནི་གཟུང་བ་ལ་སྔོ་སོགས་སྣ་ཚོགས་རྣམས་ཕྱིས་ཀྱི་བློ་གཅིག་པོ་དེ་ཡིས་བསྲེས་ནས་ཅིག་ཆར་འཛིན་པ་མིན་པར་ཐལ་ཏེ། བློ་གཅིག་གིས་རྫས་དུ་མ་ཅིག་ཆར་མི་འཛིན་པའི་ཕྱིར་རོ། །གསུམ་པ་ནི། བློ་ཆོས་ཅན། ཁྱོད་གཅིག་གིས་དོན་དུ་མ་ཅིག་ཆར་འཛིན་པ་ཅན་དུ་གྲུབ་སྟེ། ཁྱོད་གཅིག་གིས་ཁྲ་བོའི་ཁ་དོག་རྣམས་ཅིག་ཆར་མཐོང་བ་དེའི་ཕྱིར། དེས་ན་དབང་ཤེས་ཆོས་ཅན། རྟོག་པ་མེད་པར་གྲུབ་པ་ཡིན་ཏེ། གང་གི་ཕྱིར་ན་ཁྱོད་རྒྱུད་ལ་ལྡན་པའི་སྐྱེས་བུ་དེའི་རྟོག་པ་དོན་སྔོན་པོ་གཅིག་ལ་རྟོག་པ་ནའང་གཞན་སེར་པོ་ལ་སོགས་པ་དག་ཁྱོད་ཀྱིས་མཐོང་བ་དེའི་ཕྱིར་ཡང་ངོ་། །གསུམ་པ་ལ་གཉིས་ཏེ། རགས་སྣང་ལ་བརྟེན་རྩོད་པ་དགོད། །ཕྱོགས་གཉིས་བརྟགས་ཏེ་ལན་གཉིས་བཤད་པའོ། །དང་པོ་གང་ལ་རྩོད་པའི་ཡུལ་ནི། སྣ་ཚོགས་གཅིག་པའི་རང་བཞིན་མིན། །ཞེས་སྐབས་ཀྱི་བསྒྲུབ་བྱ་དང་། བློ་རྣམས་སྣ་ཚོགས་ངོ་བོའི་ཕྱིར། །ཞེས་པའི་སྒྲུབ་བྱེད་སྦྱར་བ་དེ་ལའོ། །གང་གིས་རྩོད་པའི་གང་ཟག་ནི། ཅིག་ཆར་དུ་མ་འཛིན་མ་ཡིན། །ཞེས་པའི་ཕྱོགས་སྔ་སྨྲ་བ་པོ་རིགས་པ་ཅན་པ་དང་། བྱེ་བྲག་པ་ལ་སོགས་པའོ། །ཇི་ལྟར་རྩོད་པའི་ཚུལ་ནི། གལ་ཏེ་བློ་མ་འཁྲུལ་པ་ལ་སྣ་ཚོགས་སུ་སྣང་བ་ཅན་ཡིན་པའི་ཕྱིར་ཞེས་པའི་རྟགས་ཀྱིས་ཕྱེ་མ་ལེབ་ཀྱི་ཁ་དོག་སྣ་ཚོགས་པའི་དོན་རྣམས་ལ་རྫས་གཅིག་ཉིད་དུ་མི་རིགས་པར་སྒྲུབ་ན། རེ་ཞིག་ཁྲ་བོ་འཛིན་པའི་བློ་ལ་སྣ་ཚོགས་སུ་སྣང་བའི་གཟུང་རྣམ་དེ་ཉིད་ཆོས་ཅན། རྣམ་པ་སྣ་ཚོགས་སུ་ནི་ཇི་ལྟར་སྣང་སྟེ་མི་སྣང་བར་ཐལ། རྫས་གཅིག་པུ་ཉིད་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། རྣམ་པ་བདེན་པར་མེད་པས་རྫས་གཅིག་ཉིད་མི་འགྲུབ། ཡོད་ཀྱང་རྟགས་ལ་ཁྱད་པར་ཡོད་པས་གནོད་པ་མེད་པའོ། །དང་པོ་ལ་བཞི་སྟེ། རྣམ་པ་བརྫུན་པའི་སྒྲུབ་བྱེད་དགོད། །གཟུང་འཛིན་རང་བཞིན་མེད་པར་གྲུབ། །ཚུལ་དེས་རིགས་ཅན་གཞན་ཡང་ཁེགས། །དེ་ལ་ཧ་ཅང་ཐལ་བ་སྤང་བའོ། །དང་པོ་ལ་གཉིས་ཏེ། སྒྲུབ་བྱེད་དངོས་པོ་སྟོབས་ཞུགས་བསྟན། །གཏན་ཚིགས་དེ་ཡི་ཕྱོགས་ཆོས་བསྒྲུབ་པའོ། །དང་པོ་ནི། དབང་ཤེས་ལ་སྣང་བའི་རྣམ་པ་དེ་ཤེས་པར་འདོད་པ་ལ་སྐྱོན་དེར་འགྱུར་གྱི། ཁོ་བོ་ཅག་རྣམ་བརྫུན་པའི་གྲུབ་མཐའ་ལ་བརྟེན་ནས་རྣམ་པ་བདེན་པར་མི་འདོད་པས་སྐྱོན་དེར་མི་འགྱུར་ཞེས་སྟོན་སྟེ་གཅིག་དང་དུ་མ་གང་དུ་བདེན་ཞེས་པའི་རིགས་པས་ཇི་ལྟ་ཇི་ལྟར་བསམ་ཞིང་དཔྱད་པ་ན་གཅིག་དང་དུ་མ་དེ་ལྟ་དེ་ལྟར་བདེན་པ་དང་བྲལ་ཞེས་མཁས་པ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གང་གསུངས་པ་དེ་ནི་ཆོས་ཅན། དོན་སྣང་གི་རྣམ་པ་བདེན་པར་མེད་པར་བསྒྲུབ་པའི་དངོས་པོའི་སྟོབས་ལས་འོངས་པའི་གཏན་ཚིགས་ཡིན་ཏེ། དེ་ལྟར་སྒྲུབ་པར་བྱེད་པའི་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། གཉིས་པ་ནི། མདོ་སྡེ་པ་ན་རེ། གལ་ཏེ་བློ་གཅིག་ལ་རྣམ་པ་སྣ་ཚོགས་དེ་དོན་དམ་པར་གྲུབ་ན་སྐྱོན་ཅིར་འགྱུར་ཏེ་སྐྱོན་མེད་པར་ཐལ། བློའི་རྣམ་པ་སྣ་ཚོགས་དེ་དོན་སྣ་ཚོགས་ཀྱིས་བསྐྱེད་པ་ཡིན་པའི་ཕྱིར་ཞེ་ན། དབང་བློ་གཅིག་པོ་དེ་ཆོས་ཅན། ཁྱོད་ལ་ཡང་རྣམ་པ་སྣ་ཚོགས་པ་དེ་དོན་དམ་པར་གྲུབ་པར་མི་འགྱུར་བར་ཐལ། ཁྱོད་ལ་རྣམ་པ་སྣ་ཚོགས་པ་དེ་དོན་དམ་པར་གྲུབ་ན་ཁྱོད་དུ་མ་དང་རྣམ་པ་སྣ་ཚོགས་གཅིག་ཏུ་ཐལ་བའི་ཕྱིར་རོ། །གལ་ཏེ་དོན་དུ་སྣང་བ་རྣམས་མི་བདེན་བཞིན་དུ་སྣང་བའི་བདག་ཉིད་འདིར་འདོད་ན། དེ་ལ་ཆོས་ཅན། རྣམ་བརྫུན་པ་ངས་དགག་པ་ཅི་ཞིག་བྱ་སྟེ་མི་འགོག་པར་ཐལ། རྣམ་བརྫུན་པ་རང་གི་འདོད་པ་གྲུབ་པའི་ཕྱིར་རོ། །དེས་ན་དབང་ཤེས་ལ་རགས་པའི་རྣམ་པར་སྣང་བ་ཆོས་ཅན། དོན་གཟུང་བར་འདོད་པ་དང་། ཤེས་པ་འཛིན་པར་འདོད་པ་སྟེ་ཕྱི་ནང་གང་ལ་ཡང་བདེན་པར་ཡོད་པ་མིན་ཏེ། ཤེས་པའི་ངོ་བོར་བདེན་པ་བཀག་ཟིན་པ་དེའི་ཕྱིར་དང་། དོན་གྱི་ངོ་བོར་ཡང་མི་བདེན་པའི་ཕྱིར། ཕྱི་མ་གྲུབ་པ་ནི་རགས་སྣང་དེའི་བདག་ཉིད་ཆོས་ཅན། རགས་པ་རྫས་གཅིག་ལ་བདེན་པར་ཡོད་པ་མིན་ཏེ། རགས་པ་རྫས་གཅིག་བཀག་པ་ཉིད་ཀྱི་ཕྱིར་དང་། རྡུལ་ཕྲན་མང་པོ་ལ་ཡང་བདེན་པར་ཡོད་པ་མིན་ཏེ། རྡུལ་ཕྲན་རེ་རེ་བ་ལ་ཁྱོད་མི་སྲིད་པའི་ཕྱིར་དང་། མང་པོ་ཚོགས་པ་ལ་ངོ་བོ་གཅིག་མེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གཉིས་སུ་སྣང་བ་འཁྲུལ་པ་ཡིན། །དེས་ན་གཉིས་སྟོང་གནས་ལུགས་ཡིན་པའོ། །དང་པོ་ནི། རྣམ་བདེན་པ་ན་རེ། ཕྱི་རོལ་གྱི་དོན་མེད་པས་དེ་ལ་ལྟོས་པའི་གཟུང་འཛིན་གཉིས་མེད་ཀྱང་། ཤེས་པ་གཅིག་ཉིད་གཟུང་འཛིན་གཉིས་སུ་སྣང་བ་དེ་སྣང་བ་ལྟར་དོན་ལ་ཡོད་དོ་ཞེ་ན། དབང་པོའི་ཤེས་པ་ཆོས་ཅན། ཁྱོད་ལ་གཟུང་འཛིན་གཉིས་སུ་སྣང་བ་དེ་སྣང་བ་ལྟར་བདེན་པར་མེད་དེ། ཁྱོད་སྔོ་སོགས་གཟུང་བར་སྣང་བ་ཡོངས་སུ་གཅོད་བྱེད་ཀྱི་འཛིན་པའི་རྣམ་པར་སྣང་བ་ནི་ནང་ཤེས་པ་ཡིན་ཅིང་། ཕྱི་རོལ་སྔོ་སོགས་ལྟར་གནས་པ་གཟུང་བའི་རྣམ་པ་འདི་ནི་ཤེས་པ་ལས་ཆ་གཞན་བག་ཆགས་ཀྱི་དབང་གིས་སྣང་བའི་སྒྲོ་བཏགས་ཡིན་པའི་ཕྱིར་རོ། །དེས་ན་སྔོ་སོགས་སྣང་བའི་ཤེས་པའི་ངོ་བོ་གཅིག་ལ་གཟུང་འཛིན་ཐ་དད་དུ་སྣང་བའི་བློ་ཆོས་ཅན། བསླད་པ་འཁྲུལ་ཤེས་ཉིད་ཡིན་ཏེ། གཟུང་འཛིན་ཐ་དད་དུ་མེད་པ་ལ་ཐ་དད་དུ་སྣང་བ་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་གཅིག་པོ་དེ་ལ་ཆོས་ཅན། གཟུང་བའི་རྣམ་པ་དང་། དེ་ལ་ལྟོས་པའི་འཛིན་པའི་རྣམ་པ་གཉིས་ཀ་ཉམས་པ་སྟེ་མི་བདེན་པར་འགྱུར་བ་ཡིན་ཏེ། གཅིག་གཟུང་བའི་རྣམ་པ་ནི་བདེན་པར་མེད་པས་ཀྱང་ངོ་། །དེས་ན་ཤེས་པ་ཀུན་ཆོས་ཅན། གཟུང་འཛིན་ཐ་དད་པ་གཉིས་ཀྱིས་སྟོང་པ་གང་ཡིན་པ་དེ་ནི་དེ་ཡིའང་དེ་ཁོ་ན་ཉིད་དམ་གནས་ལུགས་ཡིན་ཏེ། གཟུང་འཛིན་གཉིས་ཀྱིས་སྟོང་པའི་རང་རིག་པ་ཙམ་ཡིན་པ་དེའི་ཕྱིར། འདིར་རྣམ་བདེན་བརྫུན་རྩོད་པའི་གཞིར་གྱུར་པའི་རྣམ་པ་ནི་སྣ་ཚོགས་སུ་ནི་ཇི་ལྟར་སྣང་ཞེས་པའི་སྣང་བ་དང་། རགས་སྣང་ཞེས་པའི་སྣང་བ་ལ་འཇོག་པ་ནི་སྐབས་ཀྱི་དོན་ཡིན་ལ། དེ་ཡང་དབང་ཤེས་ལ་རང་དུས་སུ་སྔོ་སེར་སོགས་རྒྱང་ཆད་དུ་སྣང་བའི་གཟུང་རྣམ་ཉིད་ཡིན་ཅིང་། དེ་མདོ་སྡེ་པ་དང་རྣམ་བདེན་པས་ཤེས་པའི་ངོ་བོར་བདེན