འོ་ན་མདོའི་དགོངས་པ་དེ་ལྟར་ཡིན་ན། ཕྱོགས་གླང་གིས་གཞུང་གི་ཆ་འགའ་ཞིག་ཏུ་མ་ཤེས་དོན་གསལ་ཚད་མའི་མཚན་ཉིད་དུ་དངོས་སུ་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་གཉིས་དོན་ལྡོག་གཅིག་ཡིན་པའི་ཕྱིར། ཞེས་པ་ནི། མ་ཤེས་དོན་གྱི་གསལ་བྱེད་ཀྱང་ཞེས་པས་བསྟན་ཏོ། །དེ་ལྟར་བྱས་ན་འདིར་ཚད་མ་མདོའི་མཆོད་བརྗོད་འཆད་པའི་སྐབས་ཡིན་པས་མདོའི་དགོངས་པར་འགྱུར་བའི་ཚད་མའི་དོན་ལྡོག་ཐོག་མར་སྟོན་པའང་སྐབས་སུ་བབས་ཏེ། བཅོམ་ལྡན་འདས་ཚད་མ་ཡིན་པ་ཡང་གཙོ་བོར་མི་བསླུ་བའི་སྒོ་ནས་གཞག་དགོས་པའི་ཕྱིར་རོ། །སྔ་ཕྱི་གཉིས་ཀ་ཡང་རང་མཚན་ཡོད་མེད་གང་རུང་དུ་གཏོགས་པར་དོན་ལ་མཐུན་ཏེ། མི་བསླུ་བའི་དོན་འཆད་པའི་སྐབས་སུ་ཡང་། དོན་བྱེད་ནུས་པར་གནས་པ་ནི་མི་བསླུ་ཞེས་དང་། མ་ཤེས་དོན་གསལ་གྱི་དོན་འཆད་པའི་སྐབས་སུ་ཡང་། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན། ཞེས་གསུངས་པའི་ཕྱིར། ཐ་སྙད་པའི་ཚད་མ་དང་། དོན་དམ་པའི་ཚད་མ་གཉིས་ཀ་ལ་ཡང་མི་བསླུ་མ་ཤེས་དོན་གསལ་གཉིས་ཀ་འཇུག་སྟེ། དེ་གཉིས་དོན་ལྡོག་གཅིག་ཡིན་པའི་ཕྱིར་རོ། །གཉིས་པ་ལ། བྱེད་པ་པོ་གང་གིས་མི་བསླུ་བ། ལས་གང་ལ་མི་བསླུ་བ། ཚུལ་ཇི་ལྟར་མི་བསླུ་བ་དང་གསུམ་ལས། དང་པོ་ནི། ཤེས་པ་དོན་ཇི་ལྟར་གནས་པ་ལྟར་ཡོད་པ་ལ་ཡོད་པར་ཤེས། མེད་པ་ལ་མེད་པར་ཤེས་པར་དེ་ཉིད་མི་བསླུ་བའོ། །གཉིས་པ་ནི། དོན་རང་མཚན་ཡོད་པས་དེ་ལ་འཇུག་ན་དོན་བྱེད་ནུས་པ་ལ་མི་བསླུ། དོན་རང་མཚན་མེད་པས་དེ་ལས་ལྡོག་ན་དོན་བྱེད་མི་ནུས་པ་ལ་མི་བསླུ་བའོ། །གསུམ་པ་ནི། རང་མཚན་ལ་ཞུགས་ན་དེ་ཐོབ་པ་ལ་མི་བསླུ། རང་མཚན་མེད་པས་དེ་ལས་ལྡོག་ན་དེ་མེད་པ་ལ་མི་བསླུ་བའོ། །དེས་ན་དངོས་པོ་ཐམས་ཅད་ལ་སྐབས་འདིར་བསྟན་གྱི་ཡུལ་གྱི་མི་བསླུ་བ་དེ་ཚང་སྟེ། རང་ཉིད་གཞལ་བྱར་འཇོག་པའི་ཚེ་དོན་བྱེད་ནུས་པར་གནས་པའི་ཕྱིར་རོ། །བཅད་ཤེས་དང་ཐེ་ཚོམ་ལ་བྱ་བའི་མི་བསླུ་བ་ཚང་བ་སྲིད་དེ། དེ་རང་མཚན་ལ་ཞུགས་པས་རང་མཚན་ཐོབ་པ་སྲིད་པའི་ཕྱིར་རོ། །འོན་ཀྱང་བྱེད་པ་པོའི་མི་བསླུ་བ་མ་ཚང་སྟེ། དེ་ཡིན་ན་འཛིན་སྟངས་མ་འཁྲུལ་བ་ཡིན་དགོས་པ་ལས། བཅད་ཤེས་ནི་ཚད་མ་སྔ་ཕྱིའི་གཟུང་བའི་ཡུལ་གཅིག་ཏུ་འཛིན་པས་འཛིན་སྟངས་འཁྲུལ་པ་ཡིན་པའི་ཕྱིར། དེས་ན་ཡུལ་གྱི་མི་བསླུ་བ་དང་། བྱ་བའི་མི་བསླུ་བ་ཙམ་གྱིས་འདིའི་མི་བསླུ་བའི་གོ་མི་ཆོད་དེ། འདིའི་མི་བསླུ་བ་ཡིན་ན། ཆོས་གསུམ་ལྡན་དགོས་པའི་ཕྱིར་རོ། །གསུམ་པ་ནི། མི་བསླུ་བའི་ཤེས་པ་ཙམ་གྱིས་ཚད་མའི་མཚན་ཉིད་ཡོངས་སུ་རྫོགས་ཏེ། འདིའི་མི་བསླུ་བ་ལ་ཆོས་སུམ་ལྡན་དགོས་པས་བྱེད་པ་པོའི་མི་བསླུ་བ་ལ་གསར་རྟོགས་ཀྱི་དོན་ཚང་བའི་ཕྱིར་རོ། །དེས་ན་གསར་དུ་ཞེས་པའི་ཚིག་སྨོས་མི་དགོས་ཏེ། དེ་ལ་རྣམ་བཅད་མེད་ཅིང་ཟློས་པའི་སྐྱོན་ཡོད་པའི་ཕྱིར་རོ། །དེས་ན་རྣམ་ངེས་ལས། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། །ཞེས་དང་། འདིར་ཡང་། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང་། བསམ་པ་ལ་ནི་བསླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །ཅེས་དང་། བསླུ་མེད་ཕྱིར་ཏེ་ཚད་མ་ཉིད། །ཅེས་དང་། བསླུ་བ་མེད་ཅན་གང་ཡིན་དེ། །བསྒོམ་བྱུང་མངོན་སུམ་ཚད་མར་འདོད། །ཅེས་དང་། ཚད་མ་ཉིད་ནི་བཀག་པ་སྟེ། །བསླུ་བའི་ཕྱིར་རོ་དེ་དོན་དུའང་། །ཞེས་སོགས་རྣམ་འགྲེལ་ངེས་ཀྱི་གཞུང་རྣམས་ཀྱིས་མི་བསླུ་བ་ཚང་མ་ཚང་གི་སྒོ་ནས་ཚད་མ་ཡིན་མིན་གྱི་རྣམ་གཞག་མཛད་པར་སྣང་གི གསར་དུ་ཞེས་པའི་ཚིག་བསྣན་པ་མི་སྣང་བའི་ཕྱིར་དང་། རིགས་གཏེར་རྩ་འགྲེལ་ལས་ཀྱང་། འདི་ཁོ་ན་གསུངས་ཤིང་། དེའི་རྗེས་སུ་འབྲངས་མའི་སྔོན་གྱི་མཁས་པ་འགའ་ཞིག་གིས་ཀྱང་འདི་བཞིན་དུ་མཛད་པས་བཅད་ཤེས་མི་བསླུ་བའི་ཤེས་པར་བྱས་ནས། གསར་དུ་ཞེས་པའི་ཚིག་བསྣན་པ་ནི་གཞུང་ལུགས་ཆེན་པོའི་དགོངས་པ་འཆུགས་པས་རྒྱང་རིང་དུ་དོར་བར་བྱའོ། །གསུམ་པ་རྩོད་པ་སྤང་བ་ནི། མི་བསླུ་མ་ཤེས་དོན་གསལ་གཉིས། རང་མཚན་རྟོགས་པར་དོན་ལ་མཐུན་ན་དངོས་མེད་འཇལ་བའི་ཚད་མ་ལ་མ་ཁྱབ་པའི་སྐྱོན་ཡོད་དོ་ཞེ་ན། སྐྱོན་མེད་དེ། དེས་ཡུལ་རང་མཚན་མེད་པར་གཞལ་བས་དོན་བྱེད་མི་ནུས་པར་མི་བསླུ་བའི་ཕྱིར་རོ། །དུང་དཀར་པོ་སེར་འཛིན་གྱི་དབང་ཤེས་དང་། ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་ཆོས་ཅན། ཚད་མར་ཐལ། མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། དེས་དུང་སེར་པོ་དང་། ལྗོན་ཤིང་འགྲོ་བར་འཛིན་པ་གང་ཞིག དེ་ལྟར་དུ་མ་གྲུབ་པའི་ཕྱིར་རོ། །གཉིས་པ་དེས་སྒྲོ་འདོགས་སེལ་བའི་ཚུལ་ལ་གསུམ་སྟེ། གཅད་བྱ་སྒྲོ་འདོགས་ཀྱི་རང་བཞིན། གཅོད་བྱེད་ངེས་པའི་རང་བཞིན། དེས་དེ་ཇི་ལྟར་ངེས་པའི་ཚུལ་ལོ། །དང་པོ་ལ་མཚན་ཉིད་ནི། གནས་ལུགས་ཀྱི་དོན་ལས་མཐའ་གཞན་དུ་རྟོག་པའི་ཞེན་བློ། དབྱེ་ན་རྟོག་པ་ལོག་ཤེས་དང་ཐེ་ཚོམ་གཉིས་སུ་ཡོད་པ་ཡིན་གྱི། རྟོག་མེད་ལོག་ཤེས་རྣམས་ནི་དེ་མ་ཡིན་ཏེ། སྒྲོ་འདོགས་དང་ངེས་ཤེས་གཉིས་ཀ་གང་ཟག་གཅིག་གི་རྒྱུད་ལ་ཅིག་ཅར་དུ་མི་འབྱུང་བ་གང་ཞིག ཟླ་བ་གཉིས་སྣང་གི་དབང་ཤེས་དང་། ཟླ་གཉིས་མེད་པར་ངེས་པའི་ངེས་ཤེས་གཉིས་གང་ཟག་གཅིག་གི་རྒྱུད་ལ་ཅིག་ཅར་དུ་འབྱུང་བའི་ཕྱིར། གཉིས་པ་ལ་མཚན་ཉིད་ནི། རང་ཡུལ་དོན་དང་མཐུན་པར་མཐའ་གཅིག་ཏུ་འཛིན་པའི་རྟོག་པ་གང་ཞིག དེར་འཛིན་གྱི་བྱེད་པ་མ་ཉམས་པར་དེ་མིན་དུ་འཛིན་པ་མི་སྲིད་པ། དངོས་བཏགས་མ་ཕྱེ་བའི་སྒོ་ནས་དབྱེ་ན། ཡང་དག་པའི་ངེས་པ་དང་། ལོག་པའི་ངེས་པ་གཉིས། དང་པོ་ནི། སྒྲ་མི་རྟག་པར་ངེས་པའི་ངེས་ཤེས་ལྟ་བུ། གཉིས་པ་ནི། སྒྲ་རྟག་འཛིན་གྱི་ལོག་རྟོག་ལྟ་བུའོ། །ཕྱི་མ་ནི། ངེས་ཤེས་ཀྱི་གསལ་བྱར་གྱུར་པའི་སྒྲོ་འདོགས་ཡིན་པས་ངེས་པ་བཏགས་པ་བ་ཡིན་ནོ། །ངོ་བོའི་སྒོ་ནས་དབྱེ་ན། ཚད་མར་གྱུར་པའི་ངེས་པ་དང་། ཚད་མ་མིན་པའི་ངེས་པ་གཉིས། དང་པོ་ནི། རྗེས་དཔག་ཐམས་ཅད། གཉིས་པ་ནི། མངོན་སུམ་དང་རྗེས་དཔག་གིས་དྲངས་ནས་སྐྱེས་པའི་ངེས་ཤེས་ལྟ་བུའོ། །མངོན་སུམ་རྣམས་ནི་གཅོད་བྱེད་ངེས་པའི་རང་བཞིན་མ་ཡིན་ཏེ། རང་ཡུལ་སྣང་བ་ཙམ་གྱིས་བྱ་བ་རྫོགས་པ་ཡིན་པས་རང་ཡུལ་ངེས་པ་མི་སྲིད་པའི་ཕྱིར། གསུམ་པ་ལ། ཀུན་ཏུ་ཐ་སྙད་པའི་ཚད་མ་ནི། རང་མཚན་ཡོད་མེད་ལ་འཇུག་ལྡོག་བྱེད་པ་ཡིན་ཏེ། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་གསུངས་པའི་ཕྱིར། འོ་ན་རང་སྟོབས་ཀྱིས་ངེས་པ་འདྲེན་པར་བྱེད་པ་ཡིན་ནམ་ཞེ་ན། ཚད་མ་འགའ་ཞིག་རང་སྟོབས་ཀྱིས་ངེས་པ་འདྲེན་པར་བྱེད་པ་ཡིན་ཅིང་། འགའ་ཞིག་རང་ལས་ཕྱིས་བྱུང་བའི་ཚད་མ་གཞན་སྟོབས་ཀྱིས་འདྲེན་པ་ཡིན་ནོ། །ངེས་ཤེས་ཀྱིས་སྒྲོ་འདོགས་བཅད་པའི་དོན་ཡང་སྒྲོ་འདོགས་ཀྱི་ས་བོན་རྒྱུན་གཅོད་པའི་ནུས་པ་ནི་ངེས་ཤེས་ལ་མེད། སྒྲོ་འདོགས་མངོན་གྱུར་པ་ནི་ཡིད་ཡུལ་གཞན་ལ་ཡེངས་པས་ཀྱང་མི་འབྱུང་བས་ངེས་ཤེས་སྐྱེས་ནས་དེའི་བྱེད་པ་མ་ཉམས་པར། སྒྲོ་འདོགས་འབྱུང་མི་སྲིད་པ་ལ་ངེས་ཤེས་ཀྱི་སྒྲོ་འདོགས་གཅོད་པར་འཇོག་པ་ཡིན་ནོ། །གསུམ་པ་མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པ་ལ་བཞི་སྟེ། མཚོན་བྱའི་དབྱེ་བ། མཚན་གཞི་ལ་ལོག་རྟོག་དགག་པ། མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པ། དེ་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལོ། །དང་པོ་ལ་དྲུག་སྟེ། གང་ལ་དབྱེ་བའི་གཞི། གང་དབྱེ་བའི་ངོ་བོ། གང་གིས་འབྱེད་པའི་རྒྱུ་མཚན། ཇི་ལྟར་ཕྱེ་བའི་དོན། ཇི་སྙེད་བྱེ་བའི་གྲངས་ངེས། ཕྱེ་བ་སོ་སོའི་སྒྲ་དོན་ནོ། །དང་པོ་ལ་བོད་ཁ་ཅིག ཚད་མ་དབྱེ་གཞི་ཡིན་གྱི་ཡང་དག་ཤེས་པ་དབྱེ་གཞི་མ་ཡིན་ཏེ། བཅད་ཤེས་དང་ཡིད་དཔྱོད་ཀྱང་ཡང་དག་ཤེས་པ་ཡིན་པས་དབྱེ་གཞི་རྒྱ་ཆེས་པའི་སྐྱོན་ཡོད་པའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། ཚད་མ་མ་ཡིན་པ་ལ་ཡང་དག་ཤེས་པ་བཀག་པའི་ཕྱིར་རོ། །སློབ་དཔོན་ཆོས་མཆོག་གིས། དོན་བྱེད་པར་སྣང་བའི་ཚད་མ་དང་། དོན་བྱེད་ནུས་པ་ལ་རབ་ཏུ་འཇུག་པའི་ཚད་མ་གཉིས་ལས། དང་པོ་ནི། མེས་བཙོ་སྲེག་གི་དོན་བྱེད་པར་སྣང་བ་ལྟ་བུ་སྐྱེས་བུའི་དོན་གྲུབ་ཀྱི་དངོས་ཀྱི་རྒྱུར་གྱུར་པ་ཡིན་ལ། ཕྱི་མ་ནི། མེ་དང་ཆུ་ལ་སོགས་པ་རྐྱང་པ་སྣང་བ་སྐྱེས་བུའི་དོན་གྲུབ་ཀྱི་བརྒྱུད་པའི་རྒྱུར་གྱུར་པའོ། །དེ་ལ་དང་པོ་ནི་དབྱེ་གཞི་མ་ཡིན་ཏེ། མི་བསླུ་བ་རང་ཉིད་ཀྱིས་ངེས་ཟིན་པས་བསྟན་བཅོས་སུ་དཔྱད་བྱ་མ་ཡིན་པའི་ཕྱིར་དང་། མངོན་སུམ་ཁོ་ནས་ངེས་པས་མངོན་རྗེས་གཉིས་མེད་པའི་ཕྱིར་རོ། །དེས་ན་ཕྱི་མ་ཁོ་ན་དབྱེ་གཞི་ཡིན་ནོ་ཞེས་གསུངས་པ་མི་འཐད་དེ། སྤྱི་དབྱེ་གཞིར་མི་རུང་བར། བྱེ་བྲག་ཕྱེ་ནས་དབྱེ་གཞིར་དགོས་ན། མངོན་སུམ་ལ་སོགས་པའི་དབྱེ་བ་ཐམས་ཅད་ལ་ཡང་དེ་ལྟར་དགོས་པས་ཧ་ཅང་ཐལ་བའི་ཕྱིར་རོ། །རང་ལུགས་ནི། ཚད་མ་དང་། ཡང་དག་ཤེས་པ་གཉིས་དོན་གཅིག་མིང་གི་རྣམས་གྲངས་ཡིན་པས་གཉིས་ཀ་ཡང་དབྱེ་གཞིར་རིགས་ཏེ། འདིར་གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས་ཞེས་ཚད་མ་དང་། རྣམ་ངེས་སུ། ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་ཅེས་བྱ་བའོ། །ཞེས་ཡང་དག་ཤེས་པ་དབྱེ་བའི་གཞིར་བཤད་པའི་ཕྱིར་རོ། །གཉིས་པ་ནི། མངོན་སུམ་དང་། རྗེས་དཔག་གཉིས་སོ། །གསུམ་པ་ནི། གཞལ་བྱ་རྟོགས་པའི་ཚུལ་ལ། མྱོང་བ་ལ་བརྟེན་ནས་རྟོགས་པའི་ཚུལ་དང་། རྟགས་ལ་བརྟེན་ནས་རྟོགས་པའི་ཚུལ་གཉིས་སམ། རང་གི་ངོ་བོའི་སྒོ་ནས་རྟོགས་པའི་ཚུལ་དང་། གཞན་གྱི་ངོ་བོའི་སྒོ་ནས་རྟོགས་པའི་ཚུལ་གཉིས་ཡོད་པའི་ཕྱིར་རོ། །བཞི་པ་ནི། མངོན་རྗེས་གཉིས་པོ་ཐ་དད་བཞིའི་ནང་ནས་གང་ཡིན་ཞེ་ན། ཛྙཱ་ན་ཤྲཱི་ན་རེ། གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། མངོན་སུམ་ནི་ཉམས་སུ་མྱོང་བའི་ཆ་ཤེས་པ་ཡིན་པས་དངོས་པོ་དང་། རྗེས་དཔག་ནི་རྣམ་པར་རྟོག་པ་དྲི་མའི་ཆ་ཡིན་པས་གཟུང་ཡུལ་དངོས་པོར་མེད་པས་དེ་འཇལ་བྱེད་ཀྱི་རྗེས་དཔག་ཀྱང་དངོས་པོར་མེད་པའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། གཉིས་ཀ་དངོས་པོ་ཡིན་པའི་ཕྱིར་དང་། རྗེས་དཔག་གི་གཟུང་ཡུལ་དངོས་པོར་མེད་པའི་ཆ་ནས་འཁྲུལ་ཤེས་ཡིན་ལ། འཁྲུལ་ཤེས་དེ་ཉིད་དངོས་པོ་ཡིན་པའི་ཕྱིར་རོ། །ཁ་ཅིག་ཡུལ་གཅིག་ལ་ལྟོས་ནས་གཅིག་ཏུ་འདོད་པ་ཡང་མི་འཐད་དེ། རྟོག་པ་དང་རྟོག་མེད་གཉིས་ཡུལ་གཅིག་མ་ཡིན་པའི་ཕྱིར་རོ། །ཁ་ཅིག་ཡུལ་ཐ་དད་པ་ལ་ལྟོས་ནས་ངོ་བོ་ཐ་དད་དུ་འདོད་པ་ཡང་མི་འཐད་དེ། རྗེས་དཔག་སྤྱིར་མངོན་སུམ་དང་ངོ་བོ་ཐ་དད་དང་། བྱེ་བྲག་རང་རིག་མངོན་སུམ་དང་ངོ་བོ་ཐ་དད་ཡིན་ན། དེ་ཤེས་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེས་ན་མངོན་རྗེས་གཉིས་བློའི་ངོ་བོར་གཅིག་ཡིན་ཏེ། རྗེས་དཔག་ཉིད་ལ་མངོན་སུམ་ངོ་བོ་གཅིག་ཏུ་ལྡན་པའི་ཕྱིར་རོ། །ཡུལ་ལ་ལྟོས་ནས་མངོན་རྗེས་གཉིས་སུ་འཇོག་སྟེ། ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་དེ། ལ་དང་མེའི་ཚོགས་དོན་ལ་ལྟོས་ནས་རྗེས་དཔག་ཡིན་ལ། རང་གི་ངོ་བོ་ལ་ལྟོས་ནས་མངོན་སུམ་ཡིན་པའི་ཕྱིར་རོ། །གལ་ཏེ་རྗེས་དཔག་དེ་ཡུལ་ལ་ལྟོས་ནས་རྗེས་དཔག་མ་ཡིན་པར་ཐལ། ཡུལ་ལ་ལྟོས་ནས་མངོན་སུམ་ཡིན་པའི་ཕྱིར། ཡང་བྱེ་བྲག་རང་རིག་མངོན་སུམ་དང་ངོ་བོ་གཅིག་ཡིན་ན། མངོན་སུམ་དང་ངོ་བོ་གཅིག་ཡིན་དགོས་ན། དེ་ཆོས་ཅན། མངོན་སུམ་དང་ངོ་བོ་ཐ་དད་ཡིན་པར་ཐལ། དབང་མངོན་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར་ཞེ་ན། སྐྱོན་དང་པོ་མེད་དེ། ཡུལ་ལ་ལྟོས་ནས་ཐ་དད་ཡིན་ཞེས་པའི་དོན། རྗེས་དཔག་དེ་རྗེས་དཔག་ལ་རང་རིག་མངོན་སུམ་དུ་སོང་བའི་ཚེ་རྗེས་དཔག་ཡུལ་ལ་ལྟོས་ནས་རང་རིག་མངོན་སུམ་དུ་འཇོག་པ་མ་ཡིན་པའི་ཕྱིར་ཏེ། དེའི་ཚེ་རྗེས་དཔག་དེ་རྗེས་དཔག་གི་ཡུལ་དུ་མི་འཇོག་པའི་ཕྱིར་རོ། །སྐྱོན་གཉིས་པ་ཡང་མེད་དེ། བྱེ་བྲག་ཤ་པ་དང་ངོ་བོ་གཅིག་ཡིན་ན། ཤིང་ཙམ་དང་ངོ་བོ་གཅིག་ཡིན་དགོས་ཀྱང་། ཤ་པ་དང་ངོ་བོ་ཐ་དད་ཡིན་ན། ཤིང་ཙམ་དང་ངོ་བོ་ཐ་དད་ཡིན་མི་དགོས་པའི་ཕྱིར་རོ། །ལྔ་པ་ནི། རང་སྡེ་ཁ་ཅིག་ཚད་མ་ལ། མངོན་སུམ་རྗེས་དཔག་ལུང་ཚད་མ་གསུམ་དུ་ངེས་པར་འདོད་ཅིང་། སློབ་དཔོན་ཟླ་བས་དེའི་སྟེང་དུ་དཔེ་ཉེར་འཇལ་གྱི་ཚད་མ་དང་། བཞིར་གྲངས་ངེས་པ་དང་། ཕྱི་རོལ་པ་ཁ་ཅིག དེའི་སྟེང་དུ་དོན་གྱིས་གོ་བ་དང་། དངོས་པོ་མེད་པའི་ཚད་མ་སོགས་མང་དུ་ཡོད་པར་འདོད་ན། འདིར་མངོན་རྗེས་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གང་ཞེ་ན། རང་ལུགས་ཀྱི་གྲངས་ངེས་བསྒྲུབ་པ་ནི། འཇུག་ཡུལ་རང་མཚན་གཅིག་ཉིད་ལ། རྟོགས་ཚུལ་གྱིས་གཞལ་བྱ་གཉིས་སུ་ངེས་པས། རྟོགས་བྱེད་ཀྱི་ཚད་མ་ཡང་གཉིས་སུ་གྲངས་ངེས་ཞེས་པའོ། །གཞན་ལུགས་ཀྱི་གྲངས་ངེས་འགོག་པ་ལ་མདོར། ཁ་དོག་མི་རྟག་པར་རྟོགས་པའི་བློ་དང་། ཁྱད་པར་མཐོང་བ་ངོ་ཤེས་ཀྱི་བློ་ཚད་མ་ཕུང་པོ་གསུམ་པར་འདོད་པའི་གྲངས་མང་བའི་ཕྱོགས་ཀྱི་ལོག་རྟོག་དགག་པར་གསུངས་ཤིང་། རྣམ་འགྲེལ་དུ། དེའི་སྟེང་དུ་རྒྱང་འཕེན་པས་ཚད་མ་མངོན་སུམ་གཅིག་པུར་འདོད་པ་གྲངས་ཉུང་བའི་ཕྱོགས་ཀྱི་ལོག་རྟོག་དགག་པ་ཡང་གསུངས་སོ། །དྲུག་པ་ནི། སྤྱིར་མིང་ལ་བརྗོད་བྱའི་སྒོ་ནས་དབྱེ་ན། ལྷས་བྱིན་ཞེས་པ་ལྟ་བུ་མིང་ལ་ལྟོས་པ་དང་། ཤིང་ཞེས་པ་ལྟ་བུ་རིགས་ལ་ལྟོས་པ་གཉིས་སོ། །ངོ་བོའི་སྒོ་ནས་དབྱེ་ན། ཐམས་ཅད་མཁྱེན་པ་ཞེས་པ་ལྟ་བུ་བཤད་པ་རྒྱུ་མཚན་ཅན་དུ་བྱས་པའི་མིང་དང་། བུམ་པ་ཞེས་པ་ལྟ་བུ་འཇུག་པ་རྒྱུ་མཚན་ཅན་དུ་བྱས་པའི་མིང་གཉིས་སོ། །འདི་ལ་བཤད་འཇུག་འགལ་བ་དང་། མི་འགལ་བ་དང་། འགལ་ཞིང་མི་འགལ་བ་གསུམ་ལས། དང་པོ་ནི། བྱིའུ་ཏིལ་བརྡུང་ཞེས་པ་ལྟ་བུ་དང་། བྱ་ལུག་རྫི་མོ་ཞེས་པ་ལྟ་བུའོ། །གཉིས་པ་ནི། ཐམས་ཅད་མཁྱེན་པ་ཞེས་པ་དང་། མིག་གི་རྣམ་པར་ཤེས་པ་ཞེས་པ་ལྟ་བུའོ། །གསུམ་པ་ནི། འགལ་འདུ་མུ་གསུམ་པ་སྟེ། དཔེར་ན། མཚོ་སྐྱེས་ཞེས་པ་ལྟ་བུ་ལ་མཚོན་ན། འཇུག་པ་ནི་པདྨ་ལ་འཇུག་ལ། བཤད་ན་མཚོ་ལས་སྐྱེས་པའི་ཕྱིར་མཚོ་སྐྱེས་སོ། །དེ་ལ་གསུམ་ལས། མཚོ་ལས་སྐྱེས་པའི་པདྨོ་ལ་བཤད་འཇུག་གཉིས་ཀ་ཡོད་ཅིང་། སྐམ་ལས་སྐྱེས་པའི་པདྨོ་ལ་འཇུག་ཏུ་ཡོད་ཅིང་བཤད་དུ་མེད་ལ། མཚོ་ལས་སྐྱེས་པའི་སྦལ་པ་ལ་བཤད་དུ་ཡོད་ཀྱང་འཇུག་ཏུ་མེད་ལ། འོ་ན་སྐམ་ལས་སྐྱེས་པའི་སྡོང་དུམ་ལྟ་བུ་བཤད་འཇུག་གཉིས་ཀ་མེད་པའི་མུ་བཞི་པ་ཅི་ཕྱིར་མི་བགྲང་ཞེ་ན། སྐྱོན་མེད་དེ། དེ་ནི་མཚོ་སྐྱེས་ཀྱི་མིང་ལ་མི་ལྟོས་པའི་ཕྱིར་རོ། །དེ་བཞིན་དུ་མངོན་སུམ་ལ་མུ་གསུམ་དང་། རྗེས་དཔག་ལ་མུ་གཅིག་སྟེ། མངོན་སུམ་གྱི་སྐད་དོད་དུ། པྲ་ཏི་ཨཀྵ་ཞེས་པའི་པྲ་ཏི་ནི་སོ་སོ་དང་། ཨཀྵ་ནི་དབང་པོ་ལ་འཇུག་པས་དབང་པོ་སོ་སོ་ལ་བརྟེན་པས་ན་མངོན་སུམ་ཞེས་པར་འགྱུར་ལ། དེའང་མངོན་སུམ་དང་པོ་གཉིས་ལ་བཤད་འཇུག་གཉིས་ཀ་ཡོད་ཅིང་། ཕྱི་མ་གཉིས་ལ་འཇུག་ཏུ་ཡོད་ཀྱང་བཤད་དུ་མེད། དབང་ཤེས་འཁྲུལ་པ་རྣམས་ལ་བཤད་དུ་ཡོད་ཀྱང་འཇུག་ཏུ་མེད་པའི་ཕྱིར་དང་། རྗེས་དཔག་གི་སྐད་དོད་དུ་ཨ་ནུ་མཱ་ན་ཞེས་འབྱུང་བའི་ཨ་ནུ་ནི་ཕྱིས་སམ་རྗེས་ལ་འཇུག་ཅིང་། མཱ་ཎ་ནི་འཇལ་བ་ལ་འཇུག་པས་ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས་པའི་རྗེས་སུ་བསྒྲུབ་བྱ་འཇལ་བའི་དོན་གྱིས་ན་རྗེས་དཔག་ཅེས་བཤད་འཇུག་གཉིས་ཀ་ཡོད་པའི་མུ་ཡིན་པའི་ཕྱིར། གཉིས་པ་མཚན་གཞི་ལ་ལོག་རྟོག་དགག་པ་ལ་གཉིས་ཏེ། མངོན་སུམ་གྱི་མཚན་གཞི་ལ་ལོག་རྟོག་དགག་པ་དང་། རྗེས་དཔག་གི་མཚན་གཞི་ལ་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་མ་ཡིན་པ་ལ་ཡིན་པར་རྟོག་པ་དགག་པ་དང་། ཡིན་པ་ལ་མ་ཡིན་པར་རྟོག་པ་དགག་པ་གཉིས། དང་པོ་ལ། ཡུལ་ལ་འཁྲུལ་པ་དང་། དུས་ལ་འཁྲུལ་པ་དང་། རྣམ་པ་ལ་འཁྲུལ་པ་མངོན་སུམ་དུ་རྟོག་པ་དགག་པ་གསུམ་ལས། དང་པོ་ནི། ཁ་ཅིག་ནོར་བུའི་འོད་ལ་ནོར་བུ་འཛིན་པའི་བློ་དེ་ནོར་བུ་རང་མཚན་པ་ལ་མངོན་སུམ་གྱི་ཚད་མར་འདོད་པ་མི་འཐད་དེ། ནོར་བུ་རང་མཚན་པས་རང་ངོས་ནས་རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར་རོ། །འདི་ནི་བློ་རིགས་གང་ཡིན་དཔྱད་པ་ལ། ལྷ་ཤཱཀ་གཉིས་ཀྱིས་ནོར་བུའི་འོད་ཀྱི་རྟགས་ལས་གཞི་དེར་ནོར་བུ་ཡོད་པར་རྟོགས་པའི་རྗེས་དཔག་ཏུ་བཞེད་པ་དང་། རྒྱན་མཛད་པ་དཔོན་སློབ་ཀྱིས་མངོན་སུམ་དུ་བཞེད་པ་དང་། ཆོས་མཆོག་གིས་ལོག་ཤེས་སུ་བཞེད་པ་དང་གསུམ་ལས། ཕྱི་མ་ཉིད་གཞུང་གི་དགོངས་པ་སྟེ། དང་པོར་ནོར་བུའི་འོད་མཐོང་བའི་མངོན་སུམ། དེ་ནས་ནོར་བུའི་འོད་ལ་ནོར་བུར་འཛིན་པའི་རྟོག་པ་ལོག་ཤེས། དེ་ནས་ནོར་བུ་ཐོབ་པའི་ཆེད་དུ་རྒྱུག་པས་ནོར་བུ་ཉིད་མཐོང་བའི་མངོན་སུམ་དང་། ཡང་ལོག་ཤེས་ཀྱི་རྗེས་སུ་ཡུལ་གྱི་སྤུ་རིས་ཟིན་ནས་ནོར་བུའི་འོད་དུ་ངེས་པའི་རྟགས་ལས་གཞི་དེར་ནོར་བུ་ཡོད་པར་རྟོགས་པའི་རྗེས་དཔག དེས་ནས་དེས་དྲངས་པའི་བཅད་ཤེས། ཡང་དེ་ལ་བརྟེན་ནས་ནོར་བུའི་མདུན་དུ་ཕྱིན་པའི་ཚེ། སྔར་ལྟར་ནོར་བུ་མཐོང་བའི་མངོན་སུམ་སྐྱེས་པ་སྟེ་བློ་རིགས་དུ་མ་ཡོད་པའི་ནང་ནས། ནོར་བུ་སྒྲོན་མའི་འོད་དག་ལ། །ཞེས་པའི་སྐབས་སུ་དཔེར་བླངས་པ་ནི་ལོག་ཤེས་ཁོ་ན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག་ནམ་ཕྱེད་ལ་ཉིན་ཕྱེད་དུ་འཁྲུལ་ནས་ཉིན་ཕྱེད་ཀྱི་བུ་ཚ་རྨིས་པའི་རྨི་ལམ་གྱི་ཤེས་པ་དེ་ཉིན་ཕྱེད་ཀྱི་བུ་ཚ་ལ་མངོན་སུམ་གྱི་ཚད་མར་འདོད་པའང་མི་འཐད་དེ། ཉིན་ཕྱེད་ཀྱི་བུ་ཚ་དེས་རང་ངོས་ནས་རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག་དུང་དཀར་སེར་འཛིན་གྱི་དབང་ཤེས་དེ་དུང་གི་ཁ་དོག་ལ་འཁྲུལ་ཡང་དབྱིབས་ལ་མངོན་སུམ་གྱི་ཚད་མ་དང་། ལྗོན་ཤིང་འགྲོར་སྣང་གི་དབང་ཤེས་དེ་ལྗོན་ཤིང་སྡོད་པའི་ཆ་ལ་འཁྲུལ་ཡང་། ལྗོན་ཤིང་རང་མཚན་པ་ལ་མངོན་སུམ་གྱི་ཚད་མར་འདོད་པའང་མི་འཐད་དེ། དུང་གི་དབྱིབས་དང་ལྗོན་ཤིང་རང་མཚན་པ་ལ་མངོན་སུམ་གྱི་ཚད་མ་ཡིན་ན། དེ་གཉིས་དང་གྲུབ་བདེ་རྫས་གཅིག་པའི་དུང་གི་ཁ་དོག་དང་། ལྗོན་ཤིང་སྡོད་པའི་ཆ་ལ་ཡང་མངོན་སུམ་གྱི་ཚད་མ་ཡིན་དགོས་པའི་ཕྱིར་རོ། །ཡང་ཁ་ཅིག དུང་དཀར་འཛིན་པའི་མིག་ཤེས་དེ་དུང་གི་རེག་བྱ་འཇམ་པ་དང་། ལྗི་བ་ལ་མངོན་སུམ་གྱི་ཚད་མ་དང་། མེ་ཆུའི་ཁ་དོག་མཐོང་བའི་མིག་ཤེས་དེ། དེ་གཉིས་ཀྱི་རེག་བྱ་ཚ་བ་དང་། གཤེར་བ་ལ་ཡང་མངོན་སུམ་གྱི་ཚད་མ་ཡིན། ཞེས་ཟེར་བ་མི་འཐད་དེ། རེག་བྱ་འཛིན་པའི་རྣམ་ཤེས་བསྐྱེད་པ་ལ་ལུས་དབང་དོན་མེད་པར་ཐལ། མིག་ཤེས་དེ་རེག་བྱ་ལ་ཚད་མ་ཡིན་པའི་ཕྱིར། འོ་ན་དུང་གི་ཁ་དོག་མིག་ཤེས་ཀྱིས་མཐོང་བའི་རྗེས་སུ་འདི་ལ་རེག་བྱ་འདི་དང་འདི་ཡོད་ཅེས་པའི་བློ་སྐྱེ་བ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་མངོན་སུམ་མ་ཡིན་ཏེ། སྐྱེ་མཆེད་ཀྱི་རྫས་གཞན་ལས་དུས་མཉམ་པའི་སྐྱེ་མཆེད་ཀྱིས་རྫས་གཞན་དཔོག་པ་རྒྱུའི་ཆོས་རྗེས་སུ་དཔོག་པའི་རྗེས་དཔག་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ཁ་ཅིག སྒོ་རྒྱབ་ཀྱི་བུམ་པ་ལ་མཛོད་ཕུགས་ཀྱི་བུམ་པར་འཁྲུལ་དུས་ཀྱི་སྒོ་རྒྱབ་ཀྱི་བུམ་པར་འཛིན་པའི་མིག་ཤེས་ལྟ་བུ་ཡུལ་ལ་འཁྲུལ་པ་དང་། སྔ་དྲོའི་བུམ་པ་ལ་ཕྱི་དྲོའི་བུམ་པར་འཁྲུལ་དུས་ཀྱི་སྔ་དྲོའི་བུམ་པར་འཛིན་པའི་མིག་ཤེས་ལྟ་བུ་དུས་ལ་འཁྲུལ་པ་དང་། བུམ་པའི་དམར་པོ་ལ་སྣམ་བུའི་དམར་པོར་འཁྲུལ་དུས་ཀྱི་བུམ་པའི་དམར་པོ་འཛིན་པའི་མིག་ཤེས་ལྟ་བུ་རྣམ་པ་ལ་འཁྲུལ་པ་གསུམ། སྒོ་རྒྱབ་ཀྱི་བུམ་པ་སོགས་དོན་རང་མཚན་གསུམ་པོ་ལ་མངོན་སུམ་གྱི་ཚད་མ་མ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། དོན་རང་མཚན་གསུམ་པོ་དེས་ཤེས་པ་གསུམ་པོ་དེ་ལ་རང་ངོས་ནས་རང་འདྲའི་རྣམ་པ་གཏད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྗེས་དཔག་ཡིན་པ་ལ་མིན་པར་རྟོག་པ་དགག མིན་པ་ལ་ཡིན་པར་རྟོག་པ་དགག་པའོ། །དང་པོ་ནི་ཁ་ཅིག ནོར་བུའི་འོད་ཀྱི་རྟགས་ལས་གཞི་དེར་ནོར་བུ་ཡོད་པར་རྟོགས་པའི་བློ་ནི་རྗེས་དཔག་ཚད་མ་མ་ཡིན་ཏེ། ནོར་བུ་རྟགས་སུ་བཀོད་ན། རྟགས་དང་རྟགས་ཅན་མེད། ནོར་འོད་རྟགས་སུ་བཀོད་ན་མ་གྲུབ། འོད་ཙམ་རྟགས་སུ་བཀོད་ན་མ་ངེས་པའི་ཕྱིར་ཞེ་ན། འོ་ན་སཱ་ལུའི་མྱུ་གུའི་རྟགས་ལས་གཞི་དེར་སཱ་ལུའི་ས་བོན་ཡོད་པར་རྟོགས་པའི་རྗེས་དཔག་ཚད་མ་མི་སྲིད་པར་ཐལ། སཱ་ལུའི་ས་བོན་རྟགས་སུ་བཀོད་ན་རྟགས་དང་རྟགས་ཅན་མེད། སཱ་ལུའི་མྱུ་གུ་རྟགས་སུ་བཀོད་ན་མ་གྲུབ། མྱུ་གུ་ཙམ་རྟགས་སུ་བཀོད་ན་མ་ངེས་པའི་ཕྱིར། གཉིས་པ་ནི་ཁ་ཅིག དུ་བའི་རྟགས་ལས་དུ་ལྡན་གྱི་ལ་ལ་རྟག་པའི་མེ་ཡོད་པར་རྟོགས་པའི་བློ་དེ་རྗེས་དཔག་ཚད་མར་འདོད་པ་དང་། ཁ་ཅིག