མངོན་སུམ་ལེའུ་བཞུགས། ཁ༽

དེ་དགག་པའོ། །དང་པོ་ནི། གྲངས་ཅན་ཞེས་བྱ་བ་འགའ་ཞིག བདེ་སོགས་ནི་ཕྱི་རོལ་ན་གཟུགས་སོགས་དེ་ཙམ་ལྔའི་བདག་ཉིད་དུ་གནས་པ་ཉིད་དང་ནི་སེམས་མེད་པའི་བེམ་པོ་དང་རྣམ་ཤེས་གཞན་གྱིས་གཟུང་བར་བྱ་བ་ཡིན་པར་སྨྲ་སྟེ་རང་རིག་མིན་ནོ་ཞེས་ཟེར་རོ། །གཉིས་པ་ལ་གསུམ་སྟེ། བདེ་སོགས་གཞན་གྱིས་གཟུང་བ་དགག །བདེ་སོགས་ཕྱི་རོལ་ཡིན་པ་དགག །བདེ་སོགས་སེམས་མེད་ཡིན་པ་དགག་པའོ། །དང་པོ་ནི། གྲངས་ཅན་དེའི་ཡང་ལུགས་ལ་དེ་ཙམ་ལྔ་འཛིན་པའི་དབང་ཤེས་ཆོས་ཅན། དུས་ཅིག་ཆར་དུ་གཟུགས་སོགས་དང་བདེ་སོགས་གཉིས་ཀ་གཟུང་དོན་དུ་བྱས་ནས་འཛིན་པ་མི་རིགས་པར་ཐལ། གཟུགས་སོགས་དེ་ཙམ་ལྔ་ཁོ་ནའི་ཡུལ་ཅན་དུ་ངེས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། སྣང་རུང་མ་དམིགས་རྟགས་ཀྱིས་དགག །ཧ་ཅང་ཐལ་བའི་རིགས་པས་དགག དེ་ཡི་ཉེས་སྤོང་བརྒྱུད་མ་དགག་པའོ། །དང་པོ་ནི། གལ་ཏེ་སྔོ་སོགས་དེ་ཙམ་ལྔའི་རང་བཞིན་ཆོས་ཅན། བདེ་སོགས་དང་ཅིག་ཆར་འཛིན་ཏེ། བདེ་སོགས་དང་གཅིག་པའི་ཕྱིར་ཞེ་ན། སྔོ་སོགས་དང་བདེ་སོགས་དེ་ཆོས་ཅན། ཇི་ལྟར་ན་ཐ་མི་དད་དེ་ཐ་དད་པར་ཐལ། ཐ་དད་དུ་སྣང་བ་ཅན་གྱི་སེམས་མ་འཁྲུལ་བ་ཉིད་ཀྱིས་ནི་ཐ་དད་དུ་གཟུང་བར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། ལྟ་བ་པོ་མང་པོ་དག་ལ་ཆོས་ཅན། ཕྱི་རོལ་གྱི་དོན་དེར་འདོད་མི་འདོད་བར་མར་གནས་པའི་ཁྱད་པར་ཡོད་པ་མིན་པའི་དོན་གཅིག་ལ་ཡང་འདོད་མི་འདོད་བར་མར་གོམས་པ་ཡི་ནི་ཁྱད་པར་ལས་རང་རང་གི་བློ་ལ་དགའ་བ་དང་ཡོངས་སུ་གདུང་བའི་ཁྱད་པར་ཐ་དད་དུ་ནི་སྐྱེ་བར་མི་འགྱུར་བར་ཐལ། ཁྱེད་རྣམས་ཀྱིས་ཉམས་སུ་མྱོང་བའི་བདེ་སོགས་དེ་བདེ་སྡུག་གང་རུང་གཅིག་གི་ངོ་བོར་གནས་པའི་ཕྱི་རོལ་གྱི་དོན་གཅིག་པོ་དེ་ཉིད་ཡིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་ཕྱི་རོལ་གྱི་བདེ་སོགས་གོམས་པ་ལས་ཕུལ་དུ་བྱུང་བའི་ཁྱད་པར་མེད་ཀྱང་ཕྱི་རོལ་དེ་ཙམ་ལྔ་པོ་བདེ་སོགས་ཡིན་པ་ལྟར་བློའང་བདེ་སོགས་ཀྱི་བདག་ཉིད་ཡིན་པས་དེ་དག་དགའ་གདུང་གི་ཁྱད་པར་དུ་སྐྱེ་བ་མི་འགལ་ལོ་ཞེ་ན། དེ་ལྟར་མིན་པ་དེ་ནི་ཆོས་ཅན། ཕྱི་རོལ་གྱི་དེ་ཙམ་ལྔ་པོ་དེ་བདེ་སོགས་ཀྱི་བདག་ཉིད་ཡིན་ཞེས་ཇི་ལྟར་རྟོགས་ཏེ་བདེ་སོགས་ཀྱི་བདག་ཉིད་མིན་པར་ཐལ། དགའ་གདུང་གི་ཁྱད་པར་དུ་སྐྱེ་བ་དེ་བློའི་བདེ་སོགས་ཁོ་ན་ཡིན་པའི་ཕྱིར། གལ་ཏེ་ཕྱི་རོལ་ཡང་ཆོས་ཅན། བདེ་སོགས་ཡིན་ཏེ། བདེ་སོགས་ཀྱི་བདག་ཉིད་ཅན་གྱི་བློའམ་ཆེན་པོའི་གཟུང་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། རིགས་ནི་ཐ་དད་དག་གཟུང་འཛིན་མིན་པའི་ཕྱིར་ཞེ་ན། བདག་ཤེས་རིག་གི་སྐྱེས་བུ་ནི་ཆོས་ཅན། ཡུལ་ཀུན་གྱི་འཛིན་བྱེད་དུ་མི་འགྱུར་བར་ཐལ་ཏེ། ཡུལ་ཀུན་བེམ་པོ་ཡིན་པས་དེ་དག་དང་རིགས་མི་མཐུན་པའི་ཕྱིར་རོ། །འདོད་ན། དེ་ཆོས་ཅན། ཡུལ་ཀུན་གྱི་ཟ་བ་པོ་ཉིད་ཡིན་པ་ཉམས་པར་ཐལ། ཡུལ་ཀུན་གྱི་འཛིན་བྱེད་མིན་པ་དེས་ན་སྟེ་དེའི་ཕྱིར་རོ། །རིགས་མི་མཐུན་གཟུང་འཛིན་མིན་པ་འགོག་པའི་རིགས་པ་འདིས་ནི་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། ཕྱི་རོལ་ཆོས་ཅན། བདེ་སོགས་ཡིན་ཏེ། བདེ་སོགས་ཀྱི་བདག་ཉིད་ཅན་གྱི་བློའི་རྣམ་པ་འཇོག་པའི་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། རིགས་མི་མཐུན་རྒྱུ་དང་འབྲས་བུར་མི་རུང་བའི་ཕྱིར་ཞེས་པ་དེ་ཡང་བསལ་བའི་ཕྱིར་རོ། །ཅི་ལྟར་ཞེ་ན། སྐྱེས་བུ་ཆོས་ཅན། ཡུལ་ཀུན་གྱིས་རྣམ་པ་བཞག་པའི་འབྲས་བུ་མིན་པར་ཐལ། ཡུལ་ཀུན་དང་རིགས་མི་མཐུན་པའི་ཕྱིར། འདོད་ན། ཡུལ་ཀུན་གྱི་ཟ་བ་པོར་མི་འགྱུར་ཞེས་པའི་ཚུལ་གྱིས་སོ། །ཡང་ན་ཕྱི་རོལ་གྱི་བདེ་སོགས་དང་བློའམ་ཆེན་པོ་ཆོས་ཅན། རྣམ་པ་འཇོག་པའི་རྒྱུ་དང་། དེས་གཞག་པའི་འབྲས་བུ་མ་ཡིན་པར་ཐལ་ཏེ། རིགས་མི་མཐུན་པ་གཟུང་བ་དང་འཛིན་པ་ཉིད་དུ་མེད་པའི་ཕྱིར། གལ་ཏེ་ཡོད་དུ་ཆུག་ནའང་དེ་ཙམ་གྱིས་རྒྱུ་འབྲས་སུ་མི་འགྱུར་ཏེ། འགྱུར་ན་གཞན་སྐྱེས་བུ་དང་ཡུལ་ལའང་ཆོས་ཅན། རྒྱུ་འབྲས་སུ་འགྱུར་བར་ཐལ། གཟུང་འཛིན་དེ་ནི་ཡིན་པའི་ཕྱིར་རོ། །གསུམ་པ་བདེ་སོགས་སེམས་མེད་ཡིན་པ་དགག་པ་ལ་གཉིས་ཏེ། མྱང་བྱ་ཡིན་པས་སེམས་སུ་བསྒྲུབ། མྱོང་བྱེད་གཞན་གྱིས་མྱོང་བ་དགག་པའོ། །དང་པོ་ནི། བདེ་སོགས་དེ་ནི་ཆོས་ཅན། ནང་ཉིད་ཡིན་ཏེ། ཁྱོད་གོམས་པ་ལས་ཁྱོད་ཀྱི་ངོ་བོ་ཁྱད་པར་དུ་འགྱུར་བ་དེའི་ཕྱིར། ཡང་བདེ་སོགས་ཆོས་ཅན། སེམས་ཡིན་ཏེ། སེམས་ཀྱིས་མྱང་བྱ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། མྱོང་བྱེད་གང་གི་རང་བཞིན་མྱང་བྱའི་བདག་ཉིད་མ་ཡིན་པ་དེ་ནི་མྱང་བྱ་དེའི་མྱོང་བྱེད་མ་ཡིན་པས་ཁྱབ་པའི་ཕྱིར། འདིས་ནི་སེམས་སེམས་བྱུང་ལས་རྫས་ཐ་དད་ཡིན་པ་བཀག་གོ །གཉིས་པ་ལ་གཉིས་ཏེ། བློ་མྱོང་ཐ་དད་མ་དམིགས་རྟགས་ཀྱིས་དགག །ཁྱབ་པ་མ་ངེས་མཚོན་པའི་དཔེ་གཉིས་དགག་པའོ། །དང་པོ་ནི། གལ་ཏེ་བདེ་སོགས་དེའི་རང་བཞིན་མིན་པའི་མྱོང་བ་ཤེས་རིག་གི་སྐྱེས་བུས་བློའམ་ཆེན་པོ་ལ་གནས་པ་སྟེ་ཤར་བའི་བདེ་སོགས་ཀྱི་རྣམ་པ་དེ་རིག་པ་ཡིན་གྱི་བདེ་སོགས་ཀྱི་བདག་ཉིད་དུ་སྐྱེས་པའི་ཚུལ་གྱིས་རིག་པ་མིན་ནོ་ཞེ་ན། བདེ་སོགས་འདི་ཆོས་ཅན། གསལ་བར་མྱོང་བ་མངོན་སུམ་གྱི་རྣམ་པ་ཅན་དང་། རྣམ་རྟོག་དང་རྗེས་སུ་འབྲེལ་པ་དྲན་པ་ཅན་གྱི་རྣམ་པ་ཅན་གྱི་མྱོང་བ་གཉིས་པོ་འདི་མ་གཏོགས་པའི་ཁྱོད་ཀྱི་རྣམ་པར་ཤར་བའི་བློའམ་ཆེན་པོ་གང་ཞིག་ཡོད་དེ་མེད་པར་ཐལ། དེ་གཉིས་ལས་མ་གཏོགས་པའི་ཁྱོད་ཀྱི་རྣམ་པ་ཤར་བའི་བློའམ་ཆེན་པོ་སྣང་རུང་མ་དམིགས་པའི་ཕྱིར། ཅིའི་ཕྱིར་ཞེ་ན། འདོད་པའི་དོན་དེ་དང་མི་འདོད་པ་དེའི་དོན་ལ་བརྟེན་ནས་བདེ་དང་སྡུག་བསྔལ་སོགས་རང་མྱོང་བའི་ཤེས་པ་དང་གཅིག་ཉིད་འབྱུང་བར་འགྱུར་བར་མཐོང་གི ཡུལ་ཤེས་གཉིས་ཀྱི་བར་དུ་ཆོས་ཅན། བློའམ་ཆེན་པོ་གཞན་མེད་དེ། བློའི་ཆེན་པོ་གཞན་ནི་ཡོད་ན་སྣང་དུ་རུང་བ་ལས་མ་མཐོང་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཕྱིའི་དཔེ་དགག ནང་གི་དཔེ་དགག་པའོ། །དང་པོ་ནི། ལྕགས་མེར་བསྲེགས་པའི་ཚེ་ལྕགས་གོང་དང་ནི་མེ་ཐ་དད་དུ་ཡོད་ཀྱང་ཐ་དད་དུ་མི་ཕྱེད་པ་བཞིན་དུ་བློ་མྱོང་གཉིས་ཐ་དད་དུ་ཡོད་ཀྱང་འདྲེས་པས་རྣམ་པར་དབྱེ་བ་ཤེས་པ་མེད་པ་ཡིན་གྱི་དོན་ལ་ཐ་དད་དོ་ཞེ་ན། དངོས་པོ་ཀུན་ལ་ཆོས་ཅན། འདི་ནི་དུ་མ་ཡིན་ཞེས་འགའ་ཞིག་ཐ་དད་པ་དང་། འདི་ནི་གཅིག་ཡིན་ཞེས་ཐ་དད་མིན་པའི་རྣམ་བཞག་ཉམས་པར་ཐལ། མངོན་སུམ་གྱིས་རྫས་གཅིག་ཏུ་དམིགས་པས་རྫས་གཅིག་ཏུ་མི་གྲུབ་པ་དེ་ལྟ་ཡིན་པའི་ཕྱིར་ནའོ། །དེས་ན་མངོན་སུམ་གྱིས་རྫས་ཐ་དད་དུ་དམིགས་པ་དེ་རྫས་ཐ་དད་པའི་སྒྲུབ་བྱེད་དུ་འགྲུབ་པ་མིན་པར་ཐལ། མངོན་སུམ་གྱིས་རྫས་གཅིག་ཏུ་དམིགས་པ་འདི་རྫས་གཅིག་པའི་སྒྲུབ་བྱེད་མིན་པའི་ཕྱིར་ནའོ། །ཁྱབ་སྟེ། མངོན་སུམ་གྱིས་རྫས་ཐ་དད་མེད་པར་མྱོང་བ་དེ་རྫས་གཅིག་ཏུ་འགྲུབ་པ་ཡིན་ན། དེ་ལྟར་གང་མིན་ཏེ། མངོན་སུམ་གྱིས་རྫས་ཐ་དད་དུ་མྱོང་བ་དེ་རྫས་ཐ་དད་པ་ཅན་དུ་གྲུབ་ཀྱི། གཞན་དུ་མི་འགྲུབ་པའི་ཕྱིར་རོ། །གཞན་ཡང་དོན་འགའ་ཞིག་ཐ་དད་དང་། དོན་འགའ་ཞིག་ཐ་དད་མེད་པར་འཇོག་པའི་རྟེན་དེ་རྒྱུ་མཚན་ཅི་ཡོད་དེ་མེད་པར་ཐལ། ཚོར་བ་སྡུག་བསྔལ་སོགས་དང་། དཀར་སོགས་དེ་ཙམ་ལྔ་པོ་ཐམས་ཅད་དུ་སྣང་ཡང་ཐ་དད་མ་ཡིན། བློ་དང་མྱོང་བ་ནི་ཐ་དད་མེད་པར་སྣང་ཡང་ཐ་དད་ཡིན་པའི་ཕྱིར་ནའོ། །གཉིས་པ་ནི། རྣམ་ཤེས་གཅིག་གི་འཁོར་དུ་ཚོར་བ་བདེ་བ་ལྟ་བུ་གསལ་པོར་སྐྱེས་པའི་ཚེ་སྡུག་བསྔལ་སོགས་ཐ་དད་དུ་མ་དམིགས་ཀྱང་ཐ་དད་ཡིན་པ་བཞིན་དུ་བློ་མྱོང་གཉིས་པོ་ཐ་དད་དུ་ཡོད་ཀྱང་ཐ་དད་དུ་མ་དམིགས་སོ་ཞེ་ན། སེམས་གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན། ཁྱོད་ཀྱི་འཁོར་དུ་ཚོར་བ་བདེ་བ་གསལ་པོར་སྐྱེས་པ་གཅིག་གི་ཚེ་བདེ་བ་གསལ་བས་སྡུག་བསྔལ་སོགས་བསྒྲིབས་ནས་མ་རྟོགས་ན་ཡང་ཚོར་བ་བདེ་སྡུག་ཐ་དད་པའི་རྣམ་གཞག་གྲུབ་པ་ཡིན་ཏེ། ཁྱོད་ཀྱི་ཁྱད་པར་རྒྱུན་ཕྱི་མ་དག་ལ་ཚོར་བ་སྡུག་བསྔལ་སྐྱེས་པའི་ཚེ་སྔར་གྱི་བདེ་བ་དེ་ལས་ཐ་དད་པར་ནི་མཐོང་བའི་ཕྱིར། འདིར་བོད་ཕལ་ཆེར་གཙོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་ཚོར་བ་ལྟ་བུ་གསལ་པོ་སྐྱེས་པའི་ཚེ་སེམས་བྱུང་གཞན་རྣམས་བསྒྲིབས་ནས་ཐ་དད་པར་མ་མཐོང་ན་ཡང་ཞེས་སོགས་འཆད་པ་ནི་སེམས་སེམས་བྱུང་དང་། སེམས་བྱུང་ནང་ཕན་ཚུན་རྫས་ཐ་དད་པ་བྱེ་བྲག་ཏུ་སྨྲ་བའི་ལུགས་སྙིང་ལ་འཚངས་པའི་སྐྱོན་ཡིན་ཅིང་། གཞན་དུ་ན་ཚོར་བ་གསལ་པོར་སྐྱེས་པའི་ཚེ་ཀུན་འགྲོ་གཞན་རྣམས་ཡོད་དམ་མེད། མེད་ན་གཙོ་བོ་སེམས་ཡིན་ན་ཀུན་འགྲོ་ལྔ་དང་ལྡན་པས་མ་ཁྱབ་པར་འགྱུར་ཞིང་། ཡོད་ན་དེ་དང་ཚོར་བ་རྫས་གཅིག་ཡིན་ནམ་རྫས་གཞན་ཡིན། དང་པོ་ལྟར་ན་འདོད་པ་གྲུབ་ལ། ཕྱི་མ་ལྟར་ན་རྫས་གཞན་དུ་ཡོད་ཀྱང་རྫས་གཞན་དུ་ཚད་མས་མ་རྟོགས་པ་འདིའི་ཕྱོགས་སྔ་ཁས་ལེན་པར་སྣང་བས། ཐ་དད་ཐ་དད་མི་གཞག་ཉམས། །ཞེས་པ་དང་། ཐ་དད་ཐ་དད་མེད་རྟེན་ཅན། །ཞེས་པའི་རིགས་ཅན་ཐམས་ཅད་གནོད་བྱེད་དུ་ཅི་ཕྱིར་མི་འབབ་ལེགས་པར་སེམས་ལ་སྨྲོས་ཤིག དེས་ན་གཙོ་སེམས་གཅིག་གི་རྒྱུན་ལ་སྔ་ཕྱིར་འབྱུང་དུ་རུང་ཞིང་། ཅིག་ཆར་དུ་འབྱུང་དུ་མི་རུང་བའི་སེམས་བྱུང་རྣམས་ཀྱི་དབང་དུ་བྱས་ནས་གཞུང་འདི་གསུངས་པ་ཡིན་གྱི། ཅིག་ཆར་དུ་འབྱུང་བའི་སེམས་བྱུང་རྣམས་ནི་རྫས་གཅིག་ཡིན་པས་གཅིག་གསལ་པོར་སྐྱེས་པའི་ཚེ་གཞན་སྒྲིབ་པའི་དོན་མེད་དོ། །བཞི་པ་ཡང་དག་གསལ་སྣང་བསྒྲུབས་ཏེ་རྣལ་འབྱོར་མངོན་སུམ་བཤད་པ་ནི། ཚད་མ་མདོར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་གསུངས་པའི་རྣལ་འབྱོར་རྣམས་ཀྱི་བླ་མ་ནི་བདག་མེད་པའི་རྣལ་འབྱོར་ཡིན་ལ། དེས་མཐོང་ཞེས་སྦྱོར་རོ། །ཇི་ལྟར་ཞེ་ན་བསྟན་པ་སྟེ་བརྗོད་པ་དང་མ་འདྲེས་པའི་ཚུལ་གྱིས་སོ། །གང་མཐོང་ན་བདག་མེད་པས་ཁྱད་པར་དུ་བྱས་པའི་རང་མཚན་གྱི་དོན་ཙམ་སྟེ། མདོ་སྡེ་པའི་ལུགས་ཀྱི་བདག་མེད་མངོན་སུམ་དུ་མཐོང་བའི་དོན་བདག་མེད་པས་ཁྱད་པར་དུ་བྱས་པའི་ཕུང་པོ་རང་མཚན་མཐོང་བ་ཡིན་གྱི་བདག་བཀག་པའམ་མེད་དགག་མཐོང་བའི་དོན་ནི་མ་ཡིན་ནོ། །དེས་ན་གཞུང་འདིར་ཡང་བརྗོད་པ་དང་མ་འདྲེས་པ་མཐོང་བའི་དོན་རྟོག་བྲལ་དུ་སྒྲུབ་པའི་སྐབས་དང་། རྣལ་འབྱོར་རྣམས་ཀྱི་བླ་མའི་དོན་ཡང་དག་པའི་དོན་མཐོང་བར་སྒྲུབ་པའི་སྐབས་གཉིས་འབྱུང་བ་ཡིན་ནོ། །འདི་ལ་གསུམ་སྟེ། མཚན་གཞི་བསྒོམས་བྱུང་བསྟན། མཚན་ཉིད་རྟོག་བྲལ་བསྒྲུབ། བྲལ་བྱ་རྟོག་པ་བཤད་པའོ། །དང་པོ་ནི། རྣལ་འབྱོར་གྱི་རྒྱུད་ཀྱི་ཤེས་པ་ཐམས་ཅད་རྣལ་འབྱོར་མངོན་སུམ་ཡིན་ནམ་ཞེ་ན། རྣལ་འབྱོར་པའི་ཤེས་པ་སྔར་ལེའུ་གཉིས་པར་བཤད་པའི་འཕགས་པའི་བདེན་པ་བཞི་པོ་དེ་དག་གིས་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་པོ་དེ་བསྒོམས་པ་ལས་བྱུང་བའི་གསལ་སྣང་ཅན་གྱི་བློ་དེ་ཆོས་ཅན། རྣལ་འབྱོར་མངོན་སུམ་ཡིན་ཏེ། ཡང་དག་པའི་དོན་བསྒོམས་པའི་སྟོབས་ཀྱིས་ཡང་དག་པའི་དོན་གསལ་བར་སྣང་བའི་བློ་ཡིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། གོམས་ལས་གསལ་སྣང་འབྱུང་བར་བསྒྲུབ། །གསལ་བར་སྣང་བས་རྟོག་མེད་འགྲུབ། །ཡང་དག་མིན་ལའང་གསལ་སྣང་ཡོད། །ཚད་མ་ཡིན་མིན་ཕྱེ་སྟེ་བཤད་པའོ། །དང་པོ་ནི། འཕགས་པའི་བདེན་པ་བཞི་བསྒོམས་པའི་བློ་ཆོས་ཅན། གོམས་པ་མཐར་ཐུག་པ་ན་གོམས་བྱའི་དོན་གསལ་བ་ཉིད་དུ་སྣང་བ་ཡིན་ཏེ། གོམས་པ་མཐར་ཐུག་པ་ན་གོམས་བྱའི་དོན་ལ་རྟོགས་པའི་དྲྭ་བ་རྣམ་པར་བསལ་བ་འབྱུང་བའི་ཕྱིར། དཔེར་ན་འདོད་ཆགས་དང་། འཇིགས་པ་དང་། མྱ་ངན་གྱིས་རློམ་པ་སྟེ་བསླད་པ་དང་རྐུན་པོ་གོམས་པའི་རྨི་ལམ་སོགས་ཀྱི་བསླད་པ་ལ་བརྟེན་ནས་གོམས་པའི་སྟོབས་ཀྱིས་མདུན་ན་གནས་པ་བཞིན་དུ་ནི་ཡང་དག་མིན་པ་ཆགས་ཡུལ་ལ་སོགས་པའང་གསལ་བར་མཐོང་བར་འགྱུར་བ་བཞིན་ནོ། །གཉིས་པ་ནི། བསྒོམས་པའི་སྟོབས་ཀྱིས་གསལ་བར་སྣང་བ་འགྲུབ་ནའང་རྟོག་པ་མེད་པ་ཇི་ལྟར་ཡིན་ཞེ་ན། རྣལ་འབྱོར་མངོན་སུམ་ཆོས་ཅན། ཡང་དག་གི་དོན་ལ་རྟོག་པ་མེད་པ་ཡིན་ཏེ། ཡང་དག་པའི་དོན་དེ་གསལ་བར་སྣང་བའི་ཕྱིར། ཁྱབ་སྟེ། རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་བའི་བློ་ནི་རང་གང་ལ་རྟོག་པར་སོང་བའི་དོན་དེ་གསལ་བར་སྣང་བ་ཅན་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྟོག་པ་ལ་ཡང་གསལ་སྣང་ཡོད་དེ། རྨི་ལམ་གྱི་ཤེས་པ་རྟོག་བཅས་ཡིན་ཡང་རང་ཡུལ་གསལ་བར་སྣང་བའི་ཕྱིར་ཞེ་ན། རྨི་ལམ་ན་ཡང་དྲན་པའི་རྟོག་པ་དེ་ཆོས་ཅན། རང་གང་ལ་རྟོག་པར་སོང་བའི་ཡུལ་དེ་གསལ་བར་སྣང་བ་མེད་དེ། ཡུལ་དེ་ལ་ལྟོས་ནས་གསལ་བར་སྣང་བ་དེ་འདྲའི་དོན་ལྡན་མིན་པར་བསླད་པའི་ཚེ་དྲན་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་གོམས་པ་ཀུན་ལ་གསལ་སྣང་སྐྱེ་བར་འདོད་ན། ཁྱོད་རྣལ་འབྱོར་མངོན་སུམ་ཡང་དག་པའི་དོན་ལ་གསལ་སྣང་ཅན་དུ་འདོད་པ་དང་འགལ་ལོ་ཞེ་ན། ཡང་དག་པ་མ་ཡིན་པའི་དོན་བསྒོམས་པ་ལས་ཀྱང་གསལ་སྣང་འབྱུང་བ་ཡོད་དེ། ཀེང་རུས་སོགས་མི་གཙང་བ་དང་། ཟད་པར་ས་དང་ཆུ་ལ་སོགས་པ་ཡང་དག་པ་མིན་པའི་དོན་ཡང་ཡང་ཡང་བསྒོམས་པའི་སྟོབས་ཀྱིས་སྤྲུལ་པ་སྟེ་བསྐྱེད་པའི་ཤེས་པ་རྟོག་མེད་དང་། གསལ་བར་སྣང་བ་ཅན་དུ་ཚད་མས་མཐོང་བའི་ཕྱིར། དེའི་ཕྱིར་ཡང་དག་པའི་དོན་བདག་མེད་སོགས་དང་། ཡང་དག་པ་མིན་པའི་དོན་ཟད་པར་ས་ལ་སོགས་པ་གང་དང་གང་ཤིན་ཏུ་གོམས་པར་གྱུར་པའི་བློ་ཆོས་ཅན། སྒོམ་པ་ཡོངས་སུ་རྫོགས་པ་ན་བསྒོམ་བྱའི་དོན་དེ་གསལ་བར་སྣང་བ་དང་། དེ་ལ་མི་རྟོག་པའི་བློ་འབྲས་བུར་འབྱུང་བ་ཅན་ཡིན་ཏེ། རྟེན་བརྟན་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་ཞིང་བསྒོམ་བྱའི་དོན་དེ་བསྒོམས་པའི་བློ་ཡིན་པའི་ཕྱིར། བཞི་པ་ནི། ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་དོན་གོམས་པ་ལས་གསལ་སྣང་དང་རྟོག་པ་མེད་པ་འབྱུང་བ་དེ་ལ་སྔར་ལེའུ་གཉིས་པར་བཤད་པའི་འཕགས་པའི་བདེན་པ་བཞིའི་དངོས་པོ་ཇི་ལྟ་བ་བཞིན་བསྒོམས་པ་ལས་གསལ་སྣང་བྱུང་བའི་བློ་གང་ཡིན་པ་དེ་ནི་ཆོས་ཅན། མངོན་སུམ་ཚད་མར་འདོད་དེ། ཡང་དག་པའི་དོན་ལ་རྟོག་པ་དང་བྲལ་ཞིང་བསླུ་བ་མེད་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ལྷག་མ་ཟད་པར་ས་ལ་སོགས་པའི་ཏིང་ངེ་འཛིན་དེ་ནི་ཆོས་ཅན། རྟོག་བྲལ་ཡིན་ཡང་རྣལ་འབྱོར་མངོན་སུམ་མིན་ཏེ། ཉེ་བར་བསླད་པ་སྟེ་འཁྲུལ་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། མདོར། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། །ཞེས་པའི་དོན་འགྲེལ་ཏེ། མངོན་སུམ་བཞི་ཆར་རྟོག་པ་དང་བྲལ་བ་ཡིན་ན། རྟོག་པ་ཉིད་མངོན་སུམ་བཞི་པོ་གང་རུང་དུ་འགྱུར་སྲིད་དམ་མི་སྲིད། སྲིད་ན་བཞི་ཆར་རྟོག་བྲལ་དུ་བཤད་པ་དང་འགལ། མི་སྲིད་ན་ཆགས་ལ་སོགས། རང་རིག་ཅེས་བཤད་པ་དང་འགལ་ལོ་ཞེ་ན། རྟོག་པ་ཡང་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་འགྱུར་སྲིད་ཀྱང་དེ་ལ་རྟོག་པ་མ་ཡིན། གང་ལ་རྟོག་པར་སོང་བའི་ཡུལ་དེ་ལ་མངོན་སུམ་དུ་སོང་བ་མེད་པས་མི་འགལ་ཏེ། འདི་ལྟར་ཤེས་པ་གང་ཆོས་ཅན། ཡུལ་གང་ལ་སྒྲ་དོན་འཛིན་པར་སོང་བ་དེ་ནི་ཡུལ་དེ་ལ་མངོན་སུམ་མིན་ཏེ། ཡུལ་གང་ལ་སྒྲ་དོན་འཛིན་པར་སོང་བ་དེ་ནི་ཡུལ་དེ་ལ་རྟོག་པ་ཡིན་པའི་ཕྱིར་རོ། །ཡང་དེ་ཆོས་ཅན། རང་གི་ངོ་བོ་ལ་རྟོག་བྲལ་ཡིན་ཏེ། རང་གི་ངོ་བོ་ལ་སྒྲ་དོན་འཛིན་པ་མིན་པའི་ཕྱིར་ཏེ། རང་གི་ངོ་བོ་སྒྲ་དོན་ཏེ་སྒྲའི་དངོས་ཡུལ་མིན་པའི་ཕྱིར་རོ། །དེས་ན་རྟོག་པ་རྟོག་མེད་ཀྱི་ཤེས་པ་ཀུན་ཆོས་ཅན། རང་གི་ངོ་བོ་དེ་ལ་མངོན་སུམ་ཡིན་ཏེ། རང་གི་ངོ་བོ་ལ་རྟོག་བྲལ་མ་འཁྲུལ་པའི་ཤེས་པ་ཡིན་པ་དེའི་ཕྱིར། གཉིས་པ་མ་འཁྲུལ་རྟོགས་ཕྱིར་མངོན་སུམ་ལྟར་སྣང་བཤད་པ་ནི། མདོར། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་མངོན་འདོད་ཅེས་བྱ་འོ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་གསུངས་ཏེ། འཁྲུལ་པ་ནི་སྨིག་རྒྱུ་ལ་ཆུར་འཛིན་པའི་རྟོག་པ་ལྟ་བུའོ། །ཀུན་རྫོབ་པའི་ཤེས་པ་ནི་བུམ་པའི་རྫས་དང་། གྲངས་དང་། ལས་དང་། སྤྱི་ལ་སོགས་པ་འཛིན་པའི་རྟོག་པ་ལྟ་བུའོ། །རྗེས་དཔག་ནི་རྟགས་འཛིན་སེམས་སོ། །རྗེས་དཔག་ལས་བྱུང་བ་ནི་རྗེས་དཔག་ཚད་མའོ། །དྲན་པ་ནི་འདས་པ་དྲན་པའོ། །འདོད་པ་ནི་མ་འོངས་པའི་དོན་འདོད་པའི་བློ་ལྟ་བུ་དེ་དག་གཞུང་འདིར་དང་པོ་དོན་གཞན་ལ་སྒྲོ་འདོགས་པ་དང་། གཉིས་པ་བརྡ་རྟེན་ཅན་དང་། ཕྱི་མ་བཞི་པོ་ལྐོག་ཏུ་གྱུར་པའི་དོན་ཅན་གྱི་རྟོག་པ་ཞེས་གསུམ་དུ་བསྡུས་ནས་འཆད་དོ། །འདི་ལ་གསུམ་སྟེ། མངོན་སུམ་ལྟར་སྣང་བཞི་རུ་བསྡུ། །རྟོག་པ་གསུམ་གྱི་དགོས་པ་བཤད། །བསླད་པ་ལོགས་སུ་བཀར་བའི་དོན་ནོ། །དང་པོ་ནི། མདོར་མངོན་སུམ་ལྟར་སྣང་བདུན་དུ་གསུངས་པ་དེ་ཆོས་ཅན། དགོས་པའི་སྒོ་ནས་རྣམ་པ་བཞིར་འདུ་སྟེ། ཀུན་རྫོབ་པའི་ཤེས་པ་བརྡ་རྟེན་ཅན་དང་། འཁྲུལ་པའི་ཤེས་པ་དོན་གཞན་ལ་སྒྲོ་འདོགས་པ་དང་། རྗེས་དཔག་སོགས་བཞི་པོ་ལྐོག་ཏུ་གྱུར་པའི་དོན་ཅན་ཏེ་རྟོག་པའི་ཤེས་པ་རྣམ་པ་གསུམ་དང་། རྟེན་བདག་རྐྱེན་བསླད་པ་ལས་བྱུང་བ་ཅན་གྱི་རྟོག་པ་མེད་པ་གཅིག་རྣམས་སུ་འདུས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དགོས་པ་མདོར་བསྟན། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ཀུན་རྫོབ་པའི་ཤེས་པ་དང་། འཁྲུལ་པའི་ཤེས་པ་གཉིས་མངོན་སུམ་ལྟར་སྣང་གི་ཤེས་པར་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། དེ་གཉིས་དབང་པོ་ལས་སྐྱེས་པའི་ཤེས་པ་མིན་པར་གྲུབ་པའི་དོན་དུ་ཡིན་པའི་ཕྱིར། དེ་གཉིས་ཆོས་ཅན། དབང་ཤེས་མིན་པར་སྒྲུབ་པར་བྱེད་དགོས་ཏེ། རིག་པ་ཅན་པ་དབང་ཤེས་སུ་འཁྲུལ་པ་མཐོང་བའི་ཕྱིར་རོ། །ཁ་ཅིག་དབང་པོ་ལས་སྐྱེས་པའི་མངོན་སུམ་མིན་པར་ཞེས་འཆད་པ་ནི་ཅུང་ཟད་རྩིངས་ཏེ། རིག་པ་ཅན་པས་ཀྱང་འཁྲུལ་པའི་ཤེས་པ་མངོན་སུམ་དུ་མི་འདོད་པའི་ཕྱིར་ཏེ། ཀུན་བཏུས་སུ་རིག་པ་ཅན་པ་ནི་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་འཁྲུལ་པ་མེད་པ་ཞེན་པའི་བདག་ཉིད་ཅན་ནི་མངོན་སུམ་མོ་ཞེས་ཟེར་རོ་ཞེས་གསུངས་པའི་ཕྱིར་རོ། །རྗེས་དཔག་སོགས་བཞི་དབང་ཤེས་མིན་པར་གྲུབ་ཀྱང་མངོན་སུམ་ལྟར་སྣང་གི་དབྱེ་བར་བརྗོད་པ་ནི་ཆོས་ཅན། དགོས་པ་ཡོད་དེ། རྟོག་པ་སྔ་མ་གཉིས་ཉིད་དབང་སྐྱེས་མིན་པར་བསྒྲུབ་པའི་ཕྱིར་དུ་མཐུན་དཔེར་བཤད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། འཁྲུལ་པ་མཐོང་བ་རྒྱས་པར་བཤད། །རྗེས་དཔག་སོགས་གྲུབ་རྒྱས་པར་བཤད། །སྔ་མ་སྒྲུབ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། གཉིས་པོ་དབང་ཤེས་སུ་འཁྲུལ་པའི་རྒྱུ་གང་ཞེ་ན། བརྡ་རྟེན་ཅན་བུམ་པའི་སྤྱི་འཛིན་པ་ལྟ་བུ་དང་། དོན་གཞན་ལ་སྒྲོ་འདོགས་པ་སྨིག་རྒྱུ་ལ་ཆུར་འཛིན་པ་ལྟ་བུའི་རྣམ་པར་རྟོག་པ་དག་ཆོས་ཅན། དུས་འགའ་ཞིག་གི་ཚེ་དབང་སྐྱེས་སུ་འཁྲུལ་པའི་རྒྱུ་ཡོད་པ་ཡིན་ཏེ། བུམ་པ་དང་སྨིག་རྒྱུ་སོགས་མཐོང་བའི་དབང་པོའི་མངོན་སུམ་དང་ཉེ་བར་སྟེ་ལྷན་ཅིག་ཏུ་འཇུག་པ་ཅན་ཉིད་ཀྱི་སྒོ་ནས་དེ་དག་གི་དངོས་ཡུལ་ལ་འཇུག་པར་དོགས་པ་སྐྱེ་བའི་ཕྱིར་རོ། །གཉིས་པ་ནི། དཔེ་ཇི་ལྟར་ན་ལྐོག་ཏུ་གྱུར་པའི་དོན་ཅན་གྱི་དྲན་པ་ལ་སོགས་པའི་རྟོག་པ་བཞི་པོ་འདི་ཆོས་ཅན། མངོན་སུམ་གྱི་གཟུང་དོན་ལ་དངོས་སུ་འཛིན་པར་མི་བྱེད་དེ། རང་ཡུལ་འཛིན་པ་རང་ཡུལ་གྱི་བརྡ་དྲན་ལ་ལྟོས་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དཔེ་དེ་ལྟར་བུམ་པ་ལ་སོགས་པ་དག་ལ་སྤྱི་ལ་སོགས་པ་འཛིན་པའི་ཀུན་རྫོབ་པའི་ཤེས་པ་དང་། སྨིག་རྒྱུ་ལ་ཆུར་འཛིན་སོགས་འཁྲུལ་པའི་ཤེས་པ་གཉིས་པོ་དེ་ཡང་ནི་ཆོས་ཅན། མངོན་སུམ་གྱི་གཟུང་དོན་འཛིན་པ་ལས་ནི་ཡོངས་སུ་ཉམས་པར་འགྱུར་ཏེ། སྔར་ཉམས་སུ་མྱོང་བའི་བུམ་པ་ལ་སོགས་པའི་བརྡ་དྲན་པ་མེད་པར་རང་ཉིད་ཡོད་པ་མིན་པས་སོ། །གསུམ་པ་ལ་གསུམ་སྟེ། དབང་ཤེས་ཡིན་པའི་རང་ལུགས་བརྗོད། །ཡིད་རྟོག་ཡིན་པའི་གཞན་ལུགས་དགག །དགག་སྒྲུབ་གཉིས་ཀྱི་དོན་བསྡུ་བསྟན་པའོ། །དང་པོ་ནི། མངོན་སུམ་ལྟར་སྣང་འཆད་པའི་སྐབས་འདིར་ནི་སློབ་དཔོན་གྱིས་མངོན་སུམ་ལྟར་སྣང་བཞི་པ་རྟོག་མེད་འཁྲུལ་ཤེས་དེ་རྟོག་པའི་སྡེ་ཚན་ལས་ལོགས་སུ་རབ་རིབ་བཅས་ཞེས་པའི་ཚིག་གིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་སྤྱིར་བཏང་བ་ལ་རྟོག་པ་དང་བྲལ་ཡང་། འཁྲུལ་ན་མངོན་སུམ་ལྟར་སྣང་ཡིན་ཞེས་དམིགས་ཀྱིས་བསལ་ནས་སྟོན་པ་ཡིན་པའི་ཕྱིར་ཏེ། རབ་རིབ་བཅས་ཞེས་པའི་ཚིག་དེར་ནི་བདག་རྐྱེན་དབང་པོ་ལ་ཕྱི་ནང་གི་རྐྱེན་གྱིས་ཉེ་བར་གནོད་པ་བྱས་པ་ལས་སྐྱེས་པའི་ཤེས་པ་ཐམས་ཅད་མངོན་སུམ་ལྟར་སྣང་དུ་བརྗོད་པའི་ཕྱིར་རོ། །དབང་པོ་ལ་གནོད་བྱེད་ཀྱི་རྐྱེན་འཆད་པ་དེ་ལ་རབ་རིབ་འབའ་ཞིག་སྨོས་པ་ནི་ཆོས་ཅན། དབང་པོ་ལ་ཉེ་བར་གནོད་པའི་རྐྱེན་གཞན་ཐམས་ཅད་ཀྱང་མཚོན་པར་བྱེད་པ་ཡིན་ཏེ། དབང་ཤེས་འཁྲུལ་བར་བསྐྱེད་པའི་རྐྱེན་ཙམ་སྟོན་པར་བྱེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། རབ་རིབ་ཅན་དང་ཟླ་བ་གཉིས་འཛིན་ལ་སོགས་པའི་ཤེས་པ་དེ་ཡང་དབང་ཤེས་འཁྲུལ་པ་མ་ཡིན་གྱི། ཡིད་ཀྱི་ཤེས་པ་རྟོག་པ་ཁོ་ན་ཡིན་པས་དེ་བསལ་བ་ལ་དམིགས་བསལ་གྱི་ཚིག་དོན་མེད་དེ། མངོན་སུམ་གྱི་མཚན་ཉིད་རྟོག་བྲལ་གྱིས་སེལ་བའི་ཕྱིར་ཞེས་མདོའི་འགྲེལ་བྱེད་ཁ་ཅིག་ཟེར་རོ། །གཉིས་པ་ལ་གཉིས་ཏེ། ཡིད་བློ་ལུང་དང་རིགས་པས་དགག །རྟོག་པ་དངོས་སྟོབས་རིགས་པས་དགག་པའོ། །དང་པོ་ལ་གཉིས་ཏེ། རྩོད་སྒྲུབ་མཁན་པོའི་ལུང་གིས་དགག །དབང་རྟེན་གཞན་ལ་མཚུངས་པས་དགག་པའོ། །དང་པོ་ནི། སློབ་དཔོན་གྱིས་རྩོད་པ་སྒྲུབ་པར་མངོན་སུམ་གྱི་དམིགས་རྐྱེན་དཔྱད་པ་ན། དོན་སྨྲ་བ་དག་རྡུལ་ཕྲན་དབང་མངོན་གྱི་དམིགས་རྐྱེན་དུ་སྨྲ་བ་ལ་དབང་པོའི་མངོན་སུམ་གྱིས་དེ་ལྟར་དམིགས་པས་དམིགས་རྐྱེན་དུ་བརྗོད་དམ། དབང་མངོན་གྱི་རྒྱུ་ཡིན་པས་དམིགས་རྐྱེན་དུ་བརྗོད། དང་པོ་ནི་མ་གྲུབ་ལ། ཕྱི་མ་ལྟར་ན་མིང་ལ་སོགས་པའི་དབང་པོར་ཡང་དམིགས་པ་ཉིད་དུ་ཐལ་ཏེ། དེ་དག་ཀྱང་དོན་དམ་པར་རྣམ་པ་གཞན་དུ་ཡོད་པ་དག་ནི་ཟླ་བ་གཉིས་ལ་སོགས་པར་སྣང་བ་དང་། སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པའི་རྒྱུ་ཡིན་ནོ་ཞེས་སྔོ་དང་ཟླ་བ་གཉིས་ལ་སོགས་བློའི་དབང་པོའང་རྒྱུ་ཡིན་ཞེས་བྱ་བའི་གཞུང་འདི་དང་ནི་ཟླ་བ་གཉིས་གསལ་སྣང་གི་ཤེས་པ་རྟོག་པར་འདོད་པ་དེ་དག་འགལ་ཏེ་དེ་དག་ཡིད་རྟོག་ཡིན་ན། དབང་པོ་དེའི་རྒྱུར་བརྗོད་མི་རིགས་པའི་ཕྱིར་རོ། །གལ་ཏེ་གཞུང་དེའི་དོན་བརྒྱུད་པས་དབང་པོ་ཟླ་བ་གཉིས་འཛིན་སོགས་ཀྱི་རྒྱུར་བཤད་པ་ཡིན་གྱི། དངོས་རྒྱུར་མ་བཤད་པས་མི་འགལ་ཞེ་ན། དབང་པོ་ཤེས་པའི་སྤྱོད་ཡུལ་དམིགས་རྐྱེན་དག་དཔྱད་ནས་འགོག་པ་འདི་ལ་དབང་པོ་ཆོས་ཅན། ཡིད་ཀྱི་ཤེས་པའི་དམིགས་རྐྱེན་དུ་ཐལ། ཡིད་ཀྱི་ཤེས་པའི་བརྒྱུད་རྒྱུ་ཡིན་པའི་ཕྱིར་ཞེས་པ་ནི་སྐབས་སུ་ཇི་ལྟར་བབ་པར་འགྱུར་བ་ཡིན་ཏེ་མིན་པར་ཐལ། དབང་ཤེས་ཀྱི་རྒྱུ་ཡིན་པས་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པར་འདོད་པ་འགོག་པའི་སྐབས་སུ་ཡིན་པའི་ཕྱིར། གཉིས་པ་ནི། གཞན་ཡང་དབང་པོ་ལ་བརྟེན་པ་སྟེ། དབང་ཤེས་སུ་འཇོག་པའི་མཚན་ཉིད་གང་ཡིན། གལ་ཏེ་བློ་གང་ཞིག་དབང་པོ་དབང་པོ་ཡོད་མེད་ཀྱི་རྗེས་སུ་དངོས་སུ་འཇུག་པ་ཅན་ནོ་ཞེ་ན། འོ་ན་ཟླ་གཉིས་གསལ་སྣང་ཡང་ཆོས་ཅན། དབང་ཤེས་སུ་ཐལ། དབང་པོ་ཡོད་མེད་ཀྱི་རྗེས་སུ་དངོས་སུ་འཇུག་པ་དེ་མཚུངས་པའི་ཕྱིར། གལ་ཏེ་དབང་པོའི་རྗེས་སུ་འཇུག་པ་ཙམ་མཚན་ཉིད་མ་ཡིན་གྱི། དབང་པོ་གསལ་མི་གསལ་དུ་འགྱུར་བ་ལས་ཤེས་པའང་གསལ་མི་གསལ་དུ་འགྱུར་བ་དང་ལྡན་པ་དེ་དབང་ཤེས་ཡིན་ནོ་ཞེ་ན། ཟླ་གཉིས་གསལ་སྣང་འདི་ཆོས་ཅན། དབང་ཤེས་ཡིན་པ་ཅིའི་ཕྱིར་འགོག་སྟེ་འགོག་པ་མི་རིགས་པར་ཐལ། དབང་པོ་འགྱུར་བ་ལས་འགྱུར་བ་དང་ལྡན་པ་དེ་ཉིད་ཡིན་པའི་ཕྱིར་ནའོ། །གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བ་གཞི་ཡིས་དགག །གསལ་བར་སྣང་བའི་རྟགས་ཀྱིས་དགག་པའོ། །དང་པོ་ནི། ཟླ་གཉིས་གསལ་སྣང་གི་ཤེས་པ་འདི་ཡང་ཆོས་ཅན། དབང་པོའི་འགྱུར་བ་མིག་མཛུབ་མོས་བཙིར་བ་སོགས་ཡོད་ན་ཡང་ལྡོག་པར་འགྱུར་ལ། དབང་པོའི་བསླད་པ་ནི་ལོག་ཀྱང་ལྡོག་པར་མི་འགྱུར་ཞིང་སྟེ་བདག་རྐྱེན་དབང་པོ་བསླད་པ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པར་ཐལ། ཡིད་རྟོག་ཡིན་པའི་ཕྱིར། ཐག་པ་ལ་སྦྲུལ་དང་། སྨིག་རྒྱུ་ལ་ཆུ་ལ་སོགས་པར་འཁྲུལ་བ་བཞིན་ནོ། །ཡང་དེ་ཆོས་ཅན། འདི་སྦྲུལ་ཞེས་བརྗོད་པས་སྦྲུལ་འཛིན་གྱི་རྟོག་པ་སྐྱེ་བ་དེ་བཞིན་དུ་གཞན་གྱི་རྒྱུད་ལ་ནི་རང་ཡུལ་བརྗོད་པ་དག་གིས་དུས་འགའ་ཞིག་གི་ཚེ་འཇོག་པ་དེ་སྐྱེ་བར་ཐལ་བ་དང་། སྔར་མཐོང་བའི་བརྡ་དྲན་པ་ལ་ལྟོས་པར་འགྱུར་ཞིང་རང་གི་སྣང་ཡུལ་ཡོངས་སུ་གསལ་བར་སྣང་བར་མི་འགྱུར་བར་ཐལ། ཡིད་རྟོག་ཡིན་པའི་ཕྱིར། གཉིས་པ་ནི། ཟླ་གཉིས་གསལ་སྣང་དེ་གསལ་བར་སྣང་བའི་རྟོག་མེད་ཡིན་ནམ་སྙམ་པའི་དོགས་པ་ཟློག་པའི་དོན་དུ་དམིགས་བསལ་སྨོས་ཤེ་ན། དེ་བཟློག་མི་དགོས་ཏེ་གཉིད་ལོག་པའམ་སད་པ་ན་གསལ་བར་སྣང་བ་ཅན་གྱི་བློ་གང་ཡིན་པ་དེ་ནི་ཆོས་ཅན། རྟོག་མེད་ཡིན་ཏེ། སྒྲ་དོན་འཛིན་པས་སྟོང་པའི་ཕྱིར་རོ། །གཉིད་ལོག་པ་དང་སད་པ་གཉིས་ཀར་ཡང་གསལ་བར་སྣང་བ་དེ་ལྟ་མིན་ན་ཤེས་པ་དེ་ཆོས་ཅན། རྟོག་པ་ཡིན་ཏེ། སྒྲ་དོན་དངོས་སུ་འཛིན་པའི་བློ་ཡིན་པའི་ཕྱིར། གསུམ་པ་ནི། རྟོག་མེད་འཁྲུལ་པ་ཟླ་བ་གཉིས་སྣང་སོགས་ཡོད་པ་དེའི་ཕྱིར་ཟླ་བ་གཉིས་སྣང་དེ་ཆོས་ཅན། ཁྱོད་རྟོག་པ་མེད་པ་ཡིན་ན་ཡང་། རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པའི་ཚིག་ལས་མངོན་སུམ་ཚད་མར་འགྱུར་བ་ཉིད་ནི་རབ་རིབ་བཅས་ཞེས་པའི་ཚིག་གིས་བཀག་པ་ཡིན་ཏེ། ཁྱོད་རྟོག་མེད་ཡིན་ཀྱང་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་རོ། །དེས་ན་རྟོག་པ་དང་རྟོག་མེད་ཀྱི་མངོན་སུམ་ལྟར་སྣང་གི་སྡེ་ཚན་གཉིས་སུ་སོ་སོར་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། སྡེ་ཚན་གཉིས་པོ་རིགས་སོ་སོར་ཤེས་པ་ཙམ་དུ་མ་ཟད་རྟོག་མེད་ཀྱང་འཁྲུལ་ན་མངོན་སུམ་མིན་པར་ཤེས་པ་དེའི་དོན་དུའང་ཡིན་པའི་ཕྱིར་རོ། །གསུམ་པ་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་ཚད་འབྲས་བཤད་པ་ལ་གཉིས་ཏེ། སྤྱིའི་རྣམ་གཞག་དང་། གཞུང་གི་དོན་ནོ། །དང་པོ་ནི། ཚད་མ་མདོར། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་གཞལ་བྱ་གཉིས་ཀྱིས་ཚད་མ་གཉིས་ཀྱི་གྲངས་ངེས་འགྲུབ་པར་གསུངས་ན། ཚད་མ་གཉིས་པོ་དེས་གཞལ་བྱ་གཉིས་པོ་དེ་ལ་བྱ་བའམ་འབྲས་བུ་ཅི་ཞིག་བྱེད་ནས་དེ་ལྟར་འགྲུབ་པ་ཡིན་ཞེ་ན། ཚད་མ་གཉིས་པོ་དེས་གཞལ་བྱ་གཉིས་པོ་དེ་རྟོགས་པའི་བྱ་བ་བྱེད་པ་ཡིན་ཏེ། མངོན་སུམ་གྱིས་རང་མཚན་རང་གི་ངོ་བོའི་སྒོ་ནས་རྟོགས་ཤིང་། རྗེས་དཔག་གིས་རང་མཚན་གཞན་དོན་སྤྱིའི་སྒོ་ནས་རྟོགས་པའི་ཕྱིར། འོ་ན་གཞན་བྱ་རྟོགས་པ་དེ་འབྲས་བུ་ཡིན་ན། ད་ནི་ཚད་མ་གང་ཞིག་ཡིན་ཞེས་ཚད་འབྲས་རྫས་ཐ་དད་དུ་བསམས་ནས་འདྲི་བ་ལ་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་ཉིད་ཚད་མ་ཡིན་གྱི། འབྲས་བུ་གཞལ་བྱ་རྟོགས་པ་དེ་ལས་དོན་གཞན་དུ་མེད་ཅེས་པའི་སྒྲུབ་བྱེད་སྟོན་པ་ནི་ཚད་འབྲས་ཀྱི་གཞུང་སྟེ། འདི་ལ་མངོན་སུམ་གྱིས་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་མངོན་སུམ་ལེའུ་དང་། རྗེས་དཔག་གིས་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་རང་དོན་ལེའུར་བསྟན་པ་ལ་དགོངས་ནས་མདོ་དང་། རྣམ་འགྲེལ་ངེས་གཉིས་སུ་སྐབས་འདིར་རྗེས་དཔག་གི་ཚད་འབྲས་མ་གསུངས་ལ། རིགས་གཏེར་ལས། ཐ་སྙད་བརྗོད་བདེ་བའི་དབང་དུ་མཛད་ནས་སྐབས་འདིར་གཉིས་ཀ་གསུངས་པར་ཤེས་པར་བྱའོ། །དེས་ན་སྐབས་འདིར་མངོན་སུམ་གྱིས་གཞལ་བྱ་རྟོགས་པ་འབྲས་བུར་བྱས་ནས་དེའི་མཚན་ཉིད་ལ་ཚད་མར་འཇོག་པ་ཡིན་གྱི། གསར་དུ་མི་བསླུ་བས་ཚད་མ་མཚོན་པ་དང་། རྟོག་བྲལ་མ་འཁྲུལ་བས་མངོན་སུམ་མཚོན་པ་སྐབས་འདིའི་ཚད་འབྲས་སུ་སྨྲ་བས་ནི་ཚད་འབྲས་གར་ཡོད་ཀྱི་ཕྱོགས་ཙམ་ཡང་ངོ་མ་ཤེས་པའོ། །ཚད་འབྲས་ཀྱི་ཐ་སྙད་ལ་སྲོལ་ཆེན་པོ་གསུམ་སྣང་སྟེ། སློབ་དཔོན་ཆོས་མཆོག་གིས་དོན་རིག་གི་ཚད་འབྲས་ལ་དང་པོ་དང་། རང་རིག་གི་ཚད་འབྲས་ལ་གཉིས་པ་དང་། ཕྱི་དོན་ཡོད་ཀྱང་རང་རིག་གི་ཚད་འབྲས་ལ་གསུམ་པའི་ཐ་སྙད་མཛད་ཅིང་། དེང་སང་བོད་ཐམས་ཅད་ལ་གྲགས་ཆེ་བར་སྣང་མོད་ཀྱི། ཚད་འབྲས་ཀྱི་རིགས་མ་ལུས་པ་འདུ་བའི་དབང་དུ་བྱས་ན། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་པ་རྩ་འགྲེལ་གྱིས་བསྟན་པའི་ཚད་འབྲས་མ་ཚང་བས་གར་སོང་དྲིས་ན་མཛུབ་མོས་མཚོན་དགོས་སོ། །སློབ་དཔོན་ལྷ་དབང་བློས། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ཞེས་སོགས་ཀྱི་དོན་ལ་དང་པོ་ཞེས་པའི་ཐ་སྙད་མི་མཛད་པར་དེ་བཀག་ནས་རྣམ་རིག་པའི་ལུགས་ཀྱི་ཚད་འབྲས་ལ་གསུམ་ལས། དང་པོ་ནི། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་པས་བསྟན་པའོ། །གཉིས་པ་ནི། གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །ཞེས་སོགས་ཀྱིས་བསྟན་པའོ། །གསུམ་པ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་ཀྱིས་བསྟན་པའོ། །ཞེས་གསུངས་པ་ནི་རྣམ་རིག་པའི་ལུགས་ལ་དཔྱད་ན་རང་རིག་གི་ཚད་འབྲས་དང་། ཐ་སྙད་དུ་དོན་རིག་གི་ཚད་འབྲས་དང་། དེ་ལ་ཡང་དཔྱད་ན་རང་རིག་གི་འབྲས་བུར་འགྱུར་བ་དང་གསུམ་དུ་ཕྱེ་བ་ནི་ལེགས་མོད་ཀྱི། སྔར་གྱི་དོན་རིག་ཚད་འབྲས་ཀྱི་ཁོངས་སུ་མི་བགྲང་བ་དང་། ཚད་འབྲས་གསུམ་པ་སེམས་ཙམ་པ་ཁོ་ནའི་ལུགས་སུ་འདོད་པ་ནི་ཅུང་ཟད་མི་ལེགས་ཏེ། གཞུང་འདི་དག་སྔར་གྱི་མངོན་སུམ་དང་པོ་གསུམ་ཆར་གྱི་ཚད་འབྲས་སྟོན་བྱེད་ཡིན་པའི་ཕྱིར་དང་། མདོ་སྡེ་པའི་ལུགས་ལ་དཔྱད་ན་རང་རིག་འབྲས་བུར་འགྱུར་བ་སྟོན་བྱེད་ཀྱི་གཞུང་མེད་པར་ཐལ་བའི་ཕྱིར་རོ། །གང་དག་སློབ་དཔོན་འདིའི་ལུགས་ལ། གང་ཚེ་རྣམ་རིག་ཅེས་སོགས་དོན་རིག་འབྲས་བུར་གསུངས་པས་ཚད་འབྲས་དང་པོའི་དོན་བསྡུར་འཆད་པ་དང་། འཛིན་བདག་ཤེས་པའི་སྟེ། རྣམ་པར་རིག་པ་ཙམ་གྱི་ཕྱོགས་བཞིན་ནོ་ཞེས་གསུངས་པ་ལ་བརྟེན་ནས་ཚད་འབྲས་གསུམ་པ་མདོ་སྡེ་པའི་ལུགས་སུ་སྨྲ་བ་ནི་སློབ་དཔོན་འདིའི་དགོངས་པ་ཕྱིན་ཅི་ལོག་ཏུ་བཤད་པའོ། །འགྲན་ཟླ་ཀུན་བྲལ་ས་སྐྱ་པའི་བཞེད་པ་ནི། ཚད་འབྲས་ཀྱི་གཙོ་བོ་དོན་རིག་དང་རང་རིག་གི་ཚད་འབྲས་གཉིས་དང་། དེ་གཉིས་ཀ་ལ་ཡང་ཐ་སྙད་དུ་དོན་རིག་འབྲས་བུར་བསྟན་པ་དང་། དཔྱད་ན་རང་རིག་འབྲས་བུར་བསྟན་པའི་སྐབས་བཞི་ལས། དང་པོ་གཉིས་པོ་ཚད་འབྲས་ཀྱི་གཙོ་བོ་ཡིན་ཏེ། སྐབས་འདིར་མངོན་སུམ་གྱིས་རང་མཚན་རྟོགས་པའི་སྒྲུབ་བྱེད་འཆད་པའི་སྐབས་ཡིན་པས་མངོན་སུམ་དང་པོ་གཉིས་ཀྱིས་དོན་རང་མཚན་རྟོགས་པའི་སྒྲུབ་བྱེད་ནི་དོན་རིག་གི་ཚད་འབྲས་དང་། མངོན་སུམ་གསུམ་པས་ཤེས་པ་རང་མཚན་རྟོགས་པའི་སྒྲུབ་བྱེད་ནི་རང་རིག་གི་ཚད་འབྲས་ཡིན་ལ། རྣལ་འབྱོར་མངོན་སུམ་གྱིས་ནི་མདོ་སྡེ་པའི་ལུགས་ལ་བདག་གིས་དབེན་པའི་ཕུང་པོ་རང་མཚན་རྟོགས་པར་འདོད་པས་སྔ་མ་གཉིས་ཀྱི་ཡུལ་ལས་མ་འདས་ཤིང་། དེ་རྟོགས་པའི་སྒྲུབ་བྱེད་ལུགས་འདིར། རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་དང་། བསམ་གྱིས་མི་ཁྱབ་ཡེ་ཤེས་ཅན། །དེ་ཡི་མཁྱེན་པ་དཔག་མི་ནུས། །ཞེས་པ་ལྟར་ན། སྐབས་འདིར་དེའི་ཚད་འབྲས་མི་སྟོན་པའི་ཕྱིར་རོ། །དེ་ལྟར་གཉིས་ལས། སློབ་དཔོན་གྱིས་དོན་རིག་གི་ཚད་འབྲས་ཀྱི་སྐབས་སུ་བྱེ་བྲག་སྨྲ་བ་བཀག་ནས་མདོ་སྡེ་པའི་ལུགས་བསྒྲུབ་པ་ནི། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ཞེས་པ་ནས། སྒྲོ་འདོགས་པས་ནི་འཇུག་ཕྱིར་རོ། །ཞེས་པའི་བར་རོ། །རང་རིག་གི་ཚད་འབྲས་ལ་ཐོག་མར་རྣམ་བདེན་བརྫུན་གཉིས་ཆར་གྱིས་ཁས་ལེན་པའི་ཚད་འབྲས་ཀྱི་སྐྱ་རིས་ནི་མདོ་སྡེ་པའི་ལུགས་བཀག་ནས་རྣམ་རིག་པའི་ལུགས་བསྒྲུབ་པ་སྟེ། དོན་རིག་གང་ཡིན་ཅེས་པ་ནས་འདི་ཡི་རྣམ་པ་གཉིས་ཅེས་པའི་བར་རོ། །སྐྱ་རིས་འདི་རྣམ་བདེན་བརྫུན་གཉིས་ཆར་གྱིས་ཁས་ལེན་པའི་རྒྱུ་མཚན་གྱིས་རྣམ་བདེན་པའི་ལུགས་ལ་གཟུང་རྣམ་བདེན་གྲུབ་གཞལ་བྱར་བྱས་པའི་ཚེ་རང་རིག་མཚན་ཉིད་པ་འབྲས་བུ་དང་། རྣམ་བརྫུན་པའི་ལུགས་ལ་གཟུང་རྣམ་སྒྲོ་བཏགས་གཞལ་བྱར་བྱས་པའི་ཚེ་རང་རིག་བཏགས་པ་བ་འབྲས་བུར་འགྱུར་བར་གསུངས་སོ། །འདི་ལ་རྣམ་བདེན་པའི་ལུགས་བཀག་ནས་རྣམ་བརྫུན་པའི་ལུགས་བསྒྲུབ་པ་ནི། གང་གིས་དངོས་པོ་རྣམ་དཔྱད་ན། །ཞེས་པ་མན་ཆད་ཀྱིས་སྟོན་ནོ། །དེ་གཉིས་ཀ་ལ་ཐ་སྙད་དུ་དོན་རིག་འབྲས་བུར་འགྱུར་བའི་ཚུལ་ལ། མདོ་སྡེ་པའི་ལུགས་ནི་ཚད་འབྲས་དང་པོ་ཉིད་ཀྱིས་སྟོན་ཏེ། དེར་དོན་རིག་འབྲས་བུར་གསུངས་པ་ནི་ཐ་སྙད་དུ་ཡིན་གྱི་དཔྱད་ན་རང་རིག་འབྲས་བུ་ཡིན་པའི་ཕྱིར་རོ། །རྣམ་རིག་པའི་ལུགས་ནི། གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །ཞེས་སོགས་ཚིགས་བཅད་གསུམ་གྱིས་སྟོན་ཏེ། མདོར། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་པ་རྩ་འགྲེལ་གྱི་དོན་ནོ། །ལུགས་གཉིས་ཆར་གྱིས་ཐ་སྙད་དུ་དོན་རིག་འབྲས་བུ་ལའང་དཔྱད་ན་རང་རིག་འབྲས་བུ་ཡིན་པ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་ཀྱིས་སྟོན་ཏེ། དེ་དང་འདྲ་བའམ་གཞན་འདྲའང་རུང་། །ཞེས་ཕྱི་དོན་གཞལ་བྱར་འཇོག་ཚུལ་ལུགས་གཉིས་གསུངས་པའི་ཕྱིར་རོ། །གཞན་ཡང་འདི་ལུགས་གཉིས་ཀ་ལ་སྦྱར་དགོས་པའི་ལུང་རིགས་ཀྱི་གནད་བདུན་ཡོད་པ་ནི་སྤྱི་དོན་དུ་བལྟའོ། །ལུགས་འདི་ཕྱོགས་གླང་གྲགས་པའི་དགོངས་པ་ཡོངས་སུ་རྫོགས་པ་འཁྲུལ་པ་མེད་པར་སྣང་བས་ཁོ་བོ་ནི་འདིའི་རྗེས་སུ་འབྲངས་ནས་འཆད་དོ། །གཉིས་པ་ལ་གཉིས་ཏེ། ཚད་འབྲས་གཞལ་གསུམ་རྣམ་གཞག་བཤད། །རྣམ་གཞག་དེ་ཡི་སྒྲུབ་བྱེད་བཤད་པའོ། །དང་པོ་ལ་བཞི་སྟེ། ཕྱི་དོན་ལས་བྱུང་དོན་རིག་ཚད་འབྲས་བཤད། །བག་ཆགས་བརྟན་བྱུང་རྣམ་རིག་ཚད་འབྲས་བཤད། །ཕྱི་དོན་ཡོད་ཀྱང་རང་རིག་འབྲས་བུར་གྲུབ། །རྣམ་པ་བརྫུན་ཡང་རང་རིག་འབྲས་བུར་གྲུབ་པའོ། །དང་པོ་ལ་གསུམ་སྟེ། ཚད་འབྲས་བདག་ཉིད་གཅིག་པར་བསྒྲུབ། །ཚད་འབྲས་དོན་གཞན་ཡིན་པ་དགག །བདག་གཅིག་པ་ལ་རྩོད་པ་སྤོང་བའོ། །དང་པོ་ལ་བཞི་སྟེ། དོན་རྟོགས་འཇོག་ནུས་སྒྲུབ་བྱེད་ཡིན། །འཇོག་ནུས་ཁྱད་པར་གཉིས་ལྡན་དགོས། །དེས་ན་ཚད་འབྲས་དོན་གཞན་མིན། །དེ་ལྟ་ཡིན་ཡང་བྱ་བྱེད་རུང་བའོ། །དང་པོ་ནི། སྤྱིར་བསྒྲུབ་བྱ་སྒྲུབ་བྱེད་ལ་གོ་བྱ་གོ་བྱེད་ཀྱི་དང་། བསྐྱེད་བྱ་སྐྱེད་བྱེད་ཀྱི་དང་། རྣམ་པར་གཞག་འཇོག་གི་བསྒྲུབ་བྱ་སྒྲུབ་བྱེད་སོགས་དུ་མ་ཡོད་ཅིང་དེ་དག་ཀུན་ཀྱང་ལས་བྱ་བ་བྱེད་པ་པོ་གསུམ་གསུམ་ཡོད་པ་ལས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ཞེས་པ་དེ་ལ་ཆོས་ཅན། ལས་ཏེ་བྱ་བ་ཀུན་གྱི་ནི་སྒྲུབ་བྱེད་དག་བྱེད་པ་པོ་ཐམས་ཅད་མ་ཡིན་ཏེ། གོ་བྱ་ལ་གོ་བྱེད་ལས་གཞན་པའི་སྒྲུབ་བྱེད་ཀྱིས་བསྒྲུབ་མི་ནུས་པའི་ཕྱིར་དང་། བསྐྱེད་བྱ་ལ་སྐྱེད་བྱེད་ལས་གཞན་གྱིས་བསྒྲུབ་མི་ནུས་པའི་ཕྱིར་དང་། རྣམ་པར་གཞག་བྱ་ལ་རྣམ་པར་འཇོག་བྱེད་ལས་གཞན་གྱིས་བསྒྲུབ་མི་ནུས་པའི་ཕྱིར་རོ། །དེ་བཞིན་དུ་སྒྲུབ་བྱེད་ཀུན་གྱིས་བསྒྲུབ་བྱ་ཐམས་ཅད་མ་ཡིན་པ་ལའང་སྦྱར་བར་བྱའོ། །འོ་ན་སྐབས་འདིར་གང་ཡིན་ཞེ་ན། ཚད་འབྲས་ཀྱི་སྐབས་འདིར་ཆོས་ཅན། རྣམ་པར་འཇོག་བྱེད་ཉིད་སྒྲུབ་བྱེད་ཡིན་ཏེ། སྒྲུབ་བྱེད་གང་ལས་རང་གི་བྱ་བའི་འབྲས་བུ་བསྒྲུབ་ནུས་པ་གང་ཡིན་པ་དེ་ནི་བྱ་བ་དེའི་སྒྲུབ་བྱེད་ཡིན་པ་གང་ཞིག རྣམ་པར་གཞག་བྱའི་འབྲས་བུ་བསྒྲུབ་བྱར་འཇོག་པའི་སྐབས་ཡིན་པའི་ཕྱིར་རོ། །རྣམ་པར་འཇོག་བྱེད་ཉིད་གང་ཡིན་ཞེ་ན། ཚད་འབྲས་དང་པོའི་སྐབས་འདིར་ཆོས་ཅན། ཤེས་པའི་བདག་ཉིད་དུ་གྱུར་པའི་དོན་འདྲ་བ་རྣམ་པར་འཇོག་བྱེད་ཡིན་ཏེ། དོན་རྟོགས་བསྒྲུབ་བྱར་གཞག་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཤེས་པའི་བདག་ཉིད་ཡིན་པ་དགོས། །དོན་གྱི་རྣམ་པར་ཤར་བ་དགོས་པའོ། །དང་པོ་ལ་གཉིས་ཏེ། ཤེས་པས་དོན་རྟོགས་འབྱེད་པར་ནུས། །དེས་ན་དབང་པོ་འཇོག་བྱེད་མིན་པའོ། །དང་པོ་ནི། ལས་གཟུགས་སོགས་དེ་ལ་ཉམས་མྱོང་སྟེ་རིག་པ་ཙམ་དུ་ནི་འདྲ་བའི་བདག་ཉིད་ཅན་གྱི་སྔོ་འཛིན་སོགས་ཀྱི་ཤེས་པ་ནི་ཆོས་ཅན། ཁྱོད་བྱེད་པ་པོ་གང་གི་ལས་ཏེ་ཡུལ་ནི་སོ་སོ་ལ་ལྟོས་ཏེ་འདིས་ནི་སྔོན་པོ་རྟོགས་སོ། །འདིས་ནི་སེར་པོ་རྟོགས་སོ་ཞེས་སོགས་དོན་རྟོགས་སོ་སོར་རྣམ་པར་འབྱེད་ནུས་པའི་ཆོས་དེ་ནི་ཁྱོད་དེའི་བདག་ཉིད་དུ་འགྱུར་བ་ཡིན་དགོས་ཏེ། བེམ་པོས་དོན་རྟོགས་སོ་སོར་འབྱེད་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། ཤེས་པའི་རྒྱུ་དབང་པོ་གཟུགས་ཅན་པ་དག་ལ་ཆོས་ཅན། ཁྱོད་གསལ་མི་གསལ་ལས་ཤེས་པ་གསལ་མི་གསལ་ཐ་དད་དུ་སྐྱེད་པ་ཡོད་ཀྱང་ཐ་དད་ཀྱི་ལས་ཏེ་ཡུལ་སོ་སོ་ལ་རིག་ཙམ་དུ་ཐ་དད་མེད་པའི་ཤེས་པ་འདི་དོན་རྟོགས་ཐ་དད་པར་ནི་ངེས་བྱེད་མིན་པར་ཐལ། ཤེས་པའི་བདག་ཉིད་དུ་གྱུར་པ་མིན་ཅིང་དབང་ཤེས་ཀུན་གྱི་མཚུངས་རྒྱུ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དོན་འབྲས་དོན་རྟོགས་འཇོག་པར་ནུས། །དེས་ན་དབང་པོའི་འཇོག་བྱེད་མིན་པའོ། །དང་པོ་ནི། ཤེས་པའི་བདག་ཉིད་མིན་པས་དོན་རྟོགས་འཇོག་མི་ནུས་པ་དེའི་ཕྱིར། ཤེས་པ་འདིའི་བདག་ཉིད་དུ་གྱུར་པའི་དོན་གྱི་རྣམ་པ་ཐ་དད་དུ་ཤར་བ་གང་ལས་ཤེས་པ་འདི་དང་འདི་ནི་སྔོ་སེར་སོགས་འདི་དང་འདིའི་རྟོག་པ་ཡིན་ནོ་ཞེས་འབྱེད་ནུས་པ་དེ་ཆོས་ཅན། དོན་རྟོགས་དེའི་སྒྲུབ་བྱེད་ཅན་དུ་གྲུབ་པ་ཡིན་ཏེ། རང་ཉིད་བྱེད་པར་སོང་བ་ཡི་ནི་ལས་དོན་རྟོགས་ངེས་པ་སྟེ་འཇོག་ནུས་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་ཤེས་པ་ལ་དོན་རྟོགས་སོ་སོར་འཇོག་ནུས་དེ་གང་ཞེ་ན། ཁ་ཅིག་དབང་པོ་གསལ་མི་གསལ་གྱིས་བྱས་པའི་ཤེས་པ་ཙམ་གྱིས་འཇོག་གོ་ཞེ་ན། དབང་པོ་གསལ་མི་གསལ་གྱི་རྣམ་པ་འགས་ཤེས་པའི་རང་བཞིན་ནི་གསལ་མི་གསལ་ཐ་དད་པར་ནི་བྱེད་ན་ཡང་དེས་བྱས་པའི་ཤེས་པ་དོན་གྱི་ངོ་བོ་སྟེ་རྣམ་པ་ཤར་བ་ལས་གཞན་མ་ཤར་བ་དེ་ཆོས་ཅན། དོན་རྟོགས་ཀྱི་མཚན་ཉིད་མིན་པར་ཐལ། ཤེས་པ་འདིས་ནི་དོན་འདི་རྟོགས་སོ་ཞེས་དོན་དང་འབྲེལ་པ་སྟེ་འཇོག་པར་བྱེད་པ་མིན་པའི་ཕྱིར་རོ། །གསུམ་པ་ནི། དེས་ན་ཕྱི་དོན་གཞལ་བྱའི་རང་བཞིན་ཏེ་རང་ངོས་ནས་གཏད་པའི་རྣམ་པར་ཤར་བ་ཉིད་ཆོས་ཅན། ཁྱོད་ཕྱི་དོན་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་ཡིན་ཏེ། ཁྱོད་ཀྱིས་ཕྱི་དོན་གཞལ་བྱ་རྟོགས་པར་མཚོན་ནུས་པ་དེའི་ཕྱིར། གལ་ཏེ་དོན་རྟོགས་ཀྱི་སྒྲུབ་བྱེད་དོན་དང་འདྲ་བ་ལས་གཞན་ཡིན་ན། དོན་སྣང་གི་ཤེས་པ་དེ་ནི་ཆོས་ཅན། དེ་ལས་ཏེ་ཡུལ་དང་འབྲེལ་བ་མི་འགྲུབ་པར་ཐལ། ཡུལ་གྱི་རྣམ་པ་མ་ཤར་བའི་ཕྱིར་རོ། །དེས་ན་འབྲས་བུ་དོན་རྟོགས་དེ་ཆོས་ཅན། ཚད་མ་དོན་འདྲ་བ་ལས་དོན་གཞན་མིན་ཏེ། དོན་འདྲ་བ་དེ་ཡང་ཁྱོད་དེའི་བདག་ཉིད་ཡིན་པ་དེས་ན་སྟེ་དེའི་ཕྱིར་རོ། །བཞི་པ་ནི། ཚད་འབྲས་བདག་ཉིད་གཅིག་ཡིན་ཅིང་བྱ་བྱེད་དོན་གཞན་མེད་ན་བྱ་བྱེད་ཀྱི་ཐ་སྙད་མི་རུང་བར་འགྱུར་རོ་ཞེ་ན། ཤེས་པ་དེའི་བདག་ཉིད་དོན་གྱི་རྣམ་པ་འཛིན་པ་དེ་ཆོས་ཅན། ཁྱོད་དོན་ལ་བྱེད་པ་དང་བཅས་པ་མིན་ཡང་དོན་རྟོགས་པའི་བདག་ཉིད་ཀྱི་བྱེད་པ་དེས་རང་གི་ལས་ཡུལ་གཟུགས་སོགས་སོ་སོ་ལ་ནི་རང་ཉིད་བྱེད་པ་དང་བཅས་པ་ལྟ་བུར་སྣང་སྟེ། དོན་ལ་ཆོས་ཐམས་ཅད་བྱེད་པ་མེད་པས་དོན་ལ་བདག་ཉིད་བྱེད་པ་པོ་མིན་ན་ཡང་ཁྱོད་དེའི་དབང་གིས་དོན་རྟོགས་པ་དེར་གཞག་པའི་ཕྱིར་རོ། །དཔེར་ན་འབྲས་བུ་བུ་ཚ་ལྟ་བུ་རྒྱུ་ཕ་མ་རྣམས་ཀྱི་བདག་ཉིད་དང་རྣམ་པ་འདྲ་བར་འབྱུང་བའི་ཕྱིར་ན། དོན་ལ་ཕ་མའི་གཟུགས་འཛིན་པའི་བྱ་བ་དང་ལྡན་པའི་བདག་ཉིད་མིན་ཡང་འཇིག་རྟེན་ན་བུས་རྒྱུ་ཕ་མའི་གཟུགས་འཛིན་ཞེས་བྱ་བྱེད་ཀྱི་ཐ་སྙད་བཏགས་ནས་བརྗོད་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། སྤྱིར་དགག སོ་སོར་དགག་པའོ། །དང་པོ་ནི། དོན་དང་འདྲ་བ་ལས་གཞན་གྱི་དོན་རྟོགས་འཇོག་མི་ནུས་པ་དེའི་ཕྱིར། དོན་རྟོགས་སྒྲུབ་བྱེད་ཀྱི་ཚད་མར་དཔྱོད་པ་བ་འདོད་པའི་དོན་མཐོང་བ་སྟེ་དོན་ལ་ལྟ་བ་དང་། བྱེ་བྲག་དུ་སྨྲ་བ་འདོད་པའི་རྟེན་བཅས་ཀྱི་དབང་པོ་དང་། བྱེ་བྲག་པ་འདོད་པའི་དབང་དོན་འབྲེལ་བ་སྟེ་ཕྲད་པ་དང་། རིགས་པ་ཅན་པ་འདོད་པའི་ཁྱད་པར་གྱི་ནི་བློ་དེ་དག་ཆོས་ཅན། དོན་རྟོགས་སྒྲུབ་བྱེད་ཀྱི་ཚད་མ་ཉིད་དུ་མི་འདོད་དེ། བྱ་བ་དོན་རྟོགས་པ་ལ་ནི་ཆོད་པ་སྟེ་སྐད་ཅིག་སྔ་ཕྱི་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། བྱ་བ་དོན་རྟོགས་པ་ལ་ནི་བྱེད་པ་པོ་རྒྱུ་ལ་སོགས་པ་རྣམས་ཐམས་ཅད་ཉེ་བར་སྦྱོར་ན་ཡང་ཐ་མ་བྱེད་པ་གཞན་གྱིས་མ་ཆོད་པའི་རྣམ་པ་ཐ་དད་དུ་བྱེད་པ་གང་ཡིན་པ་དེ་དོན་རྟོགས་དེའི་སྒྲུབ་བྱེད་དམ་པར་འདོད་ཀྱི། གཞན་མིན་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། དབང་པོ་དོན་རྟོགས་འཇོག་བྱེད་མིན། །ཁྱད་པར་འཛིན་པ་འཇོག་བྱེད་མིན། །དབང་དོན་ཕྲད་པ་འཇོག་བྱེད་མིན། །གོམས་ལས་འདུས་བྱས་འཇོག་བྱེད་མིན་པའོ། །དང་པོ་ནི། དབང་པོ་གཟུགས་ཅན་པ་ལ་ཆོས་ཅན། དོན་རྟོགས་སོ་སོར་འཇོག་ནུས་པ་འདི་འདྲ་ཡོད་པ་མིན་ཏེ། དབང་ཤེས་ཀུན་ཀྱི་མཚུངས་པའི་རྒྱུ་ཉིད་ཡིན་པའི་ཕྱིར། དེས་ན་དབང་པོ་གསལ་མི་གསལ་ལས་ཤེས་པ་དེ་གསལ་མི་གསལ་ཐ་དད་དུ་བྱེད་པ་ཡོད་ཀྱང་། དབང་པོ་ཆོས་ཅན། ཤེས་པ་འདི་དོན་འདིའི་རྟོགས་པ་ཡིན་ནོ་ཞེས་བྱ་བ་དེ་འཇོག་པར་དེ་གང་ལས་ནུས་ཏེ་མི་ནུས་པར་ཐལ། དོན་གྱི་རྣམ་པ་ཐ་དད་དུ་ཤར་བ་མེད་པའི་ཕྱིར་རོ། །དབང་པོ་དོན་རྟོགས་ཀྱི་འཇོག་བྱེད་ཚད་མ་མིན་པར་བསྟན་པའི་རིགས་པ་འདིས་ནི་ཆོས་ཅན། ལྷག་མ་དོན་ལ་ལྟ་བ་སོགས་ཀྱང་དོན་རྟོགས་འཇོག་བྱེད་ཀྱི་ཚད་མ་མིན་པར་བཤད་པ་ཡིན་ཏེ། དོན་ལ་ལྟ་བ་སོགས་ལ་དོན་གྱི་རྣམ་པ་མ་ཤར་བར་བཤད་པའི་ཕྱིར་རོ། །གཉིས་པ་ནི། རིགས་པ་ཅན་པ་ན་རེ། ཡོན་ཏན་མཐོང་བ་ལས་རྫས་རྟོགས་པར་འགྱུར་རོ་ཞེས་ཡོན་ཏན་སོགས་ཁྱད་པར་འཛིན་པའི་བློ་ཚད་མ་དང་ཁྱད་པར་ཅན་རྫས་འཛིན་པའི་བློ་འབྲས་བུ་ཡིན་ལ། དེའང་སྔ་ཕྱིའི་བསྒྲུབ་བྱ་སྒྲུབ་བྱེད་ཡིན་ཞེས་ཟེར་རོ། །ཁྱད་པར་གྱི་བློ་ཡང་ཆོས་ཅན། ཁྱད་པར་ཅན་གྱི་ཡུལ་ཅན་མིན་པར་ཁྱད་པར་གྱི་ཡུལ་ཅན་ཡིན་ཞེས་ཐ་དད་དུ་ཕྱེ་བ་མེད་པར་འགྱུར་ཏེ། ཁྱད་པར་དེའི་དངོས་པོ་སྟེ་རྣམ་པ་ཤར་བ་མེད་པའི་ཕྱིར་རོ། །བློ་གཞན་ཁྱད་པར་ཅན་གྱི་ཤེས་པ་དག་ཀྱང་ཆོས་ཅན། དེ་བཞིན་ཏེ་ཁྱད་པར་གྱི་ཡུལ་ཅན་མ་ཡིན་པར་ཁྱད་པར་ཅན་གྱི་ཡུལ་ཅན་ཡིན་ནོ་ཞེས་མི་ཕྱེད་པར་ཐལ། ཁྱད་པར་ཅན་གྱི་རྣམ་པ་མ་ཤར་བའི་ཕྱིར། གཞན་ཡང་ཁྱད་པར་དང་ཁྱད་པར་ཅན་གྱི་ཤེས་པ་ཆོས་ཅན། ཡུལ་ཐ་དད་པ་ལ་འཇུག་པའང་མི་འདོད་དེ་རིགས་པར་ཐལ། བསྒྲུབ་པར་བྱ་བ་འབྲས་བུ་དང་ནི་དེའི་སྒྲུབ་བྱེད་དུ་གྱུར་པའི་ཚད་མ་གཉིས་སུ་གྱུར་པ་ཡིན་པའི་ཕྱིར། གལ་ཏེ་སྐྱོན་མེད་དེ། དུས་སྔ་ཕྱི་བྱུང་བའི་ཤེས་པ་དེ་གཉིས་དོན་ཏེ་ཡུལ་གཅིག་པ་ཅན་ཚད་འབྲས་ཡིན་ཞེ་ན། ཁྱད་པར་གྱི་ཤེས་པ་ཆོས་ཅན། ཁྱོད་ཀྱི་རྟོགས་ཟིན་པའི་དོན་ལ་འཇུག་པ་ཅན་བློ་གཉིས་པ་ཁྱད་པར་ཅན་གྱི་ཤེས་པ་ཁྱོད་ཀྱི་འབྲས་བུར་བཏགས་པ་དོན་མེད་དུ་ཐལ། ཁྱོད་དེ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། གཞན་ཡང་ཁྱད་པར་དང་ཁྱད་པར་ཅན་གྱི་བློ་གཉིས་པོ་ཆོས་ཅན། སྔ་ཕྱི་རིམ་བཞིན་འབྱུང་བ་མེད་པར་འགྱུར་བར་ཐལ། དོན་གཅིག་གིས་ཁྱོད་གཉིས་ཀྱི་དམིགས་རྐྱེན་བྱས་པའི་ཕྱིར། འདོད་ན། བློ་དེ་གཉིས་ནི་ཆོས་ཅན། ཚད་འབྲས་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་དུ་མེད་པར་འགྱུར་བར་ཐལ། ཅིག་ཆར་འབྱུང་བར་འགྱུར་བའི་ཕྱིར་ནའོ། །ཁྱབ་པ་ཁས་བླངས། འོ་ན་དོན་རྟོགས་དང་དོན་འདྲ་བ་ཆོས་ཅན། བསྒྲུབ་བྱ་སྒྲུབ་བྱེད་དུ་མེད་པར་ཐལ། ཅིག་ཆར་འབྱུང་བའི་ཕྱིར་ཞེ་ན། དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་གཅིག་གི་ཆ་དོན་རྟོགས་པ་དང་། དོན་དང་འདྲ་བ་དག་བསྒྲུབ་བྱ་དང་སྒྲུབ་བྱེད་དུ་བཞག་པ་ཡིན་ཏེ། ཁྱོད་དོན་རྟོགས་པ་དེར་རྣམ་པར་གཞག་པ་ནི་དོན་དང་འདྲ་བར་སྐྱེས་པ་ལ་བརྟེན་ནས་ནི་གཞག་པར་བྱ་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། བྱེ་བྲག་པ་དབང་དོན་འབྲེལ་པའམ་ཕྲད་པ་ཚད་མར་འདོད་ན། བུམ་འཛིན་མིག་གི་ཤེས་པ་ལྟ་བུ་ཆོས་ཅན། བུམ་པའི་སྐད་ཅིག་བདག་མེད་སོགས་བདག་ཉིད་ཀུན་གྱིས་ཏེ་ཐམས་ཅད་དང་འབྲེལ་ཞིང་ཕྲད་ན་ཡང་དེའི་ཁ་དོག་ལྟ་བུའི་ཆོས་འགའ་ཞིག་ཁོ་ན་ནི་རྟོགས་པའི་ཚད་མར་འགྱུར་བའི་ངེས་པ་དེར་ནི་མི་འགྱུར་བར་དེའི་ཆོས་ཐམས་ཅད་རྟོགས་པའི་ཚད་མར་འགྱུར་བར་ཐལ་ཏེ། སྐད་ཅིག་སོགས་དེའི་ཆོས་ཐམས་ཅད་དང་འབྲེལ་པའམ་ཕྲད་པར་བྱེ་བྲག་མེད་པའི་ཕྱིར་རོ། །ཁྱབ་པ་ཁས་བླངས་སོ་ཞེས་པ་ནི་ལྷ་ཤཱཀ་གི་ལུགས་ཡིན་ཞིང་། རྒྱན་གྱིས་དབང་དོན་ཕྲད་པ་ཚད་མ་དང་། དོན་རྟོགས་འབྲས་བུ་ཡིན་ཞིང་། ཕྲད་པ་ནི་འབྲེལ་པ་ཡིན་ལ་དེ་ལ་དྲུག་སྟེ། མིག་དབང་སོགས་དང་བུམ་སོགས་ནི་སྦྱོར་བའི་འབྲེལ་བ་དང་། བུམ་པ་ལ་འདུ་བའི་ཁ་དོག་དྲི་རོ་སོགས་དང་སྦྱོར་བ་འདུ་བའི་དང་། དཀར་པོ་ཉིད་ཀྱི་སྤྱི་ལ་སོགས་པ་དང་ནི་སྦྱོར་བར་འདུས་པའི་འདུ་བའི་དང་། རྣ་བའི་དབང་པོ་ནམ་མཁའི་ཡོན་ཏན་གྱི་སྒྲ་དང་འདུ་བའི་དང་། སྒྲ་ཉིད་ཀྱི་སྤྱི་དང་འདུས་པ་འདུ་བའི་དང་། ས་ཕྱོགས་བུམ་མེད་དང་དབང་པོ་ནི་སྦྱོར་བ་ཁྱད་པར་དང་ཁྱད་པར་ཅན་གྱི་འབྲེལ་པའོ་ཞེས་འདོད་པ་བརྗོད་ནས། དེ་ལྟར་ན་མིག་དབང་ལྟ་བུ་དེ་ཆོས་ཅན། བུམ་པའི་ཁ་དོག་དང་དྲི་རོ་སོགས་བདག་ཉིད་ཀུན་གྱིས་ཏེ་ཐམས་ཅད་དང་འབྲེལ་ན་ཡང་དེ་ལས་སྐྱེས་པའི་ཤེས་པ་དེ་ཁ་དོག་ལྟ་བུའི་ཆོས་འགའ་ཞིག་ཁོ་ན་ནི་རྟོགས་པར་འགྱུར་བའི་ངེས་པ་དེར་ནི་མི་འགྱུར་བར་དྲི་རོ་སོགས་ཀྱང་རྟོགས་པར་ཐལ་ཏེ། དེའི་ཁ་དོག་དྲི་རོ་སོགས་དང་འབྲེལ་བར་བྱེ་བྲག་མེད་པའི་ཕྱིར་རོ། །ཉེས་པ་དེ་ཁྱེད་རང་ལ་ཡང་མཚུངས་སོ་ཞེ་ན། ཕྲད་པ་དེ་ཙམ་དུ་ཐ་དད་མེད་ཀྱང་འཇོག་བྱེད་གང་ལས་འདི་ནི་འདིའི་རྟོགས་པ་ཡིན་ནོ་ཞེས་དོན་རྟོགས་ཐ་དད་དུ་འཇོག་ནུས་པ་དེ་ཆོས་ཅན། དོན་རྟོགས་འདིའི་སྒྲུབ་བྱེད་ཚད་མ་ཉིད་ཡིན་ཏེ། དོན་རྟོགས་ཀྱི་སྒྲུབ་བྱེད་ཡོད་ཅིང་ཁྱོད་ལས་གཞན་པའི་དོན་རྟོགས་ཀྱི་སྒྲུབ་བྱེད་མེད་པའི་ཕྱིར་རོ། །བཞི་པ་ནི། གལ་ཏེ་ཤེས་པ་སྔ་མས་ཕྱི་མ་དོན་སོ་སོར་འཛིན་པར་འདུས་བྱས་པ་ལས་དོན་རྟོགས་སོ་སོར་འཇོག་པ་ཡིན་ནོ་ཞེ་ན། ཤེས་པ་ཆོས་ཅན། དོན་སོ་སོར་འཛིན་པར་འདུས་བྱས་པ་ལས་ནི་དོན་རྟོགས་སོ་སོར་འཇོག་པ་མིན་པར་ཐལ། དོན་གྱི་རྣམ་པ་མ་ཤར་བ་གང་ཞིག དོན་དེའི་དངོས་པོ་སྟེ་རྣམ་པ་ཤར་བ་མེད་ན་དོན་སོ་སོར་འཛིན་པར་འདུས་བྱས་པ་དེ་ཡང་གཞག་ཏུ་མེད་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་དོན་རྟོགས་དང་དོན་འདྲ་བ་ཆོས་ཅན། བསྒྲུབ་བྱ་སྒྲུབ་བྱེད་ཡིན་པར་འགལ་བར་ཐལ། རྫས་གཅིག་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། རྫས་གཅིག་ཡིན་ཀྱང་བྱ་བྱེད་དུ་འགལ་བ་མི་བདེན་ཏེ། ལྡོག་ཆོས་ཐ་དད་དུ་ཡོད་པ་ཙམ་ལས་བྱ་བྱེད་དུ་སྒྲོ་འདོགས་པར་ཁས་ལེན་པའི་ཕྱིར་དང་། དངོས་སུ་སྟེ་དོན་དམ་པར་ཐ་དད་མེད་པར་འདོད་པའི་ཕྱིར་རོ། །ཚད་འབྲས་ཀྱི་བྱ་བྱེད་དུ་མ་ཟད་བྱ་བ་དང་བྱེད་པ་ཐ་དད་པའི་ཐ་སྙད་དག་ཐམས་ཅད་ཆོས་ཅན། ལྡོག་པ་ཐ་དད་པ་དེ་ལྟར་རྣམ་པར་གནས་ཀྱི། དོན་དམ་པར་ཐ་དད་མེད་དེ། བྱ་བྱེད་ཡིན་པའི་ཕྱིར། དཔེར་ན་སཏྭ་གྲིས་ཤིང་གཅོད་པ་སོགས་བྱ་བྱེད་ཐ་དད་དུ་འདོད་པའི་དངོས་པོ་རྣམས་ལའང་ཆོས་ཅན། ལས་ཤིང་དང་གཅོད་བྱེད་སཏྭ་གྲི་ལས་ཐ་དད་པའི་ཤིང་གཅོད་པའི་བྱ་བ་དོན་གཞན་པ་མེད་དེ། རྟོག་པས་བྱ་བྱེད་ཐ་དད་དུ་སྒྲོ་འདོགས་པ་ཙམ་ལས་ནི་བྱ་བྱེད་ཀྱི་ཐ་སྙད་འཇུག་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཕྱི་དོན་ལྐོག་ན་མོ་གཞལ་བྱ། ཕྱི་དོན་གྱིས་རང་ངོས་ནས་གཏད་པའི་དོན་དང་འདྲ་བའི་རྣམ་པ་ཚད་མ། དོན་རྟོགས་བཏགས་པ་བའི་ཐ་སྙད་འབྲས་བུ་ཞེས་པ་མདོ་སྡེ་པའི་ལུགས་ཀྱི་ཚད་འབྲས་ཏེ། གཞུང་འདིར་དོན་གྱི་རྣམ་པ་ལ་དོན་གྱི་བདག་ཉིད་དང་། དོན་གྱི་རང་བཞིན་དང་། དོན་གྱི་དངོས་པོ་ཞེས་གསུངས་པ་ནི་རྣམ་པ་དེ་ཡང་རྟོག་པའི་རྣམ་པ་བཞིན་དུ་བག་ཆགས་ཀྱིས་ཕར་གཞག་པ་མ་ཡིན་གྱི། དོན་གྱིས་རང་ངོས་ནས་ཚུར་གཞག་པ་ཡིན་ཞེས་པའི་དོན་ཡིན་གྱི། བདག་ཉིད་སོགས་དངོས་མ་ཡིན་ཏེ། དོན་ལས་རྫས་གཞན་ཡིན་པའི་ཕྱིར་རོ། །གཉིས་པ་བག་ཆགས་བརྟན་བྱུང་རྣམ་རིག་ཚད་འབྲས་བཤད་པ་ལ་གཉིས་ཏེ། དོན་དམ་རང་རིག་ཚད་འབྲས་བཤད། །ཐ་སྙད་དོན་རིག་ཚད་འབྲས་བཤད་པའོ། །དང་པོ་ལ་གཉིས་ཏེ། སྣང་བ་དོན་འབྲས་ཡིན་པ་བཀག་ནས་རང་རིག་འབྲས་བུར་བསྒྲུབ། སྣང་བ་ཕྱི་དོན་ཡིན་པ་བཀག་ནས་རང་རིག་འབྲས་བུར་བསྒྲུབ་པའོ། །དང་པོ་ལ་གཉིས་སྟེ། གཟུང་འཛིན་རྫས་གཞན་བདེན་པ་དགག །དེས་ན་རང་རིག་འབྲས་བུར་གྲུབ་པའོ། །དང་པོ་ལ་ལྔ་སྟེ། ཕྱི་དོན་རིག་པའི་སྒྲུབ་བྱེད་དགག །དེས་ན་གཟུང་འཛིན་གཉིས་མེད་འགྲུབ། །རང་ཉིད་རིགས་ལ་རྩོད་པ་སྤང་། །དོན་གཞན་རིག་ལ་གནོད་བྱེད་བསྟན། །མེད་ཀྱང་སྣང་བ་འཁྲུལ་ངོར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཕྱི་དོན་རིག་པའི་སྒྲུབ་བྱེད་དྲི། །བརྗོད་པའི་སྒྲུབ་བྱེད་རྒྱས་པར་དགག་པའོ། །དང་པོ་ནི། ཤེས་པ་ཉིད་ཡུལ་གྱི་རྣམ་པར་སྣང་བ་ལ་གཟུང་འཛིན་ཐ་དད་དུ་འཁྲུལ་པ་ཡིན་གྱི་ཕྱིའི་དོན་མེད་པས་དོན་རིག་ཉིད་མེད་པའི་ཕྱིར། གང་གིས་ན་དེ་ཚད་མའི་འབྲས་བུར་འཇོག་ཅེས་དགོངས་ནས་མདོ་སྡེ་པ་ལ་དྲི་བ་མཛད་པ། ཁྱོད་དོན་རིག་འབྲས་བུ་ཡིན་ཟེར་ན། དོན་རིག་ཉིད་གང་ཡིན། རྒྱུད་སོ་སོར་རང་རིག་གིས་རིག་པའི་གཟུགས་སྒྲ་སོགས་ཀྱི་རྣམ་པར་སྣང་བའི་མངོན་སུམ་གང་ཡིན་པ་འདི་ཉིད་ཡིན་ནོ་ཞེ་ན། ཤེས་པ་དེ་ཡོད་མོད། དེ་ནི་མཚན་ཉིད་གང་གིས་དོན་རིག་ཏུ་འཇོག་པ་ཡིན། འདི་ལ་དྲི་རྒྱུ་ཅི་ཞིག་ཡོད་དེ། ཤེས་པ་དེ་དོན་ལས་སྐྱེས་ཤིང་དོན་དང་འདྲ་བ་ལས་དོན་རིག་ཏུ་འཇོག་པ་ཡིན་ཞེ་ན། གཉིས་པ་ལ་གསུམ་སྟེ། འདྲ་བ་ཙམ་གྱིས་སྒྲུབ་པ་དགག །སྐྱེས་ལ་འདྲ་བས་སྒྲུབ་པ་དགག །ངེས་དང་བཅས་པས་སྒྲུབ་པ་དགག་པའོ། །དང་པོ་ནི། དོན་དང་འདྲ་བ་ཆོས་ཅན། དོན་རིག་གི་མཚན་ཉིད་མིན་པར་ཐལ། དོན་རིག་འཇོག་པ་ལ་འཁྲུལ་པར་འགྱུར་བའི་ཕྱིར་ཏེ། རྟགས་འོག་ནས་བསྒྲུབ་བོ། །དོན་མྱོང་བ་མ་གཏོགས་པའི་མྱོང་བ་མེད་ཅིང་དོན་མྱོང་བ་ཡང་མེད་ན་མྱོང་བ་གཏན་མེད་དུ་འགྱུར་རོ་སྙམ་དུ་བསམས་ནས། འོན་ཏེ་དོན་སྣང་གི་ཤེས་པ་འདི་མྱོང་བ་ཡིན་ཞེས་བྱ་བ་དེ་དོན་གང་མྱོང་བ་ལས་འགྱུར་ཞེ་ན། དོན་སྣང་གི་ཤེས་པས་དོན་གང་མྱོང་བ་ལས་མྱོང་བར་འཇོག་པ་ཡིན་ཞེས་པ་འདི་ནི་ཆོས་ཅན། ངེད་ལ་དྲི་བྱ་མ་ཡིན་གྱི། དོན་རིག་འདོད་པ་ཁྱོད་ཀྱིས་བརྗོད་དགོས་ཏེ། ངེད་ཀྱང་ཁྱོད་ལས་ཤེས་པར་འདོད་པས་དོན་དེ་ཉིད་གང་ཡིན་རྣམ་པར་དཔྱོད་པའི་སྐབས་ཡིན་པའི་ཕྱིར་རོ། །དཔྱད་ན་འདྲ་བ་ཉིད་ཀྱང་མི་སྲིད་དེ། འདི་ལྟར་དོན་རགས་པ་རྫས་གཅིག་ནི་མེད་པས་དེ་དང་ཤེས་པ་འདྲ་བ་མི་འཐད་ལ། རྡུལ་ཕྲན་དུ་མ་དེ་དག་ཆོས་ཅན། གང་གིས་ན་ཤེས་པ་ལ་རགས་པའི་རྣམ་པར་སྣང་བ་དེ་རང་དང་འདྲ་བར་སྐྱེད་པར་བྱེད་དེ་མི་བྱེད་པར་ཐལ། དུ་མ་ཉིད་དང་རྡུལ་ཕྲ་རབ་ཡིན་པའི་ཕྱིར་རོ། །འདོད་ན། རགས་སྣང་གི་ཤེས་པ་དེ་ནི་ཆོས་ཅན། དོན་དངོས་ཏེ་དོན་དང་འདྲ་བར་སྐྱེས་པ་མིན་པར་ཐལ། དོན་དེ་ཁྱོད་དང་འདྲ་བར་སྐྱེད་བྱེད་མིན་པ་དེའི་ཕྱིར། གལ་ཏེ་འདྲ་བ་ཡིན་ཡང་དོན་དང་འདྲ་བ་ཆོས་ཅན། དོན་དེ་མྱོང་བ་ཡི་ངོ་བོ་ཉིད་དུ་བསྒྲུབ་པ་སྟེ་འཇོག་པར་བྱེད་པར་ནུས་པ་མ་ཡིན་པར་ཐལ་ཏེ། དོན་མྱོང་བ་ལ་འཁྲུལ་པ་ཅན་ཡིན་པས་སོ། །གཉིས་པ་ནི། གལ་ཏེ་ཤེས་པ་དོན་དེ་དང་འདྲ་བ་དང་དོན་དེ་ལས་བྱུང་བ་ཙམ་དོན་མྱོང་བའི་མཚན་ཉིད་ཡིན་ནོ་ཞེ་ན། སྔོ་འཛིན་མངོན་སུམ་དེ་དང་དོན་སྔོན་པོའི་རྣམ་ལྡན་དུ་མཚུངས་པ་ཅན་གྱི་དྲན་པའི་རྣམ་པར་ཤེས་པ་ཆོས་ཅན། རང་གི་མཚུངས་པ་དེ་མ་ཐག་རྐྱེན་སྔོ་འཛིན་སྔ་མ་དེ་མྱོང་བར་འགྱུར་ཏེ། སྔོ་འཛིན་སྔ་མ་ལས་སྐྱེས་ལ་འདྲ་བ་ཡིན་པའི་ཕྱིར་རོ། །ཐམས་ཅད་དུ་འདྲ་བ་མེད་པས་སྐྱོན་མེད་ཅེ་ན་དོན་ལའང་མཚུངས་སོ། །གསུམ་པ་ནི། གལ་ཏེ་དོན་དང་སྐྱེས་ལ་འདྲ་བའི་ཤེས་པས་ཕྱི་རོལ་གྱི་གཟུགས་སྒྲ་མཐོང་བ་དང་ཐོས་པ་ལས་དེས་དྲངས་པའི་ངེས་པའི་བློས་ནི་གཟུགས་འདི་མཐོང་ངོ་། །སྒྲ་འདི་ཐོས་སོ་ཞེས་བྱ་བར་ཡུལ་གང་ལ་ངེས་པའི་དོན་དེ་སྐྱེས་ལ་འདྲ་བའི་ཤེས་པ་དེས་མྱོང་བ་ཡིན་ལ། དེ་མ་ཐག་རྐྱེན་ལ་ངེས་ཤེས་དེ་ལྟ་བུ་མི་འཇུག་པའི་ཕྱིར་མི་མྱོང་ཞེ་ན། ཕྱི་རོལ་གྱི་གཟུགས་སྒྲ་མཐོང་བ་དང་ཐོས་པའི་རྗེས་སུ་འདི་མཐོང་ཞིང་ཐོས་ཞེས་ངེས་ཤེས་འདྲེན་ནུས་ཀྱི་ཤེས་པ་དེ་ཆོས་ཅན། རྒྱུ་མཚན་གང་གིས་དོན་རྟོགས་དེའི་སྒྲུབ་བྱེད་དེ་དོན་དེ་མཐོང་བ་ཡིན་པར་འདོད་པ་རིགས་ཏེ་མི་རིགས་པར་ཐལ། ཁྱོད་མི་སྲིད་པའི་ཕྱིར། རྟགས་གྲུབ་སྟེ། སྣང་བ་སྟེ་དོན་དང་དེ་མཐོང་བ་དེ་དག་གི་ཡུལ་དང་ཡུལ་ཅན་དུ་ཉེ་བ་སྟེ་འབྲེལ་པ་དེ་ཉིད་དཔྱད་བྱ་སྟེ་དགག་བྱ་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། ཕྱི་རོལ་གྱི་དོན་དང་དེ་མཐོང་བའི་བློ་དེ་དག་ཡུལ་ཡུལ་ཅན་དུ་འབྲེལ་པ་ལ་བརྟེན་ནས་ལྟ་བ་པོའི་ངེས་ཤེས་དེ་སྐྱེ་དགོས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་དེ་ཡང་ཕྱིའི་དོན་གཞན་འགའ་ཞིག་གི་མྱོང་བྱེད་མིན་ཏེ། ཁྱོད་དེའི་མྱོང་བྱེད་དེ་རང་གི་བདག་ཉིད་དེ་ཡིན་པའི་ཕྱིར་རོ། །འོ་ན་ཤེས་པ་ལ་སྔོ་སོགས་ཐ་དད་ལྟར་སྣང་བ་འདི་ཅི་ཡིན་ཞེ་ན། དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་ཀྱི་ཉམས་སུ་མྱང་བར་བྱ་བ་དོན་གཞན་མེད་དེ། ཁྱོད་ཀྱིས་མངོན་སུམ་དུ་སོ་སོར་རིག་པར་བྱ་བར་སྣང་བ་འདི་ཡང་ཤེས་པ་རང་ཉིད་དེ་ཡི་མངོན་སུམ་དུ་སྣང་བ་དེ་ནི་བདག་ཉིད་ཡིན་གྱི། གཟུང་འཛིན་དུ་བདེན་པས་དེ་ལྟར་སྣང་བ་མིན་པ་དེས་ན་སྟེ་དེའི་ཕྱིར་རོ། །དེས་ནི་གཟུང་བས་སྟོང་པ་བསྟན་ལ། སྔོ་འཛིན་སོགས་ཤེས་པ་དེ་ལའང་ཆོས་ཅན། དེ་དག་མྱོང་བར་བྱེད་པ་དོན་གཞན་ཡོད་པ་མིན་ཏེ། ཁྱོད་མྱོང་བྱེད་དོན་གཞན་གྱི་གཟུང་བྱར་འདོད་པ་དེར་ཡང་ཤེས་པས་དོན་རིག་པ་འགོག་པའི་བརྩད་པ་མཚུངས་པའི་ཕྱིར་ཏཾེ། དེས་འཛིན་པས་སྟོང་པ་བསྟན་ནོ། །དེས་ན་ཤེས་པ་དེ་ནི་ཆོས་ཅན། རང་ཉིད་གསལ་བའི་རང་རིག་པ་ཙམ་ཡིན་ཏེ། མྱང་བྱ་དོན་གཞན་དང་མྱོང་བྱེད་དོན་གཞན་མེད་པའི་ཤེས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་སྔོ་སོགས་སྣང་བའི་ཤེས་པས་ཕྱི་རོལ་གྱི་སྔོ་སོགས་མྱོང་བར་གྲགས་པ་དང་འགལ་ལོ་ཞེས་ན། སྔོ་སོགས་ཀྱི་རང་བཞིན་ཏེ་རྣམ་པ་ཉམས་སུ་མྱོང་བའང་དེ་ཆོས་ཅན། རང་གི་ངོ་བོ་མྱོང་བར་གྱུར་ཀྱང་སྔོ་སོགས་མྱོང་བར་སྣང་བ་ལས་དེ་ལྟར་གྲགས་པ་ཡིན་ཏེ། ཁྱོད་དེའི་དངོས་ཏེ་རྗེས་ཀྱི་ངེས་ཤེས་ཀྱི་ངོར་སྔོ་སོགས་སུ་ཞེན་པའི་ཕྱིར་རོ། །ཤེས་པ་ཆོས་ཅན། རང་རིག་ཏུ་མི་འཐད་པར་ཐལ། རང་ལ་རིག་བྱ་རིག་བྱེད་གཉིས་མེད་པའི་ཕྱིར་ཞེ་ན། སྔོ་སོགས་སུ་སྣང་བའི་བློ་ཡང་ཆོས་ཅན། རིག་བྱ་རིག་བྱེད་དོན་གཞན་མེད་ཀྱང་བདག་ཉིད་རིག་པ་ཅན་ཡིན་ཏེ། རང་ཉིད་རིག་པའི་ངོ་བོར་སྐྱེས་པའི་ཕྱིར་དཔེ་ཇི་ལྟར་ན་གསལ་བྱེད་དེའི་བདག་ཉིད་དུ་སྐྱེས་པའི་ཕྱིར་ན་གསལ་བྱེད་སྒྲོན་མེ་དེ་རབ་ཏུ་གསལ་བའི་ངོ་བོར་སྐྱེས་པ་ན་རང་ལ་གསལ་བྱ་གསལ་བྱེད་གཉིས་མེད་ཀྱང་རང་གི་ངོ་བོ་གསལ་བྱེད་དུ་འདོད་པ་དེ་ལྟར་རོ། །བཞི་པ་ནི། གལ་ཏེ་སྔོ་སོགས་སྣང་བའི་བློ་དེ་ཡི་རིག་བྱ་སྔོ་སོགས་སྣང་བའི་ཤེས་པ་དེ་ལས་དོན་གཞན་ཡིན་ན། སྔོ་སོགས་སུ་སྣང་བ་དང་དེར་སྣང་གི་ཤེས་པ་ཆོས་ཅན། ཚོར་བྱ་ཚོར་བྱེད་དེ་མྱོང་བྱ་མྱོང་བྱེད་འཐད་པ་དཀའ་བར་ཐལ། དོན་གཞན་ཡིན་པའི་ཕྱིར་རོ། །འོ་ན་ཐ་དད་དུ་སྣང་བ་དང་འགལ་ལོ་ཞེ་ན། སྔོ་སོགས་སྣང་བའི་བློ་ཆོས་ཅན། རིག་བྱ་གཟུང་བ་དང་རིག་བྱེད་འཛིན་པའི་རྣམ་པ་དོན་གཞན་དུ་མེད་ཀྱང་འཁྲུལ་ངོར་ཐ་དད་དུ་སྣང་བ་མི་འགལ་ཏེ། གཉིས་སྣང་གི་བག་ཆགས་ཀྱིས་དེ་ལྟར་སྣང་བའི་ཕྱིར། དཔེར་ན་སྐྲ་སོགས་སྣང་བའི་ཤེས་པའི་གཟུང་འཛིན་ཐ་དད་དུ་མེད་ཀྱང་ཐ་དད་དུ་སྣང་བ་བཞིན་ནོ། །ལྔ་པ་ནི། འོ་ན་བློ་དེ་དོན་ལ་གཟུང་འཛིན་དུ་འཇོག་པའི་མཚན་ཉིད་ཅི་ཡིན་ཞེ་ན། དོན་སྣང་གི་བློ་ཆོས་ཅན། འཁྲུལ་ངོ་ལ་ལྟོས་ནས་གཟུང་འཛིན་གྱི་རྣམ་གཞག་བྱེད་པ་དེའི་ཚེ་དོན་ལ་གཟུང་འཛིན་དུ་གང་གིས་འཇོག་ཅེས་གཟུང་བ་དང་འཛིན་པའི་མཚན་ཉིད་ལ་ནི་བརྩད་པ་སྟེ་བརྟག་བྱ་མིན་ཏེ། སྣང་བ་ལྟར་གྱི་རྣམ་གཞག་བྱེད་པའི་དུས་གང་གི་ཚེ་གཟུང་འཛིན་ཐ་དད་དུ་རྣམ་པ་ཕྱེ་བའི་མཚན་ཉིད་གཟུང་འཛིན་དུ་སྣང་བའི་བག་ཆགས་ཀྱིས་རྣམ་པར་བསླད་པ་ཅན་གྱི་རྣམ་པར་ཤེས་པ་འཁྲུལ་བས་མཐོང་བར་གྱུར་པ་དེ་ལྟར་འདི་གཟུང་བ། འདི་འཛིན་པ་ཞེས་གཟུང་འཛིན་འདིའི་རྣམ་པར་བཞག་པ་བློ་འཁྲུལ་པ་དེ་ཉིད་ཀྱི་ངོར་བྱས་པ་ཡིན་གྱི་དོན་ལ་མིན་པའི་ཕྱིར་རོ། །གཉིས་པ་ནི། བག་ཆགས་བརྟན་བྱུང་གི་དོན་སྣང་གི་ཤེས་པ་ཆོས་ཅན། དཔྱད་ན་རང་ཉིད་རིག་པའི་འབྲས་བུའམ་བྱ་བ་ཅན་ཡིན་པར་འདོད་དེ། རིག་པ་གང་ཞིག དཔྱད་ན་རང་ལས་གཞན་རིག་པ་མེད་པའི་ཕྱིར་ཏེ། རིག་བྱ་ཕྱི་རོལ་གྱི་དོན་བཀག་ཟིན་པ་དེས་ན་སྟེ་དེའི་ཕྱིར། འདིར་སེམས་ཙམ་པས་བག་ཆགས་བརྟན་བྱུང་གི་དབང་ཤེས་དང་། བག་ཆགས་མི་བརྟན་པའི་དབང་ཤེས་གཉིས་དཔྱད་ན་རང་རིག་ཏུ་མཚུངས་པས་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པར་མཚུངས་ཀྱང་། སྤྱིར་རང་རིག་མངོན་སུམ་དུ་འདོད་མི་འདོད་ཀྱི་ཁྱད་པར་ཡོད་དེ། སྔ་མ་ཚད་མ་ཡིན་ཞིང་ཕྱི་མ་ཚད་མ་མིན་པའི་ཕྱིར་རོ། །སྔ་མ་ཚད་མར་འདོད་པའི་ཚུལ་ཡང་ཐ་སྙད་དུ་དོན་གཉེར་སྐྱེས་བུའི་འཇུག་ཡུལ་ལ་མི་བསླུ་བའི་ཆ་ནས་འདོད་པ་ཡིན་ལ། དེའི་ཚེ་དབང་པོའི་མངོན་སུམ་དང་རང་རིག་མངོན་སུམ་གྱི་གཞི་མཐུན་དུ་འདོད་དེ། དམིགས་བརྟག་ལས་དབང་མངོན་གྱི་རྐྱེན་གསུམ་སེམས་ཙམ་རང་ལུགས་ལ་བྱུང་བས་དབང་མངོན་དུ་བསྙོན་མེད་དུ་འགྲུབ་ཅིང་། རིག་བྱ་དོན་གཞན་མེད་པའི་མངོན་སུམ་ཡིན་པས་རང་རིག་མངོན་སུམ་དུའང་བསྙོན་མེད་དུ་འགྲུབ་བོ། །དེ་ལྟར་བྱས་ན་སེམས་ཙམ་པའི་ལུགས་ལ་དབང་ཡིད་ཀྱི་མངོན་སུམ་ཁས་བླངས་ཀྱང་། མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །ཞེས་པའི་གཞུང་སྒྲ་ཇི་བཞིན་དུ་འཆད་པའི་ཚུལ་དེང་སང་ཁོ་བོ་འབའ་ཞིག་གི་སྤྱད་ཡུལ་དུ་སྣང་ངོ་། །གཉིས་པ་སྣང་བ་ཕྱི་དོན་ཡིན་པ་བཀག་ནས་རང་རིག་འབྲས་བུར་བསྒྲུབ་པ་ལ་གསུམ་སྟེ། ཕྱི་དོན་དངོས་སུ་སྣང་ལ་སྒྲུབ་བྱེད་མེད། །སྣང་བ་ཕྱི་དོན་ཡིན་ལ་གནོད་བྱེད་ཡོད། །དེས་ན་ཚུལ་གཉིས་སྒོ་ནས་རང་རིག་གྲུབ་པའོ། །དང་པོ་ནི། གལ་ཏེ་བྱེ་བྲག་ཏུ་སྨྲ་བ་ན་རེ། རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ལྐོག་ན་མོ་མེད་མོད། ཤེས་པས་རང་དུས་སུ་སྣང་བའི་ཕྱི་རོལ་གྱི་དོན་དངོས་སུ་མྱོང་བར་གྱུར་ན་ཁྱོད་ལ་ཉེས་པ་ཅི་ཡོད་ནས་རང་རིག་འབྲས་བུར་འཆད་ཅེ་ན། ངེད་ལ་གནོད་པ་ཅི་ཡང་མེད་མོད། གནས་ལུགས་མ་ཡིན་ཏེ། ཤེས་པས་ཕྱི་རོལ་གྱི་དོན་ནི་དངོས་སུ་མྱོང་བར་གྱུར་པ་ཞེས་བྱ་བའི་ཚིག་འདི་ཉིད་ཀྱིས་ནི་དོན་ཅི་ཞིག་བརྗོད་པར་འགྱུར་བ་སྟེ་སྒྲུབ་བྱེད་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་སྒྲུབ་བྱེད་མེད་པ་མ་གྲུབ་སྟེ། བློ་ནི་དོན་དེའི་རྣམ་པ་ཅན་ཡིན་པའི་ཕྱིར་ཞེ་ན། བློ་ལ་རང་དུས་སུ་དོན་གྱི་རྣམ་པ་རྗེས་སུ་ཞུགས་པ་ཅན་དེ་ཡོད་མོད། རྣམ་པ་དེ་ནི་ཆོས་ཅན། ཁྱོད་ཕྱི་རོལ་གྱི་དོན་དངོས་སུ་ཡིན་པའམ་གཞན་བག་ཆགས་ལས་བྱུང་བའི་རྣམ་པ་ཡིན་ཞེས་བྱ་བ་འདི་ནི་དཔྱད་པར་རིགས་པ་ཡིན་པ་ལས་ཕྱི་དོན་དངོས་མ་ཡིན་ཏེ། དེ་ལ་འོག་ནས་འཆད་པའི་རིགས་པས་གནོད་པའི་ཕྱིར། ཇི་ལྟར་གནོད་ཅེ་ན། སྔོན་པོར་སྣང་བ་ཆོས་ཅན། མཐོང་བ་བློ་ཡིན་གྱི་ཕྱི་རོལ་ཡན་གར་བའི་དོན་དུ་ཡོད་པ་མིན་ཏེ། མཐོང་བའི་ཁྱད་པར་སྔོ་འཛིན་འཛིན་པ་དང་བྲལ་བ་ན་ཁྱོད་མི་འཛིན་སྔོ་འཛིན་དེ་འཛིན་ན་ཁྱོད་འཛིན་པ་སྟེ་སྔོ་འཛིན་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་རོ། །འདིར་ལྷ་དབང་གིས། གལ་ཏེ་བློ་ནི་དེ་རྣམ་ཅན། །ཞེས་པ་མདོ་སྡེ་པའི་ཕྱོགས་སྔར་བྱས་ནས་བོད་རྣམས་འདིའི་རྗེས་སུ་འབྲང་བ་ནི་གཞུང་གོང་འོག་གི་བསྟན་ཚུལ་གྱི་ནུས་པ་མ་ཐོན་པ་སྟེ། སྔ་མས་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་བཀག་ནས་རང་རིག་འབྲས་བུར་བསྒྲུབ། ཕྱི་མས་རྣམ་པ་ཉིད་ཕྱི་དོན་ཡིན་པ་བཀག་ནས་རང་རིག་འབྲལ་བུར་བསྒྲུབ་པའི་སྐབས་སོ་སོར་སྣང་བའི་ཕྱིར་དང་། གཞན་དུ་ན་ཕྱི་དོན་བཀག་ནས་རང་རིག་བསྒྲུབ་པའི་སྐབས་གཉིས་ཟློས་པར་འགྱུར་བའི་ཕྱིར་རོ། །འོ་ན་བྱེ་བྲག་སྨྲ་བས་བློ་ལ་དོན་གྱི་རྣམ་པ་ཤར་བ་མི་འཐད་པས། བློ་ནི་དེ་རྣམ་ཅན་ཞེས་པ་ཇི་ལྟར་སྦྱར་ཞེ་ན། རྣམ་པ་གཏན་མི་འདོད་པ་མ་ཡིན་ཏེ། སེམས་སེམས་བྱུང་ཐམས་ཅད་རྣམ་བཅས་སུ་འདོད་པའི་ཕྱིར་རོ། །མདོ་སྡེ་པ་དང་ཁྱད་པར་མེད་པ་མ་ཡིན་ཏེ། དོན་སྣང་གི་ཤེས་པ་ལ་ཤར་བའི་དོན་གྱི་རྣམ་པ་དེ་མདོ་སྡེ་པས་ཤེས་པའི་ངོ་བོར་འདོད་ཅིང་བྱེ་བྲག་སྨྲ་བས་དོན་གྱི་ངོ་བོར་འདོད་པའི་ཕྱིར། དེས་ན་འདིའི་ངོར་ཚུལ་གཉིས་བསྒྲུབ་པའང་བློ་གཅིག་གི་ངོ་བོར་གྱུར་པའི་ཚུལ་གཉིས་བསྒྲུབ་པ་ཡིན་གྱི། སྤྱིར་ཚུལ་གཉིས་ཙམ་ནི་བསྒྲུབ་པ་མ་ཡིན་པར་ཤེས་པར་བྱའོ། །རི་བོང་ཅལ་རྗེས་སུ་མ་འབྲངས་པར་གཞུང་ལུགས་ཆེན་པོའི་གོང་འོག་བསྒྲིགས་ནས་དཔྱོད་ཅིག གལ་ཏེ་འབྲས་བུ་རྣམ་ཤེས་རེས་འགའ་ལྡོག་པའི་རྟགས་ཀྱིས་རྒྱུ་ཕྱི་དོན་ཡོད་པར་འགྲུབ་ཅེ་ན། མེར་སྣང་གི་བློ་ནི་ཆོས་ཅན། རང་གི་བག་ཆགས་སད་བྱེད་སྔ་མ་ཡོད་མེད་ལས་སྐྱེ་མི་སྐྱེ་རྣམ་པར་ངེས་ཀྱི། ཕྱི་རོལ་གྱི་དོན་མེ་ལ་ལྟོས་ནས་སྐྱེ་མི་སྐྱེ་ངེས་པ་ནི་མ་ཡིན་ཏེ། རྣམ་རིག་ཏུ་སྨྲ་བའི་སྐབས་འདིར་འཇུག་ཤེས་སྔ་མ་འགའ་ཞིག་ནི་འཇུག་ཤེས་ཕྱི་མ་འགའ་ཞིག་གི་བག་ཆགས་རབ་ཏུ་སད་པར་བྱེད་པ་དེའི་ཕྱིར། གསུམ་པ་ནི། ཕྱི་དོན་ཡན་གར་བ་མེད་པ་དེའི་ཕྱིར། དོན་སྣང་གི་ཤེས་པ་གཅིག་ལ་ཆོས་ཅན། མ་རིག་པས་བསླད་པའི་གཟུང་འཛིན་གྱི་ཚུལ་གཉིས་སུ་སྣང་བ་ཡོད་དེ། གང་གི་ཕྱིར་ན་རང་ཉིད་ཚུལ་གཉིས་སུ་སྣང་བ་ཅན་དེ་ལྟར་མྱོང་བ་དང་ཕྱིས་ཀྱང་དེ་ལྟར་དྲན་པས་སོ། །དེ་ལྟར་ན་དོན་སྣང་གི་ཤེས་པ་ཆོས་ཅན། འདི་ཡི་རྣམ་པ་གཉིས་ལས་གཟུང་བའི་རྣམ་པ་གཞལ་བྱ། དེ་ཡོངས་སུ་གཅོད་པའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་ཉིད་ནི་འབྲས་བུ་ཡིན་ཏེ། ཚུལ་གཉིས་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། འདིར་ལྷས་འབྲས་རྟོག་དང་པོ་ཞེས་གསུངས་ཏེ། རྣམ་རིག་པའི་ལུགས་ལ་དགོངས་སོ། །གཉིས་པ་ཐ་སྙད་དོན་རིག་ཚད་འབྲས་བཤད་པ་ལ་གསུམ་སྟེ། ཚད་འབྲས་དངོས། གཞལ་བྱ་བསྒྲུབ། འབྲས་བུ་བསྒྲུབ་པའོ། །དང་པོ་ནི། གང་གི་ཚེ་ཐ་སྙད་དུ་དོན་དུ་སྣང་བའི་རྣམ་རིག་གི་ཤེས་པའི་རྒྱུར་གྱུར་པ་ཡི་ཡུལ་ཤེས་པ་ལས་གཞན་ཕྱི་རོལ་གྱི་དོན་འདོད་པའམ་མི་འདོད་པ་གྲུབ་པར་འདོད་པ་དེའི་ཚེ་དོན་སྣང་གི་ཤེས་པ་ཆོས་ཅན། ཐ་སྙད་དུ་དོན་རིག་འབྲས་བུར་རིགས་ཏེ། ཕྱི་རོལ་གྱི་དོན་འདོད་མི་འདོད་དེ་ཡི་དངོས་པོར་མ་གྲུབ་པའི་འདོད་མི་འདོད་ཀྱི་རྣམ་པ་དེ་ནི་ཕྱི་རོལ་གྱི་དོན་འདོད་མི་འདོད་དེ་ལྟར་མྱོང་བའི་སྒོ་ནས་དོན་མྱོང་བར་འཇོག་པ་ཡིན་པའི་ཕྱིར་རོ། །འདིར་ལྷས་དོན་གཞལ་བྱ་ལ་དོན་རིག་འབྲས་བུར་གྱུར་པའི་འབྲས་རྟོག་གཉིས་པ་ཞེས་གསུངས་ཏེ། རྣམ་རིག་པའི་ལུགས་ཀྱི་ཐ་སྙད་པའི་ཚད་འབྲས་ལ་དགོངས་སོ། །དོན་འདི་མ་རྟོགས་པར་འདི་ཚད་འབྲས་དང་པོའི་དོན་བསྡུར་བྱས་ནས་ཚིགས་བཅད་འོག་མ་གཉིས་ཚད་འབྲས་གཉིས་པའི་དོན་བསྡུར་འཆད་པ་ནི་སྒྲོས་ངན་གྱི་ཕྲེང་བས་མགྲིན་པ་བརྒྱན་པ་སྟེ་ཐ་སྙད་དུ་དོན་རིག་འཇོག་པ་ནི་གོང་འོག་གཉིས་ཀ་འདྲ་བའི་ཕྱིར་རོ། །རྣམ་རིག་གི་རྒྱུ་ཡུལ་གཞན་ཡིན་པ་ཡང་ཐ་སྙད་དུ་ཡིན་ཏེ། དམིགས་བརྟག་ཏུ་སྣང་བའི་དམིགས་རྐྱེན་གསུངས་པ་དང་དོན་གཅིག་གོ །གཉིས་པ་ནི། གང་གི་ཚེ་ཤེས་པ་རང་ཉིད་ཀྱིས་མ་གཟུང་བའི་རྣམ་པ་དེ་ཉིད་ཀྱིས་ཕྱི་རོལ་གྱི་དོན་དུ་ནི་གཞག་ཅིང་། ཐ་སྙད་འདོགས་པའི་ཕྱིར་ཤེས་པ་ཡུལ་གཞན་དང་བཅས་པ་ལྟ་བུར་འཇོག་གི ཡུལ་དུ་སྣང་བ་དོན་གྱིས་སྟོང་པ་དེའི་ཚེ་ཆོས་ཅན། ཕྱི་དོན་གཞལ་བྱར་འཇོག་རིགས་ཏེ། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་ཉམས་སུ་མྱང་བྱ་གཟུང་བའི་རྣམ་པ་གང་ཡིན་པ་དེ་ཉིད་ལ་རྗེས་ཀྱི་ངེས་ཤེས་ཀྱིས་ཕྱི་རོལ་གྱི་དོན་དུ་རྣམ་པར་ངེས་པ་སྟེ་ཞེན་ཅིང་གཞག་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་དོན་སྣང་གི་ཤེས་པ་འདི་ཆོས་ཅན། ཐ་སྙད་དུ་དོན་རིགས་འབྲས་བུར་རིགས་ཏེ། བདག་ཉིད་འདོད་པའི་རྣམ་པ་དང་རྣམ་པ་གཞན་མི་འདོད་པ་ཉིད་དུ་སྣང་བ་མྱོང་བར་གྱུར་ན་འདོད་པའམ་མི་འདོད་པའི་རྣམ་པ་མྱོང་བ་དེས་ཀྱང་ཐ་སྙད་དུ་ཕྱི་རོལ་གྱི་དོན་རིག་པར་ནི་གྱུར་ཏོ་ཞེས་འཇོག་པར་འགྱུར་བ་ཡིན་པའི་ཕྱིར། གསུམ་པ་ཕྱི་དོན་ཡོད་ཀྱང་རང་རིག་འབྲས་བུར་གྲུབ་བ་ལ་གསུམ་སྟེ། རང་རིག་འབྲས་བུ་ཡིན་པར་གྲུབ། །གཟུང་རྣམ་ཚད་མ་ཡིན་པར་བསྒྲུབ། །ཕྱི་དོན་གཞན་བྱ་ཡིན་པར་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། ཕྱི་དོན་མྱོང་ན་ཧ་ཅང་ཐལ། །དེ་ཡི་ཉེས་སྤོང་རིམ་པར་དགག །དེས་ན་རང་རིག་འབྲས་བུར་གྲུབ་པའོ། །དང་པོ་ནི། མདོ་སྡེ་པ་ལྟར་ཕྱི་དོན་ལྐོག་ན་མོའམ། རྣམ་རིག་པ་ལྟར་ཐ་སྙད་དུ་ཕྱི་རོལ་གྱི་དོན་ནི་ཡོད་ན་ཡང་དོན་སྣང་གི་ཚད་མ་ཆོས་ཅན། བློ་རང་ཉིད་འདོད་མི་འདོད་སོགས་ཀྱི་རྣམ་པར་ཇི་ལྟར་ཉམས་སུ་མྱོང་བའི་རང་རིག་པ་ཉིད་དེ་ལས་དོན་ཡང་འདོད་མི་འདོད་སོགས་དེ་ལྟར་དུ་ངེས་པའི་བདག་ཉིད་དུ་འཇོག་དགོས་ཀྱི། དོན་རང་རིག་ངོ་བོ་ཇི་ལྟ་བ་བཞིན་དུ་མྱོང་བ་མ་ཡིན་ཏེ། གལ་ཏེ་ཡིན་ན་དོན་གཅིག་ལ་འདོད་མི་འདོད་སོགས་དུ་མའི་བདག་ཉིད་དུ་ཐལ། སྐྱེས་བུ་ཐ་དད་ཀྱི་བློ་ལ་འདོད་མི་འདོད་དུ་མར་སྣང་བའི་ཕྱིར་ཞེས་པའི་སྐྱོན་ཡོད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དོན་གཅིག་པོ་དེ་ཡང་འདོད་མི་འདོད་དུ་མའི་བདག་ཉིད་དུ་ཁས་བླངས་པས་སྐྱོན་མེད་དོ་ཞེ་ན། ཡང་དོན་གཅིག་ལ་འདོད་མི་འདོད་སོ་སོར་སྣང་བའི་སྐྱེས་བུ་གཉིས་ཆོས་ཅན། འདོད་མི་འདོད་གཉིས་པོ་དག་ཐ་དད་པ་རེ་རེར་ནི་མྱོང་བར་མི་འགྱུར་བ་རེ་རེས་ཀྱང་འདོད་མི་འདོད་གཉིས་ཀ་མྱོང་བར་ཐལ། དོན་དེ་འདོད་མི་འདོད་གཉིས་ཀར་ཁྱོད་ཀྱི་སྣང་རུང་ཡོད་པའི་ཕྱིར། གལ་ཏེ་མ་མཐོང་བའི་ལས་ཀྱིས་འདོད་མི་འདོད་གང་རུང་གཅིག་བསྒྲིབས་པའི་ཕྱིར་རེ་རེས་གཉིས་ཀ་མྱོང་བ་མིན་ཞེ་ན། ལྟ་བ་པོ་ཐ་དད་ཀྱི་བློ་ཆོས་ཅན། དོན་གྱི་དབང་གིས་དོན་ཇི་ལྟ་བ་བཞིན་དུ་རྟོགས་པར་མི་འགྱུར་བར་ཐལ། དོན་འདོད་མི་འདོད་གཉིས་སུ་ཡོད་པ་ལ་ཁྱོད་ཀྱིས་གང་རུང་གཅིག་ཏུ་རྟོགས་པའི་ཕྱིར་རོ། །གཞན་ཡང་མ་མཐོང་བའི་ལས་དེ་ཆོས་ཅན། ཇི་ལྟར་ན་དོན་ཇི་ལྟ་བ་བཞིན་དུ་མཐོང་བར་བྱེད་པར་འགྱུར་བ་ཡིན་ཏེ་མིན་པར་ཐལ། འདོད་མི་འདོད་དུ་མའི་བདག་ཉིད་ཀྱི་དངོས་པོ་དེ་ལ་གང་རུང་གཅིག་ཁོ་ན་ཡི་བདག་ཉིད་དུ་མཐོང་བར་བྱེད་པ་དེའི་ཕྱིར་རོ། །གལ་ཏེ་དོན་གཅིག་ལ་འདོད་པ་དང་མི་འདོད་པ་དུ་མར་སྣང་བ་ནི་རྟོག་པ་ཡིན་གྱི་དོན་བློ་དབང་ཤེས་མིན་པས་དབང་ཤེས་ཀྱིས་དོན་ཇི་ལྟ་བ་བཞིན་འཛིན་ཞེ་ན། དབང་པོའི་སེམས་དེ་ལའང་ཆོས་ཅན། དོན་གཅིག་དུ་མར་སྣང་བ་མེད་པ་མིན་པར་ཐལ། འཆི་ལྟས་དང་མིག་སེར་ལ་སོགས་པའི་དབང་གིས་དོན་གཅིག་པོ་ལྔར་མཐོང་བ་བཞིན་དུ་མཚམས་སྦྱོར་བ་མེད་པར་ཕྱིས་དོན་གཅིག་པོ་དེ་རྣམ་པ་གཞན་དུ་མཐོང་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དོན་ཡོད་ཀྱང་ཇི་ལྟ་བ་བཞིན་མྱོང་བ་མེད་པ་དེའི་ཕྱིར་དོན་སྣང་གི་ཚད་མ་ཆོས་ཅན། ཕྱི་རོལ་གྱི་དོན་གཞལ་བྱར་ཁས་ལེན་པའི་ལུགས་ལའང་རང་ཉིད་ཉམས་སུ་མྱོང་བ་ཁོ་ནའི་འབྲས་བུ་ཅན་ཡིན་པར་རིགས་ཏེ། གང་གི་ཕྱིར་ན་ཅི་ལྟར་བློ་འདིའི་རང་བཞིན་འདོད་མི་འདོད་སོགས་སུ་སྣང་བ་དེ་ལྟར་དོན་ནི་འདོད་མི་འདོད་དུ་རྣམ་པར་ངེས་པ་སྟེ་འཇོག་པ་ཡིན་གྱི་དོན་དངོས་སུ་མི་མྱོང་བའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། རྣམ་པ་གཉིས་ལ་ཚད་མ་ཡིན་མིན་དབྱེ། །གཟུང་རྣམ་ཚད་མ་ཡིན་པའི་སྒྲུབ་བྱེད་དགོད། །ཚད་འབྲས་གཉིས་པོ་ཡུལ་གཞན་འགྱུར་བ་སྤང་། །དོན་རིག་འབྲས་བུར་བཤད་དང་འགལ་བ་སྤང་བའོ། །དང་པོ་ནི། གལ་ཏེ་ཕྱི་དོན་གཞལ་བྱ་ལ་རང་རིག་འབྲས་བུ་ཡིན་ན་འཛིན་པའི་རྣམ་པ་ཚད་མར་འགྱུར་རོ་ཞེ་ན། ཕྱི་དོན་གཞལ་བྱར་བྱས་པ་དེའི་ཚེ་ཆོས་ཅན། དོན་དུ་སྣང་བའི་གཟུང་རྣམ་འདི་ཉིད་ནི་ཚད་མ་ཡིན་གྱི། འཛིན་རྣམ་ཚད་མ་མིན་ཏེ། ཕྱི་དོན་གཞལ་བྱར་འཇོག་པའི་སྐབས་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། འཛིན་པའི་བདག་སྟེ་རྣམ་པ་དེ་ཡོད་དུ་ཟིན་ཀྱང་ནི་ཕྱི་རོལ་གྱི་དོན་གཞལ་བྱར་བྱས་པ་ལ་ལྟོས་པར་བྱ་བ་མིན་པའི་ཕྱིར་ཏེ། དོན་གཞན་ཕྱི་རོལ་དོན་གྱི་ཡུལ་ཅན་མིན་པའི་ཕྱིར་རོ། །དོན་ནི་འདིར་ཐ་སྙད་དུ་དོན་རིག་ཡིན་ཀྱང་དཔྱད་ན་རང་རིག་ཡིན་པ་གཉིས་ཀ་འབྲས་བུར་འཇོག་དགོས་ལ། དེའི་ཚེ་གཟུང་རྣམ་གྱིས་གཉིས་ཀ་འཇོག་ནུས། འཛིན་རྣམ་གྱིས་ཐ་སྙད་དུའང་དོན་རིག་འཇོག་མི་ནུས་པའི་ཕྱིར་ཏེ། ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ་ཡིན་པའི་ཕྱིར་ཞེས་པའི་དོན་ཏོ། །གཉིས་པ་ནི། དོན་སྣང་གི་ཤེས་པ་ཆོས་ཅན། རང་ལ་སྣང་བའི་རྣམ་པ་དེ་ཉིད་རིག་པ་ལ་ཐ་སྙད་དུ་དོན་རིག་པར་འདོད་ཀྱི། འདི་ལྟར་དོན་གྱི་བདག་ཉིད་དངོས་སུ་སྣང་བ་མ་ཡིན་ཏེ། གང་གི་ཕྱིར་ན་ཇི་ལྟར་དོན་གྱི་རྣམ་པའི་བདག་ཉིད་དེ་ཤེས་པ་ལ་གཙང་མི་གཙང་ལ་སོགས་པར་གནས་པ་སྟེ་སྣང་བ་དེ་ལྟ་བུར་དོན་འདི་ནི་གཙང་མི་གཙང་སོགས་དེ་ལྟར་གནས་སོ་ཞེས་ངེས་པ་སྟེ་འཇོག་པར་བྱེད་པའི་ཕྱིར་རོ། །ཁྱབ་སྟེ། རྣམ་པ་རིག་པ་དེ་བདག་ཉིད་རིག་པ་ཡིན་པ་དེའི་ཕྱིར་རོ། །དེས་ན་དོན་རིག་བཏགས་པ་བ་དེ་ཡི་སྒྲུབ་བྱེད་ནི་བློ་ལ་ནི་གནས་པའི་དོན་དང་འདྲ་བ་དེ་ཡིན་ལ། དོན་འདྲ་བ་དེ་ཡི་བྱ་བ་ཐ་སྙད་དུ་དོན་རིག་པ་དང་དཔྱད་ན་རང་རིག་པ་དེ་ཡིན་ཏེ། གང་གི་ཕྱིར་ན་ཇི་ལྟར་དོན་གྱི་རྣམ་པ་དེ་ནི་བློ་ལ་ཇི་ལྟར་གནས་པ་སྟེ་སྣང་བ་དེ་ལྟར་རྣམ་པ་དེ་རིག་པའི་རང་རིག་རབ་ཏུ་གསལ་བར་སྣང་བའི་ཕྱིར་རོ། །གསུམ་པ་ནི། འོ་ན་ཕྱི་དོན་གཞལ་བྱར་བྱས་པའི་ཚེ་ཚད་འབྲས་གཉིས་ཡུལ་ཐ་དད་དུ་ཐལ། ཚད་མ་དོན་འདྲ་བ་ཡིན་པས་དོན་ལ་འཇུག འབྲས་བུ་རང་རིག་ཡིན་པས་རང་གི་ངོ་བོ་ལ་འཇུག་པའི་ཕྱིར་ཞེ་ན། ཚད་འབྲས་གཉིས་ཆོས་ཅན། ཡུལ་ཐ་དད་པའང་མིན་ཏེ་དཔྱད་ན་རང་རིག་ཡིན་ཡང་ཐ་སྙད་དུ་དོན་རིག་ཏུ་འདོད་པ་དེ་ཡི་ཕྱིར་ཏེ། ཁྱོད་གཉིས་ལ་སྣང་བའི་རྣམ་པ་དེ་ཐ་སྙད་དུ་དོན་དུ་འཇོག་ཅིང་དཔྱད་ན་ཁྱོད་དེ་ཡི་བདག་ཉིད་ཡིན་པའི་ཕྱིར། བཞི་པ་ནི། གཟུང་རྣམ་ཚད་མར་བྱས་པ་ལ་འདི་རང་རིག་འབྲས་བུར་འཇོག་ན་སྔར་དོན་རིག་འབྲས་བུར་བཤད་པ་དང་འགལ་ལོ་ཞེ་ན། དོན་སྣང་གི་ཤེས་པ་ཆོས་ཅན། རང་གི་ངོ་བོ་སྟེ་གནས་ཚུལ་དཔྱོད་པ་ན་རང་རིག་འབྲས་བུ་ཡིན་པར་བཤད་དེ། སྔར་དོན་རིག་དུ་བཤད་པ་དེ་ཡང་རང་གི་བདག་ཉིད་རིག་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཅིའི་ཕྱིར་ཕྱི་དོན་གཞལ་བྱར་འཇོག་སྟེ་མི་འཐད་པར་ཐལ། དོན་ཡོད་ཀྱང་ཅི་ལྟ་བ་བཞིན་དུ་མྱོང་བ་མེད་པའི་ཕྱིར་ཞེ་ན། མདོ་སྡེ་པ་ལྟར་ཤེས་པ་ཕྱི་དོན་དེ་དང་འདྲ་བ་སྟེ་དེའི་དབང་གིས་རྣམ་པ་ཤར་བའམ། རྣམ་རིག་པ་ལྟར་གཞན་བག་ཆགས་དང་འདྲ་བ་སྟེ་དེའི་དབང་གིས་རྣམ་པ་ཤར་བའམ་རུང་། དོན་སྣང་གི་ཤེས་པ་ཆོས་ཅན། ཕྱི་རོལ་གྱི་དོན་ནི་གཞལ་བྱ་ཉིད་དུ་འདོད་དེ། དོན་གྱི་རྣམ་པ་དེ་ལྟར་སྣང་བ་ཡི་རྒྱུ་ནི་ཕྱིར་རོལ་གྱི་དོན་ཡང་ཡིན་པས་ན་སྟེ་དེའི་ཕྱིར་ཏེ། སྔ་མ་ལྟར་ན་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པས་རྒྱུ་མཚན་ཉིད་པ་ཡིན་ཞིང་། ཕྱི་མ་ལྟར་ན་སྣང་བའི་དམིགས་རྐྱེན་ཡིན་པས་ཐ་སྙད་དུ་རྒྱུ་ཡིན་པའི་ཕྱིར་རོ། །གཞན་འདྲ་ཞེས་པའི་དོན་རྒྱ་གར་བ་ཁ་ཅིག མི་འདྲ་ཞེས་འཆད་པ་ནི་ཡི་གེའི་དོན་མ་ཡིན་ཞིང་། འདྲ་བ་རྣམ་ཤར་གྱི་དོན་ཡིན་པས་དེ་ནི་ཕྱིའམ་གཞན་ལས་ཞེས་པའི་སྐབས་ཀྱི་གཞན་དང་དོན་གཅིག་པར་ཤེས་པར་བྱའོ། །སྦྱོར་ཚུལ་འདིའང་གཞན་གྱིས་མ་རྟོགས་པར་སྣང་ངོ་། །དོན་སྣང་གི་ཤེས་པ་དེ་ཆོས་ཅན། ཇི་ལྟར་དོན་འཛིན་ཏེ་མི་འཛིན་པར་ཐལ། དོན་གྱི་དངོས་པོ་དངོས་སུ་སྣང་བ་མེད་པར་རྣམ་པ་སྣང་བ་ཅན་ཡིན་པའི་ཕྱིར། དཔེ་ཇི་ལྟར་ན་རྨི་ལམ་ལ་སྣང་བའི་རྟ་གླང་སོགས་ཀྱི་རྣམ་པ་འགའ་ཞིག་ལྟར་རོ་ཞེ་ན། དོན་སྣང་གི་ཤེས་པ་ཆོས་ཅན། དཔྱད་ན་ཕྱི་དོན་མི་འཛིན་པ་བདེན་ཏེ། དཔྱད་ན་ཕྱི་དོན་འཛིན་པ་དེ་འདྲ་ངས་ཀྱང་མི་ཤེས་སོ་སྟེ་མི་འདོད་པའི་ཕྱིར་རོ། །བྱ་བ་སྒྲུབ་པར་བྱེད་ཅེས་ཏེ་ཞེས་པ་ནས་འདིའི་བར་གྱིས། བྱ་དང་བཅས་པར་རྟོགས་པའི་ཕྱིར། །ཞེས་དང་། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་དང་། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་དང་། ཡུལ་གྱི་སྣང་བ་ཉིད་འདི་ཞེས་པས་བསྟན་པའི་ཚད་འབྲས་བཞི་རིམ་པ་བཞིན་དུ་བཤད་པར་ཤེས་པར་བྱའོ། །བཞི་པ་རྣམ་པ་བརྫུན་ཡང་རང་རིག་འབྲས་བུ་གྲུབ་པ་ལ་གཉིས་ཏེ། རྣམ་པ་བརྫུན་པས་དེ་ལ་རང་རིག་མིན། །བདག་ཉིད་འཇལ་ཚེ་རང་རིག་ཚད་འབྲས་གྲུབ་པའོ། །དང་པོ་ལ་བཞི་སྟེ། གཟུང་འཛིན་རིག་གསུམ་མེད་ཀྱང་འཁྲུལ་ངོར་སྣང་། །སྣང་བ་དེ་ལ་ཚད་འབྲས་གཞལ་གསུམ་གཞག །སྣང་བ་དེ་ཉིད་བདེན་པར་གྲུབ་པར་དགག །བདེན་པ་མེད་ན་འཁྲུལ་པའང་མེད་པ་སྤང་བའོ། །དང་པོ་ནི། ཀུན་བཏུས་སུ། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་ནི་དེ་ཡི་འབྲས། །འཛིན་རྣམ་རིག་པའོ་དེ་ཡི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་པའི་དོན་འཆད་པ་སྟེ། ཕྱི་རོལ་གྱི་དོན་མེད་ན་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་ཇི་ལྟར་རུང་ཞེ་ན། དོན་སྣང་གི་བློ་ཆོས་ཅན། དོན་ལ་ཚད་འབྲས་གཞལ་གསུམ་ཐ་དད་དུ་མེད་དེ། ཁྱོད་ཀྱི་བདག་ཉིད་གཅིག་ལ་གཟུང་འཛིན་རིག་གསུམ་རྣམ་པར་དབྱེར་མེད་ཀྱང་། མ་རིག་པས་འཁྲུལ་པའི་མཐོང་བ་ཕྱིན་ཅི་ལོག་གི་སྐྱེས་བུ་རྣམ་ཀྱིས་ཁྱོད་ལ་གཟུང་བའི་རྣམ་པ་དང་། འཛིན་པའི་རྣམ་པ་དང་། མྱོང་བ་འབྲས་བུ་དག་ཐ་དད་པ་དང་ལྡན་པ་བཞིན་དུ་རྟོག་པར་འགྱུར་བའི་ཕྱིར་ཏེ། དཔེར་ན་དབང་པོ་སྔགས་དང་སྨན་སོགས་ཀྱིས་བསླད་པ་རྣམས་ལ་འཇིམ་དུམ་དང་སྡེའུ་སོགས་རྟ་གླང་སོགས་དེ་ཡི་གཟུགས་དང་བྲལ་བ་ཡང་འཇིམ་དུམ་སོགས་ལས་རྣམ་པ་གཞན་རྟ་གླང་སོགས་སུཾ་སྣང་བ་བཞིན་ནོ། །གལ་ཏེ་རྟ་གླང་ཉིད་དུ་སྔགས་སོགས་ལས་གསར་དུ་སྐྱེས་པ་ཡིན་ནོ་ཞེ་ན། འཇིམ་དུམ་སོགས་དེ་དག་ཆོས་ཅན། རྟ་གླང་སོགས་སུ་སྐྱེས་པ་མིན་ཏེ། སྔགས་སོགས་ཀྱིས་མ་བསླད་པའི་མིག་ཅན་གྱིས་རྟ་གླང་སོགས་དེ་ལྟར་མཐོང་བ་མེད་པའི་ཕྱིར་རོ། །དཔེར་ན་ཐག་རིང་པོ་མྱ་ངམ་གྱི་ཐང་རྒྱ་ཆེ་བ་དང་ཁོད་སྙོམས་པ་ན་རྫས་ཆུང་ངུ་ཡང་ཆེན་པོར་སྣང་བ་ན་ཆུང་ངུ་ཆེན་པོ་སྐྱེས་པ་མིན་པ་བཞིན་ནོ། །གཉིས་པ་ནི། དོན་སྣང་གི་བློ་གཅིག་ཆོས་ཅན། ཁྱོད་ལ་ཐ་སྙད་དུ་ཚད་འབྲས་གཞལ་གསུམ་འཇོག་པ་མི་འགལ་ཏེ། ཁྱོད་ལ་གཟུང་བའི་རྣམ་པ་དང་། འཛིན་པའི་རྣམ་པ་དང་། རང་རིག་པའི་རྣམ་པ་དག་དོན་ལ་ཐ་དད་དུ་ཡོད་པ་མིན་ཡང་། དེ་གསུམ་ལ་རིམ་པ་ལྟར་གཞལ་བྱ་དང་། འཇལ་བྱེད་དེ་ཚད་མ་དང་། འབྲས་བུར་གནས་པའི་རྣམ་གཞག་བྱས་པ་འདི་ཤེས་པ་འཁྲུལ་པ་ལ་ཇི་ལྟར་རྗེས་སུ་སྣང་བ་བཞིན་དུ་བྱས་པ་ཙམ་ཡིན་གྱི་བདེན་པའི་རྣམ་གཞག་མིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། ཕྱོགས་ཆོས་བསྒྲུབ། གཏན་ཚིགས་དགོད་པའོ། །དང་པོ་ནི། བློ་གཅིག་ལ་གཟུང་འཛིན་རིག་གསུམ་ཐ་དད་དུ་སྣང་བ་འདི་མི་བདེན་བཞིན་དུ་སྣང་བ་དེ་ལྟ་མིན་པར་བདེན་ན་བློ་གཅིག་ལ་རྣམ་པ་སྣ་ཚོགས་སུ་སྣང་བ་དེ་དུ་མར་བདེན་ནམ་གཅིག་ཏུ་བདེན། དང་པོ་ལྟར་ན་བློའི་དངོས་པོ་ཆ་མེད་གཅིག་པོ་དེ་ཆོས་ཅན། ཁྱོད་ལ་སྣ་ཚོགས་ཀྱི་ངོ་བོར་སྣང་བ་ཅན་གྱི་རྣམ་པ་སྣ་ཚོགས་པ་དེ་དུ་མར་ཇི་ལྟར་བདེན་པར་འགྱུར་ཏེ་མི་བདེན་པར་ཐལ། ཁྱོད་བློ་གཅིག་གི་བདག་ཉིད་ཡིན་པའི་ཕྱིར། མ་ཁྱབ་ན། བློ་ཆོས་ཅན། ཁྱོད་གཅིག་པ་ཉིད་དེ་ཉམས་ནས་དུ་མར་ཐལ། དུ་མར་སྣང་བ་དེ་དུ་མར་བདེན་པའི་ཕྱིར་རོ། །ཕྱི་མ་ལྟར་ན་བློ་གཅིག་ལ་རྣམ་པ་སྣ་ཚོགས་སུ་སྣང་བ་དེ་ཆོས་ཅན། གཅིག་ཏུ་མི་བདེན་པར་ཐལ། བློ་མ་འཁྲུལ་བ་ལ་དུ་མར་སྣང་བའི་ཕྱིར། མ་ཁྱབ་ན། བདེ་སྡུག་ལ་སོགས་པ་གཞན་དང་གཞན་ལ་ཆོས་ཅན། གཞན་ཉིད་ཡིན་པ་ཉམས་པར་ཐལ། མ་ཁྱབ་པ་དེའི་ཕྱིར་རོ། །གཞན་ཡང་རྣམ་པ་དེ་དག་ཆོས་ཅན། གཅིག་གི་རང་བཞིན་དུ་བདེན་པ་མིན་པར་ཐལ། གཅིག་གི་རང་བཞིན་དུ་མཐོང་བ་མེད་པའི་ཕྱིར། ཁྱབ་སྟེ། ཚད་མའི་བློས་དངོས་པོ་ཐ་དད་མེད་པར་མཐོང་བའི་ཕྱིར་ན་ཐ་དད་མེད་པར་ངེས་པར་འགྱུར་གྱི། གཞན་དུ་ཐ་དད་མེད་པར་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་ནི། དོན་སྣང་གི་ཤེས་པ་ལ་སྣང་བའི་རྣམ་པའི་དངོས་པོ་རྣམས་ཆོས་ཅན། རིགས་པ་དག་གིས་རྣམ་པར་དཔྱད་པ་ན་དེ་ཉིད་དུ་ན་དེ་དག་བདེན་པའི་དངོས་པོར་མེད་དེ། གང་གི་ཕྱིར་ན་དེ་དག་ལ་བདེན་པའི་གཅིག་དང་དུ་མའི་རང་བཞིན་མེད་པའི་ཕྱིར། ཞེས་པ་རྣམས་ནི་རྣམ་བརྫུན་པས་དོན་སྣང་གི་ཤེས་པ་ལ་སྣང་བའི་གཟུང་རྣམ་བདེན་མེད་དུ་བསྒྲུབས་ནས། དེ་ལ་ལྟོས་པའི་འཛིན་རྣམ་དང་རང་རིག་ཀྱང་བདེན་མེད་དུ་གྲུབ་པའི་ལུགས་ཡིན་ལ། ཤེས་པ་རང་གསལ་ལ་ལྟོས་པའི་འཛིན་རྣམ་དང་རང་རིག་བདེན་པར་འདོད་པ་ནི་འོག་ནས་འབྱུང་ངོ་། །རྣམ་བདེན་བརྫུན་གྱི་ཁྱད་པར་གཞུང་ལུགས་ཆེན་པོར་འབྱུང་བའི་འཁྲུལ་བ་མེད་པ་ནི་འདི་ཁོ་ན་ཡིན་ལ། འདི་ལས་གཞན་ཚོལ་བ་ནི་ནོར་བ་ལས་མ་འདས་སོ། །བཞི་པ་ནི། གལ་ཏེ་སེམས་ཙམ་པ་འདིའི་ལུགས་ལ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་ལ་གཟུང་འཛིན་གཉིས་སུ་འཁྲུལ་བ་སྐྱེ་བ་མི་འཐད་པར་ཐལ། གཟུང་འཛིན་གཉིས་སུ་འཁྲུལ་པའི་རྒྱུ་གཟུང་འཛིན་བདེན་པ་དང་ཆོས་མཐུན་པ་མཐོང་བ་དེ་མེད་པའི་ཕྱིར་ཏེ་འགྲོ་བ་འདི་ལ་གཟུང་འཛིན་བདེན་པ་དེའི་བདག་ཉིད་གཅིག་ཀྱང་མཐོང་བ་མེད་པའི་ཕྱིར་རོ། །ཁྱབ་སྟེ། སྤྱིར་འཁྲུལ་པ་སྐྱེ་བ་ན་རྒྱུ་མེད་མིན་གྱི། ཉ་ཕྱིས་ལ་དངུལ་དུ་འཁྲུལ་བ་ལྟར་ཆོས་མཐུན་པ་ཉིད་མཐོང་བ་ལས་དོན་དེའི་བདག་མིན་ལ་དེའི་བདག་ཏུ་ཞེན་པས་འཇིག་རྟེན་པ་དག་གི་འཁྲུལ་པ་སྐྱེ་བས་ཁྱབ་པའི་ཕྱིར་རོ་ཞེ་ན། འཁྲུལ་པ་སྐྱེ་བ་ལ་སྔར་ཆོས་མཐུན་མཐོང་བས་མ་ཁྱབ་སྟེ། ཆོས་མཐུན་མཐོང་སོགས་ཅན་ཉིད་ལ་ལྟོས་པ་མེད་པར་འཁྲུལ་པ་སྐྱེ་བ་འདིའང་ཡོད་པ་ཡིན་པའི་ཕྱིར་ཏེ། ནང་གི་མ་རིག་པས་བསླད་པ་ལས་བྱུང་བ་གཟུང་འཛིན་དུ་འཁྲུལ་པ་གང་ཡིན་པ་དེ་ནི་ནང་གི་ཉེས་པ་ལས་བྱུང་བས་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་ནི་ཕྱིན་ཅི་ལོག་ཏུ་སྣང་བ་ཅན་ཡིན་པའི་ཕྱིར། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་ལ་སོགས་སྣང་བ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། འཛིན་རྣམ་བདག་ཉིད་མྱོང་བས་རང་རིག་གྲུབ། །རང་རིག་ཚད་འབྲས་ཤེས་པ་ཀུན་ལ་སྦྱར། །རང་རིག་ཚད་མར་བཤད་དང་འགལ་བ་སྤང་བའོ། །དང་པོ་ནི། འོ་ན་རྣམ་བརྫུན་པའི་ལུགས་ལ་གཟུང་རྣམ་བརྫུན་པ་ཡིན་པས་དེ་ལ་རང་རིག་བཏགས་པ་བ་ཡིན་ན་རང་རིག་མཚན་ཉིད་པའི་ཚད་འབྲས་ཇི་ལྟ་བུ་ཞེ་ན། རྣམ་པ་བརྫུན་པར་འདོད་པ་དེ་ལ་བློ་རང་ཉིད་ནི་ཆོས་ཅན། ཁྱོད་ཡོངས་སུ་གཅོད་པར་བྱེད་པའི་འཛིན་པའི་རྣམ་པར་འདོད་པ་དེ་བདག་ཉིད་རིག་པ་ཡིན་ཏེ། ཁྱོད་རང་ཡོངས་སུ་གཅོད་པའི་འཛིན་རྣམ་དེ་ཡི་བདག་ཉིད་ཡིན་པའི་ཕྱིར། དེས་ན་འཛིན་པའི་རྣམ་པ་དེ་ཆོས་ཅན། རང་རིག་པ་དེའི་སྒྲུབ་བྱེད་ཡིན་ཏེ་རང་རིག་མཚོན་པར་ནུས་པ་དེའི་ཕྱིར་རོ། །གཉིས་པ་ནི། རྣམ་པ་བརྫུན་པར་འདོད་པའི་ལུགས་ལའང་བློ་རང་གི་བདག་ཉིད་ཡུལ་དུ་གཞག་པ་ན་རང་གཞལ་བྱ་དང་དེ་ཡོངས་སུ་གཅོད་པར་བྱེད་པའི་འཛིན་རྣམ་འཇལ་བྱེད་དེ་ཚད་མ་དང་། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་གནས་པ་འདི་ནི་ཆོས་ཅན། བློ་ཀུན་ལ་སྦྱར་བར་བྱ་སྟེ། རང་རིག་མཚན་ཉིད་པའི་ཚད་འབྲས་གནས་པའི་ཕྱིར། དཔེར་ན་མདོ་སྡེ་པའི་ལུགས་ལ། འདོད་ཆགས་སོགས་གཞལ་བྱར་བྱས་པ་ན་དེ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་ཚད་འབྲས་གནས་པ་བཞིན་ནོ། །དེ་ཉིད་སྦྱོར་བ་ནི་མདོ་སྡེ་པའི་ལུགས་ཀྱི་འདོད་ཆགས་སོགས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེ་ལའང་འདོད་ཆགས་སོགས་དེ་དག་ཆོས་ཅན། རང་གི་བདག་ཉིད་མྱོང་བར་རུང་སྟེ། ཉམས་སུ་མྱོང་བའི་བདག་ཉིད་ཡིན་པའི་ཕྱིར། དཔེ་དེ་ལྟར་རྣམ་པ་བརྫུན་པར་འདོད་པའི་ལུགས་ལའང་བློ་གང་ཡིན་པ་དེ་ཆོས་ཅན། ཉམས་སུ་མྱོང་བར་བྱེད་པར་རུང་བ་ཉིད་དེ་ཚད་མ་དང་། བདག་ཉིད་གཞལ་བྱ་དང་། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུ་ཡིན་ཏེ་ཤེས་པ་ཡིན་པའི་ཕྱིར། གསུམ་པ་ནི། འཛིན་པའི་རྣམ་པའམ་རང་མྱོང་བར་རུང་བ་ཚད་མ་ཡིན་ན། སློབ་དཔོན་ཕྱོགས་གླང་གིས་རང་རིག་ཚད་མར་གསུངས་པ་དང་འགལ་ཞེ་ན། ཕྱོགས་གླང་ཆོས་ཅན། འདིར་འཛིན་རྣམ་དང་ཉམས་སུ་མྱོང་བར་རུང་བ་ཉིད་ཚད་མར་བཤད་པ་དང་ཁྱོད་ཀྱིས་རང་རིག་ཚད་མར་བཤད་པ་མི་འགལ་ཏེ། ཁྱོད་ཀྱིས་ཤེས་པ་བདག་ཉིད་ལ་འཛིན་པའི་རྣམ་པ་ཞེས་པའི་མིང་ཅན་ཤེས་པ་རང་ཉིད་ཡོངས་སུ་གཅོད་པར་བྱེད་པའི་བདག་ཉིད་ཀྱི་ཆ་དེ་ལ་རང་མྱོང་བར་རུང་བ་ཉིད་ཅེས་བྱ་བ་དང་། ཚད་མ་ཞེས་བྱ་བ་རང་རིག་པར་བྱེད་པ་ཞེས་ནི་རང་རིག་བྱེད་པའི་ཆ་ལ་རབ་ཏུ་བཤད་པའི་ཕྱིར་རོ། །མདོར་ན་སྔར་གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་བྱས་པའི་ཚད་འབྲས་དེ་ལ་རྣམ་བདེན་པས་གཟུང་རྣམ་ཤེས་པར་འདོད་པས་རང་རིག་མཚན་ཉིད་པ་འབྲས་བུར་འདོད་ལ། རྣམ་བརྫུན་པས་གཟུང་རྣམ་དོན་ཤེས་གང་དུ་ཡང་མི་བདེན་པས་རང་རིག་བཏགས་པ་བ་འབྲས་བུར་འདོད་དོ། །དེས་ན། དེ་ལ་བློ་ནི་ཡོངས་གཅོད་པ། །ཞེས་སོགས་ཀྱིས་རྣམ་བརྫུན་པའི་ལུགས་ཀྱི་རང་རིག་མཚན་ཉིད་པའི་ཚད་འབྲས་ངོས་གཟུང་བ་སྟེ། བློ་གང་ཡིན་པ་གཞལ་བྱར་བྱས་པའི་ཚེ་དེ་འགྲུབ་ཅེས་པའི་དོན་ནོ། །གཉིས་པ་རྣམ་གཞག་དེ་ཡི་སྒྲུབ་བྱེད་བཤད་པ་ལ་གཉིས་ཏེ། ཚུལ་གཉིས་སྒྲུབ་བྱེད་རིགས་པ་བཤད། །རང་རིག་སྒྲུབ་བྱེད་རིགས་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཡུལ་ཤེས་དེ་ཤེས་བཤད་དེ་བསྒྲུབ། །དུས་ཕྱིས་དྲན་པ་བཤད་དེ་བསྒྲུབ་པའོ། །དང་པོ་ལ་བདུན་ཏེ། དོགས་པ་ཡོད་མེད་བྱེ་བྲག་ཡོད་པས་བསྒྲུབ། །རྣམ་པ་མང་ཉུང་བྱེ་བྲག་ཡོད་པས་བསྒྲུབ། །ལྷན་ཅིག་དམིགས་པ་ངེས་པའི་རྟགས་ཀྱིས་བསྒྲུབ། །དབང་པོ་གསལ་དང་མི་གསལ་ཁྱད་ལས་བསྒྲུབ། །མེད་བཞིན་དཀྱིལ་འཁོར་རྣམ་པར་སྣང་བས་བསྒྲུབ། །ཉེ་རིང་བར་མའི་ཁྱད་པར་གསུམ་ལས་བསྒྲུབ། །གཟུང་ཡུལ་འགགས་ཀྱང་སྣང་བ་ཡོད་པས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། དོན་ལ་དོན་གྱི་རྣམ་པ་སྐྱེས་པས་བསྒྲུབ། །དོན་མེད་དོན་གྱི་རྣམ་པ་སྣང་བས་བསྒྲུབ་པའོ། །དང་པོ་ནི། བློ་ཚུལ་གཉིས་སུ་ཁས་བླངས་ནས་ཚད་འབྲས་གཞལ་གསུམ་འཇོག་ན་ཚུལ་གཉིས་ཉིད་ཇི་ལྟར་གྲུབ་ཅེ་ན། མདོར། ཡུལ་ཤེས་དེ་ཡི་ཤེས་པ་ཡི། །བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། །ཅེས་གསུངས་པའི་དོན་ལ་མདོ་མཛད་པ་རང་ཉིད་ཀྱི་རིགས་པ་གཉིས་དང་། བསྟན་བཅོས་མཛད་པའི་རིགས་པ་ལྔ་སྟེ་བདུན་ཡོད་པ་ལས། དང་པོ་ནི། ཡུལ་གཟུགས་སྒྲ་སོགས་རྣམས་ལས་ནི་བྱུང་བ་ཡི་རྣམ་པར་ཤེས་པ་ཐམས་ཅད་དག་ཆོས་ཅན། ཡུལ་དེ་ལས་གཞན་དབང་ཡིད་སོགས་ཁྱོད་ཀྱི་རྒྱུ་ཡིན་ན་ཡང་ཡུལ་གྱི་རྣམ་པར་སྐྱེ་བར་འགྱུར་གྱི་གཞན་གྱི་མིན་ཏེ། ཁྱོད་ཡུལ་གྱི་རྣམ་པར་སྐྱེ་བ་རྣམ་འགས་ཏེ་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་ཟས་དང་། དུས་དང་། ལས་དང་། ཕ་མ་ལ་སོགས་བུ་སྐྱེ་བའི་རྒྱུ་ཡིན་ཡང་བུ་དེ་ནི་ཕ་མ་གཅིག་གི་གཟུགས་ཀྱི་རྣམ་པ་འཛིན་པར་འགྱུར་གྱི། གཞན་ཟས་ལ་སོགས་པ་འགའི་རྣམ་པར་སྐྱེ་བ་མ་ཡིན་པ་བཞིན་ནོ། །དེས་ན་ཡུལ་གཟུགས་སོགས་དག་ནི་ཆོས་ཅན། ཡུལ་དེ་ལས་གཞན་དབང་པོ་སོགས་དང་རྣམ་ཤེས་དེའི་རྒྱུ་ཉིད་དུ་མཚུངས་ན་ཡང་ཤེས་པ་ཁྱོད་ཀྱི་རྣམ་ལྡན་དུ་སྐྱེ་བ་དེའི་ཆའི་སྒོ་ནས་ཤེས་པའི་ཡུལ་ཉིད་ཡིན་པར་འདོད་དེ་ཤེས་པ་དེ་རང་གི་རྣམ་ལྡན་དུ་སྐྱེས་པ་དེ་མེད་པར་ནི་དབང་ཡིད་སོགས་བཞིན་དུ་ཤེས་པའི་ཡུལ་དེར་མི་འགྱུར་ཞིང་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །དེས་ན་བློ་ཡུལ་གྱི་རྣམ་པར་སྣང་བའི་ཚུལ་གཉིས་པ་ཅན་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། དོན་མེད་ཕྱིར་ན་རྣམ་མེད་དོགས་པ་མེད། །དོན་དང་ལྡན་པར་འདོད་པའི་གཞན་ལན་དགག་པའོ། །དང་པོ་ནི། དོན་དང་ལྡན་པའི་སེམས་དབང་ཤེས་མ་འཁྲུལ་བ་སོགས་ལ་ནི་ཆོས་ཅན། དོན་རྣམ་མེད་པར་དོགས་པ་སྐྱེ་སྲིད་དེ། །དོན་ཉིད་དངོས་སུ་འཛིན་པར་འཁྲུལ་བའི་ཕྱིར། །དེ་ལྟ་ན་ཡང་འདས་པའི་དོན་བུམ་སོགས་ནི་འཛིན་པ་རྟོག་པ་ལ་ཆོས་ཅན། རང་ཉིད་ཡུལ་དང་ཡུལ་ཅན་གཉིས་སུ་སྣང་བས་ཚུལ་གཉིས་པ་ཅན་དུ་གྲུབ་སྟེ། ཡུལ་དང་ཡུལ་ཅན་གཉིས་སུ་སྣང་བ་ནི་ཡོད་ཅིང་། ཡུལ་དུ་སྣང་བ་རང་ཉིད་ལས་གཞན་པའི་དོན་མིན་པའི་ཕྱིར་ཏེ། རང་གི་ཞེན་ཡུལ་གྱི་དོན་དེ་འགགས་ཤིང་དོན་གཞན་ཡང་མིན་པའི་ཕྱིར་རོ། །དེས་ན་བློ་དེ་ཆོས་ཅན། རང་རིག་ཏུའང་གྲུབ་པ་ཡིན་ཏེ། རང་ཉིད་ཚུལ་གཉིས་པ་ཅན་ཡིན་པའི་ཕྱིར། གཉིས་པ་ལ་ལྔ་སྟེ། རིགས་ཀྱི་དོན་ལྡན་ཡིན་པ་དགག །ལྡན་པ་མིན་པའི་དོན་ལྡན་དགག །དེ་ལས་གཞན་པའི་དོན་ལྡན་དགག །རྣམ་པ་དོན་ལས་སྐྱེས་པ་དགག །རྣམ་པ་ཤེས་ལས་ཐ་དད་དགག་པའོ། །དང་པོ་ནི། འདས་པ་དྲན་པའི་རྟོག་པ་ལ་འདས་པའི་དོན་གྱི་གསལ་བ་འགགས་པས་མི་སྣང་ཡང་། རིགས་དོན་གཞན་མ་འགགས་པར་ཡོད་པས་དེ་སྣང་བའི་ཕྱིར། བློ་རང་ཉིད་ཡུལ་དུ་སྣང་བའི་ཚུལ་གཉིས་པར་མ་གྲུབ་ཅེ་ན། འདས་པའི་སྔོ་སོགས་དྲན་པའི་ཤེས་པ་ལ་སྣང་བ་དེ་ཆོས་ཅན། ཁ་དོག་སྔོ་སོགས་དེ་དང་ལྡན་པ་མིན་པའི་རིགས་ཀྱི་དོན་མ་ཡིན་ཏེ། སྔོ་སོགས་ཐ་དད་པ་ཅན་དུ་སྣང་བ་དེ་ཡིན་པའི་ཕྱིར། གཞན་ཡང་རིགས་དེའང་རྟག་གམ་མི་རྟག མི་རྟག་ན་དེ་ཆོས་ཅན། རིགས་སུ་མི་འགྱུར་བར་ཐལ། སྐད་ཅིག་དུ་མ་ཡིན་པའི་ཕྱིར། རྟག་ནའང་དེ་ཆོས་ཅན། ཇི་ལྟར་དྲན་པའི་ཤེས་པ་སྐྱེད་བྱེད་ཡིན་ཏེ་མིན་པར་ཐལ། རྟག་པའི་ཕྱིར། འདོད་ན་དེའི་གཟུང་ཡུལ་ཡིན་པ་ཉམས་སོ། །གཉིས་པ་ནི། དྲན་པ་དེ་ལ་འདས་པའི་དོན་གྱི་རིགས་མི་སྣང་ཡང་མི་ལྡན་པའི་འདུ་བྱེད་མིང་དང་མཚན་མ་སྣང་བ་ཡིན་ནོ་ཞེ་ན། མིང་སོགས་ཆོས་ཅན། ཁྱོད་དྲན་ཤེས་ཀྱི་གཟུང་དོན་མིན་པར་ཐལ། ཁྱོད་སྔར་ནི་མིང་སོགས་བརྗོད་ན་ཞེས་སོགས་སུ་བཀག་ཟིན་ཏོ་སྟེ་དེའི་ཕྱིར། གསུམ་པ་ནི། དྲན་ཤེས་ཀྱི་ཚུལ་འདི་ཆོས་ཅན། དོན་བདེན་པ་གཟུང་ཡུལ་དུ་ལྡན་པ་མ་ཡིན་ཏེ། གཟུང་དོན་གྱི་ནུས་པ་ལས་སྐྱེ་བར་གྲུབ་པ་མ་ཡིན་པའི་ཕྱིར་ཏེ། དོན་མེད་ཀྱང་འདོད་པ་ཙམ་དང་རྗེས་སུ་འབྲེལ་པ་ལས་སྐྱེས་པའི་ཕྱིར་རོ། །གལ་ཏེ་དྲན་ཤེས་དོན་གྱི་རྣམ་པ་ཅན་ཡིན་ཡང་། དེའི་རྒྱུ་མྱོང་བ་དེ་དོན་གྱི་རྣམ་པ་ཇི་ལྟར་ཡིན་ཞེ་ན། འདས་པ་ལ་དམིགས་པའི་རྣམ་པ་འདི་འདྲ་བའི་ཤེས་པ་ནི་ཆོས་ཅན། དེ་ཡང་སྔར་དོན་མྱོང་བ་སྟེ་རྟོགས་པ་ལས་བྱུང་སྟེ། དོན་དྲན་པ་ཡིན་པའི་ཕྱིར་རོ། །དྲན་པ་དེའི་རྒྱུ་མྱོང་བ་དེའང་དོན་གྱི་རྣམ་པས་སྟོང་པར་འདོད་ན་དྲན་པ་དེ་ཆོས་ཅན། དེ་ནི་ཇི་ལྟར་དོན་གྱི་རྣམ་པ་དེ་དང་ལྡན་པར་འགྱུར་ཏེ་མི་འགྱུར་བར་ཐལ། དྲན་པ་གང་ཞིག་དོན་གྱི་རྣམ་པ་མེད་པའི་མྱོང་བ་ལས་བྱུང་བའི་ཕྱིར་རོ། །བཞི་པ་ནི། གལ་ཏེ་དྲན་པ་མྱོང་བ་ལས་བྱུང་བ་མ་ཡིན་གྱི་དྲན་བྱའི་དོན་ལས་དངོས་སུ་སྐྱེས་སོ་ཞེ་ན། དྲན་པ་དེ་ཆོས་ཅན། རང་གི་དྲན་བྱའི་དོན་ལས་དངོས་སུ་སྐྱེ་བ་མིན་པར་ཐལ། རང་གི་དངོས་རྒྱུའི་དུས་དེའི་ཚེ་རང་གི་དྲན་བྱའི་དོན་དེ་མེད་པའི་ཕྱིར་རོ། །གལ་ཏེ་དྲན་པ་དོན་གྱི་རྣམ་པ་དང་ལྡན་པའི་རྒྱུ་མཚན་དོན་ལས་སྐྱེས་པས་ཡིན་ནོ་ཞེ་ན། དེ་ལྟར་ན་མྱོང་བ་མངོན་སུམ་ལའང་ཆོས་ཅན། དོན་གྱི་རྣམ་ལྡན་དེར་འགྱུར་ཏེ། དོན་ལས་སྐྱེས་པའི་ཕྱིར་རོ། །གཞན་ཡང་དྲན་པ་ལ་སྣང་བའི་རྣམ་པ་དེ་ནི་ཆོས་ཅན། དོན་གྱིས་དངོས་སུ་གཏད་པའི་རྣམ་པ་མིན་ཏེ་གསལ་བའི་རྣམ་པས་དབེན་པ་སྟེ་སྟོང་པའི་ཕྱིར་རོ། །ལྔ་པ་ནི། དྲན་ཤེས་ལ་སྣང་བའི་རྣམ་པ་དེ་ནི་ཤེས་པ་ལས་ཐ་དད་པའི་དོན་ཡིན་ན། རྣམ་པ་དེ་ཆོས་ཅན། དྲན་པ་པོ་རང་ཉིད་ལ་སྣང་བ་དེ་བཞིན་དུ་ཡུལ་དེ་ན་གནས་པའི་སྐྱེས་བུ་གཞན་གྱིས་ཀྱང་རྟོགས་པར་འགྱུར་བར་ཐལ། བློ་ལ་ཐ་དད་པའི་དངོས་པོ་སྣང་རུང་ཡིན་པའི་ཕྱིར། གལ་ཏེ་མ་ཁྱབ་སྟེ། དོན་ཡིན་ཡང་བདག་གི་ཡིད་ཁོ་ན་ལ་རྟག་ཏུ་ཡུལ་དུ་འབྲེལ་པ་ཡིན་པས་གཞན་གྱིས་མི་རྟོགས་ཞེ་ན་རྣམ་པ་དེ་ཆོས་ཅན། དྲན་པ་པོ་དེས་འདི་ལྟ་བུ་ཞིག་གོ་ཞེས་བརྗོད་ཀྱང་གཞན་གྱིས་རྟོགས་པར་མི་འགྱུར་བར་ཐལ། དྲན་པ་པོའི་བློ་ཁོ་ནའི་ཡུལ་དུ་འབྲེལ་བས་གཞན་གྱིས་མི་རྟོགས་པ་དེ་ཡིན་པའི་ཕྱིར་རོ། །གལ་ཏེ་འཆད་པ་པོས་བརྗོད་པ་ལས་གཞན་གྱིས་འཆད་པ་པོ་ལ་སྣང་བའི་རྣམ་པ་དེ་ཉིད་རྟོགས་པ་མ་ཡིན་གྱི། ཉན་པ་པོ་རང་གི་བློ་ལ་སྣང་བའི་དོན་གྱི་རྣམ་པ་གཞན་ཞིག་རྟོགས་སོ་ཞེ་ན། འཆད་པ་པོ་དང་ཉན་པ་པོའི་སེམས་དག་གི་ཡུལ་གྱི་དོན་ཆོས་ཅན། འཆད་པ་པོས་བཤད་པའི་དོན་དེ་ཉན་པ་པོས་གོ་བའི་དོན་གཅིག་ཏུ་མངོན་པར་ཞེན་པའི་བདག་ཉིད་ཅན་གྱིས་དོན་གཅིག་ཏུ་མཚམས་སྦྱོར་བར་ནི་མི་འགྱུར་བར་ཐལ། འཆད་ཉན་བྱེད་པའི་བློ་གཉིས་དོན་རེ་རེ་དག་ཁོ་ན་དང་འབྲེལ་ན་ནི་སྟེ་འབྲེལ་བས་གཅིག་གིས་འཛིན་པ་དེ་གཞན་གྱིས་འཛིན་མི་སྲིད་པའི་ཕྱིར་རོ། །གལ་ཏེ་འཆད་ཉན་བྱེད་པ་གཉིས་ཀྱིས་རང་ལ་སྣང་བའི་དོན་རེ་རེ་སོ་སོར་འཛིན་ཡང་དོན་དེ་དག་འདྲ་བ་ལས་གཅིག་ཏུ་འཁྲུལ་ནས་དེ་དག་གཅིག་པར་ཐ་སྙད་བྱེད་པ་ཡོད་ཅེ་ན། སྒྲ་ལས་བརྗོད་བྱ་རྟོགས་པ་དེའི་ཚེ་འཆད་ཉན་བྱེད་པའི་བློ་ཆོས་ཅན། ཕྱི་རོལ་གྱི་དོན་གཟུང་ཡུལ་དུ་མེད་པ་ཅན་དུ་འགྱུར་བར་ཐལ། རང་གཞན་ལ་སྣང་བའི་དོན་ཐ་དད་པའི་བདག་ཉིད་ཐ་དད་དུ་ཇི་ལྟར་གཟུང་སྟེ་མ་གཟུང་བར་གཅིག་ཏུ་གཟུང་བའི་ཕྱིར་ཏེ་དོན་དེ་དག་ཐ་དད་དེར་སྣང་བ་མིན་པར་གཅིག་ཏུ་ཞེན་པའི་ཕྱིར་རོ། །གཉིས་པ་རྣམ་པ་མང་ཉུང་བྱེ་བྲག་ཡོད་པས་བསྒྲུབ་པ་ལ་གསུམ་སྟེ། ཤེས་པ་དང་པོ་རྣམ་པ་གཉིས་པར་དྲན། །ཕྱི་མ་རྣམ་པ་རེ་རེས་ལྷག་པར་དྲན། །ཚུལ་དེས་རྣམ་བཅས་མི་འགྲུབ་སྨྲ་བ་དགག་པའོ། །དང་པོ་ནི། ཡུལ་ཤེས་ནི་གཟུགས་སོགས་འཛིན་པའི་མིག་གི་སོགས་ཡིན་ལ། དེའི་ཤེས་པ་ནི་དེ་ལ་དམིགས་པའི་དྲན་ཤེས་ཏེ་དེ་གཉིས་ཀྱི་རྣམ་པ་མང་ཉུང་གི་བྱེ་བྲག་ལས་ཚུལ་གཉིས་འགྲུབ་ཅེས་པ་འདིར་འཆད་དེ། ཡུལ་གཟུགས་སོགས་ཉམས་སུ་མྱོང་བའི་རྣམ་ཤེས་དེ་ཡང་ནི་ཆོས་ཅན། བློ་རང་ཉིད་ཡུལ་དུ་སྣང་བའི་ཆ་གཉིས་ལ་ནི་རྟེན་གྱུར་པ་ཡིན་ཏེ། རང་ཉིད་འཛིན་པའི་རྣམ་པ་གཅིག་གིས་ཁྱད་པར་ཅན་དུ་དེ་ཉིད་ལ་དམིགས་པའི་ཤེས་པ་ཕྱི་མ་ཡིས་དམིགས་པར་འགྱུར་བའི་ཕྱིར། ཁྱབ་སྟེ། ཤེས་པ་དེ་ཡུལ་གྱི་རྣམ་པ་ཅན་ཡིན་པ་ལས་གཞན་དུ་དེ་ཡུལ་གྱི་རྣམ་པ་ཅན་མིན་ན་ཅི་ལྟར་རང་ལ་དམིགས་པའི་ཤེས་པ་ལ་ཡུལ་གྱི་རྣམ་ལྡན་དུ་གནས་པ་སྟེ་སྣང་བར་འགྱུར་ཏེ་མི་འགྱུར་བས་སོ། །གཉིས་པ་ནི། ཤེས་པ་དང་པོ་ཚུལ་གཉིས་པ་ཅན་ཡིན་པའི་རྒྱུ་མཚན་འདི་ལྟར་ཡུལ་གཟུགས་སོགས་འཛིན་པའི་ཤེས་པ་དང་པོ་ཆོས་ཅན། ཁྱོད་དང་ཁྱོད་ལ་དམིགས་པའི་རྟོག་པ་ཕྱི་མ་དང་དེ་ལ་ཡང་དམིགས་པའི་རྟོག་པ་ཕྱི་མ་ཡེ་ཤེས་པ་རྣམས་གཟུང་བའི་རྣམ་པ་གཅིག་སྟེ། རེ་རེས་སྔ་མ་སྔ་མ་ལས་ལྷག་པ་ཉིད་ཡིན་ཏེ། ཁྱོད་དོན་གྱི་ངོ་བོས་ཏེ་རྣམ་པ་དང་ཤེས་པ་རང་ཉིད་ཀྱི་རྣམ་པ་སྟེ། རྣམ་པ་གཉིས་པ་ཅན་དུ་ཤེས་པ་གཉིས་པས་དམིགས་པ་དང་། ཤེས་པ་གཉིས་པ་དེ་ནི་རྣམ་པ་དེ་གཉིས་ཀྱི་སྟེང་དུ་བདག་གི་སྟེ་འཛིན་པའི་རྣམ་པ་དང་བཅས་པར་སྐབས་འགའ་ཞིག་ཏུ་གསུམ་པ་ཡེ་ཤེས་པ་ཡིས་ནི་རྟོགས་པར་འགྱུར་ཞིང་། དེ་བཞིན་དུ་ཤེས་པ་གསུམ་པ་ལ་སོགས་པ་ཡང་རྣམ་པ་རེ་རེས་ལྷག་པ་ཅན་དུ་ཕྱི་མས་རྟོགས་པའི་ཕྱིར་རོ། །གསུམ་པ་ལ་བཞི་སྟེ། དོན་འབྲས་ཡིན་པས་བསྲེ་ན་ཧ་ཅང་ཐལ། །དོན་དང་བསྲེ་བ་འདྲ་བ་ལས་གཞན་མིན། །འདྲ་བའི་ཕྱིར་ན་དོན་དང་བསྲེ་བ་དྲན། །གཞན་དུ་ཕྱི་མ་བསྲེ་བ་མེད་པར་ཐལ་བའོ། །དང་པོ་ནི། གལ་ཏེ་གཟུགས་སོགས་འཛིན་པའི་ཤེས་པ་ཡུལ་རྣམ་ཡིན་པའི་རྒྱུ་མཚན་གྱིས་རྗེས་ཀྱི་ཤེས་པས་ཡུལ་གྱི་རྣམ་པས་ཁྱད་པར་དུ་བྱས་ནས་འཛིན་པ་མིན་གྱི། འོན་ཀྱང་ཤེས་པ་དེ་དོན་གྱི་དངོས་འབྲས་ཡིན་པའི་རྒྱུ་མཚན་ཉིད་ཀྱིས་ཤེས་པ་དེ་དྲན་ན་དོན་ཡང་དྲན་པ་དེའི་ཕྱིར་ན་རྗེས་ཀྱི་དྲན་པ་འཁྲུལ་པ་ཡིས་བློ་དོན་བསྲེས་ནས་ཤེས་པ་དེ་དོན་གྱི་རྣམ་ལྡན་དུ་དྲན་ནོ་ཞེ་ན། འོ་ན་ཤེས་པའི་རྒྱུ་སྣང་བ་དང་ཡིད་ལ་བྱེད་པ་ལ་ཡང་ཆོས་ཅན། ཤེས་པ་ཕྱི་མས་ཤེས་པ་སྔ་མ་དྲན་པ་ན་དེ་དག་དྲན་པ་དང་དེ་དག་ཤེས་པ་སྔ་མ་དང་བསྲེས་ནས་ཤེས་པ་སྔ་མ་དེ་དག་གི་རྣམ་ལྡན་དུ་ཡང་དྲན་པ་དེར་འགྱུར་བར་ཐལ། ཤེས་པ་སྔ་མའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་ཐམས་ཅད་ཀྱང་ཆོས་ཅན། རང་གི་རྒྱུ་དང་ལྷན་ཅིག་འཛིན་པར་འགྱུར་བར་ཐལ། རང་གི་རྒྱུའི་འབྲས་བུ་ཡིན་པའི་ཕྱིར། འདོད་ན་ཤེས་པ་ཆོས་ཅན། རྫ་མཁན་དང་འཁོར་ལོ་ལ་སོགས་པ་དྲན་པ་མེད་པར་རྫའི་བུམ་པ་དྲན་པར་མི་འགྱུར་བར་ཐལ། འབྲས་བུ་ཀུན་རང་རྒྱུ་དང་ལྷན་ཅིག་འཛིན་པས་ཁྱབ་པ་དེའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཡུལ་དང་། སྣང་བ་དང་། ཡིད་བྱེད་རྣམས་ཡུལ་ཤེས་ཀྱི་རྒྱུར་མཚུངས་ན་ཡང་ཤེས་པ་དེ་ཡུལ་གྱི་རྣམ་ལྡན་དུ་དྲན་གྱི། གཞན་དེ་དག་གི་རྣམ་པར་མི་དྲན་ཏེ་ཤེས་པ་དེ་ལ་དོན་གྱིས་བྱས་པའི་ཁྱད་པར་ཡོད་པའི་ཕྱིར་ཞེ་ན། དབང་པོའི་ཤེས་པ་ནི་ཆོས་ཅན། དོན་གྱིས་བྱས་པའི་ཁྱད་པར་གང་ལས་ཁྱོད་དོན་དང་འདྲ་བ་བསྟེན་པ་སྟེ་བསྲེས་ནས་འཛིན་པའི་ཁྱད་པར་དེ་ཁྱོད་དོན་དང་འདྲ་བ་ལས་གཞན་ཅིར་འགྱུར་ཏེ་གཞན་མ་ཡིན་པར་ཐལ། འདྲ་བ་ལས་གཞན་པའི་དོན་གྱིས་བྱས་པའི་ཁྱད་པར་མེད་པའི་ཕྱིར། དོན་སྣང་གི་ཤེས་པ་ཆོས་ཅན། དོན་དང་འདྲ་བ་ལས་དོན་དུ་འཁྲུལ་པའི་དཔེ་ཡོད་དེ། མཚེ་མ་སོགས་ལ་འདྲ་བས་གཅིག་ཏུ་བསྲེ་བ་མཐོང་བའི་ཕྱིར་རོ། །དེ་ལྟ་ན་ཡང་བློ་རྣམ་བཅས་སུ་གྲུབ་བོ། །གསུམ་པ་ནི། གལ་ཏེ་ཤེས་པ་དང་པོ་ཡུལ་ཤེས་པའི་རང་བཞིན་ཡུལ་དང་ཤེས་པའི་རྣམ་པ་གཉིས་པ་ཅན་མིན་པར་འཛིན་པའི་རྣམ་པ་གཅིག་པོ་ཅན་ཡིན་ན། དེ་ལ་དམིགས་པའི་ཤེས་པ་གཉིས་པའི་རང་བཞིན་ཡང་ཆོས་ཅན། ཁྱོད་ངེས་པར་འཛིན་པ་ཡི་སེམས་ཀྱིས་ཁྱོད་དང་ཤེས་པ་དང་པོ་ཐ་དད་དུ་འབྱེད་པར་འགྱུར་བ་མ་ཡིན་པར་ཐལ། ཁྱོད་ཡུལ་གྱི་རྣམ་པ་མེད་པར་འཛིན་པའི་རྣམ་པ་གཅིག་ལ་ནི་རྣམ་པར་གནས་པར་མཚུངས་པའི་ཕྱིར་ཏེ། ཤེས་པ་དང་པོ་ལ་དོན་རྣམ་མེད་ན་གཉིས་པ་དང་ཐ་དད་དུ་མི་ཕྱེད་པའི་སྐྱོན་ཡོད་པ་དེའི་ཕྱིར། ཤེས་པ་དང་པོ་སྔོ་འཛིན་ལྟ་བུ་ཆོས་ཅན། རང་ཉིད་སྔོ་སོགས་ངོ་བོ་སྟེ་རྣམ་པར་མདུན་ན་གནས་པར་འགྱུར་བའི་བློ་ཡིན་ཏེ། དེ་ལྟར་དུ་དོན་བསྲེ་བ་དང་འབྲེལ་པ་ཅན་ཏེ། རང་ཉིད་དོན་གྱི་རྣམ་ལྡན་དུ་འཛིན་པའི་བློ་གཉིས་པས་ནི་དམིགས་པར་འགྱུར་བའི་ཕྱིར་རོ། །བཞི་པ་ནི། བློ་དོན་གྱི་རྣམ་ལྡན་ཡིན་པས་དོན་གྱི་རྣམ་ལྡན་དུ་དྲན་པ་ལས་གཞན་དུ་དོན་གྱི་དངོས་འབྲས་ཡིན་པས་དོན་གྱི་རྣམ་ལྡན་དུ་དྲན་ན་དང་པོ་སྔོ་འཛིན་ལྟ་བུ་གཅིག་པོ་ཉིད་དོན་སྔོན་པོ་ལྟ་བུ་ལས་དངོས་སུ་བྱུང་བའི་ཕྱིར། དོན་དེ་དང་འབྲེལ་པའམ་དོན་དེའི་རྣམ་ལྡན་དུ་དྲན་པར་འགྱུར་གྱི། དེ་འཛིན་པའི་ཤེས་པ་ཕྱི་མའི་ཕྱི་མ་ཆོས་ཅན། སྔོན་པོའི་རྣམ་ལྡན་དུ་རྗེས་ཀྱི་ཤེས་པས་དྲན་པ་མིན་པར་ཐལ། ཤེས་པ་སྔ་མའི་དོན་སྔོན་པོ་དང་དངོས་སུ་འབྲེལ་བ་སྟེ་སྐྱེས་པ་མཐོང་བ་མེད་པའི་ཕྱིར་རོ། །གསུམ་པ་ལྷན་ཅིག་དམིགས་པ་ངེས་པའི་རྟགས་ཀྱིས་བསྒྲུབ་པ་ལ་གཉིས་ཏེ། ཕྱི་དོན་བཀག་ནས་ཚུལ་གཉིས་བསྒྲུབ། །དོན་ལ་བརྟེན་ནས་ཚུལ་གཉིས་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། སྣང་བ་ཕྱི་དོན་ཡིན་པ་དགག །ཕྱི་དོན་གཞན་གྱི་བསྒྲུབ་བྱེད་དགག །ཕྱི་དོན་མེད་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ་གཏན་ཚིགས་དགོད། ཁྱབ་པ་བསྒྲུབ། གྲུབ་དོན་བསྡུ་བའོ། །དང་པོ་ནི། ཡུལ་སྔོ་སོགས་སུ་སྣང་བ་ནི་ཆོས་ཅན། རང་སྣང་བའི་བློ་དེ་ལས་རྫས་གཞན་ཉིད་དུ་རྣམ་པ་གང་གིས་ནི་འགྲུབ་པར་འགྱུར་ནས་མི་འགྲུབ་སྟེ། ངེས་པར་རང་སྣང་བའི་བློ་དང་ལྷན་ཅིག་ཏུ་ཅིག་ཆར་དུ་ནི་མྱོང་བར་འགྱུར་བའི་ཕྱིར། གཉིས་པ་ནི། གཏན་ཚིགས་དེ་མཐུན་ཕྱོགས་ལ་མི་འཇུག་སྟེ། ལྷན་ཅིག་ཏུ་དམིགས་ན་ཐ་དད་དུ་སྣང་བས་ཁྱབ་དེ་ལ་ཐ་དད་དུ་བདེན་པས་ཁྱབ་པའི་ཕྱིར་ཞེ་ན། སྔོར་སྣང་དབང་ཤེས་དང་དེ་ལ་རང་དུས་སུ་སྔོན་པོར་སྣང་བ་ཆོས་ཅན། ཐ་དད་དུ་སྣང་ཡང་ཐ་དད་དུ་བདེན་པ་མི་འགྲུབ་སྟེ། ཐ་དད་དུ་མི་བདེན་བཞིན་དུ་ཐ་དད་དུ་སྣང་བའི་ཕྱིར། དཔེར་ན་རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས་ཀྱི་རྣམ་པ་དོན་ལ་ཐ་དད་དུ་མེད་པར་ཐ་དད་མཐོང་བ་བཞིན་ནོ། །གལ་ཏེ་གཏན་ཚིགས་དེ་མི་མཐུན་ཕྱོགས་ལ་ཞུགས་ཏེ་སྔོན་པོར་སྣང་བ་དང་སེར་པོར་སྣང་བ་སྐབས་འགའ་ཞིག་ཏུ་ལྷན་ཅིག་ཏུ་དམིགས་པ་བཞིན་ནོ་ཞེ་ན། སྔོ་སེར་སོགས་སུ་སྣང་བ་རྫས་ཐ་དད་པ་དག་ལ་ནི་ཆོས་ཅན། ལྷན་ཅིག་ཏུ་མྱོང་བའི་ངེས་པ་ཡོད་པ་མ་ཡིན་ཏེ། གཅིག་དམིགས་པ་ལ་གཅིག་དམིགས་ཀྱིས་མ་ཁྱབ་པའི་ཕྱིར་རོ། །དེས་ན་སྔོར་སྣང་གི་ཤེས་པ་དང་སྔོར་སྣང་དེ་དག་དོན་ལ་ཐ་དད་མིན་ཏེ། སྔོ་འཛིན་མྱོང་བ་མེད་པར་དོན་སྔོན་པོའི་རྣམ་པ་འགའི་དོན་སྔོན་པོའི་རྣམ་པ་མེད་པ་ཡི་མྱོང་བ་སྔོ་འཛིན་དེ་ཡང་མྱོང་བར་འགྱུར་བ་མ་མཐོང་བ་དེས་ན་སྟེ་དེའི་ཕྱིར། གསུམ་པ་ནི། སྔོ་འཛིན་དབང་ཤེས་ལ་རང་དུས་སུ་སྣང་བ་ཡི་དོན་སྔོན་པོའི་རྣམ་པ་ནི་ཆོས་ཅན། སྔོ་འཛིན་དབང་ཤེས་ལས་དོན་གཞན་མིན་པ་བཟློག་པར་རབ་ཏུ་དཀའ་བ་ཉིད་ཡིན་ཏེ། དེ་དང་ལྷན་ཅིག་དམིགས་ངེས་ཡིན་པ་དེའི་ཕྱིར། གཉིས་པ་ནི། དོན་དུ་སྣང་བའི་རྣམ་པ་དེ་ཤེས་པ་ལས་གཞན་མིན་པར་རྣམ་བཅས་པ་དག་མཐུན་ལ། མདོ་སྡེ་པ་ནི་རྣམ་པ་དེ་ཕྱི་རོལ་དོན་གྱིས་གཏད་པར་སྨྲ་བས་དེའི་སྒྲུབ་བྱེད་དྲིས་པ་ན། དབང་པོའི་བློ་རྣམས་ཆོས་ཅན། དབང་ཡིད་ལས་ཐ་དད་པའི་ཁྱོད་ཀྱི་རྒྱུ་ནི་ཡོད་པར་རྗེས་སུ་དཔོག་པར་འགྱུར་ཏེ། རྒྱུ་གཞན་དབང་ཡིད་དག་ནི་ཡོད་ན་ཡང་ཁྱོད་རེས་འགའ་སྐྱེ་བ་མེད་པའི་ཕྱིར་ཞེས་པས་རྒྱུ་གཞན་ཡོད་པར་འགྲུབ་ལ། དེ་ཡང་ཕྱི་རོལ་གྱི་དོན་ཡིན་ནོ་ཞེ་ན། དབང་ཤེས་འཁྲུལ་བ་ཆོས་ཅན། སྔར་གྱི་རྟགས་དེ་ལས་ཁྱོད་ཀྱི་རྒྱུ་གཞན་ཞིག་ཡོད་པ་ཙམ་དུ་སྒྲུབ་ན་གྲུབ་པ་ལ་བསྒྲུབ་ཅིང་། ཕྱི་རོལ་གྱི་དོན་སྒྲུབ་ན་ཁྱབ་པ་མ་ངེས་ཏེ། གལ་ཏེ་ཁྱོད་ཀྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་དོན་སྣང་གི་བག་ཆགས་སྨིན་མ་སྨིན་གྱི་ཁྱད་པར་ལས་ཁྱོད་སྐྱེ་མི་སྐྱེ་ངེས་པར་མི་སྨྲ་ན་རྟགས་དེ་ལས་ཕྱི་དོན་འགྲུབ་པ་སྲིད་ན་ཡང་དེ་ལྟར་སྨྲ་བའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། ཕྱི་དོན་མེད་ཀྱང་བྱེད་པོ་ཤེས་བྱེད་འཐད། །ཤེས་བྱེད་བློ་སྣང་ཡིན་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཕྱི་དོན་མེད་ན་ས་བོན་ལས་མྱུ་གུ་སྐྱེ་བ་དང་། དུ་བ་ལས་མེ་དཔོག་པ་ལ་སོགས་པའི་རྣམ་གཞག་མི་རུང་བར་འགྱུར་རོ་ཞེ་ན། ས་བོན་ལས་ནི་མྱུ་གུ་སྐྱེ་བ་དང་། དུ་བའི་རྟགས་ལས་མེ་གྲུབ་པ་ཞེས་བྱ་བ་དེ་འདྲ་རིམ་པ་ལྟར་ཐ་སྙད་དུ་ཕྱི་རོལ་དོན་ལ་བརྟེན་པ་ཅན་གྱི་བྱེད་པ་པོ་དང་ཤེས་བྱེད་དུ་གནས་པའི་རྣམ་གཞག་གང་ཡིན་པ་དེ་ཡང་ཆོས་ཅན། དཔྱད་ན་ཕྱི་དོན་ལ་བརྟེན་པ་མིན་ཏེ། གལ་ཏེ་ཕྱི་རོལ་གྱི་དོན་ལ་མི་ལྟོས་པར་ས་བོན་སོགས་སུ་སྣང་བའི་བློ་རྒྱུར་གྱུར་པ་ལས་དེ་མ་ཐག་ཏུ་མྱུ་གུ་སོགས་དེ་ཡི་ངོ་བོར་སྣང་བ་དེ་ལྟར་ངེས་པར་འབྲེལ་བ་སྟེ་སྐྱེ་བའི་བློ་ལ་བརྟེན་ནས། བྱེད་པ་པོ་དང་ཤེས་བྱེད་ཀྱི་རྣམ་གཞག་རྟོགས་པར་བྱེད་ན་ཚད་མ་དང་འགལ་བ་དག་ནི་ཅི་ཞིག་ཡོད་དེ་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དེ་ལྟར་ན་དུ་བ་མེས་བསྐྱེད་པར་འགྱུར་བ་མིན་པར་ཐལ། དུར་སྣང་གི་བློ་ནི་མེར་སྣང་གི་བློས་བསྐྱེད་པ་མིན་པའི་ཕྱིར་དང་། དེ་ལས་གཞན་པའི་མེ་དུ་མེད་པའི་ཕྱིར། འདོད་ན་འབྲས་བུ་དུ་བ་ཆོས་ཅན། ཁྱོད་ལས་གཞི་འགར་རྒྱུ་མི་རྟོགས་པ་མིན་པར་ཐལ། ཁྱོད་མེས་བསྐྱེད་པ་མིན་པ་དེའི་ཕྱིར། གལ་ཏེ་དུར་སྣང་དེ་མེར་སྣང་དེའི་རྒྱུ་དག་ནི་ཡིན་པར་འདོད་ན་ཡང་དུ་བའི་རྟགས་གང་ལས་མེ་ངེས་པར་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། རྒྱུ་རྣམས་ལས་རང་གི་འབྲས་བུ་འབྱུང་བར་མ་ངེས་པའི་ཕྱིར་ཞེ་ན། སེམས་ཙམ་པའི་ལུགས་ལ་ཐ་སྙད་དུ་དུ་བས་མེ་རྗེས་སུ་དཔོག་པ་དེ་ལའང་དུ་བར་སྣང་བའི་བློ་ཆོས་ཅན། ཁྱོད་ཀྱི་རྟགས་ལས་གཞི་འགར་མེར་སྣང་གི་བག་ཆགས་གསལ་བར་སད་པ་ཅན་གྱི་མེར་སྣང་བ་ཡི་བློ་ཉིད་ནི་འབྱུང་རུང་དུ་རྟོགས་པ་སྟེ་སྒྲུབ་པར་བྱེད་པར་འགྱུར་གྱི། ཕྱི་རོལ་གྱི་མེ་དང་མེར་སྣང་གི་བློ་ད་ལྟར་ཡོད་བཞིན་པ་ཉིད་ནི་དཔོག་པ་མ་ཡིན་ཏེ། གཞི་འགར་མེར་སྣང་གི་བློ་འབྱུང་རུང་སྒྲུབ་པ་ལ་ཚུལ་གསུམ་ཚང་ཞིང་ཕྱི་རོལ་གྱི་མེ་དང་མེར་སྣང་ད་ལྟར་བསྒྲུབ་པ་ལ་ཚུལ་གསུམ་མ་ཚང་བའི་ཕྱིར་རོ། །འོ་ན་མེ་ལས་དུ་བ་སྐྱེ་བའི་རྣམ་གཞག་ཇི་ལྟ་བུ་ཞེ་ན། རྣམ་རིག་པ་ལ་ཆོས་ཅན། ཐ་སྙད་དུ་མེ་ལས་དུ་བ་འབྱུང་བའི་རྣམ་གཞག་རུང་བ་ཡིན་ཏེ། སེམས་རྒྱུད་གང་ཞིག་མེར་སྣང་བའི་བློ་དེར་བསྐྱེད་པར་རུང་བའི་བག་ཆགས་ཀྱི་སྙིང་པོ་ཅན་དེ་ཉིད་ཀྱིས་དུ་བར་ནི་སྣང་བའི་བློ་དག་གསལ་བ་སྟེ་བསྐྱེད་པའི་རྐྱེན་བྱེད་པ་དེས་ན་སྟེ་དེའི་ཕྱིར། འདིར་རྣམ་རིག་པའི་ལུགས་ལ་མེར་སྣང་གི་བག་ཆགས་དེ་མེར་སྣང་གི་བློའི་ཉེར་ལེན་དང་དུར་སྣང་གི་བློའི་ལྷན་ཅིག་བྱེད་རྐྱེན་བྱེད་པས་ཕྱི་མ་ལ་ཐ་སྙད་དུ་མེ་ལས་དུ་བ་སྐྱེ་བའི་རྣམ་གཞག་འཇོག་ཅེས་པ་སྟེ། ཕྱིར་རྒོལ་གྱི་རྒྱུད་ལ་དུར་སྣང་གི་བློའི་སྔ་རོལ་ན་མེར་སྣང་གི་བློ་མེད་ཀྱང་མེར་སྣང་གི་བག་ཆགས་ཡོད་པས་བློ་དེ་བསྐྱེད་པ་ལ་དགོངས་སོ། །གཉིས་པ་ནི། ཕྱི་དོན་ཁས་མི་ལེན་པའི་མཁས་པ་སེམས་ཙམ་པ་རྣམས་ལ་བཤད་མ་ཐག་པའི་རྩོད་པ་དང་ལན་བརྗོད་པ་འདི་ཡོད་པ་ཡིན་གྱི། དེ་ལྟ་བུའི་རྩོད་པ་སེལ་བ་ལ་མི་ལྟོས་པར་མདོ་སྡེ་པ་ཆོས་ཅན། ཕྱི་རོལ་གྱི་དོན་ཁས་བླངས་པ་ལ་ནི་བརྟེན་ནས་ཀྱང་བློ་ཚུལ་གཉིས་སུ་བརྗོད་པ་ཡིན་ཏེ། དེ་ཡང་ནི་དོན་སྣང་གི་ཤེས་པ་དང་དེ་ལ་སྣང་བའི་དོན་གྱི་རྣམ་པ་ལྷན་ཅིག་ཏུ་མྱོང་བའི་ངེས་པས་འགྲུབ་པའི་ཕྱིར་རོ། །བཞི་པ་དབང་པོ་གསལ་དང་མི་གསལ་ཁྱད་ལས་བསྒྲུབ་པ་ལ་གསུམ་སྟེ། སྣང་བ་གསུམ་པོ་བློ་ཉིད་ཡིན། །དོན་ཉིད་ཡིན་ན་ཧ་ཅང་ཐལ། །དོན་ལས་སྐྱེས་ལ་མཚུངས་པ་སྤང་བའོ། །དང་པོ་ནི། ཟླ་བ་ལྟ་བུའི་དོན་གཅིག་ཆོས་ཅན། ཁྱོད་ལ་ལྟ་བའི་དབང་ཤེས་དུ་མའི་སྣང་བ་བློ་རང་ཉིད་དེ་ལྟར་སྣང་བའི་ཚུལ་གཉིས་པར་གྲུབ་སྟེ། ཁྱོད་ལ་སྐྱེས་བུ་དུ་མས་བལྟས་པ་ན་དབང་པོ་གསལ་མི་གསལ་ལ་སོགས་པ་ཁྱད་པར་གྱིས་གསལ་བ་དང་མི་གསལ་བ་དང་འདྲེས་མ་སྟེ་བར་མ་དང་། ལ་སོགས་པ་དཀར་པོ་ལས་གཞན་སེར་པོ་ལ་སོགས་པ་སྣང་བ་ཐ་དད་པར་འཛིན་པ་ཡེ་ཤེས་པ་དུ་མ་ཁྱོད་ལ་དམིགས་ནས་སྐྱེ་བའི་ཕྱིར་རོ། །གཉིས་པ་ནི། ཤེས་པ་དེ་དོན་ལས་དོན་གྱི་རྣམ་པ་དེར་སྣང་བ་མིན་པར་རྣམ་མེད་དུ་དོན་ཇི་ལྟ་བ་བཞིན་འཛིན་ན། ཟླ་བ་ལྟ་བུའི་དོན་གྱི་རང་བཞིན་ཆོས་ཅན། དེའི་དོན་ཅན་ཏེ་ཡུལ་ཅན་གྱི་ཡིད་ཤེས་པ་ཀུན་ནི་གསལ་མི་གསལ་སོགས་ཀྱི་རང་བཞིན་ཏེ་རྣམ་པ་གཅིག་པ་ཅན་ཉིད་དུ་འགྱུར་བར་ཐལ། གཅིག་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཤེས་པ་དོན་ལས་འདྲ་བར་སྐྱེ་ན་དོན་གཅིག་ཡིན་པའི་ཕྱིར་རྣམ་པ་ཡང་གཅིག་ཏུ་འགྱུར་བའི་ཉེས་པ་ཁྱེད་རང་ལ་གནས་སོ་ཞེ་ན། ཤེས་པ་དེ་དོན་གཅིག་ལ་བརྟེན་ནས་འབྱུང་བར་འགྱུར་ཞིང་། དོན་དེ་ཡི་ངོ་བོ་སྟེ་རྣམ་པའི་རྗེས་སུ་བྱེད་པའི་ཤེས་པ་དེ་ནི་ཆོས་ཅན། རྣམ་པ་ཐ་དད་དུ་འགྱུར་བའི་རྒྱུ་ཡོད་དེ། བག་ཆགས་ཀྱི་ཁྱད་པར་སོགས་རྒྱུ་གཞན་འགའ་ཞིག་ལས་ཀྱང་རྣམ་པ་གསལ་མི་གསལ་སོགས་ཆ་འགའ་ཡིས་ནི་རྣམ་པ་ཐ་དད་དུ་འགྱུར་བའི་ཕྱིར། དཔེ་འདི་ལྟར་ཕ་ལ་བརྟེན་ནས་བུ་ཕ་དེ་ཡི་ནི་གཟུགས་དང་འདྲ་བར་སྐྱེས་པ་ཡིན་ཡང་རྒྱུ་གཞན་ལས་ལ་སོགས་པ་འགའ་ཞིག་ལས་ནི་ཆ་འགའ་ཡིས་བུ་དེ་བཟང་ངན་ཐ་དད་པར་ནི་དམིགས་པ་ཡིན་པ་དེ་བཞིན་ནོ། །ལྔ་པ་མེད་བཞིན་དཀྱིལ་འཁོར་རྣམ་པར་སྣང་བས་བསྒྲུབ་པ་ལ་གསུམ་སྟེ། དཀྱིལ་འཁོར་རྣམ་པ་བློ་ཉིད་ཡིན་པར་བསྒྲུབ། །ཕྱི་དོན་ཡིན་ན་ཐལ་བ་གསུམ་གྱིས་གནོད། །དབང་ཤེས་འཁྲུལ་པའི་གཟུང་དོན་ཡིན་པ་དགག་པའོ། །དང་པོ་ནི། མར་མེ་ལ་སོགས་ཀྱི་དཀྱིལ་འཁོར་ནི་རྨ་བྱའི་མདོངས་ཀྱི་རྣམ་པ་ཅན་སྔོ་དང་། དམར་དང་། དེ་དག་ཀྱང་མདངས་གསལ་བར་མིག་མི་གསལ་བའི་མིག་ཤེས་ཀྱིས་མཐོང་བར་འགྱུར་བའི་རྣམ་པ་དེ་ཆོས་ཅན། བློ་རང་ཉིད་ཡུལ་དུ་སྣང་བའི་ཚུལ་གཉིས་པར་གྲུབ་སྟེ། ཡུལ་དུ་སྣང་ཡང་ཡུལ་དུ་མི་བདེན་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཤེས་པ་དེའི་སྣང་ཡུལ་དུ་ཕྱི་རོལ་གྱི་དངོས་པོ་གསར་དུ་སྐྱེས་པ་ཡིན་པས་བློ་ཉིད་ཚུལ་གཉིས་པ་མིན་ཞེ་ན། རྣམ་པ་དེ་ཆོས་ཅན། ཡུལ་དུས་དེར་གནས་པའི་དབང་པོ་གསལ་བ་ཅན་གྱི་ཤེས་པ་ལ་ཅིས་དེ་འཛིན་པའི་ནུས་པ་མེད་དེ་ཡོད་པར་ཐལ། མཐོང་རུང་གི་ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར། གཞན་ཡང་རྣམ་པ་དེ་མཐོང་བའི་དབང་ཤེས་ཆོས་ཅན། དབང་པོ་ཉམས་པས་བདག་རྐྱེན་བྱས་པའང་ཇི་ལྟར་ཡིན་ཏེ་མིན་པར་ཐལ། ཡང་དག་པ་སྟེ་ཕྱི་རོལ་གྱི་དོན་བདེན་པ་བ་མཐོང་བའི་ཕྱིར་ནའོ། །གཞན་ཡང་དབང་ཤེས་དེ་ཆོས་ཅན། རབ་རིབ་ཀྱིས་ཁྱོད་ཀྱི་བདག་རྐྱེན་དབང་པོ་ལ་སྐྱོན་བྱས་པ་དེ་མིན་པར་ཐལ། རབ་རིབ་ཀྱིས་ཁྱོད་ཀྱི་བདག་རྐྱེན་དབང་པོའི་སྐྱོན་སྦྱངས་ནས་གསལ་བའི་མིག་ཏུ་བྱས་འདུག་པའི་ཕྱིར། དེས་ན་དབང་ཤེས་དེ་ལ་ཆོས་ཅན། གཞན་གྱིས་མིག་གིས་མཐོང་བའི་དོན་དཀྱིལ་འཁོར་གྱིས་དབེན་པའི་མར་མེའི་རྩེ་མོ་དེ་ཡང་ཇི་ལྟ་བུར་ན་གསལ་བ་མ་ཡིན་ཏེ་གསལ་བར་མཐོང་བར་ཐལ། བདག་རྐྱེན་དབང་པོའི་སྐྱོན་སྦྱངས་ནས་ཐ་མལ་པའི་དབང་པོ་ལས་འདས་པའི་དོན་མཐོང་བའི་དབང་ཤེས་ཡིན་པའི་ཕྱིར། གསུམ་པ་ནི། དབང་ཤེས་དེ་ཆོས་ཅན། མར་མེ་ལས་གཞན་པའི་དཀྱིལ་འཁོར་ནི་ཁྱོད་ཀྱི་དངོས་རྒྱུར་ཡོད་པ་མ་ཡིན་པར་ཐལ། ཁྱོད་དངོས་སུ་བསྐྱེད་པ་ལ་སྣང་བ་དབང་པོ་ཡིད་ལ་བྱེད་པ་ལས་གཞན་ནི་མར་མེ་གཅིག་གི་ནུས་པ་རྟོགས་ཀྱི་དཀྱིལ་འཁོར་གྱི་ནུས་པ་མ་རྟོགས་པ་དེས་ན་སྟེ་དེའི་ཕྱིར། འདོད་ན། དཀྱིལ་འཁོར་གྱི་རྣམ་པ་དེ་ཆོས་ཅན། དབང་ཤེས་དེའི་གཟུང་ཡུལ་ཡང་ཇི་ལྟར་ཡིན་ཏེ་མིན་པར་ཐལ། དབང་ཤེས་དེའི་རྒྱུ་མིན་པས་སོ། །གཞན་ཡང་གལ་ཏེ་དཀྱིལ་འཁོར་དེ་ཉིད་བློ་དབང་ཤེས་དེའི་དམིགས་པའི་རྒྱུ་ཡིན་ན། དབང་ཤེས་དེ་ཆོས་ཅན། ཇི་ལྟར་དམིགས་རྐྱེན་མར་མེ་ལ་ལྟོས་པར་འགྱུར་ཏེ་མི་འགྱུར་བར་ཐལ། དཀྱིལ་འཁོར་གྱི་རྣམ་པ་དེ་ཁྱོད་ཀྱི་དམིགས་པའི་རྒྱུ་ཡིན་པའི་ཕྱིར། སྐྱོན་མེད་དེ། མར་མེ་དང་དཀྱིལ་འཁོར་གཉིས་ཀ་ཚོགས་པ་བློ་དེའི་དམིགས་པའི་རྒྱུ་ཡིན་ཞེ་ན། བློ་དེ་ཆོས་ཅན། མར་མེ་དང་དཀྱིལ་འཁོར་གཉིས་ཀ་ཚོགས་པ་དག་ཀྱང་ཁྱོད་ཀྱི་དམིགས་པའི་རྒྱུ་མ་ཡིན་པར་ཐལ། དཀྱིལ་འཁོར་དམིགས་རྐྱེན་དུ་མེད་ཀྱང་རྐྱེན་གཞན་དང་བཅས་པའི་མར་མེ་དམིགས་རྐྱེན་དུ་ཡོད་པ་ཙམ་གྱིས་ཁྱོད་ཡོད་པའི་ཕྱིར་རོ། །དྲུག་པ་ཉེ་རིང་བར་མའི་ཁྱད་པར་གསུམ་ལས་བསྒྲུབ་པ་ལ་གསུམ་སྟེ། ཐལ་བ་དགོད། ཉེས་སྤོང་དགག གྲུབ་དོན་བསྡུ་བའོ། །དང་པོ་ནི། བློ་ཉིད་གཟུང་འཛིན་གྱི་རྣམ་པར་སྣང་བ་མིན་པར་ཕྱི་རོལ་གྱི་དོན་ཡོད་ཅིང་དེ་ཅི་ལྟ་བ་བཞིན་དུ་སྣང་ན། བུམ་པ་ལྟ་བུ་གཅིག་ཆོས་ཅན། ལྟ་བ་པོ་ཐག་ཉེ་རིང་ལ་སོགས་པའི་ཁྱད་པར་གྱིས་དབང་ཤེས་ལ་གསལ་བ་དང་མི་གསལ་བ་སོགས་སུ་སྣང་བ་མི་རུང་བར་ཐལ། གསལ་མི་གསལ་གང་རུང་གཅིག་ཏུ་གནས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སྣང་བའི་ཁྱད་པར་ཡོད་པའི་ཉེས་སྤོང་དགག །ལས་ཀྱི་ཁྱད་པར་ཡོད་པའི་ཉེས་སྤོང་དགག་པའོ། །དང་པོ་ལ་གསུམ་སྟེ། སྣང་བ་ཙམ་གྱི་ཁྱད་པར་ཡོད་པ་དགག །སྣང་བ་གསལ་དང་མི་གསལ་ཁྱད་པར་དགག །སྣང་བ་མི་གསལ་རྒྱུ་མཚན་དྲིས་ཏེ་དགག་པའོ། །དང་པོ་ནི། གལ་ཏེ་ཐག་ཉེ་རིང་ལ་ཡུལ་དབང་གི་བར་གྱི་སྣང་བའི་ཁྱད་པར་ཐ་དད་ཡོད་པ་ལས་དོན་གཅིག་གསལ་མི་གསལ་སྣ་ཚོགས་སུ་སྣང་བ་དེར་འགྱུར་རོ་ཞེ་ན། ཡུལ་དབང་གི་བར་གྱི་སྣང་བའི་ཁྱད་པར་དེ་ནི་ཡུལ་དབང་གི་བར་དུ་སྒྲིབ་བྱེད་ཀྱིས་ཆོད་པ་དང་མ་ཆོད་པ་དག་གང་ཡིན། མ་ཆོད་པ་ཡིན་ན་དོན་གཅིག་ལ་ཉེ་རིང་གནས་པ་གཉིས་ཆོས་ཅན། དོན་དེ་མཐོང་བའི་ཚུལ་མཚུངས་པར་འགྱུར་བར་ཐལ། དོན་དེ་སྒྲིབ་བྱེད་ཀྱིས་མ་ཆོད་པར་མཚུངས་པའི་ཕྱིར། ཆོད་པ་ཡིན་ན། དེ་གཉིས་ཆོས་ཅན། དོན་དེ་མི་མཐོང་བར་མཚུངས་པར་འགྱུར་བར་ཐལ། དོན་དེ་དང་རང་གི་དབང་པོའི་བར་དུ་སྒྲིབ་བྱེད་ཀྱིིས་ཆོད་པར་མཚུངས་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཐག་ཉེ་བའི་ཚེ་སྣང་བ་གསལ་བས་ཡུལ་གྱི་ཆ་ཤས་ཀུན་མཐོང་ཞིང་རིང་བའི་ཚེ་སྣང་བ་མི་གསལ་བས་ཡུལ་དེའི་ཆ་ཕྲ་མོ་འགའ་ཞིག་ནི་མ་མཐོང་བ་དེའི་ཕྱིར་ཐག་ཉེ་རིང་ལ་དོན་གཅིག་གསལ་མི་གསལ་ཐ་དད་དུ་སྣང་ཞེ་ན། འོ་ན་མཐོང་བྱ་ཕྱི་རོལ་གྱི་དོན་གཅིག་ཡིན་ནམ་རྡུལ་ཕྲན་དུ་མ་ཡིན། དང་པོ་ལྟར་ན་ཕྱི་དོན་བུམ་པ་ལྟ་བུ་ཆོས་ཅན། ཐག་རིང་བའི་ཚེ་དབང་ཤེས་མ་འཁྲུལ་པས་ཁྱོད་ཀྱི་ཆ་འགའ་ཞིག་མཐོང་བ་དང་འགའ་ཞིག་མི་མཐོང་བའི་ཐ་དད་གང་ལས་ཡིན་ཏེ་མིན་པར་ཐལ། ཆ་མེད་གཅིག་ཡིན་པའི་ཕྱིར། གཉིས་པ་ལྟར་ན་དེ་ཆོས་ཅན། དབང་ཤེས་མ་འཁྲུལ་བས་ཁྱོད་ཀྱི་ཆ་འགའ་ཞིག་མཐོང་བ་དང་འགའ་ཞིག་མི་མཐོང་བའི་ཐ་དད་གང་ལས་ཡིན་ཏེ་མིན་པར་ཐལ། ཁྱོད་ཕྲ་རབ་ཀྱི་རྡུལ་དུ་མ་ཐ་དད་པ་ཡུལ་མཚུངས་པ་ན་གནས་པ་ཡིན་པས་ཡང་ན་ཐམས་ཅད་མཐོང་བའམ་ཡང་ན་ཐམས་ཅད་མི་མཐོང་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་གལ་ཏེ་སྣང་བ་གསལ་མི་གསལ་གྱི་ཁྱད་པར་གྱིས་དོན་གཅིག་ཉིད་ཐག་ཉེ་རིང་གི་སྐྱེས་བུའི་བློ་ལ་ཐ་དད་དུ་སྣང་ན་བུམ་པ་ལྟ་བུ་གཅིག་ཆོས་ཅན། གཞན་སྣང་བ་ཐ་དད་པས་རྒྱུ་མཚན་གང་ལས་རང་ཉིད་དབང་ཤེས་མ་འཁྲུལ་བ་ལ་ཐ་དད་པར་སྣང་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཐ་དད་མེད་པའི་གཅིག་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས། གསུམ་པ་ནི། གཞན་ཡང་དོན་གཅིག་ལ་ཐག་རིང་བ་ནས་བལྟས་པའི་ཚེ་སྣང་བ་མི་གསལ་ན་སྣང་བ་དེ་ཡང་རྒྱུ་མཚན་ཅིས་མི་གསལ་ཞེས་དྲིས་པས། རྡུལ་སོགས་ཀྱིས་བསྒྲིབས་པའི་ཕྱིར་ཞེ་ན། རྡུལ་སོགས་ཀྱིས་སྣང་བ་ལ་སྒྲིབ་པ་དེ་ཉེ་བ་འདིར་ཅིས་མ་ཡིན་ཞེས་དྲིའོ། །ཉེ་བ་ན་རྡུལ་སོགས་དེ་དག་སྲབ་པའི་ཕྱིར་མི་སྒྲིབ་བོ་ཞེ་ན། ཉེ་བའི་ཚེ་ཆོས་ཅན། རྡུལ་སོགས་ཀྱིས་སྣང་བ་སྒྲིབ་ནུས་པར་ཐལ། སྒྲིབ་བྱེད་རྡུལ་སོགས་སྲབ་པ་དེ་ལྟར་བསྒྲིབ་བྱ་སྣང་བའང་སྲབ་པ་དེ་ལྟར་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་རིང་བ་ན་སྒྲིབ་རྡུལ་མང་བར་ཡོད་པས་སྣང་བ་སྒྲིབ་ཀྱི། ཉེ་བ་ལ་ནི་མ་ཡིན་ནོ་ཞེ་ན། ཉེ་བ་ལས་གཞན་དུ་རིང་བ་ཉིད་ནི་ཆོས་ཅན། སྒྲིབ་རྡུལ་གྱིས་སྣང་བ་སྒྲིབ་མི་ནུས་པར་ཐལ། སྒྲིབ་བྱེད་རྡུལ་སོགས་མང་བ་བཞིན་བསྒྲིབ་བྱ་སྣང་བའང་སྲབ་པ་མིན་པ་ཤིན་ཏུ་མང་བར་ཡོད་པ་ཉིད་ཡིན་པའི་ཕྱིར། གཞན་ཡང་ཡུལ་ཐག་ཉེ་བས་སྣང་བ་གསལ་བའི་རྒྱུ་མཚན་གྱིས་ཡུལ་གསལ་བར་མཐོང་ན་ཡུལ་ཐག་ཤིན་ཏུ་ཉེ་བ་མིག་ལ་བུམ་པ་སྦྱར་བ་ལྟ་བུ་ལ་ཆོས་ཅན། ཡུལ་དབང་གསལ་བར་འགྱུར་བར་ཐལ། སྣང་བ་ནི་ཆེར་གསལ་བའི་ཕྱིར། གཉིས་པ་ནི། གལ་ཏེ་ཐག་ཉེ་རིང་གི་དོན་གསལ་མི་གསལ་དུ་མཐོང་བ་དེར་ཡང་མཐོང་བ་མེད་པ་སྟེ་ཆོས་དང་ཆོས་མིན་གྱི་ལས་ལ་བརྟེན་ནས་གསལ་མི་གསལ་གང་རུང་གཅིག་ཏུ་སྔར་ནས་ཡོད་པའི་གཟུགས་དེ་ལས་གཞན་གཟུགས་གསལ་མི་གསལ་སྣ་ཚོགས་གསར་དུ་འབྱུང་བར་འགྱུར་ཞིང་དེ་ཉེ་རིང་ལ་གནས་པས་སོ་སོར་མཐོང་ངོ་ཞེ་ན། གསར་སྐྱེས་ཀྱི་གཟུགས་དེ་དག་རྣམས་ནི་ཕན་ཚུན་དུ་གཅིག་གིས་གཅིག་ལ་སྒྲིབ་པར་འགྱུར་རམ་མི་འགྱུར། འགྱུར་ན་གཟུགས་དེ་དག་ཆོས་ཅན། ཕན་ཚུན་རང་གི་ཡུལ་ཅན་གྱི་ཤེས་པ་ལ་སྣང་བ་ནི་སྒྲིབ་པར་བྱེད་པར་ཐལ། ཕན་ཚུན་གཅིག་གིས་གཅིག་ལ་བསྒྲིབས་པ་དེའི་ཕྱིར། འདོད་ན། དོན་གཅིག་ལ་ཐག་ཉེ་རིང་ནས་བལྟ་བའི་སྐྱེས་བུའི་ཤེས་པ་དེ་ལ་ཆོས་ཅན། གཟུགས་གསར་སྐྱེས་དེ་དག་མི་སྣང་བར་གསལ་མི་གསལ་གང་རུང་གཅིག་ཏུ་གནས་པའི་སྔར་གྱི་གཟུགས་གཅིག་པུ་དེ་ཉིད་སྣང་བར་འགྱུར་བར་ཐལ། གཟུགས་དེ་སྣང་རུང་དུ་ཡོད་ཅིང་། གསལ་མི་གསལ་གྱི་གཟུགས་སྣང་བ་ལ་སྒྲིབ་བྱེད་ཡོད་པའི་ཕྱིར། གལ་ཏེ་ལས་གཟུགས་དེ་དག་ཕན་ཚུན་མ་བསྒྲིབས་སོ་ཞེ་ན། དོན་གཅིག་ལ་ཐག་ཉེ་རིང་ནས་བལྟ་བའི་སྐྱེས་བུ་གཉིས་ཆོས་ཅན། ཅིག་ཆར་ནི་གཟུགས་གསལ་བ་དང་མི་གསལ་བ་རང་བཞིན་དག་རེ་རེས་ཀྱང་མཐོང་བར་འགྱུར་བར་ཐལ། གཟུགས་གསལ་མི་གསལ་གཉིས་སྒྲིབ་བྱེད་མེད་པར་རེ་རེས་ཀྱང་སྣང་རུང་དུ་ཡོད་པའི་ཕྱིར་རོ། །གལ་ཏེ་མཐོང་རུང་དུ་མེད་པའི་ལས་ཀྱིས་གསལ་མི་གསལ་གང་རུང་གཅིག་བསྒྲིབས་ནས་མི་མཐོང་ཞེ་ན། གཟུགས་གསལ་བ་དང་མི་གསལ་བ་ཙམ་ཆོས་ཅན། ཁྱོད་ལ་མ་མཐོང་བའི་ལས་ཀྱིས་ཅི་བྱེད་དེ་ཆོས་དང་ཆོས་མིན་གྱི་ལས་ཀྱི་འབྲས་བུ་མིན་པར་ཐལ། ཁྱོད་གང་གིས་སྐྱེས་པའི་རྒྱུད་ལ་དོན་ཕན་པ་དང་དོན་མིན་གནོད་པ་བྱེད་པ་མེད་པའི་ཕྱིར་རོ། །གསུམ་པ་ནི། དོན་གྱི་རྣམ་པ་མེད་ན་སྣང་བ་དང་ལས་ཀྱི་ཁྱད་པར་ལས་དོན་གསལ་མི་གསལ་དུ་སྣང་བ་མི་རིགས་པ་དེའི་ཕྱིར་དོན་ཁས་བླངས་པའི་ཚེ་ན་ཡང་དོན་ལ་བརྟེན་ནས་སྐྱེས་པར་གྱུར་པའི་མྱོང་བ་ཆོས་ཅན། བག་ཆགས་སད་བྱེད་སོགས་ཇི་ལྟའི་རྒྱུ་བཞིན་དུ་གསལ་མི་གསལ་ལ་སོགས་ཀྱི་རྣམ་པ་ཐ་དད་འཛིན་པར་བྱེད་དེ། རྣམ་པ་ཐ་དད་དུ་འཛིན་པ་གང་ཞིག་ལྷག་མ་དོན་གྱི་རྣམ་པ་མེད་ཀྱང་སྣང་བ་དང་ལས་ཀྱི་ཁྱད་པར་སོགས་ཀྱིས་དོན་གསལ་མི་གསལ་དུ་འཛིན་ཞེས་པ་ནི་བློ་ངན་རྣམས་ཀྱིས་ལུགས་ངན་ཡིན་པའི་ཕྱིར་རོ། །བདུན་པ་གཟུང་ཡུལ་འགགས་ཀྱང་སྣང་བ་ཡོད་པས་བསྒྲུབ་པ་ལ་གཉིས་ཏེ། དོན་འགགས་སྣང་བ་ཤེས་པར་བསྒྲུབ། །ཕྱི་དོན་སྣང་བའི་གཞན་ལན་དགག་པའོ། །དང་པོ་ནི། ཤེས་པ་དང་སྒྲ་དང་མར་མེ་རྣམས་ཀྱི་སྐད་ཅིག་རྣམས་ནི་ཆོས་ཅན། རྒྱུ་མཚན་གང་གིས་རང་ལ་དམིགས་པའི་མངོན་སུམ་དང་རྟོག་པའི་ཤེས་པ་ལ་དངོས་སུ་གསལ་བར་འགྱུར་ཏེ་མི་འགྱུར་བར་ཐལ། རང་ལ་དམིགས་པའི་མངོན་སུམ་དང་རྟོག་པའི་ཤེས་པའི་དུས་ན་ཞིག་ནས་མེད་པའི་ཕྱིར་ཏེ། རང་ལ་དམིགས་པའི་མངོན་སུམ་དང་ནི་ཅིག་ཤོས་རྟོག་པ་གཉིས་ཀྱི་སྐྱེད་བྱེད་ཡིན་པ་ཉིད་ཀྱིས་དེ་དག་གི་སྔ་མ་ན་བྱུང་བ་ཡི་ཕྱིར་རོ། །དེས་ན་དོན་ཞིག་ཀྱང་བློ་རང་ཉིད་དོན་གྱི་རྣམ་པར་སྣང་བས་བློ་ཚུལ་གཉིས་པ་ཅན་དུ་གྲུབ་བོ། །གཉིས་པ་ལ་གཉིས་ཏེ། དུས་མཉམ་དོན་ཉིད་སྣང་བ་དགག །སྐྱེད་བྱེད་དེ་ཉིད་སྣང་བ་དགག་པའོ། །དང་པོ་ནི། དོན་སྔ་མ་དེ་དག་ཤེས་པའི་དུས་ན་མེད་པས་མི་སྣང་ཡང་དོན་སྔ་མ་ལས་ཤེས་པ་དང་ལྷན་ཅིག་ཏུ་སྐྱེས་པའི་དོན་དེ་དག་ཤེས་པ་ལ་གསལ་བར་སྣང་ངོ་ཞེ་ན། ཤེས་པ་དང་དུས་མཉམ་གྱི་དོན་ཆོས་ཅན། ཤེས་པ་ལ་གསལ་བར་སྣང་བ་མིན་པར་ཐལ། ཤེས་པ་ལ་ཕན་འདོགས་བྱེད་མིན་པའི་དོན་གཞན་ཡིན་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་ན་ཉན་ཤེས་ལྟ་བུ་གཅིག་ལའང་ཆོས་ཅན། དོན་ཀུན་གསལ་བར་སྣང་བར་འགྱུར་བར་ཐལ། ཕན་འདོགས་པར་བྱེད་པ་མ་ཡིན་པའི་དོན་གཞན་ཡང་གསལ་བར་སྣང་བའི་ཕྱིར་ནའོ། །གལ་ཏེ་དུས་མཉམ་གྱི་དོན་ཆོས་ཅན། ཕན་མི་འདོགས་ཀྱང་དུས་མཉམ་གྱི་བློ་དེ་ལ་སྣང་བར་ངེས་པ་ཡིན་ཏེ། དེའི་རྒྱུ་དོན་སྔ་མ་ལས་དེ་དང་ཤེས་པ་ལྷན་ཅིག་ཏུ་སྐྱེས་པའི་ཕྱིར་ཞེ་ན། དུས་མཉམ་པའི་དོན་དང་ཤེས་པ་ལ་རྒྱུ་གཅིག་ལས་སྐྱེས་པའི་རྒྱུ་མཚན་གྱིས་ཡུལ་དང་ཡུལ་ཅན་ཡིན་ནོ་ཞེས་རྟོག་པ་འདི་ཡང་ཆོས་ཅན། རུང་བ་མེད་དེ། རུང་ན་དབང་པོ་སྔ་མ་ལས་ཤེས་པ་དང་ལྷན་ཅིག་ཏུ་སྐྱེས་པའི་དབང་པོ་ཡང་ཤེས་པའི་ཡུལ་དུ་འགྱུར་བའི་ཕྱིར་རོ། །དེས་ན་དོན་སྔ་མ་དེས་བྱས་པའི་དབང་པོའི་ཤེས་པ་ལ་ཆོས་ཅན། དོན་སྔ་མ་དེ་དངོས་སུ་སྣང་བ་མེད་ཀྱང་དོན་སྔ་མ་དེ་གསལ་བར་སྣང་ཞེས་ཐ་སྙད་དུ་བརྗོད་པར་བྱ་བ་ཡིན་ཏེ། དོན་སྔ་མས་གཏད་པའི་རྣམ་པ་ཉིད་དུ་སྣང་བ་ཉིད་ཀྱི་ཕྱིར་རོ། །ཤེས་པ་དང་ལྷན་ཅིག་སྐྱེས་པའི་དོན་གཞན་ནི་ཆོས་ཅན། དུས་མཉམ་གྱི་ཤེས་པ་ལ་གསལ་བར་སྣང་བར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། དུས་མཉམ་གྱི་ཤེས་པ་ལ་རང་གི་རྣམ་པ་འདྲ་བ་ཡིས་རྣམ་པ་གཏོད་བྱེད་མིན་པའི་ཕྱིར་ཏེ། དུས་མཉམ་གྱི་ཤེས་པ་ལ་ཕན་འདོགས་པ་མིན་པའི་ཕྱིར་ན་དེ་ལ་རྣམ་པ་གཏོད་པར་མི་བྱེད་པའི་ཕྱིར་རོ། །གཉིས་པ་ནི། དོན་སྐད་ཅིག་མ་དེ་ཤེས་པའི་དུས་ན་འགགས་ནས་མེད་པས་མི་སྣང་ཡང་། རྟག་པའི་དངོས་པོ་རྡོ་རྗེ་དང་རྡོ་བ་ལ་སོགས་པ་རང་འབྲས་ཤེས་པའི་དུས་ན་མ་ཞིག་བར་ཡོད་པའི་ཕྱིར། དོན་དེ་ཉིད་བློ་ལ་སྣང་ཞེ་ན། བརྟན་པའི་དངོས་པོར་འདོད་པ་གང་རྡོ་རྗེ་དང་རྡོ་སོགས་ཀྱི་དོན་ཡང་ཆོས་ཅན། འགྲོ་བ་ཀུན་གྱི་རང་ལ་དམིགས་པའི་ཤེས་པ་ནི་ཅིག་ཆར་དུ་རང་ཉིད་ཁོ་ནས་སྐྱེད་པར་འགྱུར་བར་ཐལ། འགྲོ་བ་ཀུན་གྱི་རང་གི་ཡུལ་ཅན་དངོས་སུ་སྐྱེད་བྱེད་དུ་རྐྱེན་གཞན་ལ་ལྟོས་པ་མེད་པར་རྟག་པའི་ཕྱིར། གལ་ཏེ་དེ་དག་གིས་རང་གི་ཡུལ་ཅན་བསྐྱེད་པ་ལྷན་ཅིག་བྱེད་པས་ཕན་འདོགས་པ་ལ་ལྟོས་པའི་ཕྱིར། རྡོ་རྗེ་སོགས་འདི་ཡི་ཡུལ་ཅན་གྱི་བློ་དེ་དག་རིམ་པ་ཅན་དུ་འབྱུང་ཞེ་ན། རྡོ་རྗེ་དང་རྡོ་སོགས་ཆོས་ཅན། སྐད་ཅིག་སྔ་ཕྱི་སོ་སོར་གཞན་དང་གཞན་ཡིན་པར་བརྗོད་དགོས་པར་ཐལ། ལྷན་ཅིག་བྱེད་རྐྱེན་ལ་ལྟོས་ནས་ཡུལ་ཅན་གྱི་བློ་རིམ་པ་བཞིན་དུ་སྐྱེད་བྱེད་ཡིན་པའི་ཕྱིར། འདོད་ན། འདི་ཡང་རྡོ་རྗེ་སོགས་ཆོས་ཅན། ཡུལ་ཅན་གྱི་ཤེས་པ་ལ་དངོས་སུ་མི་སྣང་བར་ཐལ། ཡུལ་ཅན་གྱི་ཤེས་པའི་དུས་ན་ཞིག་པའི་ཕྱིར་ཏེ་ཞེས་པའི་སྐྱོན་ནི་སྔར་བཞིན་ནོ། །གཉིས་པ་དུས་ཕྱིས་དྲན་པ་བཤད་དེ་བསྒྲུབ་པ་ལ་གཉིས་ཏེ། དྲན་པ་ཡོད་པས་དོན་རྣམ་གྲུབ། །དོན་རྣམ་མེད་ན་ཧ་ཅང་ཐལ་བའོ། །དང་པོ་ལ་སྔ་རབས་དག་མདོའི་འགྲེལ་བྱེད་ཁ་ཅིག་ཡུལ་ཡུལ་ཅན་གྱི་ཚུལ་གཉིས་སུ་སྔ་མས་གྲུབ་པས་དྲན་པའི་རྟགས་ཀྱིས་དེ་མི་བསྒྲུབ་པར་རང་རིག་ཉིད་ལ་རིག་བྱ་རིག་བྱེད་དང་མྱང་བྱ་མྱོང་བྱེད་ཀྱི་ཚུལ་གཉིས་སྒྲུབ་ཞེས་ཟེར་བ་འགོག་པ་ལ། དེ་བདག་ཉིད་ཀྱིས་མྱོང་བ་ལ། །བརྩད་པ་འགའ་ཡང་ཡོད་མ་ཡིན། །ཞེས་པའི་གཞུང་སྦྱོར་བ་ནི་ཤིན་ཏུ་མི་འཐད་དེ། རྣམ་མེད་པས་རང་རིག་མི་འདོད་པས་རང་རིག་ཉིད་ལ་མྱང་བྱ་མྱོང་བྱེད་ཀྱི་ཚུལ་གཉིས་མི་འདོད་པའི་ཕྱིར་རོ། །འོ་ན་ཅི་ལྟར་ཞེ་ན། འགྲེལ་བྱེད་ཁ་ཅིག་དྲན་པའི་རྟགས་ཀྱིས་ཡུལ་ཡུལ་ཅན་གྱི་ཚུལ་གཉིས་ཙམ་བསྒྲུབ་པ་ཡིན་ནོ་ཞེ་ན། རྣམ་མེད་པ་ཆོས་ཅན། ཡུལ་དུ་སྣང་བ་ཡུལ་ཅན་གྱི་བློས་མྱོང་བ་སྒྲུབ་མི་དགོས་ཏེ་ཡུལ་དུ་སྣང་བའི་རྣམ་པ་དེ་ཤེས་པ་བདག་ཉིད་ཀྱིས་མྱོང་བ་ལ་བརྩད་པ་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་གང་ཞིག་སྒྲུབ་ཅེ་ན། རྣམ་པ་དེ་དོན་གྱི་རང་བཞིན་ཏེ་རྣམ་པ་ཉིད་དུ་མ་གྲུབ་པས་སྒྲུབ་དགོས་ལ། དེ་ཡང་གཟུགས་སོགས་སྣང་བའི་ཤེས་པ་རྣམས་ཆོས་ཅན། རང་དུས་ན་ཡུལ་གྱི་རྣམ་པ་སོ་སོར་མྱོང་བ་ཡིན་ཏེ། དུས་ཕྱིས་འདི་ནི་གཟུགས་འཛིན་པ་ཡིན་གྱི། སྒྲ་འཛིན་པ་མིན་ཞེས་སོགས་ཐ་དད་པར་ཡང་དག་པར་དྲན་པའི་ཕྱིར་ཞེས་པ་ལས་གྲུབ་བོ། །དོན་ནི་བློ་རྣམ་མེད་དུ་འདོད་པ་དག་ཤེས་པ་ལ་རང་དུས་སུ་སྣང་བ་ཡུལ་གྱི་རྣམ་པར་འདོད་པས་སྤྱིར་ཡུལ་ཡུལ་ཅན་གྱི་ཚུལ་གཉིས་གྲུབ་ཀྱང་ཡུལ་གྱི་རྣམ་པ་དེ་ཉིད་ཡུལ་ཉིད་དུ་འདོད་ཀྱི། བློའི་ངོ་བོར་མི་འདོད་པས་བློའི་ངོ་བོར་གྱུར་པའི་ཚུལ་གཉིས་སྒྲུབ་ཅེས་པ་ཡིན་ལ། འདི་ནི་ཚུལ་གཉིས་སྒྲུབ་པའི་སྐབས་ཐམས་ཅད་དང་། བྱེ་མདོ་གཉིས་ཀྱི་གྲུབ་མཐའི་གནད་ཐམས་ཅད་ལ་ཤིན་ཏུ་གཅེས་སོ། །གཉིས་པ་ནི། གལ་ཏེ་ཡུལ་གྱི་རྣམ་པ་སོ་སོར་མ་ཤར་ཞིང་དེ་ལྟར་མ་མྱངས་ན་གཟུགས་སོགས་སྣང་བའི་ཤེས་པ་དེ་ལ་ཆོས་ཅན། དུས་ཕྱིས་འདི་ནི་གཟུགས་འཛིན་པ་འདི་ལྟར་ཡིན་གྱི། སྒྲ་འཛིན་པ་འདི་ལྟར་ནི་མིན་ཞེས་ཐ་དད་དུ་དྲན་པ་འདི་མེད་པར་འགྱུར་བར་ཐལ། རང་གི་སྤྱོད་ཡུལ་གཟུགས་སོགས་ཀྱིས་རང་ངོས་ནས་ཐ་དད་དུ་ཕྱེ་བ་མེད་ཅིང་། ཡུལ་གྱི་རྣམ་པ་ཐ་དད་པར་མྱོང་བ་མེད་པར་ཡུལ་ཀུན་ལ་མྱོང་ཙམ་དུ་མཚུངས་པའི་ཕྱིར་རོ། །དེས་ན་དོན་སྣང་གི་ཤེས་པ་ཆོས་ཅན། རང་ཡུལ་ཐ་དད་ཀྱི་རྣམ་པ་མ་ཤར་ན་ཁྱོད་ཀྱི་ཐ་དད་དེ་ཁྱད་པར་འགའ་ཞིག་གི་སྒོ་ནས་འདི་གཟུགས་འཛིན། འདི་སྒྲ་འཛིན་ཞེས་ཐ་དད་དུ་རྗེས་ཀྱི་དྲན་ཤེས་ཀྱིས་རྣམ་པར་འབྱེད་ནུས་པ་མིན་པར་ཐལ། ཡུལ་ཀུན་ལ་ཉམས་སུ་མྱོང་བ་ཡིན་ཙམ་གྱིས་ནི་མཚུངས་པའི་ཕྱིར། གལ་ཏེ་མ་ཁྱབ་སྟེ། ཡུལ་སོ་སོ་ལ་རྒྱུ་ཚོགས་ཀྱི་བྱེ་བྲག་ལས་དུས་ཕྱིས་ཐ་དད་དུ་དྲན་ཞེ་ན། དོན་སྣང་གི་ཤེས་པ་ལ་ཆོས་ཅན། ཡུལ་སོ་སོ་ལ་ལྟོས་ཏེ་ཁྱོད་ཀྱི་ཁྱད་པར་ཕྲ་མོ་འགའ་ཞིག་ཡོད་ཀྱང་དེའི་སྒོ་ནས་དུས་ཕྱིས་ཁྱོད་རྣམས་འདི་གཟུགས་འཛིན། འདི་སྒྲ་འཛིན་ཞེས་ཐ་དད་དུ་རྣམ་པར་འབྱེད་ནུས་པའི་དྲན་པའི་བློ་སྐྱེ་བ་མེད་པར་ཐལ། ཁྱོད་རྣམས་ཀྱི་ཐ་དད་དེ་ཁྱད་པར་གསལ་བ་རང་ཡུལ་ཐ་དད་ཀྱི་རྣམ་པ་ཤར་བ་མེད་པའི་ཕྱིར། དཔེར་ན་མཚེ་མ་སོགས་ལ་མི་འདྲ་བའི་ཁྱད་པར་ཕྲ་མོ་ཡོད་ཀྱང་ཁྱད་པར་གསལ་བར་མ་མཐོང་བས་གཅིག་ཏུ་འཁྲུལ་པ་བཞིན་ནོ། །འདིར་ཡུལ་གྱི་རྣམ་པ་ཞེས་པ་ཐམས་ཅད་བློའི་ངོ་བོ་གྱུར་པའི་ཡུལ་གྱི་རྣམ་པ་ལ་འཆད་ཤེས་དགོས་སོ། །གཉིས་པ་རང་རིག་སྒྲུབ་བྱེད་རིགས་པ་བཤད་པ་ལ་གསུམ་སྟེ། སྔར་བཤད་མདོ་ཡི་རིགས་པས་རང་རིག་བསྒྲུབ། །བསྟན་བཅོས་མཛད་པའི་རིགས་པས་རང་རིག་བསྒྲུབ། །སླར་ཡང་མདོ་ཡི་རིགས་པས་རང་རིག་བསྒྲུབ་པའོ། །དང་པོ་ནི། སློབ་དཔོན་གྱིས་གསུངས་པའི་ཚུལ་གཉིས་སྒྲུབ་པར་བྱེད་པའི་རིགས་པ་དག་གིས་ཀྱང་ཆོས་ཅན། རང་རིག་ཕལ་ཆེར་ཏེ་ཞར་ལ་གྲུབ་པ་ཡིན་ཏེ། བློ་རང་ཉིད་ཡུལ་དུ་སྣང་བའི་གཟུང་རྣམ་གྲུབ་པ་གང་ཞིག་དེའི་ཚེ་མྱང་བྱ་རང་གི་བདག་ཉིད་དུ་གྲུབ་པའི་ཕྱིར། གཉིས་པ་ལ་བཞི་སྟེ། རང་གི་ངོ་བོ་གཟུང་རྣམ་མྱོང་བས་བསྒྲུབ། །དཀར་སོགས་གསལ་བའི་སྣང་བ་དཔྱད་ནས་བསྒྲུབ། །རང་བློ་མངོན་གྱུར་མིན་པ་བཀག་ནས་བསྒྲུབ། །མྱོང་བྱེད་གཞན་གྱིས་མྱོང་བ་བཀག་ནས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། སྒྲུབ་བྱེད་དགོད། གཞན་ལན་དགག་པའོ། །དང་པོ་ནི། ཤེས་པ་རང་གི་ངོ་བོར་གྱུར་པ་ཡུལ་དུ་སྣང་བའི་ཚུལ་གཉིས་གྲུབ་པ་དེའི་ཚེ་ཆོས་ཅན། རང་རིག་གྲུབ་པ་ཡིན་ཏེ། མྱང་བར་བྱ་བ་ཤེས་པ་རང་གི་ངོ་བོར་གྲུབ་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། མྱང་བྱ་འགགས་པས་མྱོང་བ་མེད་པར་བསྟན། །བདག་མྱོང་མེད་ན་མངོན་སུམ་ཉིད་དང་འགལ། །ཡུལ་གཞན་མྱོང་བ་མེད་པར་ཐལ་བས་གནོད་པའོ། །དང་པོ་ནི། གལ་ཏེ་བློ་ཚུལ་གཉིས་པར་གྲུབ་ཀྱང་རང་རིག་ཏུ་མི་འགྲུབ་སྟེ། བློ་སྔ་མ་དེ་རང་གིས་མི་མྱོང་བར་དེའི་རྣམ་པ་སྣང་བའི་བློ་ཕྱི་མས་མྱོང་བའི་ཕྱིར་ཞེ་ན། བློ་སྔ་མ་དེའི་དངོས་ཏེ་རྣམ་པ་ཅན་གྱི་བློ་ཕྱི་མ་ཡིས་ནི་ཆོས་ཅན། ཤེས་པ་སྔ་མ་ཇི་ལྟར་མྱོང་བ་ཡིན་ཏེ་མིན་པར་ཐལ། ཤེས་པ་སྔ་མ་དེ་ཁྱོད་ཀྱི་དུས་ན་འགགས་པའི་ཕྱིར། བློ་ཕྱི་མ་དེས་ཆོས་ཅན། ཉམས་མྱོང་མ་ལུས་ལྡོག་པར་འགྱུར་བ་སྟེ་ཤེས་བྱ་གང་ཡང་ཤེས་མི་སྲིད་པར་ཐལ། རང་གི་ངོ་བོའམ་མྱོང་བ་མེད་པའི་ཕྱིར། གཉིས་པ་ནི། གཟུགས་སོགས་འཛིན་པའི་བློ་ལ་འཛིན་པ་སྟེ་མྱོང་བར་བྱེད་པའི་བློ་ཆོས་ཅན། གཟུང་བའི་རྣམ་པ་ཉིད་དུ་སྣང་བར་ཐལ། རང་ཡུལ་དོན་གཞན་འཛིན་པའི་བློ་ཡིན་པའི་ཕྱིར། དཔེར་ན་དོན་གཞན་གཟུགས་སོགས་ཀྱི་རྣམ་པ་ཉིད་དུ་སྣང་བ་དང་ལྡན་པའི་དབང་ཤེས་སོགས་དེ་ནི་རང་ཡུལ་དོན་གཞན་འཛིན་པས་ཕྱི་རོལ་མངོན་ཕྱོགས་ཏེ་གཟུང་བའི་རྣམ་པ་ཉིད་དུ་སྣང་བར་འགྱུར་བས་ཁྱབ་པ་བཞིན་ནོ། །འདོད་མི་ནུས་ཏེ། རྟག་ཏུ་བདག་ལ་སྟེ་རང་གི་རྟོགས་བྱ་ལ་ནང་དུ་མངོན་པར་ཕྱོགས་པ་སྟེ་འཛིན་པའི་རྣམ་པ་ཉིད་ཀྱིས་འཇུག་པར་རང་རིག་གིས་མཐོང་བའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། ཡུལ་སྔོ་སོགས་གང་གི་ནི་རྣམ་པར་སྣང་བ་ཡི་ཤེས་པ་གང་ཡིན་པ་དེ་ཆོས་ཅན། དོན་དེ་མྱོང་བ་མིན་པར་ཐལ། རང་ཉིད་དོན་དུ་སྣང་བ་མྱོང་བ་མིན་པའི་ཕྱིར་ཞེས་པའང་འཐོབ་བོ། །གཉིས་པ་ལ་ལྔ་སྟེ། འདྲ་བ་མྱོང་བའི་འཇོག་བྱེད་ཡིན་པ་དགག །བློ་འདྲ་མྱོང་བའི་འཇོག་བྱེད་ཡིན་པ་དགག །འདྲ་བའི་དོན་ལ་རྣམ་པར་བརྟགས་ནས་དགག །སྐྱེས་འདྲ་མྱོང་བའི་འཇོག་བྱེད་ཡིན་པ་དགག །ངེས་དང་བཅས་པས་མྱོང་བ་འཇོག་པ་དགག་པའོ། །དང་པོ་ནི། གལ་ཏེ་གོང་གི་ཐལ་བ་ལ་ཁྱབ་པ་མེད་དེ། དོན་དེ་དང་འདྲ་བ་ལས་དོན་མྱོང་བར་འཇོག་བྱེད་གཞན་ཅི་ཡོད་དེ་མེད་པས་དོན་དང་འདྲ་བ་ཉིད་ཀྱིས་དོན་མྱོང་ཅེས་འདོད་ན། བློ་དོན་འདྲ་བ་ཐམས་ཅད་ཆོས་ཅན། ཕན་ཚུན་དུ་མྱོང་བ་ཉིད་ནི་འཐོབ་པར་འགྱུར་བར་ཐལ། ཕན་ཚུལ་དུ་འདྲ་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དོན་དང་འདྲ་བ་ཙམ་དོན་མྱོང་བའི་མཚན་ཉིད་མ་ཡིན་གྱི། འོན་ཀྱང་བློ་དེའི་ངོ་བོར་གྱུར་པའི་འདྲ་བ་དེ་དོན་མྱོང་བར་འཇོག་བྱེད་ཡིན་ཞེ་ན། དེ་ལྟར་ཡིན་པ་དང་ནི་བློ་དེའི་ངོ་བོར་གྱུར་པའི་དོན་དང་འདྲ་བ་ལས་ཆོས་ཅན། དོན་མྱོང་བ་མ་ཡིན་པར་ཐལ། ཤེས་པ་རང་ཉིད་དོན་དུ་སྣང་བའི་གཟུང་རྣམ་མྱོང་བ་དེ་ཡིན་པའི་ཕྱིར། དེས་ན་ཤེས་པ་རང་ཉིད་དོན་དུ་སྣང་བའི་གཟུང་རྣམ་མྱོང་བ་དེ་ནི་ཆོས་ཅན། དོན་དང་འདྲ་བའི་རྣམ་འཇོག་གི་རྒྱུ་ཅན་ཏེ་རྣམ་པར་གཞག་བྱ་མིན་པར་ཐལ། དེའི་མྱོང་བྱ་དེ་རང་ཉིད་དོན་དུ་སྣང་བ་ཡིན་པ་དེ་མྱོང་བ་དེ་ཡིན་པའི་ཕྱིར། ཁྱབ་སྟེ། བློའི་ངོ་བོའི་དོན་དང་འདྲ་བ་འདི་ནི་འཇིག་རྟེན་གཞན་ན་བྱ་བ་དོན་རྟོགས་སོ་སོ་དང་། འདི་ནི་གཟུགས་སོ། །འདི་ནི་སྒྲའོ་ཞེས་ཡུལ་ལས་ཀྱི་རྣམ་གཞག་གི་རྒྱུར་འགྱུར་གྱི། འོན་ཀྱང་དེས་མྱོང་བར་ནི་འཇོག་མི་ནུས་པའི་ཕྱིར་རོ། །གལ་ཏེ་ཤེས་པ་རང་ཉིད་དོན་གྱི་རྣམ་པར་སྐྱེས་པ་མྱོང་གི་དོན་གཞན་མི་མྱོང་ན་ཅི་ཕྱིར་ཕྱི་རོལ་གྱི་སྔོ་སོགས་མྱོང་བའི་ཐ་སྙད་བྱེད་ཅེ་ན། དོན་སྣང་གི་ཤེས་པ་ཆོས་ཅན། སྔོ་སོགས་མྱོང་བའི་ཐ་སྙད་ཙམ་གྱིས་སྔོ་སོགས་མྱོང་བར་སྒྲུབ་མི་ནུས་པར་ཐལ། ཤེས་པ་རང་གི་ངོ་བོའི་རང་བཞིན་དེའི་སྔོ་སོགས་ཀྱི་རྣམ་པ་མྱོང་བ་ལ། ཕྱི་རོལ་གྱི་སྔོ་སོགས་མྱོང་བར་སྒྲོ་འདོགས་པའི་འཁྲུལ་པ་ལས་ཕྱི་རོལ་གྱི་སྔོ་སོགས་མྱོང་བར་གྲགས་པ་ཡིན་གྱི་གཞན་ཕྱི་རོལ་གྱི་བདག་ཉིད་མྱོང་བ་ལས་དེ་ལྟར་གྲགས་པ་མིན་པའི་ཕྱིར་རོ། །འོ་ན་ཕྱི་རོལ་གྱི་དོན་ཡོད་པ་ལ་སྒྲུབ་བྱེད་ཀྱི་ཚད་མ་གང་ཡོད་དེ་མེད་པར་ཐལ། བློ་ནི་སྔོ་སོགས་ཀྱི་དངོས་པོ་སྟེ་རྣམ་པར་སྐྱེས་པ་ཡིན་ན་དེ་ལས་མ་གཏོགས་པ་ཕྱི་རོལ་གྱི་དོན་མཐོང་བ་མེད་པའི་ཕྱིར་ཞེ་ན། བློ་ནི་སྔོ་སོགས་ཀྱི་དངོས་པོ་སྟེ་རྣམ་པར་སྐྱེས་པ་མིན་ན་སྔོ་སོགས་སྣང་བའི་ཤེས་པ་དེ་ནི་ཆོས་ཅན། ཇི་ལྟར་དོན་མྱོང་ཡིན་ཏེ་མིན་པར་ཐལ། དོན་གྱི་རྣམ་པར་སྐྱེས་པ་མིན་པའི་ཕྱིར། དེས་ན་གང་གི་ཚེ་ཤེས་པ་རང་ཉིད་ཀྱི་གཟུང་རྣམ་མྱོང་བའི་བདག་ཉིད་ནི་དོན་དང་འདྲ་བའི་རྒྱུ་མཚན་ཅན་མ་ཡིན་པར་གྲུབ་པ་དེའི་ཚེ་ན་ཤེས་པ་འདིའི་གཟུང་རྣམ་མྱོང་བ་དེ་ཆོས་ཅན། དེ་ལ་དོན་གྱིས་ཏེ་དོན་དང་འདྲ་བས་ཅི་ཞིག་ཉེ་བར་བསྒྲུབ་སྟེ་རང་ཉིད་མྱོང་བའི་ངོ་བོར་སྐྱེས་པ་ཙམ་ལས་གྲུབ་པས་ཏེ་དེས་གཞལ་བྱ་ཡིན་པས་ནའོ། །གསུམ་པ་ནི། ཤེས་པ་དོན་དང་འདྲ་བས་དོན་མྱོང་བར་འཇོག་ན་བདག་ཉིད་ཐམས་ཅད་ཀྱིས་འདྲའམ་ཆ་འགའ་ཞིག་གིས་འདྲ། དང་པོ་ལྟར་ན་ཤེས་པ་ཆོས་ཅན། ཤེས་པ་ཉིད་མིན་པར་འགྱུར་བར་ཐལ། བེམས་པོ་དང་བདག་ཉིད་ཀུན་ཀྱིས་འདྲ་ན་ནིའོ། །དོན་དང་ཆ་འགའ་ཞིག་གིས་མཚུངས་པས་དོན་མྱོང་ན་ནི་མིག་ཤེས་སོགས་ཐམས་ཅད་ཀྱིས་ཆོས་ཅན། སྒྲ་སོགས་ཐམས་ཅད་མྱོང་བར་འགྱུར་བར་ཐལ། སྒྲ་སོགས་དང་ཆ་འགའ་ཞིག་གིས་འདྲ་བའི་ཕྱིར་རོ། །བཞི་པ་ནི། ཇི་ལྟར་སྔོ་སོགས་སྣང་བའི་ཤེས་པ་དེ་སྔོ་སོགས་ཀྱི་ངོ་བོ་སྟེ་རྣམ་པར་སྐྱེས་པའི་ཕྱིར་ན་སྔོ་སོགས་ཉམས་སུ་མྱོང་བར་འདོད་པ་དེ་བཞིན་དུ་སྔོ་འཛིན་ཕྱི་མ་ཆོས་ཅན། སྔོ་འཛིན་སྔ་མ་དེ་ཡང་ཉམས་སུ་མྱོང་བར་འགྱུར་བར་ཐལ། ཉམས་མྱོང་སྟེ་སྔོ་འཛིན་སྔ་མའི་ངོ་བོ་སྟེ་རྣམ་པར་སྐྱེས་པའི་ཕྱིར་རོ། །ལྔ་པ་ནི། གལ་ཏེ་དེ་ལ་སྐྱེས་འདྲ་བ་ཡོད་ཀྱང་སྔོ་འཛིན་ཕྱི་མས་ཉམས་མྱོང་སྟེ་སྔོ་འཛིན་སྔ་མ་དེ་ཉམས་སུ་མྱོང་ངོ་ཞེས་དོན་སྔོ་སོགས་མཐོང་བའི་རྗེས་སུ་སྔོ་སོགས་མཐོང་ཞེས་ངེས་པ་བཞིན་དུ་ནི་ངེས་པ་འདྲེན་པ་མིན་པ་དེའི་ཕྱིར་སྔོ་འཛིན་ཕྱི་མས་སྔ་མ་མྱོང་བར་ཐལ་བའི་ཉེས་པ་མེད་དོ་ཅེ་ན། དོན་སྔོ་སོགས་རྒྱུན་ལྡན་དུ་འབྱུང་བ་འཛིན་པའི་ཤེས་པ་ལའང་ཆོས་ཅན། སྔོ་སོགས་མྱོང་བ་མིན་པར་ཐལ། སྔོ་སོགས་མྱོང་ཞེས་ངེས་པ་དེའི་རྟག་ཏུ་སྐྱེ་བའི་ངེས་པ་མེད་པའི་ཕྱིར་ཏེ། ཡིད་ཡུལ་གཞན་ལ་གཡེང་བ་སྲིད་པས་སོ། །གལ་ཏེ་དོན་འཛིན་པའི་ཤེས་པ་ལ་ངེས་ཤེས་ཡོད་དེ། ངེས་ཤེས་ཡོད་པ་ཉིད་ཀྱི་རྒྱུ་དོན་ལས་སྐྱེས་འདྲ་བ་ཡོད་པས་སོ་ཞེ་ན། སྔོ་འཛིན་ཕྱི་མ་ཆོས་ཅན། མྱོང་བ་སྔོ་འཛིན་སྔ་མ་ལ་ལྟོས་ནས་ཁྱོད་ཀྱིས་སྔོ་འཛིན་སྔ་མ་མྱོང་ཞེས་པའི་ངེས་ཤེས་མེད་པའང་ཅིའི་ཕྱིར་ཏེ་ཡོད་པར་ཐལ། སྔོ་འཛིན་སྔ་མ་ལས་སྐྱེས་འདྲ་བ་ཡིན་པའི་ཕྱིར་རོ། །གཉིས་པ་དཀར་སོགས་གསལ་བའི་སྣང་བ་དཔྱད་ནས་བསྒྲུབ་པ་ལ་གཉིས་ཏེ། གསལ་བའི་དོན་ལ་བརྟགས་ནས་དྲིས། །དྲིས་པའི་མཐའ་གཉིས་སོ་སོར་དགག་པའོ། །དང་པོ་ནི། རང་རིག་བསྒྲུབ་པའི་རིགས་པ་གཞན་ཡང་དབང་ཤེས་ཀྱི་དཀར་སེར་སོགས་མཐོང་བ་ན། དཀར་སོགས་མངོན་པར་གསལ་བ་ཡི་རང་གཞན་གྱི་རིག་པ་ལ་གསལ་བ་ནི་སྐྱེས་པའི་སྣང་བ་འདི་གང་ཡིན་ཏེ། ཅི་དཀར་སོགས་མངོན་པར་གསལ་བའི་ཤེས་པ་ལས་གཞན་པའི་དངོས་པོ་ཡིན་ནམ། འོན་ཏེ་ཤེས་པ་དེའི་བདག་ཉིད་དུ་གྱུར་པ་ཡིན་ཞེས་བརྟག་གོ །གཉིས་པ་ལ་གཉིས་ཏེ། གཞན་དངོས་ཡིན་ན་ཧ་ཅང་ཐལ། །བདག་གྱུར་ཡིན་ན་རང་རིག་གྲུབ་པའོ། །དང་པོ་ལ་གཉིས་ཏེ། ཤེས་པས་དོན་མི་གསལ་བར་ཐལ་བ། །དོན་མཐོང་ངེས་པ་མེད་པར་ཐལ་བའོ། །དང་པོ་ནི། ཕྱོགས་དང་པོ་ལྟར་ན་དཀར་པོ་གསལ་བར་སྣང་བའི་ཤེས་པ་ནི་ཆོས་ཅན། ཇི་ལྟར་དཀར་སོགས་གསལ་བར་སྣང་བར་གྱུར་ཏེ་མི་འགྱུར་བར་ཐལ། རང་ཉིད་གསལ་བ་མིན་པའི་ཕྱིར་ཏེ། རང་ལ་གསལ་བར་སྣང་བ་དེ་རང་ལས་རྫས་གཞན་པའི་དངོས་པོ་ཡིན་པའི་ཕྱིར་ནའོ། །ཁྱབ་སྟེ། ཤེས་པ་གསལ་བར་གྲུབ་ན་དེ་ལ་དོན་ཡང་གསལ་བར་སྣང་བ་འཐད་པ་ཡིན་གྱི། རང་ཉིད་གསལ་བ་མིན་ན་ཤེས་པ་དེ་འགྲོ་བ་མ་ལུས་པ་སྟེ་དོན་གང་ཡང་གསལ་བར་སྣང་བ་མ་ཡིན་དགོས་པའི་ཕྱིར་རོ། །གལ་ཏེ་དཀར་སོགས་གསལ་བར་སྣང་བའི་ཤེས་པ་རང་ཉིད་མི་གསལ་ཡང་ཕྱིས་འབྱུང་བའི་གསལ་བྱེད་ཤེས་པ་གཞན་གྱིས་གསལ་བར་བྱེད་ཅེ་ནའང་། དཀར་སོགས་གསལ་བར་སྣང་བའི་ཤེས་པ་ཆོས་ཅན། ཁྱོད་ཀྱི་གསལ་བྱེད་ཐུག་པ་མེད་པ་ཐལ་བར་འགྱུར་ཏེ། ཁྱོད་ཤེས་པ་གཉིས་པ་དང་དེའང་གསུམ་པ་སོགས་ཀྱིས་གསལ་བར་བྱེད་དགོས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། བློས་ཆོས་ཅན། དཀར་སོགས་འདིའི་མཐོང་བ་འདི་ཡིན་ནོ་ཞེས་དཀར་སོགས་དེ་རང་མཐོང་བའི་ཤེས་པ་དང་ལྷན་ཅིག་ཏུ་འབྲེལ་པ་ཤེས་པ་མེད་པར་ཐལ། གང་གི་ཕྱིར་ན་དཀར་པོ་དང་དཀར་འཛིན་ལྟ་བུ་དོན་ཤེས་གཉིས་ལས་གཅིག་དོན་རྟོགས་པའི་ཚེ་གཉིས་པ་ཤེས་པ་མཐོང་བ་ཡོད་པ་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བློས་ཆོས་ཅན། ཅི་ལྟར་ཡུལ་དཀར་པོ་དེ་དཀར་འཛིན་གྱི་ཤེས་པ་དེ་ཡིས་ཁྱད་པར་དུ་བྱས་ནས་འཛིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། དཀར་པོ་དང་དཀར་འཛིན་གྱི་ཡུལ་ཡུལ་ཅན་གྱི་འབྲེལ་བ་ཤེས་པ་མེད་པའི་ཕྱིར། ཁྱབ་སྟེ། དོན་ཤེས་གཉིས་དག་ལྷན་ཅིག་ཏུ་འབྲེལ་པར་མཐོང་བ་ན་དོན་འདི་བློ་འདིས་མཐོང་ངོ་ཞེས་བྱ་བར་ངེས་པར་འགྱུར་གྱི། གཞན་དུ་མིན་པས་སོ། །གཉིས་པ་ལ་གསུམ་སྟེ། འདྲ་བ་ཡོད་ན་རང་རིག་གྲུབ། །འདྲ་བ་ཉིད་ཀྱང་འགྲུབ་མི་འགྱུར། །འདྲ་བ་མེད་ན་ཧ་ཅང་ཐལ་བའོ། །དང་པོ་ནི། དོན་ཤེས་ལྷན་ཅིག་ཏུ་མ་ཤེས་ཀྱང་བཤད་མ་ཐག་པའི་སྐྱོན་མེད་དེ། སྔོ་སོགས་གང་གིས་མཐོང་བའི་ཤེས་པ་དོན་སྔོ་སོགས་དང་འདྲ་བར་སྐྱེས་པ་ནི་སེམས་གཞན་གྱིས་ནི་མཐོང་བར་གྱུར་པ་དེ་ལ་ཤེས་པ་འདིས་དོན་འདི་མཐོང་ཞེས་བརྗོད་པའི་ཐ་སྙད་བྱེད་པའི་ཕྱིར་ཅེ་ན། དོན་མཐོང་གི་ཤེས་པ་འདི་ཆོས་ཅན། རང་རིག་ཏུ་གྲུབ་པར་ཐལ། དོན་དང་འདྲ་བའི་ཤེས་པ་ཡིན་པས་ནའོ། །གཞན་ཡང་དོན་སྣང་གི་ཤེས་པ་ཆོས་ཅན། ཅི་ལྟར་དོན་གཞན་གྱི་ངོ་བོ་རིག་སྟེ་མི་རིག་པར་ཐལ། ཅི་སྟེ་ན། རང་གི་དངོས་པོ་མི་རིག་པའི་ཕྱིར་ནའོ། །གལ་ཏེ་དོན་དང་འདྲ་བ་ལས་ནི་དོན་མྱོང་ཞེས་པར་འདོད་ན། དོན་དང་འདྲ་བ་ལས་དོན་མྱོང་ཞེས་པ་དེའང་ཆོས་ཅན། མི་འཐད་དེ། འདྲ་བ་ཐམས་ཅད་ཕན་ཚུན་དུ་ཞེས་པར་སྔར་ཉིད་རྣམ་པར་བསལ་ཟིན་པའི་ཕྱིར་རོ། །གཉིས་པ་ནི། དོན་དང་འདྲ་བའི་དོན་རིག་གི་རྗེས་ཀྱི་ཤེས་པ་དེས་ཆོས་ཅན། ཅི་ལྟར་དོན་གཟུགས་སོགས་དེ་ནི་དེ་མཐོང་བའི་ཤེས་པ་དང་འདྲ་བ་ཡིན་པར་ངེས་པར་འགྱུར་ཏེ་མི་འགྱུར་བར་ཐལ། དོན་གཟུགས་སོགས་ནི་སྔར་མཐོང་བ་ཡོད་པ་མིན་པས་སོ། །ཁྱབ་སྟེ། སྤྱིར་འདྲ་པོ་འདྲ་ཡུལ་གཉིས་ཀ་མཐོང་བ་ཡིན་ན་དེ་དག་ནི་འདྲ་བ་འཛིན་པ་ཡིན་གྱི་གཞན་དུ་མིན་པའི་ཕྱིར། གསུམ་པ་ནི། རང་རིག་མེད་པར་མ་ཟད་ཤེས་པ་དོན་དང་འདྲ་བ་ཉིད་ཀྱང་མི་འདོད་པ་གང་ཡིན་པ་དེ་ལ་ཆོས་ཅན། དོན་ཤེས་གཉིས་གང་ཡང་མཐོང་བ་མེད་པར་ཐལ། རང་རིག་མེད་ཅིང་དོན་དང་འདྲ་བའི་ཤེས་པའང་མེད་པའི་ཕྱིར། འདོད་ན། འདི་ནི་དོན་དང་འདི་ནི་ཤེས་པའོ་ཞེས་དོན་ཤེས་དེ་དག་སྨོས་སུ་ག་ལ་ཡོད་དེ་ཐ་སྙད་དོན་མཐུན་བྱར་མེད་པར་ཐལ། དོན་ཤེས་ཚད་མས་མ་གྲུབ་པ་དེའི་ཚེ་སྟེ་དེའི་ཕྱིར། གཉིས་པ་ནི། ཅི་སྟེ་དབང་ཤེས་ལ་དཀར་སོགས་གསལ་བར་སྣང་བ་ནི་ཤེས་པ་རང་གི་དངོས་པོ་ཡིན་ཞེ་ན། འོ་ན་དཀར་སོགས་འཛིན་པའི་ཤེས་པ་དེ་ཆོས་ཅན། རང་ཉིད་རབ་ཏུ་གསལ་བ་སྟེ་རང་རིག་པར་འགྱུར་བར་ཐལ། རང་ལ་གསལ་བར་སྣང་བ་དེ་ཤེས་པ་རང་ཉིད་ཀྱི་དངོས་པོ་ཡིན་པའི་ཕྱིར་རོ། །གཞན་ཡང་དཀར་སོགས་སྣང་བའི་བློ་དེ་ཆོས་ཅན། རང་རིག་པའམ་རང་གསལ་བ་ཡིན་ཏེ། གང་གི་ཕྱིར་ན་དོན་གསལ་བར་སྣང་བ་གང་ཞིག རང་མི་གསལ་ན་ནི་དོན་མི་གསལ་ཏེ་དོན་གསལ་བར་མི་སྣང་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་རང་བློ་མངོན་གྱུར་མིན་པ་བཀག་ནས་བསྒྲུབ་པ་ལ་གཉིས་ཏེ། རིགས་པ་སྔ་མས་ཁེགས། །རིགས་པ་གཞན་གྱིས་དགག་པའོ། །དང་པོ་ནི། ཤེས་པ་བདག་རིག་མིན་པའི་ཕྱོགས་དག་ལ་དོན་དང་ཤེས་པ་ཀུན་མཐོང་བ་མེད་པར་ཐལ། ཞེས་པའི་རིགས་པ་འདི་ཡིས་ནི་བློ་ནི་མངོན་སུམ་གྱིས་གྲུབ་པ་མིན་པ་ལྐོག་གྱུར་དུ་སྨྲ་བའི་རྒྱལ་དཔོག་པ་གང་ཡིན་པ་དེ་ལའང་ལན་བཏབ་བོ་སྟེ་དགག་པ་བྱས་ཏེ། གནོད་བྱེད་ཀྱི་རིགས་པ་མཚུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། མངོན་གྱུར་ཡིན་པར་རྟགས་ཀྱིས་བསྒྲུབ། །མངོན་གྱུར་མིན་ན་ཧ་ཅང་ཐལ་བའོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་དགོད། མ་གྲུབ་པ་སྤོང་བའོ། །དང་པོ་ནི། བདེ་བ་དང་སྡུག་བསྔལ་བ་དང་འདོད་པ་དང་སྡང་བ་ལ་སོགས་པའི་ཁྱད་པར་རང་རྒྱུད་ལ་མྱོང་བ་དེ་དག་ནི་ཆོས་ཅན། བློ་ཉིད་ཡིན་ཏེ། བརྟེན་ཏེ་བདག་རྐྱེན་མིག་དབང་སོགས་དང་། དམིགས་པ་ཡུལ་ཡིད་དུ་འོང་མི་འོང་སོགས་དང་། ཡིད་ལ་བྱེད་པ་གོམས་པའི་ཁྱད་པར་ལས་དགའ་གདུང་སོགས་ཐ་དད་པར་ནི་འཇུག་པ་ཅན་ཡིན་པའི་ཕྱིར། དེས་ན་བདེ་སྡུག་སོགས་ཆོས་ཅན། རང་རིག་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། མྱང་བྱ་ཡིན་པས་མྱོང་བྱེད་ཡོད་པར་གྲུབ་ཅིང་། དེ་ལས་ངོ་བོ་ཐ་དད་པ་གཞན་གྱིས་མྱོང་བའི་སྒོ་ནས་ཤེས་པ་གང་ཡིན་པ་ཅུང་ཟད་ཀྱང་ཚད་མས་རྟོགས་པ་མེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། བདེ་སོགས་མྱོང་བྱེད་དོན་གཞན་མེད་པ་མི་འགྲུབ་སྟེ། ཡིད་ཀྱི་ཤེས་པ་གཞན་གྱིས་རིག་པ་ཙམ་གྱིས་བདེ་སོགས་མྱོང་བར་འཇོག་པ་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། རང་གི་བདེ་སོགས་གཞན་གྱིས་མྱོང་བར་ཐལ། །རྣལ་འབྱོར་མངོན་སུམ་གདུང་བར་མྱོང་བར་ཐལ་བའོ། །དང་པོ་ལ་གཉིས་ཏེ། ཐལ་བ་དགོད། གཞན་ལན་དགག་པའོ། །དང་པོ་ནི། སྐྱེས་བུ་གཞན་གྱིས་ཀྱང་ནི་ཆོས་ཅན། དེ་ལས་རྒྱུད་གཞན་གྱི་བདེ་སོགས་དེ་སྤྱོད་པ་སྟེ་མྱོང་བར་འགྱུར་བར་ཐལ། གཞན་རྒྱུད་ཀྱི་བདེ་སོགས་རིག་སྲིད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སྐྱེས་འདྲ་ཡིན་མིན་ཁྱད་པར་ཡོད་པ་དགག །མངོན་སུམ་ཡིན་མིན་ཁྱད་པར་ཡོད་པ་དགག་པའོ། །དང་པོ་ནི། གལ་ཏེ་གཞན་རྒྱུད་ཀྱི་བདེ་སོགས་འཛིན་པའི་བློ་ཆོས་ཅན། བདེ་སོགས་དེ་མྱོང་བ་མིན་ནོ་སྟེ་བདེ་སོགས་དེས་བསྐྱེད་པ་དང་། བདེ་སོགས་དེར་སྣང་བ་མིན་པའི་ཕྱིར། ཁྱབ་སྟེ། བདེ་སོགས་དེས་བསྐྱེད་པ་དང་དེར་སྣང་བའི་བློ་ཉིད་ཀྱིས་བདེ་སོགས་རིག་པ་སྟེ་མྱོང་བའི་ཕྱིར་ཞེ་ན། འོ་ན་བློ་དེའི་དམིགས་རྐྱེན་གཞན་རྒྱུད་ཀྱི་བདེ་སོགས་དེས་བྱེད་དམ་མི་བྱེད། བྱེད་ན་གཞན་གྱི་བདེ་སོགས་ལ་དམིགས་པར་བྱེད་པ་གཞན་གྱི་བློ་ལ་ཡང་ཆོས་ཅན། གཞན་གྱི་བདེ་སོགས་ལས་སྐྱེས་པ་དང་དེར་སྣང་བ་གཉིས་པོར་འདི་གདོན་མི་ཟ་བར་ཡོད་པར་ཐལ། གཞན་གྱི་བདེ་སོགས་ཀྱིས་ཁྱོད་ཀྱི་དམིགས་རྐྱེན་བྱས་པའི་ཕྱིར། ཅི་སྟེ་གཞན་གྱི་བདེ་སོགས་དེ་ལས་སྐྱེས་པ་མིན་ཞིང་དེར་སྣང་ཅན་ཡང་མིན་ན། གཞན་རྒྱུད་ཀྱི་བདེ་སོགས་འཛིན་པའི་བློ་དེ་ཆོས་ཅན། གཞན་རྒྱུད་ཀྱི་བདེ་སོགས་དེ་ཁྱོད་ཀྱི་གཟུང་ཡུལ་དུ་མེད་པ་ཅན་དུ་འགྱུར་བར་ཐལ། གཞན་རྒྱུད་ཀྱི་བདེ་སོགས་ལས་སྐྱེས་འདྲ་བ་མིན་པའི་ཕྱིར། གལ་ཏེ་བློ་དེས་གཞན་གྱི་བདེ་སོགས་རང་མཚན་མི་འཛིན་ཡང་གཞན་གྱི་བདེ་སོགས་ཀྱི་སྤྱི་ཡན་གར་བ་འཛིན་པས་ཡུལ་མེད་མིན་ཞེ་ན། གཞན་གྱི་བདེ་སོགས་འཛིན་པའི་བློ་དེ་ཆོས་ཅན། གཞན་གྱི་བདེ་སོགས་ཀྱི་སྤྱི་ཡན་གར་བའི་དངོས་པོ་དག་ཀྱང་མི་འཛིན་པར་ཐལ། གཞན་གྱི་བདེ་སོགས་ཀྱི་གསལ་བ་དེ་མ་གཟུང་བའི་ཕྱིར་ནའོ། །ཁྱབ་སྟེ། སྤྱི་དངོས་པོ་བ་ཅུང་ཟད་ཡོད་ན་གསལ་བ་ལ་མ་ལྟོས་པར་འཛིན་དུ་ཆུག་ཀྱང་སྤྱི་དེ་ནི་ཅུང་ཟད་ཀྱང་དངོས་པོར་ཡོད་པ་མིན། ཞེས་ཀྱང་སྔར་བཤད་ཟིན་ཏོ། །བདེ་སོགས་བློ་གཞན་གྱིས་མྱོང་བ་ལ་སྐྱོན་ཡོད་པ་དེའི་ཕྱིར་དོན་བདེ་སོགས་སུ་སྣང་བ་དེ་ནི་ཆོས་ཅན། སྔར་མྱོང་བའི་བློ་དེ་སྤྱིར་མངོན་སུམ་དང་ནི་ཁྱད་པར་དུ་བདག་རིག་པའི་མངོན་སུམ་དུ་གྲུབ་སྟེ། རང་མྱོང་བའི་བློ་དེ་ལས་གཞན་མིན་པ་སྟེ་རྫས་གཅིག་པ་དེས་ནའོ། །གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་གཞན་གྱི་ཤེས་པ་ནི་གཞན་གྱི་བདེ་སོགས་དེ་ལ་འཛིན་བྱེད་ཙམ་ཡིན་ཀྱང་མངོན་སུམ་ཉིད་དུ་ནི་འཛིན་པ་མིན་ལ། རང་གི་ཤེས་པས་རང་གི་བདེ་སོགས་མངོན་སུམ་དུ་འཛིན་པས་རང་གཞན་ལ་དགའ་གདུང་དུ་འགྱུར་མི་འགྱུར་གྱི་ཁྱད་པར་ཡོད་དོ་ཞེ་ན། རང་གཞན་གྱི་བདེ་སོགས་འཛིན་པའི་བློ་གཉིས་ཆོས་ཅན། རང་གཞན་གྱི་བདེ་སོགས་མངོན་སུམ་དུ་འཛིན་མི་འཛིན་གྱི་ཐ་དད་དེ་གང་ལས་ཡིན་ཏེ་མིན་པར་ཐལ། རང་ཡུལ་བདེ་སོགས་རང་ལས་ལྐོག་ཏུ་གྱུར་པའི་དོན་ཡུལ་དུ་བྱེད་པར་མཚུངས་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཁྱབ་པ་མེད་དེ། གང་ཟག་རང་ལ་རང་གི་བདེ་སོགས་མྱོང་བའི་མ་མཐོང་བའི་ལས་ཡོད་པ་དང་། རང་གི་བདེ་སོགས་དང་རང་གི་ཤེས་པ་གཉིས་བདག་གི་དོན་གཅིག་ལ་ལྡན་པའི་འབྲེལ་པ་ཡོད་པ་དང་། སོགས་པ་རང་གི་བདེ་སོགས་མྱོང་བ་ལ་དབང་ཕྱུག་དགའ་བ་ཡོད་ཅིང་། གང་ཟག་གཞན་གྱི་བདེ་སོགས་ལ་དེ་ལས་བཟློག་པ་ཉིད་ཀྱིས་རང་གིས་རང་གཞན་གྱི་བདེ་སོགས་མྱོང་བ་དང་མི་མྱོང་བ་སོ་སོར་ངེས་པ་ཡིན་པའི་ཕྱིར་ཞེ་ན། འོ་ན་གཞན་གྱི་བདེ་སོགས་ནི་ཆོས་ཅན། གཞན་གྱིས་རྣམ་པ་ཀུན་ཏུ་འཛིན་པར་མི་འགྱུར་བར་ཐལ། གཞན་གྱིས་དེ་འཛིན་པའི་ལས་ལ་སོགས་པ་མེད་པའི་ཕྱིར། གལ་ཏེ་སྐྱོན་མེད་དེ། ལས་ལ་སོགས་པ་ལས་རང་གཞན་གྱི་བདེ་སོགས་མྱོང་མི་མྱོང་གི་ཁྱད་པར་ཡོད་པར་སྨྲའི་འཛིན་པ་ཙམ་དུ་མཚུངས་པའི་ཕྱིར་ཞེ་ན། རང་བློ་ཆོས་ཅན། རང་གི་བདེ་སོགས་མངོན་སུམ་དུ་མྱོང་བ་དང་གཞན་གྱི་བདེ་སོགས་མངོན་སུམ་དུ་མི་མྱོང་བའི་དབྱེ་བ་ཡོད་པ་ལའང་མི་འཐད་པར་ཐལ། རང་གཞན་གྱི་བདེ་སོགས་ལྐོག་གྱུར་དུ་མཚུངས་པའི་རིགས་པས་དེ་མ་ཐག་ཏུ་བསལ་ཟིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། གང་དག་རྣལ་འབྱོར་མངོན་སུམ་གྱིས་གཞན་གྱི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་མྱོང་སྟེ་རིག་པ་ན། རྣལ་འབྱོར་པ་དེ་ཡང་ཆོས་ཅན། སྡུག་བསྔལ་རྒྱུད་ལ་སྐྱེས་པ་དེ་བཞིན་དུ་སྡུག་བསྔལ་གྱིས་གདུང་བར་འགྱུར་བར་ཐལ། སྡུག་བསྔལ་ཉམས་སུ་མྱོང་བར་མཚུངས་པས་ན་སྟེ་སྡུག་བསྔལ་རིག་པ་ཙམ་དུ་མཚུངས་པའི་ཕྱིར། ཁྱབ་པ་ཁས་བླངས། གཉིས་པ་ནི། གལ་ཏེ་རྣལ་འབྱོར་པ་དེ་དག་ལ་ནི་ཡུལ་སོགས་དང་དབང་པོ་འདུས་པ་དེ་ལས་བྱུང་བའི་སྡུག་བསྔལ་ནི་སྐྱེ་བ་མིན་ཏེ་ཡུལ་དབང་འདུས་པ་མེད་པས་སོ་ཞེ་ན། དཔྱོད་པ་པ་ཆོས་ཅན། རྣལ་འབྱོར་པས་གཞན་གྱི་སྡུག་བསྔལ་ཤེས་པའི་ཕྱིར་ན་མྱོང་བར་ཐལ་ཞེས་པ་ལ། སྡུག་བསྔལ་མི་སྐྱེ་བས་སྡུག་བསྔལ་མྱོང་བ་མིན་ཞེས་པ་ལན་དུ་མི་རིགས་ཏེ། ཁྱོད་ཀྱི་ལུགས་ལ་རང་ཉིད་སྡུག་བསྔལ་གྱི་ངོ་བོར་སྐྱེས་པར་གྱུར་པ་ཉིད་ནི་སྡུག་བསྔལ་མྱོང་བར་འདོད་པ་མིན་གྱི། འོན་ཀྱང་ནི་སྡུག་བསྔལ་ཤེས་པ་ཡི་བློ་སྐྱེས་པ་ཙམ་གྱིས་མྱོང་བར་འདོད་པ་ཡིན་པས་སོ། །འོ་ན་ཁྱོད་ཀྱི་རྣལ་འབྱོར་པས་བདེ་སོགས་རིག་པ་ཇི་ལྟར་ཞེ་ན། ཆོས་གྲགས་ཆོས་ཅན། རྣལ་འབྱོར་པས་གཞན་གྱི་སྡུག་བསྔལ་ལ་དམིགས་པས་གཞན་གྱི་སྡུག་བསྔལ་གྱིས་གདུང་བ་དེ་ལྟར་ཐལ་བའི་སྐྱོན་དུ་མི་འགྱུར་ཏེ། རྣལ་འབྱོར་པས་གཞན་གྱི་སྡུག་བསྔལ་ལ་སོགས་མྱོང་བ་མིན་པར་གཞན་གྱི་སྡུག་བསྔལ་གྱིས་གདུང་བ་དང་། བདེ་བས་ཕན་འདོགས་པའི་རྒྱུ་མ་ཡིན་པའི་ཕྱིར་ཏེ། གང་གི་ཚེ་སེམས་རང་ཉིད་སྡུག་བསྔལ་གྱི་རང་གི་ངོ་བོར་སྣང་བ་ནི་གདུང་བ་ཡིན་ལ། ངོ་བོར་མ་སྐྱེས་ན་སྡུག་བསྔལ་དེ་ལ་དམིགས་པ་ཙམ་ནི་སྡུག་བསྔལ་དེ་ཤེས་པ་ཙམ་ཡིན་གྱི། མྱོང་བ་མིན་པར་འདོད་པ་དེའི་ཚེ་སྟེ་དེའི་ཕྱིར། སྡུག་བསྔལ་དམིགས་པ་ཙམ་ལ་མྱོང་བ་མིན་པ་དེས་ན་ཤེས་པ་ཐམས་ཅད་ཀྱི་ཆོས་ཅན། དམིགས་པ་དང་མྱོང་བ་དག་ནི་ཐ་དད་ཡིན་ཏེ། དོན་ལས་དོན་དང་འདྲ་བར་སྐྱེས་པ་ནི་དམིགས་པའི་དོན་དང་རང་ཉིད་མྱོང་བྱའི་ངོ་བོར་གསལ་བར་སྐྱེས་པ་ནི་བདག་མྱོང་བ་ཡིན་པའི་ཕྱིར་རོ། །གཉིས་པ་མངོན་གྱུར་མིན་ན་ཧ་ཅང་ཐལ་བ་ལ་གཉིས་ཏེ། རང་བློ་རྟགས་ལས་རྟོགས་པར་ཐལ། །དེ་ཉིད་འདོད་ལ་གནོད་བྱེད་བསྟན་པའོ། །དང་པོ་ནི། གཞན་ཡང་རང་གི་གཟུགས་འཛིན་སོགས་ཀྱི་དབང་བློ་རང་རྒྱུད་ལ་ཡོད་པ་ནི་ཆོས་ཅན། རང་གིས་རྟགས་ལས་རྟོགས་པར་འགྱུར་དགོས་པར་ཐལ། རང་གི་མངོན་སུམ་ཚད་མས་གྲུབ་པ་མེད་ཅིང་རང་ལ་ལྟོས་ཏེ་གཞལ་བྱ་ལྐོག་གྱུར་ཡིན་པའི་ཕྱིར་ནའོ། །གཉིས་པ་ལ་གཉིས་ཏེ། དབང་བློ་རྟགས་ལས་རྟོགས་པ་དགག །ཡིད་བློ་རྟགས་ལས་རྟོགས་པ་དགག་པའོ། །དང་པོ་ལ་གསུམ་སྟེ། དབང་བློའི་གཏན་ཚིགས་གང་ཡིན་བརྟག །བརྟགས་ན་གཏན་ཚིགས་ཉིད་མི་འགྲུབ། །གྲུབ་ཀྱང་འབྲེལ་པ་ངེས་པ་མེད་པའོ། །དང་པོ་ནི། སྔ་མ་ལ་འདོད་ན། རང་ལ་དབང་བློ་ཡོད་པར་སྒྲུབ་པའི་རྟགས་དེ་ཡང་མིག་ལ་སོགས་པའི་དབང་པོ་ལྔའམ། གཟུགས་སོགས་དོན་ནམ། དབང་བློ་ཉིད་དམ། ཡང་ན་ཡིད་བྱེད་སྔ་མར་ཏེ་དེ་རྣམས་གང་རྟགས་སུ་འགྱུར་དྲིས་པས། དེ་ཙམ་ཁོ་ན་རྟགས་སུ་རྟོགས་པར་མི་རིགས་ཏེ། བདག་ཡིད་ཕྲད་པ་ལ་སོགས་པ་ཡང་དབང་བློའི་རྒྱུ་ཡིན་པས་དེ་དག་ལ་ཡང་རྟོག་པར་རིགས་སོ་ཞེ་ན། རྒྱུ་དབང་པོ་དང་། དོན་དང་། ཡིད་བྱེད་དང་། འབྲས་བུ་དབང་བློ་ཚོགས་པ་འདི་དག་ལས་གཞན་བདག་ཡིད་ཕྲད་པ་སོགས་ཆོས་ཅན། དབང་བློའི་འབྲེལ་པ་ཅན་ཏེ་དངོས་རྒྱུར་ཡོད་པ་མིན་པར་ཐལ་ཏེ་དབང་བློ་དངོས་སུ་སྐྱེད་པའི་ནུས་པ་མཐོང་བ་མེད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། བཞི་པོ་རྟགས་སུ་འགྲུབ་མི་འགྱུར། །དོན་གསལ་རྟགས་སུ་འགྲུབ་མི་འགྱུར། །བློ་ཆོས་རྟགས་སུ་འགྲུབ་མི་འགྱུར་བའོ། །དང་པོ་ནི། དབང་བློའི་རྟགས་སུ་བརྟག་པ་བཞི་པོ་དེ་ལ་དབང་པོ་ཆོས་ཅན། ལྷས་བྱིན་རང་རྒྱུད་ལ་དབང་བློ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མིན་ཏེ། དབང་བློ་ལ་འཁྲུལ་པའི་ཕྱིར་ཏེ། གཉིད་ལོག་པ་དང་བརྒྱལ་བའི་ཚེ་ཁྱོད་ཡོད་ཀྱང་དབང་བློ་མེད་པས་སོ། །དོན་ཡང་ཆོས་ཅན། དབང་པོ་དེ་བཞིན་དུ་ལྷས་བྱིན་རང་རྒྱུད་ལ་དབང་བློ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མིན་ཏེ། དབང་བློ་ལ་འཁྲུལ་པའི་ཕྱིར་ཏེ། ཁྱོད་ཡོད་ཀྱང་མིག་བཙུམས་པ་ན་དབང་བློ་མེད་པའི་ཕྱིར། བློ་དང་ཡིད་ལ་བྱེད་པ་དེ་ཡང་ཆོས་ཅན། ཚད་མས་མ་གྲུབ་པ་ཉིད་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཤེས་པ་མངོན་སུམ་གྱིས་མ་གྲུབ་ལ། དེ་སྒྲུབ་བྱེད་ཀྱི་རྟགས་ཀྱང་མི་རྙེད་པས་སོ། །འདོད་ན། བློ་དང་ཡིད་བྱེད་ནི་ཆོས་ཅན། རྟགས་ཡང་དག་ཉིད་མིན་པར་ཐལ། ཚད་མས་མ་གྲུབ་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། གལ་ཏེ་དོན་ཙམ་རྟགས་མིན་ཡང་དོན་གསལ་བ་དེ་རང་ལ་དབང་བློ་སྒྲུབ་པའི་རྟགས་ཡིན་པར་འདོད་ཅེ་ན། གཉིས་པ་ལ་གཉིས་ཏེ། གསལ་བ་བློ་ཡིས་ཁྱད་པར་བྱས་པ་གཏན་ཚིགས་མིན། །གསལ་བ་དོན་གྱིས་ཁྱད་པར་བྱས་པ་གཏན་ཚིགས་མིན་པའོ། །དང་པོ་ནི། འོ་ན་དོན་གསལ་བ་དེ་དོན་གསལ་བའི་བློ་ཡིན་ནམ་བློས་གསལ་བའི་དོན་ཡིན། དང་པོ་ལྟར་ན་དོན་གསལ་བ་དེ་ཉིད་ཆོས་ཅན། ལྷས་བྱིན་རང་གི་ཚད་མས་མ་གྲུབ་པར་ཐལ། ཤེས་པ་མིན་ནམ་སྟེ་ཡིན་པའི་ཕྱིར། འདོད་ན། ལྷས་བྱིན་རང་རྒྱུད་ལ་དབང་བློ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་མིན་པར་ཐལ་ལོ། །བློ་ཚད་མས་མ་གྲུབ་པར་བསྟན་པ་འདི་ནི་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། བློ་གསལ་བར་གྱུར་པའི་དོན་བློའི་རྟགས་སུ་འདོད་པའང་བསལ་བའི་ཕྱིར་ཏེ། ཅི་ལྟར་བློ་ཆོས་ཅན། ཁྱོད་དེ་ཡིས་གསལ་བར་གྱུར་པའི་དོན་ཚད་མས་མི་ངེས་པར་ཐལ། གསལ་བ་ཁྱོད་ཉམས་སུ་མྱོང་ཞིང་ཚད་མས་གྲུབ་པ་མིན་པའི་ཕྱིར་ནའོ། །འདོད་ན། དེའི་ཕྱིར་དེ་རྟགས་མིན་ནོ། །གཉིས་པ་ལ་གསུམ་སྟེ། དོན་ལ་གསལ་བའི་ཁྱད་པར་མེད། །ཡོད་ཀྱང་བརྟགས་ན་གཏན་ཚིགས་མིན། །ཚུལ་དེས་གྲུབ་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ནི། འོན་ཏེ་དོན་གསལ་བ་སྟེ་དོན་གསལ་བའི་བློ་མ་ཡིན་གྱི། དོན་ཉིད་སྤྱིར་ཁྱད་པར་སྔར་མི་གསལ་བ་ལས་ཕྱིས་གསལ་བར་གྱུར་པ་འགའ་ཞིག་ཡིན་པར་འདོད་ཅེ་ན། དོན་ལ་ཆོས་ཅན། སྔར་མི་གསལ་བ་ལས་ཕྱིས་གསལ་བར་གྱུར་པའི་ཁྱད་པར་འགའ་ཡང་མེད་པར་ཐལ། སྐྱེ་བ་དང་ནི་འཇིག་པ་མེད་པའི་ཕྱིར། རྟགས་ཁས་བླངས་ཤིང་། གལ་ཏེ་མི་ལེན་པར་སྐྱེ་འཇིག་ཅན་དེར་འདོད་ན་ཡང་། དོན་ཆོས་ཅན། རང་འཛིན་ཤེས་པ་སོ་སོར་སྐད་ཅིག་རེ་རེར་སྐྱེ་བ་དང་འཇིག་པར་ཐལ་བར་འགྱུར་ཏེ། ཁྱོད་རང་འཛིན་ཤེས་པ་སྐྱེ་བྱེད་གང་ཞིག་སྐྱེ་འཇིག་ཅན་ཡིན་པའི་ཕྱིར་རོ། །འདོད་ན་བློ་རྟག་པ་གཅིག་པུར་འདོད་པ་དང་འགལ་ལོ། །གཉིས་པ་ནི། དོན་གསལ་བའི་ཁྱད་པར་རང་ལ་བློ་སྒྲུབ་པའི་རྟགས་སུ་འདོད་པ་དེའང་རང་གིས་ཤེས་པའམ་ཤེས་པར་མ་གྱུར་པ་རྟགས་ཡིན། གལ་ཏེ་ཤེས་པ་རྟགས་ཡིན་ན། དོན་གསལ་བ་དེ་ཆོས་ཅན། རང་གི་བློ་དེས་ཤེས་པ་ཞེས་བྱ་བ་དེ་གང་ལས་འགྲུབ་སྟེ་མི་འགྲུབ་པར་ཐལ། དེའི་ཡུལ་ཅན་ཤེས་པར་ཡོངས་སུ་བཅད་པ་སྟེ་ཚད་མས་གྲུབ་པ་མེད་པར་འདོད་པའི་ཕྱིར། འདོད་ན། དོན་གསལ་དེ་ནི་ཆོས་ཅན། ཇི་ལྟར་རང་རྒྱུད་ལ་བློའི་གོ་བྱེད་ཡིན་ཏེ་མིན་པར་ཐལ། རང་རྒྱུད་ཀྱི་བློས་ཤེས་པར་གྱུར་པ་ཉིད་དུ་བཅད་པ་མེད་ཀྱང་སྟེ་མེད་པའི་ཕྱིར། ཁྱབ་པ་ཁས། དོན་གསལ་བ་རང་བློས་ཤེས་པ་ནི་རྟགས་མ་ཡིན་གྱི། འོན་ཀྱང་མཐོང་བ་སྟེ་དོན་གསལ་བ་རང་བློས་མཐོང་བར་གྱུར་པ་མིན་པ་རང་རྒྱུད་ལ་བློ་སྒྲུབ་པའི་རྟགས་ཡིན་ཅེ་ན། འོ་ན་གཞན་གྱིས་མཐོང་བའི་དོན་གསལ་བ་ཆོས་ཅན། ཁྱོད་ལས་རང་བློ་རྟོགས་པར་འགྱུར་བར་ཐལ། དོན་གསལ་བའི་ཁྱད་པར་རང་གིས་མཐོང་བ་མ་གྱུར་པ་དེ་ཁྱོད་ལའང་ཡོད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། གཞན་གྱིས་མཐོང་བར་གྱུར་པའི་དོན་གསལ་བ་དེ་ཡང་རང་གིས་འགར་ཡང་མཐོང་བར་གྱུར་པ་མེད་པའི་དོན་གསལ་བ་ཙམ་ཡིན་པས་སོ། །གསུམ་པ་ནི། དོན་ཆོས་ཡན་གར་བ་ལས་རང་བློ་དཔོག་ན་ཧ་ཅང་ཐལ་བ་དེའི་ཕྱིར། དོན་ཆོས་ཡན་གར་བ་བུམ་པ་ལ་སོགས་པ་ལས་ནི་ཆོས་ཅན། རང་རྒྱུད་ལ་བློ་ནི་རྗེས་སུ་དཔོག་པར་ནུས་པ་མ་ཡིན་ཏེ། རང་གི་བློའི་ཆོས་ལ་ལྟོས་པའམ་འབྲེལ་བ་མེད་པ་ཅན་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། རྒྱུ་ཚོགས་གཅིག་པ་རྟགས་མ་ཡིན། །རྒྱུ་ཚོགས་གཞན་པ་རྟགས་མ་ཡིན་པའོ། །དང་པོ་ནི། དོན་གྱི་ཆོས་བློ་སྒྲུབ་པའི་རྟགས་མ་ཡིན་གྱི་བློ་རང་གི་ཆོས་རྟགས་ཡིན་ནོ་ཞེ་ན། བློ་སྒྲུབ་པའི་རྟགས་བློའི་ཆོས་དེ་མངོན་སུམ་གྱིས་གྲུབ་ན་རྟགས་སུ་འགྱུར་བར་རིགས་ཀྱི་མ་གྲུབ་ན་མི་འགྱུར་བས་མངོན་སུམ་གྱིས་གྲུབ་དགོས་ལ། དེ་ལྟར་ན་མངོན་སུམ་གྱིས་གྲུབ་པ་གང་ཡིན་པའི་བློ་རང་གི་ཆོས་ཆོས་ཅན། རང་བློ་ལས་གཞན་པ་ཅི་ཡོད་དེ་མེད་པར་ཐལ། རང་བློ་ལས་གཞན་པ་ཚད་མས་མ་གྲུབ་པའི་ཕྱིར། འདོད་ན། རང་བློ་བཞིན་དུ་ཚད་མས་མ་གྲུབ་པས་རྟགས་སུ་མི་རུང་ངོ་། །གཞན་ཡང་བློའི་རྟགས་སུ་འདོད་པའི་ཆོས་དེ་བློའི་རྒྱུ་ཚོགས་དེ་ཉིད་དམ་རྒྱུ་ཚོགས་གཞན་ལས་སྐྱེ། དང་པོ་ལྟར་ན་བློའི་ཆོས་དེ་ཆོས་ཅན། བློ་ལས་ཐ་དད་གང་ལས་ཡིན་ཏེ་བློ་ཉིད་ཡིན་པར་ཐལ། བློ་དང་རྒྱུ་ཚོགས་མཚུངས་པ་གཅིག་ལས་སྐྱེས་པའི་ཕྱིར། འདོད་ན། དེ་ཡང་ཚད་མས་མ་གྲུབ་པས་རྟགས་མ་ཡིན་ནོ། །གཉིས་པ་ནི། རྒྱུ་ཚོགས་གཞན་ལས་སྐྱེས་ན་བློའི་ཆོས་དེ་ཡང་ཆོས་ཅན། བློ་ལ་འཁྲུལ་པ་ཅན་ཏེ་བློ་སྒྲུབ་མི་ནུས་པར་ཐལ། བློ་དང་འབྲེལ་པ་མེད་པའི་ཕྱིར། གལ་ཏེ་མ་གྲུབ་ན་འབྲས་བུར་ཁས་བླངས་དགོས་པས། དེ་ཡང་གཟུགས་སོགས་ཡུལ་ནི་ལྔ་པོ་དང་། །དབང་པོ་དང་ནི་དམིགས་པ་བློ་དག་སྟེ། །དེ་དག་མ་གཏོགས་པའི་བློ་དེའི་འབྲས་བུ་གཞན་ཆོས་ཅན། ཉེ་བར་མཚོན་པ་སྟེ་སྲིད་པ་མ་ཡིན་ཏེ། སྣང་རུང་མ་དམིགས་པའི་ཕྱིར། དེ་ལ་དབང་པོ་དང་བློ་གཉིས་ནི་ཆོས་ཅན། བློ་སྒྲུབ་པའི་རྟགས་མ་ཡིན་པར་ཐལ། དབང་པོ་ལས་འདས་པ་སྟེ་བློ་ཚད་མས་མ་གྲུབ་ན་དེ་ཡང་ཚད་མས་མི་འགྲུབ་པའི་ཕྱིར་རོ། །དོན་ལྔ་དག་ལས་གཟུགས་ཆོས་ཅན། གཟུགས་འཛིན་གྱི་བློའི་འབྲས་བུ་མིན་པར་ཐལ། མཐོང་བའི་བློ་ལས་སྐྱེས་པ་གང་ཡིན་པ་དང་། གཞན་དུ་སྟེ་གཞན་ལས་སྐྱེ་སྲིད་པ་དང་བྲལ་བ་གང་ཡིན་པ་གཅིག་ཀྱང་ཚད་མས་རྟོགས་པ་མེད་པའི་ཕྱིར་རོ། །ཚུལ་དེ་ལྟར་ན་བློ་སྒྲུབ་པའི་རྟགས་སུ་འདོད་པ་གང་ཡིན་པ་དེ་ཆོས་ཅན། བློ་སྒྲུབ་པའི་རྟགས་ཡིན་ཞེས་བྱ་བ་བབ་ཆོལ་ཡིན་ཏེ། ཚད་མས་ཤེས་པ་མེད་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། རང་གི་རྒྱུད་ཀྱི་བློ་མི་འགྲུབ། །གཞན་གྱི་རྒྱུད་ཀྱི་བློ་མི་འགྲུབ་པའོ། །དང་པོ་ནི། དེ་ལྟར་རྒྱུད་ལ་བློ་སྒྲུབ་པའི་རྟགས་མེད་མོད། རྟགས་ཡོད་དུ་ཆུག་ན་ཡང་བློའི་རྟགས་སུ་འདོད་པ་དེ་ཆོས་ཅན། ཁྱོད་ལས་ཅི་ལྟར་རང་རྒྱུད་ལ་བློ་རྟོགས་པར་འགྱུར་ཏེ། རང་རྒྱུད་ལ་བློ་སྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། རང་རྒྱུད་ཀྱི་བློ་དང་ནི་ལྷན་ཅིག་འབྲེལ་བ་ཚད་མས་མཐོང་བ་མེད་པའི་ཕྱིར་ཏེ། རང་རྒྱུད་ཀྱི་བློ་དེ་གང་དུའང་ཚད་མས་མ་གྲུབ་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། རྟགས་ཡང་དག་ནི་རང་གི་འབྲེལ་ཡུལ་དུ་མ་མཐོང་བ་ཡི་ཆོས་རང་གི་ཆོས་ཅན་ལ་གསལ་བྱེད་དེ་གོ་བྱེད་མིན་པའི་ཕྱིར། གལ་ཏེ་རང་ལ་བློ་སྒྲུབ་པའི་རྟགས་དེ་ཉིད་ལས་རང་ལ་བློ་མ་གྲུབ་པའི་སྔར་གཞན་ལ་བློ་དེ་ནི་གྲུབ་ནས་དེར་རྟགས་དང་བློ་གཉིས་འབྲེལ་པ་ངེས་ཏེ། ཕྱིས་རྟགས་དེ་ཉིད་ཀྱིས་རང་ལ་བློ་རྗེས་སུ་དཔག་པ་ཉིད་དུ་བརྗོད་ཅེ་ན་ནི། རང་ལ་བློ་སྒྲུབ་བྱེད་ཆོས་ཅན། ཁྱོད་ཀྱི་དཔེའི་སྒྲུབ་བྱེད་ཐུག་པ་མེད་པར་འགྱུར་བར་ཐལ། ཁྱོད་ཀྱི་དཔེ་རང་གཞན་ལ་བློ་སྒྲུབ་པ་ལ་རྟགས་དགོས་ཤིང་། དེ་ལ་ཡང་ནི་དཔེ་གཞན་ཞིག་རྟགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། དོན་ཆོས་བློའི་རྟགས་མ་ཡིན་པ་དེའི་ཕྱིར། བློ་དེ་ཆོས་ཅན། ཁྱོད་ལ་དོན་གྲུབ་ཀྱི་དོན་རྟགས་སུ་བཀོད་པ་ལས་ཅི་ལྟར་ཡང་ཁྱོད་ཚད་མས་གྲུབ་པ་མིན་ཏེ། ཁྱོད་དེ་ཚད་མས་མ་གྲུབ་པར་དོན་རང་ཉིད་ཚད་མས་རབ་ཏུ་གྲུབ་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། རང་བློ་མངོན་སུམ་གྱིས་མ་གྲུབ་ན། རང་ལ་བློ་མ་རྟོགས་པར་མ་ཟད་གཞན་ལ་ཡང་མི་རྟོགས་ཏེ། འདི་ལྟར་སྐྱེས་བུ་ཆོས་ཅན། ལུས་ངག་གི་རྣམ་འགྱུར་ལས་གཞན་རྒྱུད་ལ་སེམས་རྗེས་སུ་དཔག་པར་མི་འགྱུར་བར་ཐལ་ཏེ། ལུས་ངག་གི་རྣམ་འགྱུར་དེ་བདག་རྒྱུད་ལ་བློ་དང་འབྲེལ་པ་མཐོང་བ་མེད་པའི་ཕྱིར་རོ། །ཁྱབ་སྟེ། རང་རྒྱུད་ལ་མངོན་སུམ་གྱིས་བློ་མཐོང་བ་དང་། བློ་དེ་ལས་ནི་ངག་བརྗོད་པ་དང་། ལུས་གཡོ་འགུལ་སོགས་འབྱུང་བར་མཐོང་ནས་ལུས་ངག་གི་ཐ་སྙད་དེ་ལས་གཞན་ལ་སེམས་ཡོད་པར་རྗེས་སུ་དཔག་པར་རིགས་ཀྱི། གཞན་དུ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཡིད་བློ་རྟགས་ལས་རྟོགས་པ་དགག་པ་ནི། ཡིད་ཀྱི་བློ་རྟོགས་པ་ཆོས་ཅན། རང་གི་གཟུང་དོན་རྟགས་སུ་བཀོད་པ་ལས་ཁྱོད་རྗེས་སུ་དཔག་པར་འགྱུར་བ་མིན་ཏེ། ཁྱོད་སྒྲུབ་པ་ལ་རང་གི་གཟུང་དོན་རང་མཚན་གྱི་རྟགས་རབ་ཏུ་གྲུབ་པ་སྟེ་ངེས་པ་ཡོད་པ་མིན་པའི་ཕྱིར་རོ། །བཞི་པ་མྱོང་བྱེད་གཞན་གྱིས་མྱོང་བ་བཀག་ནས་སྒྲུབ་པ་ལ་གཉིས་ཏེ། གཉིས་ཀ་རང་གསལ་མིན་ན་གསལ་བྱ་གསལ་བྱེད་མིན། །སྔ་མ་རང་གསལ་ཡིན་པས་ཕྱི་མས་གསལ་མི་དགོས་པའོ། །དང་པོ་ནི། བློ་རང་གསལ་མ་ཡིན་པས་གསལ་བྱེད་གཞན་གྱིས་གསལ་བར་བྱེད་དགོས་ཞེས་སྨྲ་བ་ཁྱོད་ཀྱི་ལྟར་ན་བློ་ནི་བློ་གཞན་གྱིས་ཇི་ལྟར་རབ་ཏུ་གསལ་བར་འགྱུར་ཞེས་དྲིས་པས། གལ་ཏེ་བློ་སྔ་མ་ལས་ཕྱི་མ་དེའི་རྣམ་པར་སྐྱེ་བས་བློ་ཕྱི་མས་སྔ་མ་གསལ་བ་ཡིན་ནོ་ཞེ་ན། བློ་སྔ་ཕྱི་ཆོས་ཅན། གསལ་བྱ་གསལ་བྱེད་གང་ལས་ཡིན་ཏེ་མིན་པར་ཐལ། གཉིས་ཀ་གསལ་བ་མིན་པའི་བདག་ཉིད་ཏུ་མཚུངས་པའི་ཕྱིར་རོ། །རང་རིག་མེད་པས་བློ་རང་ཉིད་གསལ་བ་མིན་ན་ཡུལ་བུམ་སོགས་ཀྱང་ནི་ཅི་ལྟར་གསལ་བ་ཡིན་ཏེ་མིན་པར་འགྱུར་ཞེ་ན། བློ་ལ་གསལ་བའི་བུམ་སོགས་ཆོས་ཅན། གསལ་བའི་ངོ་བོར་སྐྱེས་པས་གསལ་བ་མིན་ཏེ། རང་ཉིད་གསལ་བའི་ཤེས་པ་ལ་ཁྱོད་ཀྱི་ངོ་བོ་སྟེ་རྣམ་པ་འཕོ་བའི་སྒོ་ནས་གསལ་བར་བཞག་པ་ཙམ་ཡིན་པའི་ཕྱིར་རོ། །བློ་ཆོས་ཅན། རང་ཉིད་རབ་ཏུ་གསལ་བ་སྟེ་གསལ་བའི་བདག་ཉིད་དུ་སྐྱེས་པ་ཡིན་ཏེ། རང་ཉིད་ལ་གསལ་བའི་རྣམ་པ་དེའང་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཚུལ་དེ་ལྟར་བློ་ཕྱི་མ་ལ་བློ་སྔ་མའི་རྣམ་པ་ཤར་ནས་ཕྱི་མས་སྔ་མ་གསལ་བར་བྱེད་པར་འདོད་ན། བློ་ཕྱི་མ་ནི་ཆོས་ཅན། རང་ཉིད་རིག་པར་གྲུབ་པར་ཐལ། རང་ཉིད་ཡུལ་གྱི་རྣམ་པར་སྐྱེས་པ་རང་ལ་གསལ་བའི་ཕྱིར་རོ། །བློ་ཕྱི་མ་རང་རིག་པ་དེ་ལྟ་མིན་ན་ཡུལ་ཡང་ནི་ཆོས་ཅན། བློ་སྔ་མ་གསལ་བར་བྱེད་པར་འགྱུར་བར་ཐལ། རང་ཉིད་གསལ་བ་མ་ཡིན་པའི་བློ་ཕྱི་མ་དེ་བློ་སྔ་མའི་གསལ་བྱེད་གང་ཞིག བློ་ཕྱི་མ་དེ་དང་ལྷན་ཅིག་གསལ་བ་མིན་པར་ཆོས་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ངེད་ཀྱི་ལུགས་ཀྱི་བློ་ཆོས་ཅན། རང་ཉིད་གསལ་བའི་ངོ་བོར་སྐྱེས་པའི་སྒོ་ནས་རབ་ཏུ་གསལ་ཞིང་གཞན་གྱི་གསལ་བྱ་མིན་ཏེ། རང་ཉིད་གསལ་བ་མིན་ན་ཧ་ཅང་ཐལ་བ་དེའི་ཕྱིར་རོ། །གཞན་དོན་ནི་ཆོས་ཅན། རང་ཉིད་གསལ་བ་མིན་ཡང་རབ་ཏུ་གསལ་བ་ཉིད་ཀྱི་ཐ་སྙད་འཇུག་ཏུ་རུང་སྟེ། ཤེས་པ་དེར་ཁྱོད་ཀྱི་ངོ་བོ་སྟེ་རྣམ་པ་འཕོ་བ་ཡིས་ཁྱོད་ཀྱི་རྣམ་པ་བློ་ལ་གསལ་བ་ན་ནི་སྟེ་གསལ་བའི་ཕྱིར་རོ། །གཉིས་པ་ནི། བློ་གཞན་སྔ་མ་ཆོས་ཅན། བློ་ཕྱི་མ་ཁྱོད་དང་འདྲ་བར་སྐྱེས་པ་ཡིན་ཡང་བློ་ཕྱི་མ་དེ་ཡིས་ནི་རབ་ཏུ་གསལ་བར་བྱ་བར་མི་འདོད་དེ། རང་ཉིད་རབ་ཏུ་གསལ་བའི་ཕྱིར། འོ་ན་ཇི་ལྟར་དོན་དང་འདྲ་བར་སྐྱེས་པའི་བློས་དོན་གསལ་བར་བྱེད་ཅེ་ན། དོན་དང་འདྲ་བའི་བློ་ཆོས་ཅན། དོན་ཉིད་གསལ་བའི་ངོ་བོར་བྱས་པ་མིན་ཏེ་དོན་དེའི་ངོ་བོ་སྟེ་རྣམ་པ་ཤར་བས་དོན་རབ་ཏུ་གསལ་བར་བྱེད་པར་འཇོག་པ་ཙམ་ཡིན་པའི་ཕྱིར་རོ། །ཅི་ལྟར་རང་གསལ་ཡིན་ན་གསལ་བྱ་གསལ་བྱེད་མིན་ཅེ་ན། བློ་སྔ་ཕྱི་གཉིས་ཆོས་ཅན། གསལ་བྱ་གསལ་བྱེད་མིན་ཏེ། རང་གསལ་དུ་མཚུངས་པའི་ཕྱིར། དཔེར་ན་སྒྲོན་མེ་གཉིས་བཞིན་ནོ། །དོན་དང་བློ་གཉིས་ཆོས་ཅན། གསལ་བྱ་གསལ་བྱེད་དུ་རུང་སྟེ། གང་རུང་གཅིག་རང་གསལ་མ་ཡིན་ཞིང་། ཅིག་ཤོས་རང་གསལ་ཡིན་ཏེ། དཔེར་ན་མར་མེ་དང་བུམ་པ་དག་ཀྱང་རིམ་པ་ལྟར་གཅིག་གསལ་བ་དང་ཅིག་ཤོས་མི་གསལ་བ་ཡིན་པ་དེར་བརྟེན་ནས་བུམ་པ་གསལ་བྱ་མར་མེ་གསལ་བྱེད་ཀྱི་ངོ་བོ་ཡིས་འཇིག་རྟེན་ན་ཐ་སྙད་རབ་ཏུ་རྒྱས་པར་བྱེད་པ་བཞིན་ནོ། །བློ་མངོན་གྱུར་མིན་པར་སྨྲ་བའི་རྒྱལ་དཔོག་པ་ཁྱོད་ལྟར་ན་ཡང་གཟུགས་སོགས་འཛིན་པའི་བློ་ཆོས་ཅན། ཁྱོད་ཀྱིས་གཟུགས་སོགས་མཐོང་བའི་དུས་ན་གཟུགས་སོགས་ལས་གཞན་རང་གི་ངོ་བོ་དེའང་མཐོང་བ་སྟེ་མྱོང་བར་གདོན་མི་ཟ་སྟེ། ཁྱོད་ཀྱིས་གཟུགས་སོགས་མཐོང་ངོ་ཞེས་དུས་ཕྱིས་དྲན་པའི་ཕྱིར། ཁྱབ་སྟེ། བློ་རང་ཉིད་མ་མྱོངས་ན་ཡུལ་དང་དབང་པོ་ཡོད་ཙམ་གྱིས་ནི་བློ་འདིས་དོན་འདི་མཐོང་ངོ་ཞེས་བྱ་བར་ངེས་པ་སྐྱེ་བ་མ་ཡིན་པ་དེས་ན་བློ་རང་ཉིད་མྱོང་བ་གང་ཁོ་ན་ལས་བློ་འདིས་དོན་འདི་མཐོང་ངོ་ཞེས་ངེས་པ་འདིར་འགྱུར་བས་སོ། །གསུམ་པ་སླར་ཡང་མདོའི་རིགས་པས་རང་རིག་བསྒྲུབ་པ་ལ་གཉིས་ཏེ། དྲན་པའི་རྟགས་ཀྱིས་རང་རིག་བསྒྲུབ། །གྲུབ་ཟིན་སྒྲུབ་པར་སྨྲ་བ་བསལ་བའོ། །དང་པོ་ནི། སློབ་དཔོན་གྱིས་གསུངས་པའི་དྲན་པ་ཡི་རྟགས་ལས་ཀྱང་ཚུལ་གཉིས་གྲུབ་པར་མ་ཟད་བདག་ཉིད་རིག་པ་ཡང་གྲུབ་སྟེ། གཟུགས་འཛིན་པའི་ཤེས་པ་སོགས་ཆོས་ཅན། རང་ཡོད་དུས་ན་མྱོང་བ་ཡིན་ཏེ། དུས་ཕྱིས་དྲན་པའི་ཕྱིར་ཞེས་པའི་ཚུལ་གྱིས་སོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། དྲན་པའི་རྟགས་ལས་རང་གིས་མྱོང་བ་བསྒྲུབས་ན་མ་ངེས་ཤིང་། མྱོང་བ་ཙམ་བསྒྲུབས་ན་གྲུབ་པ་ལ་བསྒྲུབ་པ་སྟེ་ཤེས་པ་ཕྱི་མ་གཞན་གྱིས་རིག་པ་སྟེ་མྱོང་བ་ཡིན་ཞིང་། དེ་ལས་དྲན་པ་སྐྱེ་བས་སོ་ཞེས་འདོད་ན་ནི། གཉིས་པ་ལ་གཉིས་ཏེ། སྔ་མ་རིང་སོགས་འཛིན་པ་མེད་པར་ཐལ། །ཕྱི་མ་ཡུལ་ལ་འཕོ་བ་མེད་པར་ཐལ་བའོ། །དང་པོ་ལ་གཉིས་ཏེ། ཉན་བློ་གཅིག་གི་རིང་སོགས་འཛིན་པ་རིགས་པས་དགག རིམ་ལྡན་དུ་མས་རིང་སོགས་འཛིན་ན་ཁས་བླངས་འགལ་བའོ། །དང་པོ་ལ་གཉིས་ཏེ། ཐལ་བ་དགོད། གཞན་ལན་དགག་པའོ། །དང་པོ་ནི། འདོད་པ་དེའི་ལན་ཕྱོགས་གླང་གིས་གསུངས་པའི་ཐུག་མེད་དུ་འགྱུར་བའི་རིགས་པ་རེ་ཞིག་བཞག་ནས་རང་ཉིད་ཀྱིས་ལན་འདེབས་པར་མཛད་པ་ནི། དེ་ལྟར་ན་ཡི་གེ་རིང་སོགས་འཛིན་པའི་བློ་མྱོང་བ་མེད་ན་ཕྱིས་དྲན་པར་མི་འགྱུར་ལ། གལ་ཏེ་མྱོང་བ་ཡོད་ན་ཡི་གེ་རིང་སོགས་ཀྱི་ཆ་ཤས་རྣམས་ཉན་བློ་རིམ་མེད་གཅིག་གིས་བཟུང་ནས་དེའི་རྗེས་སུ་མྱོང་བྱེད་སྐྱེའམ། ཉན་བློ་རིམ་ལྡན་དུ་མས་བཟུང་ནས་དེའི་རྗེས་སུ་མྱོང་བྱེད་སྐྱེ། དང་པོ་ལྟར་ན། ཉན་བློ་གཅིག་ཆོས་ཅན། ཡི་གེ་རིང་པོ་དང་ཤིན་ཏུ་རིང་པོ་དང་། ཐུང་ངུ་སོགས་ཡི་གེ་གཅིག་ཙམ་རྫོགས་པ་ཡང་འཛིན་པར་མི་འགྱུར་བར་ཐལ་ཏེ། ཡུན་རིང་པོ་ཡི་གེ་གཅིག་ཙམ་གྲུབ་པའི་དུས་སུ་གནས་པ་མེད་པའི་ཕྱིར་རོ། །དེ་ཡང་ཉན་ཤེས་སྐད་ཅིག་གིས་འགགས་ལ་ཡི་གེ་ཐུང་མཐའ་གཅིག་ཀྱང་མིག་འབྱེད་འཛུམ་ཙམ་ཐོགས་པས་སྐད་ཅིག་དུ་མའི་དུས་ཅན་ཡིན་པས་སོ། །གཉིས་པ་ལ་བཞི་སྟེ། རིམ་ལྡན་མེད་ན་རིང་པོ་འཛིན་པ་འགལ། །རིམ་དང་ལྡན་པས་རིམ་མེད་བསྐྱེད་པ་འགལ། །སྔ་མ་མཐའ་བར་གནས་ན་ཧ་ཅང་ཐལ། །ཡིག་ཆ་རིམ་མེད་ཅིག་ཆར་སྐྱེ་བ་འགལ་བའོ། །དང་པོ་ནི། གལ་ཏེ་མ་གྲུབ་སྟེ། ཡི་གེ་རིང་སོགས་ཀྱི་ཆ་སྔ་མ་འཛིན་པའི་ཉན་བློ་དེ་ཡུན་རིང་དུ་གནས་ནས་ཡི་གེ་རིང་སོགས་ཀྱི་ཆ་ཤས་ཀུན་འཛིན་ཞེ་ན། ཉན་བློ་ཆོས་ཅན། ཡི་གེ་རིང་པོ་འཛིན་པར་མི་འགྱུར་བར་ཐལ། ཡི་གེ་ཡི་ཆ་རིམ་ལྡན་དུ་སྣང་བ་མེད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། དེ་ལ་ཡི་གེའི་ཆ་རྣམས་ཅིག་ཆར་སྣང་བའི་ཕྱིར་ཏེ། ཡི་གེའི་ཆ་རྣམས་སྣང་བ་གང་ཞིག གོ་རིམ་མེད་པའི་གཅིག་ཡིན་པས་ནའོ། །གཉིས་པ་ནི། ཕན་ཚུན་འདྲེ་བ་མེད་པ་ཡི། །ཡི་གེའི་ཆ་སྔ་ཕྱི་རྣམས་ཆོས་ཅན། ཇི་ལྟར་ན་རིམ་མེད་པའི་བློ་གཅིག་པོ་དེ་ནི་དངོས་སུ་སྐྱེད་པར་བྱེད་དེ་མི་སྐྱེད་པར་ཐལ། སྔ་ཕྱི་རིམ་ལྡན་གྱི་དུ་མ་ཡིན་པའི་ཕྱིར། གསུམ་པ་ནི། ཡི་གེའི་ཆ་སྔ་མ་རྣམས་མཐའི་བར་ཏེ་ཆ་ཐ་མའི་དུས་ན་ཡང་མི་འགག་པར་གནས་པས་ན། ཡི་གེའི་ཆ་ཤས་དུས་གཅིག་ཏུ་ཚོགས་པ་དེ་རྣམས་ཀྱིས་ཉན་བློ་རིམ་མེད་གཅིག་བསྐྱེད་ཅེ་ན། འབད་རྩོལ་མཚུངས་པས་ཨ་ཞེས་བརྗོད་པ་ན་ཆོས་ཅན། འོག་ནས་འོག་ཏུ་སྒྲ་ནི་ཇེ་ཆེར་འཕེལ་བར་འགྱུར་བར་ཐལ། སྒྲའི་ཆ་སྔ་མ་སྔ་མ་གནས་པའི་སྟེང་དུ་ཕྱི་མ་ཕྱི་མ་བསྣན་པའི་ཕྱིར། གཞན་ཡང་ཡི་གེའི་ཆ་ཐམས་ཅད་ཀྱི་ཐ་མར་ནི་ཆོས་ཅན། ཡི་གེའི་ཆ་རྣམས་རིམ་ལྡན་ཁོ་ནས་ཉན་བློ་ལ་སྣང་བ་ཡང་མེད་པར་འགྱུར་བར་ཐལ། ཡི་གེའི་ཆ་སྔ་ཕྱི་ཐམས་ཅད་ཉན་ཤེས་ཀྱིས་རིམ་མིན་ཅིག་ཆར་དུ་འཛིན་པའི་ཕྱིར་ཏེ། ཡི་གེའི་ཆ་རྣམས་དུས་གཅིག་ཏུ་ཚོགས་པ་དེ་འཛིན་པའི་ཕྱིར་རོ། །གཞན་ཡང་ཡི་གེའི་ཆ་སྔ་མ་དེ་རྣམས་ཡོད་པའི་འོག་ཕྱི་མའི་དུས་ན་ཆོས་ཅན། ཆ་སྔ་མ་རྣམས་ཐོས་པའི་བློ་རིམ་མེད་དེ་ནི་རང་ཉིད་གནས་པ་མ་ཡིན་པར་ཐལ། ཡུལ་ཡི་གེའི་ཆ་དང་པོ་ནི་གནས་པ་མེད་པ་སྟེ་འགགས་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཡུལ་ཡུལ་ཅན་དུས་མཉམ་དུ་འདོད་པས་སོ། །གལ་ཏེ་ཡུལ་མི་གནས་ཀྱང་བློ་རང་ཉིད་ཕྱིས་ཀྱང་མི་འཇིག་པར་གནས་ན་བློ་དེ་ཆོས་ཅན། ཕྱིས་ཀྱང་གཏན་ནས་མི་འཇིག་པར་ཐལ། སྔར་རང་ཉིད་མི་འཇིག་པ་དེ་དང་ཁྱད་པར་མེད་པའི་ཕྱིར་རོ། །བཞི་པ་ནི། གལ་ཏེ་ཡི་གེ་རིམ་པ་མེད་པའི་རིང་པོ་དུས་ཅིག་ཆར་དུ་ནི་རྩོལ་བ་ལས་སྐྱེས་པ་ཡུན་རིང་པོར་གནས་པ་དེ་ཉན་ཤེས་རིམ་མེད་ཀྱིས་འཛིན་ཅེ་ན། དེ་ལ་ཡང་ཡི་གེ་ཆོས་ཅན། ཕྱིས་ཀྱང་མི་འཇིག་པར་ཐལ་བའི་སྐྱོན་འདི་ཡོད་དེ། ཕྱིས་ཀྱང་སྔར་མི་འཇིག་པ་དེ་དང་བྱེ་བྲག་མེད་པའི་ཕྱིར། གཞན་ཡང་ཡི་གེ་ཆོས་ཅན། ཁྱོད་བསྐྱེད་པ་ལ་རྩོལ་བ་ཕྱི་མ་ཕྱི་མ་དོན་མེད་དུ་འགྱུར་བར་ཐལ། ཁྱོད་རྩོལ་བ་ལན་གཅིག་བཙལ་བ་ལས་ཆ་མེད་གཅིག་ཏུ་སྐྱེས་པའི་ཕྱིར་རོ། །གལ་ཏེ་དཔྱོད་པ་པ་སོགས་ཡི་གེ་རྣམས་ནི་རྩོལ་བ་ལས་མི་སྐྱེ་བར་གྲུབ་ཟིན་རྩོལ་བས་གསལ་བར་བྱས་པར་སྨྲ་བ་ལའང་ཡི་གེ་ཆོས་ཅན། ཁྱོད་གསལ་བར་བྱེད་པ་ལ་རྩོལ་བ་ཕྱི་མ་དོན་མེད་དུ་ཐལ། ཞེས་པའི་སྐྱོན་འདི་རྗེས་སུ་གནས་པ་ཉིད་ཡིན་ཏེ། རྩོལ་བ་ལན་གཅིག་གིས་ཁྱོད་ཐམས་ཅད་གསལ་བར་བྱས་པའི་ཕྱིར། གཉིས་པ་རིམ་ལྡན་དུ་མས་རིང་སོགས་འཛིན་ན་ཁས་བླངས་འགལ་བ་ལ་གཉིས་ཏེ། རིང་བློ་དྲན་པ་མེད་པར་ཐལ། །དྲན་པར་འདོད་པའི་གཞན་ལན་དགག་པའོ། །དང་པོ་ནི། ཡི་གེ་རིང་པོ་འཛིན་པའི་བློ་མྱོང་བ་མེད་པར་ཐལ་བའི་སྐྱོན་མེད་དེ། ཉན་ཤེས་སྐད་ཅིག་སྔ་ཕྱི་རྒྱུན་ལྡན་དུ་མ་ཡིས་ནི་ཡི་གེའི་ཆ་ཤས་སྔ་ཕྱི་དུ་མ་དེ་བར་མ་ཆོད་པར་འཛིན་ཞིང་བློ་དེ་དག་བློ་ཐ་མ་དེས་མྱོང་བས་སོ་ཞེ་ན། ཡི་གེ་ཐོས་པའི་སྐྱེས་བུ་ཆོས་ཅན། ཡི་གེ་རིང་པོ་འཛིན་པའི་བློ་དྲན་པར་མི་འགྱུར་བར་ཐལ། ཡི་གེའི་ཆ་ཐ་མ་འཛིན་པའི་བློ་གཅིག་པུ་གང་ཡིན་པ་དེ་ཉིད་མྱོང་གི་གཞན་མ་མྱངས་ལ། གཅིག་པུ་དེ་ཡང་རིང་པོར་འཛིན་པ་མིན་པ་དེས་ན་སྟེ་དེའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། མྱང་བྱ་མྱོང་བྱེད་སྤེལ་ནས་སྐྱེ་བ་དགག །མྱང་བྱ་མྱོང་བྱེད་ཅིག་ཆར་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས་ཏེ། ཉན་བློ་བར་མ་ཆད་དུ་སྐྱེ་བ་མེད་པར་ཐལ། །མྱུར་བས་བར་མ་ཆད་དུ་འཁྲུལ་པ་དགག་པའོ། །དང་པོ་ནི། གལ་ཏེ་ཡི་གེའི་ཆ་འཛིན་པའི་བློ་སྐད་ཅིག་སྔ་ཕྱི་རྣམས་སོ་སོ་ཐ་དད་དུ་མྱོང་བྱེད་ཀྱི་བློ་རེ་རེས་སྤེལ་ནས་མྱོང་བས་ཡི་གེ་རིང་པོ་འཛིན་པའི་བློ་དྲན་པ་མེད་པར་ཐལ་བའི་སྐྱོན་མེད་ཅེ་ན། ཡི་གེ་དེའི་སྒྲ་ཐོས་པའི་བློ་ནི་ཆོས་ཅན། བར་ཆོད་པ་མེད་པར་སྣང་བར་མི་འགྱུར་བར་ཐལ། མྱོང་བྱེད་རྫས་གཞན་རེ་རེས་བར་དུ་ཆོད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རིགས་པ་སྔ་མས་ཁེགས། རིགས་པ་གཞན་གྱིས་དགག་པའོ། །དང་པོ་ནི། གང་གི་ཐལ་བ་ལ་ཁྱབ་པ་མེད་དེ། སྔ་ཕྱི་འཇུག་པ་མྱུར་བས་བར་དུ་ཆོད་ཀྱང་བར་ཆད་མེད་པར་སྦྱོར་བར་བྱེད་པ་སྟེ་སྣང་བའི་ཕྱིར་རོ་ཞེ་ན། ཉན་བློ་ཆོས་ཅན། ཁྱོད་ཀྱིས་སྒྲ་ཐོས་པ་བར་དུ་ཆོད་ཀྱང་བར་ཆད་མེད་པར་སྦྱོར་བར་བྱེད་པར་མི་འཐད་པར་ཐལ། འཇུག་པ་མྱུར་བས་བར་ཆད་མེད་པར་སྦྱོར་བ་དེའང་དེ་ནི་གཞན་ལའང་མཚུངས་པ་ཡིན་ཞེས་པར་བསལ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། འཇུག་པ་མྱུར་བས་འཁྲུལ་ན་ཧ་ཅང་ཐལ། །དབང་པོས་སྦྱོར་ན་ལོག་ཤེས་ཉིད་དུ་ཐལ། །སྦྱོར་བར་བྱེད་པ་དབང་ཤེས་ཉིད་མ་ཡིན། །རྟོག་པས་སྦྱོར་བར་བྱ་བའི་གཞི་ཉིད་དགག་པའོ། །དང་པོ་ནི། གལ་ཏེ་དབང་ཤེས་ཀྱིས་གཟུགས་སྒྲ་སོགས་བར་དུ་ཆོད་པར་མཐོང་ན་ཡང་ཤེས་པ་འདི་འཇུག་པ་མྱུར་བས་བར་རྣམ་ཆད་མེད་པར་འཁྲུལ་བར་འགྱུར་ན་ཨ་ཨི་ལྟ་བུའི་ཡི་གེ་ཐུང་ངུ་གཉིས་ནི་བརྗོད་ན་ཡང་དེ་ཐོས་པའི་ཉན་བློ་ཆོས་ཅན། བར་རྣམས་ཆད་མེད་པར་ཅིག་ཆར་འཁྲུལ་བར་འགྱུར་བར་ཐལ། འཇུག་པ་མྱུར་བའི་ཕྱིར། གཉིས་པ་ནི། གཞན་ཡང་ཡི་གེ་ཐོས་པ་ན་ཤེས་པ་སྔ་ཕྱི་བར་ཆད་དང་བཅས་པ་ལ་བར་ཆད་མེད་པར་སྒྲོ་འདོགས་པ་དེ་དབང་ཤེས་ཉིད་ཀྱིས་འདོགས་སམ། བློ་གཞན་གྱིས་འདོགས། དང་པོ་ལྟར་ན་དབང་པོའི་ཤེས་པས་མྱོང་བྱེད་ཀྱི་བར་རྣམ་པར་བཅད་པའི་ཚུལ་གྱིས་དོན་མཐོང་ན་ཡང་། དབང་པོའི་ཤེས་པ་དེ་ཉིད་ལས་བར་ཆད་མེད་པར་སྒྲོ་འདོགས་པ་ཆོས་ཅན། མི་རུང་སྟེ། ཧ་ཅང་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཇི་ལྟར་ན་དབང་པོའི་བློ་རྣམས་ཀུན་ཆོས་ཅན། ཕྱིན་ཅི་ལོག་ཏུ་ཐལ། རང་ཉིད་མྱོང་བྱེད་གཞན་གྱིས་བར་དུ་ཆོད་ཀྱང་བར་མ་ཆོད་པར་སྒྲོ་འདོགས་པའི་ཕྱིར་རོ། །དེ་ཉིད་བཤད་པ་ནི་ཡི་གེའི་བདག་ཉིད་ཀུན་མཐའ་སྟེ་ཤིན་ཏུ་ཐུང་ཤོས་ཨ་ལྟ་བུ་ཡང་ཆོས་ཅན། སྐད་ཅིག་སྔ་ཕྱིའི་ཆ་ཤས་དུ་མ་དང་ལྡན་ཏེ། མིག་འཛུམ་གཅིག་གི་ཡུན་ཚད་དུ་གནས་པ་ཡིན་གྱི། དེ་བས་ཐུང་བས་མི་རྫོགས་ལ། མིག་འཛུམ་དེ་ཡང་རིམ་གྱིས་རྡུལ་ཕྲན་ནི་དུ་མ་གཅིག་གི་གོ་སར་གཅིག་བསྒྲེས་པ་དག་དང་འབྲེལ་པས་རྫོགས་ལ། རྡུལ་ཕྲ་རབ་གཅིག་སྔར་གྱི་གོ་ས་ལས་གཞན་དུ་བསྒྲེས་ཙམ་གྱི་དུས་ནི་དུས་ཆུང་བ་སྟེ་ཐུང་བའི་མཐར་ཐུག་པའི་དུས་ཡིན་ཅིང་དེ་ཉིད་ཀྱང་དུས་མཐའི་སྐད་ཅིག་གི་ཚད་དུ་འདོད་པའི་ཕྱིར་རོ། །དེས་ན་ཉན་པའི་བློའང་ཆོས་ཅན། ཡི་གེའི་ཆ་རྣམས་རིམ་གྱིས་རྟོགས་པར་འགྱུར་ཏེ། ཡི་གེའི་ཆ་སྔ་ཕྱི་རྣམས་འཛིན་པའི་ཉན་ཤེས་གང་ཞིག