་པར་འདོད་ལ། རྣམ་བརྫུན་པས་དོན་ཤེས་གང་དུ་ཡང་མི་བདེན་པའི་སྒྲོ་བཏགས་སུ་འདོད་དེ། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་དང་། དེ་ཕྱིར་དོན་དང་ཤེས་པ་ལ། །ཞེས་སོགས་དང་། གང་གིས་དངོས་པོ་རྣམ་བཅད་ན། །ཞེས་སོགས་གསུངས་པས་ཤེས་སོ། །བོད་འདིར་རྣམ་བདེན་བརྫུན་རྩོད་པའི་གཞིར་གྱུར་པའི་རྣམ་པ་དེ་གཟུང་རྣམ་དང་འཛིན་རྣམ་གང་དུ་ཡང་མ་འདུས་པའི་རྣམ་པར་འདོད་པ་དང་། གཟུང་རྣམ་དུ་འདོད་ཀྱང་རྣམ་བརྫུན་པའི་ལུགས་ལའང་ཤེས་པར་འདོད་པ་སྟེ་ལོག་རྟོག་གི་གཙོ་བོ་གཉིས་ལས་སྔ་མ་ནི་སྣང་རུང་མ་དམིགས་པའི་རྟགས་ཀྱིས་ཁེགས་ལ། ཕྱི་མ་ནི་ཤེས་པ་བདེན་གྲུབ་ཏུ་མི་འདོད་པའི་དངོས་སྨྲ་བ་མེད་པས་ཁེགས་སོ། །གཟུང་རྣམ་ལ་ཤེས་པས་ཁྱབ་པར་འདོད་པ་མདོ་སྡེ་པ་དང་རྣམ་བདེན་པའི་གྲུབ་མཐའ་ཡིན་པ་དང་། རྣམ་བརྫུན་པའི་ལུགས་ལ་ཤེས་པ་མ་ཡིན་པས་ཁྱབ་པའི་གནད་འདི་ཤེས་ན་ས་སྐྱ་པཎྜི་ཏས་རྣམ་བདེན་པའི་ལུགས་ལ་གཟུང་རྣམ་གཞལ་བྱར་བཞག་པའི་ཚེ་རང་རིག་མཚན་ཉིད་པ་འབྲས་བུ་དང་། རྣམ་བརྫུན་པའི་ལུགས་ལ་གཟུང་རྣམ་གཞལ་བྱར་བཞག་པའི་ཚེ་རང་རིག་བཏགས་པ་བ་འབྲས་བུར་གསུངས་པ་ཡང་འབད་མེད་དུ་རྟོགས་པར་འགྱུར་རོ། །དེས་ན་གཟུང་བ་མེད་པས་དེར་འཛིན་མེད། །ཅེས་པ་དང་། གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་གནས་ལུགས་སུ་འདོད་པ་རྣམ་བདེན་བརྫུན་གཉིས་ཀ་འདྲ་ཡང་འདོད་ཚུལ་མི་འདྲ་སྟེ། རྣམ་བདེན་པས་གཟུང་བ་ཕྱི་རོལ་གྱི་དོན་མེད་པས་དེ་ལ་ལྟོས་པའི་འཛིན་པ་མེད་ཅེས་དང་། དེ་ལྟ་བུའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་གནས་ལུགས་སུ་འདོད་ལ། རྣམ་བརྫུན་པས་དེའི་སྟེང་དུ་ཡང་ཤེས་པ་གཅིག་ལ་གཟུང་འཛིན་གཉིས་སུ་སྣང་བའི་གཟུང་རྣམ་བདེན་པར་མེད་པས་དེ་ལ་ལྟོས་པའི་འཛིན་རྣམ་མེད་པ་དང་། དེ་ལྟ་བུའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་གནས་ལུགས་སུ་འདོད་པའི་ཕྱིར་རོ། །ལུགས་འདི་ལ་སྤྱིར་འཛིན་རྣམ་བདེན་པར་མེད་པ་ནི་མ་ཡིན་ཏེ། རང་རིག་མཚན་ཉིད་པ་ཡོད་པས་དེ་འཛིན་རྣམ་གྱིས་འཇོག་དགོས་པའི་ཕྱིར་རོ། །དེས་ན་འདི་ལ་དབང་ཤེས་གཅིག་གི་ཚད་འབྲས་འཇོག་པའི་ཚེ་ཐ་སྙད་དུ་དོན་རིག་འབྲས་བུར་བཞག་པ་དང་། རང་རིག་བཏགས་པ་བ་འབྲས་བུར་བཞག་པ་དང་། རང་རིག་མཚན་ཉིད་པ་འབྲས་བུར་བཞག་པའི་སྐབས་གསུམ་འབྱུང་ཞིང་། རྣམ་བདེན་པའི་ལུགས་ལ་ཐ་སྙད་དུ་དོན་རིག་དང་རང་རིག་མཚན་ཉིད་པ་འབྲས་བུར་བཞག་པའི་སྐབས་གཉིས་འབྱུང་བའི་ཁྱད་པར་སོགས་ཞིབ་པར་ངག་ལས་རྟོགས་པར་བྱ་ཞིང་སྤྱི་དོན་དུ་ཡང་ཅུང་ཟད་བསྟན་ཟིན་ཏོ། །གསུམ་པ་ལ་གཉིས་ཏེ། ཕུང་པོ་ལ་བརྟེན་གཟུང་འཛིན་ཁེགས། །མཚན་ཉིད་ལ་བརྟེན་བྱེད་པ་ཁེགས་པའོ། །དང་པོ་ནི། གལ་ཏེ་ཕུང་པོ་ལྔ་ལ་ལྟོས་པའི་གཟུང་འཛིན་ཐ་དད་དུ་གྲུབ་སྟེ། གཟུགས་ཕུང་གཟུང་བ་དང་ཚོར་བ་སོགས་འཛིན་པ་ཡིན་པའི་ཕྱིར་ཞེ་ན། ཕུང་པོ་ལྔ་པོ་དེ་དག་གཟུང་འཛིན་ཐ་དད་དུ་གྲུབ་པའི་རྣམ་གཞག་ཀྱང་བསླད་པ་སྟེ་འཁྲུལ་བར་འགྱུར་ཏེ། ཤེས་པ་གཅིག་ཉིད་གཟུང་འཛིན་ཐ་དད་དུ་སྣང་བ་དེ་ནི་བསླད་པ་སྟེ་འཁྲུལ་པ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། ཕུང་པོ་ལྔའི་དངོས་པོ་རྣམས་གཟུང་འཛིན་ཐ་དད་དུ་གནས་པའི་ཆ་འདི་ཤེས་པ་དེ་གཟུང་འཛིན་ཐ་དད་དུ་སྣང་བ་ལ་བརྟེན་ནས་བཞག་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གཟུང་འཛིན་བདེན་པར་མེད་པར་མ་ཟད་མཚན་ཉིད་གཞན་གྱི་མཚོན་པར་བྱ་བའི་དངོས་པོ་ཀུན་རང་བཞིན་མེད་པར་སངས་རྒྱས་ཀྱིས་རབ་ཏུ་བཤད་དེ། དངོས་པོ་དེ་དག་འཇོག་བྱེད་ཀྱི་མཚན་ཉིད་དེ་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། ཕུང་པོ་ལ་སོགས་པའི་མཚན་ཉིད་ཆོས་ཅན། བདེན་པར་མེད་དེ། གཟུང་བ་དང་འཛིན་པའི་རྣམ་པ་ལས་གཞན་དུ་ནི་ཡོད་པ་མ་ཡིན་པ་དེས་ནའོ། །མཚན་ཉིད་དེའི་བྱེད་པ་ཡང་རང་བཞིན་མེད་དེ། འདི་ལྟར་ཐ་སྙད་དུ་ཕུང་པོ་དང་། ལ་སོགས་པ་ཁམས་དང་སྐྱེ་མཆེད་ཀྱི་བྱེ་བྲག་གི་མཚན་ཉིད་རིམ་པ་ལྟར་སྤུངས་པའི་དོན་དང་། འབྱུང་ཁུངས་ཀྱི་དོན་དང་། སེམས་སེམས་བྱུང་སྐྱེ་བའི་སྒོ་འབྱེད་པ་ཐམས་ཅད་ཆོས་ཅན། བྱེད་པ་དོན་གཞན་མེད་ཀྱང་ཐ་སྙད་དུ་བྱེད་པའི་ཁྱད་པར་དང་ལྡན་པ་ཅན་ཡིན་ཏེ། ཐ་སྙད་དུ་རང་གི་མཚོན་བྱ་དེ་དག་མཚོན་ནུས་པ་ཡིན་པའི་ཕྱིར་རོ། །བྱེད་པ་དེ་ཡང་ཆོས་ཅན། སྒྲོ་བཏགས་ཡིན་གྱི། དེ་ཁོ་ན་ཉིད་དུ་ཡོད་པ་མིན་ཏེ། ཁྱོད་ཀྱི་གཞི་མཚན་ཉིད་དོན་དམ་པར་མེད་པའི་ཕྱིར། དེས་ན་ཕུང་པོ་ལ་སོགས་དེ་དག་ཆོས་ཅན། དོན་དམ་པར་མཚན་ཉིད་དང་བྲལ་ཏེ། དོན་དམ་པར་མཚན་ཉིད་ཀྱི་བྱེད་པ་མེད་པ་དེས་ཀྱང་ངོ་། །བཞི་པ་ལ་གསུམ་སྟེ། གཉིས་སུ་སྣང་དང་འགལ་བ་སྤང་། །ཀུན་གྱིས་དེ་ཉིད་རིག་པ་སྤང་། །ཐུབ་པའི་ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ན་མངོན་སུམ་དུ་སྣང་བ་དང་འགལ་ལོ་ཞེ་ན། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་གིས་བློ་བསླད་པའི་བདག་ཉིད་སོ་སོ་སྐྱེ་བོ་ཆོས་ཅན། ཁྱོད་ལ་གཟུང་འཛིན་གཉིས་སུ་སྣང་བས་གཟུང་འཛིན་གཉིས་བདེན་པར་ཡོད་མི་དགོས་ཏེ། ཁྱོད་ལ་བག་ཆགས་སད་བྱེད་ཇི་ལྟ་བའི་རང་རང་གི་རྐྱེན་སོ་སོར་ངེས་པ་ལ་ལྟོས་ནས་གཟུགས་སོགས་སུ་སྣང་བའི་རྣམ་རིག་དེ་བཞིན་ཉིད་མིན་པའི་རྣམ་པ་ཅན་དུ་སྐྱེ་བར་འགྱུར་བའི་ཕྱིར་ཏེ། རབ་རིབ་ཅན་ལ་སྐྲ་ཤད་ལ་སོགས་པ་སྣང་བ་བཞིན་ནོ། །གཉིས་པ་ནི། ཆོས་ཐམས་ཅད་དོན་ལ་གཟུང་འཛིན་གཉིས་ཀྱིས་སྟོང་ན་སོ་སོ་སྐྱེ་བོ་རྣམས་ཀྱིས་དང་པོ་ནས་གཉིས་སྟོང་གི་དེ་བཞིན་ཉིད་རིག་པར་འགྱུར་རོ་ཞེ་ན། ཕ་རོལ་མཐོང་བ་མིན་པ་སོ་སོ་སྐྱེ་བོ་ཐམས་ཅད་ཀྱིས་ཆོས་ཅན། གཉིས་སྟོང་གི་དེ་བཞིན་ཉིད་དེ་ནི་མཐར་ཕྱིན་པར་རིག་པ་མ་ཡིན་ཏེ། གཟུང་འཛིན་གཉིས་སུ་སྣང་བས་བག་ཆགས་རྩད་ནས་བཏོན་པ་མེད་པའི་ཕྱིར། རྟགས་གྲུབ་སྟེ། གཟུང་བ་དང་འཛིན་པ་གཉིས་སུ་སྣང་བའི་བསླད་པ་དག་མེད་ན་ཕ་རོལ་མཐོང་བ་མེད་པའི་གང་ཟག་དེ་རྣམས་ནི་མེད་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ན། བཅོམ་ལྡན་འདས་ཀྱིས་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་གསུངས་པ་དང་འགལ་ལོ་སྙམ་ན། བཅོམ་ལྡན་འདས་དེས་དེ་ཁོ་ན་ཉིད་ཀྱི་དོན་གཟིགས་ཀྱང་མ་གཟིགས་པ་ལྟར་དུ་གླང་ཆེན་གྱི་གཟིགས་སྟངས་ཉིད་མཛད་ནས་ཕྱི་རོལ་གྱི་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་སྤྱོད་པ་ལ་འཇུག་པར་མཛད་པ་ཆོས་ཅན། དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་པའི་རྣམ་གཞག་མིན་ཏེ། འཇིག་རྟེན་པ་རྣམས་རིལ་པོར་འཛིན་པ་བཟློག་པ་སོགས་ཀྱིས་དགོས་པའི་ཐུགས་ནི་འབའ་ཞིག་གིས་དེ་ཁོ་ན་ཉིད་ཀྱི་དོན་རེ་ཞིག་བཏང་སྙོམས་སུ་བྱས་པ་ཅན་གྱི་ཀུན་རྫོབ་ཀྱི་རྣམ་གཞག་ཡིན་པའི་ཕྱིར། གཉིས་པ་ཡོད་ཀྱང་རྟགས་ལ་ཁྱད་པར་ཡོད་པས་གནོད་པ་མེད་པ་ལ་གསུམ་སྟེ། ཤེས་པ་སྣ་ཚོགས་རྣམ་དབྱེར་མེད། །དོན་གྱི་སྣ་ཚོགས་རྣམ་དབྱེར་ཡོད། །རྫས་གཅིག་མེད་ཀྱང་ཡུལ་དུ་འཐད་པའོ། །དང་པོ་ནི། ཁྲར་འཛིན་དབང་ཤེས་ལ་ཁྲ་བོ་རགས་པར་སྣང་བའི་རྣམ་པ་ཆོས་ཅན། རྫས་གཅིག་མིན་པར་ཐལ། བློ་ལ་སྣ་ཚོགས་སུ་སྣང་བའི་ཕྱིར། ཞེས་པའི་ལན་མདོ་སྡེ་པའི་གྲུབ་མཐའ་ལ་བརྟེན་ནས་འདེབས་པ་ནི། ངེད་ཀྱི་བློ་རྣམ་པ་སྣ་ཚོགས་ངོ་བོའི་ཕྱིར། ཞེས་པའི་རྟགས་རྣམ་པར་དབྱེར་ནུས་ཀྱི་སྣ་ཚོགས་སུ་སྣང་བ་ཡིན་པའི་ཕྱིར་རོ་ཞེས་ཁྱད་པར་ཅན་ཡིན་ལ། ཁྲར་འཛིན་དབང་ཤེས་ཀྱི་རྣམ་པ་ནི་རྣམ་པར་དབྱེར་མི་ནུས་པས་གཏན་ཚིགས་མ་གྲུབ་བོ་ཞེས་སྟོན་ཏེ། ཁྲ་བོ་འཛིན་པའི་ཤེས་པ་ལ་སྔོ་སོགས་སྣ་ཚོགས་སུ་སྣང་བ་ཆོས་ཅན། ཤེས་པའི་ཁྱད་པར་ཏེ་མྱོང་བའི་བདག་ཉིད་གཅིག་ཡིན་གྱི། རྫས་གཞན་ལ་བརྟེན་པའམ་གྲུབ་པ་མེད་དེ། རྣམ་པར་དབྱེར་མི་ནུས་པའི་སྣ་ཚོགས་སུ་སྣང་བ་ཡིན་གྱི། རྣམ་དབྱེ་ནུས་པའི་ཚུལ་གྱིས་ཡན་གར་བར་མཐོང་བར་ནུས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྟགས་མ་གྲུབ་སྟེ། རྗེས་ཀྱི་རྟོག་པས་འདི་ནི་སྔོན་པོ། འདི་ནི་སེར་པོའོ་ཞེས་ཐ་དད་དུ་འབྱེད་པའི་ཕྱིར་ཞེ་ན། རྗེས་ཀྱི་རྟོག་པ་དེའི་ཚེ་དེ་ལྟ་བུའི་རྣམ་དབྱེ་བྱེད་པའི་རྟོག་པ་དེ་ཆོས་ཅན། དབང་ཤེས་ལ་སྣང་བའི་རྣམ་པ་དངོས་སུ་སྣང་ནས་རྣམ་དབྱེ་བྱེད་པ་མ་ཡིན་ཏེ། སྒྲ་དོན་དངོས་སུ་སྣང་བ་ལ་དོན་རང་མཚན་དུ་ཞེན་ནས་དོན་ལ་རྣམ་དབྱེ་བྱེད་པ་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །དེས་ན་ཁྲ་བོ་འཛིན་པའི་སེམས་གཅིག་གི་རྣམ་པ་ནི་ཆོས་ཅན། སྣ་ཚོགས་སུ་སྣང་ཡང་ཤེས་པ་གཅིག་གི་ངོར་བདེན་པར་འགྱུར་ཏེ། ཤེས་པ་གཅིག་པོ་གང་ཡིན་པ་དེ་ཉིད་རྣམ་དབྱེར་མི་ནུས་པའི་སྣ་ཚོགས་སུ་ཇི་ལྟར་སྣང་བ་དེ་དེ་ལྟ་བ་ཉིད་དུ་མྱོང་བ་ཙམ་ཡིན་པ་དེ་ལྟར་ན་སྟེ་དེའི་ཕྱིར་རོ། །གཉིས་པ་ནི། ཤེས་པའི་སྣ་ཚོགས་རྣམ་དབྱེར་མེད་པ་ཡིན་པ་ལྟར། རས་དང་ཕྱེ་མ་ལེབ་ལ་སོགས་པའི་གཟུགས་ཀྱི་སྔོ་སེར་རྣམས་ཀྱང་ནི་རྫས་གཅིག་ཡིན་ནོ་ཞེ་ན། རས་ལ་སོགས་པའི་གཟུགས་ཆོས་ཅན། ཤེས་པའི་སྣ་ཚོགས་དེ་བཞིན་དུ་རྣམ་དབྱེར་མེད་པར་འགྱུར་བར་ཐལ། རྫས་གཅིག་ཡིན་པའི་ཕྱིར། གལ་ཏེ་རྣམ་དབྱེར་ཡོད་པ་དེ་ཡན་ལག་གི་སྣ་ཚོགས་ཡིན་གྱི་ཡན་ལག་ཅན་ནི་མ་ཡིན་ནོ་ཞེ་ན། རས་སོགས་ཀྱི་གཟུགས་སོགས་ཆོས་ཅན། ཐ་དད་པ་ཅན་ཡན་ལག་གི་སྣ་ཚོགས་ནི་རྣམ་པར་བསལ་བ་སྟེ། དེ་མ་གཏོགས་པའི་ཡན་ལག་ཅན་མེད་དེ། ཡན་ལག་གི་སྣ་ཚོགས་ལས་མ་གཏོགས་པའི་ཐ་དད་མེད་པ་ཡན་ལག་ཅན་གྱི་སྣ་ཚོགས་གཞན་ཚད་མས་མཐོང་བ་མེད་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་རྡུལ་ཕྲན་དུ་མ་ཚོགས་ཀྱང་ཡན་ལག་ཅན་གྱི་རྫས་གཅིག་མེད་ན་རྡུལ་ཕྲན་སོ་སོ་བ་བཞིན་དུ་ཚོགས་ཀྱང་དབང་ཤེས་ཀྱི་ཡུལ་དུ་མི་རུང་བར་འགྱུར་རོ་ཞེ་ན། མ་ཚོགས་པའི་གནས་སྐབས་ལས་རྡུལ་ཕྲན་གཞན་དང་ཚོགས་པའི་ཁྱད་པར་ཅན་དུ་སྐྱེས་པར་གྱུར་པའི་རྡུལ་ཕྲན་མང་པོ་དག་ཆོས་ཅན། ཅིག་ཆར་དབང་པོའི་བློ་ཡང་རྒྱུར་འགྱུར་ཡང་འགལ་བ་དག་ནི་ཅི་ཞིག་ཡོད་དེ་མེད་པར་ཐལ། ཡན་ལག་ཅན་གྱི་རྫས་གཅིག་མེད་ཀྱང་ཅིག་ཆར་དབང་པོའི་བློ་ལ་ཕན་འདོགས་པའི་ཕྱིར་རོ། །དཔེར་ན་དབང་པོ་ལ་སོགས་པའི་རྐྱེན་གསུམ་པོ་རིགས་མི་མཐུན་ཡིན་པས་ཡན་ལག་ཅན་གྱི་རྫས་གཅིག་མེད་ཀྱང་དབང་ཤེས་བསྐྱེད་པ་བཞིན་ནོ། །གལ་ཏེ་རྒྱུ་ཡིན་ཡང་དབང་ཤེས་ཀྱི་ཡུལ་དུ་མི་འགྱུར་རོ་ཞེ་ན། དབང་ཤེས་ཀྱི་རྒྱུ་གསུམ་ཡོད་པ་དེ་ལ་དབང་པོའི་བློ་ནི་རྒྱུ་དེ་དག་གི་ནང་ནས་གང་གི་རྣམ་པ་ཅན་དུ་སྣང་བའི་རྣམ་པ་གཏོད་བྱེད་དེ་ནི་ཆོས་ཅན། དབང་ཤེས་མ་འཁྲུལ་པ་དེའི་གཟུང་བར་བརྗོད་དེ། དབང་ཤེས་མ་འཁྲུལ་པ་དེ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། ཤེས་པ་དེའི་རྣམ་པ་གཏོད་བྱེད་ཀྱི་རྒྱུའི་དངོས་པོ་མ་གཏོགས་པ་ཤེས་པ་དེའི་གཟུང་བའི་ཡུལ་ཞེས་བྱ་བ་གཞན་ཅིའང་མེད་པའི་ཕྱིར། གསུམ་པ་ནོག་སོགས་ཅིག་ཆར་འཛིན་པ་མེད་པར་ཐལ་བ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། དཀར་ཟལ་བ་ལང་དུ་ངོ་ཤེས་པའི་བློ་དེ་ཆོས་ཅན། ཇི་ལྟར་ན་བ་ལང་རང་གི་ཡན་ལག་ནོག་ལྐོག་ཤལ་སོགས་དང་བཅས་ཏེ། ཅིག་ཅར་ཡན་ལག་ཅན་བ་ལང་དུ་གཟུང་བ་ཡིན་ཏེ་མིན་པར་ཐལ། དོན་དུ་མ་ཅིག་ཅར་དུ་མི་འཛིན་པའི་ཕྱིར། འདོད་ན། བློ་དེ་ཆོས་ཅན། དཀར་ཟལ་དེ་བ་ལང་དུ་ཤེས་པ་མཐོང་བ་མེད་པར་ཐལ། དཀར་ཟལ་དེ་ལྐོག་ཤལ་སོགས་དང་བཅས་པར་མཐོང་བ་མེད་པར་ནིའོ། །གཉིས་པ་ནི། གལ་ཏེ་བ་ལང་དང་དེའི་ཡན་ལག་དག་ཆོས་ཅན། རྫས་དུ་མ་ཡིན་ཡང་བློ་གཅིག་གིས་ཅིག་ཆར་རྟོགས་པར་འདོད་དེ། ཡོན་ཏན་དང་གཙོ་བོ་སྟེ་ཁྱད་པར་དང་ཁྱད་པ་ཅན་དུ་གྱུར་པའི་དུ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྡུལ་ཕྲན་སོ་སོ་བ་ལྟ་བུ་ཁྱད་པར་དང་ཁྱད་པར་ཅན་དུ་མ་གྱུར་པའི་དུ་མ་ཅིག་ཆར་དུ་མི་འཛིན་གྱི། ཁྱད་པར་དང་ཁྱད་པར་ཅན་དུ་གྱུར་པ་ནི་དུ་མ་ཡིན་ཡང་ཅིག་ཆར་འཛིན་པའི་ཕྱིར་ཞེ་ན། ཡང་བློ་གཅིག་གིས་ཆོས་ཅན། དུས་ཅིག་ཆར་དུ་བ་ལང་དེ་རང་གི་ཡན་ལག་རྫོགས་པ་དང་ལྷན་ཅིག་འཛིན་པ་མིན་པར་ཐལ། དུས་ཅིག་ཆར་དུ་བ་ལང་གི་ཡན་ལག་རྣམས་འཛིན་མི་སྲིད་པའི་ཕྱིར་ཏེ། བ་ལང་གི་ཡན་ལག་རྣམས་ཁྱད་པར་དང་ཁྱད་པར་ཅན་དུ་མ་གྱུར་པའི་དུ་མ་ཡིན་པའི་ཕྱིར། གཞན་ཡང་བ་ལང་གི་ཡན་ལག་རྣ་བ་ལྟ་བུ་སྔོན་པོ་ལ་སོགས་པའི་ཡོན་ཏན་དང་། རྣ་བ་ཉིད་ལ་སོགས་པའི