ཡན་ལག་ཅན་གྱི་ལ་ལ་ཆོས་ཅན། རྟག་པའི་མེ་ཡོད་དེ། དོན་དམ་པའི་དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་རློམ་ཚོད་ལ་འཁྲུལ་ཡང་སོང་ཚོད་ལ་མ་འཁྲུལ་པ་ཡིན་ཞེས་ཟེར་བ་མི་འཐད་དེ། དེ་སྒྲུབ་ཀྱི་ཚུལ་གསུམ་མ་གྲུབ་པའི་ཕྱིར། གལ་ཏེ་རྟག་པའི་མེ་དང་དོན་དམ་པའི་དུ་བ་མ་གྲུབ་ཀྱང་མེ་ཙམ་དང་དུ་བ་ཙམ་གྲུབ་པས་སྐྱོན་མེད་དོ་སྙམ་ན་མི་འཐད་དེ། ཁྱད་པར་བྱེད་ཆོས་རྟག་པའི་མེ་དང་དོན་དམ་པའི་དུ་བ་མ་གྲུབ་ན། དེས་ཁྱད་པར་དུ་བྱས་པའི་མེ་ཙམ་དང་དུ་བ་ཙམ་ཡང་མ་གྲུབ་དགོས་པའི་ཕྱིར་རོ། །གསུམ་པ་མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ་གསུམ་སྟེ། གཞུང་ལས་བསྟན་པའི་ཚུལ། མཁས་པ་རྣམས་ཀྱིས་བཀྲལ་བའི་ཚུལ། འཐད་པའི་ཕྱོགས་ངོས་གཟུང་བའོ། །དང་པོ་ནི། ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་དང་། མཚན་གཞི་མངོན་རྗེས་གཉིས་སུ་ངེས་ན་མཚན་གཞི་དེ་གཉིས་ཀྱི་སྟེང་དུ་མི་བསླུ་བའི་ཤེས་པ་ཡོད་པར་རང་ལས་ངེས་པ་ཡིན་ནམ། གཞན་ལས་ངེས་པ་ཡིན། དང་པོ་ལྟར་ན། འགའ་ཡང་མཚན་མ་དང་། ཚད་མིན་གྱི་མཚན་ཉིད་ལ། རྨོངས་པ་མེད་པས་བསྟན་བཅོས་ལས་དེ་གཉིས་ཀྱི་མཚན་ཉིད་བསྟན་པ་དོན་མེད་པར་འགྱུར་ཞིང་། གཉིས་པ་ལྟར་ན། དེ་ལའང་ངེས་བྱེད་གཞན་དགོས་པས་ངེས་བྱེད་ཐུག་མེད་དུ་འགྱུར་རོ་ཞེ་ན། དེའི་ལན་ལ། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་གསུངས་སོ། །གཉིས་པ་ལ། བྲམ་ཟེ་ཆེན་པོས་གཞན་ངེས་ཁོ་ན་འདོད་པ་དང་། ཁ་ཅིག་གཞན་ངེས་ཡོད་ན་ངེས་བྱའི་ཚད་མ་དང་། ངེས་བྱེད་ཀྱི་ཚད་མ་གཉིས་ཡུལ་གཅིག་གམ་ཐ་དད་དཔྱད་པས་འཇིག་པས་རང་ངེས་ཁོ་ནར་འདོད་པ་དང་། ཁ་ཅིག་རང་ངེས་གཞན་ངེས་གཉིས་འདོད་ཀྱང་། མཚོན་བྱ་ཚད་མའི་ཐ་སྙད་ཀྱི་སྒོ་ནས་འབྱེད་པ་དང་། གཞན་དག་མཚན་གཞིའི་སྒོ་ནས་འབྱེད་པ་དང་། འགའ་ཞིག་ཡུལ་གྱི་སྒོ་ནས་འབྱེད་པ་དང་། ཁ་ཅིག་མཚན་ཉིད་ཀྱི་སྒོ་ནས་འབྱེད་པར་འདོད་པ་དུ་མ་ཡོད་ཀྱང་། དང་པོ་བཞི་པོ་གཞུང་གི་དགོངས་པ་མ་ཡིན་ཞིང་། ཕྱི་མ་གཉིས་དོན་གཅིག་པས་རང་ལུགས་ཀྱི་སྐབས་སུ་འབྱུང་ངོ་། །གསུམ་པ་ལ་གསུམ་སྟེ། གཞུང་གང་གིས་རང་ངེས་གཞན་ངེས་སུ་འཇོག་པའི་ཚུལ། མཚན་ཉིད་དང་མཚན་གཞི་ངོས་གཟུང་བ། རྩོད་པ་སྤོང་བའོ། །དང་པོ་ནི། ཚད་མའི་མཚན་ཉིད་མི་བསླུ་བའི་ཤེས་པ་ཡིན་ན། མཚན་གཞི་མངོན་རྗེས་གཉིས་ཀྱི་སྟེང་དུ་མཚན་ཉིད་མི་བསླུ་བ་དང་། ཤེས་པ་གཉིས་ཡོད་པར་གང་ལས་ངེས་ཤེ་ན། ཚད་མས་དྲངས་པའི་ངེས་ཤེས་ཀྱིས་ངེས་པ་ཡིན་ནོ། །ངེས་ཤེས་དེའང་རང་སྟོབས་ཀྱིས་དྲངས་པ་ཡིན་ནམ། གཞན་སྟོབས་ཀྱིས་དྲངས་པ་ཡིན་ཞེ་ན། ཤེས་པ་ཡོད་པའི་ཆ་ལ་རང་སྟོབས་ཀྱིས་འདྲེན་ནུས་པ་ཡིན་ནོ་ཞེས་པ་ནི། རང་ལས་རང་གི་ངོ་བོ་རྟོགས། །ཞེས་པ་སྟེ། འདིས་ཀུན་ཏུ་ཐ་སྙད་པའི་ཚད་མ་ཐམས་ཅད་ཤེས་པའི་དོན་ལྡོག་གསལ་བའི་ཆ་ལ་རང་ངེས་ཚད་མ་དངོས་སུ་བསྟན་ཅིང་། དེས་རང་རིག་མངོན་སུམ་ཐམས་ཅད་མཚན་ཉིད་མི་བསླུ་བ་ལའང་རང་ངེས་སུ་གྲུབ་སྟེ། དེ་དང་རང་གི་འཇུག་ཡུལ་ལ་རང་ངེས་ཡིན་པ་དོན་གཅིག་པ་གང་ཞིག རང་རིག་མངོན་སུམ་གྱི་གསལ་བའི་ཆ་དེ་ཉིད་ཐ་སྙད་དུ་དེའི་འཇུག་ཡུལ་དུ་འཇོག་དགོས་པའི་ཕྱིར་རོ། །མི་བསླུ་བ་ཡོད་པ་ལ་རང་སྟོབས་ཀྱིས་འདྲེན་པའང་ཡོད། གཞན་སྟོབས་ཀྱིས་འདྲེན་པའང་ཡོད་ཅེས་པ་ནི། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་པ་སྟེ། ཐ་སྙད་ནི་ངེས་པ་བློའི་ཐ་སྙད་ངེས་ཤེས་ཡིན་ལ། ཚད་མ་ཉིད་ཅེས་པ་ནི་ཚད་མའི་དོན་ལྡོག་མི་བསླུ་བ་ཉིད་ཡིན་པའི་ཕྱིར་དང་། ངེས་ཤེས་དེ་རང་སྟོབས་ཀྱིས་འདྲེན་པ་དང་། གཞན་སྟོབས་ཀྱིས་འདྲེན་པ་གཉིས་ཡོད་པའི་ཕྱིར་རོ། །མདོར་ན་གཞུང་སྔ་མས་ཤེས་པའི་དོན་ལྡོག་ལ། རང་ངེས་ཁོ་ན་དང་། ཕྱི་མས་ཚད་མའི་དོན་ལྡོག་ལ། རང་ངེས་གཞན་ངེས་གཉིས་ཡོད་པར་བསྟན་ཅིང་། འོག་ནས་འཆད་པའི་རང་ངེས་གཞན་ངེས་ཀྱི་ཁྱད་པར་ཐམས་ཅད་འདི་ཉིད་ཀྱི་དབང་དུ་བྱས་པའོ། །གཉིས་པ་ནི། རང་ངེས་ཚད་མའི་མཚན་ཉིད། ཚད་མ་གང་ཞིག རང་གི་གཞལ་བྱའི་དོན་ལ་ངེས་པ་རང་སྟོབས་ཀྱིས་དྲངས་པས་རང་མྱོང་རང་རིག་མངོན་སུམ་གྱིས་རང་ཉིད་རང་གི་གཞལ་བྱ་ལ་མི་སླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ། གཞན་ངེས་ཚད་མའི་མཚན་ཉིད། ཚད་མ་གང་ཞིག རང་གི་གཞལ་བྱའི་དོན་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པས་རང་མྱོང་རང་རིག་མངོན་སུམ་གྱིས་རང་ཉིད་རང་གི་གཞལ་བྱ་ལ་མི་བསླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པར་ཚད་མ་གཞན་གྱི་སྟོབས་ཀྱིས་འདྲེན་དགོས་པའོ། །མཚན་གཞི་ལ་རྗེས་དཔག་ཐམས་ཅད་ནི་རང་ངེས་ཚད་མ་ཁོ་ན་ཡིན་ཏེ། ཚུལ་གསུམ་ཚང་བའི་རྟགས་ལས་བསྒྲུབ་བྱ་མ་ངེས་ན་རྗེས་དཔག་ཏུ་མི་རུང་ཞིང་། ངེས་ན་བསྒྲུབ་བྱ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར་རོ། །འདི་ལ་དགོངས་ནས་ལྷ་ཤཱཀ་ཆོས་མཆོག་གིས་འགྲེལ་པ་སུམ་ཆར་ལས་རྗེས་དཔག་རང་ངེས་ཁོ་ནར་བཤད་དོ། །མངོན་སུམ་ལ་བཞི་ལས། ཁ་ཅིག རྣལ་འབྱོར་མངོན་སུམ་ནི་རང་ངེས་ཚད་མ་ཁོ་ན་ཡིན་ཏེ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར། ཞེས་ཟེར་བ་མི་འཐད་དེ། འདིའི་བློ་གྲོས་ཆེན་པོ་ནི་མངོན་སུམ་གྱིས་མཐོང་བའི་དོན་ལ་འཁྲུལ་རྒྱུ་མེད་པས་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་ལ་འཇོག་པ་ཡིན་གྱིས། རྣལ་འབྱོར་མངོན་སུམ་ཁོ་ན་ལ་འཇོག་པ་སྐབས་ཀྱི་དོན་མ་ཡིན་པའི་ཕྱིར་དང་། སངས་རྒྱས་འཕགས་པའི་རྒྱུད་ལ་ངེས་ཤེས་མེད་པས་དེའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་གྱིས་ངེས་ཤེས་འདྲེན་པ་མི་སྲིད་པའི་ཕྱིར་རོ། །དེས་ན་རྣལ་འབྱོར་མངོན་སུམ་ལ་རང་ངེས་གཞན་ངེས་གང་ཡང་མེད་པ་སྲིད་ཅིང་། འཕགས་པ་རྟོག་བཅས་ཀྱི་རྣལ་འབྱོར་མངོན་སུམ་ནི་རང་ངེས་ཁོ་ནའོ། །རང་རིག་མངོན་སུམ་རྣམས་ནི་རང་ངེས་ཁོ་ན་ཡིན་ཏེ། རང་གི་འཇུག་ཡུལ་གྱི་གཙོ་བོ་ཤེས་པའི་དོན་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། འཇུག་ཡུལ་གྱི་རྫས་ཐམས་ཅད་ལ་རང་ངེས་ཚད་མ་མ་ཡིན་ཏེ། རྟག་འཛིན་གྱི་འཁྲུལ་རྒྱུས་རྒྱུད་བསླད་པའི་གང་ཟག་གི་རྒྱུད་ཀྱི་རང་རིག་མངོན་སུམ་ངེས་ཤེས་པའི་སྐད་ཅིག་མ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པའི་ཕྱིར། འཇུག་ཡུལ་གྱི་ཐ་སྙད་ལ་ཡང་རང་ལས་ངེས་ཀྱིས་མ་ཁྱབ་སྟེ། རྒྱང་འཕེན་གྱི་རྒྱུད་ཀྱི་རྗེས་དཔག་ཉམས་མྱོང་གི་རང་རིག་མངོན་སུམ་དེས་རྗེས་དཔག་གི་ཐ་སྙད་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པའི་ཕྱིར། ཡིད་ཀྱི་མངོན་སུམ་ནི་རྒྱུན་མེད་པས་དེ་མ་ཐག་ཏུ་ངེས་ཤེས་འདྲེན་མི་ནུས་པའི་ཕྱིར་ན། གཞན་ངེས་ཀྱི་ཚད་མ་ཁོ་ན་ཡིན་ཏེ། རང་རིག་དང་། ཡིད་མངོན་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་པའོ། །དབང་པོའི་མངོན་སུམ་ལ་ཆོས་མཆོག་གིས་དོན་བྱེད་སྣང་གི་མངོན་སུམ་གོམས་པ་ཅན་གྱི་མངོན་སུམ་ཡིན་པས་རང་ངེས་དང་། འཇུག་པར་བྱེད་པའི་མངོན་སུམ་ནི་འཁྲུལ་རྒྱུ་མེད་ན་རང་ངེས་དང་ཡོད་ན་གཞན་ངེས་ཡིན་ཅིང་། འདི་ལ་གསུམ་ཡོད་པར་བཞེད་དོ། །རིགས་གཏེར་ལས། དོན་བྱེད་སྣང་གི་མངོན་སུམ་དང་། གོམས་པ་ཅན་གྱི་མངོན་སུམ་སོ་སོར་ཕྱེ་ནས། དེ་གཉིས་རང་ངེས་དང་འཁྲུལ་རྒྱུ་ཅན་གྱི་སྟེང་དུ། དང་པོ་པ་དང་ཡིད་མ་གཏད་པ་གཉིས་བསྣན་པས་གཞན་ངེས་ཀྱི་ཚད་མར་བཞེད་དོ། །དེ་ལ་དོན་བྱེད་སྣང་གི་མངོན་སུམ་ནི་མེས་བཙོ་སྲེག་གི་དོན་བྱེད་བཞིན་པར་སྣང་བའི་མེ་འཛིན་དབང་མངོན་ལྟ་བུའོ། །གོམས་པ་ཅན་གྱི་མངོན་སུམ་ནི་ཡུལ་ལ་ཡུན་རིང་དུ་གོམས་པས་སྤུ་རིས་ཟིན་པའི་མངོན་སུམ་ལྟ་བུའོ། །དང་པོ་པ་ནི་དངོས་པོ་འགའ་ཞིག་གི་རིགས་འདྲ་སྔར་མ་མཐོང་བ་གསར་དུ་མཐོང་བ་སྟེ། བ་མེན་དང་པོ་མཐོང་བའི་མངོན་སུམ་ལྟ་བུའོ། །ཡིད་མ་གཏད་པ་ནི་རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་གཟུང་འཛིན་དབང་མངོན་ལྟ་བུའོ། །འཁྲུལ་རྒྱུ་ཅན་ནི་རྐྱེན་གསུམ་ལས་དངོས་སུ་སྐྱེས་ཀྱང་། ཕྱི་ནང་གི་འཁྲུལ་རྒྱུ་འགའ་ཞིག་གིས་གེགས་བྱས་པས་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པ་སྟེ། དེ་ལ་དབྱེ་ན། སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས། སྣང་བ་ཉིད་ཀྱང་གཞན་ལས་ངེས་པ་དང་གསུམ་ལས། དེ་རེ་རེ་ལ་ཡང་དོན་ཚན་བཞི་བཞིའི་སྒོ་ནས་གཏན་ལ་དབབ་ན། དང་པོ་ལ་མཚན་གཞི་ནི། དོན་ལ་མེ་ཡིན་ཅིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་དམར་འབར་བ་འཛིན་པའི་དབང་མངོན་ལྟ་བུའོ། །དེ་དམར་འབར་བ་མེའི་ཁ་དོག་ཡིན་པའི་ཆ་ལ་ཚད་མ་ཡིན་ཏེ། དེ་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། དེ་ལ་གཞན་ངེས་ཡིན་ཏེ། ཡུལ་ཐག་རིང་བ་དང་། སྒྱུ་མའི་མེ་དང་ནོར་བུའི་འོད་ལ་སོགས་པའི་འཁྲུལ་རྒྱུས་རང་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་པའི་ཕྱིར། ངེས་བྱེད་ཀྱི་ཚད་མ་ནི་ཕྱིས་མེའི་མདུན་དུ་ཕྱིན་ནས་བཙོ་སྲེག་གི་དོན་བྱེད་པར་མཐོང་བའི་སྟོབས་ཀྱིས་སམ། མངོན་སུམ་ཡུན་རིང་དུ་གོམས་པས་སྤུ་རིས་ཟིན་པའི་སྟོབས་ཀྱིས་སམ། དུ་བ་སྐྱེ་བར་མཐོང་བའི་རྟགས་ལས་མེ་ཡོད་པར་རྟོགས་པའི་རྗེས་དཔག་གི་སྟོབས་སམ། མེའི་དྲི་ལ་སོགས་པ་སྐྱེ་མཆེད་ཀྱི་རྫས་གཞན་གྱི་རྟགས་ལས་མེ་ཡོད་པར་རྟོགས་པའི་རྗེས་དཔག་གི་སྟོབས་ཀྱིས་ངེས་པར་བྱེད་དོ། །གཉིས་པ་ལ་མཚན་གཞི་ནི། དོན་ལ་ཤ་པ་ཡིན་ཅིང་། རྟོག་པས་ཤ་པ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་ཡལ་ག་ལོ་འདབ་དང་བཅས་པ་འཛིན་པའི་དབང་མངོན་ལྟ་བུ་སྟེ། ཆོས་གཞན་གསུམ་ནི་སྔ་མ་ལ་དཔགས་ཏེ་ཤེས་པར་བྱའོ། །གསུམ་པ་ལ་མཚན་གཞི་ནི། ཁ་ཅིག ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་ཉན་ཤེས་ལྟ་བུའོ། །ཞེས་ཟེར་བ་མི་འཐད་དེ། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པ་དེས། སྒྲ་འཛིན་ཉན་ཤེས་སྐྱེ་བའི་ནུས་པ་ཉམས་པར་བྱས་པའི་ཕྱིར་ཏེ། དོན་གཞན་ཆགས་ཞེས་ནུས་ཉམས་ཚེ། །ཤེས་པ་སྐྱེ་བ་མ་མཐོང་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྟོག་པ་ནང་དུ་བསྡུས་པའི་གནས་སྐབས་ཀྱི་གཟུགས་འཛིན་མིག་ཤེས་ལྟ་བུ་སྟེ། འདི་ལ་ཡང་ཆོས་གཞན་གསུམ་ནི་སྔ་མ་ལ་དཔགས་ཏེ་ཤེས་པར་བྱའོ། །གསུམ་པ་ནི་ཁ་ཅིག ངེས་བྱའི་ཚད་མ་དང་། ངེས་བྱེད་ཀྱི་ཚད་མ་གཉིས་ཡུལ་གཅིག་ན་ཚད་མ་ཕྱི་མ་བཅད་ཤེས་སུ་འགྱུར་ཞིང་། ཐ་དད་ན་ཡུལ་གཞན་དངོས་པོར་གྲུབ་པས། གཞན་དངོས་པོར་གྲུབ་པར་མི་འགྱུར་རོ་ཞེས་ཟེར་བ་ལ། གཞན་དག་ན་རེ། འཇུག་ཡུལ་གཅིག་དང་སྣང་ཡུལ་ཐ་དད་ཡིན་པས། སྐྱོན་གཉིས་ཀ་ལས་གྲོལ་ལོ་ཞེས་ཟེར་བ་ནི་མི་འཐད་དེ། ཚད་མ་སྔ་མའི་འཇུག་ཡུལ་རྟག་པར་ཐལ་བ་དང་། ཚད་མ་ཕྱི་མ་བཅད་ཤེས་སུ་ཐལ་བ་དང་། མངོན་སུམ་གྱི་འཇུག་ཡུལ་དང་། སྣང་ཡུལ་དོན་གཞན་མེད་པས་ཁས་བླངས་འགལ་བའི་སྐྱོན་གསུམ་ཡོད་པའི་ཕྱིར། དེས་ན་རང་ལུགས་ནི། ཚད་མ་སྔ་ཕྱི་གཉིས་ཀྱི་འཇུག་ཡུལ་རྒྱུན་གཅིག་ལ། རྫས་ཐ་དད་དུ་ཡོད་པས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །ཁ་ཅིག་གཞན་ངེས་ཚད་མར་འདོད་པའི་ཚད་མ་དེ་རང་ཡུལ་ལ་སྒྲོ་འདོགས་མི་གཅོད་ན་ཚད་མ་མ་ཡིན་ཞིང་། གཅོད་ན་རང་ངེས་སུ་འགྱུར་རོ་ཞེ་ན་སྐྱོན་མེད་དེ། མངོན་སུམ་ཡུལ་ལ་ཚད་མར་འགྱུར་བ་སྒྲོ་འདོགས་གཅོད་པ་ལ་མི་ལྟོས་པའི་ཕྱིར། ཡང་ཁ་ཅིག གྲངས་ཅན་གྱི་རྒྱུད་ཀྱི་བདེ་བ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། རང་ཉིད་རང་གི་གཞལ་བྱ་ལ་མི་བསླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་སུ་ཐལ། རང་ངེས་ཚད་མ་ཡིན་པའི་ཕྱིར། འདོད་ན། དེས་དྲངས་པའི་ངེས་ཤེས་དེས། གྲངས་ཅན་གྱི་རྒྱུད་ཀྱི་རང་རིག་མངོན་སུམ་དེ་དེའི་རྒྱུད་ཀྱི་བདེ་བ་ལ་མི་བསླུ་བར་ཐལ། འདོད་པ་དེའི་ཕྱིར། འདོད་ན། གྲངས་ཅན་པ་དེས་མངོན་སུམ་གྱིས་བདེ་བ་མི་མྱོང་བར། བདེན་ཞེན་གྱིས་འདོད་པའི་རྒོལ་བ་མ་ཡིན་པར་ཐལ་ལོ་ཞེ་ན། འོ་ན་རྒྱང་འཕེན་པ་དེ་རྗེས་དཔག་ཚད་མའི་གཞལ་བྱ་མེད་པར་བདེན་ཞེན་གྱིས་འདོད་པའི་རྒོལ་བ་མ་ཡིན་པར་ཐལ། དེའི་རྒྱུད་ཀྱི་ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་དེས་ལ་དང་མེའི་ཚོགས་དོན་ངེས་པའི་ཕྱིར། དེ་བཞིན་དུ་རྒྱང་འཕེན་པའི་རྒྱུད་ལ་རྗེས་དཔག་ངེས་པའི་ངེས་ཤེས་ཡོད་ཀྱང་རྗེས་དཔག་གི་ཐ་སྙད་ཁས་མི་ལེན་ཞིང་། དེའི་དོན་ངེས་པ་ལ་ངེས་པར་འཇོག་པ་ནི་སྐབས་འདིའི་གནད་ཀྱི་དོན་དུ་ཤེས་པར་བྱའོ། །བཞི་པ་དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལ་གཉིས་ཏེ། དགག་སྒྲུབ་ཀྱི་རྣམ་དབྱེ་དང་། དེ་ཚད་མས་རྟོགས་ནས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལོ། །དང་པོ་ནི། སྒྲུབ་པའི་མཚན་ཉིད། བློས་ཡོངས་གཅོད་དུ་རྟོགས་པར་བྱ་བ། དབྱེ་ན་སྣང་བའི་སྒྲུབ་པ་དང་། སེལ་བའི་སྒྲུབ་པ་གཉིས། དང་པོའི་མཚན་ཉིད། རྟོག་མེད་ཀྱི་ཤེས་པས་ཡོངས་གཅོད་དུ་རྟོགས་པར་བྱ་བ། མཚན་གཞི་ནི། དེའི་སྣང་ཡུལ་དུ་གྱུར་པའི་རང་མཚན་རྣམས་སོ། །གཉིས་པའི་མཚན་ཉིད། རྟོག་བློས་ཡོངས་གཅོད་དུ་རྟོགས་པར་བྱ་བའི་སྒྲོ་བཏགས། མཚན་གཞི་ནི། ཡོད་པ་གཞན་སེལ་རྣམས་སོ། །དགག་པ་ལ་གཉིས་ལས། སྣང་བའི་སྒྲུབ་པའི་ཟླས་ཕྱེ་བའི་དགག་པའི་མཚན་ཉིད། བློས་རྣམ་བཅད་དུ་རྟོགས་པར་བྱ་བ། དབྱེ་ན་མ་ཡིན་དགག་དང་། མེད་དགག་གཉིས། དང་པོའི་མཚན་ཉིད། རྟོག་བློས་དགག་བྱ་དགག་པ་རྣམ་པར་བཅད་ནས་ཡོངས་གཅོད་དུ་རྟོགས་པར་བྱ་བ། འདི་དང་སེལ་བའི་སྒྲུབ་པ་དོན་གཅིག་གོ །གཉིས་པའི་མཚན་ཉིད། རྟོག་བློས་དགག་བྱ་བསྒྲུབ་པ་རྣམ་པར་བཅད་ནས་རྣམ་བཅད་དུ་རྟོགས་པར་བྱ་བ། འདི་དང་མེད་དགག་དོན་གཅིག་གོ །རིགས་གཏེར་རང་འགྲེལ་ལས། དགག་བྱ་རྣམ་པར་བཅད་ནས་ཆོས་གཞན་འཕེན་པ་དང་མི་འཕེན་པ་འདི་གཉིས་ཀྱི་མཚན་ཉིད་དུ་གསུངས་པའི་དགོངས་པ་ནི། དགག་བྱ་རྣམ་པར་བཅད་པ་ཡང་སེལ་ངོར་ཡིན་ཞིང་། ཆོས་གཞན་འཕེན་པ་དང་མི་འཕེན་པ་ཡང་སེལ་ངོར་ཡིན་ལ། སེལ་ངོའི་དགག་སྒྲུབ་གཉིས་དང་། མེད་དགག་མ་ཡིན་དགག་གཉིས་དོན་གཅིག་པའི་དོན་ནོ། །ཆོས་གཞན་འཕེན་པ་ལ་ཡང་ཚིག་ཟིན་ལ་འཕེན་པ་དང་། དོན་གྱིས་འཕེན་པ་གཉིས་ལས། དང་པོ་ནི། རྟོག་པ་ལ་སྣང་བའི་བུམ་དག་གི་ས་ཕྱོགས་ལྟ་བུའོ། །གཉིས་པ་ནི། རྟོག་པ་ལ་སྣང་བའི་བུམ་པ་ལྟ་བུའོ། །སེལ་བའི་སྒྲུབ་པའི་ཟླས་ཕྱེ་བའི་དགག་པའི་མཚན་ཉིད། བློས་དགག་བྱ་བསྒྲུབ་པ་རྣམ་པར་བཅད་ནས་རྣམ་བཅད་ཙམ་དུ་རྟོགས་པར་བྱ་བ་སྟེ། འདི་དང་མེད་དགག་གཉིས། མཚན་ཉིད་གཅིག་གིས་མཚོན་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི། སྔོན་གྱིས་མཁས་པ་ཕྱྭ་པ་སོགས་ན་རེ། དངོས་རྟོགས་དང་། ཤུགས་རྟོགས་ཀྱི་མཚན་ཉིད་རིམ་བཞིན་དོན་དེ་ཉིད་ཀྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་དང་། དོན་གཞན་གྱིས་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་ཞེས་ཟེར་བ་ནི་མི་འཐད་དེ། རྗེས་དཔག་ཐམས་ཅད་ཤུགས་རྟོགས་ཉིད་དུ་ཐལ་བའི་ཕྱིར་རོ། །གཉིས་པ་ནི། བསྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་གམ། མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཀྱིས་སེལ་བའི་སྒྲུབ་པའམ་མ་ཡིན་དགག་སྒྲུབ་པ་ཡིན་ཏེ། སྒྲ་རྟག་འཛིན་གྱི་འཁྲུལ་རྒྱུ་དང་བྲལ་བའི་སྒྲ་འཛིན་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དེས་སྒྲ་མི་རྟག་པར་ངེས་པའི་ཚེ། སྒྲ་མི་རྟག་པར་གྲུབ་པའི་ཐ་སྙད་བྱེད། འཁྲུལ་རྒྱུ་ཡོད་ན་ཕྱིས་རྟགས་ལས་སྒྲ་མི་རྟག་པར་ངེས་པའི་ཚེ་སྒྲ་མི་རྟག་པར་གྲུབ་པའི་ཐ་སྙད་བྱེད་པའི་ཕྱིར། དགག་རྟགས་ལ་བརྟེན་པའི་རྗེས་དཔག་གམ། མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཀྱིས་དགག་པ་སྒྲུབ་པ་ཡིན་ཏེ། རྒོལ་བ་མཁས་པས་དག་འཛིན་དབང་པོའི་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཀྱིས་ས་ཕྱོགས་སུ་བུམ་པ་མེད་པར་ངེས་པའི་ཚེ་བུམ་པས་དག་པའི་ཐ་སྙད་བྱེད། རྒོལ་བ་རྨོངས་པས་བུམ་པ་ཚད་མས་མ་དམིགས་པའི་རྟགས་ལས་ས་ཕྱོགས་སུ་བུམ་པ་མེད་པར་ངེས་པའི་ཚེ་བུམ་པས་དག་པའི་ཐ་སྙད་བྱེད་པའི་ཕྱིར། གསུམ་པ་ནི། མངོན་སུམ་ཤུགས་རྟོགས་མེད་ན་སློབ་དཔོན་གྱིས་གཞུང་གི་ཆ་འགར། ཤུགས་ལས་རྟོགས་པའི་དོན་གྱིས་གོ་བ། ཞེས་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། དེ་ནི་མངོན་སུམ་གྱི་བྱེད་པའམ་ཚུལ་གསུམ་གོམས་པ་ལས་གློ་བུར་བའི་རྗེས་དཔག་སྐྱེ་བ་ལ་དགོངས་པའི་ཕྱིར་རོ། །མཚན་ཉིད་བརྟག་པའི་རབ་ཏུ་བྱེད་པ་སྟེ་རབ་བྱེད་བརྒྱད་པ་བཤད་ཟིན་ཏོ།། ༈ །།གཉིས་པ་མཚན་གཞི་སོ་སོའི་དོན་ལ་གཉིས་ཏེ། མངོན་སུམ་དང་། རྗེས་དཔག་གོ །དང་པོ་ལ་གསུམ་སྟེ། མངོན་སུམ་ཡང་དག ལོག་ཕྱོགས་མངོན་སུམ་ལྟར་སྣང་། ཚད་མ་དང་འབྲས་བུའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། མཚོན་བྱའི་དབྱེ་བ། མཚན་གཞི་སོ་སོའི་དོན་ནོ། །དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཕྱྭ་པ་སོགས་མངོན་སུམ་དང་། མངོན་སུམ་ཚད་མ་སོ་སོར་ཕྱེ་ནས། དང་པོའི་མཚན་ཉིད། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ། ཕྱི་མའི་མཚན་ཉིད། སྔར་མ་རྟོགས་པའི་དོན་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པ་ཞེས་གསུངས་པ་མི་འཐད་དེ། གཉིས་སུ་ཕྱེ་བ་གཞུང་ལས་མ་བཤད་པའི་ཕྱིར་དང་། སྔར་མ་རྟོགས་པ་ལ་རྣམ་བཅད་མེད་ཅིང་སྒྲོ་འདོགས་གཅོད་པ་མངོན་སུམ་གྱི་རང་ལྡོག་ལ་མི་སྲིད་པའི་ཕྱིར། གཉིས་པ་ལ་མཚན་ཉིད་དངོས་དང་། དེའི་དོན་ངེས་པར་བྱ་བ་གཉིས་ལས། དང་པོ་ནི། ལོག་རྟོག་སེལ་བའི་དབང་དུ་བྱས་ན་རྟོག་བྲལ་མ་འཁྲུལ་བའི་རིག་པའམ། རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན། མ་འཁྲུལ་པའི་རིག་པ་དེ། མངོན་སུམ་གྱི་མཚན་ཉིད་ཡིན་ཞིང་། དེ་ཉིད་མངོན་སུམ་ཚད་མའི་མཚན་ཉིད་ཀྱང་ཡིན་ཏེ། རྣམ་ངེས་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་གསུངས་པའི་ཕྱིར། དེ་ཉིད་ཚད་མ་ཡིན་པའི་དབང་དུ་བྱས་ནས། མངོན་སུམ་ཚད་མ་ལ་མཚན་ཉིད་གཞན་མ་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། རྟོག་བྲལ་གྱི་དོན་ངེས་པར་བྱ་བ། མ་འཁྲུལ་བའི་དོན་ངེས་པར་བྱ་བ། གཉིས་ཀའི་དོན་ངེས་པར་བྱ་བའོ། །དང་པོ་ལ་བྲལ་བྱ་རྟོག་པ་ནི། སྒྲ་དོན་འཛིན་པའི་རྟོག་པ་སྟེ། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་དང་། རྣམ་ངེས་ལས། རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བའི་ཤེས་པ་སྟེ། ཞེས་གསུངས་སོ། །འོ་ན་རུང་བ་སྨོས་པའི་དགོས་པ་གང་ཞེ་ན། རྒྱ་གར་བ་ཁ་ཅིག བརྡ་ལ་མ་བྱང་བའི་བྱིས་པའི་རྒྱུད་ཀྱི་རྟོག་པ་བསྡུ་བའི་ཆེད་དུ་ཡིན་ཏེ། སྒྲ་དོན་འཛིན་པའི་བློ་དེས། དེ་ལ་མ་ཁྱབ་པའི་ཕྱིར་ཞེས་སྨྲ་བ་ནི་ཅིག་ཤོས་ལ་ཡང་མཚུངས་ཏེ། རུང་བ་འཛིན་པའི་བློ་དེས་བརྡ་བྱེད་རྒན་པོའི་རྒྱུད་ཀྱི་རྟོག་པ་ལ་མ་ཁྱབ་པའི་ཕྱིར། གལ་ཏེ་རུང་བ་འཛིན་པའི་རིགས་ལ་འཇོག་པས་སྐྱོན་མེད་ཅེ་ན། སྔ་མ་ལ་ཡང་མཚུངས་ཏེ། འདྲེས་པ་འཛིན་པའི་རིགས་ལ་འཇོག་པའི་ཕྱིར་རོ། །མདོར་ན་འདིར་བསྟན་གྱི་བྲལ་བྱ་རྟོག་པའི་མཚན་ཉིད། སྒྲ་དོན་འདྲེས་པ་འཛིན་པའི་དང་། སྒྲ་དོན་འདྲེས་རུང་འཛིན་པའི་དང་། སྒྲ་དོན་འཛིན་པའི་དང་། དོན་སྤྱི་འཛིན་པའི་ཞེན་བློ་རྣམས་ཁྱད་པར་མེད་པར་ཤེས་པར་བྱའོ། །དེ་དང་བྲལ་བའི་ཚུལ་ནི། རང་ལྡོག་ལ་རྟོག་པའི་མཚན་ཉིད་མི་ལྡན་པ་སྟེ། དེའི་དོན་ཡང་རང་མཚན་གཞིར་བཟུང་བའི་ཚེ་སྔར་གྱི་མཚན་ཉིད་དེ་མ་ཚང་བའོ། །གཉིས་པ་ནི། ཁ་ཅིག རྣམ་རིག་པ་ལྟར་མི་བསླུ་བ་ལ་འདོད་པ་དང་། ཁ་ཅིག དོན་དམ་པ་ཡུལ་དུ་བྱེད་པ་ལ་འདོད་པ་དང་། ཁ་ཅིག གཟུང་དོན་ལ་མ་འཁྲུལ་བ་ལ་འདོད་པ་ཡོད་ཀྱང་། རིགས་པས་གནོད་པས། རང་ལུགས་ནི། རྣམ་ངེས་ལས། དེ་ལ་མ་འཁྲུལ་བ་ནི་རབ་རིབ་དང་། མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་དང་འཁྲུལ་པ་ལ་སོགས་པས་འཁྲུལ་པར་མི་སྐྱེད་ཅིང་། ཞེས་གསུངས་པ་ལྟར། དབང་པོ་དང་། ཡུལ་དང་། བྱ་བ་ལ་སོགས་པའི་འཁྲུལ་རྒྱུས་འཁྲུལ་པར་མི་སྐྱེད་པའོ། །འོ་ན་རྟོག་པ་ཡང་མ་འཁྲུལ་བར་གྱུར་ཏེ། འཁྲུལ་རྒྱུ་དེ་དག་གིས་འཁྲུལ་པར་མི་སྐྱེད་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། སོགས་ཁོངས་ནས། ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་སྒྲུབ་པ། །ཞེས་དང་། གང་དེ་འཁྲུལ་པ་ཐོག་མེད་པའི། །དུས་ཅན་མཐོང་གོམས་ཀྱིས་སྤྲུལ་ཡིན། །ཞེས་པའི་སྐབས་ནས་བསྟན་པའི་འཁྲུལ་རྒྱུ་དེ་འདྲེན་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་རྟོག་བྲལ་དང་མ་འཁྲུལ་བ་གཉིས་ཀ་ཡང་རིགས་མི་མཐུན་སེལ་བ་ལ་དགོངས་སམ། ལོག་རྟོག་སེལ་བ་ལ་དགོངས་པ་ཡིན་ཞེ་ན། ཡང་དག་པ་ན་མ་འཁྲུལ་བའི་ཤེས་པས་རིགས་མི་མཐུན་མཐའ་དག་སེལ་ནུས་ཀྱང་། རྟོག་བྲལ་སྨོས་པ་ནི་བྱེ་བྲག་པ་དང་རིགས་པ་ཅན་པ་སོགས། དབང་ཤེས་རྟོག་པ་དང་བཅས་བཞིན་དུ་མ་འཁྲུལ་བར་འདོད་པའི་ལོག་རྟོག་དང་། ཁ་ཅིག