དུས་མཐའི་སྐད་ཅིག་གིས་སྐྱེ་འགག་བྱེད་པ་དེའི་ཕྱིར་རོ། །དེས་ན་ཡི་གེ་དང་གཟུགས་སོགས་འཛིན་པའི་དབང་ཤེས་ཐམས་ཅད་ཆོས་ཅན། ལོག་པའི་དོན་ཅན་དུ་འགྱུར་བར་ཐལ། རང་ཡུལ་འཛིན་པ་ལ་མྱོང་བྱེད་ཀྱི་བློ་གཞན་གྱིས་ནི་ཆོད་ན་ཡང་ཆོད་པ་མེད་པར་སྣང་བ་ཅན་གྱི་ཤེས་པ་ཡིན་པ་དེའི་ཕྱིར་རོ། །གསུམ་པ་ནི། དབང་ཤེས་སྔ་ཕྱི་བར་དུ་ཆོད་ཀྱང་བར་མ་ཆོད་པར་སྣང་བའི་འཁྲུལ་པ་དེ་དབང་པོའི་ཤེས་པ་ནི་འཁྲུལ་པ་ཡིན་ཡང་སྔ་ཕྱི་བསྲེ་བར་བྱེད་པ་མིན་པས་དབང་ཤེས་ལས་གཞན་དུ་སྟེ་གཞན་པའི་ཤེས་པས་དངོས་པོ་སྐད་ཅིག་སྔ་ཕྱི་བར་ཆོད་པ་རྣམས་ནི་དེ་ཉིད་འདིའོ་ཞེས་བར་མ་ཆོད་པར་སྦྱོར་ཞིང་བསྲེ་བར་བྱེད་པའི་བློ་དེ་ནི་ཆོས་ཅན། རྣམ་རྟོག་ཅན་ཡིན་ཏེ། དངོས་པོ་སྐད་ཅིག་སྔ་ཕྱི་ཐ་དད་དུ་མཚོན་པ་སྟེ་རྟོགས་པ་མེད་པས་འཁྲུལ་རྒྱུ་བྱས་པ་ཅན་གྱི་དྲན་པ་ཡིན་པའི་ཕྱིར་རོ། །དེས་ན་རྣམ་རྟོག་དེ་ལ་ནི་ཆོས་ཅན། ཡི་གེ་རིང་པོ་སོགས་ལ་བར་སྣང་བའི་དབང་ཤེས་ཉིད་ག་ལ་ཞིག་ཡིན་ཏེ་མིན་པར་ཐལ། བརྗོད་པ་དང་རྗེས་སུ་འབྲེལ་བ་སྟེ་མིང་དོན་སྦྱར་ནས་འཛིན་པའི་ཕྱིར། ཁྱབ་སྟེ། ཡི་གེ་སོགས་གསལ་བར་འཛིན་པའི་དབང་པོ་ཤེས་པས་གཟུང་བའི་དོན་ལ་སྒྲ་དངོས་སུ་སྦྱོར་བ་ཡོད་པ་མིན་ཞེས་བཤད་ཟིན་ཏོ་སྟེ་དེའི་ཕྱིར། བཞི་པ་ལ་གསུམ་སྟེ། དོན་ཤེས་བར་མ་ཆད་ལ་གནོད་བྱེད་མེད། །གནོད་བྱེད་ལུང་དོན་བརྟགས་ནས་གཞན་དུ་བཤད། །ཚུལ་དེས་ངོ་ཤེས་མངོན་སུམ་ཡིན་པ་ཁེགས་པའོ། །དང་པོ་ནི། གལ་ཏེ་དབང་པོའི་ཤེས་པས་མྱོང་བྱེད་གཞན་གྱིས་ཆོད་པའི་ཚུལ་གྱིས་དོན་མཐོང་ན་ཡང་རྗེས་ཀྱི་རྟོག་པས་བར་ཆོད་པ་མེད་པར་སྦྱོར་བར་བྱེད་ཅེ་ན། དོན་གཟུགས་སོགས་ཆོས་ཅན། ཁྱོད་འཛིན་པའི་ཤེས་པ་མྱོང་བྱེད་གཞན་གྱིས་བར་དུ་ཆོད་ཅིང་སྐྱེ་བ་ཞེས་བྱ་བ་དེ་གང་ལས་ཡིན་ཏེ་མིན་པར་ཐལ། ཁྱོད་དང་དེའི་མྱོང་བ་སྟེ་ཁྱོད་འཛིན་པའི་ཤེས་པ་ནི་རྒྱུན་མི་ཆད་པར་སྣང་བ་དག་སྣང་བ་ལྟར་ཡོད་པ་ལ་རིགས་པ་དམ་པའི་གནོད་པ་ཅན་མེད་པའི་ཕྱིར་ནའོ། །གཉིས་པ་ནི། གལ་ཏེ་གནོད་པ་མེད་པར་མ་གྲུབ་སྟེ། དོན་མཐོང་བའི་བློ་ལ་རང་རིག་མེད་པས་བློ་གཞན་གྱིས་རིག་པར་བྱ་དགོས་ལ། དེ་དག་ཀྱང་ཅིག་ཆར་མི་སྐྱེ་བའི་ཕྱིར་ཏེ། བློ་སྔ་མ་རེ་རེས་ཕྱི་མ་རེ་རེ་བསྐྱེད་པའི་ནུས་པ་ངེས་པའི་ཕྱིར་ཞེ་ན། བློ་དུ་མ་ཅིག་ཆར་སྐྱེ་བ་མེད་པ་དེ་ནི་ཚད་མ་གང་ལས་གྲུབ་པར་འདོད་དྲིས་པས། ཅིག་ཆར་བློ་དུ་མ་མཐོང་བ་མེད་པའི་ཕྱིར་ཞེ་ན། བློ་དུ་མ་ཅིག་ཆར་མ་མཐོང་བ་དེ་ཉིད་ཀྱང་ཆོས་ཅན། བློ་དུ་མ་ཅིག་ཆར་མེད་པའི་རྒྱུ་མཚན་མིན་པར་ཐལ། བར་ཆོད་སྲིད་ཀྱང་བར་ཆོད་པར་མ་མཐོང་བ་འདི་ལྟར་བློ་དུ་མ་ཅིག་ཆར་སྐྱེ་བ་ཡོད་བཞིན་དུ་མ་མཐོང་བ་ཡིན་ཞེས་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡང་ལུང་ལས་སེམས་གཉིས་ལྷན་ཅིག་འབྱུང་བ་གང་ཡིན་པ་དེ་ནི་གནས་མ་ཡིན་ཏེ་གོ་སྐབས་མེད་དོ་ཞེས་འབྱུང་བས་བློ་དུ་མ་ཅིག་ཆར་སྐྱེ་བ་ལ་གནོད་ཅེ་ན། ལུང་དེ་ཆོས་ཅན། བློ་དུ་མ་ཅིག་ཆར་མི་སྐྱེ་བ་དེ་ཁྱོད་ཀྱི་དགོངས་པ་མིན་པར་ཐལ། ཁྱོད་ཀྱི་དགོངས་པ་ནི་བློ་དེ་རྣམས་རིགས་མཐུན་པ་སྔ་མ་རེ་རེས་ཕྱི་མ་རེ་རེ་ཉིད་བསྐྱེད་པ་ལ་ནུས་པ་ངེས་པར་གྱུར་པ་ཡིན་པའི་ཕྱིར་རོ། །རིགས་མཐུན་གྱི་བློ་གཉིས་ཅིག་ཆར་མི་སྐྱེ་སྟེ། རྒྱུ་མཚན་འདི་ལྟར་རྣམ་པར་རྟོག་པ་རྣམས་རིམ་གྱིས་དུ་མ་འབྱུང་བར་ཡང་དག་པར་རྟོགས་ཀྱི་ཅིག་ཆར་མི་འབྱུང་ལ། དེ་བཞིན་དུ་དབང་ཤེས་ཀྱང་རིགས་མཐུན་དུ་མ་ཅིག་ཆར་མི་འབྱུང་བའི་ཕྱིར་རོ། །གསུམ་པ་ནི། རིགས་མཐུན་གྱི་དབང་ཤེས་དུ་མ་ཅིག་ཆར་མི་སྐྱེ་བར་བསྟན་པ་འདིས་ནི་ཆོས་ཅན། རྒྱལ་དཔོག་པ་གང་ཞིག་མངོན་སུམ་དུ་མཐོང་བའི་དོན་ལ་དེ་ཉིད་འདིའོ་ཞེས་ངོ་ཤེས་པར་བྱེད་པའི་རྟོག་པ་དག་གསལ་བར་སྣང་བ་ཡོད་པས་དབང་པོའི་མངོན་སུམ་དུ་རྟོག་པ་དེའང་བསལ་བ་ཡིན་ཏེ། དབང་པོའི་མངོན་སུམ་རིས་མཐུན་གཉིས་རྒྱུད་གཅིག་ལ་ཅིག་ཆར་དུ་མི་འབྱུང་བར་བསྟན་པའི་ཕྱིར་རོ། །རིགས་པ་གཞན་གྱིས་ཀྱང་གནོད་དེ་འདི་ལྟར་སྐྲ་བྲེགས་པ་སླར་སྐྱེས་པ་དང་། སྒྱུ་མའི་སྒོང་ཐ་དད་ཕྱི་མ་དང་། མར་མེའི་སྐད་ཅིག་ཕྱི་མ་སོགས་སྔར་གྱི་སྐྲ་ལ་སོགས་པ་ལས་ཐ་དད་པ་རྟོག་པ་སྐྱེ་བ་མཐོང་བ་དག་ལ་ཡང་ཆོས་ཅན། ཁྱོད་ལ་སྔར་གྱི་དེ་འདིའོ་ཞེས་ངོ་ཤེས་པའི་བློ་ཡང་མངོན་སུམ་ཚད་མ་ཡིན་པར་ཐལ། ཁྱོད་གསལ་བར་སྣང་བ་ཡོད་པའི་དོན་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང་། འདོད་ན། བློ་དེ་ཆོས་ཅན། ཇི་ལྟར་མངོན་སུམ་ཡིན་པར་འགྱུར་ཏེ་མིན་པར་ཐལ། སྔ་ཕྱི་གཅིག་ཏུ་ཞེན་པ་དེ་འདྲའི་འཁྲུལ་པ་ཡིན་པའི་ཕྱིར་རོ། །དེས་ན་ངོ་ཤེས་པའི་བློ་ལས་ནི་ཆོས་ཅན། ཡི་གེ་དང་གཟུགས་སོགས་གཅིག་ཏུ་ངེས་པའི་མངོན་སུམ་ཚད་མར་མེད་དེ། འཁྲུལ་པ་ཡིན་པ་དེའི་ཕྱིར་རོ། །དེ་རྣམས་ཀྱིས་མངོན་སུམ་ཚད་མ་མིན་པ་བཀག་ནས་དབང་ཤེས་ཡིན་པ་འགོག་པ་ནི། སྔར་གྱི་དེ་ཉིད་ནི་འདིའོ་ཞེས་བྱ་བར་ངོ་ཤེས་པ་དེ་ཡང་ཆོས་ཅན། ཇི་ལྟར་དབང་པོ་ལས་སྐྱེས་པ་དབང་ཤེས་ཡིན་ཏེ་མིན་པར་ཐལ། སྔོན་མྱོང་བ་དྲན་པ་ལས་སྔོན་གྱི་དོན་དེ་ཡི་ཆོས་འགའ་ཞིག་ཕྱིས་ཀྱི་དོན་ལ་སྒྲོ་འདོགས་པ་མེད་པར་ནི་ཁྱོད་མེད་པ་སྟེ། ཁྱོད་ཕྱིས་ཀྱི་ཆོས་ལ་སྔར་གྱི་དོན་གྱི་ཆོས་སུ་སྒྲོ་འདོགས་པ་དེ་ཡིན་པའི་ཕྱིར་རོ། །གཉིས་པ་མྱང་བྱ་མྱོང་བྱེད་ཅིག་ཆར་སྐྱེ་བ་དགག་པ་ལ་གསུམ་སྟེ། ཁས་བླངས་དང་འགལ་བ། རིགས་པ་དང་འགལ་བ། རིམ་བཞིན་སྐྱེ་བ་ལའང་མཚུངས་པའོ། །དང་པོ་ནི། གཟུགས་སོགས་འཛིན་པའི་བློ་ནི་དེ་དང་དུས་མཉམ་པའི་བློ་དོན་གཞན་གྱིས་མྱོང་བར་གྲུབ་སྟེ། ཁྱོད་ཀྱིས་ཤེས་པ་ཅིག་ཆར་མི་སྐྱེ་བ་བཀག་པ་དེའི་ཚེ་དོན་ཤེས་པའི་བློ་དང་། དེ་ཤེས་པའི་བློ་ནི་ཅིག་ཆར་སྐྱེ་བ་ཁས་བླངས་པས་སོ་ཞེ་ན། དཔྱོད་པ་པ་ཆོས་ཅན། གཟུགས་སོགས་སྣང་བའི་བློ་རང་དང་དུས་མཉམ་གྱི་བློ་གཞན་གྱིས་མྱོང་བ་མི་འཐད་པར་ཐལ། དོན་མྱོང་བ་དང་ཤེས་པ་དེ་མྱོང་བའི་བློ་དག་ཅིག་ཆར་འབྱུང་བར་འདོད་པ་མིན་ཞིང་སྟེ་མིན་པའི་ཕྱིར་ཏེ། ཁྱོད་ཀྱིས་བློ་ནུས་ངེས་པའི་ཕྱིར་ཞེས་ཁས་བླངས་པས་སོ། །གཉིས་པ་ནི། དོན་མཐོང་བའི་སྐྱེས་བུ་ཆོས་ཅན། དོན་ཤེས་ལ་དོན་དུ་སྣང་བ་དང་དོན་ཤེས་མྱོང་བའི་ཤེས་པ་ལ་དོན་འཛིན་པའི་ཤེས་པར་སྣང་བའི་སྣང་བ་རྫས་གཞན་གཉིས་དག་སོ་སོར་རྟོགས་པར་ཐལ། དོན་ཤེས་དང་དེ་མྱོང་བྱེད་རྫས་གཞན་གཉིས་ཅིག་ཆར་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་རྟོགས་པའང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་བཤད་པ་ནི་དོན་མཐོང་བའི་སྐྱེས་བུ་ཆོས་ཅན། དོན་ཤེས་མྱོང་བའི་ཤེས་པ་ལ་དོན་དུ་སྣང་བའི་རྣམ་ཤེས་སུ་སྣང་བ་དང་དོན་ཤེས་ལ་ཕྱི་རོལ་གྱི་ནི་དོན་འབའ་ཞིག་པར་སྣང་བ་རྫས་གཞན་གཉིས་ཅིག་ཆར་ཡོད་པར་ཐལ། རྟགས་སྔ་མ་དེ་ཉིད་ཀྱི་ཕྱིར། འདོད་མི་ནུས་ཏེ། དེ་མ་དམིགས་པའི་ཕྱིར་རོ། །གལ་ཏེ་དེ་གཉིས་སྣང་བ་ཐ་དད་དུ་ཡོད་མོད་ཀྱི། འོན་ཀྱང་བློ་རྟོགཾས་པ་རྣམ་པ་གཅིག་པ་ཅན་གཅིག་གིས་ཤེས་པ་དེ་གཉིས་རྣམ་པ་གཅིག་ཏུ་བཟུང་བས་དེ་ལྟར་ཞེན་པ་ཡིན་ཞེ་ན། དོན་ཤེས་པ་དང་དེ་ཤེས་པའི་བློ་གཉིས་ཆོས་ཅན། བློ་རྣམ་པ་གཅིག་པ་ཅན་གྱིས་རྣམ་པ་གཅིག་ཏུ་གཟུང་བ་མིན་ཏེ། གལ་ཏེ་ཡིན་ན་ཁྱོད་རྫས་ཐ་དད་དུ་མེད་པར་ཐལ་བའི་ཕྱིར་རོ། །གཞན་ཡང་གལ་ཏེ་དོན་ཤེས་ཀྱི་སྣང་བ་དང་། དོན་ཤེས་ཤེས་པའི་སྣང་བ་མྱོང་བའི་དུས་ན་ཐ་དད་དུ་རྟོགས་ན་ཐ་དད་དུ་དྲན་པ་སྲིད་ཀྱང་། དོན་དང་དོན་ཤེས་གང་ཡིན་པ་དེ་དག་ཆོས་ཅན། ཕྱི་ནས་ཇི་ལྟར་སོ་སོར་དྲན་ཏེ་མི་དྲན་པར་ཐལ། ཁྱོད་གཉིས་འཛིན་པའི་ཤེས་པའི་སྣང་བ་མྱོང་བ་སྟེ་རྟོགས་པའི་ཚེ་ལེགས་པར་རྟོགས་པའི་ཁྱད་པར་གྱིས་སོ་སོར་ལེགས་པར་རྟོགས་པ་མེད་པའི་ཕྱིར་རོ། །གསུམ་པ་ནི། དོན་གྱི་མྱོང་བ་དང་དོན་གྱི་ཡིད་དེ་ཡུལ་ཅན་དག་གི་མྱོང་བ་གཉིས་རིམ་པ་བཞིན་དུ་སྐྱེ་བར་འདོད་པ་ལའང་དོན་རིག་པའི་སྐྱེས་བུ་ཆོས་ཅན། དོན་ཤེས་ལ་དོན་དུ་སྣང་བ་དང་། དོན་ཤེས་མྱོང་བའི་ཤེས་པ་ལ་དོན་ཤེས་སུ་སྣང་བ་སྣ་ཚོགས་པ་རིམ་གྱིས་རྟོགས་པར་ཐལ། དོན་ཤེས་དང་དེ་མྱོང་བྱེད་རྫས་གཞན་རིམ་གྱིས་ཡོད་པའི་ཕྱིར། ཞེས་པ་ཉིད་ཀྱི་བརྩད་པའི་སྐྱོན་འདི་གདོན་པར་དཀའ་སྟེ། འདི་ལྟར་སྔོན་པོ་ལྟ་བུ་རིག་པ་ན་སྔོ་འཛིན་ལ་སྣང་བའི་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་ཉིད་དམ་སྟེ་དེ་རྟོགས་ཀྱི་དེ་ལས་གཞན་སྔོ་འཛིན་མྱོང་བའི་ཤེས་པ་ལ་སྣང་བའི་སྔོ་འཛིན་གྱི་རྣམ་པ་མི་རྟོགས་པའམ། ཡང་ན་མྱོང་བ་སྔོ་འཛིན་གཅིག་རྟོགས་ཀྱི་སྔོན་པོར་སྣང་བ་ནི་མྱོང་ལ་སྟེ་མྱོང་བའི་ཡུལ་ཅན་གྱི་མྱོང་བ་དེ་སྔོ་འཛིན་ལས་རྫས་གཞན་སྔོ་འཛིན་དུ་སྣང་བ་རྟོགས་པ་མ་ཡིན་པའི་ཕྱིར་རོ། །རང་རིག་པ་ལ་ནི་སྐྱོན་འདི་མེད་དེ། དོན་གྱི་རྣམ་པ་དང་མྱོང་བའི་རྣམ་པ་གཅིག་ཉིད་ཡིན་པར་གྲུབ་པའི་ཕྱིར་རོ། །གཉིས་པ་ཕྱི་མ་ཡུལ་ལ་འཕོ་བ་མེད་པར་ཐལ་བ་ལ་གཉིས་ཏེ། ཤུགས་བསྟན་ཐུག་མེད་རིགས་པ་བརྗོད། །དངོས་བསྟན་འཕོ་མེད་རིགས་པ་བརྗོད་པའོ། །དང་པོ་ནི། སློབ་དཔོན་ཕྱོགས་གླང་གིས་ཤེས་པ་སྔ་མ་ཕྱི་མ་གཞན་གྱིས་མྱོང་བ་དྲན་པའི་རྟགས་ཀྱིས་མྱོང་བྱེད་ཙམ་བསྒྲུབས་ན་གྲུབ་པ་ལ་བསྒྲུབ་པ་ཡིན་ནོ་ཞེས་པའི་ལན་དུ་ཤེས་པ་གཞན་གྱིས་མྱོང་ན་ནི། ཐུག་མེད་དེ་ལའང་དྲན་པ་སྟེ། །དེ་བཞིན་ཡུལ་གཞན་ལ་འཕོ་བ། །མེད་འགྱུར་དེ་ཡང་མཐོང་ཕྱིར་རོ། །ཞེས་པའི་རིགས་པ་གཉིས་གསུངས་པ་ལས་དང་པོ་འདིར་ཤུགས་ལ་བསྟན་པ་ནི་ཤེས་པ་སྔོ་འཛིན་སོགས་རང་རིག་མེད་ཀྱང་ཤེས་པ་ཕྱི་མ་གཞན་གྱིས་རྗེས་སུ་མྱོང་བར་འགྱུར་བར་འདོད་ན། ཤེས་པ་ཕྱི་མ་དེ་ཆོས་ཅན། ཕྱིས་དྲན་པར་མི་འགྱུར་བར་ཐལ། མ་མྱངས་པའི་ཕྱིར། འདོད་མི་ནུས་ཏེ། ངའི་ཤེས་པ་ནི་འདི་ལྟར་གྱུར་ཏོ་ཞེས་དེ་ལའང་དྲན་པ་མཐོང་བའི་ཕྱིར་རོ། །མ་མྱངས་པའི་གཏན་ཚིགས་མ་གྲུབ་ན་ཤེས་པ་ཕྱི་མ་དེ་ནི་གང་གིས་མྱོང་བ་ཡིན། གལ་ཏེ་དེ་ཡང་དེའི་རྗེས་སུ་བྱུང་བའི་ཤེས་པ་ཕྱི་མ་གཞན་གྱིས་མྱོང་ཞེ་ན། དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་མྱོང་བྱེད་ཐུག་མེད་དུ་ཐལ། ཁྱོད་ཤེས་པ་ཕྱི་མ་དང་དེའང་ཤེས་པ་ཕྱི་མ་གཞན་གྱིས་མྱོང་དགོས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། དེ་ལྟར་ན་དྲན་པའི་སྒོ་ནས་ཀྱང་ཡུལ་གཞན་ལ་འཕོ་བ་མེད་པའི་སྐྱོན་སློབ་དཔོན་གྱིས་གསུངས་པ་རེ་ཞིག་བཞག་ནས། རྣམ་པ་གཞན་ལ་འཕོ་བ་མེད་པར་བསྟན་པའི་ཕྱིར་དྲི་བ་མཛད་པ་ནི། ཤེས་པ་སྔ་མ་སྔ་མ་རིག་པའི་ཕྲེང་བ་གཅིག་གི་རྗེས་སུ་གཅིག་རྗེས་སུ་འབྲེལ་པ་ཅན་གྱི་ཤེས་པ་ཕྱི་མ་འདི་དངོས་སུ་སྐྱེད་བྱེད་དེ་ནི་གང་ཞིག་ཡིན་ཞེས་དྲིས་པས། གལ་ཏེ་སྔ་མའི་བློ་དེ་ཉིད་ཡིན་ཞེ་ན། དོན་སྣང་གི་ཤེས་པ་ཕྱི་མ་ཆོས་ཅན། ཤེས་པ་སྔ་མ་ལས་ཡུལ་གཞན་གཟུགས་སོགས་ལ་ནི་འཕོ་བ་སྟེ་འཛིན་པར་མི་འགྱུར་བར་ཐལ། ཤེས་པ་སྔ་མ་དེ་རང་གི་གཟུང་དོན་ཡིན་པའི་ཕྱིར། ཁྱབ་པ་བསྒྲུབ་པ་ནི་དོན་སྣང་གི་ཤེས་པ་ཕྱི་མ་ཆོས་ཅན། རང་ཉིད་ཉེ་བ་སྟེ་དངོས་སུ་སྐྱེད་བྱེད་ཀྱི་བློ་སྔ་མ་དེ་དག་མི་འཛིན་པར་ནི་ཇི་ལྟར་ཡུལ་གཞན་གཟུགས་སོགས་ནི་འཛིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། བློ་སྔ་མ་དེ་ཉིད་རང་གི་གཟུང་བའི་མཚན་ཉིད་ཀྱི་གྱུར་པ་སྟེ་གཟུང་ཡུལ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། ཕྱི་ཡི་གེགས་ཀྱིས་ཡུལ་ལ་འཕོ་བ་དགག །སྔ་མའི་ནུས་པ་ཟད་ནས་འཕོ་བ་དགག །གཅིག་གིས་དོན་ཤེས་གཉིས་ཀ་འཛིན་པ་དགག །འཕོ་ཚེ་ཕྱི་མ་མྱོང་བྱེད་མེད་པ་དགག་པའོ། །དང་པོ་ནི། གལ་ཏེ་ཕྱི་རོལ་གྱི་དོན་ཉེ་བ་ན་དེས་བློ་ཕྱི་མས་བློ་སྔ་མ་འཛིན་པའི་གེགས་བྱས་པས་བློ་ཕྱི་མ་ཡུལ་ལ་འཕོ་ཞེ་ན། བློ་སྔ་མ་ནི་ཆོས་ཅན། བློ་ཕྱི་མས་ཁྱོད་དེ་དག་འཛིན་པ་ལ་གཞན་ཕྱི་ཡི་ནི་ཡན་ལག་གཟུགས་སོགས་གང་གིས་གེགས་བྱེད་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་བདག་ལ་དམིགས་པའི་ཤེས་པ་ཕྱི་མ་དངོས་སུ་བསྐྱེད་པའི་རང་བཞིན་དུ་ངེས་པའི་ནང་གི་ཡན་ལག་ཡིན་པའི་ཕྱིར་རོ། །དེས་ན་བློ་སྔ་མ་དེ་ཆོས་ཅན། ཕྱི་རོལ་དོན་ནི་ཉེ་བས་ཀྱང་བློ་ཕྱི་མས་ཁྱོད་འཛིན་པ་དེ་ལ་གེགས་བྱེད་ནུས་པ་མ་ཡིན་ཏེ། གཞན་དུ་ནུས་ན་ཡུལ་གཟུགས་སོགས་ནི་ཉེ་བ་ན་སྐྱེས་བུ་འགས་ཀྱང་བློ་སྔ་མ་མྱོང་བར་མི་འགྱུར་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གཞན་ཡང་། སྐྱེས་བུ་ཆོས་ཅན། བློ་སྔ་མ་མྱོང་བ་མི་སྲིད་པར་ཐལ། ཕྱི་རོལ་གྱི་དོན་དེ་ཉེ་བ་མིན་པའི་གནས་སྐབས་འགའ་ཡང་ཡོད་པ་མིན་པ་དེས་ན་སྟེ་དེའི་ཕྱིར། འདོད་ན་སྐྱེས་བུ་ཆོས་ཅན། བློ་སྔ་མའི་དྲན་པ་ཡང་མེད་པར་ཐལ། བློ་སྔ་མ་དྲན་པའི་རྩ་བ་བློ་སྔ་མ་མྱོང་བ་ནི་མེད་པའི་ཕྱིར་ནའོ། །འདོད་ན་དེ་ཕྱིར་དེ་དག་ཡོད་པར་འདོད་པ་ཨ་རེ་མཛེས་ཞེས་དཔྱས་པའོ། །གཞན་ཡང་དབང་ཤེས་ལ་དོན་ཉེ་བ་ཡོད་པས་དེས་གེགས་བྱས་ནས་དོན་ལ་འཕོ་བའི་དོགས་པ་སྐྱེ་སྲིད་ན་ཡང་འདས་མ་འོངས་སོགས་ལ་རྣམ་རྟོག་གང་གང་ལ་ཆོས་ཅན། ཕྱིའི་དོན་ལ་སྤྱོད་པ་མི་སྲིད་པར་འགྱུར་བར་ཐལ། དོན་ལ་འཕོ་བའི་རྒྱུ་ནི་མེད་པའི་ཕྱིར་ཏེ། རང་གི་ཡུལ་གྱི་དོན་ཉེ་བ་ནི་ཡོད་པ་མིན་ལ་སྟེ་མིན་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། སྔ་མའི་ནུས་པ་ཟད་ན་ཕྱི་མ་མེད། །སྐྱེད་བྱེད་ཡིན་ཡང་གཟུང་ཡུལ་མིན་པ་དགག །གཟུང་ནུས་ཟད་ཀྱང་སྐྱེད་ནུས་ཡོད་པ་དགག །གཅིག་ལ་ནུས་པ་དུ་མ་ཡོད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། འདོད་པ་བརྗོད། གནོད་བྱེད་བསྟན། གཞན་ལན་དགག་པའོ། །དང་པོ་ནི། གལ་ཏེ་སྐབས་འགར་ཤེས་པ་སྔ་མ་དག་ལ་ཤེས་པ་ཕྱི་མ་བསྐྱེད་པའི་ནུས་པ་ཡོད་པ་དེ་རིམ་གྱིས་ཟད་པ་ན་ཤེས་པ་སྔ་མ་འཛིན་པའི་བློ་མི་སྐྱེ་བས་ཡུལ་གཞན་ལ་ནི་འཕོ་བར་འགྱུར་རོ་ཞེ་ན། གཉིས་པ་ནི། སྔར་གྱི་བློ་ནི་བློ་ཕྱི་མ་བསྐྱེད་པའི་ནུས་པ་ཟད་པ་ན་ཆོས་ཅན། བློ་ཕྱི་མ་དོན་ལ་འཕོ་བར་མི་འགྱུར་བར་ཐལ་ཏེ། དོན་འཛིན་པའི་བློ་ཕྱི་མ་དེ་ཉིད་གང་ལས་འབྱུང་བ་ཡིན་ཏེ་མིན་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། བློ་སྔ་མ་ནུས་པ་ཅན་སྔོན་དུ་སོང་བ་མེད་པར་བློ་ཕྱི་མ་འབྱུང་བ་མ་ཡིན་པའི་ཕྱིར་ཏེ། ཡིད་ལ་བྱེད་པ་སྔ་མ་དེ་དོན་གཞན་གཟུགས་ལྟ་བུ་ལ་ཆགས་པས་ཤེས་པ་དེའི་སྒྲ་འཛིན་སོགས་བསྐྱེད་པའི་ནུས་པ་ཉམས་པར་བྱས་ན། སྒྲ་འཛིན་ལ་སོགས་པའི་ཤེས་པ་སྐྱེ་བ་མ་རྟོགས་པའི་ཕྱིར་རོ། །འོ་ན་ཀུན་གཞི་ལས་འཇུག་ཤེས་རིགས་མི་མཐུན་དུ་མ་ཅིག་ཆར་སྐྱེ་བ་དང་འགལ་ལོ་ཞེ་ན། སྤྱིར་ཀུན་གཞི་ལས་དུས་ཅིག་ཆར་རིགས་མི་མཐུན་གྱི་འཇུག་ཤེས་དུ་མ་སྐྱེ་རུང་ཡང་། ཡིད་ཤེས་གཟུགས་ཁོ་ན་ལ་ལྷག་པར་ཆགས་པའི་ཚེ་ན་ཆོས་ཅན། ཀུན་གཞི་ལས་གཞན་སྒྲ་འཛིན་སོགས་འབྱུང་བ་མིན་ཏེ། ཤིན་ཏུ་གསལ་བའི་སེམས་གཟུགས་ཁོ་ན་ལ་ལྷག་པར་ཆགས་པ་གཅིག་གིས་ཀུན་གཞིས་སྒྲ་འཛིན་སོགས་བསྐྱེད་པའི་ནུས་པ་ཉམས་པར་བྱས་པའི་ཕྱིར་རོ། །གལ་ཏེ་ཡིད་སྔ་མ་ནུས་པ་ཅན་ཕྱི་མའི་རྒྱུ་ཡིན་པ་དེ་ལྟ་མིན་ན་ཡིད་གཞན་ཕྱི་མ་ཆོས་ཅན། ཡིད་སྔ་མ་ཡུལ་ལ་འཇུག་པ་ནི་མཚུངས་པ་ལ་ལྟོས་པར་མི་འགྱུར་བར་ཐལ། ཡིད་ཤེས་སྔ་མ་ཁྱོད་ཀྱི་རྒྱུ་མིན་པའི་ཕྱིར་རོ། །གཞན་ཡང་ཡིད་ཤེས་ཆོས་ཅན། ཁྱོད་ཀྱི་སྐད་ཅིག་ཕྱི་མ་སྔ་མ་ལ་ལྟོས་པ་རབ་ཏུ་གྲུབ་པ་ཡིན་ཏེ། ཁྱོད་རེ་རེ་རིམ་པ་བཞིན་སྐྱེ་བས་ཀྱང་སྟེ་སྐྱེ་བའི་ཡིད་ཡིན་པའི་ཕྱིར་རོ། །གསུམ་པ་ནི། བྱེ་བྲག་པ་ན་རེ། ཡིད་རྟག་པ་རྡུལ་ཕྲན་ཙམ་གཅིག་ཡིན་པའི་ཕྱིར་ཏེ། གཞན་མིག་གི་དབང་པོ་ལ་ཞུགས་ནས་གཟུགས་ལ་ནི་ཆགས་པ་སྟེ་རྗེས་སུ་འགྲོ་བ་དེ་གཞན་རྣ་བའི་དབང་པོ་སོགས་ལ་མི་འགྲོ་བའི་ཕྱིར། ཤེས་པ་གཞན་དང་གཞན་དུ་མ་མི་སྐྱེ་བར་རེ་རེ་སྐྱེ་བར་ངེས་པར་ཡིན་གྱི། བློ་སྔ་མའི་ནུས་པ་ལས་རེ་རེ་སྐྱེ་བ་མིན་ཞེ་ན། དོན་མཐོང་བའི་སྐྱེས་བུ་ཆོས་ཅན། ཡིད་གཅིག་ཏུ་ངེས་པའི་རྒྱུ་མཚན་གྱིས་བློ་རེ་རེ་ཁོ་ན་སྐྱེ་བར་ངེས་པ་མིན་པར་ཐལ། སྐབས་ལ་ལར་གཟུགས་འཛིན་སོགས་བློ་དུ་མ་ཅིག་ཆར་འབྱུང་བའི་ཕྱིར་རོ། །གཞན་ཡང་ཡུལ་ལྔ་དང་དབང་པོ་ལྔ་ཚང་ཞིང་ཡིད་ཤེས་སྔ་མ་ཡུལ་ལྔ་ཆར་ལ་འཇུག་པ་མཚུངས་པ་སྟེ་གང་རུང་གཅིག་ལ་ལྷག་པར་ཆགས་པ་མེད་པ་ཐམས་ཅད་ཀྱི་ཚེ་ཆོས་ཅན། ཡུལ་གཞན་དང་གཞན་རྟོགས་པ་སྐྱེ་བར་མི་འགྱུར་བར་ཐལ། ཁྱོད་ལ་ཡིད་གཅིག་ལས་མེད་པར་མཚུངས་པའི་ཕྱིར་རོ། །གཞན་ཡང་བློ་སྔ་ཕྱི་ཐམས་ཅད་ཆོས་ཅན། ཅིག་ཆར་སྐྱེ་བར་འགྱུར་བར་ཐལ། བདག་དང་ཡིད་རྟག་པ་ལྡན་པ་ཙམ་ལས་ནི་སྐྱེ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་བྱེད་པ་པོ་ཡིད་གཅིག་ལས་མེད་པས་བྱ་བ་འབྲས་བུ་ཤེས་པའང་གཅིག་ཉིད་སྐྱེ་བ་ཡིན་གྱི་ཐམས་ཅད་ཅིག་ཆར་མི་སྐྱེ་ཞེ་ནའང་མར་མེ་གཅིག་ཆོས་ཅན། ཇི་ལྟར་སྐྱེས་བུ་དུ་མས་མཐོང་སྟེ་རང་འཛིན་ཤེས་པ་དུ་མ་མི་སྐྱེད་པར་ཐལ། གཅིག་ཡིན་པའི་ཕྱིར། གཞན་ཡང་ཡིད་རྟག་པས་ཤེས་པ་དུ་མ་བསྐྱེད་ན་ཅིག་ཆར་བསྐྱེད་པར་འགྱུར་ཞིང་། མིན་ན་ཡིད་དེ་ཆོས་ཅན། རིམ་གྱིས་ཀྱང་བློ་དུ་མ་བསྐྱེད་པའི་ནུས་པ་མེད་པར་འགྱུར་བར་ཐལ་ཏེ། ཕྱིས་ཀྱང་བློ་དུ་མ་སྐྱེད་བྱེད་མིན་པ་ལས་བྱེ་བྲག་མེད་པའི་ཕྱིར་རོ། །ཡིད་རྟག་པས་བློ་དུ་མ་བསྐྱེད་པ་བཀག་པའི་རིགས་པ་འདིས་ཆོས་ཅན། ལུས་རྟག་པ་གཅིག་གིས་བློ་རིམ་ཅན་དུ་བསྐྱེད་པ་རྒྱང་འཕེན་པའི་འདོད་པ་དང་། ཤེས་རིག་གི་སྐྱེས་བུ་རྟག་པ་གཅིག་གིས་ཡུལ་ལ་རིམ་གྱིས་ལོངས་སྤྱོད་པ་གྲངས་ཅན་པའི་འདོད་པ་ལ་ཡང་སྐྱོན་བཤད་པ་ཡིན་ཏེ། ལུས་དང་སྐྱེས་བུ་རྟག་པ་བློ་དུ་མ་དང་ལས་དུ་མའི་བྱེད་པོ་ཡིན་ན་ཅིག་ཆར་བྱེད་པར་འགྱུར་ཞིང་། མིན་ན་རིམ་གྱིས་ཀྱང་མི་འགྱུར་བར་མཚོན་ནུས་པའི་ཕྱིར་རོ། །གལ་ཏེ་བདག་གི་ཡོན་ཏན་འདུ་བྱེད་ལས་བློ་རེ་རེ་སྐྱེ་བར་ངེས་ཞེ་ན། འདུ་བྱེད་རྟག་པར་དང་པོ་ནས་ཡོད་ན་བློ་རྣམས་ཅིག་ཆར་སྐྱེ་བར་འགྱུར་ལ་མེད་ན་དེ་ཕྱིས་གང་ལས་སྐྱེ། བློ་སྔ་མ་དེ་ཉིད་ལས་སྐྱེ་ཞེ་ན། དེ་ལྟར་ཡིན་མོད། སངས་རྒྱས་པ་ཆོས་ཅན། རང་གི་འདོད་པ་བློ་སྔ་མ་ལས་ཕྱི་མ་སྐྱེ་བ་ཉིད་དུ་གྲུབ་སྟེ། བློ་ཕྱི་མ་འདུ་བྱེད་ལས་སྐྱེ། དེ་བློ་སྔ་མ་ལས་སྐྱེ་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་བློ་སྔ་མ་དེ་རང་འཛིན་པའི་བློ་ཕྱི་མའི་ཉེར་ལེན་ཡིན་ཡང་གཟུང་ཡུལ་མིན་པས་བློ་ཕྱི་མ་དེ་ཡུལ་གཞན་ལ་འཕོ་ཞེ་ན། བློ་སྔ་མ་ཆོས་ཅན། ཁྱོད་ལ་བློ་ཕྱི་མའི་གཟུང་ཡུལ་གྱི་མཚན་ཉིད་ཚང་སྟེ། ཁྱོད་རང་འཛིན་པའི་བློ་ཕྱི་མ་དངོས་སུ་སྐྱེད་བྱེད་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱིར་གཟུང་ཡུལ་གྱི་དོན་རྣམས་ལ་གཟུང་ཡུལ་བྱེད་པ་ཉིད་ཀྱི་ཆ་དེ་རང་འཛིན་པའི་ཤེས་པ་དངོས་སུ་སྐྱེད་བྱེད་ལས་གཞན་མིན་པའི་ཕྱིར་རོ། །གལ་ཏེ་རང་འཛིན་དངོས་སུ་སྐྱེད་བྱེད་གཟུང་བའི་མཚན་ཉིད་མིན་ཏེ། སྣང་བ་རང་འཛིན་དངོས་སུ་སྐྱེད་བྱེད་ཡིན་ཡང་གཟུང་ཡུལ་མིན་པས་སོ་ཞེ་ན། སྣང་བ་ཆོས་ཅན། ཁྱོད་རང་འཛིན་དངོས་སུ་སྐྱེད་བྱེད་ཀྱི་ཆ་གཟུང་བ་མ་ཡིན་པ་མེད་དེ་ཁྱོད་རང་འཛིན་དངོས་སུ་སྐྱེད་བྱེད་ཀྱི་ཆ་དེ་གཟུང་ཡུལ་དེ་དང་རྫས་གཅིག་ཡིན་པའི་ཕྱིར། དཔེར་ན་ལྕགས་གོང་དམར་འབར་བར་སོང་བ་བཞིན་ནོ། །གལ་ཏེ་སྣང་བ་ནི་ཆ་དང་བཅས་པས་ཤེས་པ་སྐྱེད་བྱེད་ཡིན་ཡང་དེའི་ཕ་རོལ་གྱི་ཆ་སོགས་གཟུང་བ་མིན་པ་བཞིན་དུ་ཤེས་པ་སྔ་མའང་ཕྱི་མའི་རྒྱུ་ཡིན་ཀྱང་དེའི་ཆ་ཤས་འགའ་ཞིག་གཟུང་བ་མིན་ནོ་ཞེ་ན། བློ་སྔ་མ་ཆོས་ཅན། ཆ་ཤས་འགའ་ཞིག་ཕྲ་བ་ལ་སོགས་པའི་སྒོ་ནས་བློ་ཕྱི་མའི་སྐྱེད་བྱེད་ཡིན་ཀྱང་གཟུང་བ་མིན་པ་མེད་པར་ཐལ། ཆ་མེད་པ་ལ་སྟེ་ཕྱོགས་ཀྱི་ཆ་ཤས་མེད་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། དགག་པ་དངོས། རྩོད་པ་སྤོང་། མཇུག་བསྡུ་བའོ། །དང་པོ་ནི། ཤེས་པ་དང་པོ་ལ་ཤེས་པ་ཕྱི་མའི་གཟུང་ཡུལ་བྱེད་པ་དང་། ཤེས་པ་ཕྱི་མའི་ངོ་བོ་བསྐྱེད་པའི་ནུས་པ་གཉིས་ཡོད་པ་ལས། ཤེས་པ་སྔ་མ་ལ་ཡོད་པའི་ཤེས་པ་ཕྱི་མའི་གཟུང་བའི་ཡུལ་བྱེད་པའི་ནུས་པ་ཉམས་པར་འགྱུར་གྱི། ཤེས་པ་ཕྱི་མ་སྐྱེད་པར་བྱེད་པའི་བདག་ཉིད་གཞན་ནི་ཉམས་པ་མིན་པའི་ཚེ་ན་ཤེས་པ་ཕྱི་མ་སྐྱེ་ཞིང་དེ་ཡུལ་གཞན་ལ་འཕོ་ཞེ་ན། སྤྱིར་གཟུང་བའི་མཚན་ཉིད་ཅན་གྱི་དོན་ལ་ནི་ཆོས་ཅན། ཁྱོད་ཀྱི་གཟུང་བའི་ནུས་པ་ཉམས་ཀྱང་བསྐྱེད་པའི་ནུས་པ་མ་ཉམས་པ་མི་འཐད་པར་ཐལ། ཁྱོད་ཀྱིས་རང་འཛིན་ཤེས་པའི་གཟུང་ཡུལ་བྱེད་པའི་ཆ་ལས་རང་འཛིན་དངོས་སུ་སྐྱེད་པར་བྱེད་པའི་ཆ་རྫས་གཞན་དུ་མེད་པར་རྫས་གཅིག་ཡིན་པ་དེའི་ཕྱིར་རོ། །དཔེར་ན་གཟུང་ཡུལ་གཟུགས་སོགས་ཀྱང་རང་འཛིན་ཤེས་པའི་གཟུང་ཡུལ་བྱེད་པ་དེ་ལྟ་མིན་པར་ན་རང་འཛིན་གྱི་བློ་ལ་དངོས་སུ་ཕན་འདོགས་བྱེད་དུ་མེད་པས་ན། གཟུང་ཡུལ་བྱེད་པའི་མཚན་ཉིད་ལས་གཟུགས་སོགས་འདི་ཡིཾད་རང་འཛིན་ཤེས་པ་དེ་ལ་དངོས་སུ་ཕན་འདོགས་བྱེད་ཀྱི་དངོས་པོར་ངེས་པ་གཞན་ཅི་ཡོད་དེ་མེད་པ་བཞིན་ནོ། །དེ་བས་ན་བློ་སྔ་མ་ཐམས་ཅད་ཆོས་ཅན། དེའང་བློ་ཕྱི་མའི་གཟུང་ཡུལ་དེ་ཉིད་དུ་རྣམ་པར་གནས་པར་ཐལ། དེ་ལའང་བློ་ཕྱི་མ་རང་འཛིན་ནུས་སུ་དངོས་སུ་བསྐྱེད་པ་དེ་ཡོད་པ་དེའི་ཕྱིར། ཁྱབ་སྟེ། རང་འཛིན་པ་ཡི་བློ་ཕྱི་མའི་ནི་དངོས་ཀྱི་ཉེར་ལེན་བྱེད་པ་དང་བློ་ཕྱི་མའི་མྱང་བྱར་གྱུར་པ་ཡིན་ན། སེམས་ཀྱི་སྟེ་བློ་ཕྱི་མའི་གཟུང་བའི་མཚན་ཉིད་ཚང་དགོས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་གཟུགས་ཕྲ་བ་སོགས་དང་ཉེར་ལེན་མ་ཡིན་པའི་སེམས་རིམ་པ་ལྟར་ཕྱི་རོལ་གྱི་གཟུང་བ་དང་སེམས་ཀྱི་གཟུང་བ་མ་ཡིན་ན་རྣལ་འབྱོར་པ་རྣམས་ཀྱིས་གཟུགས་ཕྲ་བ་སོགས་དང་། ཉེར་ལེན་མིན་པའི་གཞན་གྱི་སེམས་སོགས་གཟུང་བར་འགྱུར་བ་དང་འགལ་ཞེ་ན། གཟུགས་སོགས་གཟུང་ཡུལ་དུ་འགྱུར་བ་རགས་པར་སྣང་བ་དང་། བར་མ་ཆོད་པ་དང་། ཐག་ཉེ་བ་སོགས་དགོས་ཞེས་པ་དང་ནི། སེམས་གཟུང་ཡུལ་དུ་འཇོག་ན་རང་འཛིན་པའི་ཤེས་པའི་ཉེར་ལེན་ཡིན་པ་དགོས་ཞེས་དེ་ལྟར་གཟུང་བའི་མཚན་ཉིད་ཀྱི་རྣམ་གཞག་དཔྱོད་པ་འདི་ཆོས་ཅན། མ་དག་བློ་ཅན་ཚུར་མཐོང་ལ་ཡིན་གྱི། རྣམ་འབྱོར་པ་འཕགས་པའི་དབང་དུ་བྱས་པ་མིན་ཏེ། རྣལ་འབྱོར་པ་འཕགས་པས་ཡུལ་རྟོགས་པའི་ཚུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །གསུམ་པ་ནི། གཟུགས་སོགས་དེ་ལ་སྔར་ཉེ་བ་དང་། བར་མ་ཆོད་པ་དང་། རགས་པར་སྣང་བ་ཕྱིས་རིང་བ་དང་། ཆོད་པ་དང་། ཕྲ་བ་སོགས་ཀྱི་ངོ་བོར་གྱུར་པ་ཡིས་སྔར་གཟུང་བ་ཕྱིས་གཟུང་བ་མིན་པ་ཉིད་དུ་གྱུར་ན། གཟུགས་སོགས་འཛིན་པའི་བློ་ཆོས་ཅན། ཁྱོད་ལ་རགས་པ་ཕྲ་བར་སོང་བ་སོགས་སྔར་མེད་གང་ཕྱིས་སྐྱེས་པ་ནི་ཅི་ཞིག་ཡོད་པའི་རྒྱུ་མཚན་གྱིས་སྔར་གཟུང་ཡུལ་ཡིན་པ་ཕྱིས་གཟུང་ཡུལ་མིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། ལུས་ཅན་མིན་པའི་ཕྱིར་རོ། །འདོད་ན། བློ་ཕྲ་བ་སོགས་སུ་འགྱུར་བ་མེད་པ་དེའི་ཕྱིར། བློ་ཕྱི་མས་རང་བློ་སྔ་མ་ཉིད་འཛིན་པར་འགྱུར་ན། ཤེས་པ་ཕྱི་མ་ཆོས་ཅན། དོན་གཞན་གཟུགས་སོགས་རྟོགས་པར་མི་འགྱུར་བར་ཐལ། རང་གི་དེ་མ་ཐག་པའི་རྒྱུར་གྱུར་པའི་སེམས་སྔ་མ་གང་ཡིན་པ་དེ་ཉིད་འཛིན་པར་འགྱུར་བ་དེས་ན་སྟེ་དེའི་ཕྱིར་རོ། །བཞི་པ་ནི། སྤྱིར་དངོས་པོ་རྣམས་ལ་ནུས་པ་རྫས་གཞན་དུ་མ་ཡོད་པས་འབྲས་བུ་དུ་མ་བསྐྱེད་པ་ཡིན་ཞིང་། ཁྱད་པར་དུ་བློ་སྔ་མ་ལ་བློ་ཕྱི་མའི་རྒྱུ་བྱེད་པའི་ནུས་པ་དང་གཟུང་ཡུལ་བྱེད་པའི་ནུས་པ་རྫས་ཐ་དད་དུ་ཡོད་པས་རྒྱུ་བྱེད་པ་ཙམ་གྱིས་གཟུང་ཡུལ་ཡིན་པར་མི་འགྱུར་ཞེ་ན། དངོས་པོ་རྣམས་ཆོས་ཅན། གཅིག་ལ་ནུས་པ་རྫས་གཞན་དུ་མ་ཡོད་པ་དང་། དུ་མ་ལ་ནུས་པ་རྫས་གཅིག་ཡོད་པས་རིམ་པ་ལྟར་འབྲས་བུ་དུ་མ་དང་གཅིག་བྱེད་པ་མིན་ཏེ། གཅིག་ལ་ནུས་པ་རྫས་གཞན་དུ་མ་དག་དུ་མ་ལ་ནུས་པ་རྫས་གཅིག་མེད་ཀྱང་ངོ་བོ་ཉིད་དམ་ཆོས་ཉིད་ཀྱིས་འབྲས་བུ་གཅིག་དང་དུ་མ་བྱེད་ཅེས་སྔར་བརྗོད་ཟིན་པའི་ཕྱིར་རོ། །རང་སྡེ་ཁ་ཅིག་ན་རེ། གལ་ཏེ་རྒྱུ་གཅིག་ཁོ་ན་ལས་འབྲས་བུ་དུ་མ་སྐྱེ་བ་མིན་ཏེ། འབྲས་བུ་དུ་མ་ནི་རྒྱུ་དུ་མ་ལས་སྐྱེ་བའི་ཕྱིར་ཞེ་ན། རྒྱུ་གཅིག་ཁོ་ནས་འབྲས་བུ་དུ་མ་བྱེད་པར་ཁས་མ་བླངས་ཏེ། འདི་ལྟར། རྒྱུ་གཅིག་ཁོ་ན་ལས་འབྲས་བུ་དུ་མ་འབྱུང་བ་མ་ཡིན་ཞིང་། འབྲས་བུ་འགའ་ཞིག་རྒྱུ་གཅིག་ཁོ་ན་ལས་འབྲས་བུ་གཅིག་སྐྱེ་བའང་མིན་ཏེ། འབྲས་བུ་གཅིག་དང་ཐ་དད་གང་ཡང་རྒྱུ་ཚོགས་པ་དག་ལས་བྱུང་བའི་ཕྱིར་རོ། །འོ་ན་རྒྱུ་གཅིག་ལ་འབྲས་བུ་དུ་མ་འབྱུང་བར་འདོད་པ་དང་འགལ་ཞེ་ན། རྒྱུ་ཆོས་ཅན། ཁྱོད་གཅིག་པུ་དེ་ནི་འབྲས་བུ་དུ་མ་བྱེད་ཅེས་བརྗོད་པ་མི་འགལ་ཏེ། ཁྱོད་གཅིག་ཀྱང་རྒྱུ་ཚོགས་པ་གཉིས་ཀྱི་ནང་དུ་ཆུད་པར་འགྱུར་བའི་ཕྱིར། དཔེར་ན་མར་མེ་གཅིག་ཀྱང་སྐྱེས་བུ་དུ་མའི་རྐྱེན་གསུམ་གྱི་ནང་དུ་ཚུད་པས་མིག་ཤེས་དུ་མ་བསྐྱེད་པ་བཞིན་ནོ། །གསུམ་པ་གཅིག་གིས་དོན་ཤེས་གཉིས་ཀ་འཛིན་པ་དགག་པ་ནི། གལ་ཏེ་བློ་གཞན་ཕྱི་མ་དོན་གཟུགས་སོགས་དང་ནི། རྣམ་ཤེས་སྔ་མ་གཉིས་གཅིག་ཆར་འཛིན་པར་འགྱུར་བས་ཡུལ་གཞན་ལ་མི་འཕོ་བའི་སྐྱོན་མེད་ཅེ་ན། ཨ་ཨི་ལྟ་བུའི་ཡི་གེ་གཉིས་བར་མ་ཆོད་དུ་བརྗོད་པའི་ཚེ་ཕྱི་མ་ཨི་ལ་དཔྱོད་པ་ལ་སོགས་དོན་སེམས་གཅིག་ལ་ཆོས་ཅན། རྟག་ཏུ་སྟེ་ངེས་པར་རིམ་གྱིས་མཐོང་བ་ཡི་བརྗོད་པ་ཨ་ཨི་གཉིས་རིམ་མིན་ཅིག་ཆར་ཉིད་དུ་སྣང་བ་འགྱུར་བར་ཐལ། ཡི་གེ་སྔ་མ་ཨ་དེ་ཤེས་པ་སྔ་མའི་གཟུང་ཡུལ་དུ་ཡོད་པར་སྣང་ཞིང་། དེ་དང་ཅིག་ཆར་ཡི་གེ་ཕྱི་མ་ཨི་དེ་རང་གི་གཟུང་ཡུལ་དུ་སྣང་བ་ཅན་ཉིད་ཡིན་པའི་ཕྱིར་ཞེས་པའི་སྐྱོན་དུ་འགྱུར་ཞིང་། དོན་གཅིག་ཀྱང་ཆོས་ཅན། ལན་གཉིས་གཉིས་སུ་སྣང་བར་འགྱུར་བར་ཐལ། བདག་རིག་པའི་བློ་དང་བློ་དེ་རིག་པའི་བློ་ཕྱི་མ་ལ་ཡང་སྣང་བའི་ཕྱིར་རོ། །བཞི་པ་འཕོ་ཚེ་ཕྱི་མ་མྱོང་བྱེད་མེད་པ་དགག་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། སློབ་དཔོན་ཕྱོགས་གླང་གིས་གྲུབ་པ་ལ་བསྒྲུབ་པའི་ལན་དུ་རང་རིག་མེད་པར་ཤེས་པ་ཕྱི་མ་ཕྱི་མས་སྔ་མ་སྔ་མ་མྱོང་ན་མྱོང་བྱེད་ཐུག་མེད་དང་། དོན་ལ་མི་འཕོ་བར་འགྱུར་ཞེས་གསུངས་པ་ལ། གཞན་གྱིས་ལན་དུ་གལ་ཏེ་ཤེས་པ་ཕྱི་མ་དེ་ཡུལ་གཞན་ལ་འཕོ་བ་ན་ཤེས་པ་ཐ་མ་ཉམས་སུ་མྱོང་བ་དང་དྲན་པ་མིན་པས་མྱོང་བྱེད་ཐུག་མེད་དང་ཡུལ་ལ་མི་འཕོ་བའི་སྐྱོན་མེད་དོ་ཞེས་སྨྲ་བ་ན། བསྟན་བཅོས་མཛད་པ་ཉིད་ཀྱིས་ལན་སྨྲས་པ་ནི་དོན་མཐོང་བའི་སྐྱེས་བུ་ཆོས་ཅན། གང་ཟག་གཞན་གྱིས་ཤེས་པ་ཡུལ་ཉམས་སུ་མྱོང་བ་བཞིན་དུ། རང་གི་ཤེས་པ་སྔ་མ་ཐམས་ཅད་རང་གིས་མྱོང་བ་མེད་པར་ཐལ་བར་འགྱུར་ཏེ། ཤེས་པ་སྔ་མ་མྱོང་བྱེད་ཕྱི་མ་ལ་ལྟོས་ཤིང་ཕྱི་མ་མྱོང་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་བདག་གིས་མྱོང་བ་དེ་བདག་གིས་མངོན་སུམ་དུ་མྱོང་བ་ཡིན་ཞིང་། གཞན་གྱིས་མྱོང་བ་འགྱུར་བ་དེ་བདག་གིས་མངོན་སུམ་དུ་མྱོང་བ་མ་ཡིན་པས་ན། རང་གིས་མྱོང་བ་དང་གཞན་གྱིས་མྱོང་བ་མི་མཚུངས་ཤེ་ན། བདག་གིས་མྱོང་བ་དེ་ཆོས་ཅན། གང་ལས་གྲུབ་སྟེ་མ་གྲུབ་པར་ཐལ། རང་གིས་མ་གྲུབ་ཅིང་ཤེས་པ་གཞན་གྱིས་ཀྱང་མ་གྲུབ་པའི་ཕྱིར། འདོད་ན། དཔྱོད་པ་པ་ཆོས་ཅན། རྒྱུ་མཚན་གང་གིས་བདག་མྱོང་དང་གཞན་མྱོང་གི་ཁྱད་པར་དེ་སྐད་བརྗོད་པར་འགྱུར་བ་འཐད་དེ་མི་འཐད་པར་ཐལ། བདག་གིས་མྱོང་བ་ཉིད་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་གསལ་བའི་རྒྱུ་མིག་ལ་སོགས་པ་གསལ་བ་མིན་ཡང་གསལ་ཞེས་བརྗོད་པ་དེ་བཞིན་དུ། ཤེས་པ་ཡང་བདག་ཉིད་གསལ་བར་མ་གྲུབ་ཅིང་གསལ་ཞེས་བརྗོད་པ་ཡིན་ནོ་ཞེ་ན། དབང་པོ་སོགས་ཆོས་ཅན། རང་ཉིད་གསལ་བར་མ་གྲུབ་ཀྱང་གསལ་ཞེས་ཐ་སྙད་འཇུག་པར་འགྱུར་ཏེ། གསལ་བ་དབང་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་གྱི་གསལ་བར་འདོད་པའི་སྔོ་འཛིན་སོགས་ཤེས་པ་རྣམས་ཆོས་ཅན། རང་མི་གསལ་བཞིན་དུ་སྔོ་སོགས་གསལ་བ་ཡིན་ཏེ་གལ་ཏེ་རང་ཉིད་གསལ་བར་མ་གྲུབ་ཀྱང་ཁྱོད་ལ་སྔོ་སོགས་གསལ་བར་སྣང་ན་འགྲོ་བ་ཤེས་བྱ་མ་ལུས་པ་འདི་ཁྱོད་ལ་གསལ་བར་སྣང་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་ཀུན་ཏུ་བཟང་པོའི་འོད་ཟེར་ལས་མངོན་སུམ་གྱི་ལེའུ་སྟེ་གསུམ་པའི་རྣམ་པར་བཤད་པའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*