་སྤྱི་དང་། གཡོ་འགུལ་ལ་སོགས་པའི་ལས་དང་ལྡན་པའང་ཆོས་ཅན། བློ་གཅིག་གིས་ཅིག་ཆར་དུ་འཛིན་པ་མིན་པར་ཐལ། ཁྱད་པར་དང་ཁྱད་པར་ཅན་དུ་མ་གྱུར་པའི་དུ་མ་ཡིན་པའི་ཕྱིར། གཞན་ཡང་བ་ལང་གི་ཡན་ལག་དང་བ་ལང་ཆོས་ཅན། ཁྱད་པར་དང་ཁྱད་པར་ཅན་དུ་དོན་ལ་གནས་པ་མེད་དེ། ཁྱད་པར་དང་ནི་ཁྱད་པར་ཅན་དུ་བརྗོད་པར་འདོད་པའི་གཞན་དབང་གིས་བཞག་པའི་ཕྱིར་ཏེ། རེས་འགའ་བ་གླང་རྭ་ཅན་ཞེས་དང་། རེས་འགའ་རྭ་བ་གླང་ཅན་ཞེས་བརྗོད་པ་བཞིན་ནོ། །དེས་ན་བ་གླང་དེ་ཆོས་ཅན། རང་གི་ཡན་ལག་གིས་ཁྱད་པར་དུ་བྱས་ནས་འཛིན་པའི་ཚེ་ཡན་ལག་ཉིད་དུ་ཉེ་བར་གཟུང་བའི་ཡན་ལག་གཅིག་པུ་གང་ཡིན་པ་དེ་ཉིད་ཀྱིས་ནི་ཁྱད་པར་དུ་བྱས་ནས་འཛིན་པར་འགྱུར་གྱི་ཡན་ལག་དུ་མས་ཁྱད་པར་དུ་བྱས་ནས་འཛིན་མི་སྲིད་པར་ཐལ། རང་གི་ཡན་ལག་དུ་མ་ཅིག་ཆར་དུ་འཛིན་མི་སྲིད་པའི་ཕྱིར། བཞི་པ་སྣ་ཚོགས་གཞན་དུ་ཤེས་པ་མེད་པར་ཐལ་བ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། བུམ་སྣམ་སོགས་འཛིན་པའི་བློ་ཆོས་ཅན། བུམ་སྣམ་སོགས་གཞན་དང་གཞན་མཐོང་ཡང་བློ་གཅིག་ཏུ་འགྱུར་ནས་ཐ་དད་དུ་མི་ཤེས་པར་ཐལ། བུམ་སྣམ་སོགས་རང་གི་ངོ་བོའི་སྒོ་ནས་ཁྱད་ཆོས་ལ་མ་ལྟོས་པར་ཕན་ཚུན་དངོས་པོ་གཞན་དག་ལས་ཐ་དད་དུ་ཕྱེ་བ་མེད་པའི་ཕྱིར་དང་། བུམ་སྣམ་སོགས་ཐ་དད་དུ་འཇོག་པར་བྱེད་པའི་ཁྱད་ཆོས་ཡོན་ཏན་སོགས་དུ་མའང་བུམ་སྣམ་སོགས་དང་ལྷན་ཅིག་མ་གཟུང་བའི་ཕྱིར་ཏེ། དོན་དུ་མ་ཅིག་ཆར་དུ་མི་འཛིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་སྔར་བུམ་སྣམ་སོགས་ཀྱི་རྫས་འབའ་ཞིག་གཟུང་ནས་ཕྱིས་ཡོན་ཏན་དང་སྤྱི་ལ་སོགས་པའི་ཁྱད་པར་འབའ་ཞིག་ནི་གཟུང་བའི་ཕྱིར་བུམ་སྣམ་སོགས་དུ་མ་སྟེ་ཐ་དད་དུ་རྟོགས་པར་འགྱུར་ཞེ་ན། འགྱུར་མོད། དེ་ལྟ་ཡིན་དུ་ཆུག་ན་ཡང་བློ་གཅིག་ཆོས་ཅན། ཡོན་ཏན་སོགས་ཡན་ལག་འདི་དག་གི་རང་གི་ཡན་ལག་ཅན་དང་། འབྲེལ་བ་འཆོལ་བ་འགྱུར་བ་སྟེ། ཡན་ལག་དེ་དག་ཡན་ལག་ཅན་གང་གི་ཡན་ལག་ཡིན་ངོ་མི་ཤེས་པར་ཐལ། ཡན་ལག་དང་ཡན་ལག་ཅན་ཅིག་ཆར་དུ་མ་གཟུང་བའི་ཕྱིར། ལྔ་པ་དུ་མ་ཅིག་ཆར་འཛིན་པ་གཞན་ལའང་ཡོད་པ་ནི། གྲངས་ཅན་གྱི་ལུགས་ལའང་དབང་ཤེས་ཆོས་ཅན། ཅིག་ཆར་དོན་དུ་མ་འཛིན་པ་གྲུབ་པར་ཐལ། སྒྲ་སོགས་དེ་ཙམ་ལྔ་པོ་རེ་རེ་ཡང་རྡུལ་མུན་སྙིང་སྟོབས་གསུམ་གྱི་བདག་ཉིད་དུ་མ་ཉིད་ཡིན་པ་དེ་ཅིག་ཆར་འཛིན་པའི་ཕྱིར། གལ་ཏེ་རྟགས་མ་གྲུབ་སྟེ། རྡུལ་མུན་སོགས་གཟུང་བ་མེད་ཅེ་ན། དབང་ཤེས་ཆོས་ཅན། རྡུལ་སོགས་ཀྱི་བཀོད་པ་སྒྲ་སོགས་འཛིན་པ་མི་རུང་བར་ཐལ། བཀོད་པ་ཅན་རྡུལ་སོགས་ནི་མ་གཟུང་བའི་ཕྱིར་ཏེ། སོར་མོ་མ་གཟུང་བར་དེའི་བཀོད་པ་ཁུ་ཚུར་མི་འཛིན་པ་བཞིན་ནོ། །གཉིས་པ་རིགས་པས་གནོད་པའི་རྩོད་པ་སྤང་བ་ལ་གཉིས་ཏེ། ལྡོག་པ་དུ་མ་དབང་པོའི་སྤྱོད་ཡུལ་མིན། །དབང་པོའི་སྤྱོད་ཡུལ་སྒྲ་ཡི་བརྗོད་བྱ་མིན་པའོ། །དང་པོ་ནི། མདོར། དུ་མའི་ངོ་བོ་ཆོས་ཅན་ནི། །དབང་པོ་ལས་རྟོགས་སྲིད་མ་ཡིན། །ཞེས་པའི་དོན་འགྲེལ་པ་ལ་གཉིས་ཏེ། དུ་མའི་ངོ་བོའི་ཆོས་ཅན་བསྒྲུབ། །དབང་པོའི་སྤྱོད་ཡུལ་མིན་པར་བསྟན་པའོ། །དང་པོ་ནི། ཆོས་ཅན་སྒྲ་ལྟ་བུ་དེ་ནི་ཆོས་ཅན། ལྡོག་པ་དུ་མའི་ངོ་བོ་ཉིད་ཡིན་ཏེ། མ་བྱས་རྟག་པ་སོགས་གང་དང་གང་ལས་ལོག་པ་དེ་རྒྱུ་མཚན་དུ་བྱས་པ་ལས་བྱས་མི་རྟག་སོགས་ཀྱི་ལྡོག་པ་ཐ་དད་དུ་མར་རྟོག་པས་བརྟགས་པའི་ཐ་དད་ཅན་ཡིན་པའི་ཕྱིར་ཏེ། མ་བྱས་རྟག་པ་སོགས་ཐམས་ཅད་ལས་ལྡོག་པ་སྟེ་ལོག་པར་དོན་ལ་གནས་པའི་ཕྱིར་རོ། །གཉིས་པ་ནི། རྟོག་པས་བརྟགས་པའི་ལྡོག་པའི་རང་བཞིན་ཐ་དད་པ་སྣ་ཚོགས་རྟོག་པ་ལ་སྣང་བ་དེ་དག་ནི་ཆོས་ཅན། རྟོག་པ་མེད་པ་དབང་པོའི་སེམས་ལ་སྣ་ཚོགས་སུ་སྣང་བ་མིན་ཏེ། རེས་འགའ་བ་དབང་པོའི་ཤེས་པ་ཡི་སྤྱོད་ཡུལ་མིན་པའི་ཕྱིར་ཏེ། ཁྱོད་ནི་སྒྲོ་བཏགས་ཡིན་ལ། དབང་ཤེས་ནི་དོན་རང་མཚན་ལ་འཇུག་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དབང་ཤེས་དཀར་པོ་ཉིད་ལ་སོགས་པའི་སྤྱི་སྣང་ཡུལ་དུ་བྱེད་པའི་རྟོག་པ་ཡིན་ནོ་ཞེ་ན། དེའི་ལན་དུ་མདོར། རང་རང་རིག་བྱ་ཐ་སྙད་ཀྱིས། །བསྟན་མིན་ངོ་བོ་དབང་པོའི་ཡུལ། །ཞེས་པའི་དོན་འགྲེལ་པ་ལ་གསུམ་སྟེ། གཏན་ཚིགས་དགོད། ཁྱབ་པ་བསྒྲུབ། ཕྱོགས་ཆོས་བསྒྲུབ་པའོ། །དང་པོ་ནི། གལ་ཏེ་དཀར་སོགས་ཀྱི་སྤྱི་སྒྲའི་དངོས་ཀྱི་བརྗོད་བྱར་ཡོད་པར་གྱུར་དུ་ཆུག་ཀྱང་། དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ཀྱི་སྤྱོད་ཡུལ་གྱི་དཀར་སོགས་ཅི་འདྲ་བ་དེ་ནི་སྒྲ་ཡིས་དངོས་སུ་བརྗོད་པ་མིན་ཏེ། ཁྱོད་དང་སྒྲ་ལས་བྱུང་བའི་རྟོག་པ་གཉིས་ཤེས་པའི་རང་བཞིན་རང་ཡུལ་གསལ་མི་གསལ་ཐ་དད་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་དབང་ཤེས་དང་སྒྲ་ལས་བྱུང་བའི་རྟོག་པའི་བློ་རྣམས་དོན་ཏེ་ཡུལ་གཅིག་པ་ཉིད་ཡིན་ཡང་རྟེན་དབང་པོ་དང་ཡིད་སྣ་ཚོགས་པ་ལ་རིམ་པ་ལྟར་བརྟེན་པས་རང་ཡུལ་གསལ་མི་གསལ་ཐ་དད་པ་དེར་འགྱུར་གྱི། དངོས་ཡུལ་ཐ་དད་པས་མ་ཡིན་ནོ་ཞེ་ན། ད་ནི་རྣ་བ་ལ་སོགས་པའི་དབང་པོའི་སེམས་ལྔ་པོ་ཆོས་ཅན། ཡུལ་ཐ་དད་པའི་དོན་ཅན་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། ཡུལ་གཅིག་ཡིན་ཡང་སྣང་བ་ཐ་དད་པ་ནི་རྟེན་ཐ་དད་པའི་དབང་གིས་བྱུང་བ་ཡིན་ཞེས་མཚུངས་པའི་ཕྱིར་རོ། །དེས་ན་དབང་ཤེས་དང་རྟོག་པའི་སེམས་ཀྱི་རྟེན་ནི་གཞན་དང་གཞན་ལས་སྐྱེས་སུ་ཆུག་ཀྱང་། དཀར་པོ་ཉིད་ཀྱི་སྤྱི་དེ་ཆོས་ཅན། དབང་ཤེས་ལ་གསལ་ལ། རྟོག་པ་ལ་མི་གསལ་བའི་རང་བཞིན་སྣ་ཚོགས་སུ་སྣང་བ་དེ་ནི་གང་ལས་ཡིན་ཏེ་མིན་པར་ཐལ། དེ་གཉིས་ཀ་ལ་དངོས་སུ་སྣང་བའི་རང་མཚན་གཅིག་ཉིད་ཀྱི་དངོས་པོ་ཡིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་མངོན་སུམ་དང་སྒྲ་རྟོག་ཡུལ་གཅིག་ཉིད་ཡིན་ཏེ། མངོན་སུམ་གྱི་མཐོང་བ་ཁོ་ན་ལ་འདིའོ་ཞེས་པའི་སྒྲ་རྟོག་འཇུག་པའི་ཕྱིར་ཞེ་ན། བ་ལང་ལ་སོགས་པ་ཆོས་ཅན། ཁྱོད་རྗོད་བྱེད་ཀྱི་སྒྲ་དང་། ངོ་ཤེས་པའི་རྟོག་པ་ནི་མངོན་སུམ་གྱིས་མཐོང་བ་དངོས་ཡུལ་དུ་བྱེད་པ་ལས་ལྡོག་པ་ཡིན་ཏེ། མངོན་སུམ་གྱིས་མཐོང་བ་དངོས་སུ་བརྗོད་པ་དང་། རྟོགས་པ་མེད་པར་ནི་བ་ལང་སྔ་ཕྱིའི་དོན་ལ་གཅིག་ཏུ་ཞེན་ནས་ཁྱོད་བརྗོད་པའི་སྒྲ་དང་རྣམ་རྟོག་འཇུག་པའི་ཕྱིར་རོ། །ཡང་མངོན་སུམ་དང་སྒྲ་རྟོག་དངོས་ཡུལ་ཐ་དད་བསྟན་པ་འདི་ཡིས་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། བ་ལང་ལ་སོགས་དབང་ཤེས་ཀྱིས་མཐོང་བ་རྣམས་ལ་རིགས་སོགས་བརྗོད་པའི་སྒྲ་དང་། དེ་འཛིན་པའི་རྣམ་རྟོག་དག་རྗེས་སུ་འགྲོ་བའི་རྟགས་ལས་རིགས་སོགས་དོན་གཞན་ཡོད་པར་རྗེས་སུ་དཔོག་པ་གང་ཡིན་པ་དེ་ཡང་སུན་ཕྱུང་བའི་ཕྱིར། འོ་ན་གསལ་བ་དུ་མ་ལ་སྤྱི་གཅིག་དོན་ལ་མེད་ན་སྤྱི་གཅིག་ཏུ་ངོ་ཤེས་ཇི་ལྟར་སྐྱེ་ཞེ་ན། མངོན་སུམ་གྱིས་མཐོང་བའི་བ་ལང་གི་གསལ་བ་རྣམས་ཆོས་ཅན། དོན་ལ་སྤྱི་གཅིག་མེད་པའི་ཕན་ཚུན་ཐ་དད་པ་ཉིད་ཡིན་ན་ཡང་སྤྱི་གཅིག་ཏུ་ངོ་ཤེས་ཀྱི་བློ་སྐྱེ་བ་འཐད་དེ། སྤྱི་གཅིག་ཏུ་ངོ་ཤེས་པ་ཞེས་བྱ་བའི་རྣམ་རྟོག་གཅིག་ནི་བ་ལང་གི་དོན་བྱེད་མི་ནུས་པ་ལས་ལོག་པའི་རང་བཞིན་གྱིས་བྱེད་པ་ཡིན་ཞེས་སྔར་རང་དོན་ལེའུར་བརྗོད་ཟིན་པ་ཡིན་པའི་ཕྱིར་རོ། །གཉིས་པ་རྐྱེན་གསུམ་རྩོད་སྤོང་བཅས་ཏེ་ཡིད་ཀྱི་མངོན་སུམ་བཤད་པ་ནི། ཚད་མ་མདོར། ཡིད་ཀྱང་དོན་དང་ཞེས་དང་། དེའི་འགྲེལ་པར་ཡིད་ཀྱང་གཟུགས་ལ་སོགས་པའི་རྣམ་པར་འགྱུར་བ་ལ་དམིགས་ཤིང་ཉམས་སུ་མྱོང་བའི་རྣམ་པས་འཇུག་པའི་ཕྱིར་རྟོག་པ་མེད་པའོ་ཞེས་པའི་དོན་འགྲེལ་པ་ལ་གཉིས་ཏེ། སྤྱིའི་རྣམ་པར་གཞག་པ་དང་། གཞུང་གི་དོན་ནོ། །དང་པོ་ནི། བདེ་བར་གཤེགས་པས་དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ་ཞེས་ཡིད་ལ་བརྟེན་པའི་མངོན་སུམ་གསུངས་པའི་དོན་ཕྱོགས་གླང་གིས་ཡིད་ཀྱང་དོན་དང་ཞེས་རྟོག་བྲལ་གྱི་སྒྲུབ་བྱེད་དངོས་སུ་བསྟན་ནས་དམ་བཅའ་ཤུགས་ལ་བསྟན་པའི་སྒོ་ནས་གཏན་ལ་ཕབ་པའོ། །དཔལ་ལྡན་གྲགས་པས་རྟོག་བྲལ་གྱི་སྒྲུབ་བྱེད་སྔར་དབང་མངོན་གྱི་སྐབས་སུ་བསྟན་ཟིན་པ་ལ་དགོངས་ནས་འདིར་དེ་མ་བཤད་པར་ཕྱོགས་གླང་གིས་ཡིད་མངོན་ཁས་བླངས་པའི་དོན་ལ་མུ་སྟེགས་རྣ་བ་མ་ཕུག་པས་རྩོད་པ་གཉིས་བཀོད་པ་དང་། དེའི་ལན་ལ་འགའ་ཞིག་ཡིད་མངོན་གྱི་རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱིས་གཟུང་ཟིན་པའི་དོན་འཛིན་པར་འདོད་པ་བཀག་པ་དང་། རང་ལུགས་དབང་མངོན་གྱི་གཟུང་དོན་ལས་གཞན་གཟུང་ཡང་ལོང་བས་གཟུགས་མཐོང་བར་ཐལ་བའི་ཉེས་པ་མེད་པ་དང་། དེ་ལ་རང་ཡུལ་མ་ངེས་པ་འཛིན་པར་ཐལ་བའི་རྩོད་པ་སྤང་བ་དང་། དེ་ལས་འཕྲོས་ནས་ཡིད་མངོན་གྱི་གཟུང་འཛིན་དུས་མཉམ་པ་བཀག་པ་དང་། དེ་ལས་འཕྲོས་ནས་དུས་མི་མཉམ་ན་གཟུང་འཛིན་དུ་འགལ་བ་སྤོང་བ་སྟེ་དྲུག་ནི་རིམ་པ་ལྟར་སྔར་མྱོང་འཛིན་ན་ཞེས་སོགས་དང་། སྐད་ཅིག་ཉིད་ཕྱིར་ཞེས་སོགས་དང་། དེ་ཕྱིར་དབང་པོའི་ཞེས་སོགས་དང་། རང་དོན་རྗེས་འགྲོའི་ཞེས་སོགས་དང་། དེ་དང་བྱེད་དུས་ཞེས་སོགས་དང་། དུས་ཐ་དད་པས་ཞེས་སོགས་ཀྱིས་བསྟན་ནོ། །གཉིས་པ་ལ་བཞི་སྟེ། མཐའ་གཉིས་བརྟགས་པའི་རྩོད་པ་དགོད། །སྔ་མ་འཐད་པའི་གཞན་ལན་དགག །ཕྱི་མ་འཐད་པའི་རང་ལ་བརྗོད། །དེ་ལ་རྩོད་པ་བརྒྱུད་མ་དགག་པའོ། །དང་པོ་ནི། མུ་སྟེགས་རྣ་བ་མ་ཕུག་པ་ན་རེ། ཡིད་ཀྱི་མངོན་སུམ་དེས་སྔར་དབང་པོའི་མངོན་སུམ་གྱིས་གཟུང་ཟིན་གྱི་དོན་འཛིན་ནམ་མ་གཟུང་བའི་དོན་འཛིན། དང་པོ་ལྟར་ན་ཡིད་ཀྱི་མངོན་སུམ་ནི་ཆོས་ཅན། ཚད་མ་ཉིད་མ་ཡིན་པར་ཐལ། སྔར་ཚད་མས་མྱོང་ཟིན་པ་ནི་འཛིན་པའི་ཕྱིར་ནའོ། །གཉིས་པ་ལྟར་ན་ལོང་བ་དང་འོན་པ་ལ་སོགས་པ་ཡིས་ཀྱང་ཆོས་ཅན། གཟུགས་སྒྲ་ལ་སོགས་པའི་དོན་མཐོང་ཞིང་ཐོས་པར་འགྱུར་བར་ཐལ། དབང་མངོན་གྱིས་མ་མཐོང་ཡང་ཡིད་ཀྱིས་གཟུགས་སོགས་རང་མཚན་འཛིན་པ་གང་ཞིག ཡིད་ཡོད་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། འདས་ཕྱིར་སྔར་མྱོང་མཐོང་བ་མེད། །མཐོང་ན་ཐལ་བ་གསུམ་གྱིས་གནོད་པའོ། །དང་པོ་ནི། ཡིད་ཀྱི་མངོན་སུམ་དེས་སྔར་དབང་ཤེས་ཀྱིས་གཟུང་ཟིན་པའི་དོན་འཛིན་པ་ཡིན་ན། གཟུང་དོན་དེ་སྐད་ཅིག་མ་ཡིན་ནམ་མ་ཡིན། དང་པོ་ལྟར་ན་ཡིད་ཀྱི་མངོན་སུམ་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་གྱི་གཟུང་དོན་མཐོང་བ་ཡོད་པ་མ་ཡིན་ཏེ། རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱི་གཟུང་དོན་རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱི་དུས་ན་འདས་པ་ཡི་ཕྱིར་ཏེ། དེ་རང་གི་དེ་མ་ཐག་རྐྱེན་དབང་མངོན་སྐྱེད་བྱེད་ཀྱི་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དབང་མངོན་གྱི་གཟུང་དོན་དེ་སྐད་ཅིག་མ་མིན་པར་རྟག་པ་ཡིན་པས་ཡིད་ཀྱིས་ཀྱང་དེ་ཉིད་འཛིན་ཞེ་ན། ཡིད་ཀྱི་མངོན་སུམ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་སྔར་གཟུང་ཟིན་གྱི་དོན་ལ་རྟོག་པ་དང་བྲལ་བ་ཡིན་ནོ་ཞེས་པའི་ཁྱད་པར་དང་བཅས་པ་བརྗོད་པར་བྱ་བར་འགྱུར་བར་ཐལ། ཚད་མ་སྔ་མས་གཟུང་ཟིན་བྱེད་པ་མ་ཉམས་པའི་དོན་འཛིན་པའི་མངོན་སུམ་ཡིན་པའི་ཕྱིར། གཞན་ཡང་དབང་པོ་ཅན་དབང་པོའི་མངོན་སུམ་སྐད་ཅིག་གཉིས་པ་དང་། གཞན་ཡིད་ཀྱི་མངོན་སུམ་སྐད་ཅིག་དང་པོ་དག་ནི་ཆོས་ཅན། རང་གི་གཞལ་བྱ་དེ་ལ་འཇལ་བའི་བྱ་བ་སྒྲུབ་པར་བྱེད་པར་ཅི་ལྟར་འདོད་དེ་བྱ་བ་མི་བྱེད་པར་ཐལ། དབང་མངོན་སྐད་ཅིག་དང་པོས་འཇལ་བའི་བྱ་བ་བསྒྲུབས་ཟིན་པ་ཅན་གྱི་ལས་གཞལ་བྱ་ལ་ནི་འཇུག་གི གསར་དུ་རྟོགས་པའི་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་ཏེ། ཤིང་བཅད་ཟིན་ན་སཏྭ་གྲི་གཅོད་བྱེད་མ་ཡིན་པ་བཞིན་ནོ། །གཞན་ཡང་ཡིད་ཀྱི་མངོན་སུམ་དང་། དེ་མ་ཐག་རྐྱེན་དབང་པོའི་བློའང་ཐམས་ཅད་ཆོས་ཅན། ཅིག་ཆར་འབྱུང་བར་འགྱུར་བར་ཐལ། གཟུང་དོན་རྟག་པའི་དངོས་པོ་དེ་ལས་སྐྱེས་པའི་ཕྱིར་རོ། །གལ་ཏེ་རྟག་པའང་རྐྱེན་ལ་ལྟོས་ནས་ཤེས་པ་དེ་དག་རིམ་གྱིས་སྐྱེའོ་ཞེ་ན། རྟག་པ་ཆོས་ཅན། རྐྱེན་དེ་ལ་ལྟོས་པ་འགལ་བར་ཐལ། རྐྱེན་གཞན་གྱིས་ཁྱད་པར་བྱར་ཡོད་པ་མིན་པའི་ཕྱིར། གསུམ་པ་ནི། གཟུང་འཛིན་ཡིད་ཀྱི་མངོན་སུམ་ནི་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་དབང་པོའི་མངོན་སུམ་གྱི་ཡུལ་ལས་ཡུལ་གཞན་ཉིད་འཛིན་པར་བྱེད་ཀྱི་དེ་ཉིད་འཛིན་པ་མིན་ཏེ། རང་གི་དེ་མ་ཐག་རྐྱེན་གཟུང་འཛིན་དབང་མངོན་གྱི་གཟུང་དོན་དེ་ཉིད་འཛིན་ན་ཇི་སྐད་བཤད་པའི་སྐྱོན་ཡོད་ཅིང་། དེའི་སྐད་ཅིག་གཉིས་པ་འཛིན་པ་ལ་སྐྱོན་མེད་པ་དེའི་ཕྱིར་རོ། །དེ་ལྟར་ནའང་ལོང་བ་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་གཟུང་འཛིན་ཡིད་མངོན་གྱིས་གཟུགས་མཐོང་བ་མིན་ཏེ། ཁྱོད་ཀྱི་རྒྱུད་ལ་གཟུགས་འཛིན་དབང་མངོན་མེད་པའི་ཕྱིར། ཁྱབ་སྟེ། ཡིད་མངོན་ཡིན་ན་དབང་པོའི་རྣམ་པར་ཤེས་པས་དེ་མ་ཐག་རྐྱེན་བྱས་པ་ལས་བྱུང་བ་ཅན་ཡིན་ཅིང་། ཡིད་མངོན་དེས་རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱི་གཟུང་དོན་གྱི་སྐད་ཅིག་གཉིས་པ་འཛིན་པ་དེའི་ཕྱིར་དང་དེ་གཉིས་ཚང་ན་དབང་མངོན་གྱི་རྒྱུ་ཚོགས་ཀྱང་ཚང་བའི་ཕྱིར་རོ། །འདིར་ཁ་ཅིག