འཇུག་ཡུལ་ལ་མ་འཁྲུལ་བས་ཀྱང་མ་འཁྲུལ་བས་གོ་ཆོད་པས་རྗེས་དཔག་ཀྱང་མ་འཁྲུལ་བ་ཡིན་ནམ་སྙམ་པའི་ལོག་རྟོག་བཟློག་པའི་ཆེད་དུ་སྨོས་པ་ཡིན་ནོ། །གཉིས་པ་མཚོན་བྱའི་དབྱེ་བ་ལ་ལྔ་སྟེ། གང་ལ་དབྱེ་བའི་གཞི། གང་དབྱེ་བའི་ངོ་བོ། གང་གིས་འབྱེད་པའི་རྒྱུ་མཚན། ཇི་ལྟར་ཕྱེ་བའི་དོན། ཇི་སྙེད་ཕྱེ་བའི་གྲངས་སོ། །དང་པོ་ནི། མ་འཁྲུལ་བའི་ཤེས་པ་ཙམ་མོ། །གཉིས་པ་ནི། དབང་པོ་དང་། ཡིད་དང་། རང་རིག་དང་། རྣལ་འབྱོར་གྱི་མངོན་སུམ་སྟེ་བཞིའོ། །གསུམ་པ་ནི། ཡུལ་གྱི་སྒོ་ནས། ཡུལ་གཞན་རིག་པ་དོན་རིག་གི་མངོན་སུམ་གཉིས། རང་རིག་པ་རང་རིག་གི་མངོན་སུམ། རང་གཞན་མེད་པར་རིག་པ་རྣལ་འབྱོར་མངོན་སུམ་མོ། །རྟེན་གྱི་སྒོ་ནས་དབང་པོ་ལ་བརྟེན་པ་དོན་རིག་གཉིས། གཞན་དབང་ཙམ་ལ་བརྟེན་པ་རང་རིག ཏིང་ངེ་འཛིན་ལ་བརྟེན་པ་རྣལ་འབྱོར་མངོན་སུམ་མོ། །གང་ཟག་གི་སྒོ་ནས་སོ་སྐྱེའི་མངོན་སུམ་དང་། འཕགས་པའི་མངོན་སུམ་གཉིས་སོ། །བཞི་པ་ནི་གཅིག་པ་བཀག་པའི་ཐ་དད་མ་ཡིན་ཏེ། བཞི་ཀ་ཡང་དངོས་པོ་ཡིན་པའི་ཕྱིར། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཙམ་ཡང་མ་ཡིན་ཏེ། མངོན་སུམ་གཞན་གསུམ་རྫས་ཐ་དད་ཡིན་པའི་ཕྱིར། རྫས་ཐ་དད་ཀྱང་མ་ཡིན་ཏེ། མངོན་སུམ་གཞན་གསུམ་པོ་རང་རིག་མངོན་སུམ་དང་ངོ་བོ་གཅིག་ཡིན་པའི་ཕྱིར། དེས་ན་མངོན་སུམ་གཞན་གསུམ་པོ་རྫས་ཐ་དད་དང་། དེ་གསུམ་རང་རིག་མངོན་སུམ་དང་ངོ་བོ་གཅིག་ལ། ཡུལ་གྱི་སྒོ་ནས་ཐ་དད་ཡིན་ནོ། །ལྔ་པ་ནི། མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །ཞེས་གསུངས་ཏེ། འདི་ལ་ཁ་ཅིག སྒྲ་ཇི་བཞིན་དུ། རྣམ་རིག་པའི་ལུགས་ལ། དབང་ཡིད་ཀྱི་མངོན་སུམ་གཉིས་མེད་པས། བཞིར་ཕྱེ་བ་མདོ་སྡེ་པ་ཁོ་ནའི་ལུགས་ཡིན་ཞེས་སྨྲའོ། །དེ་ནི་མི་འཐད་དེ། དམིགས་བརྟག་ལས། སེམས་ཙམ་པའི་ལུགས་ལ། དབང་མངོན་གྱི་རྐྱེན་གསུམ་བཤད་པས་དབང་མངོན་ཁས་བླང་དགོས་ཤིང་། དབང་མངོན་འདོད་ན་ཡིད་མངོན་ཀྱང་འདོད་དགོས་པར་རིགས་གཏེར་རང་འགྲེལ་ཉིད་ལས་བཤད་པའི་ཕྱིར་རོ། །ཁ་ཅིག་གཞུང་དེའི་དོན། སྣང་ཡུལ་ལ་མ་འཁྲུལ་བའི་མངོན་སུམ་གྱི་དབང་དུ་བྱས་པ་ཡིན་ཞེས་གསུངས་པ་ཡང་མི་འཐད་དེ། དབང་ཡིད་ཀྱི་མངོན་སུམ་གཉིས། གང་ལ་མངོན་སུམ་དུ་སོང་བའི་སྣང་ཡུལ་དེ་ལ། མ་འཁྲུལ་བར་རྣམ་རིག་པས་ཀྱང་ཁས་ལེན་དགོས་པའི་ཕྱིར་རོ། །འོ་ན་གཞུང་འདིའི་དགོངས་པ་ཇི་ལྟར་ཞེ་ན། ཐ་སྙད་ཀྱི་དབང་དུ་བྱས་ན། དབང་ཡིད་ཀྱི་མངོན་སུམ་གཉིས་པོ་ཕྱི་རོལ་གྱི་དོན་ལ་ཚད་མར་རྣམ་རིག་པས་ཁས་བླངས་ཀྱང་། འདིར་བསྟན་གྱི་གྲངས་ངེས་ནི་དོན་དམ་གནས་ལུགས་ལ་དཔྱོད་པའི་དབང་དུ་བྱས་པ་ཡིན་ལ། དེའི་ཚེ། དབང་ཡིད་ཀྱི་མངོན་སུམ་གཉིས་ཕྱི་རོལ་གྱི་དོན་ལ་ཚད་མར་འགྱུར་བར་མི་སྲིད་པར། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཁོ་ནར་འགྱུར་བས། མངོན་སུམ་དང་པོ་གསུམ་ངོ་བོའི་སྒོ་ནས་ཀྱང་གཅིག་ཅིང་། ཡུལ་གྱི་སྒོ་ནས་ཀྱང་གཅིག་པས། རང་རིག་མངོན་སུམ་དུ་བཞག་ལ། རྣལ་འབྱོར་མངོན་སུམ་ནི་ཡུལ་ཆོས་ཉིད་ལ་ཚད་མ་ཡིན་པས་རང་རིག་མངོན་སུམ་དང་ངོ་བོ་གཅིག་ཀྱང་། ཡུལ་གྱི་སྒོ་ནས་ཐ་དད་དུ་བཞག་གོ །མདོ་སྡེ་པའི་ལུགས་ལ་བཞི་ཆར་ཡང་ཡུལ་གྱི་སྒོ་ནས་ཐ་དད་ཡིན་ཏེ། རང་རིག་མངོན་སུམ་ནི་ཤེས་པ་དང་། དབང་མངོན་ནི་ཕྱི་རོལ་གྱི་དོན་དང་། ཡིད་མངོན་ནི་དེའི་ཡུལ་ལས་རྫས་གཞན་པའི་ཕྱི་རོལ་གྱི་དོན་དང་། རྣལ་འབྱོར་མངོན་སུམ་ནི་ཡང་དག་པའི་དོན་ལ་ཚད་མར་འཇོག་པ་ནི་གནས་ལུགས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟར་ཡང་རང་འགྲེལ་ལས། མངོན་སུམ་གྱི་གྲངས་ངེས་པ་ནི་མདོ་སྡེ་པའི་ལུགས་ལ་བརྟེན་ནས། ཕྱི་རོལ་གྱི་དོན་ཞལ་གྱིས་བཞེས་པའི་ཚེ་ཡུལ་གྱི་སྒོ་ནས་བཞིར་ཕྱེ་སྟེ། ཞེས་གསུངས་པས་སོ། །དེ་ལྟར་བྱས་ནས་ཚད་འབྲས་གཉིས་པའི་སྐབས་སུ་དབང་ཤེས་ཀྱི་ཚད་འབྲས་བཞག་པའི་ཚེ་རང་རིག་འབྲས་བུར་གསུངས་པ་དང་། རིགས་གཏེར་རྩ་འགྲེལ་ལས། ཡུལ་གྱི་སྒོ་ནས་མངོན་སུམ་ལ་བཞིར་ཕྱེ་བའི་ཚེ། ཕྱི་དོན་ཁས་བླངས་དགོས་པས། མདོ་སྡེ་པ་ཁོ་ནའི་ལུགས་སུ་གསུངས་པ་རྣམས་གནད་གཅིག་ཏུ་རྟོགས་པར་འགྱུར་བས། རིགས་གཏེར་རྩ་བའི་ཚིག་རྐང་གཉིས་པོ་དེའི་མགོར་ཡུལ་གྱི་སྒོ་ནས་ཞེས་པའི་ཚིག་འདི་སྦྱོར་ཤེས་ན་གནད་ཐམས་ཅད་རང་གྲོལ་དུ་འགྱུར་རོ། །གསུམ་པ་མཚན་གཞི་སོ་སོའི་དོན་ལ་བཞི་ལས། དང་པོ་དབང་མངོན་ལ་ཡང་བཞི་སྟེ། མཚོན་པར་བྱེད་པའི་མཚན་ཉིད། མཚན་གཞིའི་དབྱེ་བ། མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ། མཚོན་བྱའི་སྒྲ་དོན་ནོ། །དང་པོ་ནི། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་གང་ཞིག་རྟོག་བྲལ་མ་འཁྲུལ་བའོ། །གཉིས་པ་ལ། བདག་རྐྱེན་གྱི་སྒོ་ནས་མིག་གི་དབང་པོའི་མངོན་སུམ་ནས། ལུས་ཀྱི་དབང་པོའི་མངོན་སུམ་གྱི་བར་ལྔ། དམིགས་རྐྱེན་གྱི་སྒོ་ནས་གཟུགས་འཛིན་དབང་མངོན་ནས་རེག་འཛིན་དབང་མངོན་གྱི་བར་ལྔ། དེ་མ་ཐག་རྐྱེན་གྱི་སྒོ་ནས་རང་ངེས་དབང་མངོན་དང་། གཞན་ངེས་དབང་མངོན་གཉིས་སོ། །གསུམ་པ་ལ་བཞི་སྟེ། དབང་པོ་ལས་སྐྱེས་པའི་དང་། གཞན་རིག་གི་ཤེས་པའི་དང་། རྟོག་བྲལ་གྱི་དང་། མ་འཁྲུལ་བའི་དོན་ངེས་པར་བྱ་བའོ། །དང་པོ་ལ། བདག་རྐྱེན་དབང་པོ་ངོས་བཟུང་བ་དང་། དེ་ལས་སྐྱེས་པར་བསྒྲུབ་པ་གཉིས་ལས། དང་པོ་ནི། རིགས་གཏེར་རང་འགྲེལ་ལས། གྲུབ་མཐའ་འགའ་ཞིག་ལ་གྲགས་པའི་དབང་པོ་མི་འགྲུབ་ཀྱང་། རྟེན་གཟུགས་ཅན་འདི་དག་ལ་ཡོད་པའི་ཡུལ་ལྔ་ལ་འཛིན་ནུས་ཤིག་ཡིན་ཏེ། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་པས་སོ། །ཞེས་གསུངས་པ་དེའི་དོན་ཡང་མངོན་པ་ལས་གྲགས་པ་ལྟར་ཟར་མའི་མེ་ཏོག་ལྟ་བུ་སོགས་དང་། རྣམ་རིག་པ་ལྟར་ཀུན་གཞིའི་སྟེང་གི་ནུས་པ་སོགས་འདིར་རིགས་པས་མི་འགྲུབ་ཀྱང་། རྐྱེན་གཞན་ཚང་ཡང་དབང་རྟེན་འདི་དག་ལ་ཡོད་པའི་ནུས་པ་ཞིག་མ་ཚང་ན་དབང་ཤེས་མི་འབྱུང་བའི་རྟགས་ལས་ནུས་པ་དེ་ཡོད་པར་གྲུབ་ཅིང་། ནུས་པ་དེ་ཡང་བེམ་ཤེས་གང་རུང་ལས་མ་འདས་པ་ལས་ཤེས་པར་མི་འཐད་དེ། དབང་ཤེས་ཡིན་ན། དབང་ཤེས་མ་སྐྱེས་པའི་སྔར་ནས་ཡོད་པས་ཐུག་མེད་དུ་འགྱུར་ཞིང་། ཡིད་ཤེས་ཡིན་ན་དབང་རྟེན་འདི་དག་ལ་བརྟེན་མི་དགོས་པའི་ཕྱིར་རོ། །དེའི་ཕྱིར་བེམ་པོར་གྲུབ་པས་གཟུགས་ཅན་ཙམ་ཞིག་ཁས་བླངས་ཞེས་པའི་དོན་ནོ། །གཉིས་པ་ནི། དེ་ལས་སྐྱེས་པར་རྗེས་འགྲོའི་སྒོ་ནས་འགྲུབ་སྟེ། འདི་ལྟར་དབང་མངོན་བར་མ་ཆད་དང་། འབྲས་བུ་དབང་ཤེས་གཉིས་ཀ་མ་དམིགས་པ་ལས། དང་པོར་དབང་མངོན་བར་མ་ཆད་པར་དམིགས། དེའི་རྗེས་སུ་ཡུལ་འཛིན་པའི་རྣམ་པར་ཤེས་པ་དམིགས་པས། དེ་ལ་ཡོད་པའི་ནུས་པ་ཞིག་ལ་བརྟེན་པར་འགྲུབ་སྟེ། མེ་དུ་བཞིན་ནོ། །ཡང་ན་ལྡོག་པས་ཀྱང་འགྲུབ་བོ། །གཉིས་པ་ནི། རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་འདོད་པ་མདོ་སེམས་གཉིས་ཀ་མཐུན་ཀྱང་། མདོ་སྡེ་པས་དབང་པོའི་མངོན་སུམ་དུ་འཇོག་པ་ནི། ཕྱི་རོལ་གྱི་ཡུལ་ལ་ལྟོས་ནས་འཇོག་དགོས་པས། གཞན་རིག་གི་ཤེས་པར་འདོད་ལ། སེམས་ཙམ་པས་རང་ལས་གཞན་པའི་ཡུལ་ལ་ཚད་མར་མ་སོང་བས་རང་རིག་ཉིད་དུ་འདོད་དེ། དེས་ན་གཞན་རིག་མེད་པའི་ཕྱིར། །རང་རིག་འབྲས་བུ་ཡིན་པར་འདོད། །ཅེས་པ་ལྟར་རོ། །གསུམ་པ་ནི། ཚད་མ་མདོར། མིང་དང་རིགས་སོགས་སྦྱོར་བ་ཡིས། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་དམ་བཅའ་ཙམ་གསུངས་ཤིང་། རྣམ་འགྲེལ་འདིར། དེ་སྒྲུབ་བྱེད་ཀྱི་རིགས་པ་མང་དུ་གསུངས་ཀྱང་། རིགས་པའི་གཙོ་བོ་ནི། དེ་ཕྱིར་དབང་པོ་ལས་སྐྱེས་བློ། །ཐམས་ཅད་ཁྱད་པར་ཡུལ་ཅན་ཡིན། །ཞེས་པ་སྟེ། དབང་མངོན་ཆོས་ཅན། རྟོག་བྲལ་ཡིན་ཏེ། ཕྱི་དོན་རང་མཚན་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། །ཞེས་པའོ། །བཞི་པ་ནི། དབང་མངོན་ཆོས་ཅན། མ་འཁྲུལ་བ་ཡིན་ཏེ། འཁྲུལ་རྒྱུས་འཁྲུལ་བ་བསྐྱེད་པ་མ་ཡིན་གྱི། དོན་རང་མཚན་གྱིས་རང་ངོས་ནས་རང་འདྲའི་རྣམ་པ་གཏད་པའི་ཤེས་པ་ཡིན་པའི་ཕྱིར། བཞི་པ་ལ་སྒྲ་དོན་སྤྱིར་བསྟན་པ་དང་། དེ་ལས་འཕྲོས་ནས་རྐྱེན་གསུམ་གྱི་རྣམ་གཞག་གཉིས་ལས། དང་པོ་ནི། དབང་མངོན་དེ་རྐྱེན་གསུམ་ཆར་ལས་སྐྱེས་པར་མཚུངས་ཀྱང་། དམིགས་རྐྱེན་དང་། དེ་མ་ཐག་རྐྱེན་གྱི་སྒོ་ནས་ཐ་སྙད་མི་བྱེད་པར། བདག་རྐྱེན་གྱི་སྒོ་ནས་སྤྱིར་དབང་མངོན་དང་། བྱེ་བྲག་ཏུ་མིག་ཤེས་ལ་སོགས་པའི་ཐ་སྙད་བྱེད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། དབང་པོ་ཐུན་མོང་མིན་རྒྱུའི་ཕྱིར། །དབང་ཤེས་ཡིན་ཏེ་རྔ་སྒྲ་བཞིན། །ཞེས་གསུངས་ཏེ། བདག་རྐྱེན་དབང་པོ་གཟུགས་ཅན་པ་དེ་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པས། དེའི་ཐ་སྙད་ཀྱིས་བདེ་བླག་ཏུ་གོ་ནུས། གཞན་གཉིས་དེ་ལས་བཟློག་པའི་ཕྱིར་ཏེ། ཚད་མ་མདོར། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་གསུངས་པས་སོ། །གཉིས་པ་ལ་གསུམ་ལས། དང་པོ་མཚུངས་པ་དེ་མ་ཐག་རྐྱེན་ལ་ཡང་གསུམ་སྟེ། མཚན་ཉིད། མཚོན་བྱའི་སྒྲ་དོན། མཚན་གཞི་ལ་དོགས་པ་བཅད་པའོ། །དང་པོ་ནི། རིག་པ་གང་ཞིག ཆོས་གཞན་གྱིས་བར་མ་ཆོད་པར་རང་འབྲས་སུ་གྱུར་པའི་རིག་པ་གཙོ་བོར་གསལ་རིག་ཏུ་སྐྱེད་བྱེད་དོ། །གཉིས་པ་ནི། རྒྱུ་འབྲས་གཉིས་ཤེས་པར་མཚུངས་པས་ན་མཚུངས་པ། ཆོས་གཞན་གྱིས་བར་མ་ཆོད་པས་ན་དེ་མ་ཐག་ཏུ་སྐྱེད་པར་བྱེད་པས་ན་རྐྱེན་ནོ། །གསུམ་པ་ནི། འོ་ན་སྙོམས་འཇུག་གཉིས་ལ་སོགས་པ་སེམས་མེད་པའི་གནས་སྐབས་ལྔ་ལས་ལྡང་བའི་ལྡང་སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གང་ཞེ་ན། ཁ་ཅིག དང་པོའི་འཇུག་སེམས་དེ་ཉིད་ཡིན་པར་འདོད་པ་དང་། ཁ་ཅིག ཀུན་གཞི་ཉིད་ཡིན་པར་འདོད་པ་ནི་མི་འཐད་དེ། དང་པོའི་འཇུག་སེམས་དང་འབྲས་བུའི་བར་དུ་དུས་རིང་པོས་ཆོད་པ་སྲིད་པའི་ཕྱིར་དང་། ཀུན་གཞི་རྣམ་རིག་པའི་ལུགས་ལ་འཐད་ཀྱང་མདོ་སྡེ་པའི་ལུགས་ལ་མི་འཐད་པའི་ཕྱིར་རོ། །དེས་ན་གནས་སྐབས་དེ་དག་ཏུ་ཡིད་ཀྱི་ཤེས་པ་མི་གསལ་བ་ཡོད་པས་དེས་ལྡང་སེམས་ཀྱི་དེ་མ་ཐག་རྐྱེན་ཡིན་ནོ། །གཉིས་པ་བདག་རྐྱེན་ལ་མཚན་ཉིད། མཚན་གཞི། སྒྲ་དོན་དང་གསུམ་ལས། དང་པོ་ནི། རང་གི་བདག་འབྲས་སུ་གྱུར་པའི་དབང་མངོན་ཡུལ་སོ་སོར་འཛིན་ནུས་པའི་ཆ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རྐྱེན་དེ། རང་གི་བདག་འབྲས་སུ་གྱུར་པའི་དབང་མངོན་གྱི་བདག་རྐྱེན་གྱི་མཚན་ཉིད་དོ། །གཉིས་པ་ནི། སྔར་བཤད་ཟིན་ཏོ། །གསུམ་པ་ནི། གང་གི་དབང་གིས་དབང་ཤེས་ཀྱི་སྟེང་གི་ཡུལ་འཛིན་ནུས་རང་དབང་དུ་སྐྱེད་པར་བྱེད་པས་ན་བདག་རྐྱེན་ནོ། །གསུམ་པ་དམིགས་རྐྱེན་ལ་མཚན་ཉིད་དང་། མཚན་གཞི་གཉིས་ལས། དང་པོ་ནི། རྣམ་ཤེས་དེའི་སྟེང་གི་ཡུལ་གྱི་རྣམ་པའི་ཆ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་ཕྱི་དོན་དེ་རྣམ་ཤེས་དེའི་དམིགས་རྐྱེན་གྱི་མཚན་ཉིད། རྣམ་རིག་པ་ལྟར་ན། ཕྱི་དོན་གྱི་ཚབ་ཏུ་ནུས་པ་ཞེས་སྦྱར་རོ། །གཉིས་པ་ནི། ཆོས་མངོན་པ་བ་རྣམས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་ཆོས་ཐམས་ཅད་ལ་འདོད་ཀྱང་། འདིར་ནི་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ཉིད་ལ་འཇོག་དགོས་པས་གཟུགས་སོགས་དོན་ལྔའོ། །འོན་ཀྱང་གཟུང་དོན་དང་འདི་གཉིས་ཀྱི་ཁྱད་པར་ནི། རྣམ་པ་གཏོད་པ་ཙམ་གྱི་ཆ་ནས་དམིགས་རྐྱེན་དང་། རང་ངོས་ནས་རང་འདྲའི་རྣམ་པ་གཏོད་པའི་ཆ་ནས་གཟུང་དོན་དུ་འཇོག་པས། གཟུང་དོན་ལ་དམིགས་རྐྱེན་གྱིས་ཁྱབ་ཀྱང་རྣམ་ཤེས་དེའི་དམིགས་རྐྱེན་ལ་རྣམ་ཤེས་དེའི་གཟུང་དོན་གྱིས་མ་ཁྱབ་བོ། །གཉིས་པ་ཡིད་ཀྱི་མངོན་སུམ་ལ་གསུམ་སྟེ། ངོ་བོ་ངོས་བཟུང་བ། རང་བཞིན་གཏན་ལ་དབབ་པ། རྩོད་པ་སྤོང་བའོ། །དང་པོ་ལ། མཚན་ཉིད། དབྱེ་བ། རྐྱེན་གསུམ་ལ་དཔྱད་པ་དང་གསུམ་ལས། དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དང་། དེ་མ་ཐག་རྐྱེན་ཡིད་དབང་ལས་དངོས་སུ་སྐྱེས་ཤིང་གཟུང་དོན་ཅན་གྱི་ཤེས་པའོ། །གཉིས་པ་ནི། གཟུགས་འཛིན་ཡིད་མངོན་སོགས་ལྔའོ། །གསུམ་པ་ལ། བདག་རྐྱེན་ནི། དབང་ཤེས་རྒྱུད་ལྡན་དུ་འབྱུང་བའི་ཚེ། དབང་པོའི་རྣམ་པར་ཤེས་པ་ལྔ། ཡིད་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་ཏེ། ཡིད་མངོན་ཡིན་ན། དོན་རིག་ཡིད་མངོན་ཡིན་དགོས་ཤིང་། ཡིད་ཀྱི་རྣམ་པར་ཤེས་པས་དོན་རིག་ཡིད་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་མི་ནུས་པའི་ཕྱིར་ཏེ། དེའི་དེ་མ་ཐག་རྐྱེན་དང་། བདག་རྐྱེན་གཉིས་རྫས་གཅིག་ཡིན་པ་གང་ཞིག དེ་མ་ཐག་རྐྱེན་དེ་དབང་ཤེས་ཉིད་དུ། རྣམ་འགྲེལ་ངེས་གཉིས་ཆར་ལས་བཤད་པའི་ཕྱིར། དེ་མ་ཐག་རྐྱེན་ནི་ཇི་སྐད་བཤད་པའི་བདག་རྐྱེན་དེ་ཉིད་ཡིད་མངོན་མྱོང་བ་གསལ་རིག་ཏུ་བསྐྱེད་པའི་ཆ་ནས་དེ་མ་ཐག་རྐྱེན་དུ་འཇོག་སྟེ། རྣམ་ངེས་སུ། དབང་ཤེས་དེ་མ་ཐག་རྐྱེན་ལས། །བྱུང་ཞེས་དང་། རྣམ་འགྲེལ་ལས། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཞེས་གསུངས་པས་སོ། །དམིགས་རྐྱེན་ནི། དབང་མངོན་སྐད་ཅིག་དང་པོའི་དམིགས་རྐྱེན་ནི་ཡིད་མངོན་སྐད་ཅིག་དང་པོའི་དམིགས་རྐྱེན་མ་ཡིན་ཏེ། དེ་ཡིད་མངོན་གྱི་དེ་མ་ཐག་རྐྱེན་གྱི་དུས་སུ་འདས་ཟིན་པའི་ཕྱིར་ཏེ། སྐད་ཅིག་ཉིད་ཕྱིར་འདས་པ་ཡིས། །དོན་མཐོང་ཡོད་པ་མ་ཡིན་ཞིང་། །ཞེས་གསུངས་པའི་ཕྱིར། དེས་ན་དེའི་རིགས་འདྲ་སྐད་ཅིག་གཉིས་པ་དེ་ཡིད་མངོན་སྐད་ཅིག་དང་པོ་དང་། དབང་མངོན་སྐད་ཅིག་གཉིས་པ་གཉིས་ཀའི་གཟུང་དོན་ཡིན་ནོ། །གཉིས་པ་རང་བཞིན་གཏན་ལ་དབབ་པ་ལ། སྐྱེ་བའི་ཚུལ། དེ་ཚད་མར་བསྒྲུབ་པ། སྐྱེ་བའི་གནས་སྐབས་ལ་དཔྱད་པ་དང་གསུམ། དང་པོ་ནི། དབང་མངོན་ལྔ་འགགས་པའི་རྗེས་སུ་ཡིད་མངོན་ལྔ་ཅིག་ཅར་སྐྱེའམ་མི་སྐྱེ། མི་སྐྱེ་ན་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་མི་འགྲུབ་པར་འགྱུར་ཞིང་། སྐྱེ་ན་གང་ཟག་གཅིག་རྒྱུད་དུ་མར་ཐལ་ལོ་ཞེ་ན། དེ་ལྟར་སྐྱེ་ཡང་གང་ཟག་གཅིག་རྒྱུད་དུ་མར་ཐལ་བའི་སྐྱོན་མེད་དེ། ནང་དུ་རང་རིག་གི་རྒྱུན་གཅིག་གིས་བསྡུས་པའི་ཕྱིར། གཞན་དུ་ན་དབང་ཤེས་ལྔ་དང་རྟོག་པ་ཅིག་ཅར་སྐྱེས་པའི་ཚེ་གང་ཟག་གཅིག་རྒྱུད་དུ་མར་ཐལ་བའི་སྐྱོན་ཡོད་དོ། །འོ་ན་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་དུ་ཁ་ནང་བལྟས་ལ་རང་རིག་གི་རྒྱུན་གཅིག་ལས་མེད་པའི་ཕྱིར་ཏེ། ཡིད་མངོན་ལྔ་ལ་རྒྱུན་མེད་པས་དེ་དག་ཉམས་སུ་མྱོང་བའི་རང་རིག་ལ་ཡང་རྒྱུན་མེད་པའི་ཕྱིར་རོ། །གཉིས་པ་ནི། ཡིད་ཀྱི་མངོན་སུམ་དེ་ཚད་མ་ཡིན་ཏེ། དོན་བདེན་པ་ཤེས་པ་མ་འཁྲུལ་བས་བཟུང་བའི་ཕྱིར། འོན་ཀྱང་མངོན་སུམ་གཞན་བཞིན་དུ་རང་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་ཏེ། རྒྱུན་མེད་པའི་ཕྱིར་རོ། །དེས་ན་འཇིག་རྟེན་གྱི་ཐ་སྙད་དུ་ཚད་མ་ཡིན་ནོ་ཞེས་པའི་ཐ་སྙད་མི་བྱེད་དེ། དཔེར་ན་དབང་ཤེས་ཀྱི་ཡུལ་རྡུལ་ཕྲ་རབ་ཡིན་ཡང་ཐ་སྙད་དུ་ཡུལ་གྱི་ཐ་སྙད་མི་བྱེད་པ་བཞིན་ནོ། །གསུམ་པ་ལ་གསུམ་སྟེ། བཤད་པའི་རྣམ་གྲངས་འགོད། འཐད་པའི་ཕྱོགས་ངོས་བཟུང་། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ལ། རྒྱན་གྱིས་དང་པོར་དབང་མངོན་སྐད་ཅིག་མ་གཅིག དེ་ནས་ཡིད་མངོན་སྐད་ཅིག་མ་གཅིག དེ་ནས་དབང་མངོན་སྐད་ཅིག་མ་གཉིས་པ་སྐྱེ་བ་སོགས། མགོ་དབང་མངོན་གྱིས་འཛིན་ཞིང་མཇུག་ཡིད་མངོན་གྱིས་བརྟུལ་ལོ། །ཞེས་བཞེད་པར་ཁ་ཆེ་པཎ་ཆེན་དཔོན་སློབ་ཀྱི་གསུང་སྒྲོས་ལས་འབྱུང་ངོ་། །སློབ་དཔོན་ཆོས་མཆོག་གིས་དབང་མངོན་གྱི་རྒྱུན་རྫོགས་པའི་མཇུག་ཏུ། ཡིད་མངོན་སྐད་ཅིག་མ་གཅིག་སྐྱེ་བ་ཡིན་གྱི་སྔ་རོལ་དུ་ནི་མ་ཡིན་ཏེ། མིག་གཟུགས་ལ་འཇུག་པའི་གནས་སྐབས་ཀྱི་གཟུགས་གསལ་བར་སྣང་བའི་ཤེས་པ་ཐམས་ཅད་མིག་ཤེས་ཡིན་པའི་ཕྱིར་ཏེ། གཞན་དུ་ན་མི་ཤེས་ཀྱི་མཚན་གཞི་རྙེད་པར་དཀའ་བའི་ཕྱིར་ཞེས་བཞེད་དོ། །བྲམ་ཟེ་ཆེན་པོས་དང་པོར་དབང་མངོན་སྐད་ཅིག་མ་གཅིག་ཁོ་ན་སྐྱེ་ཞིང་། དེའི་རྗེས་སུ་དབང་མངོན་གྱི་རྒྱུན་མ་རྫོགས་ཀྱི་བར་དུ། དབང་མངོན་དང་ཡིད་མངོན་གྲངས་མཉམ་དུ་སྐྱེ་བ་ཡིན་ལ། དབང་མངོན་དེ་རང་གི་རིགས་འདྲ་སྔ་མ་ལས་བྱུང་བའི་རྒྱུན་ཡོད་ཅིང་། ཡིད་མངོན་དེ་རང་གི་རིགས་འདྲ་སྔ་མ་ལས་མ་བྱུང་བར་དེ་མ་ཐག་རྐྱེན་དབང་མངོན་ལས་བྱུང་བས་རྒྱུན་མེད་པ་ཡིན་ནོ་ཞེས་བཞེད་དོ། །དེ་ལྟར་ལུགས་གསུམ་ལས། དང་པོ་རྒྱན་གྱི་བཞེད་པ་དེ་མི་འཐད་དེ། དབང་མངོན་སྐད་ཅིག་དང་པོའི་དུས་སུ་དབང་མངོན་སྐད་ཅིག་གཉིས་པའི་རྐྱེན་གསུམ་ཚང་བས། དངོས་རྒྱུ་ལས་དངོས་འབྲས་སྐྱེ་བ་ལ་སུས་ཀྱང་གེགས་མི་ནུས་པའི་ཕྱིར་དང་། གཞན་དུ་ན་དཔྱོད་པ་བས་དབང་ཤེས་མྱང་བྱ་མྱོང་བྱེད་སྤེལ་ནས་སྐྱེ་བར་འདོད་པ་ན། སློབ་དཔོན་གྱིས་རང་ཡུལ་བར་མ་ཆད་དུ་མི་སྣང་བར་ཐལ་བའི་སྐྱོན་གསུངས་པ་ཐམས་ཅད་འདི་ལ་ཡང་འཇུག་པའི་ཕྱིར་རོ། །ཆོས་མཆོག་གི་བཞེད་པ་ཡང་མི་འཐད་དེ། དབང་མངོན་གྱི་རྒྱུན་མ་རྫོགས་པའི་གོང་དུ་ཡིད་མངོན་གྱི་རྐྱེན་གསུམ་ཚང་བས་ཡིད་མངོན་སྐྱེ་བ་ལ་གེགས་བྱེད་པ་མེད་པའི་ཕྱིར་རོ། །གལ་ཏེ་དབང་མངོན་གྱིས་གེགས་བྱེད་དོ་སྙམ་ན་དེའང་མི་འཐད་དེ། དངོས་རྒྱུ་ལས་དངོས་འབྲས་སྐྱེ་བ་ལ་གེགས་མི་སྲིད་པའི་ཕྱིར་རོ། །གཞན་དུ་ན་རྒྱུན་གྱི་མཐར་ཡང་གེགས་བྱེད་པར་འགྱུར་རོ། །གཉིས་པ་ནི། མདོ་ལས། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ། །ཞེས་དང་། ཚད་མ་མདོར། ཡིད་ཀྱང་དོན་དང་། ཞེས་དང་། དེའི་འགྲེལ་པར། ཡིད་ཀྱང་གཟུགས་ལ་སོགས་པ་ལ་དམིགས་ཤིང་ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་སྟེ། རྟོག་པ་མེད་པ་འབའ་ཞིག་གོ །ཞེས་དང་། དེའི་དོན་རྣམ་ངེས་ལས། དབང་ཤེས་དེ་མ་ཐག་རྐྱེན་ལས། །བྱུང་ཞིང་དེ་དོན་དེ་མ་ཐག །འཛིན་པར་བྱེད་པ་ཡིད་ཀྱང་ངོ་། །ཞེས་གསུངས་པ་རྣམས་ཀྱི་དོན་གཏན་ལ་དབབ་པ་ལ། སྐྱེ་ཚུལ་ངོས་བཟུང་བ་དང་། མངོན་སུམ་སོགས་ཀྱི་འགྲོས་བརྩི་བ་གཉིས། དང་པོ་ནི། དབང་མངོན་སྐད་ཅིག་མ་དང་པོ་དང་དུས་མཉམ་པའམ་སྔ་རོལ་དུ་སྐྱེ་བ་མ་ཡིན་ཏེ། ཡིད་མངོན་ཡིན་ན། རང་གི་དེ་མ་ཐག་རྐྱེན་དབང་མངོན་ལས་བྱུང་དགོས་པར་བཤད་པའི་ཕྱིར། དེས་ན་དབང་མངོན་སྐད་ཅིག་དང་པོའི་རྗེས་སུ་འབྱུང་ཞིང་། དེ་ལ་ཡང་དབང་མངོན་གྱི་རྒྱུན་རྫོགས་པའི་མཐར་འབྱུང་བ་ནི་མ་ཡིན་ཏེ། ཆོས་མཆོག་ལ་བརྗོད་པའི་སྐྱོན་གནས་པའི་ཕྱིར། རྒྱུན་མ་རྫོགས་པར་འབྱུང་བ་ལ་ཡང་། རྒྱན་ལྟར་སྤེལ་མར་འབྱུང་བ་མ་ཡིན་པར། དུས་མཉམ་པར་འབྱུང་བ་ཡིན་ལ། ཚུལ་ནི་དབང་མངོན་སྐད་ཅིག་དང་པོས་བདག་རྐྱེན་དང་དེ་མ་ཐག་རྐྱེན་བྱས། དེ་དང་དུས་མཉམ་པའི་ཕྱི་དོན་གྱིས་དམིགས་རྐྱེན་བྱས་ནས། དབང་མངོན་སྐད་ཅིག་གཉིས་པ་དང་དུས་མཉམ་པར་ཡིད་མངོན་སྐད་ཅིག་དང་པོར་རྫས་ལོགས་སུ་སྐྱེ་བ་ཡིན་ལ། དེ་ནས་བརྩམས་ཏེ་དབང་མངོན་གྱི་རྒྱུན་མ་རྫོགས་པར་གྲངས་མཉམ་དུ་སྐྱེ་བ་ཡིན་ནོ། །གཉིས་པ་ནི། དེའི་ཚེ་མངོན་སུམ་གྱི་འགྲོས་བརྩི་ན་འགྲོས་གསུམ་དུ་འགྱུར་ཏེ། ཁ་ཕྱིར་བལྟས་ལ་དབང་མངོན་དང་། ཡིད་མངོན་གྱི་འགྲོས་གཉིས། ནང་བལྟས་ལ་དེ་གཉིས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་འགྲོས་གཅིག་ཡོད་པའི་ཕྱིར། དམིགས་རྐྱེན་གྱིས་འགྲོས་ལྔར་འགྱུར་ཏེ། རྐྱེན་གསུམ་ཚན་པ་ལྔ་ཅིག་ཅར་དུ་ཡོད་པའི་ཚེ། དབང་མངོན་སྐད་ཅིག་གཉིས་པ་ལྔ་དང་། ཡིད་མངོན་སྐད་ཅིག་དང་པོ་ལྔ་སྟེ་བཅུ་སྐྱེ་ཡང་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་དང་། གཟུགས་འཛིན་ཡིད་མངོན་སྐད་ཅིག་དང་པོ་གཉིས་དམིགས་རྐྱེན་གྱི་སྒོ་ནས་གཟུགས་འཛིན་པའི་མངོན་སུམ་གཅིག་ཏུ་འཇོག་པའི་ཕྱིར་རོ། །དེའི་ཚེ་ཡིད་བྱེད་ཀྱི་འགྲོས་བསྣན་ན་བདུན་དུ་འགྱུར་ཏེ། ཡིད་བྱེད་ཀྱི་སྒོ་ནས་རང་ངེས་གཞན་ངེས་གཉིས་སུ་ངེས་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤོང་བ་ལ། མུ་སྟེགས་བྱེད་ཀྱིས་རྩོད་པ་སྤོང་བ། འགྲེལ་བྱེད་གཞན་གྱིས་རྩོད་པ་སྤོང་བ། བོད་རྣམས་ཀྱིས་རྩོད་པ་སྤོང་བ་དང་གསུམ། དང་པོ་ནི། སྔར་མྱོང་བ་ནི་འཛིན་པ་ན། །ཞེས་སོགས་ཏེ་གཞུང་དོན་ལས་ཤེས་པར་བྱའོ། །གཉིས་པ་ནི། རྒྱན་ལ་བརྗོད་པའི་སྐྱོན་གྱིས་མི་གནོད་དེ། ཡིད་མངོན་གྱིས་ཡུལ་ངེས་པའི་བྱ་བ་མི་བྱེད་ཅིང་སྤེལ་མར་མི་སྐྱེ་བའི་ཕྱིར་རོ། །ཆོས་མཆོག་ལ་བརྗོད་པའི་སྐྱོན་གྱིས་མི་གནོད་དེ། དབང་མངོན་གྱི་རྒྱུན་མ་རྫོགས་པར་སྐྱེ་བ་ཡིན་གྱི། རྒྱུན་རྫོགས་པའི་མཐར་ཁོ་ན་མི་སྐྱེ་བའི་ཕྱིར། མིག་བྱེད་པ་དང་ལྡན་པའི་ཚེ་གཟུགས་གསལ་སྣང་ཅན་གྱི་ཤེས་པ་ཐམས་ཅད་མིག་ཤེས་མིན་ན། མིག་ཤེས་ཀྱི་མཚན་གཞི་མི་རྙེད་པར་ཐལ་བས་མི་གནོད་དེ། གཞན་དུ་ན་ཡིད་བྱེད་པ་དང་ལྡན་པའི་གཟུགས་གསལ་སྣང་ཅན་གྱི་ཤེས་པ་ཐམས་ཅད་ཡིད་མངོན་མ་ཡིན་ན། ཡིད་མངོན་གྱི་མཚན་གཞི་མི་རྙེད་པར་མཚུངས་ཤིང་། མིག་ཤེས་ལ་གཟུགས་གསལ་བར་སྣང་བའི་ཚེ། ཏིང་ངེ་འཛིན་ལ་གཟུགས་གསལ་བར་སྣང་བ་ཡང་མེད་པར་ཐལ་བའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། འགྲོས་གསུམ་གྱི་ཐ་སྙད་མི་འཐད་པར་ཐལ་བ་སྤོང་བ། ངེས་ཤེས་འདྲེན་མི་འདྲེན་གྱི་ཁྱད་པར་མེད་པར་ཐལ་བར་སྤོང་བ་དང་གཉིས་ལས། དང་པོ་ནི། ཉ་དབོན་ན་རེ། འགྲོས་གསུམ་གྱི་ཐ་སྙད་མི་འཐད་དེ། ཕྱི་བལྟས་ལ་དོན་རིག་གི་འགྲོས་གཉིས་ཡོད་པ་ལྟར། ནང་བལྟས་ལ་དེ་གཉིས་ཉམས་སུ་མྱོང་བའི་རང་རིག་གི་འགྲོས་གཉིས་ཏེ། ཡང་ན་འགྲོས་བཞིར་འགྱུར་ཞིང་། ནང་བལྟས་ལ་དེ་གཉིས་རང་རིག་ཏུ་གཅིག་པ་ལྟར། ཕྱི་བལྟས་ལ་ཡང་དེ་གཉིས་དོན་རིག་ཏུ་གཅིག་པས་ཡང་ན་འགྲོས་གཉིས་སུ་འགྱུར་བའི་ཕྱིར་ཞེ་ན། འོ་ན་མངོན་སུམ་ལ་བཞིར་དབྱེ་བ་ཡང་མི་འཐད་པར་ཐལ། དབང་ཡིད་རྣལ་འབྱོར་མངོན་སུམ་གསུམ། དེ་གསུམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་སྟེ། ཡང་ན་དྲུག་ཏུ་འགྱུར་ལ་དེ་གསུམ་རང་རིག་ཏུ་གཅིག་ན་སྔ་མ་གསུམ་དོན་རིག་ཏུ་གཅིག་པས་ཡང་ན་གཉིས་སུ་འགྱུར་བའི་ཕྱིར། དེས་ན་ཚུར་མཐོང་ལ་དེའི་ཚེ་རྣལ་འབྱོར་མངོན་སུམ་མ་གཏོགས་པའི་མངོན་སུམ་ལེའུར་བཤད་པའི་མངོན་སུམ་གསུམ་ཅིག་ཅར་དུ་སྐྱེ་བས་མངོན་སུམ་བཞིའི་ནང་ནས་མངོན་སུམ་གསུམ་གྱི་འགྲོས་ཚང་ཞེས་པའི་དོན་ཡིན་གྱི། སྤྱིར་འགྲོས་གསུམ་དུ་མ་ངེས་ཏེ། དམིགས་རྐྱེན་སོགས་ཀྱི་འགྲོས་བརྩི་ན་ལྔ་དང་བདུན་དུ་ཡང་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་དུ་དབང་མངོན་དང་ཡིད་མངོན་གྲངས་མཉམ་དུ་སྐྱེ་ན། དེ་གཉིས་ལ་ངེས་པ་འདྲེན་ནུས་མི་ནུས་ཀྱི་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། འདིའི་ལན་དུ་རིགས་གཏེར་ལས། དབང་པོ་གཟུགས་ཅན་ལས་དབང་སྐྱེ། །དེས་ན་དབང་ཤེས་རྒྱུན་བཅས་ཡིན། །ཡིད་དབང་ལས་ནི་ཡིད་དབང་མིན། །དེ་ཡི་ཕྱིར་ན་དེ་རྒྱུན་མེད། །ཅེས་དང་། དེའི་རང་འགྲེལ་ལས། དབང་པོ་གཟུགས་ཅན་གྱི་སྐད་ཅིག་སྔ་མ་ལས་གཟུགས་ཅན་གྱི་སྐད་ཅིག་ཕྱི་མ་སྐྱེ་བས་མུ་སྟེགས་པའི་རྒྱུན་ལྟ་བུ་རྟག་པ་མེད་ཀྱང་རིགས་འདྲ་སྐྱེ་བ་བར་མ་ཆད་པའི་རྒྱུན་ཡོད་ལ། ཡིད་ཀྱི་དབང་པོ་ནི་དབང་ཤེས་སྔ་མ་འགགས་མ་ཐག་པ་ཙམ་ཡིན་པས། ཡིད་ཀྱི་དབང་པོ་གཞན་ལས་གཞན་མི་སྐྱེ་བས་རྒྱུན་མེད་པའི་ཕྱིར། སོ་སོ་སྐྱེ་བོས་མཚམས་སྦྱོར་མ་ནུས་པས་རང་ལས་ངེས་མ་ནུས་པ་ཡིན་ནོ། །ཞེས་གསུངས་པའི་དོན་ལ་ཁ་ཅིག སྒྲ་ཇི་བཞིན་ཉིད་དུ་ཡིད་དབང་ལས་ཡིད་དབང་མི་སྐྱེ་བ། རིགས་གཏེར་གྱི་དགོངས་པར་བྱས་ནས། དེ་འགོག་པ་ནི་ཁས་བླངས་མེད་པའི་དགག་པ་ལ་དགའ་བ་ཙམ་ཏུ་ཟད་དེ། ཡིད་དབང་ལས་ཡིད་དབང་མི་སྐྱེ་བ་རིགས་གཏེར་གྱི་དགོངས་པ་མ་ཡིན་པའི་ཕྱིར། ཁ་ཅིག དེ་ཉིད་དགོངས་པར་བྱས་ནས་སྒྲུབ་པར་བྱེད་པ་ཡང་མི་འཐད་དེ། དབང་པོའི་རྣམ་པར་ཤེས་པ་ཉིད་ཡིད་དབང་ཡིན་ཞིང་། དབང་ཤེས་སྔ་མ་ལས་ཕྱི་མ་སྐྱེ་བའི་ཕྱིར། ཁ་ཅིག ཡིད་མངོན་གྱི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་སྔ་མ་ལས་ཕྱི་མ་མི་སྐྱེ་བ་དགོངས་པར་འདོད་པ་ཡང་མི་འཐད་དེ། དབང་མངོན་སྐད་ཅིག་རེ་རེ་བཞིན་དུ་ཡིད་མངོན་གྱི་བདག་རྐྱེན་ཡིན་པའི་ཕྱིར་རོ། །ཁ་ཅིག ཡིད་མངོན་དུ་གྱུར་པའི་ཡིད་དབང་ལས་ཡིད་མངོན་དུ་གྱུར་པའི་ཡིད་དབང་མི་སྐྱེ་བའི་དོན་དུ་འདོད་པ་ཡང་ཚིག་གི་དོན་ལ་མ་ཞུགས་ཏེ། དེ་ལྟར་ན། དབང་པོ་གཟུགས་ཅན་ལས་དབང་སྐྱེ། །ཞེས་པའི་དོན་ཡང་དབང་མངོན་དུ་གྱུར་པའི་དབང་པོ་གཟུགས་ཅན་ལས་དབང་མངོན་དུ་གྱུར་པའི་དབང་པོ་གཟུགས་ཅན་སྐྱེ་ཞེས་པ་ལ་སྦྱོར་དགོས་པར་ཐལ་བའི་ཕྱིར་རོ། །དེས་ན་དགོངས་པ་འདི་ལྟར་ཡིན་ཏེ། དབང་མངོན་ལ་རྒྱུན་ཡོད་དེ། དབང་མངོན་གྱི་དེ་མ་ཐག་རྐྱེན་གྱི་རྫས་རྒྱུན་ལས་ལོགས་སུ་གྱུར་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་སྔ་མ་ལས་ཕྱི་མ་སྐྱེ་བའི་ཕྱིར། ཡིད་མངོན་ལ་རྒྱུན་མེད་དེ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་གྱི་རྫས་རྒྱུན་ལས་ལོགས་སུ་གྱུར་པའི་བདག་རྐྱེན་ཡིད་དབང་སྔ་མ་ལས་ཕྱི་མ་སྐྱེ་བ་མེད་པའི་ཕྱིར། ཁྱབ་སྟེ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་གྱི་རྒྱུན་དེ་དབང་མངོན་གྱི་རྒྱུན་ཡིན་གྱི་ཡིད་མངོན་གྱི་རྒྱུན་མ་ཡིན་པའི་ཕྱིར། སྔ་མའི་གཏན་ཚིགས་གྲུབ་སྟེ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་དང་། བདག་རྐྱེན་གཉིས་རྫས་གཅིག་ཡིན་པའི་ཕྱིར། དེས་ན་དབང་མངོན་གྱི་རྐྱེན་གསུམ་ལ་རྫས་རྒྱུན་མི་འདྲ་བ་གསུམ་སོ་སོར་ཡོད་ཅིང་། དེ་མ་ཐག་རྐྱེན་གྱི་རྫས་རྒྱུན་དེ་དབང་མངོན་རང་གི་རྫས་རྒྱུན་ཡིན་པས་དབང་མངོན་ལ་རྒྱུན་ཡོད་ལ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་དང་། དམིགས་རྐྱེན་གཉིས་ལ་རྫས་རྒྱུན་སོ་སོར་ཡོད་ཀྱང་། དེ་མ་ཐག་རྐྱེན་དང་། བདག་རྐྱེན་གཉིས་ལ་རྫས་རྒྱུན་སོ་སོར་མེད་ཅིང་། དེ་མ་ཐག་རྐྱེན་གྱི་རྫས་རྒྱུན་དེ་ཡང་དབང་མངོན་གྱི་རྫས་རྒྱུན་ཡིན་གྱི། ཡིད་མངོན་རང་གི་རྫས་རྒྱུན་མ་ཡིན་པས་རྒྱུན་མེད་པ་ནི་བདག་ཉིད་ཆེན་པོ་འདིའི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །འོན་ཀྱང་འདི་རྟོགས་པ་ས་སྐྱ་པཎྜི་ཏའི་རྗེས་སུ་ཁོ་བོ་ལས་གཞན་མ་བྱུང་ངོ་། །གསུམ་པ་རང་རིག་མངོན་སུམ་ནི་ཚད་མ་མདོར། ཆགས་ལ་སོགས། རང་རིག་རྟོག་པ་མེད་པ་ཅན། །ཞེས་པ་རྩ་འགྲེལ་གྱི་དོན་གཏན་ལ་དབབ་པ་ལ་གསུམ་སྟེ། མཚན་ཉིད། མཚན་གཞི། རྣམ་གཞག་ལ་དཔྱད་པའོ། །དང་པོ་ནི། རང་གི་ངོ་བོ་ཡོངས་སུ་གཅོད་པར་བྱེད་པའི་འཛིན་རྣམ་སྟེ། དེ་ལ་བློ་ནི་ཡོངས་གཅོད་པ། །འཛིན་པའི་རྣམ་པར་འདོད་པ་སྟེ། །ཞེས་སོ། །གཉིས་པ་ནི། ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ཀྱང་། རང་ལྡོག་ནས་རང་རིག་མངོན་སུམ་མ་ཡིན་པས། ཤེས་པ་ཐམས་ཅད་ཀྱིས་མྱོང་བ་གསལ་རིག་གི་ཆ་དེ། རང་རིག་མངོན་སུམ་གྱི་མཚན་གཞི་ཡིན་ལ། དེ་ལ་གཉིས་སྣང་དང་བཅས་པ་དང་། གཉིས་སྣང་མེད་པའི་རང་རིག་མངོན་སུམ་གཉིས་ལས། དང་པོ་ནི། བློ་གཅིག་ཉིད་གཟུང་རྣམ་དང་འཛིན་རྣམ་གཉིས་སུ་སྣང་བ་ན། གཟུང་བར་སྣང་བ་མྱང་བྱ་དང་། འཛིན་པར་སྣང་བ་མྱོང་བྱེད་དུ་སྣང་བའི་གནས་སྐབས་སུ་སྣང་བའི་རང་རིག་དེ་ཉིད་ཡིན་ལ། གཉིས་པ་ནི། ཤེས་པ་ཐམས་ཅད་ཀྱི་སྟེང་གི་རང་གི་ངོ་བོ་མྱོང་ཙམ་དུ་སྐྱེས་པའི་ཆ་དེ་ཉིད་དོ། །གསུམ་པ་ལ། ཤེས་པ་ཡིན་ན། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པས་ཁྱབ་མ་ཁྱབ་དཔྱད། རང་རིག་དང་གཞན་རིག་འགལ་མི་འགལ་དཔྱད། རང་རིག་ལ་ཡུལ་ཡོད་མེད་དཔྱད་པ་དང་གསུམ་ལས། དང་པོ་ནི། སྔ་རབས་པ་ཁ་ཅིག་ན་རེ། གཉིས་སྣང་ཅན་གྱི་ཤེས་པ་དེ་ལ། རང་གི་ངོ་བོ་གསལ་ཙམ་གྱི་ཆ་དང་། ཡུལ་གཞན་རིག་པའི་ཆ་གཉིས་ལས། དང་པོ་ནི། འཛིན་རྣམ་ཡིན་པས། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ལ། ཕྱི་མ་ནི། གཟུང་རྣམ་ཡིན་པས་རང་གི་ངོ་བོ་ལ་རང་རིག་མངོན་སུམ་མ་ཡིན་ནོ་ཞེས་སྨྲའོ། །འོ་ན་བྱེ་བྲག་པས། སངས་རྒྱས་པའི་ངོར་ཚོར་བ་བདེ་བ་ཆོས་ཅན། རང་གི་ངོ་བོ་མི་རིག་པར་ཐལ། ཡུལ་གཞན་རིག་པའི་ཕྱིར། ཞེས་པ་འདི་ལ་འདོད་ལེན་འདེབས་རིགས་པར་ཐལ་བ་དང་། སྔོ་འཛིན་དབང་མངོན་ཆོས་ཅན། སྔོན་པོ་མི་རིག་པར་ཐལ། རང་གི་ངོ་བོ་མི་རིག་པའི་ཕྱིར། ཞེས་པ་འདི་རང་རིག་མེད་པར་འདོད་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མ་ཡིན་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། རྣམ་ངེས་ལས། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་དང་། འདིར་ཅི་སྟེ་རང་ངོས་མི་རིག་ན། །ཇི་ལྟར་གཞན་གྱི་ངོ་བོ་རིག །ཅེས་གསུངས་པ་དང་འགལ་ལོ། །རང་ལུགས་ལ་ཤེས་པ་ཡིན་ན། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པས་ཁྱབ་པར་བསྒྲུབ་པ་ལ་ལུང་རིགས་གཉིས་ལས། དང་པོ་ནི། ཚད་མ་མདོར། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། །ཞེས་དང་། རྣམ་འགྲེལ་ལས། རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །ཞེས་སོ། །གཉིས་པ་ལ། སྒྲུབ་བྱེད་འགོད་པ་ནི། སྔོ་འཛིན་དབང་མངོན་དེ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ཏེ། དེའི་མྱང་བྱར་གྱུར་པའི་རྣམ་པ་དེ། སྔོ་འཛིན་དབང་མངོན་གྱི་བདག་ཉིད་ཡིན་པའི་ཕྱིར་ཏེ། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་སོ། །དེ་ཡང་གྲུབ་སྟེ། ཕྱིས་ཀྱི་དྲན་པའི་རྟགས་ལས་སྔོ་འཛིན་དབང་མངོན་ལ་རང་དུས་སུ་མྱོང་བྱེད་ཡོད་པར་གྲུབ་ཅིང་། མྱོང་བྱེད་རྫས་གཞན་པ་མེད་པའི་ཕྱིར་ཏེ། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་སོ། །རང་མྱོང་མེད་པ་ལ་གནོད་བྱེད་བརྗོད་པ་ནི་བདེ་སོགས་ལ་མྱོང་བྱེད་རྫས་གཞན་གཅིག་ཡོད་པར་ཐལ། དེ་ལ་མྱོང་བྱེད་ཡོད། རང་མྱོང་མེད་པའི་ཕྱིར་རོ། །འདོད་ན། རང་དང་དུས་མཉམ་པའི་ཤེས་པ་རྫས་གཞན་གྱིས་མྱོང་བ་ཡིན་ནམ། ཕྱིས་བྱུང་བའི་ཤེས་པ་རྫས་གཞན་གྱིས་མྱོང་བ་ཡིན། ཞེས་དཔྱད་ནས། གཞུང་ལས་བཤད་པའི་གནོད་བྱེད་རྣམས་བརྗོད་པར་བྱའོ། །གཉིས་པ་ནི། དེ་གཉིས་འགལ་ཏེ། ཆོས་གཅིག་ལ་གཞན་རིག་གི་ཤེས་པ་ཡིན་ན། གཞན་རིག་ཡིན་པས་མ་ཁྱབ་ཅིང་། རང་གི་ངོ་བོ་ལ་རང་རིག་ཡིན་ན། རང་རིག་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །དེས་ན་མདོ་སྡེ་པའི་ལུགས་ལ། དབང་ཡིད་གཉིས་པོ་དེ་གང་ལ་མངོན་སུམ་དུ་སོང་བའི་ཡུལ་རང་ལས་རྫས་གཞན་པ་ཡོད་པས། དོན་རིག་མངོན་སུམ་ཡིན་གྱི། རང་རིག་མངོན་སུམ་མ་ཡིན་ལ། རྣམ་རིག་པའི་ལུགས་ལ། དེ་གཉིས་མངོན་སུམ་དུ་སོང་བའི་ཡུལ་རང་ལས་རྫས་གཞན་མེད་པས་རང་རིག་མངོན་སུམ་དུ་ཁས་ལེན་ནོ། །དེ་ལྟར་བྱས་ན། རྣམ་རིག་པའི་ལུགས་ལ། མངོན་སུམ་གཉིས་སུ་ངེས་པ་དང་། དམིགས་བརྟག་ལས། དབང་མངོན་གྱི་རྐྱེན་གསུམ། སེམས་ཙམ་རང་ལུགས་ཀྱི་དབང་དུ་བྱས་ནས་ངོས་བཟུང་མཛད་པ་མི་འགལ་ཞིང་། ཚད་འབྲས་གཉིས་པར་དབང་ཤེས་ཀྱི་ཚད་འབྲས་ལ་ཡང་རང་རིག་འབྲས་བུར་བཞག་པ་རྣམས་དོན་གཅིག་ཏུ་འདུས་པ་འབྱུང་ངོ་། །གསུམ་པ་ནི། རིགས་གཏེར་རང་འགྲེལ་ལས། རང་རིག་མངོན་སུམ་ལ་ཡུལ་མེད་པར་བཤད་ཅིང་། རྣམ་འགྲེལ་ལས། རང་བདག་ཡུལ་དུ་བཞག་པ་ན། །གཞལ་བྱ་འཇལ་བྱེད་འབྲས་གནས་པ། །འདི་ནི་ཀུན་ལ་སྦྱར་བར་བྱ། །ཞེས་དང་། ངེས་པར་བློ་དང་ལྷན་ཅིག་ཏུ། །ཅིག་ཅར་དུ་ནི་མྱོང་འགྱུར་བའི། །ཡུལ་ནི་དེ་ལས་གཞན་ཉིད་དུ། །རྣམ་གང་གིས་ནི་འགྲུབ་པར་འགྱུར། །ཞེས་རང་རིག་མངོན་སུམ་གྱི་མྱང་བྱ་དེ་ཉིད་རང་རིག་མངོན་སུམ་གྱི་ཡུལ་དུ་བཤད་པ་རྣམས་ཀྱི་དགོངས་པ་གང་ཞེ་ན་འདི་ལ་ཁ་ཅིག ཐ་སྙད་དང་དོན་དམ་སོ་སོར་མ་ཕྱེ་བར་རང་རིག་ལ་ཡུལ་མེད་པ་སྒྲ་ཇི་བཞིན་དུ་འཆད་པ་ནི་མི་རིགས་ཏེ་ཐ་སྙད་དུ་རང་རིག་ལ་ཡུལ་མེད་ན་ཐ་སྙད་དུ་གཟུང་རྣམ་དེ་འཛིན་རྣམ་གྱི་གཞལ་བྱ་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཁ་ཅིག དོན་དམ་གྱི་དབང་དུ་བྱས་ནས་ཀྱང་ཡུལ་ཡོད་དེ། འཇུག་ཡུལ་ལ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་ཏེ། ཚད་མ་ཡིན་པའི་ཕྱིར། ཞེས་སྨྲ་བ་ནི། ཚད་མའི་མཚན་ཉིད། མི་བསླུ་བའི་ཤེས་པ་དང་། མི་བསླུ་བ་དེ་ཡང་། མི་བསླུ་ལས་དང་བྱེད་པོ་དང་། །བྱ་བ་གསུམ་གྱི་བདག་ཉིད་ཅན། །ཞེས་ཁྱད་པར་གསུམ་ལྡན་དུ་གསུངས་པ་དང་། དབྱེ་ན་མངོན་རྗེས་གཉིས་སུ་ཡོད་པས། རང་སྤྱི་གཉིས་གཞལ་བྱར་བྱེད་ཅེས་པའི་རྣམ་གཞག་ཐམས་ཅད་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་པའི་དོན་མ་རྟོགས་པའོ། །གནད་ཀྱི་དོན་ནི་འདི་ཡིན་ཏེ། དོན་དམ་རིགས་པས་དཔྱད་པའི་ཚེ། རང་རིག་ལ་ཡུལ་མེད་དེ། དེའི་ཚེ་གཟུང་རྣམ་འཛིན་རྣམ་གྱི་ཡུལ་མ་ཡིན་པའི་ཕྱིར་ཏེ། དེའི་ཚེ་བློ་གཅིག་ལ་གཟུང་འཛིན་རིག་གསུམ་དབྱེར་མེད་པའི་ཕྱིར་རོ། །དཔེར་ན་དོན་དམ་རིགས་པས་དཔྱད་པའི་ཚེ། སྒྲ་གཅིག་ཉིད་ཀྱི་སྟེང་དུ་རྟགས་ཆོས་དོན་གསུམ་དབྱེར་མེད་པས་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་མེད་པ་བཞིན་ནོ། །ཐ་སྙད་དུ་རང་རིག་མངོན་སུམ་ལ་ཡུལ་ཡོད་དེ། ཐ་སྙད་དུ་གཟུང་འཛིན་རིག་གསུམ་ལ་ཚད་འབྲས་གཞལ་གསུམ་བཞག་ཏུ་ཡོད་པའི་ཕྱིར། དཔེར་ན་ཐ་སྙད་དུ་སྒྲ་གཅིག་ཉིད་ལ་རྟོག་པས་སྒྲ་བྱས་མི་རྟག་པའི་ལྡོག་པ་གསུམ་སོ་སོར་ཕྱེ་ནས་རྟགས་ཆོས་དོན་གསུམ་དུ་བཞག་པས། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་འཐད་པ་བཞིན་ནོ། །དེས་ན་དོན་དམ་ལ་དགོངས་ནས། རྣམ་འགྲེལ་ལས། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་དང་། གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་ཞེས་དང་། རིགས་གཏེར་རང་འགྲེལ་ལས་ཀྱང་། རང་རིག་ལ་ཡུལ་མེད་པར་གསུངས་སོ། །ཐ་སྙད་ལ་དགོངས་ནས་རྣམ་འགྲེལ་གྱི་སྔར་གྱི་གཞུང་གཉིས་དང་། འདི་གཉིས་ཀྱི་དེ་མ་ཐག་ཏུ། མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱི། །གཟུང་བ་འཛིན་པ་རིག་པ་དག །ཐ་དད་ལྡན་ཞིང་རྟོག་བྱར་འགྱུར། །ཞེས་དང་། གཞལ་བྱ་དང་། འཇལ་བྱེད་འབྲས་བུར་གནས་པ་འདི། །ཅི་ལྟར་རྗེས་སུ་གནང་བཞིན་བྱ། །ཞེས་སོགས་གཟུང་རྣམ་འཛིན་རྣམ་གྱི་ཡུལ་དང་གཞལ་བྱ་ཡིན་པའི་རྣམ་གཞག་མང་དུ་གསུངས་སོ། །མདོར་ན་དོན་དམ་པར་བློ་གཅིག་ལ་གཟུང་འཛིན་རིག་གསུམ་དང་། ཚད་འབྲས་གཞལ་གསུམ་བཞག་ཏུ་མེད་ཀྱང་། ཐ་སྙད་དུ་དེ་དག་གི་རྣམ་གཞག་བྱེད་པར་གསུངས་པའི་རྣམ་འགྲེལ་གྱི་གཞུང་རྣམས་ཀྱི་དོན་རྟོགས་ན། འདིའི་མཐའ་ཆོད་པར་འགྱུར་ཞིང་། འཆད་ཚུལ་གཞན་ལ་ནི་སྙིང་པོ་མ་མཐོང་ངོ་། །བཞི་པ་རྣལ་འབྱོར་མངོན་སུམ་ནི། བདེ་བར་གཤེགས་པས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག ཅེས་གསུངས་པ་དང་། ཚད་མ་མདོར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་དང་། རྣམ་འགྲེལ་ལས། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་སྒོམ་བྱུང་ཡིན། །ཞེས་གསུངས་པའི་དོན་གཏན་ལ་དབབ་པ་ལ། གསུམ་སྟེ། རང་བཞིན་ངོས་བཟུང་བ། ཡུལ་ལ་ཚད་མར་འགྱུར་ཚུལ། སྒྲུབ་བྱེད་ཀྱི་རིགས་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། རྒྱུ་བསམ་པའོ། །དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡང་དག་པའི་དོན་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཡང་དག་པའི་དོན་ལ་མ་འཁྲུལ་བའི་རིག་པའོ། །གཉིས་པ་ལ་རྟེན་གྱི་སྒོ་ནས། ཉན་ཐོས། རང་རྒྱལ། ཐེག་ཆེན་འཕགས་པའི་རྣལ་འབྱོར་མངོན་སུམ་གསུམ། དེ་ལ་སློབ་མི་སློབ་ཀྱི་སྒོ་ནས་ལྔར་འགྱུར་ཏེ། ཉན་ཐོས་སློབ་པ་དང་མི་སློབ་པའི་རྣལ་འབྱོར་མངོན་སུམ་གཉིས། རང་རྒྱལ་མི་སློབ་པའི་རྣལ་འབྱོར་མངོན་སུམ། ཐེག་ཆེན་སློབ་པ་དང་མི་སློབ་པའི་རྣལ་འབྱོར་མངོན་སུམ་གཉིས་རྣམས་སུ་འགྱུར་བའི་ཕྱིར་རོ། །དེ་ལ་སྣང་བཅས་སྣང་མེད་ཀྱི་སྒོ་ནས་བཅུར་འགྱུར་ཏེ། ལྔ་པོ་རེ་རེ་ལ་ཡང་མཉམ་གཞག་དང་རྗེས་ཐོབ་ཀྱིས་བསྡུས་པའི་རྣལ་འབྱོར་མངོན་སུམ་གཉིས་གཉིས་སུ་ཡོད་པའི་ཕྱིར་རོ། །གསུམ་པ་ལ། ཡེ་ཤེས་གཉིས་ཀྱི་རྒྱུ། དེ་མཐར་ཕྱིན་པའི་དུས། ཐབས་ལ་ལྟོས་པ་འབྲས་བུའི་ཁྱད་པར་རོ། །དང་པོ་ནི། བདག་མེད་རྟོགས་པའི་ཤེས་རབ་དེས་ཉེར་ལེན་དང་། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་འགྲུབ་ཅིང་། དེ་ལས་ལྡོག་པས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་འགྲུབ་པ་ཡིན་ནོ། །གཉིས་པ་ལ། ཉན་ཐོས་ཀྱི་རྣལ་འབྱོར་མངོན་སུམ་མཐར་ཕྱིན་པའི་དུས་ནི་བརྩོན་འགྲུས་མྱུར་བས་ཚེ་གསུམ་ལ་མཐར་ཕྱིན་པ་ཡིན་ཏེ། མྱུར་བ་སྲིད་པ་གསུམ་གྱི་མཐར། །ཞེས་གསུངས་པའི་ཕྱིར། རང་རྒྱལ་གྱི་རྣལ་འབྱོར་མངོན་སུམ་བསྐལ་པ་བརྒྱས་མཐར་ཕྱིན་པ་ཡིན་ཏེ། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་གསུངས་པའི་ཕྱིར། ཐེག་ཆེན་གྱི་རྣལ་འབྱོར་མངོན་སུམ་བསྐལ་པ་གྲངས་མེད་གསུམ་གྱིས་མཐར་ཕྱིན་པ་ཡིན་ཏེ། དེ་གྲངས་མེད་གསུམ་ལ་སངས་རྒྱས། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཉན་རང་དགྲ་བཅོམ་པའི་རྣལ་འབྱོར་མངོན་སུམ་གྱིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མ་རྟོགས་ཏེ། དེས་མ་རིག་པའི་བག་ཆགས་མ་སྤངས་པའི་ཕྱིར་ཏེ། ཐབས་སྙིང་རྗེ་དམན་པའི་ཕྱིར། རྫོགས་པའི་སངས་རྒྱས་ཀྱི་རྣལ་འབྱོར་མངོན་སུམ་གྱིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་རྟོགས་ཏེ། དེས་མ་རིག་པའི་བག་ཆགས་སྤངས་པའི་ཕྱིར་ཏེ། ཐབས་སྙིང་རྗེ་ཆེན་པོ་བསྐལ་པ་གྲངས་མེད་གསུམ་དུ་གོམས་པར་བྱས་པའི་ཕྱིར། དེ་ལྟར་ཡང་། རྣམ་པ་དུ་མར་ཐབས་མང་པོ། །ཞེས་སོགས་དང་། ཉོན་མོངས་མེད་དང་ནད་མེད་དང་། །ཞེས་སོགས་ཀྱིས་སྟོན་ཏོ། །གཉིས་པ་ཡུལ་ལ་ཚད་མ་འགྱུར་ཚུལ་ལ་ཁ་ཅིག རྣམ་མཁྱེན་སྐད་ཅིག་མ་དང་པོ་ཚད་མ་དང་། གཉིས་པ་བཅད་ཤེས་སུ་འདོད་པ་མི་འཐད་དེ། མངོན་སུམ་ཐམས་ཅད་རྟོག་བྲལ་མ་འཁྲུལ་བའི་ཤེས་པར་གྲུབ་པས། ཚད་མར་གྲུབ་པ་བཞིན་དུ་འདི་ཡང་ཚད་མ་ཡིན་པའི་ཕྱིར་རོ། །འོ་ན་མངོན་སུམ་གྱིས་རང་ཡུལ་མ་ངེས་ན། དེ་རང་མཚན་ཡོད་མེད་ལ་འཇུག་ལྡོག་བྱེད་པ་མི་འཐད་ཅིང་། དེས་ན་རྟོག་པར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། སོ་སོ་སྐྱེ་བོའི་ཚད་མས་རང་སྟོབས་དང་། གཞན་སྟོབས་གང་རུང་གིས་ངེས་པ་དྲངས་པའི་སྒོ་ནས་འཇུག་ལྡོག་བྱེད་ཅིང་། འཕགས་པ་རྟོག་པའི་བག་ཆགས་དང་མ་བྲལ་བ་རྣམས་རང་བཞིན་དུ་གནས་པའི་ཚེ། སོ་སྐྱེ་དང་འདྲ་ལ། སྨོན་གནས་མཁྱེན་པའི་ཏིང་ངེ་འཛིན་ལ་སོགས་པ་ལ་གནས་པའི་ཚེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇུག་ལྡོག་བྱེད་པ་ཡིན་ལ། རྟོག་པའི་བག་ཆགས་དང་བྲལ་བ་རྣམས་ཏིང་ངེ་འཛིན་ཁོ་ནའི་སྟོབས་ཀྱིས་འཇུག་ལྡོག་བྱེད་པ་ཡིན་ནོ། །འོ་ན་སངས་རྒྱས་ཀྱི་ཡེ་ཤེས་དེས། འདས་པ་དང་མ་འོངས་པ་མཁྱེན་ནམ་མི་མཁྱེན་ཞེ་ན། སྔ་རབས་པ་ཁ་ཅིག དེས་ད་ལྟར་བ་དངོས་སུ་མཁྱེན་ཅིང་། འདས་མ་འོངས་ཤུགས་ལ་མཁྱེན་པ་ཡིན་ཞེས་དང་། ཁ་ཅིག དེ་གཉིས་ཀྱི་རྣམ་པར་ཤར་བའི་སྒོ་ནས་མཁྱེན་པ་ཡིན་ཞེས་དང་། ཁ་ཅིག སངས་རྒྱས་ཀྱི་ས་ན་ཡེ་ཤེས་མེད་པ་ཡིན་ཞེས་ཟེར་བ། མི་འཐད་དེ། མངོན་སུམ་ཤུགས་རྟོགས་བཀག་ཟིན་ཅིང་། འདས་མ་འོངས་ཀྱིས་རང་ངོས་ནས་རྣམ་པ་གཏད་པ་ཡིན་ན། དེ་གཉིས་རྫས་སུ་གྲུབ་པར་འགྱུར་ཞིང་། བག་ཆགས་ཀྱི་དབང་གིས་རྣམ་པ་ཤར་ན་ཡུལ་ཅན་རྟོག་པར་འགྱུར་ལ། ཕྱི་མ་ལྟར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་པར་ཐལ་ལོ། །དེས་ན་དེས་ཤེས་བྱ་མཁྱེན་ཚུལ་ཚུར་མཐོང་གི་བློས་དཔག་པར་མི་ནུས་ཏེ། དེས་དེ་མཁྱེན་ཚུལ་བསམ་གྱིས་མི་ཁྱབ་པར་གནས་པའི་ཕྱིར། གསུམ་པ་སྒྲུབ་བྱེད་ཀྱི་རིགས་པ་ལ། ངོ་བོ་སྒྲུབ་པ། མཚན་ཉིད་བསྒྲུབ་པ། གྲུབ་པ་ལ་མི་འཐད་པ་སྤངས་པ་དང་གསུམ། དང་པོ་ལ། འདས་པ་བྱུང་ཟིན་བསྒྲུབ་པ་དང་། མ་འོངས་པ་ན་འབྱུང་འགྱུར་བསྒྲུབ་པ་གཉིས་ལས། དང་པོ་ནི། ཚིག་གི་ཁྱད་པར་ངེས་གྱུར་ན། །སྔོན་བྱུང་བ་ཡང་དཔག་པར་ནུས། །ཞེས་གསུངས་སོ། །རྒྱན་གྱིས་གང་གཞན་ལ་འཆད་པ་ལ་དོན་དང་མཐུན་ཅིང་འགལ་བ་མེད་ན། ཡུལ་དེ་མངོན་སུམ་དུ་རྟོགས་པས་ཁྱབ། དཔེར་ན་རང་རང་གི་ཡུལ་འཆད་པ་བཞིན། གཞུང་འབུམ་པ་ལ་སོགས་པ་རྩོམ་པ་པོ་རྣམས་ཀྱང་གཞན་ལ་འཆད་པ་ལ་དོན་དང་མཐུན་ཅིང་འགལ་བ་མེད་པ་ཡིན་ནོ། །ཞེས་གསུངས་པའི་རྟགས་ལ་བརྟེན་ནས་ཡུལ་རྟོགས་པའི་རྣལ་འབྱོར་མངོན་སུམ་སྔོན་དུ་སོང་བར་གྲུབ་བོ། །གཉིས་པ་ལ། རྟགས་འགོད་པ་དང་། ཚུལ་བསྒྲུབ་པ་གཉིས། དང་པོ་ནི། དེ་ཕྱིར་ཡང་དག་ཡང་དག་མིན། །ཞེས་སོགས་དང་། འདི་ལྟར་གོམས་པ་སྔ་མ་དང་། །ཞེས་སོགས་ཀྱིས་སྟོན་ཏེ། སྟོང་ཉིད་བསྒོམ་པའི་བློ་ཆོས་ཅན། གོམས་རྐྱེན་དང་མ་བྲལ་བར་གོམས་པར་བྱས་ན་གོམས་བྱའི་དོན་ལ་གསལ་སྣང་འབྱུང་བ་ངེས་ཏེ། རྟེན་བརྟན་པ་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་དེ་བསྒོམ་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པའོ། །དང་པོ་ལ། རྟེན་བརྟན་པ་བསྒྲུབ་པ། གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་བསྒྲུབ་པ། དེ་བསྒོམ་པ་བསྒྲུབ་པ་དང་གསུམ། དང་པོ་ལ། རིག་པའི་སྔོན་མཐའ་ཐུག་མེད་དུ་བསྒྲུབ་པ་དང་། ཕྱི་མཐའ་ཐུག་མེད་དུ་བསྒྲུབ་པ་གཉིས་ལས། དང་པོ་ནི། དེ་ཕྱིར་ངེས་པར་གང་ཉིད་ཀྱི། །ཞེས་སོགས་དང་། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་པ་སྟེ། སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། འདིའི་ཕྱོགས་ཆོས་རང་རྒྱུད་ལ་མྱོང་བས་གྲུབ་ཅིང་། ཁྱབ་པ་བསྒྲུབ་པ་ལ། ཚུ་རོལ་མཛེས་པ་བ་རྣམས་ན་རེ། སྐྱེས་མ་ཐག་པའི་རིག་པ་དེ་རིག་པ་སྔ་མ་སྔོན་དུ་སོང་བ་མ་ཡིན་ཏེ། སྐྱེ་བ་སྔ་མ་མེད་པའི་ཕྱིར་ཞེ་ན། འདིའི་ལན་དུ་ཚད་མ་གྲུབ་པའི་ལེའུར་གསུངས་པའི་སྐྱེ་བ་སྔ་མ་མེད་པ་འགོག་པའི་རིགས་པ་རྣམས་སྦྱར་བར་བྱའོ། །གཉིས་པ་ལ། བདག་འཛིན་དང་བཅས་པའི་གསལ་བ་ཐུག་མེད་དུ་བསྒྲུབ་པ་དང་། བདག་འཛིན་མེད་པའི་གསལ་བ་ཐུག་མེད་དུ་བསྒྲུབ་པ་གཉིས། དང་པོ་ནི། དེ་ཕྱིར་བློ་གནས་པ་ཡི་རྟེན། །ཞེས་སོགས་ཚིག་རྐང་དྲུག་གིས་སྟོན་ཏེ། བདག་འཛིན་དང་བཅས་པའི་འཆི་ཁ་མའི་རིག་པ་ཆོས་ཅན། རིག་པ་ཕྱི་མར་མཚམས་སྦྱོར་བར་ངེས་ཏེ། རིག་པ་ཕྱི་མར་མཚམས་སྦྱོར་བའི་རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི་ཕྱིར། རྒྱུ་ཚོགས་ཚང་བ་ནི། བདག་འཛིན་ལས་བྱུང་བའི་ལས་ཉོན་གཉིས་ཚང་བ་ཡིན་ལ། གེགས་མེད་པ་ནི་བདག་མེད་རྟོགས་པའི་ཤེས་རབ་མེད་པའོ། །གཉིས་པ་ནི། འདོད་ཆགས་བྲལ་བས་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། །ཞེས་ཏེ། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་ཚེ་འདིར་རིག་པ་ཕྱི་མར་མཚམས་སྦྱོར་བའི་རྒྱུ་ཚོགས་ཚང་སྟེ། བདག་འཛིན་མེད་ཀྱང་སྔ་མའི་ལས་ཀྱི་དབང་གིས་སྦྱོར་བ་ཡིན་པའི་ཕྱིར། ཐེག་ཆེན་དགྲ་བཅོམ་པ་རིག་པ་ཕྱི་མར་མཚམས་སྦྱོར་བར་ངེས་པ་ཡིན་ཏེ། དེའི་རྒྱུ་སྙིང་རྗེ་ཆེན་པོ་ཡོད་པའི་ཕྱིར་རོ། །འོ་ན་ལྷག་མེད་དུ་མྱ་ངན་ལས་འདའ་བའི་ཚེ་རིག་པ་ཕྱི་མར་མཚམས་སྦྱོར་བ་མེད་པས་རྟེན་བརྟན་པར་མི་འགྲུབ་བོ་ཞེ་ན། འདིར་རྟེན་བརྟན་པ་ནི་སོ་སྐྱེའི་བདག་མེད་རྟོགས་པའི་བློ་དེ་རྣལ་འབྱོར་མངོན་སུམ་མ་བྱུང་གི་བར་དུ་རྟེན་བརྟན་པར་བསྒྲུབ་པ་ཡིན་གྱི། དེ་སྐྱེས་ནས་རྟེན་བརྟན་པར་བསྒྲུབ་པ་ལ་དགོས་པ་མེད་དེ། གོམས་པས་བསྒྲུབ་པ་མེད་ཅེ་ན། །ཞེས་པའི་ལན་དུ། རྟེན་བརྟན་པར་བསྒྲུབ་པའི་ཕྱིར་རོ། །གཉིས་པ་ནི། སེམས་ལས་བརྩེ་སོགས་གོམས་སྐྱེ་བ། །ཅེས་སོགས་ཏེ། བརྩེ་བ་སྙིང་རྗེ་ཆེན་པོ་དང་བདག་མེད་རྟོགས་པའི་བློ་ཆོས་ཅན། ཁྱོད་གོམས་པ་ལས་རང་གི་ངང་གིས་ཁྱད་པར་དུ་འགྱུར་ཏེ། ལུས་ཀྱི་འབད་རྩོལ་ལ་མི་ལྟོས་པར་སེམས་ཀྱི་སྟེང་དུ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར་རོ། །གསུམ་པ་དེ་བསྒོམ་པ་ནི། རང་རིག་མངོན་སུམ་གྱིས་གྲུབ་བོ། །གཉིས་པ་ཁྱབ་པ་བསྒྲུབ་པ་ནི། རྟེན་བརྟན་པ་བསྒོམ་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་དེ་བསྒོམ་པ་ཡིན་ན། གོམས་བྱའི་དོན་ལ་གསལ་སྣང་འབྱུང་བར་ངེས་པས་ཁྱབ་སྟེ། དེ་ལྟ་བུའི་བློ་དེ་གསལ་སྣང་མ་བྱུང་གི་བར་དུ་འགལ་རྐྱེན་གྱི་གེགས་མེད་པ་ཡིན་པའི་ཕྱིར། དཔེར་ན་འདོད་འཇིགས་གོམས་པའི་བློ་བཞིན་ནོ། །གཉིས་པ་མཚན་ཉིད་བསྒྲུབ་པ་ནི། རྟོག་བྲལ་དང་མ་འཁྲུལ་བ་གཉིས་ཀ་ཡང་། ཡང་དག་པའི་དོན་ལ་གསལ་སྣང་ཐོབ་པས་འགྲུབ་སྟེ། སྤྱིར་གསལ་བར་སྣང་བས་རྟོག་མེད་འགྲུབ་ཅིང་། བྱེ་བྲག་ཡང་དག་པའི་དོན་གསལ་བར་སྣང་བས་མ་འཁྲུལ་བ་འགྲུབ་པའི་ཕྱིར་རོ། །གསུམ་པ་གྲུབ་པ་ལ་མི་འཐད་པ་སྤོང་བ་ལ། སྤང་པ་ཕུན་ཚོགས་མི་འཐད་པ་སྤོང་བ་དང་། ཡེ་ཤེས་ཕུན་ཚོགས་མི་འཐད་པ་སྤོང་བ་གཉིས། དང་པོ་ནི། ཉོན་མོངས་པ་གཏན་ནས་སྤངས་པའི་སྤངས་པ་མེད་དེ། དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་སྤོང་མི་ནུས་པ་དང་། ནུས་ཀྱང་སྤོང་བའི་ཐབས་མེད་པ་དང་། ཡོད་ཀྱང་མི་ཤེས་པ་དང་། ཤེས་ཀྱང་སྤངས་པ་སླར་ལྡོག་པའི་ཕྱིར། ཞེས་རྩོད་པའི་རིགས་བཞི་ལས། ལན་གྱི་རིགས་ཀྱང་བཞི་སྟེ། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །ཞེས་སོགས་དང་། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཞེས་སོགས་དང་། རྒྱུ་ཡི་རང་བཞིན་ཤེས་པ་ཡིས། །ཞེས་སོགས་དང་། བདག་ལྟའི་ས་བོན་སྤང་བའི་ཕྱིར། །ཞེས་སོགས་སོ། །གཉིས་པ་ལ། གོམས་པ་མི་སྲིད་པ་སྤོང་བ་དང་། སྲིད་ཀྱང་ཐམས་ཅད་མཁྱེན་པ་མི་སྲིད་པ་སྤོང་བ་གཉིས། དང་པོ་ནི། སྙིང་རྗེ་ཆེན་པོ་དང་། སྟོང་ཉིད་རྟོགས་པའི་བློ་གོམས་པ་ལས་མཐའ་མེད་དུ་འཕེལ་བ་མི་འཐད་དེ། མཆོངས་པ་གོམས་པ་ལས་མཐའ་མེད་དུ་མི་འཕེལ་བ་དང་། ཆུ་བསྲོས་པ་ལས་མཐའ་མེར་མི་འགྱུར་བ་དང་། གསེར་གྱི་ཞུ་བ་སླར་ཡང་ལྡོག་པ་བཞིན། ཞེས་པའི་རྩོད་པའི་རིགས་གསུམ་ལས། ལན་གྱི་རིགས་ཀྱང་གསུམ་སྟེ། སེམས་ལ་བརྩེ་སོགས་གོམས་སྐྱེ་བ། །ཞེས་སོགས་དང་། བརྩེ་རང་ས་བོན་ལས་བྱུང་བ། །ཅེས་སོགས་དང་། སླར་ལྡོག་རུང་བར་འགྱུར་བྱས་གང་། །ཞེས་སོགས་སོ། །གཉིས་པ་ནི། དེ་གཉིས་བསྒོམས་པས་སེམས་རྒྱུད་དེའི་རང་བཞིན་དུ་འགྱུར་བ་སྲིད་ཀྱང་། ཐམས་ཅད་མཁྱེན་པ་མེད་དེ། ཤེས་བྱའི་གྲངས་ལ་མཐའ་མེད་པའི་ཕྱིར་ཞེ་ན་དེའི་ལན་ནི། དགོས་པའི་དོན་ཀུན་མཁྱེན་པས་ཐམས་ཅད་མཁྱེན་པར་བསྒྲུབ་པ་དང་། དེ་ལ་བརྟེན་ནས་ཤེས་བྱའི་དོན་ཀུན་མཁྱེན་པས་ཐམས་ཅད་མཁྱེན་པར་བསྒྲུབ་པ་གཉིས། དང་པོ་ནི། མི་ཤེས་སྟོན་པར་བྱེད་པ་ལ། །ཞེས་སོགས་ཚིགས་བཅད་བཞིའོ། །གཉིས་པ་ནི། མདོར། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་དང་། འདིར། བླང་དང་དོར་བྱའི་དེ་ཉིད་ནི། །ཞེས་སོགས་སོ། །མངོན་སུམ་ཡང་དག་བཤད་ཟིན་ཏོ།། ༈ །།གཉིས་པ་ལོག་ཕྱོགས་མངོན་སུམ་ལྟར་སྣང་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། འཁྲུལ་པའི་ཤེས་པའོ། །གཉིས་པ་ལ་གཉིས་ཏེ། རྟོག་པ་དང་། རྟོག་མེད་མངོན་སུམ་ལྟར་སྣང་ངོ་། །དང་པོ་ལ་མཚན་ཉིད་ནི། རྟོག་པ་འཁྲུལ་པའི་ཤེས་པའོ། །དབྱེ་བ་ནི་མདོ་མཛད་པས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་མངོན་འདོད་ཅེས་བྱ་འོ། །ཞེས་དྲུག་ཏུ་གསུངས་པའི་འཁྲུལ་པའི་ཤེས་པ་ནི། སྨིག་རྒྱུ་ལ་ཆུར་འཛིན་པ་དང་། ཐག་ཁྲ་ལ་སྦྲུལ་དུ་འཛིན་པའི་བློ་ལྟ་བུའོ། །ཀུན་རྫོབ་པའི་ཤེས་པ་ནི། བ་ལང་གི་སྤྱི་འཛིན་པའི་རྟོག་པ་ལྟ་བུའོ། །རྗེས་དཔག་དང་རྗེས་སུ་དཔག་པ་ལས་བྱུང་བ་གཉིས་ནི་རྟགས་ལ་བརྟེན་པའི་དབང་དུ་བྱས་པ་སྟེ། སྔ་མ་ནི་རྟགས་འཛིན་སེམས་དང་། ཕྱི་མ་ནི་རྟགས་ཅན་རྗེས་དཔག་ཡིན་པར་རྒྱལ་དབང་བློས་གསུངས་སོ། །དྲན་པ་དང་མངོན་འདོད་གཉིས་ནི། རྟགས་ལ་མ་བརྟེན་པའི་དབང་དུ་བྱས་པ་སྟེ། སྔ་མ་ནི་འདས་པའི་དོན་དྲན་པའི་དྲན་ཤེས་དང་། ཕྱི་མ་ནི་མ་འོངས་པའི་དོན་མངོན་པར་འདོད་པའི་བློའོ། །དེ་དག་དཔལ་ལྡན་གྲགས་པས་གསུམ་དུ་བསྡུས་པའི་ཚུལ་ནི་ཀུན་རྫོབ་པའི་ཤེས་པ་ལ་བརྡ་རྟེན་ཅན་གྱི་རྟོག་པ་དང་། འཁྲུལ་པའི་ཤེས་པ་ལ་དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ་དང་། ཕྱི་མ་བཞི་ལ་ལྐོག་ཏུ་གྱུར་པའི་དོན་ཅན་གྱི་རྟོག་པ་ཞེས་གསུངས་སོ། །དེ་དག་མངོན་སུམ་ལྟར་སྣང་དུ་བསྟན་པའི་དགོས་པ་ནི། དང་པོ་གཉིས་རིགས་པ་ཅན་པས་དབང་ཤེས་སུ་འདོད་པའི་ལོག་རྟོག་ཡོད་པས་དེ་བསལ་བའི་ཕྱིར་དུ་བསྟན་པ་ཡིན་ལ། ཕྱི་མ་བཞི་མངོན་སུམ་མ་ཡིན་པར་ཕྱི་རོལ་པས་ཀྱང་གྲུབ་མོད། སྔ་མ་གཉིས་དབང་ཤེས་མ་ཡིན་པར་བསྒྲུབ་པའི་མཐུན་དཔེ་བསྒྲུབ་པའི་ཆེད་ཡིན་ཏེ། དབང་སྐྱེས་མིན་པར་གྲུབ་དོན་དུ། །གཉིས་བཤད་འཁྲུལ་པརམཐོང་ཕྱིར་རོ། །ཞེས་སོ། །གཉིས་པ་ལ། མཚན་ཉིད་ནི། རྟོག་མེད་འཁྲུལ་པའི་ཤེས་པའོ། །དབྱེ་ན། དབང་ཤེས་འཁྲུལ་པ་དང་། ཡིད་ཤེས་འཁྲུལ་པ་གཉིས། དང་པོ་ནི། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལྟ་བུ་སྟེ། མངོན་སུམ་ལྟར་སྣང་རབ་རིབ་ཅན། །ཞེས་པས་སྟོན་ཏོ། །གཉིས་པ་ནི། རྨི་ལམ་གསལ་སྣང་གི་ཤེས་པ་ལྟ་བུ་སྟེ། གཉིད་ལོག་པའམ་སད་པ་ན། །གསལ་བར་སྣང་བ་ཅན་བློ་གང་། །དེ་ནི་རྟོག་མེད་ཅེས་པས་སྟོན་ཏོ། །མངོན་སུམ་ལྟར་སྣང་བཤད་ཟིན་ཏོ།། ༈ །།གསུམ་པ་ཚད་མའི་འབྲས་བུ་བཤད་པ་ལ་གཉིས་ཏེ། ཚད་འབྲས་གང་ལས་འཕྲོས་པའི་ཚུལ་དང་། དེ་ལས་འཕྲོས་པའི་ཚད་འབྲས་ཀྱི་རྣམ་གཞག་གོ །དང་པོ་ནི། མདོའི་དབང་དུ་བྱས་ནས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཅེས་དང་། རྣམ་འགྲེལ་འདིར། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་སྐབས་སུ་ཚད་མ་ལ་གཉིས་སུ་གྲངས་ངེས་པའི་སྒྲུབ་བྱེད་དུ། གཞལ་བྱ་ལ་གཉིས་སུ་གྲངས་ངེས་པ་བཀོད་པ་ན། ཚད་མ་གཉིས་པོ་དེས་གཞལ་བྱ་གཉིས་པོ་དེ་ལ་བྱ་བའམ། འབྲས་བུ་ཅི་ཞིག་བྱེད་པའི་རྒྱུ་མཚན་གྱིས་གཞལ་བྱའི་གྲངས་ངེས་ཀྱི་ཚད་མའི་གྲངས་ངེས་འགྲུབ་པ་ཡིན་ཞེ་ན། ཚད་མ་གཉིས་པོ་དེས་གཞལ་བྱ་དེ་རྟོགས་པའི་བྱ་བ་བྱེད་དེ། མངོན་སུམ་གྱིས་རང་མཚན་རང་གི་ངོ་བོའི་སྒོ་ནས་རྟོགས། རྗེས་དཔག་གིས་རང་མཚན་གཞན་སྤྱིའི་ཚུལ་གྱིས་རྟོགས་ཤིང་། དེའི་དངོས་ཡུལ་ལ་སྤྱི་མཚན་དུ་འཇོག་པའི་ཕྱིར་ཞེས་པ་སྟེ། རྣམ་ངེས་ལས། ཡང་ཚད་མ་འདིའི་འབྲས་བུ་གང་ཞིག་ཡིན། གཞལ་བྱ་རྟོགས་པའོ། །དེ་ནི་ཤེས་པ་ཡིན་ལ། དེ་ཡང་འབྲས་བུ་ཡིན་པའི་ཕྱིར། ད་ནི་ཚད་མ་གང་ཞིག་ཡིན། གང་ལས་བར་ཆད་མེད་པར་གཞལ་བྱ་རྟོགས་པ་འདིས་དེ་ཉིད་འགྲུབ་པའོ། །ཞེས་སོ། །མངོན་སུམ་གྱིས་རང་མཚན་རང་གི་ངོ་བོའི་སྒོ་ནས་རྟོགས་པར་སྟོན་པ་མངོན་སུམ་གྱི་ལེའུ། རྗེས་དཔག་གིས་རང་མཚན་གཞན་སྤྱིའི་སྒོ་ནས་རྟོགས་པར་སྟོན་པ་རང་དོན་དང་། གཞན་དོན་གྱི་ལེའུ་ཡིན་པ་ལས། དང་པོ་ལ་ཡང་། རྟོགས་བྱེད་ཀྱི་མངོན་སུམ་དེ་ཇི་ལྟ་བུ་རྟོགས་བྱའི་རང་མཚན་ནི་གང་། དེས་དེ་རྟོགས་པའི་སྒྲུབ་བྱེད་ཅི་ཞེ་ན། དང་པོ་སྟོན་པ་ནི། མངོན་སུམ་བཞི་ཆར་གྱི་སྐབས་སུ་རྟོག་བྲལ་བསྒྲུབ་པའི་རིགས་པ་རྣམས་དང་། མངོན་སུམ་ལྟར་སྣང་གི་དོན་གྱིས་མ་འཁྲུལ་བ་སྟོན་པ་རྣམས་སོ། །གཉིས་པ་སྟོན་པ་ནི། དབང་མངོན་གྱི་སྐབས་སུ། རྡུལ་ཕྲན་ཁྱད་པར་ཅན་དམིགས་རྐྱེན་དུ་བསྒྲུབ་པ་དང་། ཡིད་མངོན་གྱི་སྐབས་སུ། དབང་མངོན་གྱི་གཟུང་དོན་གྱིས་སྐད་ཅིག་གཉིས་པ་གཟུང་དོན་དུ་བསྟན་པ་དང་། རང་རིག་གི་སྐབས་སུ་མྱོང་བྱ་ཤེས་པར་བསྒྲུབ་པ་དང་། རྣལ་འབྱོར་མངོན་སུམ་གྱི་སྐབས་སུ་ཡུལ་གྱི་གཙོ་བོ་ཡང་དག་པའི་དོན་དུ་བསྒྲུབ་པ་རྣམས་སོ། །གསུམ་པ་སྟོན་པ་ནི་ཚད་འབྲས་ཀྱི་གཞུང་རྣམས་ཏེ། དོན་རིག་མངོན་སུམ་གྱིས་དོན་རང་མཚན་རྟོགས་ཏེ། དེའི་རྣམ་ལྡན་དུ་སྐྱེས་པའི་ཕྱིར། ཞེས་པ་ནི། ཚད་འབྲས་དང་པོའི་གཞུང་དང་། རང་རིག་མངོན་སུམ་གྱིས་ཤེས་པ་རང་མཚན་རྟོགས་ཏེ། དེ་མྱོང་བའི་ངོ་བོར་སྐྱེས་པའི་ཕྱིར། ཞེས་པ་ནི། ཚད་འབྲས་གཉིས་པའི་གཞུང་རྣམས་སོ། །ཚད་འབྲས་དང་པོའི་སྐབས་སུ་དོན་གྱི་རྣམ་ལྡན་དུ་སྐྱེས་པའི་རྒྱུ་མཚན་གྱིས་དོན་རྟོགས་པར་འཇོག་པའི་ཤེས་པ་དེ་ཡང་རང་ལ་དངོས་སུ་སྣང་བ་དེ་ཉིད། ཤེས་པ་རང་གི་བདག་ཉིད་ཡིན་པས་དོན་ལ་རང་རིག་འབྲས་བུ་ཡིན་ནོ། །ཞེས་པ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་ཀྱི་གཞུང་རྣམས་སོ། །ཚད་འབྲས་གཉིས་པའི་སྐབས་སུ། གཟུང་འཛིན་རིག་གསུམ་ལ་ཚད་འབྲས་གཞལ་གསུམ་དུ་འཇོག་པ་དེ་ཉིད་ཀྱང་བློ་འཁྲུལ་པའི་ངོར་གཟུང་འཛིན་རིག་གསུམ་ཐ་དད་དུ་སྣང་བ་ཙམ་ལ་འཇོག་པ་ཡིན་གྱི། དོན་ལ་ཐ་དད་དུ་ཡོད་པ་མ་ཡིན་ནོ། །ཞེས་པ་ནི། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་སོགས་ཀྱི་གཞུང་རྣམས་སོ། །གཉིས་པ་ལ་གསུམ་སྟེ། ཚད་འབྲས་གསུངས་པའི་དགོས་པ། དགོས་པ་ཅན་གྱི་ཚད་འབྲས་དངོས། རྣམ་གཞག་དེ་ཉིད་ངེས་པར་བྱ་བའོ། །དང་པོ་ལ་གཉིས་ཏེ། རྣམ་བཅད་ཀྱི་དགོས་པ་དང་། ཡོངས་བཅད་ཀྱི་དགོས་པའོ། །དང་པོ་ལ། སྤྱིའི་དགོས་པ་དང་། སོ་སོའི་དགོས་པ་གཉིས། དང་པོ་ནི། ཕྱི་རོལ་པས་བྱ་བྱེད་རྫས་གཞན་དུ་འདོད་པ་འགོག་པའོ། །གཉིས་པ་ནི། རང་གཞན་གྱི་སྡེ་པ་ཁ་ཅིག དབང་ཤེས་ལ་དོན་གྱི་རྣམ་པ་མ་ཤར་བ་དང་། རང་རིག་མེད་པར་འདོད་པས་དེ་གཉིས་འགོག་པ་རིམ་པ་ལྟར་ཚད་འབྲས་དང་པོ་དང་གཉིས་པའི་གཞུང་རྣམས་སོ། །གཉིས་པ་ནི། ཚད་མས་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་བསྟན་པའི་སྒོ་ནས་གཞལ་བྱ་རྟོགས་པ་ཚད་མའི་རང་བཞིན་དུ་རྟོགས་པའི་ཆེད་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཚད་འབྲས་སྤྱིའི་རྣམ་གཞག་དང་། ཚད་འབྲས་སོ་སོའི་རྣམ་གཞག་གོ །དང་པོ་ལ་གསུམ་སྟེ། ཚད་འབྲས་རྫས་གཞན་དུ་འདོད་པའི་ལུགས་དགག རྫས་གཞན་མ་ཡིན་པར་འདོད་པའི་ལུགས་བཞག དེ་ལ་རྩོད་པ་སྤོང་བའོ། །དང་པོ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། རྣམ་འགྲེལ་ལས། དེ་ཕྱིར་མཐོང་དང་དབང་འབྲེལ་དང་། །ཁྱད་པར་གྱིས་ནི་བློ་དེ་དག །ཅེས་ཚད་མ་དངོས་སུ་བསྟན་ཅིང་། དེ་ཉིད་རིགས་གཏེར་ལས། ལྟ་དང་ངེས་པ་ཚད་འབྲས་དང་། །ཕྲད་དང་དོན་རྟོགས་ཚད་འབྲས་འདོད། །ཁྱད་པར་ཁྱད་པར་ཅན་དེར་སྨྲ། །ལ་ལ་དབང་ཤེས་ཚད་འབྲས་འདོད། །ཅེས་ཚད་མ་དང་འབྲས་བུ་གཉིས་ཀ་བསྟན་ཏོ། །དེ་ཡང་ཕྱི་རོལ་པ་རྣམས་བྱ་བྱེད་རྫས་གཞན་དང་། ཚད་མ་དང་འབྲས་བུ་བསྐྱེད་བྱ་སྐྱེད་བྱེད་དང་། བློ་ལ་དོན་གྱི་རྣམ་པར་མ་ཤར་བར་འདོད་པ་འདྲ་ལ་མི་འདྲ་བའི་ཁྱད་པར་ནི། དཔྱོད་པ་བས་དང་པོར་དོན་ལ་ལྟ་བའི་རྟོག་མེད་ཀྱི་ཤེས་པ་ནི་ཚད་མ། དེའི་རྗེས་སུ་བྱུང་བའི་དངོས་ཆོས་དང་། རིགས་ལ་སོགས་པའི་ཁྱད་པར་ལ་ཞེན་པའི་བློ་ནི་འབྲས་བུར་འདོད་དོ། །རིགས་པ་ཅན་པས་དབང་པོ་དང་དོན་ཕྲད་པ་ཚད་མ། དེའི་རྗེས་སུ་བྱུང་བའི་དོན་རྟོགས་པའི་བློ་འབྲས་བུ་ཡིན་ལ། དེའི་དོན་ཡང་དབང་པོ་དོན་གང་དང་འབྲེལ་པ་དེ་ཉིད་རྟོགས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་འདོད་དོ། །བྱེ་བྲག་པས་ཡོན་ཏན་ལ་སོགས་པའི་ཁྱད་པར་འཛིན་པའི་བློ་ཚད་མ། ཁྱད་པར་ཅན་རྫས་འཛིན་པའི་བློ་འབྲས་བུར་འདོད་དོ། །བྱེ་བྲག་ཏུ་སྨྲ་བས་དབང་པོ་གཟུགས་ཅན་པ་ཚད་མ། དེ་ལས་བྱུང་བའི་དོན་རྟོགས་པའི་ཤེས་པ་འབྲས་བུར་འདོད་དོ། །གཉིས་པ་ལ། སྤྱིར་དགག་པ་དང་། སོ་སོར་དགག་པ་གཉིས། དང་པོ་ནི། དེ་དག་མི་འཐད་དེ། ཚད་མར་འདོད་པ་དེ་དག་གིས་འབྲས་བུར་འདོད་པ་དེ་དག་བསྒྲུབ་པར་མི་ནུས་པའི་ཕྱིར་ཏེ། དེ་གཉིས་རྫས་གཞན་ཡིན་པའི་ཕྱིར། གཉིས་པ་ནི། དཔྱོད་པ་བའི་ཚད་འབྲས་མི་འཐད་དེ། བློ་ལ་དོན་གྱི་རྣམ་པ་མ་ཤར་བར་དོན་ལ་ལྟ་བ་མི་འཐད་པའི་ཕྱིར། བྱེ་བྲག་པའི་ཚད་འབྲས་དེ་ཡང་མི་འཐད་དེ། ཡོན་ཏན་ལ་སོགས་པ་འཇལ་བའི་བློ་དེ་ཡོན་ཏན་དང་རྫས་གཉིས་བཟུང་མ་བཟུང་གིས་ཁྱད་པར་མེད་པའི་ཕྱིར་ཏེ། དེ་གཉིས་ཀྱི་རྣམ་པར་མ་ཤར་བར་མཚུངས་པའི་ཕྱིར། ཡང་ཚད་མ་དང་འབྲས་བུ་གཉིས་ཡུལ་ཐ་དད་ཡིན་ནམ་གཅིག་ཡིན། དང་པོ་ལྟར་ན། དེ་གཉིས་ཚད་འབྲས་མ་ཡིན་པར་ཐལ། ཕྱི་མ་ལྟར་ན། བློ་ཕྱི་མ་ལ་དགོས་པ་མེད་པར་ཐལ་ལོ། །རིགས་པ་ཅན་པའི་ཚད་འབྲས་དེ་ཡང་མི་འཐད་དེ། མིག་གི་རྣམ་པར་ཤེས་པ་ཆོས་ཅན། ཁྱོད་ཀྱིས་བུམ་པའི་གཟུགས་རྟོགས་པའི་ཚེ་དེའི་དྲི་ཡང་རྟོགས་པར་ཐལ། ཁྱོད་ཀྱི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་དེ། དེ་གཉིས་དང་ཕྲད་པར་ཁྱད་པར་མེད་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བའི་ཚད་འབྲས་ཀྱང་མི་འཐད་དེ། མིག་དབང་ཆོས་ཅན། ཁྱོད་ཀྱིས་སྔོན་པོ་རྟོགས་པ་དང་། སེར་པོ་རྟོགས་པའི་དོན་ལྡོག་སོ་སོར་འབྱེད་མི་ནུས་པར་ཐལ། ཁྱོད་སེར་པོ་རྟོགས་པའི་དབང་ཤེས་དང་། སྔོན་པོ་རྟོགས་པའི་དབང་ཤེས་གཉིས་ཀྱི་རྒྱུ་ཡིན་པར་ཁྱད་པར་མེད་པའི་ཕྱིར། གཉིས་པ་ནི། ཡུལ་ཅན་ཚད་མའི་བྱེད་པ་འཇུག་པའི་གཞི། བྱེད་པ་དངོས། བྱེད་པ་འཇུག་པའི་རྒྱུ་མཚན་ཏེ། ཚད་མའི་སྟེང་གི་བྱ་བྱེད་ལས་གསུམ་ལ་ཚད་འབྲས་གཞལ་གསུམ་ཏུ་འཇོག་པ་ཡིན་ལ། དེ་ཡང་གཞལ་བྱ་ནི་བྱེད་པ་འཇུག་པའི་གཞི་སྟེ་སྔོན་པོ་ལྟ་བུའོ། །འབྲས་བུ་ནི་བྱེད་པ་དངོས་ཏེ། སྔོན་པོ་རྟོགས་པ་ལྟ་བུའོ། །ཚད་མ་ནི་བྱེད་པ་འཇུག་པའི་རྒྱུ་མཚན་ཏེ། སྔོན་པོའི་རྣམ་པ་ཤར་བ་ལྟ་བུ་སྟེ། དེས་ན་ཚད་མ་དང་འབྲས་བུ་གཉིས་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ཡིན་གྱི། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ནི་མ་ཡིན་ནོ། །མདོའི་རང་འགྲེལ་ལས། འདི་ལ་ཕྱི་རོལ་པ་རྣམས་ཀྱིས་གཞན་དུ་ཚད་མ་ལས་འབྲས་བུ་དོན་གཞན་དུ་གྱུར་པ་ནི་མེད་ཀྱི་ཞེས་དང་། འདིར་ཡང་། དེ་རྣམ་གཞག་ལ་བརྟེན་ནས་ནི། །ཆ་དག་བསྒྲུབ་བྱ་སྒྲུབ་བྱེད་བཞག །ཅེས་དང་། རིགས་གཏེར་ལས། དེས་ན་རྣམ་པར་བཞག་འཇོག་གི །རྒྱུ་འབྲས་གཉིས་ལ་ཚད་འབྲས་འདོད། །ཅེས་སོ། །སྐབས་འདི་ཚད་མ་དང་། སྒྲུབ་བྱེད་དང་། བྱེད་པ་དང་། མཚན་ཉིད་དང་། རྣམ་པར་འཇོག་བྱེད་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞིང་། འབྲས་བུ་དང་། བསྒྲུབ་བྱ་དང་། བྱ་བ་དང་། མཚོན་བྱ་དང་། རྣམ་པར་གཞག་བྱ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། ལས་ནི་གཙོ་བོར་གཞལ་བྱ་ལ་འཇུག་ཅིང་། སྐབས་འགའ་ཞིག་ཏུ་བྱ་བ་ལ་འཇུག་པ་ཡང་ཡོད་དེ། ལས་ཀུན་གྱིས་ནི་སྒྲུབ་བྱེད་དག །ཅེས་པའི་སྐབས་ཀྱི་ལས་དེ་བྱ་བ་ལ་འཇུག་པའི་ཕྱིར། དེས་ན་སྐབས་འདིར་གཞལ་བྱ་ལ་དོན་དང་ཤེས་པ་གཉིས། འབྲས་བུ་ལ་དོན་རིག་རང་རིག་གཉིས། ཚད་མ་ལ་གཟུང་རྣམ་དང་། འཛིན་རྣམ་གཉིས་སུ་ངེས་ལ། འཛིན་རྣམ་ཚད་མར་བྱས་པའི་ཚེ། འབྲས་བུ་རང་རིག་ཏུ་ངེས་ཀྱང་། གཟུང་རྣམ་ཚད་མར་བྱས་པའི་ཚེ། འབྲས་བུ་དོན་རིག་ཏུ་མ་ངེས་ཏེ། གཟུང་རྣམ་ཚད་མར་བྱས་ནས་དོན་རྟོགས་པར་བསྒྲུབ་པའི་ཚེ། འབྲས་བུ་ལ་དོན་རིག་འབྱུང་ཞིང་། རང་ལ་དངོས་སུ་སྣང་བའི་རྣམ་པ་རྟོགས་པར་བསྒྲུབ་པའི་ཚེ། འབྲས་བུ་ལ་རང་རིག་འབྱུང་བའི་ཕྱིར། ཅིའི་ཕྱིར་རྣལ་འབྱོར་མངོན་སུམ་གྱི་ཚད་འབྲས་མ་བཤད་ཅེ་ན། ཚད་འབྲས་འདི་དག་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་པ་སྟེ། རང་ངེས་གཞན་ངེས་བཞིན་ནོ། །གཉིས་པ་ཚད་འབྲས་སོ་སོའི་རྣམ་གཞག་ནི། ཚད་འབྲས་ཀྱི་ཐ་སྙད་ལ་སྲོལ་ཆེན་པོ་གསུམ་སྣང་སྟེ། སློབ་དཔོན་ཆོས་མཆོག་གིས་དོན་རིག་གི་ཚད་འབྲས་ལ་དང་པོ་དང་། རང་རིག་གི་ཚད་འབྲས་ལ་གཉིས་པ་དང་། ཕྱི་དོན་ཡོད་ཀྱང་རང་རིག་གི་ཚད་འབྲས་ལ་གསུམ་པའི་ཐ་སྙད་མཛད་ཅིང་། དེང་སང་བོད་ཐམས་ཅད་ལ་གྲགས་ཆེ་བར་སྣང་མོད་ཀྱིས། ཚད་འབྲས་ཀྱི་རིགས་མ་ལུས་པར་འདུ་བའི་དབང་དུ་བྱས་ན། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་པའི་རྩ་འགྲེལ་གྱིས་བསྟན་པའི་ཚད་འབྲས་མ་ཚང་བས་གར་སོང་དྲིས་ན་མཛུབ་མོས་མཚོན་དགོས་སོ། །སློབ་དཔོན་ལྷ་དབང་བློས། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ཞེས་སོགས་ཀྱི་དོན་ལ་དང་པོ་ཞེས་པའི་ཐ་སྙད་མི་མཛད་པར་དེ་བཀག་ནས། རྣམ་རིག་པའི་ལུགས་ཀྱི་ཚད་འབྲས་ལ་གསུམ་ལས། དང་པོ་ནི། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་པས་བསྟན་པའོ། །གཉིས་པ་ནི། གང་ཚེ་རྣམ་རིག་རྒྱུ་ཡིས་ཡུལ། །ཞེས་སོགས་ཀྱིས་བསྟན་པའོ། །གསུམ་པ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་ཀྱིས་བསྟན་པའོ། །ཞེས་གསུངས་པ་ནི་རྣམ་རིག་པའི་ལུགས་ལ་དཔྱད་ན། རང་རིག་གི་ཚད་འབྲས་དང་། ཐ་སྙད་དུ་དོན་རིག་གི་ཚད་འབྲས་དང་། དེ་ལ་ཡང་དཔྱད་ན་རང་རིག་འབྲས་བུར་འགྱུར་བ་དང་གསུམ་དུ་དབྱེ་བ་ནི་ལེགས་མོད་ཀྱི་སྔར་གྱི་དོན་རིག་གི་ཚད་འབྲས། ཚད་འབྲས་ཀྱི་ཁོངས་སུ་མི་བགྲང་བ་དང་། ཚད་འབྲས་གསུམ་པ་སེམས་ཙམ་པའི་ལུགས་སུ་འདོད་པ་ནི་ཅུང་ཟད་མི་ལེགས་ཏེ། གཞུང་འདི་དག་སྔར་གྱི་མངོན་སུམ་དང་པོ་གསུམ་ཆར་གྱི་ཚད་འབྲས་སྟོན་བྱེད་ཡིན་པའི་ཕྱིར་དང་། མདོ་སྡེ་པའི་ལུགས་ལ་དཔྱད་ན། རང་རིག་འབྲས་བུར་འགྱུར་བ་སྟོན་བྱེད་ཀྱི་གཞུང་མེད་པར་ཐལ་བའི་ཕྱིར་རོ། །གང་དག་སློབ་དཔོན་འདིའི་ལུགས་ལ། གང་ཚེ་རྣམ་རིག