དབང་པོ་གཟུགས་ཅན་པའི་སྐད་ཅིག་ཐ་མ་འགགས་པའི་དེ་མ་ཐག་ཏུ་ཡིད་མངོན་གྱི་རྐྱེན་གསུམ་ཚང་ཡང་དབང་མངོན་གྱི་རྐྱེན་གསུམ་མ་ཚང་བས་ལོང་བའི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་ཡོཾད་པར་འདོད་པ་ནི་སྐྱེས་བུ་ནད་མེད་ཀྱིས་མིག་འཛུམ་པའི་ཡུན་ཚད་ལ་དུས་མཐའི་སྐད་ཅིག་མ་དུ་མ་འགགས་པའི་རྣམ་གཞག་མ་ཤེས་པ་སྟེ། གཞན་སེལ་གྱི་བློས་ཕྱེ་བའི་ཚེ་དེ་ལྟར་སྲིད་དུ་ཆུག་ཀྱང་མིག་འཛུམ་པའི་རྗེས་སུ་གཟུགས་འཛིན་ཡིད་མངོན་ཡོད་པར་མི་འགྲུབ་པའི་ཕྱིར་རོ། །བཞི་པ་ལ་གསུམ་སྟེ། ཡུལ་གཞན་འཛིན་ན་ངེས་མེད་འཛིན་པ་སྤང་། །ཡིད་ཀྱི་གཟུང་འཛིན་དུས་མཉམ་ཡིན་པ་སྤང་། །དུས་ཐ་དད་ན་གཟུང་འཛིན་མིན་པ་སྤང་བའོ། །དང་པོ་ནི། ཡིད་ཀྱི་མངོན་སུམ་གྱིས་རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱིས་མ་གཟུང་བའི་དོན་འཛིན་ན་གཟུགས་སྒྲ་སོགས་ངེས་མེད་དུ་འཛིན་པར་འགྱུར་རོ་ཞེ་ན། ཡིད་ཀྱི་མངོན་སུམ་འདི་ཆོས་ཅན། རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱི་གཟུང་དོན་ལས་གཞན་འཛིན་ན་ཡང་རང་ཡུལ་ངེས་པ་དབང་མངོན་གྱི་གཟུང་དོན་གྱི་སྐད་ཅིག་ཕྱི་མ་འཛིན་པར་འདོད་པ་ཡིན་ཏེ། ཡིད་ཀྱི་མངོན་སུམ་བསྐྱེད་པ་རང་གི་གཟུང་དོན་གྱི་རྗེས་སུ་འགྲོ་བའི་དོན་ཕྱི་མ་ལྷན་ཅིག་བྱེད་རྐྱེན་དུ་ཡོད་པ་ལ་ལྟོས་པ་ཅན་གྱི་དབང་སྐྱེས་ཀྱི་བློ་ནི་ཁྱོད་ཀྱི་དེ་མ་ཐག་པའི་རྒྱུ་ཡིན་པ་དེའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག་ན་རེ། ཡིད་ཀྱི་མངོན་སུམ་གྱི་གཟུང་དོན་དག་ནི་ཆོས་ཅན། ཇི་ལྟར་ན་དབང་པོའི་ཤེས་པས་ཡིད་ཀྱི་མངོན་སུམ་བསྐྱེད་པ་ཡི་ལྷན་ཅིག་བྱེད་པའི་གྲོགས་ཡིན་ཏེ་མིན་པར་ཐལ། དེ་མ་ཐག་རྐྱེན་དབང་ཤེས་དེ་དང་དངོས་འབྲས་བྱེད་པ་དུས་མཚུངས་པ་མེད་པ་ཅན་ཡིན་པའི་ཕྱིར་ཏེ། དབང་ཤེས་ཡིད་མངོན་གྱི་སྔ་ན་ཡོད་ཅིང་། ཁྱོད་རང་འཛིན་ཡིད་ཀྱི་མངོན་སུམ་གྱི་ཤེས་པ་དང་དུས་མཉམ་པ་ཅན་ཡིན་པའི་ཕྱིར་ཞེ་ན། ཡིད་ཀྱི་མངོན་སུམ་གྱི་གཟུང་དོན་ཆོས་ཅན། རང་འཛིན་ཡིད་ཀྱི་མངོན་སུམ་གྱི་བློ་དང་བཅས་པ་སྟེ། དུས་མཉམ་པ་མིན་ཏེ། རང་འཛིན་ཡིད་ཀྱི་མངོན་སུམ་སྐྱེད་བྱེད་ཡིན་པ་དེའི་ཕྱིར། ཁྱབ་སྟེ། སྐྱེད་བྱེད་ཀྱི་རྒྱུ་རྣམས་ཐམས་ཅད་རང་གི་བསྐྱེད་བྱའི་སྔར་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར་རོ། །གལ་ཏེ་རྒྱུ་འབྲས་དུས་མཉམ་ན་རྒྱུ་མ་སྐྱེས་པའི་དུས་སུ་དུས་མཉམ་མམ། སྐྱེས་པའི་དུས་སུ་དུས་མཉམ། དང་པོ་ལྟར་ན་སྔར་རྒྱུ་མ་སྐྱེས་པའི་དུས་ན་ཆོས་ཅན། རྒྱུ་འབྲས་དུས་མི་མཉམ་པར་ཐལ། རྒྱུས་འབྲས་བུ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་ཏེ། རྒྱུ་ཉིད་མེད་པའི་ཕྱིར། གཉིས་པ་ལྟར་ན་ཕྱིས་རྒྱུ་སྐྱེས་པའི་དུས་ཀྱང་ཆོས་ཅན། རྒྱུ་འབྲས་དུས་མི་མཉམ་པར་ཐལ། རྒྱུས་འབྲས་བུ་བསྐྱེད་པ་ལ་ཕན་པ་ཉེ་བར་མི་སྦྱོར་བའི་ཕྱིར་ཏེ། འབྲས་བུ་གྲུབ་ཟིན་པའི་ཕྱིར། རྟགས་ཁས་བླངས། གསུམ་པ་ནི། ཡིད་ཀྱི་མངོན་སུམ་གྱི་གཟུང་དོན་ཆོས་ཅན། ཡིད་ཀྱི་མངོན་སུམ་གྱིས་ཇི་ལྟར་འཛིན་ཏེ་མི་འཛིན་པར་ཐལ། ཡིད་ཀྱི་མངོན་སུམ་དང་དུས་ཐ་དད་པས་སོ་ཞེ་ན། རིགས་པ་ཤེས་པ་མདོ་སྡེ་པ་ཡིས་ཆོས་ཅན། དུས་ཐ་དད་ལ་གཟུང་འཛིན་འཇོག་ཤེས་ཏེ། ཤེས་པ་དེ་ལ་རང་འདྲའི་རྣམ་པ་དངོས་སུ་འཇོག་ནུས་པ་ཡི་རྒྱུ་ཉིད་ལ་ནི་དུས་མི་མཉམ་ཡང་ཤེས་པ་དེའི་གཟུང་ཡུལ་ཡིན་པར་ཤེས་ཤིང་འདོད་པའི་ཕྱིར་རོ། །དེས་ན་ཡིད་ཀྱི་མངོན་སུམ་ལ་རྒྱུ་དུ་མ་ཉིད་ཡོད་ན་ཡང་རྣམ་པ་གཏོད་བྱེད་ཀྱི་རྒྱུ་གང་ཡིན་པ་དེ་ནི་ཆོས་ཅན། དེའི་ངོ་བོ་སྟེ་རྣམ་པ་དེ་འབྲས་བུ་ཡིད་མངོན་ལ་བཞག་པ་དང་། འབྲས་བུ་ཡིད་མངོན་དེས་ཀྱང་དེ་གཟུང་ངོ་ཞེས་འཇིག་རྟེན་ན་བརྗོད་པ་ཡིན་ཏེ། འབྲས་བུ་ཡིད་མངོན་དེ་ཁྱོད་ཀྱི་རྣམ་པའི་རྗེས་སུ་བྱེད་པར་སྐྱེ་བ་ཡིན་པའི་ཕྱིར་རོ། །གསུམ་པ་མྱང་བྱ་ཤེས་པར་བསྒྲུབས་ཏེ་རང་རིག་མངོན་སུམ་བཤད་པ་ལ་གཉིས་ཏེ། སྤྱིའི་རྣམ་གཞག་དང་། གཞུང་གི་དོན་ནོ། །དང་པོ་ནི། སྤྱིར་ཤེས་པ་ཐམས་ཅད་ཁ་ནང་དུ་ཕྱོགས་པའི་ཚེ་རང་རིག་ཡིན་པ་ལ་དགོངས་ནས་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་བཤད་ལ། ཁ་ནང་དུ་ཕྱོགས་པའི་ཚེ་རང་རིག་ཡིན་པའི་དོན་ཡང་མྱང་བྱ་སྔར་སྐྱེས་ནས་དེའི་རྗེས་སུ་ཁ་ནང་དུ་ཕྱོགས་པའི་དོན་ནི་མིན་ཏེ། དེ་ལྟར་ན་འདས་པ་དྲན་པའི་དྲན་ཤེས་སུ་འགྱུར་བའི་ཕྱིར་རོ། །དེས་ན་ཤེས་པ་ཐམས་ཅད་རང་སྐྱེས་པའི་ཚེ་མྱོང་ཙམ་མམ། རིག་ཙམ་མམ། གསལ་ཙམ་དུ་སྐྱེས་པའི་རྒྱུ་མཚན་གྱིས་དུས་ཕྱིས་བདག་གི་ཤེས་པ་འདི་འདྲར་གྱུར་ཏོ་ཞེས་དྲན་པ་འབྱུང་བས་དྲན་པའི་རྟགས་ཀྱིས་རང་མྱོང་ངམ། རང་རིག་བསྒྲུབ་པའི་གནད་ཀྱང་རང་ཉིད་སྐྱེས་པའི་ཚེ་ཡུལ་དང་ཡུལ་ཅན་གྱི་ཚུལ་གྱིས་རིག་པ་མ་ཡིན་པར་རང་ཉིད་མྱོང་ཙམ་གྱི་ངོ་བོར་སྐྱེས་པ་ཉིད་ལ་རང་རིག་ཏུ་འཇོག་པ་འདི་ཉིད་ཡིན་ནོ། །རང་ཉིད་སྐྱེས་པའི་ཚེ་མྱོང་བའམ་རིག་པའི་ངོ་བོར་སྐྱེས་ན་དེ་ཉིད་ཀྱིས་རང་རིག་གྲུབ་པ་ལ་དགོངས་ནས་ཚད་མ་མདོར། ཆགས་ལ་སོགས། རང་རིག་རྟོག་པ་མེད་པ་ཅན། །ཞེས་དང་། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། །ཞེས་རང་རིག་ཏུ་ངེས་དཀའ་བའི་ཆགས་སོགས་དང་། རྟོག་པའི་སྟེང་ནས་བཤད་དེ། དེ་ཉིད་ཤེས་པ་ཐམས་ཅད་ལ་ཁྱབ་པ་ལ་དགོངས་ནས་བདག་ཉིད་ཆེན་པོ་ས་པཎ་གྱིས་ཀྱང་། རང་རིག་བེམ་པོ་ལོག་ཙམ་ཡིན། །ཞེས་སོགས་གསུངས་སོ། །གཞུང་འདིར་མཚན་གཞི་བདེ་སོགས་ཀྱི་སྟེང་ནས་བཤད་པ་ནི་བྱེ་བྲག་པས་བདེ་སོགས་ནང་གི་བེམ་པོ་དང་། གྲངས་ཅན་གྱིས་བདེ་སོགས་ཕྱིའི་བེམ་པོར་འདོད་པའི་ལོག་རྟོག་དགག་པའི་ཆེད་དུ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། མྱོང་བྱེད་རྟོག་བྲལ་ཉིད་དུ་བསྒྲུབ། །མྱོང་བྱ་བེམ་པོ་ཡིན་པ་དགག་པའོ། །དང་པོ་ནི། བདེ་སོགས་ཀྱི་བདག་ཉིད་ཆོས་ཅན། ཁྱོད་དེ་དག་མྱོང་བའི་རང་རིག་ནི་བརྗོད་པ་དེའི་མིང་དང་དོན་གཉིས་རྗེས་སུ་འབྲེལ་པ་ཅན་ཏེ་བསྲེས་ནས་འཛིན་པའི་རྟོག་པ་མ་ཡིན་ཏེ། ཁྱོད་ལ་དངོས་སུ་བརྡ་བྱེད་པར་ནི་ནུས་པ་མ་ཡིན་པ་དེའི་ཕྱིར་ཏེ། ཁྱོད་ཡུལ་དུ་གཞན་དུ་རྗེས་འགྲོ་མི་བརྟེན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། བདེ་སོགས་ནང་དོན་བེམ་པོ་ཡིན་པ་དགག །བདེ་སོགས་ཕྱི་དོན་བེམ་པོ་ཡིན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། བདེ་སོགས་དེ་དག་ཆོས་ཅན། རང་གི་ངོ་བོ་ཇི་ལྟར་རིག་སྟེ་མི་རིག་པར་ཐལ། གཞན་ཕྱི་རོལ་གྱི་དོན་ཡང་རིག་བྱེད་མིན་པའི་ཕྱིར་ཏེ། ནང་དོན་བེམ་པོ་ཡིན་པའི་ཕྱིར་རོ། །དེས་ན་དོན་བདག་གཅིག་ལ་བརྟེན་པའི་རྣམ་ཤེས་རྫས་གཞན་གྱིས་རིག་པར་བྱ་བ་ཡིན་ཞེས་འགའ་ཞིག་སྟེ་བྱེ་བྲག་པ་ཟེར་རོ། །གཉིས་པ་ལ་གསུམ་སྟེ། བདེ་སོགས་ཤེས་པ་ཡིན་པར་བསྒྲུབ། །རྣམ་ཤེས་གཞན་གྱིས་མྱོང་བ་དགག །ཡུལ་གཞན་རིག་བྱེད་གཉིས་སུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཁྱབ་པ་བསྟན་ཏེ་གཏན་ཚིགས་དགོད། །ཕྱོགས་ཆོས་རྐྱེན་གསུམ་མཚུངས་པར་བསྒྲུབ། །རྐྱེན་གསུམ་མཚུངས་ལ་རྩོད་པ་སྤང་བའོ། །དང་པོ་ནི། དབང་པོའི་རྣམ་པར་ཤེས་པའི་འཁོར་གྱི་བདེ་སོགས་དེ་ཆོས་ཅན། ཅིས་ཤེས་པ་མ་ཡིན་ཏེ་ཡིན་པར་ཐལ། དབང་པོའི་རྣམ་ཤེས་ཀྱི་རྒྱུ་ལས་གཞན་མིན་པ་དེའི་རྐྱེན་གསུམ་ལས་སྐྱེས་པའི་ཕྱིར། ཁྱབ་སྟེ། འབྲས་བུ་འདྲ་བ་དེ་དང་འདྲ་བ་དེ་མིན་པ་མི་འདྲ་བའི་རང་བཞིན་ཅན་ཐམས་ཅད་རིམ་པ་ལྟར་འདྲ་བ་དེ་དང་འདྲ་བ་དེ་མིན་པའི་དངོས་རྒྱུས་བསྐྱེད་པས་ཁྱབ་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རྐྱེན་གསུམ་གཅིག་ལས་སྐྱེས་པའི་གཏན་ཚིགས་མ་གྲུབ་བོ་ཞེ་ན། དབང་པོའི་རྣམ་པར་ཤེས་པའི་འཁོར་གྱི་བདེ་བ་ལ་སོགས་ཆོས་ཅན། དབང་པོའི་རྣམ་པར་ཤེས་པ་དེ་དང་རྐྱེན་གསུམ་མཚུངས་པའི་རྒྱུ་ཅན་ཡིན་ཏེ། དོན་ཡུལ་དང་བཅས་པ་དང་། དབང་པོ་མ་ཉམས་ཤིང་རུང་བ་དང་། བདག་ཉིད་ཇི་ལྟ་བའི་ཡིད་ལ་བྱེད་པའི་སེམས་རྣམས་ཡོད་ན་དེ་ལས་ཁྱོད་སྐྱེ་བར་མཐོང་ལ། ཡིད་ཀྱི་དབང་པོའི་རྣམ་ཤེས་ཀྱང་དེ་དང་རྐྱེན་གསུམ་དེ་ལས་སྐྱེ་བར་མཚུངས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་དེ་གཉིས་རྐྱེན་གསུམ་ལས་སྐྱེས་ཡང་རྒྱུ་མཚུངས་པ་ལས་སྐྱེ་བར་མི་འགྲུབ་སྟེ། བདེ་སྡུག་ནི་ཆོས་དང་ཆོས་མིན་གྱི་ལས་ལས་བེམ་པོར་སྐྱེ་ལ། རྣམ་ཤེས་ནི་འདུ་བྱེད་ལས་ཤེས་པར་སྐྱེ་བའི་ཕྱིར་ཞེ་ན། དབང་པོའི་རྣམ་ཤེས་ཀྱི་འཁོར་བདེ་བ་ལ་སོགས་པ་དང་དབང་པོའི་བློ་དེ་ཆོས་ཅན། རྐྱེན་གསུམ་དེ་ལས་དངོས་སུ་སྐྱེ་ཡི། གཞན་འདུ་བྱེད་དང་ལས་ལས་དངོས་སུ་སྐྱེ་བ་མིན་པར་ཐལ། རྐྱེན་གསུམ་དེ་དག་མེད་པ་དང་ཡོད་པ་ན་འགའ་ཞིག་གི་རྒྱུ་དེ་ལ་ཁྱོད་དངོས་སུ་མི་སྐྱེ་བ་དང་སྐྱེ་བར་མཐོང་གི འདུ་བྱེད་དང་ལས་ཀྱི་རྗེས་སུ་མི་བྱེད་པ་དེའི་ཕྱིར་རོ། །འོ་ན་བདེ་སྡུག་ལ་སོགས་པའི་ཁྱད་པར་ཡང་མེད་པར་ཐལ། རྒྱུ་རྐྱེན་གསུམ་དུ་མཚུངས་པའི་ཕྱིར་ཞེ་ན། དབང་པོའི་རྣམ་པར་ཤེས་པའི་འཁོར་གྱི་བདེ་སྡུག་ཆོས་ཅན། རྒྱུ་རྐྱེན་གསུམ་དུ་མཚུངས་ཡང་བདེ་སྡུག་སོགས་ཀྱི་ཁྱད་པར་ཡོད་པ་མི་འགལ་ཏེ། རྐྱེན་གསུམ་དེ་དག་ཉིད་ཀྱི་ནང་གི་ཁྱད་པར་ཡུལ་སྡུག་མི་སྡུག་སོགས་ལས་བདེ་སྡུག་ལ་སོགས་ཐ་དད་དུ་སྐྱེ་བ་ཡིན་པའི་ཕྱིར་ཏེ། དཔེར་ན་ཡུལ་དབང་མཚུངས་པ་ལ་བརྒྱུད་ནས་སྐྱེས་པའི་ཡིད་ཀྱི་བློ་དེ་ཉིད་ཀྱི་ནི་ནང་གི་ཁྱད་པར་ལས་གསལ་བ་དང་མི་གསལ་བ་དང་ཐེ་ཚོམ་ལ་སོགས་ཐ་དད་དུ་སྐྱེ་བ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། བློ་གཉིས་རིམ་གྱིས་འབྱུང་བའི་ཕྱོགས་ལ་གཞན་མྱོང་མེད། བློ་གཉིས་ཅིག་ཆར་འབྱུང་བའི་ཕྱོགས་ལ་གཞན་མྱོང་མེད་པའོ། །དང་པོ་ལ་ལྔ་སྟེ། དུས་མཉམ་གཞན་གྱིས་མྱོང་བ་དགག །ཕྱིས་བྱུང་གཞན་གྱིས་མྱོང་བ་དགག །གཅིག་གིས་གཉིས་ཀ་འཛིན་པ་དགག །བདེ་སོགས་འབའ་ཞིག་འཛིན་པ་དགག །གཟུང་བ་འབའ་ཞིག་འཛིན་པ་དགག་པའོ། །དང་པོ་ནི། བདེ་སོགས་དེ་རང་གིས་མི་རིག་པར་རང་དང་དོན་གཅིག་ལ་བརྟེན་པའི་རྣམ་ཤེས་གཞན་གྱིས་རིག་ན་རང་དང་ལྷན་ཅིག་སྐྱེས་པའི་དབང་ཤེས་ཀྱིས་རིག་གམ། ཕྱིས་སྐྱེས་པའི་ཡིད་ཤེས་ཀྱིས་རིག དང་པོ་ལྟར་ན་གཟུགས་ལ་སོགས་པའི་དོན་གང་ཉེ་བས་བློ་དབང་ཤེས་དང་ནི་བདེ་སོགས་དེ་དག་སྐྱེས་པར་གྱུར་པའི་དབང་ཤེས་དེ་ནི་ཆོས་ཅན། རང་ཡུལ་གཟུགས་སོགས་དེ་བོར་ནས་ནི་བདེ་སོགས་ཉིད་ཇི་ལྟར་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། རང་ཡུལ་གཟུགས་སོགས་ཉིད་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཐོག་མར་དབང་ཤེས་ཀྱིས་དོན་འཛིན་ལ། དེའི་རྗེས་སུ་ཡིད་ཤེས་ཀྱིས་བདེ་སོགས་འཛིན་པས་ཤེས་པ་དེ་གཉིས་ཀྱི་དོན་དང་བདེ་སོགས་རིམ་གྱིས་སྤེལ་ནས་འཛིན་ཞེ་ན། བདེ་སོགས་མྱོང་བའི་བློ་ཆོས་ཅན། བདེ་སོགས་དེ་མྱོང་བ་པར་རྣམ་པར་ཆད་པ་མེད་པར་སྣང་བར་མི་འགྱུར་བར་ཐལ། བདེ་སོགས་མྱོང་བ་སྔ་ཕྱིའི་བར་དུ་གཟུགས་སོགས་འཛིན་པས་ཆོད་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་སོགས་འཛིན་པ་ལ་ཡང་སྦྱར་རོ། །གལ་ཏེ་བདེ་སོགས་མྱོང་བ་བར་དུ་ཆོད་ཀྱང་འཇུག་པ་མགྱོགས་པའི་ཕྱིར་བར་ཆད་མེད་པར་སྣང་ངོ་ཞེ་ན། འོ་ན་གཟུགས་སོགས་འཛིན་པའི་བློའང་ཆོས་ཅན། བདེ་སོགས་མྱོང་བ་མེད་པར་གཟུགས་སོགས་བར་མ་ཆད་དུ་སྣང་བ་ཅིས་མ་ཡིན་ཏེ་ཡིན་པར་ཐལ། འཇུག་པ་མགྱོགས་པ་དེ་མཚུངས་པའི་ཕྱིར། གསུམ་པ་ནི། དབང་པོའི་རྣམ་པར་ཤེས་པས་ཡུལ་གཟུགས་སོགས་དང་རང་དང་དུས་མཉམ་པའི་བདེ་སོགས