ཅེས་སོགས་དོན་རིག་འབྲས་བུར་གསུངས་པས་ཚད་འབྲས་དང་པོའི་དོན་བསྡུར་འཆད་པ་དང་། འཛིན་བདག་ཤེས་པའི་སྟེ། རྣམ་རིག་པ་ཙམ་གྱི་ཕྱོགས་བཞིན་ནོ། །ཞེས་གསུངས་པ་ལ་བརྟེན་ནས། ཚད་འབྲས་གསུམ་པ་མདོ་སྡེ་པའི་ལུགས་སུ་སྨྲ་བ་ནི། སློབ་དཔོན་འདིའི་དགོངས་པ་ཕྱིན་ཅི་ལོག་ཏུ་བཤད་པའོ། །འགྲན་ཟླ་ཀུན་བྲལ་ས་སྐྱ་པའི་བཞེད་པ་ནི། ཚད་འབྲས་ཀྱི་གཙོ་བོ་དོན་རིག་དང་། རང་རིག་གི་ཚད་འབྲས་གཉིས་དང་། དེ་གཉིས་ཀ་ལ་ཡང་ཐ་སྙད་དུ་དོན་རིག་འབྲས་བུར་བསྟན་པ་དང་། དཔྱད་ན་རང་རིག་འབྲས་བུར་བསྟན་པའི་སྐབས་བཞི་ལས། དང་པོ་གཉིས་པོ་ཚད་འབྲས་ཀྱི་གཙོ་བོ་ཡིན་ཏེ། སྐབས་འདིར་མངོན་སུམ་གྱིས་རང་མཚན་རྟོགས་པའི་སྒྲུབ་བྱེད་འཆད་པའི་སྐབས་ཡིན་པས། མངོན་སུམ་དང་པོ་གཉིས་ཀྱིས་དོན་རང་མཚན་རྟོགས་པའི་སྒྲུབ་བྱེད་ནི། དོན་རིག་གི་ཚད་འབྲས་དང་། མངོན་སུམ་གསུམ་པས་ཤེས་པ་རང་མཚན་རྟོགས་པའི་སྒྲུབ་བྱེད་ནི། རང་རིག་གི་ཚད་འབྲས་ཡིན་ལ། རྣལ་འབྱོར་མངོན་སུམ་གྱིས་ནི། མདོ་སྡེ་པའི་ལུགས་ལ་བདག་གིས་དབེན་པའི་ཕུང་པོ་རང་མཚན་རྟོགས་པར་འདོད་པས། སྔ་མ་གཉིས་ཀྱི་ཡུལ་ལས་མ་འདས་ཤིང་། དེ་རྟོགས་པའི་སྒྲུབ་བྱེད་ལུགས་འདིར། རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་དང་། བསམ་གྱིས་མི་ཁྱབ་ཡེ་ཤེས་ཅན། །དེ་ཡི་མཁྱེན་པ་དཔག་མི་ནུས། །ཞེས་པ་ལྟར་ན། སྐབས་འདིར་དེའི་ཚད་འབྲས་མི་སྟོན་པའི་ཕྱིར། དེ་ལྟར་གཉིས་ལས། སློབ་དཔོན་གྱིས་དོན་རིག་གི་ཚད་འབྲས་ཀྱི་སྐབས་སུ། བྱེ་བྲག་སྨྲ་བ་བཀག་ནས། མདོ་སྡེ་པའི་ལུགས་བསྒྲུབ་པ་ན། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ཞེས་པ་ནས། སྒྲོ་འདོགས་པས་ནི་འཇུག་ཕྱིར་རོ། །ཞེས་པའི་བར་རོ། །རང་རིག་གི་ཚད་འབྲས་ལ། ཐོག་མར་རྣམ་བདེན་བརྫུན་གཉིས་ཆར་གྱིས་ཁས་ལེན་པའི་ཚད་འབྲས་ཀྱི་སྐྱ་རིས་ནི། མདོ་སྡེ་པའི་ལུགས་བཀག་ནས་རྣམ་རིག་པའི་ལུགས་བསྒྲུབ་པ་སྟེ། དོན་རིགས་གང་ཡིན། ཞེས་པ་ནས། འདིའི་རྣམ་པ་གཉིས། ཞེས་པའི་བར་རོ། །སྐྱ་རིས་འདི་རྣམ་བདེན་བརྫུན་གཉིས་ཆར་གྱིས་ཁས་ལེན་པའི་རྒྱུ་མཚན་གྱིས། རྣམ་བདེན་པའི་ལུགས་ལ་གཟུང་རྣམ་བདེན་གྲུབ་གཞལ་བྱར་བྱས་པའི་ཚེ་རང་རིག་མཚན་ཉིད་པ་འབྲས་བུ་དང་། རྣམ་བརྫུན་པའི་ལུགས་ལ། གཟུང་རྣམ་སྒྲོ་བཏགས་གཞལ་བྱར་བྱས་པའི་ཚེ་རང་རིག་བཏགས་པ་བ་འབྲས་བུར་འགྱུར་བར་གསུངས་སོ། །འདི་ལ་རྣམ་བདེན་པའི་ལུགས་བཀག་ནས། རྣམ་བརྫུན་པའི་ལུགས་བསྒྲུབ་པ་ནི། གང་གི་དངོས་པོ་རྣམ་དཔྱད་ན། །ཞེས་པ་མན་ཆད་ཀྱིས་སྟོན་ཏོ། །དེ་གཉིས་ཀ་ལ་ཐ་སྙད་དུ། དོན་རིག་འབྲས་བུར་འགྱུར་བའི་ཚུལ་ལ། མདོ་སྡེ་པའི་ལུགས་ནི། ཚད་འབྲས་དང་པོ་ཉིད་ཀྱིས་སྟོན་ཏེ། དེར་དོན་རིག་འབྲས་བུར་གསུངས་པ་ནི་ཐ་སྙད་དུ་ཡིན་གྱི། དཔྱད་ན་རང་རིག་འབྲས་བུ་ཡིན་པའི་ཕྱིར་རོ། །རྣམ་རིག་པའི་ལུགས་ནི། གང་ཚེ་རྣམ་རིག་རྒྱུ་ཡིས་ཡུལ། །ཞེས་སོགས་ཚིགས་བཅད་གསུམ་གྱིས་སྟོན་ཏེ། མདོར། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་པ་རྩ་འགྲེལ་གྱི་དོན་ནོ། །ལུགས་གཉིས་ཆར་གྱི་ཐ་སྙད་དུ་དོན་རིག་འབྲས་བུ་ལའང་དཔྱད་ན། རང་རིག་འབྲས་བུ་ཡིན་པ་ནི། །ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་ཀྱིས་སྟོན་ཏེ། དེ་དང་འདྲ་བའམ་གཞན་འདྲའང་རུང་། །ཞེས་ཕྱི་དོན་གཞལ་བྱར་འཇོག་ཚུལ་གཉིས་གསུངས་པའི་ཕྱིར་རོ། །ལུགས་འདི་ཕྱོགས་གླང་གྲགས་པའི་དགོངས་པ་ཡོངས་སུ་རྫོགས་པ་འཁྲུལ་པ་མེད་པར་སྣང་བས་འདིའི་རྗེས་སུ་འབྲངས་ནས་འཆད་པ་ལ་བཞི་ལས། དང་པོ་དོན་རིག་གི་ཚད་འབྲས་ནི། འདི་ནི་དོན་དང་འབྲས་བྱེད་པ། །དོན་གྱི་ངོ་བོ་ལས་གཞན་མིན། །དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །ཅེས་དང་། དེ་ཡིས་བདག་ཉིད་འཛིན་པ་སྟེ། །དོན་རྟོགས་པ་ཡིས་ཞེས་པའི་གཞལ་བྱ་ཞེས་པ་དང་། དོན་ཞེས་པ་རྣམས་ཀྱིས་གཞལ་བྱ་སྟོན། དོན་གྱི་ངོ་བོ་ཞེས་དང་། གཞལ་བྱའི་རང་བཞིན་ཞེས་དང་། དོན་གྱི་བདག་ཉིད་ཅེས་པ་རྣམས་ཀྱིས་ཚད་མ་སྟོན། གཞལ་བྱ་རྟོགས་པ་ཡི་ཞེས་དང་། དོན་རྟོགས་པ་ཡི་ཞེས་པ་རྣམས་ཀྱིས་འབྲས་བུ་སྟོན་ཏེ། འདི་ལ་དགོངས་ནས། ཆོས་མཆོག་གིས་དོན་གཞལ་བྱ། དོན་དང་འདྲ་བ་ཚད་མ། དོན་རྟོགས་པ་འབྲས་བུ་ཞེས་པ་ནི་དང་པོའོ། །ཞེས་གསུངས་སོ། །གཞལ་བྱ་ལ་ཡང་། ཕྱི་རོལ་གྱི་དོན་དང་། ཕྱི་རོལ་གྱི་དོན་དུ་གྱུར་པའི་སྔོན་པོ་དང་། སྔོན་པོ་ལྐོག་ན་མོ་དང་། སྔོན་པོ་རྣམས་གང་གཞལ་བྱར་བྱས་ཀྱང་ཁྱད་པར་མེད་དོ། །འདིར་ཚད་མ་ལ་དོན་གྱི་ངོ་བོ་དང་། དོན་གྱི་བདག་ཉིད་དུ་གསུངས་པ་ནི་དོན་གྱི་རང་ངོས་ནས་གཏད་པའི་རྣམ་པ་ལ་དགོངས་པ་ཡིན་གྱི་སྒྲ་ཇི་བཞིན་པར་ནི་མི་བཟུང་ངོ་། །འབྲས་བུའི་སྐབས་སུ་གཞལ་བྱ་རྟོགས་པ་དང་། དོན་རྟོགས་པའི་ཚད་མ་སྒྲ་ཇི་བཞིན་པ་ནི་མི་རུང་སྟེ། དེ་དག་ནི་རྗེས་དཔག་ལ་ཡོད་པའི་ཕྱིར་རོ། །དོན་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱེད་པ་ཡང་མི་འཐད་དེ། མདོ་སྡེ་པའི་ལུགས་ལ་དབང་ཤེས་ཀྱིས་དོན་དངོས་སུ་མ་རྟོགས་པའི་ཕྱིར། དོན་རྟོགས་པའི་མངོན་སུམ་འབྲས་བུར་བྱས་པའི་ཚེ། རྟོག་བྲལ་མ་འཁྲུལ་པའི་རིག་པ་ཚད་མར་འཇོག་པ་ཡང་མི་འཐད་དེ། མངོན་སུམ་གྱིས་དོན་རྟོགས་པ་བསྒྲུབ་པའི་སྐབས་ཡིན་གྱི། མངོན་སུམ་ཡིན་པའི་སྒྲུབ་བྱེད་འགོད་པའི་སྐབས་མ་ཡིན་པའི་ཕྱིར། དེས་ན་འདིའི་ཚད་འབྲས་ནི། སྔོན་པོ་གཞལ་བྱ། རང་གི་གཟུང་དོན་སྔོན་པོའི་སྟོབས་ལས་སྔོན་པོའི་རྣམ་ལྡན་དུ་སྐྱེས་པའི་ཤེས་པ་ཚད་མ། སྔོན་པོ་རྟོགས་པའི་མངོན་སུམ་འབྲས་བུའོ། །འདི་ནི་འདིར་བསྟན་གྱི་ཚད་འབྲས་གང་རུང་ཡིན་ན། དོན་རིག་མངོན་སུམ་ཡིན་པས་ཁྱབ་པའི་དབང་དུ་བྱས་ཀྱི། གཞུང་གིས་བསྟན་ཚོད་ལྟར་ན། སྔོན་པོ་གཞལ་བྱ། སྔོ་འཛིན་དབང་པོའི་མངོན་སུམ་གཟུང་དོན་སྔོན་པོའི་སྟོབས་ལས་སྔོན་པོའི་རྣམ་ལྡན་དུ་སྐྱེས་པ་ཚད་མ། སྔོ་འཛིན་དབང་པོའི་མངོན་སུམ་གྱིས་སྔོན་པོ་རྟོགས་པ་འབྲལ་བུ་ཞེས་པར་སྣང་ངོ་། །གཉིས་པ་རྣམ་རིག་སྨྲ་བའི་ཚད་འབྲས་ལ་གཉིས་ཏེ། དོན་དམ་རང་རིག་གི་ཚད་འབྲས་དང་། ཐ་སྙད་དོན་རིག་གི་ཚད་འབྲས་གཉིས་སོ། །དང་པོ་ནི། རིགས་གཏེར་རང་འགྲེལ་ལས། སེམས་ཙམ་པའི་ལུགས་ལྟར་ན། གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང་། །འཇལ་བྱེད་འབྲས་བུར་གནས་པ་འདི། །ཇི་ལྟར་སྣང་བ་བཞིན་དུ་བྱས། །ཞེས་གསུངས་པ་ལྟར། རྣམ་བཅས་པ་དག་གཟུང་བར་སྣང་བ་གཞལ་བྱ། དེར་འཛིན་པར་སྣང་བ་ཚད་མ། རང་རིག་མཚན་ཉིད་པ་འབྲས་བུར་འདོད་པས། གཞལ་བྱ་དང་ཚད་འབྲས་བདེ་སྡུག་མྱོང་བ་ལྟར། དུས་དང་ངོ་བོ་གཅིག་ཏུ་འདོད་དོ། །རྣམ་བརྫུན་པས་དོན་དུ་སྣང་བའི་སྒྲོ་བཏགས་གཞལ་བྱ། དེ་འཛིན་པའི་ཤེས་པ་ཚད་མ། རང་རིག་བཏགས་པ་བའི་ཐ་སྙད་འབྲས་བུར་འདོད་པས་གཞལ་བྱ་དང་། ཚད་འབྲས་གཉིས་སྐྲ་སོགས་སྣང་བ་ལྟར་གཅིག་པ་བཀག་པར་འདོད་དོ། །ཞེས་གསུངས་པའི་དོན་ལ། སྤྱིར་བཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་མདོ་སེམས་གཉིས་ཆར་གྱིས་འདོད་ཀྱང་། བཟུང་རྣམ་ལ་མི་འདྲ་བའི་ཁྱད་པར་ཡོད་དེ། མདོ་སྡེ་པས་ཕྱི་རོལ་དོན་ལས་སྐྱེས་པའི་སྒོ་ནས་དེའི་རྣམ་པར་ཤར་བ་ལ་གཟུང་རྣམ་དང་། རྣམ་བདེན་པས། ཕྱི་དོན་མེད་ཀྱང་བག་ཆགས་ཀྱི་དབང་གིས་ཤེས་པ་ཉིད་བཟུང་བར་སྣང་བ་ལ་བཟུང་རྣམ་དུ་འདོད་པའི་ཕྱིར་རོ། །དེས་ན་རྣམ་བདེན་པས། དེ་ཉིད་གཞལ་བྱར་བྱས་ནས། དེ་ཡོངས་སུ་གཅོད་པར་བྱེད་པའི་འཛིན་རྣམ་ཚད་མ་དང་། དེ་ཉམས་སུ་མྱོང་བའི་རང་རིག་མཚན་ཉིད་པར་འབྲས་བུར་འདོད་དོ། །བཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས། རྣམ་བདེན་པ་ལ་སྦྱར་བ་ཡང་འདི་ལ་དགོངས་ཏེ། ཚད་འབྲས་གཉིས་པའི་སྐབས་ཀྱི་བཟུང་རྣམ་སྟེ། ཕྱི་དོན་མེད་ཀྱང་བག་ཆགས་ཀྱི་དབང་གིས་ཤེས་པ་ཉིད། གཟུང་འཛིན་གཉིས་སུ་སྣང་བའི་བཟུང་རྣམ་ཡིན་པའི་ཕྱིར་ཏེ། འདིར་འགའ་ཞིག་ནི་འགའ་ཞིག་གི །བག་ཆགས་རབ་ཏུ་སད་བྱེད་པ། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །ཞེས་གསུངས་པས་སོ། །རྣམ་བརྫུན་པས། དོན་དུ་སྣང་བའི་གཟུང་རྣམ་སྒྲོ་བཏགས་གཞལ་བྱ། དེ་དངོས་སུ་འཛིན་པའི་ཤེས་པ་ཚད་མ། དེ་ཉམས་སུ་མྱོང་བར་སྣང་བའི་དེ་ལ་རང་རིག་བཏགས་པ་བ་འབྲས་བུར་བཞེད་དོ། །དེ་དངོས་སུ་འཛིན་པའི་ཤེས་པ་སྟེ། བཟུང་རྣམ་སྒྲོ་བཏགས་དེ་རང་མིན་པས་དེ་ལ་རང་རིག་བཏགས་པ་བ་ཡིན་ཀྱང་། རང་གི་ངོ་བོ་ལ་རང་རིག་མཚན་ཉིད་པ་ཡིན་ཏེ། རང་བདག་ཡུལ་དུ་བཞག་པ་ན། །ཞེས་པའི་སྐབས་ནས་བསྟན་པའི་རང་རིག་མཚན་ཉིད་པའི་ཚད་འབྲས་དེ། རྣམ་བརྫུན་པས་ཀྱང་ཁས་ལེན་པའི་ཕྱིར་རོ། །མདོར་ན། བཟུང་རྣམ་ཤེས་པ་བདེན་པ་མདོ་སྡེ་པ་དང་རྣམ་བདེན་པ་གཉིས་ཀྱི་ལུགས་དང་། དོན་ཤེས་གང་དུ་ཡང་མི་བདེན་པ་རྣམ་བརྫུན་པའི་ལུགས་སུ་རྟོགས་ན། གཟུང་རྣམ་གཞལ་བྱར་བྱས་པའི་ཚེ། འབྲས་བུ་ལ་རང་རིག་མཚན་ཉིད་པ་དང་བཏགས་པ་བ་འབྱུང་བའི་ཁྱད་པར་ལ་རྨོངས་པ་མེད་པར་འགྱུར་ཞིང་། དེང་སང་གཟུང་རྣམ་ཡིན་ན། ཤེས་པ་ཡིན་པས་ཁྱབ་པ་རྣམ་བརྫུན་པའི་ཡང་ལུགས་སུ་སྨྲ་བ་དེ་དག་གིས་ནི་བསྐལ་པའི་བར་དུ་འབད་ཀྱང་དོན་དེ་རྟོགས་པར་མི་འགྱུར་ལ། རྣམ་བདེན་བརྫུན་གྱི་ཁྱད་པར་ལ་ཡང་རྨོངས་པར་འགྱུར་རོ། །གཉིས་པ་ནི། རྣམ་བདེན་བརྫུན་གཉིས་ཀས་ཀྱང་ཐ་སྙད་དུ། ཕྱི་རོལ་དོན་དུ་འགྱུར་བའི་སྔོན་པོ་གཞལ་བྱ། བག་ཆགས་བརྟན་བྱུང་གི་ཤེས་པ་ལ་སྔོན་པོ་གསལ་བར་སྣང་བའི་གཟུང་རྣམ་ཚད་མ། ཐ་སྙད་དུ་ཕྱི་དོན་སྔོན་པོ་རིག་པའི་དོན་རིག་མངོན་སུམ་འབྲས་བུར་བཞེད་དེ། འདི་བསྒྲུབ་པ་ལ་ལུང་གིས་བསྒྲུབ་པ་དང་། རིག་པས་བསྒྲུབ་པ་དང་། ཐ་སྙད་ཀྱི་དོན་བཤད་པ་དང་གསུམ་ལས། དང་པོ་ནི། དམིགས་བརྟག་ལས། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། །དོན་ཉིད་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་གསུངས་པའི་ཚིག་རྐང་དང་པོ་གཉིས་ཀྱིས། ཐ་སྙད་དུ་ཕྱི་དོན་འཇོག་པའི་གཞི་ངོས་བཟུང་ནས། དོན་ཉིད་ཅེས་པས་ཐ་སྙད་དུ་དོན་ཉིད་དུ་འཇོག་པར་བསྟན། རྣམ་ཤེས་ངོ་བོའི་ཕྱིར་ཞེས་པས་དོན་ལ་ཤེས་པ་རང་གི་ངོ་བོ་ཡིན་པར་བསྟན། ཚིག་རྐང་ཐ་མས་ཐ་སྙད་དུ་མེད་ན་མི་འབྱུང་གི་འབྲེལ་པ་འགྲུབ་པས་དམིགས་རྐྱེན་གྱི་མིང་གིས་བཏགས་པར་བསྟན་ནོ། །དེ་བཞིན་དུ་རྣམ་ངེས་ལས། དོན་གནས་པ་ནི། རང་རིག་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རང་རིག་པ་ཡིན་ཡང་འབྲས་བུ་ལས་འདི་ནི་དོན་རིག་པར་ཡིན་པར་ལྟའོ། །ཞེས་དང་། རྣམ་འགྲེལ་ལས། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུངས་པའི་དོན་ཡང་། ཐ་སྙད་དུ་དོན་རིག་ཏུ་འཇོག་པའི་དབང་ཤེས་འདི་ཉིད་ལ་རང་དུས་སུ་སྣང་བ་དེ་དོན་ལ་ཤེས་པ་རང་གི་ངོ་བོ་ཡིན་ཡང་དབང་ཤེས་དེའི་འབྲས་བུ་ངེས་ཤེས་ཀྱི་བློའི་ངོ་བོར་ཕྱི་རོལ་གྱི་དོན་ཡིན་པས་ཐ་སྙད་དུ་དོན་དུ་འཇོག་ཅེས་པ་སྟེ། འབྲས་བུ་ལས་ཞེས་པ་ནི་དབང་ཤེས་ཀྱི་འབྲས་བུ་ངེས་ཤེས་ཡིན་པའི་ཕྱིར་རོ། །གང་ཚེ་ཤེས་བྱ་དོན་དུ་ནི། །བཞག་ཕྱིར་ཞེས་དང་། དེ་ཉིད་དོན་དུ་རྣམ་པར་ངེས། །ཞེས་པ་རྩ་འགྲེལ་སྔར་དྲངས་པ་རྣམས་ཀྱིས་ཀྱང་ཐ་སྙད་དུ་ཕྱི་དོན་གཞལ་བྱར་བསྟན་ཅིང་། དེ་ཐམས་ཅད་ཀྱི་དོན་བསྡུས་ནས་རིགས་གཏེར་རང་འགྲེལ་ལས། ཐ་སྙད་ཀུན་རྫོབ་ཏུ་མདོ་སྡེ་པ་ལྟར་དོན་རིག་གི་ཚད་འབྲས་ཡིན་ཏེ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུངས་ལ། གང་ལྟར་ཡང་བློ་ཚུལ་གཉིས་པ་ཡིན་ཏེ། ཞེས་གསུངས་སོ། །གཉིས་པ་ནི། གྲུབ་མཐའ་སྨྲ་བ་ཐམས་ཅད་ལ། གནས་ལུགས་དཔྱོད་པའི་རིག་ངོར་འཇོག་པའི་རྣམ་གཞག་དང་། འཇིག་རྟེན་གྱི་ཐ་སྙད་ལ་ཇི་ལྟར་གྲགས་པ་ལྟར་འཇོག་པའི་ཚུལ་གཉིས་ཡོད་པས། འདིར་ཡང་དེ་ཉིད་ངེས་པར་དགོས་ལ། དེ་ལ་བློ་ཚུལ་གཉིས་དང་། རང་རིག་བསྒྲུབ་པའི་རིགས་པས་དཔྱད་པའི་ཚེ། དབང་ཤེས་ལ་རང་དུས་སུ་སྣང་བ་དེ་ཕྱི་དོན་ཡིན་པ་ཁེགས་ཀྱང་། འཇིག་རྟེན་གྱི་ཐ་སྙད་དུ་དེ་ཉིད་ལ་ཕྱི་དོན་གྱི་རྣམ་གཞག་བྱེད་དེ། གང་ཕྱིར་ཇི་ལྟར་དོན་བདག་སྟེ། །ཤེས་ལ་གནས་པ་དེ་ལྟ་བུ། །འདི་ནི་དེ་ལྟར་གནས་སོ་ཞེས། །ངེས་བྱེད་བདག་ཉིད་རིག་པ་ཡིན། །ཞེས་གསུངས་པ་ལྟར། དབང་ཤེས་ལ་རང་དུས་སུ་སྣང་བ་འདི་ཉིད་ལ། འཇིག་རྟེན་པ་རྣམས་ཀྱིས་གཙང་མི་གཙང་དང་། སྔོན་པོ་ཡིན་མིན་སོགས་ཀྱི་ཐ་སྙད་བྱེད་པའི་ཕྱིར་རོ། །ཐ་སྙད་དུ་ཕྱི་དོན་ཡིན་པ་འདི་ལ་ཡང་། བག་ཆགས་བརྟན་པའི་ཤེས་པ་དགོས་པར་རྣམ་ངེས་ཀྱི་ལུང་གིས་ཤེས་སོ། །གསུམ་པ་ནི། འོ་ན་ཐ་སྙད་ཀྱི་དོན་གང་ཞེ་ན། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་ཚད་མ་གཉིས་ཀྱིས་དྲངས་པའི་ངེས་ཤེས་ལ་ངེས་པ་བློའི་ཐ་སྙད་དང་། ངེས་ཤེས་དེས་དྲངས་པའི་བརྗོད་བྱེད་ཀྱི་སྒྲ་རྣམས་ལ། བརྗོད་པ་སྒྲའི་ཐ་སྙད་དུ་འཇོག་སྟེ། དེ་ལྟ་བུའི་ངེས་ཤེས་དྲངས་པའི་ཚད་མ་ལ། ཀུན་ཏུ་ཐ་སྙད་པའི་ཚད་མར་འཇོག་པ་ནི། རྣམ་ངེས་ལས་གསལ་བར་འབྱུང་ཞིང་། དེའི་དོན་རིགས་གཏེར་ལས་ཅི་ལྟ་བ་བཞིན་དུ་འབྱུང་གི བོད་གཞན་རྣམས་ལ་ཚིག་ཙམ་ཡང་མི་སྣང་ན། དོན་ལྟ་ཅི་སྨོས་སོ། །འདི་ལྟ་བུའི་ཐ་སྙད་ངོས་ཟིན་ན། དངོས་པོ་སྨྲ་བའི་ལུགས་ལ་ཐ་སྙད་དུ་ཡོད་ན་ཡོད་པས་མ་ཁྱབ་པ་དང་། དབུ་མ་པའི་ལུགས་ལ་ཁྱབ་པ་ནི། གནས་ལུགས་དཔྱོད་པའི་རིག་ངོར་ཡོད་པས་ཁས་ལེན་མི་ལེན་གྱི་ཁྱད་པར་ཡིན་པ་ཡང་རྟོགས་པར་འགྱུར་རོ། །གསུམ་པ་དོན་རིག་གི་ཚད་འབྲས་ལ་དོགས་པ་དཔྱད་ནས་རང་རིག་འབྲས་བུར་བསྟན་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། རྩོད་པ་སྤོང་བའོ། །དང་པོ་ནི། རྣམ་ངེས་ལས། གང་གི་རང་བཞིན་གཅིག་ཉིད་ལ་གཅིག་གིས་ཡིད་དུ་འོང་ལ་གཞན་གྱིས་ནི་ཡིད་དུ་མི་འོང་བར་མཐོང་བའི་ཕྱིར་རོ། །ཞེས་དང་། གཞན་ལ་ཡང་ཐ་དད་པ་མེད་པའི་སྒྲ་དང་། དྲི་ལ་སོགས་པའི་ཁྱད་པར་གྱིས་སྲོག་ཆགས་ཀྱི་བྱེ་བྲག་རྣམས་ཀྱི་དབང་པོ་ཉིད་ཀྱིས་བདེ་བ་མི་སྐྱེད་པའི་ཕྱིར་རོ། །ཞེས་ཕྱི་རོལ་ཡུལ་གཅིག་ཉིད་ཀྱི་དབང་ཤེས་སོ་སོ་ལ་རྣམ་པ་ཐ་དད་དུ་གཏོད་པར་བཤད་པས། སེམས་ཙམ་པ་ཁོ་ནའི་ལུགས་མ་ཡིན་ལ། སེམས་ཙམ་པའི་ཚད་འབྲས་ཀྱི་སྐབས་སུ་བཤད་ཅིང་། ལུགས་དེ་ལ་ཐ་སྙད་དུ་ཕྱི་དོན་གཞལ་བྱར་འཐད་པས། མདོ་སྡེ་པ་ཁོ་ནའི་ལུགས་ཀྱང་མ་ཡིན་ནོ། །དེ་གཉིས་ལས་གཞན་པའི་རང་ལུགས་ཀྱི་གྲུབ་མཐའ་བསྟན་བཅོས་འདིར་མི་འབྱུང་བས། དངོས་བསྟན་གྱི་ཚད་འབྲས་འདི། མདོ་སེམས་གཉིས་ཀའི་ལུགས་སུ་གྲུབ་བོ། །འོན་ཀྱང་ཕྱི་དོན་གཞལ་བྱར་འཇོག་ཚུལ་ལ་ཁྱད་པར་ཡོད་ཅིང་། དེའི་སྟོབས་ཀྱིས་གཟུང་རྣམ་ལ་ཡང་ཁྱད་པར་ཡོད་པས། རང་རིག་གི་མྱང་བྱ་ལ་ཡང་ཁྱད་པར་ཡོད་དོ། །གཉིས་པ་ལ། སྡོམ་ནི། གཞུང་གི་སྐབས་དང་གཞལ་བྱ་ཡང་སྒྲ་དང་། །ཚད་མ་འབྲས་བུ་དཔྱད་དང་མ་དཔྱད་དང་། །ཡིད་ཆེས་ལུང་ལས་མདོ་སེམས་གཉིས་ཀ་ལ། །འབྲས་རྟོགས་ཚུལ་འདི་འཐད་པར་ཁོ་བོས་མཐོང་། །ཞེས་པ་སྟེ། འདི་ལ་དོན་ཚན་བདུན་ལས། དང་པོ་གཞུང་གི་སྐབས་གཉིས་ཀ་ལ་སྦྱར་བ་ནི། མདོ་སྡེ་པ་ཁོ་ནའི་ལུགས་ཡིན་ན། དོན་རིག་གི་ཚད་འབྲས་རྫོགས་ནས་རྣམ་རིག་པའི་ཚད་འབྲས་མ་བྱུང་གི་བར་དེར་འབྱུང་རིགས་ཏེ། མདོ་སྡེ་པའི་དོན་རིག་གི་ཚད་འབྲས་ཁོ་ན་ལ་དོགས་པ་དཔྱོད་བྱེད་ཡིན་ཞིང་། སེམས་ཙམ་པའི་ལུགས་ལ་མེད་པའི་ཕྱིར་རོ། །སེམས་ཙམ་པ་ཁོ་ནའི་ལུགས་ཡིན་ན། རང་རིག་ཅེས་ནི་རབ་ཏུ་བཤད། །ཅེས་པའི་འོག་ཏུ་འབྱུང་བར་རིགས་ཏེ། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་སོགས་ཀྱི་གཞུང་དེ། གཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་ལ་དོགས་པ་དཔྱོད་བྱེད་ཡིན་པས། གཞུང་འདིས་བར་དུ་བཅད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །དེས་ན་མདོ་སྡེ་པའི་ལུགས་ཀྱི་ཕྱི་དོན་གཞལ་བྱ་ལ། དོན་རིག་འབྲས་བུར་བྱས་པའི་ཚད་འབྲས་དང་། རྣམ་རིག་པའི་ལུགས་ཀྱི་བཟུང་རྣམ་གཞལ་བྱ་ལ། རང་རིག་འབྲས་བུར་བྱས་པའི་ཚད་འབྲས་དང་། ཐ་སྙད་དུ་ཕྱི་དོན་གཞལ་བྱ་ལ་ཐ་སྙད་དུ་དོན་རིག་འབྲས་བུར་བྱས་པའི་ཚད་འབྲས་གཉིས་ཏེ། གསུམ་བཤད་ཟིན་པའི་རྗེས་སུ། ཚད་འབྲས་འདི་འབྱུང་བས་བཟུང་རྣམ་གཞལ་བྱ་ལ་རང་རིག་འབྲས་བུ་ཡིན་པར་མ་ཟད། ཕྱི་དོན་གཞལ་བྱར་བྱས་པ་གཉིས་པོ་ལ་ཡང་། རྗེས་ཀྱི་ངེས་ཤེས་ཀྱི་གཞན་ངོ་ལ་ལྟོས་ནས་དོན་རིག་འབྲས་བུར་བཞག་པ་ཡིན་གྱི། འོག་ནས་འཆད་པའི་བློ་ཚུལ་གཉིས་དང་། རང་རིག་བསྒྲུབ་པའི་རིགས་པས་དཔྱད་ན། རང་རིག་འབྲས་བུར་རིགས་ཏེ། དབང་ཤེས་ཀྱི་རང་དུས་སུ་སྣང་བ་འདི་ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་བཟུང་རྣམ་ཡིན་པའི་ཕྱིར་རོ། །ཞེས་སྟོན་པས་འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །གཉིས་པ་གཞལ་བྱ་གཉིས་ཀ་ལ་སྦྱོར་བ་ནི། མདོ་སྡེ་པའི་ལུགས་ལ་ཕྱི་དོན་ལྐོག་ན་མོ་གཞལ་བྱ་དང་། རྣམ་རིག་པའི་ལུགས་ལ། ཐ་སྙད་དུ་ཕྱི་དོན་གཞལ་བྱར་འཐད་པའི་ཚུལ། སྔར་བཤད་ཟིན་པས་འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །གསུམ་པ་ཡང་སྒྲ་གཉིས་ཀ་ལ་སྦྱར་བ་ནི། མདོ་སྡེ་པ་ལ་སྦྱར་བའི་ཚེ་བཟུང་རྣམ་གཞལ་བྱ་ལ་རང་རིག་འབྲས་བུར་མ་ཟད་ཕྱི་དོན་གཞལ་བྱ་ལ་ཡང་ཞེས་སྦྱར་ལ། རྣམ་རིག་པ་ལ་སྦྱར་བའི་ཚེ་རིགས་པས་དཔྱད་པའི་ཚེ་ཕྱི་དོན་མེད་མོད། ཐ་སྙད་དུ་ཕྱི་དོན་ཡོད་ན་ཡང་ཞེས་སྦྱར་བར་བྱ་བ་ཡིན་པས། འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །བཞི་པ་ཚད་མ་གཉིས་ཀ་ལ་སྦྱར་བ་ནི། ཕྱི་དོན་གཞལ་བྱར་བྱས་པའི་ཚེ་བཟུང་རྣམ་ཚད་མ་ཡིན་པ་ནི། མདོ་སེམས་གཉིས་ཆར་གྱིས་ཁས་ལེན་དགོས་ཏེ། སྔ་མས་ཕྱི་དོན་ལྐོག་ན་མོ་གཞལ་བྱར་བྱས་པའི་ཚེ་དེས་བཞག་པའི་རྣམ་པ་ཚད་མར་འདོད་ཅིང་། ཕྱི་མས་ཐ་སྙད་དུ་ཕྱི་དོན་གཞལ་བྱར་བྱས་པའི་ཚེ་ཐ་སྙད་དུ་དོན་རིག་པར་འཇོག་དགོས་ལ། དེ་ཡང་དོན་གྱི་རྣམ་པ་ཅན་གྱི་བཟུང་རྣམ་ཁོ་ནས་འཇོག་ནུས་ཀྱི་གཞན་གྱིས་འཇོག་མི་ནུས་པའི་ཕྱིར་རོ། །འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །ལྔ་པ་འབྲས་བུ་གཉིས་ཀ་ལ་སྦྱར་བ་ནི། དཔྱད་ན་རང་རིག་འབྲས་བུ་ཡིན་པ་ཡང་། མདོ་སེམས་གཉིས་ཆར་གྱི་ལུགས་ཏེ། མདོ་སྡེ་པས་ཕྱི་དོན་གཞལ་བྱ་བྱས་པའི་ཚེ་ཚུལ་གཉིས་གྲུབ་པར་འདོད་ཅིང་། ཚུལ་གཉིས་སྒྲུབ་པས་རང་རིག་གྲུབ་པའི་ཕྱིར་ཏེ། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར་དང་། རྣམ་རིག་པ་ལ་གཟུང་འཛིན་རྫས་གཞན་པ་མེད་པས། དཔྱད་ན་རང་རིག་འབྲས་བུ་ཡིན་པ་ལས་འོས་མེད་པའི་ཕྱིར་འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །དྲུག་པ་དཔྱད་མ་དཔྱད་གཉིས་ཀ་ལ་སྦྱར་བ་ནི། མདོ་སེམས་གཉིས་ཆར་གྱིས་ཀྱང་དབང་ཤེས་ལ། རང་དུས་སུ་སྣང་བ་འདི་མ་དཔྱད་ན་ཕྱི་དོན་ཡིན་པ་དང་། དཔྱད་ན་ཤེས་པ་རང་གི་ངོ་བོར་འདོད་པར་ཁྱད་པར་མེད་དེ། མདོ་སྡེ་པས་ནི། ཕྱི་དོན་ལྐོག་ན་མོའི་རྣམ་དབྱེ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་ངེས་ཤེས་དེས་ཀྱང་སྤྱིར་ཕྱི་རོལ་གྱི་དོན་ངེས་པར་འདོད་ཅིང་། རྣམ་རིག་པས་ནི། བག་ཆགས་བརྟན་བྱུང་གི་དབང་ཤེས་ཀྱིས་དྲངས་པའི་ངེས་ཤེས་ཀྱི་ངོར་དབང་ཤེས་ལ་རང་དུས་སུ་སྣང་བ་ནི་ཕྱི་དོན་ཡིན་པར་འདོད་པའི་ཕྱིར་དང་། གཉིས་ཀས་ཀྱང་དཔྱད་པའི་ཚེ་བཟུང་རྣམ་དུ་འདོད་པའི་ཕྱིར་རོ། །འདིས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་བོ། །བདུན་པ་ཡིད་ཆེས་པའི་ལུང་གཉིས་ཀ་ལ་སྦྱར་བ་ནི། སྔར་དྲངས་པའི་དབང་ཤེས་ཀྱི་ཡུལ་ཐུན་མོང་བ་ཡོད་པའིཾ། རྣམ་ངེས་ཀྱི་ལུང་དང་། རྣམ་རིག་པའི་ལུགས་ལ་ཐ་སྙད་དུ་ཕྱི་དོན་ཡོད་པའི་ལུང་རྣམས་དང་། འཆད་པར་འགྱུར་བའི་བློ་ཚུལ་གཉིས་པ་དང་། རང་རིག་བསྒྲུབ་པའི་གཞུང་རྣམས་ནི། ཕྱི་དོན་ཁས་བླངས་པ་དང་མ་བླངས་པ་ཙམ་མ་གཏོགས། མདོ་སེམས་གཉིས་ཆར་གྱི་ལུགས་ཡིན་པ་རྣམས་ནི། དངོས་བསྟན་གྱི་ཚད་འབྲས་མདོ་སེམས་གཉིས་ཆར་གྱི་ལུགས་ཡིན་པའི་ལུང་དུ་འགྱུར་རོ། །དེ་དང་འདྲ་བའང་གཞན་འདྲའང་རུང་། །ཞེས་པས་ཀྱང་གཉིས་ཀའི་ལུགས་སུ་གྲུབ་སྟེ། དེ་དང་འདྲ་བ་ཞེས་པ་ནི། ཕྱི་དོན་དང་འདྲ་བ་མདོ་སྡེ་པའི་ལུགས་ཡིན་ལ། གཞན་འདྲ་ལ། ལྷས་མི་འདྲ་བ་ཞེས་བཤད་ཅིང་། སྔ་རབས་པ་ཁ་ཅིག གཞན་བག་ཆགས་དང་འདྲ་བ་ཞེས་བཤད་པ་དོན་གཅིག་པར་སྣང་སྟེ། རྣམ་རིག་པའི་ལུགས་ཡིན་པའི་ཕྱིར་རོ། །མདོར་ན་དེ་ཐམས་ཅད་ཀྱི་དོན་བསྡུས་ནས་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས། ཉན་ཐོས་སྡེ་གཉིས་དང་སེམས་ཙམ་རྣམ་བདེན་བརྫུན་གྱི་ཚད་འབྲས་བཞི་བཤད་ཟིན་ནས། དེ་ལྟར་གྲུབ་མཐའ་བཞི་ལས། སློབ་དཔོན་ནི་ཕྱི་རོལ་གྱི་དོན་ཁས་ལེན་པ་ན་མདོ་སྡེ་པ་ལྟར་མཛད་ལ། ཤེས་བྱ་ནང་ལ་འཇུག་པ་ན་རྣམ་མེད་ཞལ་གྱིས་བཞེས་སོ། །གཉིས་ཀ་ལྟར་ཡང་དོན་དམ་པར་རང་རིག་གི་ཚད་འབྲས་ཡིན་ཏེ། རྣམ་འགྲེལ་ལས། རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། །ཅེས་གསུངས་པས་སོ། །ཐ་སྙད་ཀུན་རྫོབ་ཏུ་མདོ་སྡེ་པ་ལྟར། །དོན་རིག་གི་ཚད་འབྲས་ཡིན་ཏེ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུངས་ལ། གང་ལྟར་ཡང་བློ་ཚུལ་གཉིས་པ་ཡིན་ཏེ། དོན་རིག་ལྟར་ན་ཡང་། ཕྱི་རོལ་དོན་ལ་བརྟེན་ནས་ནི། །ཚུལ་གཉིས་བརྗོད་ཡིན། ཞེས་གསུངས་པས་དོན་ཤེས་པ་དང་། བློ་ཤེས་པའི་ཚུལ་གཉིས་ཡིན་ལ། རྣམ་རིག་པ་ལྟར་ན། ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་གསུངས་པས་སོ། །བློ་གཅིག་ལ་མ་རིག་པས་བསླད་པས་ཡུལ་དང་ཤེས་པའི་ཚུལ་གཉིས་ཡིན་ནོ། །ཁོ་བོ་ཅག་ཀྱང་ཆོས་ཀྱི་གྲགས་པའི་ཚུལ་འདིའི་རྗེས་འབྲང་ངོ་། །བོད་ཕལ་ཆེར་བྱེ་བྲག་ཏུ་སྨྲ་བའི་རྗེས་སུ་འབྲང་མོད། དེ་ནི་དངོས་པོ་སྟོབས་ཤུགས་ཀྱི་རིགས་པ་མ་ཤེས་པར་ཟད་དོ། །ཞེས་གསུངས་སོ། །རིགས་གཏེར་གྱི་དགོངས་པ་འདི་ལས་གཞན་དུ་འཆད་པ་རྣམས་ཀྱིས་ནི། རིགས་གཏེར་རྩ་འགྲེལ་གང་ན་ཡོད་སྟོན་དགོས་སོ། །འོ་ན་སྐབས་འདིའི་ཚད་འབྲས་ཇི་ལྟ་བུ་ཞེ་ན། སྔར་གྱི་དོན་རིག་གི་ཚད་འབྲས་གཉིས་ཀྱི་གཞལ་བྱ་དང་། ཚད་མ་གཞིར་བྱས་ནས་འབྲས་བུའི་སྐབས་སུ་ཐ་སྙད་དུ་ཕྱི་དོན་སྔོན་པོ་རིག་པ་ཡིན་ཡང་དཔྱད་ན་རང་གི་ངོ་བོ་རིག་པའི་མངོན་སུམ་འབྲས་བུ་ཞེས་སྦྱར་བ་ཉིད་དོ། །གསུམ་པ་ནི། རྒྱལ་དབང་བློས། རྣམ་པར་རིག་པ་ཙམ་གྱི་བཞིན་དུ་འཛིན་པའི་རྣམ་པ་འདོད་པ་ནི་མ་ཡིན་ཏེ། ཞེས་དང་། ལྷས་འཛིན་བདག་ཤེས་པའི་སྟེ། རྣམ་པར་རིག་པ་ཙམ་གྱི་ཕྱོགས་བཞིན་ནོ། །ཞེས་རྣམ་རིག་པ་དཔེར་བྱས་པ་དང་། ཤེས་བྱ་ནང་གིར་སྨྲ་བའི་ཕྱོགས་ཀྱི་དོགས་པ་བསུ་བའི་ཕྱིར། ཞེས་རྣམ་རིག་པ་ཕྱོགས་སྔར་བྱས་པའི་ཕྱིར་ན་རྣམ་རིག་པ་ལ་སྦྱོར་བ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། སེམས་ཙམ་པའི་ལུགས་ལ་ཕྱི་དོན་བཀག་ནས། རྣམ་རིག་པ་ཙམ་གྱི་ཚད་འབྲས་དང་། ཐ་སྙད་དུ་ཕྱི་དོན་ཁས་བླངས་པའི་ཚད་འབྲས་གཉིས་ལས། དང་པོ་ནི། བཟུང་རྣམ་གཞལ་བྱ་ལ། རང་རིག་འབྲས་བུ་བྱས་པའི་ཚད་འབྲས་དེ་ཉིད་ཡིན་པས། དེའི་ཕྱོགས་བཞིན་དུ་རང་རིག་འབྲས་བུ་ཡིན་ན་འཛིན་རྣམ་ཚད་མར་འགྱུར་རོ། །ཞེས་དོགས་པ་བསུ་ཞིང་དེའི་ལན་བཏབ་པའི་ཕྱིར་རོ། །དེ་ལས་གཞན་པའི་རྩོད་སྤོང་རྣམས་ནི། རང་ལུགས་ཀྱི་རྣམ་གཞག་རྟོགས་ན། རང་གྲོལ་དུ་འགྱུར་བས་འདིར་མ་སྨོས་སོ། །བཞི་པ་རྣམ་རིག་པའི་ཚད་འབྲས་ལ་དོགས་པ་དཔྱད་ནས། རང་རིག་པའི་ཚད་འབྲས་ངོས་བཟུང་བ་ནི། མདོར། དེ་ལྟར་རྣམ་པ་དུ་མ་རིག་པའི་ཤེས་པ་དུ་མ་ཉེ་བར་བླངས་པ་དེ་ལྟར་ཚད་མ་དང་། གཞལ་བྱ་ཉིད་དུ་ཉེ་བར་འདོགས་ཏེ་དེ་ཉིད་སྨྲས་པ། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་ནི་དེ་ཡི་འབྲས། །འཛིན་རྣམ་རིག་པ་དེ་ཡི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་དང་། དེའི་དོན་རྣམ་འགྲེལ་འདིར། བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་པ་ནས། རང་རིག་ཅེས་ནི་རབ་ཏུ་བཤད། །ཅེས་པའི་བར་གསུངས་སོ། །དེ་ལ་བློ་བདག་ཅེས་སོགས་ཚིགས་བཅད་གསུམ་གྱིས། གཟུང་འཛིན་རིག་གསུམ་པོ་དོན་ལ་ཐ་དད་དུ་མེད་ཀྱང་། བློ་འཁྲུལ་པ་ལ་ཐ་དད་དུ་སྣང་བར་བསྟན། གཟུང་བ་འཛིན་པ་རིག་པ་དག །ཅེས་སོགས་ཚིགས་བཅད་གཅིག་གིས་སྣང་བ་དེ་ལ་བརྟེན་ནས། ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་བྱས་པ་བསྟན་ཏོ། །དེ་ལྟར་མ་ཡིན་ན་ཞེས་སོགས་ཚིགས་བཅད་གསུམ་གྱིས། གཟུང་འཛིན་རིག་གསུམ་གྱི་ནང་ནས། གཟུང་རྣམ་བདེན་མེད་དུ་བསྒྲུབ་པའི་རིགས་པ་བསྟན། དེས་ན་སྔར་ཚད་འབྲས་གཉིས་པའི་སྐབས་སུ་གཟུང་རྣམ་གཞལ་བྱར་བཞག་པ་ཡང་བདེན་བརྫུན་མ་ཕྱེ་བ་ཡིན་ཞིང་། རང་རིག་འབྲས་བུ་བཞག་པ་ཡང་དངོས་བརྟགས་མ་ཕྱེ་བ་ཡིན་པས། རྣམ་བདེན་བརྫུན་གཉིས་ཀའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་བཟུང་རྣམ་སྒྲོ་བཏགས་སུ་བསྒྲུབ་པས་དེ་ལ་ལྟོས་པའི་རང་རིག་བརྟགས་པ་བ་ཡིན་པ་རྣམ་བརྫུན་པའི་ལུགས་བསྒྲུབ་པའོ། །དེ་གསུམ་དོན་ལ་ཐ་དད་མེད་ཀྱང་འཁྲུལ་ངོར་ཐ་དད་དུ་སྣང་བ་ལ། རྩོད་པ་སྤོང་བ་ནི། ཆོས་མཐུན་པ་ཉིད་མཐོང་བ་ལས། །ཞེས་སོགས་ཚིགས་བཅད་གསུམ་མོ། །འོ་ན་རྣམ་བརྫུན་པའི་ལུགས་ཀྱི་རང་རིག་མཚན་ཉིད་པ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་ཇི་ལྟ་བུ་ཞེ་ན། དེ་ལ་བློ་ནི་ཡོངས་གཅོད་པ། །ཞེས་སོགས་ཚིགས་བཅད་བཞི་སྟེ། འདི་ནི་གཞུང་གི་སྐབས་རྣམ་བརྫུན་པའི་ཡིན་ཀྱང་། རང་རིག་ཁས་ལེན་པའི་རང་རིག་གི་ཚད་འབྲས་ཐམས་ཅད་ལ་སྦྱར་བར་བྱ་བ་ཡིན་ཏེ། རིགས་གཏེར་ལས། དེ་ལ་རང་རིག་ཚད་འབྲས་ནི། །རྣམ་གཞག་གྲུབ་མཐའ་ཕལ་ཆེར་མཐུན། །ཞེས་པའི་སྐབས་སུ་འདིའི་གཞུང་ཤེས་བྱེད་དུ་འདྲེན་པར་མཛད་པའི་ཕྱིར་རོ། །གསུམ་པ་བློ་ཚུལ་གཉིས་དང་རང་རིག་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་ལ་གཉིས་ཏེ། ཚུལ་གཉིས་བསྒྲུབ་པ་དང་། རང་རིག་བསྒྲུབ་པའོ། །དང་པོ་ལ་བཞི་སྟེ། གང་ཟག་གང་གི་ངོར་བསྒྲུབ། བློ་གང་གི་བསྒྲུབ། བསྒྲུབ་བྱ་ཚུལ་གཉིས་ཀྱི་ངོ་བོ། ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ནི། ཕྱི་དོན་ཁས་བླངས་པའི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་ནི་སྔར་རྒོལ་མདོ་སྡེ་པ་དང་། ཕྱི་དོན་ཁས་མ་བླངས་པའི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་ནི། སྔར་རྒོལ་སེམས་ཙམ་པས་ཕྱི་རྒོལ་བྱེ་བྲག་ཏུ་སྨྲ་བ་མན་ཆད་ཀྱི་ངོར་བསྒྲུབ་པ་ཡིན་ཏེ། བློ་རྣམ་མེད་དུ་འདོད་པའི་རྒོལ་བའི་ངོར་བསྒྲུབ་དགོས་པའི་ཕྱིར། གཉིས་པ་ནི། དོན་སྣང་གི་ཤེས་པ་ཐམས་ཅད་དེ་ལྟར་བསྒྲུབ་པ་ཡིན་ཏེ། དེ་ལ་རང་དུས་སུ་སྣང་བ་དེ་ཕྱི་དོན་ཡིན་པ་བཀག་ནས། ཤེས་པའི་ངོ་བོར་བསྒྲུབ་དགོས་པའི་ཕྱིར་རོ། །གསུམ་པ་ནི། ཡུལ་དང་ཡུལ་ཅན་གྱི་ཚུལ་གཉིས་ཙམ་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། ཕྱི་རྒོལ་ལ་གྲུབ་ཟིན་པའི་ཕྱིར། བློ་གཅིག་ཉིད་ལ་ཉམས་སུ་མྱོང་བ་འཛིན་རྣམ་གྱི་ཚུལ་དང་། ཡུལ་དུ་སྣང་བ་གཟུང་རྣམ་གྱི་ཚུལ་གཉིས་ལས། དང་པོ་དེ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། ཕྱི་རྒོལ་ལ་གྲུབ་ཟིན་པའི་ཕྱིར་རོ། །དེས་ན་ཕྱི་མ་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་དོན་རང་བཞིན་ཉིད་མ་གྲུབ། །དེ་ཡང་ཡང་དག་དྲན་ལས་གྲུབ། །ཅེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། སློབ་དཔོན་ཕྱོགས་གླང་གིས། ཡུལ་ཤེས་དེ་ཡི་ཤེས་པ་ཡིན། །ཞེས་དང་། དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཞེས་གསུངས་པའི་དོན་ལ་གཉིས་ཏེ། གཞུང་ལས་བསྟན་ཚུལ་སྤྱིར་བསྟན། དཀའ་བའི་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། གཞུང་དང་པོ་ལ་བརྟེན་ནས་བསྒྲུབ་པ་དང་། གཞུང་ཕྱི་མ་བརྟེན་ནས་བསྒྲུབ་པ་གཉིས། དང་པོ་ནི། གཞུང་དེའི་དོན་ལ་ཕྱོགས་གླང་གིས་བཤད་པའི་རིགས་པ་གཉིས་དང་། ཆོས་གྲགས་ཀྱིས་བཤད་པའི་རིགས་པ་ལྔ་སྟེ་བདུན་ཡིན་པར་མངོན་ཏེ། ངེས་པར་བློ་དང་ལྷན་ཅིག་ཏུ། །ཞེས་པའི་སྔ་འགྲེལ་དུ་ལྷས་དེ་དེ་ལྟར་ན་ཡུལ་གྱི་ཤེས་པ་ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར། ངེས་པར་བློ་དང་ཞེས་བྱ་བ་ལ་སོགས་པས་བདག་ཉིད་ཀྱིས་རིགས་པ་གཞན་སྟོན་པར་མཛད་དོ། །ཞེས་དང་། འདིར་ཡང་སྐྱོན་ནི་སྔར་བཞིན་ནོ། །ཞེས་པའི་འགྲེལ་པར། ཡུལ་གྱི་ཤེས་པ་དེ་ཤེས་པ་ཞེས་བྱ་བ་ལ་སོགས་པ་བཤད་ན། རང་ཉིད་ཀྱིས་ཚུལ་གཉིས་རབ་ཏུ་བསྒྲུབ་པ་ཡིན་ནོ། །ཞེས་གསུངས་པའི་རིགས་པ་ཕྱི་མ་ལྔ་པོ་ཕྱོགས་གླང་གི་གཞུང་གི་དོན་ལ་ཆོས་གྲགས་ཀྱི་རིགས་པས་ཚུལ་གཉིས་བསྒྲུབ་པ་ཡིན་པར་གསལ་བའི་ཕྱིར་རོ། །གཉིས་པ་ནི། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་སོགས་ཀྱིས་སྟོན་ཏོ། །གཉིས་པ་ལ་བཞི་སྟེ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་འགོད་པའི་ཕྱིར་རྒོལ་ངོས་བཟུང་བ། དགོད་བྱའི་རྟགས་ཀྱི་ངོ་བོ་ངོས་བཟུང་། དེ་ཉིད་ཀྱི་ཚུལ་བསྒྲུབ། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། ཕྱི་དོན་ཁས་བླངས་པའི་ལྷན་ཅིག་དམིགས་ངེས་དང་། ཁས་མ་བླངས་པའི་ལྷན་ཅིག་དམིགས་ངེས་ཀྱི་རྟགས་གཉིས་ལས། དང་པོ་ནི། མདོ་སྡེ་པའི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ། གཉིས་པ་ནི། སེམས་ཙམ་པའི་ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་ཡིན་པས། གཉིས་ཀ་ཡང་བྱེ་བྲག་ཏུ་སྨྲ་བ་མན་ཆད་ཀྱི་ངོར་འགོད་པ་ཡིན་ཏེ། བློ་རྣམ་མེད་དུ་འདོད་པའི་རྒོལ་བའི་ངོར་འགོད་པའི་ཕྱིར་རོ། །གཉིས་པ་ལ་ཆོས་ཅན་གྱི་དོན་ནི། དོན་དུ་སྣང་བའི་དབང་ཤེས་དང་། དེ་ལ་རང་དུས་སུ་དོན་དུ་སྣང་བ་གཅིག་ཡིན་ནོ། །ཆོས་ཀྱི་དོན་ནི་རྣམ་ངེས་ལས། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དང་། རྣམ་འགྲེལ་ལས། ཡུལ་ནི་དེ་ལས་གཞན་ཉིད་དུ། །རྣམ་གང་གིས་ནི་འགྲུབ་པར་འགྱུར། །ཞེས་པ་ལྟར་ན། རྫས་གཞན་བཀག་པ་བསྒྲུབ་བྱའི་ཆོས་ཡིན་ཞིང་། ཡང་རྣམ་འགྲེལ་ལས། སྔོན་པོར་སྣང་བ་མཐོང་བ་ཡིན། །ཞེས་དང་། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །ཞེས་པའི་འགྲེལ་པར། ལྷས་སྦྱོར་བ་ཡང་། གང་ཞིག་གང་དམིགས་པ་ན་དམིགས་པར་འགྱུར་བ་དེ་ནི་དེ་ཉིད་ཡིན་པར་འགྱུར་ཏེ། ཞེས་པ་ལྟར་ན། རྫས་གཅིག་ཡིན་པ་བསྒྲུབ་བྱའི་ཆོས་ཡིན་ཏེ། སྔ་མ་ནི་རྣམ་བརྫུན་པ་དང་། ཕྱི་མ་ནི་རྣམ་བདེན་པའི་དབང་དུ་བྱས་པའོ། །མཐུན་པའི་དོན་ནི། ཁ་ཅིག ཟླ་བ་གཉིས་སྣང་གི་དབང་ཤེས་དང་། དེ་ལ་རང་དུས་སུ་ཟླ་གཉིས་སུ་སྣང་བའི་རྣམ་པ་བཞིན་ཞེས་ཟེར་བ་མི་འཐད་དེ། དེ་ཉིད་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །དེས་ན་དབང་ཤེས་འཁྲུལ་པ་ལ་སྣང་བའི་ཟླ་གཉིས་ཀྱི་རྣམ་པ་བཞིན་ཞེས་པའི་དོན་ཡིན་ཏེ། དམིགས་བརྟག་ལས། རྫས་སུ་མེད་དེ་ཟླ་གཉིས་བཞིན། །ཞེས་དང་། རྣམ་འགྲེལ་ལས། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །ཞེས་དང་། དེའི་འགྲེལ་པར་ལྷས། དཔེར་ན་ཟླ་བ་གཅིག་ལ་མིག་འཁྲུལ་པ་ཅན་གྱིས། གཞན་གཉིས་འཛིན་པ་དེ་བཞིན་ཞེས་དང་། ཆོས་མཆོག་གིས། ཟླ་གཉིས་ཀྱང་ཕན་ཚུན་བཞིན་ནོ། །ཞེས་དང་། རིགས་གཏེར་ལས། རྫས་གཞན་ཡིན་ན་རྟགས་མི་སྲིད། །ཟླ་གཉིས་སྣང་བཞིན། ཞེས་ཟླ་གཉིས་སུ་སྣང་བ་ཁོ་ན་དཔེར་བཟུང་བའི་ཕྱིར་རོ། །གཏན་ཚིགས་ཀྱི་དོན་ནི་རྣམ་བརྫུན་པ་ལྟར་ན། ལྷན་ཅིག་པ་ནི་ཡུལ་དུས་ཅིག་ཅར་དུ་སྣང་བ་ཡིན་ལ། དམིགས་པ་ནི་འཛིན་པ་ཡིན་ལ། ངེས་པ་ནི་ཁྱབ་པ་ཡིན་ནོ། །རྣམ་བདེན་པ་ལྟར་ན། དམིགས་པ་ནི་མྱོང་བ་ཡིན་ལ་གཞན་སྔ་མ་དང་འདྲའོ། །དེས་ན་རྣམ་བརྫུན་པ་ལྟར་ན། དུས་མཉམ་ཐ་དད་དུ་སྣང་བའི་ཐ་སྙད་ཡུལ་ཡུལ་ཅན་གང་ཞིག ཅིག་ཅར་སྣང་བའམ་འཛིན་པས་ཁྱབ་པ། རྣམ་བདེན་པ་ལྟར་ན་མྱོང་བས་ཁྱབ་པའོ། །གསུམ་པ་ནི། ཕྱོགས་ཆོས་ནི། རང་རིག་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་ཅིང་། རྗེས་ཁྱབ་ནི། མཐུན་དཔེ་དབང་ཤེས་འཁྲུལ་པ་ལ་སྣང་བའི་ཟླ་གཉིས་ཀྱི་རྣམ་པའི་སྟེང་དུ་གྲུབ་སྟེ། གཏན་ཚིགས་ལྷན་ཅིག་དམིགས་ངེས་དང་། བསྒྲུབ་ཆོས་རྫས་གཞན་མ་ཡིན་པ་གཉིས་དེ་ལ་རྗེས་སུ་འགྲོ་བའི་ཕྱིར་རོ། །ལྡོག་ཁྱབ་ནི། མི་མཐུན་དཔེ་རྫས་གཞན་ལ་གཏན་ཚིགས་ལྷན་ཅིག་དམིགས་ངེས་འགོག་པར་བྱེད་དེ། སྤྱིར་ཐ་དད་ལ་དུས་མི་མཉམ་པ་དང་མཉམ་པ་གཉིས་ལས། དང་པོ་ནི། དུས་མི་མཉམ་པ་ཉིད་ལ་ལྷན་ཅིག་དམིགས་ངེས་ཁེགས་ལ། གཉིས་པ་ལ། ལྡོག་པ་ཐ་དད་དང་། རྫས་ཐ་དད་གཉིས་ལས། དང་པོ་ནི། འདིའི་མཐུན་དཔེ་ཡིན་ལ། ཕྱི་མ་ལ། ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་ཁེགས་ཏེ། དེ་གཉིས་དུས་མཉམ་རྫས་གཞན་ཡིན་པས་འབྲེལ་པ་མེད་པའི་ཕྱིར། བཞི་པ་རྩོད་པ་སྤོང་བ་ལ་གཉིས་ཏེ། རྟགས་ཀྱི་ཚུལ་ལ་རྩོད་པ་སྤོང་བ་དང་། སེམས་ཙམ་པའི་གྲུབ་མཐའ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དགེ་བསྲུངས་ན་རེ། ཁྱོད་ཀྱི་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་དེ་མི་འཐད་དེ། དེ་ལ་མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པའི་སྐྱོན་གསུམ་ཡོད་པའི་ཕྱིར་རོ། །དང་པོ་ནི། ལྷན་ཅིག་བཟུང་བས་གཉིས་འཛིན་བློ། །གཅིག་པར་འདོད་ན་དེ་མ་གྲུབ། །ཅེས་ཏེ། སྐྱེས་བུ་དུ་མས་ཕན་ཚུན་ཟླ་བ་གཅིག་ལ་དམིགས་པ་ན། ཕན་ཚུན་ཟླ་བ་འཛིན་པའི་ཤེས་པ་མ་དམིགས་ཀྱང་ཟླ་བ་གཅིག་དམིགས་པ་བཞིན་ནོ། །སྙམ་ན་སྐྱོན་མེད་དེ། སྐྱེས་བུ་དུ་མ་ལ་ཟླ་བ་གཅིག་སྣང་བ་ན་བག་ཆགས་མཐུན་པར་སད་པ་ཡིན་གྱི། ཟླ་བ་གཅིག་དུ་མར་སྣང་བ་མ་ཡིན་པའི་ཕྱིར། དཔེར་ན་སྐྱེས་བུ་དུ་མས་རྨི་ལམ་མཐུན་པར་རྨིས་པ་བཞིན་ནོ། །གཉིས་པ་ནི། གཏན་ཚིགས་འདི་འགལ་གང་གིས་ཕྱིར། །འཇིག་རྟེན་ན་ནི་ལྷན་ཅིག་སྒྲ། །གཞན་མ་ཡིན་པ་དག་ལ་མེད། །དེ་ཕྱིར་ལྡོག་པས་ཁྱབ་ཕྱིར་རོ། །ཞེས་ཏེ། ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་ནི་འགལ་ཏེ། ལྷན་ཅིག་ཡིན་ན་དུ་མ་ཡིན་དགོས། དུ་མ་ཡིན་ན་རྫས་གཞན་མིན་པ་འགལ་དགོས་པའི་ཕྱིར་རོ། །སྙམ་ན་སྐྱོན་མེད་དེ། འདིར་ལྷན་ཅིག་པའི་དོན་ནི། གཉིས་སུ་སྣང་ཡང་གཉིས་སུ་མི་བདེན་པ་ལ་འཇོག་པའི་ཕྱིར་རོ། །གསུམ་པ་ནི། ཐ་དད་ཡིན་ན་མ་ངེས་ཏེ། །སངས་རྒྱས་ཡེ་ཤེས་གཞན་སེམས་དང་། །སེམས་དང་སེམས་བྱུང་དག་གིས་ཀྱང་། །གཏན་ཚིགས་འདི་ནི་འཁྲུལ་ཕྱིར་རོ། །ཞེས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དང་། སོ་སྐྱེའི་ཤེས་པ་གཉིས་པོ་ཆོས་ཅན། རྫས་གཞན་མ་ཡིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། སེམས་དང་སེམས་བྱུང་དང་། སྣང་བ་དང་། གཟུགས་ཆོས་ཅན། རྫས་གཞན་མ་ཡིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་སྙམ་ན། ཐལ་བ་དང་པོའི་གཏན་ཚིགས་མ་གྲུབ་སྟེ། སོ་སྐྱེའི་ཤེས་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་དམིགས་པར་ཐལ། སོ་སྐྱེའི་ཤེས་པ་དམིགས་པའི་ཕྱིར། ཐལ་བ་གཉིས་པ་ལ་འདོད་དེ། མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་མཐའ་ལ་སེམས་དང་སེམས་བྱུང་རྫས་གཞན་དུ་མེད་པའི་ཕྱིར་རོ། །ཐལ་བ་གསུམ་པ་ནི། གཟུགས་དམིགས་པ་སྣང་བ་ལ་ལྟོས་པའི་གང་ཟག་གི་ངོར། དེ་གཉིས་རྫས་གཞན་མ་ཡིན་པར་འདོད་དེ། ལྕགས་གོང་དམར་འབར་བར་གྱུར་པ་བཞིན་ནོ། །གཟུགས་དམིགས་པ་སྣང་བ་ལ་མ་ལྟོས་པའི་བྱི་ལ་ལྟ་བུའི་ངོར། གཏན་ཚིགས་མ་གྲུབ་སྟེ། དེའི་གཟུགས་མ་དམིགས་པའི་ཚེ་སྣང་བ་དམིགས་པ་ལ་ཡང་ཡོད། སྣང་བ་དམིགས་པ་ན་གཟུགས་མ་དམིགས་པ་ཡང་ཡོད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཕྱི་དོན་མེད་ན། ས་བོན་གྱིས་མྱུ་གུ་སྐྱེད་པ་སོགས་རྒྱུ་འབྲས་དང་། དུ་བའི་རྟགས་ལས་མེ་དཔོགས་པ་སོགས་ཤེས་བྱ་ཤེས་བྱེད་ཀྱི་རྣམ་གཞག་མེད་པར་འགྱུར་རོ། །ཞེ་ན། སྐྱོན་མེད་དེ། ཕྱི་རོལ་གྱི་དོན་མེད་ཀྱང་བག་ཆགས་བརྟན་པའི་ཤེས་པ་ལ་ས་བོན་དང་མྱུ་གུ་སྣང་བ་དང་། དུ་བ་དང་མེར་སྣང་བ་ལ་རྒྱུ་འབྲས་དང་ཤེས་བྱ་ཤེས་བྱེད་སོགས་འཇོག་པའི་ཕྱིར་ཏེ། འདི་ལྟར་ཁྱེད་རང་ཕྱི་དོན་ཡོད་པར་འདོད་པའི་ལུགས་ལ། ས་བོན་དང་མྱུ་གུ་དོན་གཞན་སྔ་ཕྱི་རྗེས་སུ་འགྲོ་ལྡོག་བྱས་དང་བྱས་པ་པོ་ལ་རྒྱུ་འབྲས་སུ་འཇོག་པ་དེ་བཞིན་དུ་ཕྱི་དོན་མེད་ཀྱང་བག་ཆགས་བརྟན་པའི་ཤེས་པ་ལ་ས་བོན་དུ་སྣང་བའི་རྣམ་རིག་དང་། མྱུ་གུ་སྣང་བའི་རྣམ་རིག་དོན་གཞན་སྔ་ཕྱི་རྗེས་སུ་འགྲོ་ལྡོག་བྱས་དང་བྱེད་པ་པོ་རྒྱུ་འབྲས་སུ་འཇོག་པའི་ཕྱིར་རོ། །གལ་ཏེ་མེ་དུ་སོགས་དེར་སྣང་བའི་རྣམ་རིག་ལ་འཇོག་ན་དུ་བའི་རྟགས་ལས་མེ་དཔོག་པ་མེད་པར་ཐལ། མེར་སྣང་གི་བློ་དེ་དུར་སྣང་གི་བློའི་འབྲས་བུ་ཡིན་པའི་ཕྱིར་ཏེ། དུར་སྣང་གི་བློ་དེ་མེར་སྣང་གི་བློས་སྔ་རོལ་ཏུ་གྲུབ་པའི་ཕྱིར་རོ། །གལ་ཏེ་མེར་སྣང་གི་བློ་དེ། དུར་སྣང་གི་བློའི་བག་ཆགས་སད་བྱེད་ཀྱི་རྐྱེན་ཡིན་པས་སྐྱོན་མེད་དོ་སྙམ་ན། དེ་ལྟར་ན་དུར་སྣང་གི་བློ་དེ་ཡང་མེར་སྣང་གི་བག་ཆགས་སད་བྱེད་ཀྱི་རྐྱེན་ཡིན་པས་རྒྱུ་རྟགས་སུ་བཀོད་ནས་འབྲས་བུ་བསྒྲུབ་པའི་གཏན་ཚིགས་སུ་འགྱུར་རོ་ཞེ་ན། དེའི་ལན་ལ་མེ་དུ་སོགས་རྒྱུ་འབྲས་སུ་འཇོག་པའི་ཚུལ་དང་། དེས་ན་འབྲས་རྟགས་ཀྱི་རྣམ་གཞག་འཐད་པའི་ཚུལ་གཉིས་ལས། དང་པོ་ནི། ལར་སྣང་གི་བག་ཆགས་ཀྱི་སྙིང་པོ་ཅན་གྱི་ལར་སྣང་གི་བློ་དེ་དུར་སྣང་གི་བློའི་རྒྱུ་ཡིན་པས་ཐ་སྙད་དུ་མེ་ལས་དུ་བ་སྐྱེས། ཞེས་འཇོག་པ་ཡིན་གྱི་ཕྱི་རོལ་དོན་དུ་གྱུར་པའི་མེ་ལས་དུ་བ་སྐྱེ་བ་མ་ཡིན་ཞིང་། མེར་སྣང་གི་བློ་ལས་དུར་སྣང་གི་བློ་སྐྱེ་བ་ཡང་མ་ཡིན་ཏེ། སེམས་རྒྱུད་དེར་རུང་བག་ཆགས་ཀྱི། །སྙིང་པོ་ཅན་ཉིད་དུ་བར་ནི། །སྣང་བའི་བློ་ནི་སད་བྱེད་པ། །དེས་ན་མེ་ལས་དུ་བ་ཡིན། །ཞེས་སོ། །གཉིས་པ་ནི། དུར་སྣང་གི་བློ་གསལ་བར་སད་པའི་རྟགས་ལས་ལར་སྣང་གི་བློའི་སྟེང་དུ་བག་ཆགས་གསལ་བ་སད་པ་ཅན་གྱི་མེར་སྣང་གི་བློ་སྐྱེད་པའི་ནུས་པ་ཡོད་པར་རྟོགས་པར་བྱེད་པ་སྟེ། དེ་ལའང་དུ་བར་སྣང་བའི་བློ། །བག་ཆགས་གསལ་བ་སད་པ་ཅན། །མེར་སྣང་བ་ཡི་བློ་ཉིད་ནི། །རྟོགས་འགྱུར་མེ་ཉིད་མ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་འགོད་པའི་ཚེ་དེ་ལྟར་དུ་འགོད་དམ་ཞེ་ན། མེ་དུ་སྣང་བ་ལས་གཞན་མེ་དུ་མ་གྲུབ་པ་འདོད་པ་ལྟར་ན། དུ་ལྡན་གྱི་ལར་སྣང་བར་ཆོས་ཅན། མེར་སྣང་བ་ཡོད་དེ། དུ་བ་སྣང་བ་ཡོད་པའི་ཕྱིར། ཞེས་འགོད་ཅིང་། གང་དག་མེ་དུ་ཡོད་ཅིང་། དེ་ཤེས་པའི་བདག་ཉིད་དུ་འདོད་པ་ལྟར་ན། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་འགོད་དོ། །སློབ་དཔོན་ཤཱཀྱ་བློ་ལ་སོགས་པ་ནི། ཕྱི་རོལ་གྱི་མེ་དཔོག་པ་ན་ད་ལྟར་བ་ཡིན་ལ། སེམས་ཀྱི་མེ་དཔོག་པ་ན་མ་འོངས་པ་ཡིན་ཞིང་། གེགས་མེད་ན་མི་བསླུ་བར་གཉིས་ཀ་མཚུངས་སོ། །དེས་ན་མེར་སྣང་གི་བློ་སྐྱེད་ནུས་པའི་ཤེས་པ་ལས་སྐྱེ་བའི་དུ་བ་སྣང་བའི་བློ་མེ་ལས་སྐྱེས། ཞེས་བརྗོད་ཀྱི་མེ་དངོས་ལས་མ་ཡིན་ནོ། །དེས་ན་རྒྱུ་ཆོས་དཔོག་པའི་འབྲས་རྟགས་ཡིན་ནོ། །ཞེས་གསུངས་སོ། །མངོན་སུམ་བརྟག་པའི་རབ་ཏུ་བྱེད་པ་སྟེ། རབ་བྱེད་དགུ་པ་བཤད་ཟིན་ཏོ།། ༈ །།གཉིས་པ་རྗེས་དཔག་ལ་གཉིས་ཏེ། རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག་གོ །དང་པོ་ལ་གཉིས་ཏེ། མཚན་ཉིད་དང་། རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། ཚུལ་གསུམ་ཚང་བའི་རྟགས་ལས་བསྒྲུབ་བྱ་རྟོགས་པའི་བློ་སྟེ། ཚད་མ་མདོར། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་བའོ། །ཞེས་སོ། །རང་དོན་རྗེས་དཔག་དང་། རྗེས་དཔག་ཚད་མ་རྣམས་ནི་མིང་གི་རྣམ་གྲངས་ཡིན་པས་མཚན་ཉིད་ལོགས་སུ་མི་དགོས་སོ། །གཉིས་པ་ལ་གཉིས་ཏེ། གང་གིས་རྟོགས་པའི་རྟགས་དང་། དེས་རྟོགས་པའི་བསྒྲུབ་བྱ་བཤད་པའོ། །དང་པོ་ལ་གཉིས་ཏེ། ལྟོས་གཞི་ཕྱོགས་གསུམ་བཤད་པ་དང་། དེ་ལ་ལྟོས་པའི་རྟགས་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་གསུམ་སྟེ། ཚུལ་དང་པོའི་ལྟོས་གཞི་ཕྱོགས། རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་དང་མི་མཐུན་ཕྱོགས། དེ་དག་ལྟོས་གཞིར་འཇོག་པའི་འཐད་པའོ། །དང་པོ་ནི། གལ་ཏེ་གཏན་ཚིགས་ཕྱོགས་ཀྱི་ཆོས་སུ་གྲུབ་ན་ཕྱོགཾས་ཆཾོས་གྲུབཾ་ནཾ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་ཞིང་། མ་གྲུབ་ན་ཕྱོགས་ཆོས་ཞེས་པའི་ཐ་སྙད་ཀྱང་མི་འཐད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྤྱིར་རྟོག་གེའི་བསྟན་བཅོས་ལས། ཕྱོགས་དང་། རྗེས་སུ་དཔག་བྱ་དང་། བསྒྲུབ་པར་བྱ་བ་ཞེས་གསུངས་པ་རྣམས་ནི་མིང་གི་རྣམ་གྲངས་ཡིན་པས། དེ་དག་ཤེས་འདོད་ཆོས་ཅན་དང་། བསྒྲུབ་བྱའི་ཆོས་ལ་བཏགས་མིང་དུ་འཇུག དེ་དག་གི་ཚོགས་དོན་ལ་དངོས་མིང་དུ་འཇུག་པ་ལས། འདིར་དང་པོའི་དབང་དུ་བྱས་པའི་ཕྱིར་རོ། །དེ་གཉིས་ལ་ཕྱོགས་ཀྱི་མིང་གིས་འདོགས་པའི་རྒྱུ་མཚན་ནི། ཕྱོགས་མཚན་ཉིད་པ་དེའི་ཕྱོགས་རེ་ཡིན་པའི་ཕྱིར་ཏེ། དཔེར་ན་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་ལྟ་བུའོ། །བཏགས་པའི་དགོས་པ་ལ་གཉིས་ལས། ཆོས་ལ་བསྒྲུབ་བྱར་བཏགས་པའི་དགོས་པ་ནི། ཁྱབ་པ་གཏན་ལ་འབེབས་པའི་སྐབས་སུ། གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ། །ཞེས་མ་སྨོས་པར། གཏན་ཚིགས་ཆོས་ཀྱི་རྗེས་འགྲོ་བ། །ཞེས་སྨོས་ན་འགལ་རྟགས་ཀྱང་དགག་བྱའི་ཆོས་ལ་རྗེས་སུ་འགྲོ་བས། རྟགས་ཡང་དག་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་བས་དེ་བསལ་བའི་ཆེད་དང་། སྐབས་འགའ་ཞིག་ཏུ་སྡེབ་སྦྱོར་སྦྱར་བདེ་བའི་ཆེད་ཡིན་ནོ། །ཆོས་ཅན་ལ་བསྒྲུབ་བྱར་བཏགས་པའི་དགོས་པ་ནི། རྟགས་ཚུལ་དང་པོ་གཏན་ལ་འབེབས་པའི་སྐབས་སུ་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་བཏགས་ནས་ཕྱོགས་ཀྱི་ཆོས་སུ་གྲུབ་པ་བརྟགས་ཚུལ་དང་པོ་ཡིན་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། དེ་ལྟར་མ་བཏགས་པར་ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན། ཞེས་སྨྲས་ན་འཁྲུལ་གཞི་ཡོད་པའི་ཕྱིར་དང་། དེའི་མཐའ་རྣམས་བཀག་ན་རྩོད་པ་ཡུན་རིང་དུ་འགོར་བའི་ཕྱིར་དང་། ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན་ཞེས་དངོས་མིང་དུ་བརྗོད་ན་སྡེབ་སྦྱོར་ཉམས་པའི་ཕྱིར་རོ། །གཏན་ཚིགས་དང་པོ་གྲུབ་སྟེ། དེ་ལྟར་ན་མཐུན་དཔེའི་ཆོས་ཅན་གྱི་ཆོས་སུ་གྲུབ་པའང་རྟགས་ཚུལ་དང་པོ་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ། དེ་སྐྱེས་ན་མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་དང་པོ་གྲུབ་བམ་སྙམ་པའི་ལོག་རྟོག་སྐྱེ། དེ་སྐྱེས་ན་དེ་སྐོར་གྱི་རྟགས་ཡང་དག་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་བའི་ཕྱིར་རོ། །གཉིས་པའང་གྲུབ་སྟེ། གལ་ཏེ་ཆོས་ཅན་གྱི་ཆོས་སུ་གྲུབ་པ་ཞེས་པའི་ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གྲུབ་པ་ལ་གོ་སྟེ། མཐུན་དཔེའི་ཕྱོགས་ལ་ཡོད་པ་ཞེས་དང་། དེའི་ཆོས་ཁྱབ་པ་ཞེས་པས་དཔེའི་ཆོས་ཅན་ལ་ཡོད་པ་བསྟན་ཟིན་པའི་ཕྱིར་རོ་ཞེ་ན། མི་འཐད་དེ། དེ་ལྟར་ན་ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན་ན། ཆོས་ཅན་དེའང་མཐུན་དཔེའི་ཆོས་ཅན་མིན་ནོ། །ཞེས་མཐའ་གཞན་འགོག་པའི་རིགས་པ་མ་སྨོས་ན་གྲུབ་བཞིན་དུ་སླར་ཡང་བསྣན་པ་དོགས་པར་འགྱུར་ཞིང་། སྨོས་ན་རྩོད་པ་ཡུན་རིང་དུ་འགོར་བའི་ཕྱིར་རོ། །གསུམ་པའང་གྲུབ་སྟེ། གལ་ཏེ་ཕྱོགས་ཆོས་ཞེས་བརྗོད་ན་བཏགས་མིང་དུ་འགྱུར། ཆོས་ཅན་གྱི་ཆོས་ཞེས་བརྗོད་ན་འཁྲུལ་གཞི་ཡོད་པས་ཤེས་འདོད་ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོ་ཡིན་ཞེས་སྨོས་རིགས་ཏེ། འཁྲུལ་གཞི་མེད་ཅིང་རྟོགས་སླ་བའི་ཕྱིར་ཞེ་ན། མི་འཐད་དེ། དེ་ལྟར་ན་ཤེས་འདོད་ཆོས་ཅན་གྱི་ཆོས་རྗེས་འགྲོ་ལྡོག་པ་ཞེས་ཚུལ་གསུམ་བརྗོད་པ་ཡི་གེ་མི་མཉམ་པ་དང་། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །ཞེས་པའི་སྡེབ་སྦྱོར་ཉམས་པར་འགྱུར་བས་དེ་སྤང་བའི་ཆེད་ཡིན་པའི་ཕྱིར། མདོར་ན་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་བཏགས་ནས་ཕྱོགས་ཞེས་པ་དེ་ཆོས་ཅན། དགོས་པ་ཡོད་དེ། འཁྲུལ་གཞི་མེད་ཅིང་སྡེབ་སྦྱོར་ཉམས་པ་སྤངས་ནས་རྟགས་ཚུལ་དང་པོ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། དེས་ན་ཚུལ་དང་པོའི་ལྟོས་གཞི་ཕྱོགས་ནི་ཕྱོགས་བཏགས་པ་བ་ཤེས་འདོད་ཆོས་ཅན་ཡིན་པས་དེའི་མཚན་ཉིད་ནི་ཆོས་ཅན་གང་གི་སྟེང་དུ་གྲུབ་བསལ་མེད་པའི་བསྒྲུབ་བྱའི་ཆོས་ཀྱིས་དཔག་གཞིར་བཟུང་བ་སྟེ། བསྒྲུབ་བྱའི་ཆོས་ཅན་དང་། རྩོད་གཞིའི་ཆོས་ཅན་གྱི་མཚན་ཉིད་ཀྱང་དེ་ཉིད་དོ། །གཉིས་པ་རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་དང་། མི་མཐུན་ཕྱོགས་བཤད་པ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི། བོད་ཕལ་ཆེར་སྦྱོར་བ་སྐོར་གཅིག་གི་མཐུན་ཕྱོགས་དང་། མི་མཐུན་ཕྱོགས་གཉིས་དངོས་འགལ་ཡིན་པས་དེ་གཉིས་གང་རུང་མ་ཡིན་པའི་ཕྱོགས་ཕུང་པོ་གསུམ་པ་མེད་ཅིང་། ཤེས་འདོད་ཆོས་ཅན་ཡང་དག་གི་སྐབས་སུ་མཐུན་ཕྱོགས་དང་། འགལ་རྟགས་ཀྱི་སྐབས་སུ་མི་མཐུན་ཕྱོགས་དང་། མ་ངེས་པའི་སྐབས་སུ་ཅི་རིགས་པར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། དགག་སྒྲུབ་བློ་ངོར་བྱེད་པ་གང་ཞིག