་ཅིག་ཆར་འཛིན་པར་བྱེད་དོ་ཞེ་ན། དབང་པོའི་སེམས་མ་འཁྲུལ་བ་ནི་ཆོས་ཅན། ཁྱོད་གཅིག་གིས་ཡུལ་གཟུགས་སོགས་དང་རང་དང་དུས་མཉམ་པའི་བདེ་སོགས་གཉིས་ཀ་གཟུང་དོན་དུ་བྱས་ནས་ཅིག་ཆར་ཤེས་པ་མ་ཡིན་པར་ཐལ་ཏེ། ཁྱོད་ཀྱིས་གཟུང་དོན་ཡིན་ན་གཟུགས་སོགས་ཁོ་ནར་ངེས་པའི་ཕྱིར་དང་། ཁྱོད་བསྐྱེད་པ་ལ་རང་དང་དུས་མཉམ་པའི་བདེ་སོགས་དེ་ལྟ་བུའི་ནུས་པ་གྲུབ་པ་མེད་པའི་ཕྱིར་ཏེ། རང་དང་དུས་མཉམ་པའི་བདེ་སོགས་དེ་ཁྱོད་ཀྱི་རྒྱུར་མེད་ཀྱང་ཁྱོད་དོན་གཟུགས་སོགས་དག་ལས་སྐྱེ་བའི་ཕྱིར་རོ། །གལ་ཏེ་སྔོ་སོགས་ཚོགས་པས་མིག་ཤེས་བསྐྱེད་ནུས་ཀྱང་སྔོ་སོགས་རེ་རེ་བ་ལ་མིག་ཤེས་བསྐྱེད་པའི་ནུས་པ་མེད་པ་མིན་པ་དེ་བཞིན་དུ་གཟུགས་སོགས་དང་བདེ་སོགས་གཉིས་ཀས་དབང་ཤེས་བསྐྱེད་ནུས་ཀྱང་གཉིས་ཀྱིས་སོ་སོ་སོ་སོར་ཡང་དབང་ཤེས་བསྐྱེད་ནུས་པ་མི་འགལ་བ་ཡིན་ནོ་ཞེ་ན། དབང་ཤེས་ཆོས་ཅན། རེས་འགའ་བདེ་སོགས་འབའ་ཞིག་འཛིན་པར་འགྱུར་བར་ཐལ། བདེ་སོགས་རྐྱང་པས་ཁྱོད་ཀྱི་གཟུང་དོན་བྱེད་ནུས་པའི་ཕྱིར། དཔེར་ན་རེས་འགའ་སྔོ་སོགས་ཀྱི་ནང་ནས་སྔོན་པོ་རྐྱང་པ་དབང་ཤེས་ཀྱིས་འཛིན་པ་བཞིན་ནོ། །འདོད་མི་ནུས་ཏེ། བདེ་སོགས་དེའི་རྒྱུའི་དོན་གཟུགས་སོགས་ནི་དབང་ཤེས་ཀྱིས་མ་གཟུང་བར་བདེ་སོགས་དེ་མྱོང་བར་ནི་མི་རིགས་པའི་ཕྱིར་རོ། །གལ་ཏེ་དབང་ཤེས་ཀྱིས་བདེ་སོགས་རྐྱང་པ་མི་འཛིན་ཡང་གཟུགས་ལ་སོགས་པའི་དོན་དང་ལྷན་ཅིག་ཏུ་བདེ་སོགས་ཉིད་ཀྱང་འཛིན་ཞེ་ན། དབང་པོའི་བློ་ཆོས་ཅན། བདེ་སོགས་ཀྱིས་ནི་ཁྱོད་ཀྱི་གཟུང་ཡུལ་བྱེད་པའི་ནུས་པ་ཅི་ཞིག་ཡོད་དེ་མེད་པར་ཐལ། གང་གི་ཕྱིར་ན་བདེ་སོགས་དེས་གཟུང་ཡུལ་བྱས་པའི་སྒོ་ནས་ཁྱོད་སྐྱེད་པར་མི་འདོད་པའི་ཕྱིར་རོ། །བཞི་པ་ནི། གལ་ཏེ་དོན་གཏན་ནས་མེད་པར་ནི་བདེ་བ་ལ་སོགས་པ་མིག་ལ་སོགས་པ་དབང་པོའི་བློ་རྣམས་ཀྱིས་མྱོང་ཞེ་ན་ནི། མིག་གི་རྣམ་ཤེས་ཀྱིས་ཆོས་ཅན། བདེ་སོགས་ཀྱི་སྒྲུབ་བྱེད་གཟུགས་སོགས་བུད་མེད་ལ་སོགས་པའི་ཁྱད་པར་ནམ་ཡང་འཛིན་པར་མི་འགྱུར་བར་ཐལ། བདེ་སོགས་འབའ་ཞིག་གཟུང་དོན་དུ་བྱས་ནས་འཛིན་པའི་ཕྱིར། ཁྱབ་སྟེ། ནང་གི་ཡན་ལག་བདེ་སོགས་དབང་ཤེས་བསྐྱེད་ནུས་པའི་དོན་དུ་ཡོད་ཅིང་དབང་ཤེས་ཀྱིས་དེ་འཛིན་ན་དབང་ཤེས་ཀྱིས་ཕྱི་རོལ་མཐོང་བར་མི་འགྱུར་བས་ཁྱབ་པའི་ཕྱིར་རོ། །ལྔ་པ་ནི། དབང་ཤེས་ཀྱིས་དོན་གཟུགས་སོགས་ཁོ་ན་འཛིན་ཞེ་ན་ནི། དབང་ཤེས་ཡོད་བཞིན་པའི་སྐྱེས་བུ་དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་ཤེས་པས་དོན་དེ་ལས་སྐྱེས་པའི་བདེ་བ་ལ་སོགས་མྱོང་བར་མི་འགྱུར་བར་ཐལ། ཁྱོད་ཀྱི་རྒྱུད་ལ་ཤེས་པ་གཅིག་ལས་མེད་ཅིང་དེས་དོན་ཁོ་ན་འཛིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཡུལ་གཟུགས་སོགས་དེ་དང་ནི་བདེ་སོགས་དེ་ཡོད་པ་ལས་གཟུགས་སོགས་འཛིན་པའི་དབང་ཤེས་དང་། བདེ་སོགས་མྱོང་བའི་ཡིད་བློ་གཉིས་ཀ་ནི་ཅིག་ཆར་སྐྱེ་ཞེ་ན་ནི། དུས་ཅིག་ཆར་དུ་འདོད་པ་དང་མི་འདོད་པའི་དོན་གཉིས་ནི་ཉེ་བར་ཡོད་པ་ན་སྐྱེས་བུ་གཅིག་གི་རྒྱུད་ལ་ཆོས་ཅན། བདེ་སྡུག་དག་ནི་ཅིག་ཆར་དུ་རིག་པའམ་མྱོང་བར་འགྱུར་བར་ཐལ། ཡུལ་འདོད་མི་འདོད་གཉིས་ཅིག་ཆར་དུ་ཡོད་པའི་ཕྱིར། གལ་ཏེ་ཡུལ་གཉིས་ཡོད་པ་ཙམ་གྱིས་བདེ་སྡུག་གཉིས་སྐྱེ་བ་མ་ཡིན་གྱི། འོན་ཀྱང་གང་གི་བདག་ཉིད་དུ་གྱུར་པའི་བདེ་སྡུག་གི་ཉེར་ལེན་ཡིད་ཀྱི་ཤེས་པ་ཡང་ཡུལ་དང་ཚོགས་པ་ཡོད་ན་སྡུག་བསྔལ་དང་ལ་སོགས་པ་བདེ་བ་འབྱུང་བས་དེས་ན་བདེ་སྡུག་གཉིས་ཅིག་ཆར་མི་སྐྱེ་སྟེ། ཡིད་ཀྱི་ཤེས་པ་གཅིག་ལས་མེད་ཅིང་གཅིག་པོ་དེ་ནི་བདེ་སྡུག་འགལ་བ་གཉིས་ཅིག་ཆར་བསྐྱེད་པ་ཡི་ཉེར་ལེན་མིན་པར་འདོད་པའི་ཕྱིར་ཞེ་ན། བདེ་སྡུག་གཉིས་ཆོས་ཅན། གང་གིས་ན་ཡིད་ཀྱི་རྣམ་ཤེས་ཤེས་པ་ནི་ཁྱོད་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་ཏེ་མིན་པར་ཐལ། ཁྱོད་མི་ཤེས་པ་ཡི་བེམ་པོ་ཡིན་པའི་ཕྱིར། གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་བདེ་སོགས་ཀྱི་ཉེར་ལེན་མིན་ཡང་བདག་པོའི་རྐྱེན་ཉིད་དུ་འགྱུར་བ་ཡིན་ལ། བདག་རྐྱེན་གཅིག་གིས་བདག་འབྲས་འགལ་བ་གཉིས་ཅིག་ཆར་མི་སྐྱེད་པས་བདེ་སྡུག་གཉིས་ཅིག་ཆར་མི་སྐྱེའོ་ཞེ་ན། བདག་རྐྱེན་དེ་ནི་ཆོས་ཅན། ཁྱོད་གཅིག་གིས་བདག་འབྲས་འགལ་བ་གཉིས་ཅིག་ཆར་བསྐྱེད་མི་སྲིད་པ་མིན་པར་ཐལ། ཁྱོད་གཅིག་གིས་བདག་འབྲས་འགལ་བ་དག་ཅིག་ཆར་བསྐྱེད་པ་ལ་ཡང་ནུས་པ་མཐོང་བའི་ཕྱིར་ཏེ། དཔེར་ན། སྣང་བ་ཉི་མའི་འོད་ཟེར་གཅིག་གིས་མཚན་མོ་རྒྱུ་བ་འུག་པའི་མིག་གི་དབང་པོ་དང་། དེ་ལས་གཞན་མི་ལ་སོགས་པའི་མིག་གི་དབང་པོ་དག་གི་རིམ་པ་བཞིན་གཟུགས་མཐོང་བ་དང་མི་མཐུན་པའི་རྐྱེན་དང་མཐུན་པའི་རྐྱེན་གཉིས་ཀ་ཅིག་ཆར་བྱེད་པ་བཞིན་ནོ། །གསུམ་པ་ཡུལ་གཞན་རིག་བྱེད་ཉིད་དུ་བསྟན་པ་ནི། བདེ་སོགས་དེ་རང་དང་དུས་གཅིག་པ་དང་མི་གཅིག་པའི་ཤེས་པ་གཞན་གྱིས་མྱོང་བ་མི་འཐད་པ་དེའི་ཕྱིར་རང་རིག་ཏུ་གྲུབ་ཅིང་། བདེ་སོགས་ཆོས་ཅན། ཡུལ་གཞན་ཡང་རིག་པར་བྱེད་དེ། རང་ཉིད་ལ་འཕོས་པའི་དོན་གྱི་རྣམ་པ་ནི་སྣང་བ་དང་སྟེ་དེའི་ཕྱིར་རོ། །དེས་ན་རང་གི་བདག་ཉིད་དུ་གྱུར་པའི་རྣམ་པར་རིག་པ་བྱེད་པའི་བདེ་སོགས་འདི་དག་ནི་ཆོས་ཅན། ཕྱི་རོལ་གྱི་དོན་ལས་དེའི་རྣམ་ལྡན་དུ་སྐྱེ་བ་ཙམ་དུ་ཟད་ཀྱི། ཕྱི་རོལ་གྱི་དོན་ནི་དངོས་སུ་མྱོང་བ་མིན་ཏེ། དོན་གྱི་རྣམ་པ་དེ་དངོས་སུ་མྱོང་བའི་ཕྱིར་ན་འཇིག་རྟེན་ན་དོན་མྱོང་ཞེས་པའི་ཐ་སྙད་འདོགས་པ་ཙམ་དུ་ཟད་པའི་ཕྱིར་རོ། །དེས་ན་བདེ་སོགས་དེས་ཆོས་ཅན། དོན་གྱི་རྣམ་པ་མྱོང་བ་ལ་དོན་མྱོང་བར་བཏགས་ནས་བཤད་དེ། དོན་གྱི་བདག་ཉིད་དེ་རང་ངོས་ནས་གཏད་པའི་རྣམ་པ་ཤེས་པ་དེ་དག་གི་རང་གི་བདག་ཉིད་དུ་གྱུར་པ་མྱོང་བ་ཡིན་པ་དེས་ན་སྟེ་དེའི་ཕྱིར་རོ། །བདེ་སོགས་ཆོས་ཅན། ཁྱོད་ཀྱི་དོན་དམིགས་པ་ཉིད་ཀྱི་ཐ་སྙད་ནི་རུང་སྟེ། དོན་གྱིས་གཏད་པའི་རྣམ་པ་དེར་སྣང་བའི་ཕྱིར་རོ། །གཉིས་པ་བདེ་སོགས་ཕྱི་དོན་བེམ་པོ་ཡིན་པ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད།     རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*