བློ་ངོར་ཕུང་པོ་གསུམ་པ་ཡོད་པའི་ཕྱིར་དང་། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡོད་པར་ཐལ་བའི་ཕྱིར་དང་། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་སྒྲུབ་པ་མ་ཡིན་པར་ཐལ་བའི་ཕྱིར་དང་། ཕྱོགས་ལ་ལྟོས་པའི་རྟགས་ཀྱི་ཚུལ་ཡང་གཉིས་སུ་ངེས་པ་ཐལ་བ་སོགས་རིགས་པ་དུ་མས་གནོད་པའི་ཕྱིར། ལུང་གིས་ཀྱང་གནོད་དེ། རྣམ་ངེས་ལས། རྣམ་པ་དེ་ལྟ་བུའི་སྒྲ་དེ་ནི་ཕྱོགས་ཉིད་ཡིན་གྱི། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་ནི་མ་ཡིན་ཏེ། རྣམ་པར་བརྟགས་པ་དང་། གཅིག་ཏུ་སོ་སོར་ངེས་པ་འགལ་བའི་ཕྱིར། ཞེས་གསུངས་སོ། །ལུང་འདིས་ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱིས་སྟོང་མི་སྟོང་བརྟག་པའི་གཞི་དང་། མཐུན་ཕྱོགས་གང་ལ་རྟགས་སུ་སོང་བའི་རྒོལ་བས་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པར་ངེས་པ་དང་། མི་མཐུན་ཕྱོགས་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པར་ངེས་པའི་དགོས་པ་དག་བསྟན་ཏོ། །གཉིས་པ་ནི། ཚུལ་གསུམ་གྱི་ལྟོས་གཞིའི་ཕྱོགས་ལ་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་མ་ཡིན་པའི་ཕུང་པོ་གསུམ་པ་ཡོད་དེ། ཤེས་འདོད་ཆོས་ཅན་གྱིས་རྣམ་པར་བཏགས་པ་ཡིན་གྱིས། གཅིག་ཏུ་སོ་སོར་ངེས་པ་མ་ཡིན་པས་ཕུང་པོ་གསུམ་པ་ཡིན་པའི་ཕྱིར་དང་། མཐུན་ཕྱོགས་མི་མཐུན་ཕྱོགས་ཞེས་པའི་ཚིག་ཟུར་གྱིས་བསྟན་པའི་ཕྱོགས་དང་། ཕྱོགས་ཆོས་ཞེས་པའི་ཚིག་ཟུར་གྱིས་བསྟན་པའི་ཕྱོགས་གསུམ་པོ་དེ་ཚུལ་གསུམ་གྱི་ལྟོས་གཞི་སོ་སོར་ཡིན་པའི་ཕྱིར་རོ། །དེས་ན་མཐུན་ཕྱོགས་ཀྱི་མཚན་ཉིད། གང་ལ་རྟགས་སུ་སོང་བའི་རྒོལ་བས་བསྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ལྡན་དུ་ངེས་པའི་སྒོ་ནས་བསྒྲུབ་བྱ་མཐའ་གཅིག་ཏུ་འཛིན་པའི་བློ་སྐྱེས་པའི་ཚེ་རྩོད་གཞི་དེ་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་གཟུང་དུ་རུང་བ། མི་མཐུན་ཕྱོགས་ཀྱི་མཚན་ཉིད། གང་ལ་རྟགས་སུ་སོང་བའི་རྒོལ་བས་བསྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པར་ངེས་པའི་སྒོ་ནས་བསྒྲུབ་བྱ་མཐའ་གཅིག་ཏུ་འཛིན་པའི་བློ་སྐྱེས་པའི་ཚེ། རྩོད་གཞི་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མི་མཐུན་པར་བཟུང་དུ་རུང་བའོ། །དབྱེ་ན་རྟགས་ཡང་དག་གི་མཐུན་ཕྱོགས་མི་མཐུན་ཕྱོགས། རྟགས་ལྟར་སྣང་གི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་དང་། དང་པོ་ལ། རྟགས་ཡང་དག་གི་མཐུན་ཕྱོགས་ཀྱི་མཚན་ཉིད། གང་ལ་རྟགས་སུ་སོང་བའི་རྒོལ་བས་བསྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པར་ངེས་པའི་སྒོ་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེས་པའི་ཚེ། རྩོད་གཞི་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་ངེས་སུ་རུང་བ། རྟགས་ཡང་དག་གི་མི་མཐུན་ཕྱོགས་ཀྱི་མཚན་ཉིད། བསྒྲུབ་བྱའི་ཆོས་ཀྱིས་སྟོང་པར་ངེས་པའི་སྒོ་ནས་ཞེས་དང་། རྩོད་གཞི་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མི་མཐུན་པར་ངེས་སུ་རུང་བ་ཞེས་སྦྱར། གཞན་འདྲ། དེ་ལ་དབྱེ་ན། རང་དོན་སྐབས་ཀྱི་རྟགས་ཡང་དག་གི་མཐུན་ཕྱོགས་མི་མཐུན་ཕྱོགས་དང་། གཞན་དོན་སྐབས་ཀྱི་རྟགས་ཡང་དག་གི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ལས། དང་པོ་ལ། བསྒྲུབ་ངག་ཡང་དག་ལ་མ་ལྟོས་པར་གློ་བུར་བའི་རྟགས་ལས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེས་པའི་ཚེ་ཞེས་སྦྱར། གཞན་འདྲ། ཕྱི་མ་ལ་གང་ལ་རྟགས་སུ་སོང་བའི་རྒོལ་བས་ཞེས་པའི་ཚབ་ཏུ་སྐབས་སུ་བབ་པའི་ཕྱིར་རྒོལ་གྱི་ཞེས་སྦྱར། གཞན་འདྲ། གཏན་ཚིགས་ལྟར་སྣང་གི་མཐུན་ཕྱོགས་ཀྱི་མཚན་ཉིད། གང་ལ་རྟགས་སུ་སོང་བའི་རྒོལ་བས་བསྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པར་ངེས་པའི་སྒོ་ནས་བསྒྲུབ་བྱར་མཐའ་གཅིག་ཏུ་འཛིན་པའི་ཚད་མིན་གྱི་བློ་སྐྱེས་པའི་ཚེ། རྩོད་གཞི་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་བཟུང་དུ་རུང་བ། གཏན་ཚིགས་ལྟར་སྣང་གི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ལ། བསྒྲུབ་བྱའི་ཆོས་ཀྱིས་སྟོང་པར་ངེས་པའི་སྒོ་ནས་ཞེས་དང་། དོན་མི་མཐུན་པར་བཟུང་དུ་རུང་བ་ཞེས་སྦྱར། གཞན་འདྲ། དབྱེ་ན་འགལ་རྟགས་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས། མ་ངེས་པའི་རྟགས་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས། དང་པོ་ལ་འགལ་རྟགས་ལ་བརྟེན་ནས་བསྒྲུབ་བྱ་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་སྐྱེས་པའི་ཚེ་ཞེས་དང་། ཕྱི་མ་ལ་ངེས་པའི་རྟགས་ལ་བརྟེན་ནས་བསྒྲུབ་བྱ་མཐའ་གཅིག་ཏུ་འཛིན་པའི་ཐེ་ཚོམ་སྐྱེས་པའི་ཚེ་ཞེས་སྦྱར། གཞན་འདྲ། གལ་ཏེ་བསྒྲུབ་བྱ་མཐའ་གཅིག་ཏུ་འཛིན་པ་དང་། ཐེ་ཚོམ་འགལ་ལོ་སྙམ་ན་ཐེ་ཚོམ་བག་ལ་ཉལ་གྱི་གནད་གོ་ན་མི་འགལ་བ་ནི་བློ་བརྟག་པར་བཤད་ཟིན་ཏོ། །མ་གྲུབ་པའི་རྟགས་ལ་མཐུན་ཕྱོགས་མི་མཐུན་ཕྱོགས་མི་བརྩི་བ་ནི་རྟོག་གེ་པའི་གསང་ཚིག་སྟེ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་སྐབས་སུ་ཤེས་སོ། །འདི་དག་ཀྱང་གཞི་ལ་སྦྱར་བའི་ཚེ་དེ་བསྒྲུབ་ཀྱི་ཚིག་ལྷག་ཆད་མེད་པར་སྦྱར་ནས་ངེས་པར་བྱའོ། །འདི་ནི་རྣམ་ངེས་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་སྤྱིས་དོན་མཐུན་པའོ། །དེ་མེད་པ་ནི་མི་མཐུན་པའི་ཕྱོགས་ཆོས་སོ། །དེ་དང་མཚུངས་པ་ཉིད་ལ་ཞེས་ངེས་པར་བཟུང་བའི་ཕྱིར་དང་། ཆོས་གཞན་ལ་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། གཞན་དགག་པའི་དོན་གྱི་ཕྱིར་རོ། །དེ་ལ་ཡོད་པར་གྲུབ་པ་སྡུད་པའི་ངེས་པར་བཟུང་བས་ནི་གཞན་རྣམ་པར་གཅོད་པ་ཡིན་ཏེ། དཔེར་ན་དང་པོ་རང་ལ་བུ་གཉིས་སྐྱེས་གྱུར་ཏེ། ན་ར་དང་ནི་སྲེད་མེད་བུ་ཉིད་དོ། །ཅེས་དང་། རིགས་གཏེར་ལས། ཕྱོགས་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས། །མཚུངས་དང་མི་མཚུངས་ཕྱོགས་གཉིས་ཡིན། །ཞེས་དང་། དེའི་རང་འགྲེལ་ལས། འདིར་ལན་དངོས་ནི་ཚང་བང་དུ་དུ་བ་མེ་དང་འབྲེལ་པར་ངེས་ནས་ལ་ལའང་དུ་བས་མེ་གྲུབ་པ་ན་མཐུན་དཔེ་མཐུན་ཕྱོགས་ཀྱི་ཐ་སྙད་དུ་འཇོག་གོ །དེས་ན་དུ་བ་དང་མེའི་འབྲེལ་པ་གྲུབ་པའི་ཚང་བང་འདི་དང་ལ་གཉིས་མེ་དང་ལྡན་པར་མཐུན་ནོ། །ཞེས་རྒོལ་བས་བསྒྲུབས་ནས་ཕྱིར་རྒོལ་ལ་སྟོན་པའི་ཕྱིར་འགལ་བ་མེད་དོ། །ཞེས་གསུངས་པའི་དོན་དེ་གངས་ཅན་འདིར་འདི་ཇི་ལྟ་བ་བཞིན་རྟོགས་པ་གཞན་མི་སྣང་ངོ་། །གསུམ་པ་རྩོད་པ་སྤང་བ་ལ། རྩོད་པ་དང་ལན་གཉིས་ལས། དང་པོ་ལ་གསུམ་སྟེ། ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བ། མ་ངེས་དང་པོ་འགལ་བར་ཐལ་བ། ཡང་དག་གི་རྩོད་གཞི་མི་མཐུན་ཕྱོགས་སུ་ཐལ་བ་དང་གསུམ་ལས། དང་པོ་ནི། ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་པའི་སྐྱོན་ཡོད་དེ། ཁྱབ་པ་ངེས་པ་ལ་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་དགོས། དེ་ངེས་པ་ལས་ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པ་ངེས་དགོས་པའི་ཕྱིར། གཉིས་པ་ནི། གཞལ་བྱ་དེ་སྒྲ་རྟག་པར་བསྒྲུབ་པའི་མི་མཐུན་ཕྱོགས་ཁོ་ན་ལ་འཇུག་པར་ཐལ། སྒྲ་དང་རྟག་པར་ཆོས་མཐུན་པར་མེད་པའི་ཕྱིར། འདོད་ན། དེ་སྐོར་གྱི་འགལ་རྟགས་སུ་ཐལ་ལོ། །གསུམ་པ་ནི། སྒྲ་དེ་སྒྲ་མི་རྟག་པར་བསྒྲུབ་པའི་མི་མཐུན་ཕྱོགས་སུ་ཐལ། སྒྲ་དེ་སྒྲ་དང་མི་རྟག་པ་ཆོས་མི་མཐུན་པའི་ཕྱིར་ཏེ། རང་ཉིད་རང་དང་ཆོས་མཐུན་པ་མེད་པའི་ཕྱིར་ཞེ་ན། གཉིས་པ་ལན་ལ་གསུམ་ལས། དང་པོ་ནི། སྔར་དྲངས་པའི་འགྲེལ་པ་ཉིད་ཡིན་པས་མཚན་ཉིད་ཀྱི་ནང་དུ་བཀོད་ཟིན་པས་སྐྱོན་སྤོང་མི་དགོས་སོ། །གཉིས་པའི་ལན་ནི། ཕྱིར་རྒོལ་གྱི་ངོར་རྟག་པའི་གཞན་སེལ་ཡོད་པས་སྒྲ་དེ་དེ་དང་ཆོས་མཐུན་པར་སྣང་བས་སྐྱོན་མེད་དོ། །གསུམ་པའི་ལན་ནི། སྒྲ་མི་རྟག་པར་མ་ངེས་པའི་གོང་དུ་སྒྲ་རྟག་པར་ངེས་པ་མེད་པས་སྐྱོན་མེད་དོ། །གསུམ་པ་དེ་དག་ལྟོས་གཞིར་འཇོག་པའི་འཐད་པ་ནི། ཤེས་འདོད་ཆོས་ཅན་དེ་ཕྱོགས་ཆོས་ཀྱི་ལྟོས་གཞི་ཡིན་ཏེ། རྟགས་ཤེས་འདོད་ཆོས་ཅན་ལ་དགོད་བྱ་ལྟར་གྲུབ་པ་དང་མ་གྲུབ་པའི་དབང་གིས་ཕྱོགས་ཆོས་གྲུབ་པ་དང་མ་གྲུབ་པར་འཇོག་པའི་ཕྱིར། མཐུན་ཕྱོགས་དེ་རྗེས་འགྲོའི་ཚུལ་གྱི་ལྟོས་གཞི་ཡིན་ཏེ། རྟགས་མཐུན་ཕྱོགས་ཁོ་ན་ལ་བསྒྲུབ་ཚུལ་ལྟར་མཐུན་པར་གྲུབ་པ་དང་མ་གྲུབ་པའི་དབང་གིས་རྗེས་འགྲོའི་ཚུལ་གྲུབ་པ་དང་མ་གྲུབ་པར་འཇོག་པའི་ཕྱིར། མི་མཐུན་ཕྱོགས་དེ་ལྡོག་ཚུལ་གྱི་ལྟོས་གཞི་ཡིན་ཏེ། རྟགས་མི་མཐུན་ཕྱོགས་ལ་བསྒྲུབ་ཚུལ་ལྟར་ལྡོག་པ་གྲུབ་པ་དང་མ་གྲུབ་པའི་དབང་གིས་ལྡོག་ཚུལ་གྲུབ་པ་དང་མ་གྲུབ་པར་འཇོག་པའི་ཕྱིར། གལ་ཏེ་རྟགས་ཡང་དག་གི་མི་མཐུན་ཕྱོགས་ཡིན་ན། ཡོད་པས་ཁྱབ་པར་ཐལ། རྟགས་ཡང་དག་ཡིན་ན། ལྡོག་ཚུལ་གྲུབ་དགོས། མི་མཐུན་ཕྱོགས་དེ་ལྡོག་ཚུལ་གྱི་ལྟོས་གཞི་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། བློའི་ཡུལ་དུ་བྱར་རུང་གི་རྟགས་ལས་བུམ་པ་ཤེས་བྱར་བསྒྲུབ་པའི་ཚེ་རི་བོང་རྭའི་སྟེང་དུ་ཤེས་བྱ་ལྡོག་པའི་སྟོབས་ཀྱིས་བློའི་ཡུལ་དུ་བྱར་རུང་ལྡོག་པ་དེ་ལྡོག་ཚུལ་གྱི་ལྟོས་གཞིར་འཇོག་པའི་ཕྱིར། ཡང་ཕྱོགས་གསུམ་པོ་དེ་ཚུལ་གསུམ་གྱི་ལྟོས་གཞི་ཡིན་ཏེ། རྟགས་སུ་བཀོད་ཚོད་ཀྱི་སྐྱོན་ཡོན་བརྩི་བའི་གཞི་ཡིན་པའི་ཕྱིར། གཉིས་པ་དེ་ལ་ལྟོས་པའི་རྟགས་ཀྱི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། རྟགས་ཡང་དག་དང་། རྟགས་ལྟར་སྣང་དང་། དེ་དག་གི་ངེས་པ་བསམ་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། མཚན་གཞི། མཚོན་བྱའི་རབ་ཏུ་དབྱེ་བའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་ངོས་བཟུང་བ་དང་། དེ་མཚན་ཉིད་དུ་ཇི་ལྟར་འགྲོ་བའི་ཚུལ་ལོ། །དང་པོ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི། མུ་སྟེགས་ཀྱི་སྟོན་པ་སྣོད་ཀྱི་རྗེ་ན་རེ། རྟགས་ཡང་དག་གི་མཚན་ཉིད། གཞན་དུ་མི་འཐད་པ་ཞེས་པའི་ཚུལ་གཅིག་ཡིན་ཞེས་དང་། བོད་ཁ་ཅིག ཕྱོགས་ཆོས་དང་རྗེས་འགྲོའི་ཚུལ་ལམ། ཕྱོགས་ཆོས་དང་ལྡོག་པའི་ཚུལ་ཏེ། ཚུལ་གཉིས་ཡིན་ཞེས་དང་། རིགས་པ་ཅན་པ་ཤེས་འདོད་ལ་མཐོང་བ་སྔ་མ་ཅན། མཐུན་ཕྱོགས་ལ་མཐོང་བ་ལྷག་མ་ཅན། མི་མཐུན་ཕྱོགས་ལ་མ་མཐོང་བ་སྤྱི་ལ་མ་མཐོང་བ། ཚད་མ་གཉིས་དང་འགལ་བ་མེད་པ་སྟེ། ཚུལ་བཞི་ཡིན་ཞེས་དང་། ཁ་ཅིག ཚུལ་གསུམ་དང་། ངེས་པ་སྟེ་བཞི་ཞེས་དང་། ཡང་ཁ་ཅིག ཚུལ་གསུམ་དང་། སོ་སོར་ངེས་པ་དང་། གནོད་པ་མེད་པའི་ཡུལ་ཅན་ཏེ་ལྔ་ཞེས་དང་། ཙ་ར་ཀ་པ་སོགས་ཚུལ་གསུམ་དང་། གནོད་པ་མེད་པའི་ཡུལ་ཅན་དང་། བརྗོད་པར་འདོད་པའི་གྲངས་གཅིག་པ་དང་། ངེས་པ་སྟེ་དྲུག་ཡིན་ཞེས་པ་རྣམས་ནི་མི་འཐད་དེ། ཚུལ་གསུམ་མ་ཚང་ན་བསྒྲུབ་བྱ་དཔོག་མི་ནུས་པས་རྟགས་ཡང་དག་ཏུ་མི་འགྱུར་ཞིང་། ཚུལ་གསུམ་ཚང་ན་མཚན་ཉིད་གཞན་རྣམས་དོན་མེད་པའི་ཕྱིར་རོ། །བོད་ཕལ་ཆེར། ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པ་ནི་མི་འཐད་དེ། ཕྱོགས་ཆོས་དེ་ཆས་ཁྱབ་པ་ནི། །ཞེས་འབྱུང་ན་དེ་ལྟར་འཐད་དུ་ཆུག་ཀྱང་། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་འབྱུང་བའི་ཕྱིར་དང་། རིགས་ཐིགས་ལས། ཚུལ་གསུམ་པ་ཅན་གྱི་རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་དང་། མཐུན་པའི་ཕྱོགས་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པར་ངེས་པའོ། །ཞེས་ཚུལ་གསུམ་པ་ཅན་གྱི་རྟགས་ནི་ཞེས་པས་རྟགས་ཡང་དག་གི་མཚན་ཉིད་དང་། ལྷག་མ་རྣམས་ཀྱིས་ཚུལ་གསུམ་སོ་སོའི་ངོ་བོ་ངོས་བཟུང་བ་ཡིན་པའི་ཕྱིར་དང་། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་། །ཞེས་གཏན་ཚིགས་དེ་ཚུལ་གསུམ་ལྡན་པའི་གཞིར་གསུངས་ཀྱི་ཚུལ་གསུམ་ཉིད་དུ་མ་གསུངས་པའི་ཕྱིར་དང་། ཚད་མ་མདོར། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་སོགས་ཚུལ་གསུམ་ལྡན་པའི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་གསུངས་ཀྱི། ཚུལ་གསུམ་པོ་དེ་རྟགས་ཡང་དག་གི་མཚན་ཉིད་དུ་གསུངས་པའི་གཞུང་གཅིག་ཀྱང་མི་སྣང་བའི་ཕྱིར་རོ། །གཉིས་པ་ལ། མཚན་ཉིད་དངོས་དང་། ཚུལ་གསུམ་སོ་སོའི་ངོ་བོ་གཉིས་ལས། དང་པོ་ནི། ཚུལ་གསུམ་ཚང་བའི་གཏན་ཚིགས་དང་། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་དང་། ཕྱོགས་ཆོས་དེ་ཆས་ཁྱབ་པའི་གཏན་ཚིགས་དང་། ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས་པའི་གཏན་ཚིགས་རྣམས་གང་མཚན་ཉིད་དུ་བཞག་ཀྱང་ཁྱད་པར་མེད་དེ། ཚད་མ་མདོར། ཚུལ་གསུམ་རྟགས་ལས་ཞེས་དང་། རིགས་ཐིགས་ལས། ཚུལ་གསུམ་པ་ཅན་གྱི་རྟགས་ནི་ཞེས་དང་། འདིར་ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། གཏན་ཚིགས་ཞེས་དང་། རིགས་གཏེར་ལས། ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས། །གཏན་ཚིགས་མཚན་ཉིད་སྐྱོན་མེད་ཡིན། །ཞེས་དང་། དེའི་རང་འགྲེལ་ལས། དེས་ན་ཕྱོགས་ཆོས་དེ་ཆས་ཁྱབ་པ་དང་། འབྲེལ་པ་གྲུབ་པ་དང་། ཚུལ་གསུམ་ངེས་པ་རྣམས་དོན་གཅིག་གོ །ཅེས་གསུངས་པའི་ཕྱིར། གཉིས་པ་ལ། མཚན་ཉིད་དང་། མཚན་གཞི་གཉིས་ལས། དང་པོ་ལ། ཕྱོགས་ཆོས་ཀྱི་མཚན་ཉིད། ཤེས་འདོད་ལ་རྟགས་འཛིན་པའི་ཚད་མས་དྲངས་པའི་ངེས་ཤེས་ཀྱིས། རྟགས་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་སྒོ་ནས་གཙོ་བོར་བསྒྲུབ་དགོས་པའི་རྟགས་ཀྱི་ཚུལ་ལོ། །རྗེས་འགྲོའི་ཚུལ་གྱི་མཚན་ཉིད། རྟགས་ཆོས་ཀྱི་འབྲེལ་པ་མཐོང་བའི་ཚད་མས་དྲངས་པའི་ངེས་ཤེས་ཀྱིས་རྟགས་སུ་དགོད་བྱ་མཐུན་ཕྱོགས་ཁོ་ན་ལ་བསྒྲུབ་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་སྒོ་ནས་གཙོ་བོར་བསྒྲུབ་དགོས་པའི་རྟགས་ཀྱི་ཚུལ་ལོ། །ལྡོག་ཚུལ་གྱི་མཚན་ཉིད། རྟགས་ཆོས་ཀྱི་འབྲེལ་པ་མཐོང་བས་ཚད་མས་དྲངས་པའི་ངེས་ཤེས་ཀྱིས་རྟགས་སུ་དགོད་བྱ་མི་མཐུན་ཕྱོགས་ལ་བསྒྲུབ་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ངེས་པའི་སྒོ་ནས་གཙོ་བོར་བསྒྲུབ་དགོས་པའི་རྟགས་ཀྱི་ཚུལ་ལོ། །གཉིས་པ་ལ། རྟགས་ཀྱི་ངོ་བོར་གྱུར་པའི་ཚུལ་གསུམ་དང་། བསྒྲུབ་ངག་གི་བསྟན་བྱར་གྱུར་པའི་ཚུལ་གསུམ་གཉིས་ལས། དང་པོ་ནི། ཚུལ་གསུམ་དུ་བ་ཁོ་ནའི་ཆོས། །དབྱེར་མེད་ཡིན་གྱི་ཆོས་གཞན་མེད། །ཅེས་པའི་གཞུང་གིས་བསྟན་པ་སྟེ། རྟགས་ཀྱི་མཚན་གཞི་བྱས་པའི་སྟེང་གི་ཆོས་ཅན་སྒྲས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཆ་དང་། མཐུན་ཕྱོགས་མི་རྟག་པ་ཁོ་ན་ལ་ཡོད་པའི་ཆ་དང་། མི་མཐུན་ཕྱོགས་རྟག་པ་ལ་མེད་པར་ངེས་པའི་ཆ་གསུམ་མོ། །གཉིས་པ་ནི། རྟགས་ཀྱི་མཚན་གཞི་གཞན་སེལ་ཡིན། །ཞེས་པའི་རང་འགྲེལ་དུ། དེ་ལ་རྩོད་གཞི་ལ་མི་ལྡན་རྣམ་གཅོད་དུ་གྲུབ་པ་ནི་ཕྱོགས་ཆོས་སོ། །རྟགས་ཀྱི་རྗེས་སུ་བསྒྲུབ་བྱ་འགྲོ་བ་ནི་རྗེས་འགྲོའོ། །བསྒྲུབ་བྱའི་ཆོས་ལོག་སྟོབས་ཀྱིས་རྟགས་ལྡོག་པ་ནི་ལྡོག་པའོ། །ཞེས་པའི་གཞུང་གིས་བསྟན་ཏེ། སྒྲ་བྱས་པ་ཡིན་པ་དང་། བྱས་ན་མི་རྟག་པས་ཁྱབ་པ་དང་། རྟག་ན་མ་བྱས་པས་ཁྱབ་པ་གསུམ་མོ། །འོ་ན་བསྒྲུབ་ངག་གི་ངོ་བོར་གྱུར་པའི་ཚུལ་གསུམ་མ་བརྗོད་ན་དེ་ལ་དྲན་པ་སྐྱེད་མི་ནུས་པས་བསྒྲུབ་ངག་དོན་མེད་ཅིང་། བརྗོད་ན་དེ་གཉིས་ཀྱི་ཁྱད་པར་ཕྱེ་བ་དོན་མེད་དོ་ཞེ་ན། སྐྱོན་མེད་དེ། ཆོས་མཐུན་སྦྱོར་གྱི་བསྒྲུབ་ངག་གིས་རྗེས་ཁྱབ་མཐུན་དཔེའི་སྟེང་དུ་བརྗོད། ཆོས་མི་མཐུན་སྦྱོར་གྱི་བསྒྲུབ་ངག་གིས་ལྡོག་ཁྱབ་མི་མཐུན་དཔེའི་སྟེང་དུ་བརྗོད་པ་གང་རུང་གིས་རྟགས་ཀྱི་ངོ་བོར་གྱུར་པའི་རྗེས་སུ་འགྲོ་ལྡོག་ལ་དྲན་པ་བསྐྱེད་ནུས་པའི་ཕྱིར་རོ། །ཁ་ཅིག བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་གྱི་མཚན་གཞིར་བཟུང་བ་ནི་གཞུང་དང་འགལ་ཏེ། རིགས་ཐིགས་ལས། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་ཕན་ཚུན་རྣམ་པར་གཅོད་པའི་འགལ་བའོ། །ཞེས་དང་། རྣམ་ངེས་ལས། འོ་ན་རྟགས་ཚུལ་གཉིས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་། ལྡོག་པ་དག་ཕན་ཚུན་ཐ་དད་པའི་ཕྱིར་རོ། །དེ་དག་ནི་ངག་གཅིག་གིས་ཀྱང་བསྟན་པར་ནུས་པའི་ཕྱིར། སྦྱོར་བ་བསྡུས་པར་བརྗོད་ཀྱི་ཚུལ་བསྡུས་པ་ནི་མ་ཡིན་ནོ། །ཞེས་དང་། རིགས་གཏེར་ལས། དཔག་གཞིར་བཟུང་བ་ཤེས་འདོད་ཡིན། །དེ་ལ་གྲུབ་པ་ཕྱོགས་ཆོས་སོ། །ཞེས་པའི་རང་འགྲེལ་དུ། ཤེས་འདོད་ལ་རྟགས་མངོན་སུམ་མམ། རྗེས་སུ་དཔག་པ་ལས་གྲུབ་པ་ནི་ཚུལ་དང་པོ་ཕྱོགས་ཆོས་ཞེས་བྱ་བ་ཡིན་ནོ། །ཞེས་དང་། རྟགས་དང་བསྒྲུབ་བྱ་འབྲེལ་སྟོབས་ཀྱིས། །ཡོད་མེད་ངེས་པའི་རྗེས་འགྲོ་ལྡོག །ཅེས་པའི་རང་འགྲེལ་དུ། རྟགས་དང་བསྒྲུབ་བྱའི་འབྲེལ་པ་ཚད་མས་ངེས་ནས་རྟགས་ཀྱི་རྗེས་སུ་བསྒྲུབ་བྱ་འགྲོ་བ་རྗེས་འགྲོ། བསྒྲུབ་བྱའི་ཆོས་ལྡོག་ན་རྟགས་ལྡོག་པ་ནི་ལྡོག་པའི་ཚུལ་ལོ། །འདི་དག་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ངེས་པར་མི་ནུས་པས་དཔེའི་སྟེང་དུ་ངེས་པར་བྱའོ། །ཞེས་གསུངས་པས་སོ། །གསུམ་པ་རྩོད་པ་སྤང་བ་ནི། རིགས་གཏེར་ལས། ཚུལ་གཉིས་པ་དང་རྗེས་འགྲོ་ཡི། །ལྡོག་པ་འཕེན་པའི་སྐྱོན་གཉིས་མེད། །ཅེས་གསུངས་ཏེ། རང་འགྲེལ་ལས་ཤེས་པར་བྱའོ། །གཉིས་པ་དེ་མཚན་ཉིད་དུ་ཇི་ལྟར་འགྲོ་བའི་ཚུལ་ལ། ཚུལ་གསུམ་ངེས་རུང་ཙམ་ཞིག་དོན་རང་མཚན་ལ་ཡང་ཡོད་པས་གོ་བྱེད་དུ་འགྲོ་བ་ལ་ཚུལ་གསུམ་ངེས་པ་དགོས་ཏེ། དབང་ཤེས་ཀྱི་སྒྲ་ཡུལ་འཛིན་ནུས་ལ་མི་ཟེར་བ་ལྟར། རྟགས་ཀྱི་སྒྲ་ཡང་གོ་ནུས་ལ་མི་ཟེར་བར་གོ་བྱེད་ལ་གསུངས་པའི་ཕྱིར་རོ། །འདི་ལ་དགོངས་ནས་ཚད་མ་མདོར། རྗེས་དཔག་བྱ་དང་དེར་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ་ཞེས་དང་། དེའི་དོན་རྣམ་ངེས་ལས། ཐ་མར་སྨོས་པའི་ངེས་པ་ཉིད་ནི་ཚུལ་གསུམ་ཀ་ལ་བལྟ་བར་བྱའོ། །ཞེས་གསུངས་སོ། །འདིའི་རྩོད་པ་སྤོང་བ་ལ། ངེས་པ་ལ་རྣམ་བཅད་མེད་པར་སྤོང་བ། དོན་གྱི་ཆོས་སུ་མི་འཐད་པ་སྤོང་བ། ཧ་ཅང་ཐལ་བ་སྤོང་བ་དང་གསུམ་ལས། ཕྱི་མ་ལ་ཡང་ལྔར་ཡོད་པའི་གཉིས་པ་ནི། རང་འགྲེལ་ལས་འདི་ལྟར་གསུངས་ཏེ། གཉིས་པ་རྟགས་ལས་རྟགས་འཛིན་མི་སྐྱེ་བར་ཐལ་བ་ནི། ཚུལ་གསུམ་མ་ངེས་པའི་སྔར་རྟགས་མ་ཡིན་པས་དེ་ལས་རྟགས་འཛིན་སྐྱེས་པ་དེ་རྟགས་མ་ཡིན་པ་ལས་རྟགས་འཛིན་སྐྱེ་བར་འགྱུར་རོ། །འདོད་ན། དངོས་གང་ཅི་ལྟ་བུར་གྱུར་པ། །དེ་འདྲ་དེ་ནི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟ་ཡི། །དངོས་ལས་དེས་བསྐྱེད་རྟགས་ཅན་བློ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ཁོ་བོ་ཅག་རྟགས་སུ་དགོད་བྱའི་ངོ་བོ་དུ་བ་དང་བྱས་པ་ལ་སོགས་པ་ལས་རྟགས་འཛིན་སྐྱེ་བར་འདོད་ཀྱི། རྟགས་ཀྱི་མཚན་ཉིད་ཚུལ་གསུམ་ངེས་པ་ལས་སྐྱེ་བར་མི་འདོད་དོ། །ཞེས་གསུངས་སོ། །དེ་དག་གི་དོན་འཆད་པ་ལ་སྤྱིར་རྟགས་འཛིན་སེམས་ལ་རྒྱ་བོད་ཀྱི་འདོད་པ་མི་འདྲ་བ་མང་དུ་འདུག་ན་ཡང་། བདག་ཉིད་ཆེན་པོ་འདིའི་དགོངས་པ་ཚུལ་བཞིན་དུ་བཤད་པ་ལ་བཞི་སྟེ། མཚན་ཉིད། མཚན་གཞི། སྐྱེ་ཚུལ། ལུང་དང་སྦྱར་བའོ། །དང་པོ་ནི། ཚུལ་གསུམ་ངེས་པའི་སྔོན་དུ་རྟགས་སུ་དགོད་བྱར་བཟུང་བའི་བཅད་ཤེས་གང་ཞིག རང་འབྲས་རྟགས་ཅན་རྗེས་དཔག་གི་བརྒྱུད་པའི་རྒྱུར་འགྱུར་བའོ། །གཉིས་པ་ནི། འབྲས་རྟགས་ལ་དུ་བ་མཐོང་བའི་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་དུ་བ་ངེས་པའི་བཅད་ཤེས་དང་། རང་བཞིན་གྱི་རྟགས་ལ་སྒྲ་འཛིན་མངོན་སུམ་གྱིས་སྒྲ་བྱས་པར་ངེས་པའི་ངེས་པ་རང་སྟོབས་ཀྱིས་དྲངས་ནུས་ན་མངོན་སུམ་དེའི་རྗེས་སུ་སྐྱེས་པའི་སྒྲ་བྱས་པར་ངེས་པའི་བཅད་ཤེས་ལྟ་བུ་དང་། རང་སྟོབས་ཀྱིས་དྲངས་མ་ནུས་ན་སྒྲ་བྱས་པར་རྟོགས་པའི་རྗེས་དཔག་གིས་དྲངས་པའི་བྱས་པ་འཛིན་པའི་བཅད་ཤེས་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་འཛིན་སེམས་སུ་འགྱུར་བ་ལྟ་བུའོ། །དགག་རྟགས་ལ་དག་འཛིན་དབང་པོའི་མངོན་སུམ་གྱིས་ཕྱོགས་འདི་ནི་དམིགས་སོ། །བུམ་པ་འདི་ནི་མ་དམིགས་སོ་སྙམ་པའི་རྟོག་པ་གཉིས་དྲངས་པའི་ཕྱི་མ་ལྟ་བུའོ། །གསུམ་པ་ནི། དུ་བ་ངེས་པའི་བཅད་ཤེས་དེས། དུ་བ་ཉིད་ལ་ལ་ཡོད་པའི་ཕྱོགས་ཆོས་དང་། མེ་དུའི་དེ་བྱུང་གི་འབྲེལ་པ་ངེས་པའི་ཁྱབ་པ་འཛིན་པའི་རྟོག་པ་གཉིས་དྲངས་ནས་དེ་ལྟ་བུའི་ཚུལ་གསུམ་བར་མ་ཆད་དུ་ངེས་པའི་ཚེ་བསྒྲུབ་ངག་ལ་མི་ལྟོས་པར་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་སྐྱེ་བའོ། །འདི་ནི་རང་དོན་རྟགས་ཀྱི་དབང་དུ་བྱས་པ་སྟེ། རྗེས་མ།>>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply