འདི་ལ་བར་དུ་གཅོད་བྱེད་ཀྱི་དྲན་པ་ནི་ཚུལ་གསུམ་ངེས་པའི་བློ་དེ་ཉིད་ལས་གཞན་མེད་དོ། །ཡང་རྟགས་ཀྱི་མཚན་གཞི་དུ་བ་ངེས་པའི་རྗེས་སུ་ཚུལ་གསུམ་གཞི་སོ་སོའི་སྟེང་དུ་ངེས་པ་དེ་བརྗེད་ཟིན་ནས། ཕྱིས་བསྒྲུབ་ངག་བཀོད་པའི་ཚེ་ཚུལ་གསུམ་དྲན་པའི་དྲན་པ་སྐྱེས་ནས་དེ་ལས་རྗེས་དཔག་སྐྱེ་བ་ཡིན་ནོ། །འདི་ལ་ཚུལ་གསུམ་ངེས་པའི་བློ་དང་དྲན་པ་གཉིས་ཆར་གྱིས་ཆོད་ཀྱང་གཉིས་ཀ་དྲན་པར་མཚུངས་པས་དྲན་པས་ཆོད་ཅེས་སྨོས་སོ། །རང་བཞིན་གྱི་རྟགས་ལ་ཡང་ཕལ་ཆེར་འདི་དང་འདྲ་ཞིང་། ཕྱོགས་ཆོས་རྟགས་ཀྱིས་བསྒྲུབ་དགོས་པའི་ཚེ་ཕྱོགས་ཆོས་རྟོགས་པའི་རྗེས་དཔག་གིས་དྲངས་པའི་བཅད་ཤེས་ཀྱི་རྗེས་སུ་ཚུལ་གསུམ་བར་མ་ཆད་དུ་ངེས་ན་རང་དོན་རྟགས་དང་། ཚུལ་གསུམ་གཞི་སོ་སོའི་སྟེང་དུ་ངེས་ནས་བརྗེད་ན་གཞན་དོན་སྐབས་ཀྱི་གཏན་ཚིགས་སུ་འགྱུར་བ་ཡང་སྔ་མ་དང་འདྲའོ། །དགག་རྟགས་ལ་རྟགས་འཛིན་སེམས་རྟགས་སུ་དགོད་བྱ་ཉིད་ལས་སྐྱེ་བའི་ངེས་པ་མེད་ཀྱང་། མཐར་རྒྱུ་ལས་འབྲས་བུ་བསྒྲུབ་པའི་གཏན་ཚིགས་སུ་སོང་བའི་ཚེ་གཏན་ཚིགས་དེ་ལས་སྐྱེ་བ་ནི་རྟོག་གེ་བའི་གསང་ཚིག་ཏུ་སྣང་ངོ་། །དེང་སང་ཚུལ་གསུམ་ཅིག་ཅར་དུ་དྲན་པ་འདོད་པ་ཞེས་པ་ནི་མ་བརྟགས་པ་སྟེ། རྩོད་གཞིའི་སྟེང་དུ་རྟགས་འཛིན་པའི་རྟོག་པ་དང་། དཔེའི་སྟེང་དུ་ཁྱབ་པ་འཛིན་པའི་རྟོག་པ་གཉིས་ཅིག་ཅར་དུ་འབྱུང་བ་མི་སྲིད་པའི་ཕྱིར་རོ། །དེས་ན་རང་དོན་རྟགས་ལ་ནི་ཐོག་མར་ཁྱབ་པ་དྲན་ནས་དེའི་རྗེས་སུ་ཕྱོགས་ཆོས་དྲན་པ་ལས་རྗེས་དཔག་སྐྱེ་སྟེ། དུ་བ་གློ་བུར་དུ་མཐོང་བའི་ཚེ་དུ་བ་ཡོད་ན་ནི་མེ་ཡོད་པས་ཁྱབ། འདི་ནའང་དུ་བ་ཡོད་པའི་ཕྱིར་ན་མེ་ཡོད་དོ་སྙམ་དུ་ངེས་པའི་ཕྱིར་རོ། །གཞན་དོན་སྐབས་ལ་ཕྱོགས་ཆོས་སྔོན་འགྲོ་ཅན་ལ་ནི་ཕྱོགས་ཆོས་ཐོག་མར་དྲན་ཅིང་། ཁྱབ་པ་སྔོན་འགྲོ་ཅན་ལ་ནི་ཁྱབ་པ་ཐོག་མར་དྲན་ཏེ། དེ་གཉིས་ཀྱི་རྒྱུར་གྱུར་པའི་ཉན་ཤེས་རིམ་པ་དེ་ལྟར་དུ་སྐྱེ་བའི་ཕྱིར་རོ། །བཞི་པ་ནི། ཕྱོགས་གླང་གིས་རྟགས་འཛིན་སེམས་རྟོག་པ་མངོན་སུམ་ལྟར་སྣང་གི་དབྱེ་བར་བཤད་པ་དང་། དེ་དང་རྗེས་དཔག་གི་བར་དུ་དྲན་པས་ཆོད་པར་བཤད་པ་དང་། རྣམ་འགྲེལ་འདིར། རྟགས་ཀྱི་འབྲས་བུ་དང་། རྟགས་ཅན་རྗེས་དཔག་གི་རྒྱུར་གསུངས་པ་དང་། ལྷས་རྟགས་ཀྱི་མཚན་གཞི་དུ་བ་དང་། སྐྱེ་ལྡན་འཛིན་པའི་བློ་རྟགས་འཛིན་སེམས་སུ་གསུངས་པ་དང་། ཤས་རྟགས་ཀྱི་ཡུལ་ཅན་མངོན་སུམ་གྱི་ཕྱིས་བྱུང་བ་ཡིན་པར་གསུངས་པ་དང་། ཉི་སྦས་ཀྱིས་རྟགས་ཀྱི་ཤེས་པ་དངོས་པོའི་ཡུལ་ཅན་མ་ཡིན་པར་གསུངས་པ་དང་། སྔར་དྲངས་པའི་རིགས་གཏེར་རང་འགྲེལ་ལས། ཁོ་བོ་ཅག་རྟགས་སུ་དགོད་བྱའི་ངོ་བོ་དུ་བ་དང་བྱས་པ་སོགས་ལས་རྟགས་འཛིན་སྐྱེ་བར་འདོད་ཀྱི། རྟགས་ཀྱི་མཚན་ཉིད་ཚུལ་གསུམ་ངེས་པ་ལས་སྐྱེ་བར་མི་འདོད་དོ། །ཞེས་གསུངས་པ་རྣམས་ཀྱི་དོན་ལུགས་འདི་ཉིད་ཀྱི་སྟེང་དུ་གནས་པ་ནི་སྔོན་ཆད་གཞན་གྱིས་མ་མཐོང་བར་སྣང་ངོ་། །མདོར་ན། རྟགས་འཛིན་སེམས་ཁྱད་གཞི་འཛིན་པའི་བློ་དང་། ཚུལ་གསུམ་ངེས་པ་ཁྱད་ཆོས་འཛིན་པའི་བློ་ཡིན་པར་ཤེས་ན་ལུགས་འདི་རང་གྲོལ་དུ་འགྱུར་རོ། །གཉིས་པ་མཚན་གཞི་ནི། རིགས་གཏེར་ལས། རྟགས་ཀྱི་མཚན་གཞི་གཞན་སེལ་ཡིན། །ཞེས་གསུངས་ཏེ། སྒྲ་མི་རྟག་པར་བསྒྲུབ་པ་ལ་བྱས་པ་རྟགས་སུ་སོང་བའི་ཚེ། རང་མཚན་དང་སྒྲ་དོན་གང་རྟགས་ཡང་དག་ཡིན་ཞེ་ན། བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཏུ་འཛིན་པའི་རྟོག་ངོར་སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བའི་བྱས་པ་ཙམ་རྟགས་ཡང་དག་ཡིན་ཏེ། དེས་སྒྲ་དོན་རྟགས་ཡང་དག་ཏུ་མི་འཛིན། རང་མཚན་རྟགས་ཡང་དག་ཏུ་ཡང་མི་འཛིན་པར་བྱས་པ་ཙམ་རྟགས་ཡང་དག་ཏུ་འཛིན་པའི་ཕྱིར། རྗེས་ཀྱི་རྟོག་པས་སོ་སོར་ཕྱེ་བའི་ཚེ་རང་མཚན་རྟགས་ཡང་དག་མ་ཡིན་ཏེ། རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་མི་ནུས་པའི་ཕྱིར། སྒྲ་དོན་རྟགས་ཡང་དག་ཡིན་ཏེ། སྔར་གྱི་རྟོག་པ་ལ་སྣང་བའི་བྱས་པ་དེ་རྟགས་ཡང་དག་ཡིན་པ་གང་ཞིག དེ་ཉིད་སྒྲ་དོན་ལས་མ་འདས་པའི་ཕྱིར། དེས་ན་བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཏུ་འཛིན་པའི་རྟོག་པ་ལ་སྣང་བའི་བྱས་པ་དེ་ཉིད་གཞན་སེལ་ཡིན་པས་གཞན་སེལ་རྟགས་ཡང་དག་ཡིན་ནོ། །གསུམ་པ་མཚོན་བྱའི་རབ་ཏུ་དབྱེ་བ་ནི། གཞུང་ལས། མཚན་ཉིད་དེ་དང་ལྡན་པ་ཡི། །གཏན་ཚིགས་དབྱེ་སྒོ་དུ་མར་འགྱུར། །ཆོས་ཀྱི་གྲགས་པས་སྦྱོར་བ་ཡི། །སྒོ་ནས་གསུམ་དུ་ངེས་པར་མཛད། །ཅེས་དངོས་པོའི་སྒོ་ནས་དབྱེ་སྒོ་ལྔ། སྦྱོར་བའི་སྒོ་ནས་གཅིག་སྟེ་དྲུག་ཏུ་མཛད་ཀྱང་། གཏན་ཚིགས་ཀྱི་རིགས་མ་ལུས་པར་བསྡུས་པའི་དབང་དུ་བྱས་ན་དབྱེ་སྒོ་བཅུ་སྟེ། སྦྱོར་བའི་སྒོ་ནས། འཇུག་ཚུལ་གྱི་སྒོ་ནས། སྒྲུབ་བྱེད་ཀྱི་སྒོ་ནས། བསྒྲུབ་ཚུལ་གྱི་སྒོ་ནས། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས། འབྲེལ་པའི་སྒོ་ནས། རྟགས་སུ་དགོད་བྱའི་སྒོ་ནས། འགོད་ཚུལ་གྱི་སྒོ་ནས། རྒོལ་བའི་སྒོ་ནས། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། སྦྱོར་བའི་སྒོ་ནས་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་དུ་འདུས་ཏེ། དགག་རྟགས་ཐམས་ཅད་མཐར་སྣང་རུང་མ་དམིགས་པའི་གཏན་ཚིགས་སུ་འདུས་པས་དཔེ་གཅིག་གི་སྟེང་དུ་གཏན་ལ་འབེབས་ནུས། སྒྲུབ་རྟགས་གཉིས་དཔེ་སོ་སོའི་སྟེང་དུ་གཏན་ལ་འབེབས་དགོས་པའི་ཕྱིར་རོ། །འདི་ལ་རྣམ་འགྲེལ་ལས། མ་དམིགས་པའི་རྟགས་ལས་འཕྲོས་ནས་གཏན་ཚིགས་ལྟར་སྣང་རྒྱས་བཤད་མཇུག་ཏུ་བཤད་པའི་དབང་དུ་བྱས་ནས་འབྲས་རང་གི་གཏན་ཚིགས་ཐོག་མར་གསུངས་ལ། རྣམ་ངེས་ལས། འབྲས་རང་གི་རྟགས་ལས་འཕྲོས་ནས་རྟགས་ཆོས་ཀྱི་འབྲེལ་པ་སྒྲུབ་བྱེད་མཇུག་ཏུ་བཤད་པའི་དབང་དུ་བྱས་ནས་མ་དམིགས་པའི་གཏན་ཚིགས་ཐོག་མར་གསུངས་ཤིང་། རིགས་གཏེར་ལས་ཀྱང་གོ་རིམ་འདི་ལྟར་འབྱུང་ངོ་། །དེ་ལ་དང་པོ་མ་དམིགས་པའི་རྟགས་ཡང་དག་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས། དེ་ནི་དགག་རྟགས་ཡང་དག་གི་མཚན་ཉིད་ཀྱང་ཡིན་ཏེ། དེ་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས་པའི་མཚོན་བྱ་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། འོན་ཀྱང་མ་དམིགས་པའི་རྟགས་ཡང་དག་ནི་སྒྲུབ་བྱེད་ཀྱི་སྒོ་ནས་ཐ་སྙད་བྱས་པ་སྟེ། མ་དམིགས་པའི་གཏན་ཚིགས་ཐམས་ཅད་མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་འགོག་པར་མཚུངས་པའི་ཕྱིར་སྟེ། དགག་པ་ཉིད་ནི་ཐམས་ཅད་དུ། །མི་དམིགས་པ་ལས་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། དགག་རྟགས་ཡང་དག་ནི་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་ཐ་སྙད་བྱས་པ་སྟེ། བསྒྲུབ་བྱའི་ཆོས་དེ་དགག་པ་ཡིན་ན། རྟགས་སུ་དགོད་བྱ་དགག་སྒྲུབ་གང་ཡིན་ཀྱང་དགག་རྟགས་སུ་འགྱུར་བའི་ཕྱིར། དེ་ལ་ཁ་ཅིག་ན་རེ། བྱས་པ་ཆོས་ཅན། དགག་རྟགས་སུ་ཐལ། མཚན་ཉིད་དེའི་ཕྱིར་ཏེ། སྒྲའི་སྟེང་དུ་རྟག་པ་འགོག་པ་ཚུལ་གསུམ་ཚང་བའི་ཕྱིར་ཞེ་ན། དེ་ཆོས་ཅན། དགག་རྟགས་ཡང་དག་ཏུ་ཐལ། སྒྲ་རྟག་པ་མ་ཡིན་པར་བསྒྲུབ་པའི་དགག་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་དབྱེ་བ་ལ། མི་སྣང་བ་མ་དམིགས་པའི་དགག་རྟགས་ཡང་དག་དང་། སྣང་རུང་མ་དམིགས་པའི་དགག་རྟགས་ཡང་དག་གཉིས། དང་པོ་ལ། མཚན་ཉིད། མཚན་གཞི། ཚུལ་གསུམ་ངེས་བྱེད། གསུངས་པའི་དགོས་པ་དང་བཞི་ལས། དང་པོ་ནི། རྩོད་གཞིའི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་སྒྲུབ་མི་ནུས་ཤིང་ཡོད་ངེས་སུ་འགོག་ནུས་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། གཉིས་པ་ནི། བོད་ཕལ་ཆེར་མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ། ཞེས་དང་། ཐ་སྙད་དོན་མཐུན་མི་འཇུག་སྟེ། །ཞེས་སོགས། ཚིག་ཟིན་ལ་འགོད་པ་ནི་བཀོད་ཚོད་དང་གྲུབ་ཚོད་ཀྱི་ཁྱད་པར་མ་ཕྱེ་བ་སྟེ། དེ་ལྟར་ན་རང་བཞིན་མ་དམིགས་པའི་རྟགས་ལ་ཡང་བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ། ཞེས་སོགས་འགོད་དགོས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་ཏེ། མེད་ལ་མི་འཇུག་འབྲས་བུ་ཅན། །ཞེས་དང་། འཇུག་པར་མི་བྱེད་ཅེས་བྱ་བའི། །ཞེས་པའི་གཞུང་གི་གཏན་ཚིགས་དང་པོས་མཐར་དགག་བྱ་ཡོད་ངེས་ཀྱི་ཐ་སྙད་འགོག་པར་བསྟན་པ་ལྟར། རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ། །ཅེས་དང་། བརྡ་དྲན་བྱེད་པ་འབའ་ཞིག་གོ །ཞེས་པའི་གཏན་ཚིགས་གཉིས་པས་མཐར་དགག་བྱ་མེད་ངེས་ཀྱི་ཐ་སྙད་བསྒྲུབ་པར་བསྟན་པར་མཚུངས་པའི་ཕྱིར། དེས་ན་འགོད་ཚུལ་སྐྱོན་མེད་ནི་ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་གི་ངོར་མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ཡོད་ངེས་མ་ཡིན་ཏེ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ནི་རང་བཞིན་གྱིས་སྐལ་བའི་སྐལ་དོན་གྱི་དབང་དུ་བྱས་ལ། ཡུལ་དང་དུས་ཀྱིས་སྐལ་བ་ལ་ཡང་སྦྱར་བར་བྱ་སྟེ། རྣམ་ངེས་ལས། སྐལ་དོན་གསུམ་ཀ་ལ་ཡང་སྦྱར་བར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཕྱོགས་ཆོས་མདུན་གྱི་གཞི་འདིར་མཐོང་བའི་དབང་ཤེས་དང་། དེ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་གྲུབ་སྟེ། དང་པོ་དེས་མདུན་གྱི་གཞི་འདི་དམིགས་སོ་སྙམ་པ་དང་། གཉིས་པ་དེས་འདིར་ཤ་ཟ་མ་དམིགས་སོ་སྙམ་པའི་ངེས་ཤེས་འདྲེན་པར་བྱེད་པའི་ཕྱིར། ཁྱབ་འབྲེལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་དང་། ཤ་ཟ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་གཉིས་རྒྱུ་འབྲས་སུ་ངེས་པས་གྲུབ་བོ། །བཞི་པ་ནི། གཞན་སྡེ་ཁ་ཅིག རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་རྟགས་མི་མཐུན་ཕྱོགས་ལ་མེད་པར་ངེས་པའི་ལྡོག་པ་གྲུབ་པ་དང་། རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་དང་དེ་གཉིས་ཀྱི་བར་གྱི་བར་དོའི་ལུས་དང་ངག་སྨྲ་བ་དང་། ཆགས་བྲལ་གྱི་གཞི་མཐུན་དབང་མངོན་གྱིས་མ་མཐོང་བའི་ཕྱིར་ན་མེད་པ་དང་། དཔྱོད་པ་བས་རྣལ་འབྱོར་མངོན་སུམ་དབང་མངོན་གྱིས་མ་མཐོང་བའི་ཕྱིར་ན་མེད་པར་འདོད་པ་རྣམས་དགག་པའི་ཆེད་དུ་ཡིན་ནོ། །ཇི་ལྟར་གསུངས་ཤེ་ན། དགག་བྱའི་ཆོས་དེ་གང་ཟག་དེ་དག་གི་ངོར་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་ནུས་ཀྱང་མེད་ངེས་སུ་བསྒྲུབ་མི་ནུས་ཏེ། དགག་བྱ་དེ་དག་གང་ཟག་དེ་ལ་སྐལ་དོན་ཡིན་པའི་ཕྱིར། གཉིས་པ་སྣང་རུང་མ་དམིགས་པའི་གཏན་ཚིགས་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་བསྒྲུབ་ནུས་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། གཉིས་པ་ལ་གཉིས་ཏེ། འབྲེལ་ཟླ་མ་དམིགས་པ་དང་། འགལ་ཟླ་དམིགས་པའི་གཏན་ཚིགས་ཡང་དག་གཉིས། དང་པོ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། རྣམ་གཞག་གོ །དང་པོ་ནི། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གང་ཞིག དགག་བྱའི་ཆོས་ཀྱི་འབྲེལ་ཟླ་བཀག་པའི་མེད་དགག་རྟགས་སུ་སོང་བ། གཉིས་པ་ལ་རྒྱུ། ཁྱབ་བྱེད། རང་བཞིན། དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་དང་བཞི་ལས། རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག དགག་བྱའི་ཆོས་ཀྱི་རྒྱུ་བཀག་པའི་མེད་དགག་རྟགས་སུ་སོང་བ། དཔེར་ན། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག དགག་བྱའི་ཆོས་ཀྱི་བདག་ཉིད་གཅིག་པའི་ཁྱབ་བྱེད་བཀག་པའི་མེད་དགག་རྟགས་སུ་སོང་བ། དཔེར་ན། ཤིང་ཚད་མས་མ་དམིགས་པའི་བྲག་རྫོང་ན་ཆོས་ཅན། ཤ་པ་མེད་དེ། ཤིང་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །རང་བཞིན་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག རྟགས་ཆོས་གཉིས་པོ་དེ་མཚན་ཉིད་དང་། མཚོན་བྱར་སོང་བ། དཔེར་ན། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ན་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག དགག་བྱའི་ཆོས་ཀྱི་དངོས་འབྲས་བཀག་པའི་མེད་དགག་རྟགས་སུ་སོང་བ། དཔེར་ན། དུ་བས་དབེན་པའི་རྩིག་སྐོར་ན་ཆོས་ཅན། དུ་བའི་དངོས་རྒྱུ་མེ་མེད་དེ། དངོས་འབྲས་དུ་བ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ལ། ཚུལ་གསུམ་ངེས་བྱེད། འགལ་མི་འགལ། གྲངས་ངེས་པ། གསུངས་པའི་དགོས་པ། རང་བཞིན་མ་དམིགས་པ་བྱེ་བྲག་ཏུ་བཤད་པ་དང་ལྔ་ལས། དང་པོ་ནི། རྒྱུ་མ་དམིགས་པའི་ཕྱོགས་ཆོས་ཕལ་ཆེར་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་པ་ཡིན་ཏེ། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་མཐོང་བའི་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེས་མེ་མེད་མཚན་དུས་ཀྱི་རྒྱ་མཚོ་འདི་ནི་དམིགས་སོ། །འདིར་མེ་མ་དམིགས་སོ་སྙམ་པའི་ངེས་ཤེས་གཉིས་འདྲེན་པར་བྱེད་པའི་ཕྱིར། གལ་ཏེ་མངོན་སུམ་གྱི་སྟོབས་ཀྱིས་མ་གྲུབ་ན། ཐ་སྙད་འབའ་ཞིག་བསྒྲུབ་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་གྲུབ་པ་ཡིན་ནོ། །ཁྱབ་འབྲེལ་དུ་བ་མེ་ལས་དེ་བྱུང་དུ་འབྲེལ་པར་རྟོགས་པའི་ཚད་མས་གྲུབ་པ་ཡིན་ཏེ། དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པའི་རྗེས་ཁྱབ་གྲུབ་ན། མེ་མེད་ན་དུ་བ་མེད་པས་ཁྱབ་པའི་ལྡོག་ཁྱབ་གྲུབ་པའི་ཕྱིར་ཏེ། ཅི་ལྟར་དངོས་ཉིད་བསྒྲུབ་པ་ལ། །ཞེས་སོགས་དང་། རྒྱུ་དང་ངོ་བོ་ལྡོག་ཉིད་ཀྱིས། །ཞེས་སོགས་གསུངས་པའི་ཕྱིར། ཁྱབ་བྱེད་མ་དམིགས་པའི་ཕྱོགས་ཆོས་གྲུབ་ཚུལ་སྔ་མས་རིགས་འགྲེ། ཁྱབ་འབྲེལ་ཤ་པ་ཤིང་དང་བདག་གཅིག་ཏུ་འབྲེལ་པར་རྟོགས་པའི་ཚད་མས་གྲུབ་སྟེ། སྒྲུབ་བྱེད་རིགས་འགྲེ། རང་བཞིན་མ་དམིགས་པའི་ཕྱོགས་ཆོས་ནི། དགག་གཞི་འཛིན་པའི་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་པ་ཡིན་ཏེ། དེས་དེར་དེ་མ་དམིགས་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། ཁྱབ་འབྲེལ་ནི་དེ་སྐོར་གྱི་རྟགས་ཆོས་གཉིས་མཐར་བདག་གཅིག་ཏུ་འབྲེལ་པར་རྟོགས་པའི་ཚད་མས་གྲུབ་པ་ཡིན་ནོ། །དངོས་འབྲས་མ་དམིགས་པའི་ཕྱོགས་ཆོས་མངོན་སུམ་གྱི་བྱེད་པས་གྲུབ་སྟེ། དུ་བས་དབེན་པའི་རྩིག་སྐོར་མཐོང་བའི་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དེས་དེར་དུ་བ་མ་དམིགས་པ་ངེས་པའི་ཕྱིར། ཁྱབ་འབྲེལ་འགལ་དམིགས་དང་འདྲ་བས་འོག་ཏུ་འཆད་དོ། །གཉིས་པ་ནི། དེ་བཞི་འགལ་ཏེ། རྒྱུ་མ་དམིགས་པ་ཡིན་ན། རྟགས་ལོག་དང་ཆོས་ལོག་ལ་དེ་བྱུང་གི་འབྲེལ་པ་གྲུབ་དགོས། ཁྱབ་བྱེད་མ་དམིགས་པ་ཡིན་ན། རྟགས་ལོག་དང་ཆོས་ལོག་ལ་བདག་གཅིག་གི་འབྲེལ་པ་གྲུབ་དགོས། རང་བཞིན་མ་དམིགས་པ་ཡིན་ན། རྟགས་ལོག་དང་ཆོས་ལོག་ལ་མཚན་མཚོན་གྱི་འབྲེལ་པ་གྲུབ་དགོས། དངོས་འབྲས་མ་དམིགས་པ་ཡིན་ན། རྟགས་ལོག་དང་ཆོས་ལོག་ལ་དངོས་རྒྱུ་དངོས་འབྲས་ཀྱི་འབྲེལ་པ་གྲུབ་དགོས་པའི་ཕྱིར། གསུམ་པ་ནི། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་དེ་ལ་བཞི་པོ་དེར་གྲངས་ངེས་ཏེ། དེ་ལ་དགག་བྱའི་ཆོས་ཀྱི་རྒྱུ་བཀག་པ་དང་། རང་བཞིན་བཀག་པ་དང་། འབྲས་བུ་བཀག་པ་གསུམ་ལས། དང་པོ་ནི་རྒྱུ་མ་དམིགས་པ། གཉིས་པ་ལ། ལྡོག་པ་ཐ་དད་པའི་རང་བཞིན་བཀག་པ་དང་། ལྡོག་པ་གཅིག་པའི་རང་བཞིན་བཀག་པ་གཉིས་ལས། དང་པོ་ནི། ཁྱབ་བྱེད་མ་དམིགས་པ། གཉིས་པ་ནི། རང་བཞིན་མ་དམིགས་པ། གསུམ་པ་ལ་འབྲས་བུ་ཙམ་བཀག་པ་དང་། དངོས་འབྲས་བཀག་པ་གཉིས་ལས། དང་པོ་ནི། དགག་བྱ་མེད་ངེས་སུ་བསྒྲུབ་མི་ནུས་ཤིང་། གཉིས་པ་ནི། དངོས་འབྲས་མ་དམིགས་པ་ཡིན་པའི་ཕྱིར། བཞི་པ་ནི། འབྲས་བུ་སྡུག་བསྔལ་བདེན་པ་སྤོང་བ་ལ་རྒྱུ་ཀུན་འབྱུང་བདེན་པ་སྤོང་དགོས་སོ་ཞེས་ཤེས་པའི་ཕྱིར་དུ། རྒྱུ་མ་དམིགས་པ། སྤྱིར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སྤང་ན་འགྱུར་བའི་སྡུག་བསྔལ་ཡང་སྤངས་པས་ཁྱབ་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡང་སྤོང་དགོས་སོ་ཞེས་ཤེས་པའི་ཕྱིར་དུ་ཁྱབ་བྱེད་མ་དམིགས་པ་དང་། གྲངས་ཅན་པས་རྒྱུ་དུས་ན་འབྲས་བུ་ཡོད་པ་དང་། བྱེ་བྲག་པས་གསོན་ལུས་ལ་བདག་ཡོད་པ་འདོད་པ་སོགས་ལ་དེ་དག་མེད་དེ། ཡོད་ན་ཚད་མ་ལ་སྣང་དུ་རུང་དགོས་པ་ལས། ཚད་མ་ལ་མི་སྣང་བའི་ཕྱིར་ཞེས་ཤེས་པའི་ཕྱིར་དུ་རང་བཞིན་མ་དམིགས་པ་དང་། གྲངས་ཅན་པས་གཙོ་བོའི་སྒྲ་དོན་དངོས་པོའི་ཉེར་ལེན་ཅན་དུ་འདོད་པ་དགག་པའི་ཕྱིར་དུ་དངོས་འབྲས་སྣང་རུང་མ་དམིགས་པ་གསུངས་པ་ཡིན་ནོ། །ལྔ་པ་ལ་གསུམ་སྟེ། ཕྱིར་རྒོལ་ངོས་གཟུང་བ། རང་བཞིན་གྱི་རྟགས་སུ་བསྡུ་ཚུལ། ཐ་སྙད་འབའ་ཞིག་སྒྲུབ་ཏུ་འགྱུར་བའི་ཚུལ་ལོ། །དང་པོ་ནི། དོན་ལྡོག་མཐོང་ཡང་བརྡ་དྲན་པར་མི་ནུས་པའི་རྒོལ་བ་ཤིན་ཏུ་རྨོངས་པའི་ངོར་འགོད་པ་ཡིན་ཏེ། དེ་ནི་ཤིན་ཏུ་རྨོངས་དོན་ཏེ། །ཞེས་དང་། ཡུལ་ཡོད་ན་ཡང་རྨོངས་པས་འདིར། །གཞན་དག་རྗེས་སུ་མི་བརྗོད་པ། །གྲུབ་པ་དང་ནི་ཆོས་མཐུན་ལས། །བརྡ་དྲན་བྱེད་པ་འབའ་ཞིག་གོ །ཞེས་དང་། རིགས་གཏེར་ལས། རྨོངས་པ་ལ་ནི་བརྡ་དྲན་པའི། །ཐ་སྙད་བསྒྲུབ་ཀྱི་རྗེས་དཔག་དགོས། །ཞེས་གསུངས་སོ། །གཉིས་པ་ནི། རང་བཞིན་མ་དམིགས་པའི་གཏན་ཚིགས་ཐམས་ཅད་བཀོད་ཚོད་ལ་དགག་རྟགས་ཡིན་ཀྱང་། མཐར་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་ཏེ། མཐར་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་བསྒྲུབ་པའི་གཏན་ཚིགས་སུ་འདུས་པའི་ཕྱིར་ཏེ། རྒྱུ་ལས་འབྲས་བུ་བསྒྲུབ་པས་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །ཞེས་གསུངས་པས་སོ། །དེ་ཇི་ལྟ་བུར་ཞེ་ན། དག་འཛིན་དབང་མངོན་ཆོས་ཅན། བུམ་པ་མེད་ངེས་ཀྱི་ཐ་སྙད་འབྱུང་རུང་ཡིན་ཏེ། བུམ་པས་དག་པའི་ས་ཕྱོགས་འཛིན་པའི་ཚད་མ་ཡིན་པའི་ཕྱིར། ཞེས་སྔར་གྱི་བྱེད་པ་པོའི་ངོས་ནས་འགོད་པ་དེ་ཉིད་དོ། །དེང་སང་ཐམས་ཅད་མཐུན་པར་གཞུང་འདིའི་དོན་རྣམ་འཇོག་གི་རྒྱུ་ལས་རྣམ་གཞག་གི་འབྲས་བུ་ངེས་པ་ལ་འཆད་པ་ནི་མི་འཐད་དེ། དེ་ཙམ་གྱིས་རང་བཞིན་གྱི་རྟགས་སུ་མ་ངེས་པའི་ཕྱིར་དང་། གཞན་དོན་ལེའུར། གཅིག་དམིགས་ཉམས་སུ་མྱོང་བ་ལས། །ཞེས་སོགས་ཀྱི་གཞུང་དོན་མེད་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི། བུམ་པ་མེད་ངེས་ཀྱི་དོན་ལྡོག་བུམ་པ་ཚད་མས་མ་དམིགས་པས་གྲུབ་ཀྱང་བུམ་པ་མེད་ངེས་ཀྱི་བརྡ་སྦྱར་མི་ཤེས་པ་ལ་དེའི་བརྡ་འབའ་ཞིག་བསྒྲུབ་པར་བྱེད་པས་ཐ་སྙད་འབའ་ཞིག་བསྒྲུབ་ཀྱི་གཏན་ཚིགས་སུ་འཇོག་གོ །གཉིས་པ་འགལ་དམིགས་ཀྱི་གཏན་ཚིགས་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གང་ཞིག ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་བསྒྲུབ་ནུས་པའི་བསྒྲུབ་པ་རྟགས་སུ་སོང་བ། གཉིས་པ་ལ། ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས་ལས་དང་པོ་ལ། མཚན་ཉིད། དབྱེ་བ། རྣམ་གཞག་དང་གསུམ་ལས། དང་པོ་ནི། འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག ལྷན་ཅིག་མི་གནས་འགལ་ལ་བརྟེན་ནས་རང་གི་ཁྱབ་འབྲེལ་ངེས་དགོས་པ། གཉིས་པ་ལ། དགག་གཞག་གཉིས། དང་པོ་ལ་གཉིས་ཏེ། དབྱེ་ཚུལ་དགག་པ་དང་། སྦྱོར་བ་འགོད་ཚུལ་དགག་པའོ། །དང་པོ་ནི། སྔ་རབས་པ་ཁ་ཅིག གྲང་རེག་དང་། གྲང་རེག་གི་དངོས་རྒྱུ་དང་། གྲང་འབྲས་སྤུ་ལོང་བྱེད་དང་། དེའི་ཁྱབ་བྱ་བ་མོའི་རེག་པ་ལྟ་བུ་རེ་རེ་འགོག་པ་ལ། ཚ་རེག་དང་། ཚ་རེག་གི་དངོས་རྒྱུ་དང་། ཚ་རེག་གི་དངོས་འབྲས་དང་། དེའི་ཁྱབ་བྱ་ཙནྡན་གྱི་མེ་ལྟ་བུ་བཞི་ཆར་སྦྱོར་བས་བཅུ་དྲུག་ཏུ་འགྱུར་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་ཚ་རེག་གི་དངོས་རྒྱུ་རྟགས་སུ་བཀོད་ནས་གྲང་རེག་སྐོར་བཞི་འགོག་པའི་གཏན་ཚིགས་དེ་རྣམས་མི་འཐད་དེ། ཚ་རེག་གི་དངོས་རྒྱུ་ནི། རང་གི་སྐད་ཅིག་གཉིས་པར་མེ་སྐྱེད་ངེས་ཀྱི་རྒྱུ་ཡིན་པས་མེ་མ་ངེས་པར་དེ་ངེས་མི་ནུས་ལ། མེས་ཁྱད་པར་དུ་བྱས་པ་རྟགས་སུ་བཀོད་ན། མེ་རྟགས་སུ་སོང་བ་ཡིན་གྱི། དེ་ལྟ་བུ་རྟགས་སུ་སོང་བ་མ་ཡིན་པའི་ཕྱིར། གཉིས་པ་ལ། ཁ་ཅིག དགག་བྱའི་ཆོས་ལ་སྟོབས་ཆེན་པོ་སྦྱོར་བ་ནི། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་གོང་བུ་ཐམས་ཅད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུར་ཁས་བླངས་པ་དང་། མདོ་སྡེ་པས་ཚ་རེག་དང་གྲང་རེག་གང་དམིགས་པ་དེ་ཉིད་ཡོད་ཀྱི། གང་མ་དམིགས་པ་དེ་ཉིད་མེད་པའི་ཁྱད་པར་མ་ཕྱེད་པའོ། །ཁ་ཅིག གཏན་ཚིགས་ལ་མེ་སྟོབས་ཆེན་པོ་སྦྱོར་བ་ནི། ཚ་གྲང་གཉིས་པོ་ལྷན་ཅིག་མི་གནས་འགལ་དུ་སོང་བའི་ཚེ་གང་སྟོབས་ཆེ་བ་དེས་སྟོབས་ཆུང་བ་དེ་རྒྱུན་གཅོད་པར་བྱེད་པ་དང་། གཏན་ཚིགས་ཚད་མས་དམིགས་པ་ཉིད་ཀྱིས་དགག་བྱའི་ཆོས་མེད་པ་ཙམ་ཞིག་འགྲུབ་པའི་ཁྱད་པར་མ་ཕྱེད་པ་སྟེ། གཏན་ཚིག་མེ་སྟོབས་ཆུང་བ་ཚད་མའི་སྟོབས་ཀྱིས་ངེས་ན། རྒྱུ་མཚན་དེ་ཉིད་ཀྱིས་དེ་དང་སྟོབས་མཉམ་པའམ་སྟོབས་ཆེ་བའི་གྲང་རེག་མེད་པར་འགྲུབ་པའི་ཕྱིར་རོ། །དེང་སང་ཕལ་ཆེར། སྐད་ཅིག་གསུམ་ལ་དོན་འགལ་ལྡོག །ཅེས་གསུངས་པས། ཚ་གྲང་གཉིས་སྐད་ཅིག་དང་པོ་ལ་ཅིག་ཅར་དུ་གནས་པ་ཙམ་ལ་བསམས་ནས་དགག་བྱའི་ཆོས་ལ་རྒྱུན་ཆགས་སྦྱོར་བའང་ཕྱོགས་ཆོས་ཚད་མས་དྲངས་པའི་བཅད་ཤེས་ཀྱིས་ངེས་དགོས་པའི་གནད་མ་རིག་པ་སྟེ། སྐད་ཅིག་གསུམ་པ་ལ་གནོད་བྱ་ལྡོག་པ་དེ་ཉིད་ཀྱི་ཕྱིར་རོ། །ཕྱོགས་ཆོས་ངེས་ན་གནོད་བྱ་ཙམ་མེད་པར་གྲུབ་སྟེ། གནོད་བྱེད་སྐྱེས་ནས་སྐད་ཅིག་གསུམ་ལོན་པའི་ཕྱིར་རོ། །བོད་ཕལ་ཆེར། ཆོས་ཅན་ལ་ཁྱབ་པ་ནོན་པ་ཞེས་དང་། གཏན་ཚིགས་ལ་ཁྱབ་པར་ནོན་པའི་དངོས་པོ་ཞེས་པའི་ཞིབ་ཆ་སྦྱོར་བ་ནི་ཚིག་འཁྲི་ལ་འཛེམ་པར་སྣང་ནའང་། དེས་ཀྱང་ཚིག་འཁྲི་གཅོད་མི་ནུས་ཏེ། ངག་ལས་ཤེས་པར་བྱའོ། །དེས་ན་རྒྱ་གར་མཁས་པའི་གཞུང་དང་། རིགས་གཏེར་རང་འགྲེལ་གྱི་དགོངས་པ་འགོད་ཚུལ་སྐྱོན་མེད་ནི། འགལ་ཟླ་ཚད་མའི་སྟོབས་ཀྱིས་ངེས་པའི་གཞི་རྒོལ་ཕྱིར་རྒོལ་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་ཆོས་ཅན་དུ་བཟུང་ནས་འགལ་ཟླ་ཅིག་ཤོས་མེད་དེ། འགལ་ཟླ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། ཞེས་འགོད་པ་སྟེ་འོག་ནས་འབྱུང་ངོ་། །གཉིས་པ་ནི། གཞུང་ལས་རྣམ་གཞག་མང་བཤད་ཀྱང་། །འགོག་ནུས་སྔ་མ་བཅུ་གཉིས་ཡིན། །ཞེས་གསུངས་ཏེ། ལེའུ་དང་པོའི་རང་འགྲེལ་དུ་བརྒྱད། རྣམ་ངེས་སུ་བཅུ། རིགས་ཐིགས་སུ་བཅུ་གཅིག་བཤད་ཀྱང་། བཅུ་གཉིས་སུ་འདུས་པ་ཡིན་ཏེ། འགལ་བའི་རང་བཞིན་དམིགས་པ་བཞི། འགལ་བའི་འབྲས་བུ་དམིགས་པ་བཞི། འགལ་བའི་ཁྱབ་བྱ་དམིགས་པ་བཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་བཞི་ནི། རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ། རྒྱུ་དང་འགལ་བའི་རང་བཞིན་དམིགས་པ། འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་བཞི་ནི་རིམ་པ་བཞིན། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། གྲང་རེག་དང་། གྲང་འབྲས་སྤུ་ལོང་བྱེད་དང་། གྲང་རེག་གི་དངོས་རྒྱུ་དང་། ཁ་བའི་རེག་པ་མེད་དེ། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། གཉིས་པ་བཞི་ནི། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ། ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་བཞི་ནི་རིམ་བཞིན། དུ་བ་དྲག་འཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཆོས་བཞི་འདྲ། དུ་བ་དྲག་འཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། གསུམ་པ་བཞི་ནི། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ། འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ། ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་བཞི་ནི་རིམ་བཞིན། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཆོས་བཞི་འདྲ། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། འདི་དག་ལ་དེང་སང་ཤེས་བྱ་ཆོས་ཅན་དུ་བཟུང་ནས་སྐྱོན་གཏོང་བ་ལྟ་བུ་ཞེ་འདོད་ལ་མི་སྙོགས་པའི་ཚིག་སྐྱོན་བཅད་དགོས་ན། ངེས་པའི་དངོས་པོ་ཡིན་པའི་ཕྱིར། །ཞེས་འགོད་དགོས་པ་འདྲ་སྟེ། འགོད་ཚུལ་ནི་སྐྱོན་ཅན་ཡིན་ནོ། །གསུམ་པ་རྣམ་གཞག་ལ། ཚུལ་གསུམ་ངེས་བྱེད། གྲངས་ངེས་པ། གསུངས་པའི་དགོས་པ་དང་གསུམ། དང་པོ་ལ། ཕྱོགས་ཆོས་མངོན་སུམ་གྱི་བྱེད་པས་གྲུབ། ཁྱབ་འབྲེལ་དངོས་སུ་བརྟགས་ཏེ་དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་དུ་ངེས་པ་དང་། མཐར་བདག་གཅིག་གི་འབྲེལ་པ་ལ་བརྟེན་ནས་ངེས་པ་ཡིན་ཏེ། འགལ་དམིགས་ཀྱི་གཏན་ཚིགས་ཐམས་ཅད་མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་འགོག་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ལ། ཙནྡན་གྱི་དུ་བས་གྲང་རེག་སྐོར་བཞི་འགོག་པའི་རང་བཞིན་དང་འགལ་བའི་ཁྱབ་བྱའི་འབྲས་བུ་དམིགས་པ་སོགས་བཞི་དང་བཅས་པས་བཅུ་དྲུག་ཏུ་འགྱུར་བ་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་བྱིས་པའི་གཏམ་སྟེ། དུ་བ་དྲག་ཕྱུར་བས་འགོག་ནུས་པ་ནི་མེ་མ་མཐོང་བར་དུ་བ་མཐོང་བའི་དབང་དུ་བྱས་པ་ཡིན་ལ། ཙན་མེ་མ་ངེས་པ། ཙནྡན་གྱི་དུ་བ་ངེས་པར་མེད་ཅིང་། དེའི་ཚེ་ཙན་མེ་རྟགས་སུ་འགྱུར་བ་ཡིན་གྱི། ཙནྡན་གྱི་དུ་བ་རྟགས་སུ་འགྱུར་བ་མ་ཡིན་པའི་ཕྱིར། དེས་ན་བཞི་པོ་དེ་ཡང་མི་འཐད་ཅིང་། ཚ་རེག་གི་དངོས་རྒྱུ་རྟགས་སུ་བཀོད་པ་བཞི་པོ་ཡང་མི་འཐད་པས་བཅུ་གཉིས་སུ་གྲངས་ངེས་པ་ཡིན་ནོ། །གསུམ་པ་ནི། བདག་མེད་རྟོགས་པའི་ཤེས་རབ་སྐྱེས་ན་བདག་འཛིན་འགོག་ནུས་པས་དེ་སྤོང་བ་ལ་བདག་མེད་རྟོགས་པའི་ཤེས་རབ་སྐྱེ་དགོས་སོ། །ཞེས་ཤེས་པའི་ཆེད་ཡིན་ནོ། །གཉིས་པ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ལ། མཚན་ཉིད། དབྱེ་བ། རྣམ་གཞག་དང་གསུམ་ལས། དང་པོ་ནི། འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག ཕན་ཚུན་སྤངས་འགལ་ལ་བརྟེན་ནས་རང་གི་ཁྱབ་འབྲེལ་ངེས་དགོས་པའོ། །གཉིས་པ་ལ། ཁྱབ་བྱེད་འགལ་དམིགས་དང་། དེར་འདུས་པའི་ཚད་མའི་གནོད་འགལ་དམིགས་པ་གཉིས་ལས། དང་པོ་ནི། སྒྲ་ཆོས་ཅན། རྟག་དངོས་ཀྱིས་སྟོང་སྟེ། བྱས་པའི་ཕྱིར། ཞེས་པ་ལྟ་བུའོ། །གཉིས་པ་ནི། བྱས་པའམ་དངོས་པོའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྗེས་ཁྱབ་སྒྲུབ་བྱེད་ཀྱི་ལྟོས་མེད་ཀྱི་གཏན་ཚིགས་ཏེ། འདི་ལ་ཐལ་འགྱུར་གྱིས་ལོག་རྟོག་གི་དབལ་བཅོམ་པ་དང་། རང་རྒྱུད་ཀྱིས་ལྟོས་མེད་ལ་ངེས་ཤེས་སྐྱེད་པ་དང་། དེས་རྗེས་ཁྱབ་གྲུབ་པའི་ཚུལ་དང་གསུམ་ལས། དང་པོ་ནི། རང་སྡེ་མང་པོས་བཀུར་བ་སོགས། གཏན་ཚིགས་དེ་གཉིས་ལ་སྤྱིར་འཇིག་པས་ཁྱབ་ཀྱང་། གྲུབ་ཙམ་ནས་འཇིག་ངེས་མ་ཡིན་ཏེ། ཕྱིས་འབྱུང་གི་འཇིག་རྒྱུས་འཇིག་པར་བྱེད་དགོས་པའི་ཕྱིར། ཞེས་འདོད་པ་ལ། གང་དེ་དང་དེའི་ངོ་བོར་འགྱུར་བ་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་དགོས་པ་དང་བཅས་པ་ཡིན་ན། དེ་དང་དེར་མ་ངེས་པས་ཁྱབ། དཔེར་ན། གོས་ཚོན་ཅན་བཞིན། བུམ་པ་འཇིག་པའང་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་པ་དང་བཅས་པར་ཁས་བླངས་སོ། །ཞེས་པ་ནི་ལྟོས་པས་ངེས་པ་འགོག་པའི་ཐལ་འགྱུར་ཡིན་ནོ། །གཉིས་པ་ནི། དེའི་རྗེས་སུ་གང་དེ་དང་དེའི་ངོ་བོར་ངེས་པ་ཡིན་ན། དེ་དང་དེར་འགྱུར་བ་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་པ་མེད་པས་ཁྱབ། དཔེར་ན་མར་མེ་སྐད་ཅིག་མཐའ་མ་འཇིག་པ་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་པ་མེད་པ་བཞིན། བུམ་པ་ཡང་འཇིག་ངེས་ཡིན་ནོ། །ཞེས་པ་ནི་ངེས་པས་ལྟོས་པ་འགོག་པའི་རང་རྒྱུད་ཡིན་ནོ། །གསུམ་པ་ནི། དེ་གྲུབ་པའི་ཚེ་གང་དེ་དང་དེར་འགྱུར་བ་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་པ་མེད་པར་རྒྱུ་ལས་སྐྱེས་པ་ཡིན་ན། གྲུབ་ཙམ་ནས་དེའི་ངོ་བོར་ངེས་པས་ཁྱབ། དཔེར་ན། མྱུ་གུའི་རྒྱུ་ཚོགས་ཐ་མ་གྲུབ་ཙམ་ནས་མྱུ་གུ་སྐྱེད་ངེས་པ་བཞིན། བུམ་པའང་རང་རྒྱུ་ལས་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་པ་མེད་པར་བུམ་པའི་རྒྱུ་ལས་སྐྱེས་པ་ཡིན་ནོ། །ཞེས་པ་ནི་གཏན་ཚིགས་བྱས་པའམ་དངོས་པོ་ལ་ཡང་མཐར་འཇིག་པ་ཙམ་དུ་མ་ཟད་གྲུབ་ཙམ་ནས་འཇིག་པས་ཁྱབ་པའི་རྗེས་ཁྱབ་གྲུབ་ཚུལ་ཏེ། རང་བཞིན་གྱི་རྟགས་སོ། །འདི་དག་ལ་ཡང་སྔར་ངེས་པས་ལྟོས་པ་འགོག་པའི་ཚེ་སྤྱིར་འཇིག་ངེས་རྟགས་སུ་སོང་བ་ཙམ་དང་། ལྟོས་མེད་ཀྱིས་ངེས་པ་བསྒྲུབ་པའི་ཚེ་གྲུབ་ཙམ་ནས་འཇིག་ངེས་བསྒྲུབ་པ་ཡིན་པ་དང་། དེ་གཉིས་སྔར་རྒོལ་ལ་ཁྱད་པར་མེད་ཀྱང་། ཕྱིར་རྒོལ་ལ་ཁྱད་པར་ཡོད་པའི་ཚུལ་དང་གསུམ་རྒྱུད་རྣམ་འགྲེལ་གྱི་གཞུང་དང་སྦྱར་ཚུལ་དང་། སྐབས་འདིར་གཏན་ཚིགས་སུ་བགྲང་བ་ནི་བར་པ་ཁོ་ན་ཡིན་པའི་ཚུལ་རྣམས་ངག་ལས་ཤེས་པར་བྱའོ། །ས་པཎ་གྱི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པ་ནི་གཞན་སུ་ཡང་གང་ན་ཡང་མི་སྣང་ངོ་། །གསུམ་པ་ལ། ཚུལ་གསུམ་ངེས་བྱེད། གྲངས་ངེས་པ། གསུངས་པའི་དགོས་པ་དང་གསུམ་ལས། དང་པོ་ནི། སྔ་མའི་ཕྱོགས་ཆོས་རང་བཞིན་གྱི་རྟགས་དང་འདྲ། ཕྱི་མའི་ཕྱོགས་ཆོས་ཡང་ན་འདིར་ནི་མི་དམིགས་པའི་རྟགས་ལས་འཇིག་པ་གྲུབ་པ་ཡིན། ཞེས་པའི་རྗེས་དཔག་གི་སྟོབས་ཀྱིས་གྲུབ་བོ། །གཉིས་ཀའི་ཁྱབ་འབྲེལ་དངོས་སུ་ཕན་ཚུན་སྤངས་འགལ་ལ་བརྟེན་ནས་གྲུབ། མཐར་བདག་གཅིག་གི་འབྲེལ་པ་ལ་བརྟེན་ནས་གྲུབ་བོ། །གཉིས་པ་ནི། དེ་ལ་གཉིས་སུ་གྲངས་ངེས་པ་ནི་དངོས་པོའི་གྲངས་ངེས་མ་ཡིན་ཏེ། སྒྲ་ཆོས་ཅན། རྟག་པ་མ་ཡིན་ཏེ། བྱས་པའི་ཕྱིར། ཞེས་པ་ལྟ་བུ་དེ་གཉིས་སུ་མ་འདུས་པ་མཐའ་ཡས་པ་ཡོད་པའི་ཕྱིར་རོ། །དེས་ན་དགོངས་པ་ལ་ལྟོས་པའི་གྲངས་ངེས་ཡིན་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྗེས་ཁྱབ་བསྒྲུབ་པའི་ཆེད་དུ་སྔ་མ་དང་། རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་ཙམ་བསྒྲུབ་ནུས་ཀྱི། འབྱུང་ངེས་སུ་བསྒྲུབ་མི་ནུས་སོ་ཞེས་ཤེས་པའི་ཆེད་དུ་གཉིས་པ་གསུངས་སོ། །གསུམ་པ་ནི། བཤད་ཟིན་པ་དེ་ཉིད་དོ། །གཉིས་པ་རང་བཞིན་གྱི་གཏན་ཚིགས་ཡང་དག་ལ། མཚན་ཉིད། དབྱེ་བ། རྣམ་གཞག་དང་གསུམ་ལས། དང་པོ་ནི། རྩོད་གཞིའི་སྟེང་དུ་ཞེ་འདོད་ཀྱི་བསྒྲུབ་ཆོས་རང་དང་ངོ་བོ་དབྱེར་མེད་དུ་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའི་བསྒྲུབ་པའི་གཏན་ཚིགས་སོ། །གཉིས་པ་ལ་རྟགས་ཀྱི་སྒོ་ནས་དབྱེ་བ་དང་། བསྒྲུབ་བྱའི་སྒོ་ནས་དབྱེ་བ་གཉིས། དང་པོ་ནི། རྣམ་འགྲེལ་ལས། རང་བཞིན་ཁྱད་པར་བྱེ་བྲག་ལ། །ལྟོས་པའམ་འོན་ཏེ་འབའ་ཞིག་པ། །ཞེས་དང་། རྣམ་ངེས་ལས། ཁྱད་པར་དག་དང་ལྟོས་པས་ཏེ། །ཞེས་གསུངས་ཏེ། འདི་གཉིས་ཀྱི་ཐ་སྙད་ལ་བོད་རྣམས་ཀྱིས་མི་འདྲ་བ་དུ་མ་མཛད་པར་སྣང་ན་ཡང་། གཞུང་ལུགས་འདིའི་ལུགས་ཀྱི་ཁྱད་པར་ལ་མ་ལྟོས་པའི་རང་བཞིན་གྱི་རྟགས་ཡང་དག་དང་། ཁྱད་པར་ལ་ལྟོས་པའི་རང་བཞིན་གྱི་རྟགས་ཡང་དག་གཉིས་ལས། དང་པོ་ནི། སྒྲ་མི་རྟག་པར་བསྒྲུབ་པ་ལ་ཡོད་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ལ། རང་གི་ཆོས་ཀྱི་བྱེ་བྲག་ལ་ལྟོས་པ་དང་། འབྲེལ་པ་གཞན་གྱི་ཆོས་ལ་ལྟོས་པ་གཉིས་ལས། དང་པོ་ལ་ལྟོས་པ་ཁོང་ན་ཡོད་པ་བྱས་པ་བཀོད་པ་ལྟ་བུ་དང་། ལྟོས་པ་དངོས་སུ་བརྗོད་པ་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་བཀོད་པ་གཉིས་སོ། །གཉིས་པ་ནི། སྐྱེ་བས་ཁྱད་པར་དུ་བྱས་པའི་ངོ་བོ་དབྱེར་མེད་བཀོད་པ་ལྟ་བུའོ། །གཉིས་པ་ལ་བསྒྲུབ་བྱའི་སྒོ་ནས་དབྱེ་ན། དོན་བསྒྲུབ་དང་། ཐ་སྙད་བསྒྲུབ་གཉིས་ལས། དང་པོ་ནི། སྒྲ་མི་རྟག་པ་བསྒྲུབ་པ་ལ་བྱས་པ་བཀོད་པ་ལྟ་བུ་དང་། གཉིས་པ་ནི་སྐད་ཅིག་མ་བཀོད་པ་ལྟ་བུའོ། །འོ་ན་མུ་སྟེགས་བྱེད་གཏན་ཚིགས་གཞན་དུ་འདོད་པའི་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་བསྒྲུབ་པ་དང་། དུ་བའི་རྒྱུ་ནུས་པ་ཐོགས་མེད་ཀྱི་རྟགས་ལས་འདུས་བྱས་ཀྱི་དུ་བ་བསྒྲུབ་པ་རྣམས་གཏན་ཚིགས་གང་དུ་འདུས་ཞེ་ན། རང་བཞིན་གྱི་རྟགས་ཡང་དག་གི་ཁོངས་སུ་འདུའོ། །གསུམ་པ་རྣམ་གཞག་ལ། ཚུལ་གསུམ་ངེས་བྱེད་དང་། གསུངས་པའི་དགོས་པ་གཉིས་ལས། དང་པོ་ནི། འབྲེལ་པ་བརྟག་པའི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་ནི། ཆོས་ཀྱི་སྡོམ་བཞིའི་ནང་ནས་འདུས་བྱས་ཐམས་ཅད་མི་རྟག་པར་རྟོགས་པའི་ཆེད་ཡིན་ལ། དེའི་དགོས་པ་ནི་གནས་སྐབས་མངོན་མཐོ་དང་། མཐར་ཐུག་ངེས་ལེགས་ཐོབ་པའི་ཆེད་ཡིན་ཏེ། སྤྱིར་འདུས་བྱས་མི་རྟག་པར་རྟོགས་པས། བྱེ་བྲག་ཚེ་འདིར་མི་རྟག་པར་རྟོགས་ཤིང་། དེ་རྟོགས་པས་ཚེ་འདིའི་བདེ་བ་བསྒྲུབ་པའི་ཆེད་དུ་མི་དགེ་བ་མི་གསོག་ཅིང་། དགེ་བ་གསོག་པར་བྱེད། དེ་ལ་བརྟེན་ནས་ཕྱི་མ་མངོན་མཐོ་ཐོབ་པའི་ཕྱིར་དང་། འདུས་བྱས་མི་རྟག་པར་རྟོགས་པས་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་ཤིང་། དེ་རྟོགས་པས་འཁོར་བ་ལས་ངེས་པར་འབྱུང་བའི་ཐར་པ་ཐོབ་པའི་ཕྱིར་ཏེ། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་འབྲས་རྟགས་ལ། མཚན་ཉིད། དབྱེ་བ། རྣམ་གཞག་དང་གསུམ་ལས། དང་པོ་ནི། བསྒྲུབ་རྟགས་ཡང་དག་གང་ཞིག རྩོད་གཞིའི་སྟེང་དུ་ཞེ་འདོད་ཀྱི་བསྒྲུབ་ཆོས་རང་ལས་རྫས་གཞན་དུ་ཡོད་པ་བསྒྲུབ་པའོ། །གཉིས་པ་ལ་བོད་རྣམས། རྒྱུ་དངོས་བསྒྲུབ་ཀྱི་འབྲས་རྟགས། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས། རྒྱུ་སྔོན་སོང་བསྒྲུབ་པའི་འབྲས་རྟགས། རྒྱུའི་ཁྱད་པར་བསྒྲུབ་པའི་འབྲས་རྟགས། རྒྱུ་ཡོད་ཙམ་བསྒྲུབ་པའི་འབྲས་རྟགས་དང་ལྔར་མཛད་ཀྱང་། འདི་པའི་ལུགས་ཀྱི་འབྲས་རྟགས་ལ་དངོས་དང་། ཆ་མཐུན་ཁོངས་སུ་བསྡུ་བ་གཉིས། དང་པོ་ནི། འབྲས་རྟགས་ཐམས་ཅད་རྒྱུ་སྔོན་སོང་བསྒྲུབ་པ་ཡིན་ཀྱང་། བསྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། རྒྱུའི་ལྡོག་པ་བསྒྲུབ་པའི་འབྲས་རྟགས། རྒྱུ་སྔོན་སོང་བསྒྲུབ་པའི་འབྲས་རྟགས། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་གསུམ་ལས། དང་པོ་ནི། དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་མེ་ཙམ་བསྒྲུབ་པ་ལྟ་བུའོ། །གཉིས་པ་ནི། ཚིག་ཙམ་གྱི་རྟགས་ལས་རིག་བྱེད་ཀྱི་ཚིག་སྐྱེས་བུས་བྱས་པར་བསྒྲུབ་པ་དང་། ནམ་མཁའི་དུ་བའི་རྟགས་ལས་མདུན་གྱི་ནམ་མཁའི་དུ་བ་མེ་སྔོན་སོང་དུ་བསྒྲུབ་པ་ལྟ་བུའོ། །གསུམ་པ་ནི། ངག་སྨྲ་བའི་རྟགས་ལས་ངག་སྨྲ་བའི་སྐྱེས་བུ་ལྷ་སྦྱིན་གྱི་བརྗོད་འདོད་ཀྱི་རྣམ་པར་ཤར་བར་བསྒྲུབ་པ་དང་། དུ་བའི་རྟགས་ལས་དུ་ལྡན་གྱི་ལ་ལ་བུད་ཤིང་གི་འགྱུར་བ་ཡོད་པར་བསྒྲུབ་པ་དང་། དུ་བ་དྲག་ཕྱུར་བའི་རྟགས་ལས་དེ་དང་ལྡན་པའི་ལ་ལ་མེ་ད་ལྟ་བ་ཡོད་པར་བསྒྲུབ་པ་དང་། མཚན་མོ་ནགས་མེ་འབར་བའི་རྟགས་ལས་དེ་འདྲ་བའི་རི་ལ་དུ་བ་ཡོད་པར་བསྒྲུབ་པ་དང་། བུ་རམ་གྱི་རོ་ད་ལྟ་བའི་རྟགས་ལས་ཁ་ནང་བུ་རམ་གོང་བུ་ལ་བུ་རམ་གྱི་གཟུགས་ད་ལྟ་བ་ཡོད་པར་བསྒྲུབ་པ་སོགས་སོ། །བོད་ཀྱིས་བྱས་པའི་དབྱེ་བ་ཕྱི་མ་གཉིས་ནི་རྒྱུ་སྔོན་སོང་བསྒྲུབ་ཀྱི་འབྲས་རྟགས་ཀྱི་ཁོངས་སུ་བསྡུ་བར་བྱའོ། །གཉིས་པ་ཆ་མཐུན་ཁོངས་སུ་བསྡུ་བ་ནི། མུ་སྟེགས་བྱེད་རྟགས་ལོག་པར་འདོད་པ། ཆུ་སྐྱར་གྱི་རྟགས་ལས་ཆུ་དང་། ཆུ་མི་གཡོ་བ་དང་། རྒྱ་ཤུག་གནས་པའི་རྟགས་ལས་རྟེན་བརྟན་པ་དཔོག་པ་སོགས་ནི། དོན་གཞན་ཆུ་སྔ་མ་དང་རྟེན་སྔ་མས་ཕན་འདོགས་པའི་ཕྱིར་ན་འབྲས་རྟགས་ཀྱི་ཁོངས་སུ་བསྡུ་བའོ། །གསུམ་པ་རྣམ་གཞག་ལ་ཚུལ་གསུམ་ངེས་བྱེད་དང་། གསུངས་པའི་དགོས་པ་གཉིས། དང་པོ་ནི། འབྲས་རྟགས་ཀྱི་ཕྱོགས་ཆོས་ཕལ་ཆེར་མངོན་སུམ་གྱིས་འགྲུབ་སྟེ། དུ་ལྡན་ལའི་སྟེང་གི་དུ་བ་མཐོང་བའི་མངོན་སུམ་དེས། དུ་ལྡན་གྱི་ལ་ལ་དུ་བ་ཡོད་པར་ངེས་པའི་ངེས་ཤེས་རང་སྟོབས་ཀྱིས་དྲངས་པ་ལྟ་བུའོ། །རྗེས་དཔག་གིས་གྲུབ་པའང་ཡོད་དེ། དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ཀྱིས་བཀའ་བརྒྱད་སྟོང་པ་རང་གིས་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་སོང་དུ་བསྒྲུབ་པའི་ཕྱོགས་ཆོས་དེ་རྗེས་དཔག་གིས་གྲུབ་པའི་ཕྱིར། ཁྱབ་འབྲེལ་ནི། དེ་བྱུང་གི་འབྲེལ་བ་ངེས་པ་ལ་བརྟེན་ནས་གྲུབ་བོ། །གཉིས་པ་ནི། དཔྱོད་པ་པས་དངོས་པོ་རྣམས་རིགས་མི་མཐུན་གྱི་རྒྱུ་ལས་བྱུང་བར་འདོད་པའི་ལོག་རྟོག་གི་གཉེན་པོར་རྒྱུའི་ལྡོག་པ་བསྒྲུབ་པའི་འབྲས་རྟགས་གསུངས་པ་ཡིན་ཏེ། དེས་དུ་བ་དེ་མེ་ལས་སྐྱེ་ཞིང་མེ་མེད་བརྒྱ་བྱིན་གྱི་སྤྱི་བོ་ལས་མི་སྐྱེ་བར་བསྟན་པའི་ཕྱིར་རོ། །རྒྱང་འཕེན་པས་སྐྱེས་མ་ཐག་པའི་རིག་པ་དེ་རིག་པ་སྔ་མ་སྔོན་དུ་མ་སོང་བ་དང་། དཔྱོད་པ་པས་རྣལ་འབྱོར་མངོན་སུམ་བྱུང་ཟིན་མེད་པ་དང་། བྱེ་བྲག་ཏུ་སྨྲ་བས་རྒྱུ་འབྲས་དུས་མཉམ་ཡོད་པར་འདོད་པའི་ལོག་རྟོག་གི་གཉེན་པོར་རྒྱུ་སྔོན་སོང་བསྒྲུབ་ཀྱི་འབྲས་རྟགས་གསུངས་ཏེ། དེས་རིག་པ་ཡིན་ན་རིག་པ་སྔ་མ་སྔོན་དུ་སོང་བ་དང་། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་ན། བསྟན་དོན་རྟོགས་པའི་རྣལ་འབྱོར་མངོན་སུམ་སྔོན་དུ་སོང་བ་དང་། འབྲས་བུ་ཡིན་ན་རང་རྒྱུ་སྔོན་དུ་སོང་དགོས་པར་བསྟན་པའི་ཕྱིར། དབང་ཕྱུག་པས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དབང་ཕྱུག་གིས་བྱས་པར་འདོད་པའི་ལོག་རྟོག་གི་གཉེན་པོར་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་གསུངས་པ་ཡིན་ཏེ། དེས་དངོས་པོ་ཐམས་ཅད་རང་གི་ཉེར་ལེན་དང་། ལྷན་ཅིག་བྱེད་རྐྱེན་ལས་བྱུང་བ་ཡིན་གྱི། དེ་ལས་གཞན་པའི་བྱེད་པ་པོ་མེད་པའི་ཕྱིར། གཉིས་པ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་དང་། རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་གཉིས། མཚན་ཉིད་རིམ་བཞིན། རྟགས་ཡང་དག་གང་ཞིག རང་གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མཐའ་དག་ལ་འགོད་བསྒྲུབ་ཀྱི་ཚུལ་དང་མཐུན་པར་ངེས་པ་དང་། མ་ངེས་པའོ། །དང་པོ་ལ། རང་བཞིན་དང་མ་དམིགས་པའི་རྟགས་ཡང་དག་གཉིས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། བུམ་པ་ཚད་མས་མ་དམིགས་པའི་ཤར་གཞི་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །ཕྱི་མ་ལ་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་ལས། དང་པོ་ནི། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་སྒྲུབ་བྱེད་ཀྱི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། དངོས་པོ་སྟོབས་ཤུགས། ཡིད་ཆེས། གྲགས་པའི་རྟགས་ཡང་དག་དང་གསུམ་ལས། དང་པོ་ནི། སྔར་བཤད་པའི་འབྲས་རང་མ་དམིགས་པའི་རྟགས་གསུམ་ལས། རང་དོན་ལེའུར་དངོས་པོ་སྟོབས་ཤུགས་ཀྱི་གཏན་ཚིགས་གཙོ་བོར་སྟོན་པས་འདི་གསུམ་གྱི་རྣམ་གཞག་འབའ་ཞིག་སྟོན་པའི་གནད་ཀྱང་དེ་ཡིན་ནོ། །ཕྱི་མ་གཉིས། གཞན་དོན་ལེའུར། དེ་ལ་ཁས་བླངས་འབྲས་རྟགས་ཏེ། །འགྲོ་ལ་གྲགས་པ་རང་བཞིན་རྟགས། །ཞེས་པས་སྟོན་པས། ཡིད་ཆེས་ཀྱི་རྟགས་ཡང་དག་ལ། མཚན་ཉིད། མཚན་གཞི། དཔྱད་གསུམ་གྱིས་དག་པའི་དོན་དང་གསུམ་ལས། དང་པོ་ནི། རང་གི་ཞེ་འདོད་ཀྱིས་བསྒྲུབ་བྱ་ཤིན་ལྐོག་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའི་འབྲས་རྟགས་གང་ཞིག ལུང་ཚིགས་རྟགས་སུ་སོང་བའོ། །གཉིས་པ་ནི། བཀའ་བརྒྱད་སྟོང་པ་ཆོས་ཅན། རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་པ་སྟེ། བསྟན་དོན་ལ་མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གསུམ་ཡོད་པ་ལས། དང་པོ་གཉིས་ལུང་ཚིག་གི་རྟགས་ཀྱིས་བསྒྲུབ་པ་རྣམ་འགྲེལ་གཞན་དོན་ལེའུར་རྒྱས་པར་བཀག་པས་ན། ཞེ་འདོད་ཤིན་ཏུ་ལྐོག་གྱུར་བསྒྲུབ་པའོ། །འདི་ལ་སྔ་རབས་པ་དག་ཡིད་ཆེས་ལ་རང་ཚིག་དང་ལུང་ཚིག་གཉིས་ཡོད་པས་དེ་གཉིས་རྟགས་སུ་སོང་བའི་ལུང་ཚིག་གཉིས་ཡོད་པར་འདོད་པ་དང་། ཕྱི་མ་དག་རྒྱུ་མཚན་མེད་པར་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་དུ་དབྱེ་བར་འདོད་པ་ནི་སྤྱི་དོན་དུ་བཀག་ཟིན་ཏོ། །གསུམ་པ་ནི། མངོན་གྱུར་སྟོན་པ་ལ་མངོན་སུམ་གྱིས་གནོད་པ་མེད། ལྐོག་གྱུར་གྱི་གཙོ་བོ་འཕགས་པའི་བདེན་བཞི་སྟོན་པ་ལ། དངོས་སྟོབས་རྗེས་དཔག་གིས་གནོད་པ་མེད། ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་རང་ཚིག་དངོས་ཤུགས་དང་། ཁས་བླངས་སྔ་ཕྱི་འགལ་བ་མེད་པ་སྟེ། འདིའི་ཆོས་ཅན་དུ་གཟུང་བར་བྱ་བ་ལ་གཞལ་བྱའི་གནས་གསུམ་ཆར་སྟོན་པ་ཞིག་དགོས་པའི་ཕྱིར་ཏེ། དང་པོ་གཉིས་ཚད་མ་གཉིས་ཀྱིས་གནོད་པ་མེད་པའི་སྤྱི་ལ་ཤིན་ལྐོག་སྟོན་པའི་སྐབས་དེར་བསྟན་དོན་ལ་མི་བསླུ་བར་བསྒྲུབ་པ་སྐབས་ཀྱི་དོན་ཡིན་པའི་ཕྱིར་རོ། །གསུམ་པ་གྲགས་པའི་གཏན་ཚིགས་ཡང་དག་ལ། གྲགས་པ་དངོས་རྟགས་ཕྱེ་བ་དང་། གྲགས་རྟགས་ངོས་བཟུང་བ་གཉིས་ལས། དང་པོ་ནི། གྲགས་པ་མཚན་ཉིད་པ་ཡིན་ན། རྗོད་བྱེད་ཀྱི་སྒྲ་ཡིན་དགོས་ཏེ། དེ་ཡིན་ན་དོན་ཐམས་ཅད་བརྗོད་རུང་ཡིན་དགོས་པའི་ཕྱིར། དོན་ཐམས་ཅད་རྗོད་བྱེད་ཀྱི་སྒྲས་བརྗོད་རུང་ཡིན་པ་དེ་གྲགས་པ་བཏགས་པ་བ་ཡིན་ཏེ། གྲགས་པའི་ཡུལ་ལ་གྲགས་པའི་མིང་གི་བཏགས་པ་ཡིན་པའི་ཕྱིར། དཔེར་ན་མངོན་རྗེས་གཉིས་ཀྱི་ཡུལ་གྱིས་གནོད་པ་ལ་མངོན་རྗེས་གཉིས་ཀྱིས་གནོད་ཅེས་བཏགས་པ་བཞིན་ནོ། །དེ་ལྟར་ཡང་ཐ་སྙད་ལས་ནི་སྐྱེས་པ་ཡི། །ཆོས་དེ་གྲགས་པའི་སྒྲ་ཡིས་བརྗོད། །མངོན་སུམ་སོགས་ཀྱི་གཞལ་བྱ་ཡང་། །འཇལ་བྱེད་སྒྲ་སྒྲོ་བཏགས་ནས་བརྗོད། །ཅེས་གསུངས་སོ། །གྲགས་པ་བཏགས་པ་བ་འདི་ལ་གཞུང་ལས་སྒྲ་བྱུང་གི་གྲགས་པ་ཞེས་བརྗོད་དོ། །གཉིས་པ་ལ། ཡུལ་རུང་བར་བསྒྲུབ་པ་དང་། ཡུལ་ཅན་རུང་བར་བསྒྲུབ་པ་གཉིས་ལས། དང་པོ་ནི། རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་ཡིན་ཏེ། རྟོག་ཡུལ་ན་ཡོད་པའི་ཕྱིར། གཉིས་པ་ནི། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། དོན་ཐམས་ཅད་ལ་འཇུག་ཏུ་རུང་སྟེ། འདོད་པའི་དབང་གིས་འཇུག་པའི་སྒྲ་ཡིན་པའི་ཕྱིར། ཞེས་པའོ། །བཞི་པ་བསྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། དོན་བསྒྲུབ་ཀྱི་གཏན་ཚིགས་ཡང་དག་དང་། ཐ་སྙད་བསྒྲུབ་ཀྱི་གཏན་ཚིགས་ཡང་དག་གཉིས། འདི་གཉིས་གཞུང་ལུགས་འདིའི་ལུགས་ཀྱི་རང་བཞིན་གྱི་རྟགས་ཀྱི་དབྱེ་བར་བཞེད་ཀྱང་། རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པར། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་དག་ནི་གཉིས་ཀའི་ཡང་གཏན་ཚིགས་ཡིན་ནོ། །ཞེས་རང་བཞིན་མ་དམིགས་པའི་གཏན་ཚིགས་ཐ་སྙད་འབའ་ཞིག་བསྒྲུབ་དང་། རྒྱུ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་གཉིས་དོན་དང་ཐ་སྙད་གཉིས་ཀ་བསྒྲུབ་པའི་གཏན་ཚིགས་ཡིན་པར་གསུང་པ་ལ་བརྟེན་ནས་དབྱེ་སྒོ་ལོགས་སུ་བྱས་པའོ། །དེ་ལྟར་ན་རང་བཞིན་གྱི་རྟགས་ལ་འདི་གཉིས་སུ་ཕྱེ་བ་ནི། འབྲས་རྟགས་ལས་ཁྱད་པར་དུ་བྱས་པ་སྟེ། འབྲས་རྟགས་ཡིན་ན་དོན་བསྒྲུབ་ཀྱི་གཏན་ཚིགས་ཡིན་དགོས་པའི་ཕྱིར་རོ། །ལྔ་པ་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན། དགག་རྟགས་ཡང་དག་དང་། སྒྲུབ་རྟགས་ཡང་དག་གཉིས། དང་པོ་ནི། སྔར་བཤད་པའི་མ་དམིགས་པའི་གཏན་ཚིགས་རྣམས་སོ། །ཕྱི་མ་ནི། འབྲས་རང་གི་གཏན་ཚིགས་རྣམས་སོ། །དྲུག་པ་འབྲེལ་པའི་སྒོ་ནས་དབྱེ་ན། བདག་གཅིག་གི་འབྲེལ་པ་ལ་བརྟེན་པ་དང་། དེ་བྱུང་གི་འབྲེལ་པ་ལ་བརྟེན་པའི་གཏན་ཚིགས་གཉིས། དང་པོ་ནི། དངོས་འབྲས་བདག་གཅིག་གི་འབྲེལ་པ་ལ་བརྟེན་པ་དང་། ལྡོག་འབྲེལ་བདག་གཅིག་གི་འབྲེལ་པ་ལ་བརྟེན་པ་གཉིས། དང་པོ་ནི། རང་བཞིན་གྱི་གཏན་ཚིགས་རྣམས་སོ། །གཉིས་པ་ནི། ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་རྣམས་སོ། །གཉིས་པ་ལ། དངོས་འབྲས་དེ་བྱུང་འབྲེལ་ལ་བརྟེན་པ་དང་། ལྡོག་འབྲེལ་དེ་བྱུང་འབྲེལ་ལ་བརྟེན་པ་གཉིས། དང་པོ་ནི། འབྲས་རྟགས་རྣམས་དང་། གཉིས་པ་ནི། རྒྱུ་མ་དམིགས་པའི་གཏན་ཚིགས་རྣམས་སོ། །འོ་ན་འགལ་དམིགས་ཀྱི་གཏན་ཚིགས་རྣམས་འབྲེལ་བ་གང་ལ་བརྟེན་ཞེ་ན། མཐར་བདག་གཅིག་གི་འབྲེལ་པ་ལ་བརྟེན་ཏེ། མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་མེད་ངེས་སུ་བསྒྲུབ་པར་མཚུངས་པའི་ཕྱིར་རོ། །བདུན་པ་རྟགས་སུ་འགོད་བྱའི་སྒོ་ནས་དབྱེ་ན། མེད་དགག་རྟགས་སུ་སོང་བ་དང་། མ་ཡིན་དགག་རྟགས་སུ་སོང་བ་གཉིས། དང་པོ་ནི། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་རྣམས་སོ། །ཕྱི་མ་ནི། འགལ་ཟླ་དམིགས་པའི་གཏན་ཚིགས་དང་། འབྲས་རང་གི་གཏན་ཚིགས་རྣམས་སོ། །བརྒྱད་པ་འགོད་ཚུལ་གྱི་སྒོ་ནས་དབྱེ་ན། འགོད་ཚུལ་ཡིན་འགོད་དང་། ཡོད་འགོད་གཉིས། དང་པོ་ལ། བསྒྲུབ་ཚུལ་ཡིན་བསྒྲུབ་དང་། ཡོད་བསྒྲུབ་གཉིས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། ཕྱི་མ་ནི། བར་སྣང་གི་དུ་བ་སྔོ་ལོང་པོ་འདི་ཆོས་ཅན། རང་རྒྱུ་མེ་སྔོན་དུ་སོང་སྟེ། དུ་བ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལ། བསྒྲུབ་ཚུལ་ཡིན་བསྒྲུབ་དང་། ཡོད་བསྒྲུབ་གཉིས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། ཡོད་པའི་ཕྱིར་ཞེས་དང་། ཕྱི་མ་ནི། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །དགུ་པ་རྒོལ་བའི་སྒོ་ནས་དབྱེ་ན། རང་དོན་སྐབས་ཀྱི་རྟགས་ཡང་དག་དང་། གཞན་དོན་སྐབས་ཀྱི་རྟགས་ཡང་དག་གཉིས། དང་པོའི་མཚན་ཉིད། སྔར་རྒོལ་གྱིས་ཕྱིར་རྒོལ་གྱི་ངོར་མ་བཀོད་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། དཔེར་ན་དུ་བ་གློ་བུར་བའི་རྟགས་ལས་དེ་མ་ཐག་ཏུ་མེ་ཡོད་པར་རྟོགས་པའི་རྗེས་དཔག་སྐྱེས་པའི་ཚེ་དུ་བ་ལྟ་བུའོ། །ཕྱི་མའི་མཚན་ཉིད། སྔར་རྒོལ་གྱིས་ཕྱིར་རྒོལ་གྱི་ངོར་བཀོད་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། དཔེར་ན་སྔར་རྒོལ་རྣམ་དག་གིས་ཕྱིར་རྒོལ་རྣམ་དག་གི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་བྱས་པ་ལྟ་བུའོ། །བཅུ་པ་བརྗོད་འདོད་ཀྱི་སྒོ་ནས་དབྱེ་ན། རྣམ་ངེས་ལས། འགལ་རྟགས་ཀྱི་སྐབས་སུ་དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་བྱེད་པའི་ཕྱིར། དེ་ཐ་དད་དུ་བྱེད་དོ། །ཞེས་གསུངས་པ་ལ་བརྟེན་ནས། རིགས་གཏེར་ལས། དངོས་ཤུགས་ཆོས་དང་ཆོས་ཅན་གྱི། །འགལ་བ་བརྗོད་འདོད་སྟོབས་ཀྱིས་ཡིན། །ཞེས་གསུངས་པའི་དབྱེ་བ་དེ་གཏན་ཚིགས་ཡང་དག་ལ་སྦྱར་ན། ལ་ལར་དངོས་སུ་བརྗོད་པའི་གཏན་ཚིགས་ཡང་དག ལ་ལར་བརྗོད་པའི་ཤུགས་ཀྱི་གཏན་ཚིགས་ཡང་དག་ཏུ་འགྱུར་བ་དང་། ལ་ལར་ཆོས་བརྗོད་པ་དང་། ལ་ལར་ཆོས་ཅན་བརྗོད་པའི་སྒོ་ནས་གཏན་ཚིགས་ཡང་དག་ཏུ་འགྱུར་བ་བཞི་ནི་རིམ་པ་བཞིན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། བུམ་པ་ཆོས་ཅན། རང་འབྲས་ཐམས་ཅད་ཅིག་ཅར་དུ་སྐྱེད་བྱེད་མ་ཡིན་ཏེ། རྐྱེན་ལ་ལྟོས་ནས་རང་འབྲས་སྐྱེད་བྱེད་ཡིན་པའི་ཕྱིར་ཞེས་དང་། སྒྲ་ཆོས་ཅན། མི་རྟག་པ་ལས་དོན་གཞན་མ་ཡིན་ཏེ། བྱས་པའི་ཕྱིར་ཞེས་དང་། མི་རྟག་པའི་སྒྲ་ཆོས་ཅན། ཡོད་དེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་ལྟར་ཡང་རྣམ་ངེས་ལས། འགལ་བ་བཞིན་དུ་གཏན་ཚིགས་ཀྱང་། །ཅི་སྟེ་ཐ་མི་དད་ཅེ་ན། །རྣམ་པར་དབྱེ་བ་སུ་ཡིས་འགོག །ཅེས་དང་། དེའི་དོན་རིགས་གཏེར་ལས། ཡང་དག་ལ་ཡང་མཚུངས་ཞེ་ན། །བྱེད་པ་མཚུངས་ཕྱིར་བཏང་སྙོམས་མཛད། །ཅེས་གསུངས་སོ། །གཉིས་པ་གཏན་ཚིགས་ལྟར་སྣང་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཚུལ་གསུམ་མ་ཚང་བའི་གཏན་ཚིགས་སོ། །གཉིས་པ་ལ། མ་གྲུབ་པ་དང་། མ་ངེས་པ་དང་། འགལ་བའི་གཏན་ཚིགས་གསུམ། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་སོ། །གཉིས་པ་ལ། དོན་ལ་མ་གྲུབ་པ་དང་། བློ་ངོར་མ་གྲུབ་པ་དང་། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པ་གསུམ། དང་པོ་ལ་གསུམ་སྟེ། ཆོས་ཅན་གྱི་ངོ་བོ་མ་གྲུབ་པ། རྟགས་ཀྱི་ངོ་བོ་མ་གྲུབ་པ། དེ་དག་གི་ཕྱོགས་རེ་ལ་མ་གྲུབ་པའོ། །དང་པོ་ལ་ཡང་གཉིས་ལས། ཐོག་མར་ཆོས་ཅན་གྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ་ནི། བདག་ཆོས་ཅན། ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། གཏན་ཚིགས་གང་བཀོད་ཀྱང་འདྲའོ། །གཉིས་པ་སྲིད་ཀྱང་རྩོད་གཞིར་མ་གྲུབ་པ་ནི། སྒྲ་ཆོས་ཅན། མཉན་བྱ་ཡིན་ཏེ། ཞེས་པའམ། མཉན་བྱ་མ་ཡིན་ཏེ་རྟགས་གང་བཀོད་ཀྱང་འདྲའོ། །གཉིས་པ་ལ་གཉིས་ལས། དང་པོ་མི་སྲིད་ནས་མ་གྲུབ་པ་ནི། སྐྱེས་བུ་འདི་ཆོས་ཅན། བདག་དང་བཅས་པ་ཡིན་ཏེ། བདག་གི་ཡོན་ཏན་དང་ལྡན་པའི་ཕྱིར་ཞེས་པའམ། རི་བོང་རྭས་ཕུག་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་སྲིད་ཀྱང་ཤེས་འདོད་དང་མ་འབྲེལ་ནས་མ་གྲུབ་པ་ལ་གཉིས། དང་པོ་ངོ་བོ་མ་ཡིན་ནས་མ་གྲུབ་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལྡོག་པ་ཐ་དད་མེད་ནས་མ་གྲུབ་པ་ལ་གཉིས་ལས། གཞི་རྟགས་ཐ་དད་མེད་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་དང་། ཆོས་རྟགས་ཐ་དད་མེད་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཞི་ཆོས་ཐ་དད་མེད་པ་ནི། སྔར་གྱི་རྩོད་གཞིར་མ་གྲུབ་པའི་ཁོངས་སུ་འདུས་པ་ལ་དགོངས་ནས་ལོགས་སུ་དབྱེ་བ་མ་མཛད་དོ། །གསུམ་པ་དེ་དག་གི་ཕྱོགས་རེ་ལ་མ་གྲུབ་པ་ལ་གཉིས་ཏེ། རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་དང་། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པའོ། །དང་པོ་ལ་རིགས་སྤྱི་ཆོས་ཅན་དུ་བཞག་པ་དང་། ཚོགས་སྤྱི་ཆོས་ཅན་དུ་བཞག་པ་གཉིས་ལས། དང་པོ་ནི། ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཉལ་བའི་ཕྱིར་ཞེས་པ་ལྟ་བུ་སྟེ། ཉལ་བའི་དོན་ལོ་མ་འཁུམས་པ་ལ་བྱེད་ན་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པའམ། གཉིད་ལོག་པ་ལ་བྱེད་ན་རྟགས་ཀྱི་ངོ་བོ་མ་གྲུབ་པའམ། གྲུབ་མཐའ་ལ་ལྟོས་ནས་ཕྱིར་རྒོལ་ལ་མ་གྲུབ་པ་ཉིད་དོ། །ཡང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་ཞེས་བཀོད་པ་ན། རྩོལ་བྱུང་དེ་སྒྲའི་བྱེ་བྲག་བྱེད་པ་ལྕེ་རྐན་ལས་བྱུང་བའི་སྒྲ་ལ་གྲུབ་ཀྱང་། ཆུ་སྒྲ་དང་། རླུང་སྒྲ་སོགས་ལ་མ་གྲུབ་པས་རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་སྟེ། འདི་སྐྱོན་ཅན་མ་ཡིན་པར་གསུངས་པ་ནི་སྔ་མ་ཉལ་བའི་རྟགས་ཀྱིས་ཤིང་ཐམས་ཅད་སེམས་ལྡན་དུ་བསྒྲུབ་པ་རྒོལ་བའི་ཞེ་འདོད་ཡིན་པས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པས་སྐྱོན་ཡིན་ལ། འདི་ནི་རྩོལ་བྱུང་གི་རྟགས་ཀྱིས་སྒྲ་ཐམས་ཅད་མི་རྟགས་པར་བསྒྲུབ་པ་རྒོལ་བའི་ཞེ་འདོད་མ་ཡིན་པས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་སྐྱོན་མ་ཡིན་ཞེས་པར་མངོན་ནོ། །གཉིས་པ་ནི། ཚུལ་གསུམ་ཆོས་ཅན། གཏན་ཚིགས་ཡང་དག་ཡིན་ཏེ། འདིས་གཏན་ཚིགས་ཡང་དག་ཏུ་མཚོན་ནུས་པའི་ཕྱིར། ཞེས་བཀོད་པ་ན། ཚུལ་གསུམ་རེ་རེ་ལ་མ་གྲུབ་པ་ལྟ་བུ་སྟེ། འདིར་ཡང་སྐྱོན་ཅན་མ་ཡིན་པར་གསུངས་པ་ནི། རྒོལ་བས་ཚུལ་གསུམ་ཆར་ཚོགས་པ་སྟེ་དེ་ལྟར་བསྒྲུབ་པར་འདོད་ཀྱི། རེ་རེ་བ་བསྒྲུབ་པར་མི་འདོད་པས། རེ་རེ་བ་མ་གྲུབ་པ་ལ་སྐྱོན་མ་ཡིན་པར་མངོན་ནོ། །གཉིས་པ་ལའང་། རིགས་སྤྱི་རྟགས་སུ་བྱས་པ་དང་། ཚོགས་སྤྱི་རྟགས་སུ་བྱས་པའི་ཚེ་མཚུངས་པ་གཉིས་ལས། དང་པོ་ལ། གྲུབ་མ་གྲུབ་མཚུངས་པ་ནི། སྒྲ་ཙམ་ཆོས་ཅན་དུ་བཟུང་ནས་རྟག་པ་རྟགས་སུ་བཀོད་ན་མ་གྲུབ་པ་བཞིན། རྟག་པ་ཆོས་ཅན་དུ་བཟུང་ནས་བྱས་པ་རྟགས་སུ་བཀོད་ན་ཡང་མ་གྲུབ་པ་ཉིད་དེ། འདི་སྐྱོན་ཅན་ནོ། །གྲུབ་པར་མཚུངས་པ་ནི། སྒྲ་ཆོས་ཅན་དུ་བཟུང་ནས་བྱས་པ་རྟགས་སུ་བཀོད་ན་སྒྲའི་བྱས་པ་གྲུབ། སྒྲ་མ་ཡིན་གྱི་བྱས་པ་མ་གྲུབ་ཀྱང་། བྱས་ཙམ་གྲུབ་པས་མི་སྐྱོན་པ་བཞིན་ནོ། །སྒྲ་ཙམ་གྱི་ཕྱོགས་གཅིག་ལ་རྩོལ་བྱུང་གྲུབ། ཕྱོགས་གཅིག་ལ་མ་གྲུབ་ཀྱང་རྩོལ་བྱུང་ཙམ་གྲུབ་པས་མི་སྐྱོན་པ་ཡིན་ཏེ། སྔར་གྱི་དེ་ཉིད་ཀྱི་གཞུང་འཛུགས་པའོ། །གཉིས་པ་ཚོགས་སྤྱི་རྟགས་སུ་བྱས་པའི་ཚེ་མཚུངས་པ་ནི། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན་དུ་བཟུང་ནས་རྟོག་བྲལ་མ་འཁྲུལ་བ་རྟགས་སུ་བཀོད་པ་ན། ཡ་གྱལ་རྟོག་བྲལ་གྲུབ་ཀྱང་མ་འཁྲུལ་བ་མ་གྲུབ་པས་རྟོག་བྲལ་མ་འཁྲུལ་བའི་ཚོགས་པ་མ་གྲུབ་པ་བཞིན། ཚོགས་སྤྱི་ཚུལ་གསུམ་ཚོགས་པ་ཆོས་ཅན་དུ་བཟུང་ནས་འདི་ཙམ་གྱིས་རྟགས་སུ་མཚོན་ནུས་པ་བཀོད་པ་ན། རྟགས་དེ་ཚོགས་པའི་ཕྱོགས་གཅིག་ཕྱོགས་ཆོས་རྐྱང་པ་ལ་མ་གྲུབ་པས་ཚོགས་པའི་ངོ་བོ་མ་གྲུབ་པར་མཚུངས་པ་སྟེ། ཕྱོགས་ཆོས་ཀྱི་སྐྱོན་ཡིན་མིན་ནི་མི་མཚུངས་སོ། །གཉིས་པ་བློ་ངོར་མ་གྲུབ་པ་ལ་གསུམ་སྟེ། ཆོས་ཅན་ལ་ཐེ་ཚོམ་ཟ་བ་དང་། རྟགས་ལ་ཐེ་ཚོམ་ཟ་བ་དང་། དེ་གཉིས་ཀྱི་འབྲེལ་པ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའོ། །དང་པོ་ལ་གཉིས་ལས། ངེས་རུང་མེད་ནས་ཐེ་ཚོམ་ཟ་བ་ནི། ཤ་ཟའི་བུམ་པ་ཆོས་ཅན་དུ་བཞག་པ་དང་། ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་ནི། ནོར་བུའམ་སྒྲོན་མེར་མ་ངེས་པ་ན་ནོར་བུ་ཆོས་ཅན་དུ་བཞག་པ་ལྟ་བུ་སྟེ། རྟགས་ཆོས་གང་བཀོད་ཀྱང་འདྲའོ། །གཉིས་པ་ལའང་ངེས་རུང་མེད་ནས་ཐེ་ཚོམ་ཟ་བ་ནི། བུམ་པ་ཆོས་ཅན་མི་རྟག་སྟེ། འདོད་ཆགས་དང་བྲལ་བས་བྱས་པའི་ཕྱིར་ཞེས་དང་། ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་ནི། དུ་བ་དང་རླངས་པ་གང་རུང་མ་ངེས་པའི་ཚེ། སྐྱ་རྫས་དང་ལྡན་པའི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ལ་གཉིས་ལས། ངེས་རུང་མེད་ནས་ཐེ་ཚོམ་ཟ་བ་ནི། སྔོན་གྱི་དགེ་བ་ཆོས་ཅན། ཡོད་དེ། ད་ལྟར་གྱི་བདེ་བའི་རྒྱུ་ཡིན་པའི་ཕྱིར། ཞེས་དང་། ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་ནི། རི་སུལ་གསུམ་གྱི་དབུས་མ་ན་ཆོས་ཅན། རྨ་བྱ་ཡོད་དེ། རྨ་བྱའི་སྒྲ་གྲགས་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་རྒོལ་བ་ལ་ལྟོས་ནས་མ་གྲུབ་པ་ལ། སྔར་རྒོལ་དང་། ཕྱིར་རྒོལ་ལ་མ་གྲུབ་པ་གཉིས་ལས། དང་པོ་ནི། གྲངས་ཅན་པས་བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། ཞེས་བཀོད་པ་ལྟ་བུའོ། །གཉིས་པ་ནི། གཅེར་བུ་པས་སངས་རྒྱས་པའི་ངོར་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར་ཞེས་པའོ། །འདི་ལ་ཡང་འཆི་བའི་དོན་ཚེ་དང་སྲོག་འདོར་བ་ལ་བྱེད་ན་རྟགས་ཀྱི་ངོ་བོ་མ་གྲུབ། གྲུབ་མཐའ་ལ་ལྟོས་ན་ཕྱིར་རྒོལ་སངས་རྒྱས་པ་ལ་མ་གྲུབ་པའོ། །མདོར་ན་རྟགས་སུ་དགོད་བྱའི་དོན་རྩོད་གཞིའི་སྟེང་དུ་རྒོལ་ཕྱིར་རྒོལ་གཉིས་ཀྱི་མཐུན་སྣང་དུ་གྲུབ་ན། སྒྲ་མཐུན་སྣང་དུ་མ་གྲུབ་ཀྱང་། ཕྱོགས་ཆོས་གྲུབ་སྟེ། དཔེར་ན་སངས་རྒྱས་པས། བྱེ་བྲག་པའི་ངོར། འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན་མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་འབྱུང་བཞིའི་རྡུལ་ཕྲན་ལ་ལུས་ཅན་གྱི་སྒྲ་དེ་མིང་ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ཀྱི་མཚན་ཉིད་བྱེ་བྲག་པ་ལ་མ་གྲུབ་ཀྱང་། ལུས་ཅན་གྱི་དོན་རེག་བྱ་ཅན་གྲུབ་པས་རྟགས་ཡང་དག་ཏུ་འགྱུར་བ་བཞིན་ནོ། །རྟགས་ཀྱི་དོན་མ་གྲུབ་ན། སྒྲ་གྲུབ་ཀྱང་གཏན་ཚིགས་ཡང་དག་ཏུ་མི་འགྱུར་ཏེ། སྔར་བཤད་པའི་གྲངས་ཅན་པ་དང་། གཅེར་བུ་པས་སངས་རྒྱས་པའི་ངོར་བཀོད་པའི་གཏན་ཚིགས་གཉིས་ལྟ་བུའོ། །མ་གྲུབ་པའི་གཏན་ཚིགས་ཐམས་ཅད་བསྡུ་ན་དོན་ལ་མ་གྲུབ་པ་ལ་གཉིས་ལས་ཕྱེ་བའི་དྲུག བློ་ངོར་མ་གྲུབ་པ་ལ་གསུམ་ལས་ཕྱེ་བའི་དྲུག་སྟེ། བཅུ་གཉིས་སུ་འདུས་པ་ཡིན་ཏེ། ཆོས་དང་ཆོས་ཅན་གྱི་ཕྱོགས་རེ་ལ་མ་གྲུབ་པ་ལ་སྐྱོན་དུ་འགྲོ་བའི་ཆ་རྣམས་ནི་རྟགས་ཀྱི་ངོ་བོ་མ་གྲུབ་པར་འདུས། གྲུབ་མཐའ་ལ་ལྟོས་པའི་སྐྱོན་དུ་འགྲོ་བའི་ཆ་རྣམས་ནི་ཆོས་ཅན་ནམ་རྟགས་ཀྱི་ངོ་བོ་མ་གྲུབ་པར་འདུས་པའི་ཕྱིར་རོ། །གཉིས་པ་མ་ངེས་པའི་གཏན་ཚིགས་ལ། མཚན་ཉིད། དབྱེ་བ། མཚན་གཞི་སོ་སོའི་དོན་དང་གསུམ་ལས། དང་པོ་ནི། གང་ལ་རྟགས་སུ་སོང་བའི་རྒོལ་བས་ཁྱབ་པའི་ཚུལ་རྣལ་མ་དང་ཕྱིན་ཅི་ལོག་གང་རུང་དུ་མ་ངེས་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས། གཉིས་པ་ལ་གཉིས་སུ་འགྱུར་བའི་ཚུལ། དེའི་རྒྱུ་མཚན་ལ་རྩོད་པ་སྤོང་བ། དཔེ་དང་རྩོད་གཞིར་འགྱུར་བའི་ཚུལ་དང་གསུམ། དང་པོ་ལ། མ་ངེས་པའི་གཏན་ཚིགས་ལ་ཤེས་འདོད་ཆོས་ཅན་ལས་གཞན་ལ་མི་འཇུག་པའི་ཚེ་ཐུན་མོང་མ་ཡིན་པའི་གཏན་ཚིགས། གཞན་ལ་འཇུག་པའི་ཚེ་ཐུན་མོང་བའི་གཏན་ཚིགས། གཉིས་པ་ལ་ཁ་ཅིག ཤེས་འདོད་ཆོས་ཅན་ལས་གཞན་པའི་དོན་གང་ལ་བྱེད། ལྡོག་པ་གཞན་ལ་བྱེད་དམ། རྫས་གཞན་ལ་བྱེད། དང་པོ་ལྟར་ན། མཉན་བྱ་སྒྲ་མི་རྟག་པར་བསྒྲུབ་པའི་ཐུན་མོང་མ་ཡིན་པའི་གཏན་ཚིགས་མ་ཡིན་པར་ཐལ། མཉན་བྱ་སྒྲ་ལས་ལྡོག་པ་གཞན་རྔ་སྒྲ་སོགས་ལ་འཇུག་པའི་ཕྱིར། ཕྱི་མ་ལྟར་ན་བྱས་སྟོང་དེ་སྐད་ཅིག་གིས་སྟོང་པ་དོན་བྱེད་ནུས་པས་སྟོང་པར་བསྒྲུབ་པའི་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཡིན་པར་ཐལ། དེ་སྐད་ཅིག་གིས་སྟོང་པ་ལས་རྫས་གཞན་ལ་མི་འཇུག་པའི་ཕྱིར་ཞེ་ན། དེ་གཉིས་ཀའི་དོན་མ་ཡིན་ཏེ་རྟགས་སུ་གཟུང་བྱ་དེ་ཤེས་འདོད་ལས་གཞན་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་ངེས་པར་ནུས་པ་ལ་ཐུན་མོང་བ་དང་། མི་ནུས་པ་ལ་ཐུན་མོང་མ་ཡིན་པར་འཇོག་པའི་ཕྱིར། གསུམ་པ་ལ། ངོ་བོ་ཐ་དད་ལ་དཔེ་དང་རྩོད་གཞིར་འགྱུར་བའི་ཚུལ་དང་། ངོ་བོ་གཅིག་ལའང་གཞན་སེལ་གྱི་འཇུག་ཚུལ་གྱི་དཔེ་དང་རྩོད་གཞིར་འགྱུར་བའི་ཚུལ་གཉིས་ལས། དང་པོ་ནི། མེ་དང་མི་རྟག་པར་བསྒྲུབ་པ་ན་ལ་དང་། སྒྲ་རྩོད་གཞི་དང་། ཚང་བང་དང་བུམ་པ་དཔེར་འགྱུར་བ་ལྟ་བུའོ། །གཉིས་པ་ལ། ཐ་སྙད་གྲུབ་མ་གྲུབ་ཀྱིས་འགྱུར་བ་དང་། སྤྱི་དང་བྱེ་བྲག་གིས་འགྱུར་བ་གཉིས་ལས། དང་པོ་ནི། བུམ་ལྡོག་ཆོས་ཅན། གཞན་སེལ་གྱི་ཐ་སྙད་བྱར་རུང་སྟེ། དངོས་འགལ་བཅད་ནས་འཇུག་པར་བྱ་བ་ཡིན་པའི་ཕྱིར། མི་རྟག་པའི་ལྡོག་པ་བཞིན། གཉིས་པ་ལ་གཉིས་ལས། ཁྱབ་ཆེ་ཆུང་ནི། ཤེས་བྱ་ཙམ་ཆོས་ཅན། རང་བཞིན་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། དཔེར་ན་དངོས་མེད་ཀྱི་ཤེས་བྱ་བཞིན། ཞེས་པ་ལྟ་བུའོ། །གལ་ཏེ་སྤྱི་དང་བྱེ་བྲག་རྩོད་གཞི་དང་དཔེར་རུང་ན་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ན་སྒྲ་ཙམ་རྩོད་གཞི་དང་། རྔ་སྒྲ་དཔེར་རུང་བར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། དངོས་མེད་ཀྱི་ཤེས་བྱའི་སྟེང་དུ་སྔར་གྱི་ཁྱབ་འབྲེལ་ངེས་ནས་ཤེས་བྱ་ཙམ་གྱི་སྟེང་དུ་མ་ངེས་པ་ཡོད་པའི་ཕྱིར། རྔ་སྒྲའི་སྟེང་དུ་མཉན་བྱ་ལ་མི་རྟག་པས་ཁྱབ་པ་ངེས་ནས་སྒྲ་ཙམ་གྱི་སྟེང་དུ་མ་ངེས་པ་མི་སྲིད་པའི་ཕྱིར་ཏེ། ཤེས་བྱ་ཙམ་འཛིན་པའི་ཚད་མས་གཅིག་དང་དུ་བྲལ་མ་གྲུབ་ཅིང་། སྒྲ་ཙམ་འཛིན་པའི་ཚད་མས་མཉན་བྱ་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲའི་བྱས་པ་མ་ཡིན་པའི་ཕྱིར། དཔེར་ན་རྔ་སྒྲ་བཞིན་ནོ། །ཞེས་པ་ཡང་བྱེ་བྲག་དཔེར་འགྱུར་བའོ། །གཉིས་པ་ཁྱབ་མཉམ་པ་ནི། མངོན་སུམ་ཆོས་ཅན། ཤེས་པ་ཡིན་ཏེ། བེམ་པོ་ལས་ལོག་ནས་རིག་པའི་ངོ་བོར་སྐྱེས་པའི་ཕྱིར། རང་རིག་མངོན་སུམ་བཞིན། ཞེས་བཀོད་པ་ན། མངོན་སུམ་རྩོད་གཞི་དང་། རང་རིག་དཔེར་འགྱུར་བའོ། །མདོར་ན་གཞན་སེལ་གྱི་སྒོ་ནས་བློ་ངོར་གྲུབ་མ་གྲུབ་ཀྱི་ཁྱད་པར་ཡོད་ན་རྫས་དང་ལྡོག་པའམ། སྤྱི་དང་བྱེ་བྲག་གམ། མཚན་ཉིད་དང་། མཚོན་བྱ་གང་ཡིན་ཡང་རུང་སྟེ། གང་བློ་ངོར་བསྒྲུབ་སླ་བ་དཔེར་བྱས་ཏེ། དཀའ་བ་རྩོད་གཞིར་འགྱུར་བ་ཐམས་ཅད་ལ་དེ་ལྟར་ཤེས་པར་བྱའོ། །གསུམ་པ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་ངེས་པ་དང་། ཐུན་མོང་བའི་མ་ངེས་པའོ། །དང་པོ་ལ་མཚན་ཉིད་ནི། མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་མ་མཐོང་བ། དབྱེ་ན། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མེད་ནས་མ་མཐོང་བ། གཉིས་ཀ་ལ་ཡོད་ཀྱང་མ་མཐོང་བ། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་བཞི་ནི་རིམ་པ་བཞིན། སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་དང་། སྐྱེས་བུ་འདི་ཆོས་ཅན། ལྷ་ལས་ཚེ་འཕོས་ཏེ། མིག་དང་ལྡན་པའི་ཕྱིར་ཞེས་དང་། རིག་སྒྲ་རྟག་པར་འདོད་པའི་རྒོལ་བའི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། རིག་བྱེད་ཀྱི་སྒྲ་བཞིན་ཞེས་དང་། ནམ་མཁའ་ཆོས་ཅན། རྟག་སྟེ། མ་བྱས་པའི་ཕྱིར། རིག་བྱེད་ཀྱི་སྒྲ་བཞིན་ཞེས་པ་ལྟ་བུའོ། །གཉིས་པ་ལ། མཚན་ཉིད་ནི། མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་མཐོང་བ། དབྱེ་ན། དངོས་ཀྱི་མ་ངེས་པ་དང་། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གཉིས། དང་པོའི་མཚན་ཉིད། ཐུན་མོང་གི་མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མཐོང་བ། དབྱེ་ན། ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་མཐོང་བ། མཐུན་ཕྱོགས་ལ་ཁྱབ་བྱེད། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་མཐོང་བ། མི་མཐུན་ཕྱོགས་ལ་ཁྱབ་བྱེད། མཐུན་ཕྱོགས་ལ་རྣམ་གཉིས་སུ་མཐོང་བ། ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་མཐོང་བ་རྣམས་རིམ་པ་བཞིན། སྒྲ་ཆོས་ཅན། མི་རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར་ཞེས་དང་། རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར་ཞེས་དང་། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པའི་ཕྱིར་ཞེས་དང་། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །འདི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་དོན་ཡང་། བྱེ་བྲག་པས་འབྱུང་བཞིའི་རྡུལ་ཕྲན་རྟག་པ་དང་། རེག་བྱ་ཅན་གྱི་གཞི་མཐུན་དུ་ཁས་བླངས་པའི་དབང་དུ་བྱས་པའོ། །གཉིས་པ་ལ་མཚན་ཉིད་ནི། གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་མཐོང་། ཅིག་ཤོས་ལ་མ་མཐོང་བ། དབྱེ་ན། ཡང་དག་ལྷག་ལྡན་དང་། འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གཉིས། དང་པོའི་མཚན་ཉིད། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་ལ་མཐོང་། མི་མཐུན་ཕྱོགས་ལ་མ་མཐོང་ཡང་མི་མཐུན་ཕྱོགས་ལ་མེད་པར་མ་ངེས་པའོ། །དབྱེ་ན། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། མེད་ཀྱང་མི་འགལ་བ། འགལ་ཡང་མ་ངེས་པ་གསུམ་ནི་རིམ་པ་བཞིན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན། ཀུན་མཁྱེན་མ་ཡིན་ཏེ། ངག་སྨྲ་བའི་ཕྱིར། ཁ་ཕྱིར་བལྟས་ཀྱི་སྐྱེས་བུ་འདི་ཆོས་ཅན། སྔོ་བསངས་ཡིན་ཏེ། ལྷ་བྱིན་གྱི་བུ་ཡིན་པའི་ཕྱིར། བྱས་པ་དང་རྟག་པ་འགལ་བར་མ་ངེས་པའི་རྒོལ་བའི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མི་མཐུན་ཕྱོགས་ལ་མཐོང་མཐུན་ཕྱོགས་ལ་མ་མཐོང་ཡང་མཐུན་ཕྱོགས་ལ་མེད་པར་མ་ངེས་པའོ། །དབྱེ་ན། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། མེད་ཀྱང་མི་འགལ་བ། འགལ་ཡང་མ་ངེས་པ་གསུམ་ནི་རིམ་པ་བཞིན། སྔར་གྱི་གསུམ་པོ་དེའི་བསྒྲུབ་ཆོས་ལྡོག་པའོ། །ཡང་མ་ངེས་པའི་གཏན་ཚིགས་སྤྱི་ལ་ལྷག་ལྡན་དུ་འཇོག་པའི་རྒྱུ་མཚན་ནི། བསྒྲུབ་བྱ་ལ་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པས་ན་ལྷག་ལྡན་དུ་འཇོག་ལ། སྐབས་འདིའི་ལྷག་ལྡན་ནི་ཡང་དག་དང་འགལ་བར་འགྱུར་བ་ལ་ལྷག་མ་དང་ལྡན་པས་ན་ལྷག་ལྡན་དུ་འཇོག་གོ །གསུམ་པ་འགལ་བའི་གཏན་ཚིགས་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་ཁྱབ་པའི་ཚུལ་ཕྱིན་ཅི་ལོག་ཏུ་ངེས་པའོ། །གཉིས་པ་ལ། དངོས་པོའི་སྒོ་ནས་དབྱེ་བ་དང་། བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ་དང་། དབྱེ་བ་གཞན་དུ་འདོད་པ་དགག་པ་དང་གསུམ་ལས། དང་པོ་ལ། འབྲེལ་བའི་དབང་གིས་གཉིས་སུ་དབྱེ་བ་དང་། སྦྱོར་བ་ལ་ལྟོས་ནས་གསུམ་དུ་དབྱེ་བ་གཉིས། དང་པོ་ནི། རང་བཞིན་འགལ་བ་དང་། འབྲས་བུ་འགལ་བའི་གཏན་ཚིགས་གཉིས་སུ་འདུས་ཏེ་མ་དམིགས་པའི་གཏན་ཚིགས་ཐམས་ཅད་མཐར་བདག་གཅིག་གི་འབྲེལ་བ་ལ་བརྟེན་པས། དེའི་འགལ་བ་ཡང་འབྲེལ་བའི་སྒོ་ནས་རང་བཞིན་འགལ་བར་འདུས་པའི་ཕྱིར་རོ། །དེ་ལ་རང་བཞིན་འགལ་བ་ནི། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། འབྲས་བུ་འགལ་བ་ནི། དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །འདི་ནི་འབྲས་བུ་འགལ་བ་དང་། མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་རང་བཞིན་འགལ་བ་གཉིས་ཀྱི་དཔེར་བརྗོད་རྟོགས་པའི་ཆེད་དུ་ཡིན་གྱི། འབྲས་བུ་འགལ་བར་སོང་ཚུལ་ནི། དུང་སྒྲ་ཐོས་པའི་ཉན་ཤེས་མ་འཁྲུལ་བ་ཆོས་ཅན། རང་རྒྱུ་སྒྲ་རྟག་པ་སྔོན་དུ་སོང་སྟེ། རྩོལ་བྱུང་མ་འཁྲུལ་བའི་ཉན་ཤེས་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །གཉིས་པ་ནི། གཏན་ཚིགས་ཡང་དག་ལ་སྦྱོར་བའི་སྒོ་ནས་གསུམ་དུ་འབྱེད་ན། དེ་དག་བཟློག་པའི་འགལ་རྟགས་ཀྱང་གསུམ་དུ་འགྱུར་ཏེ། སྔར་གྱི་གཉིས་པོ་དེའི་སྟེང་དུ་བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། སྣང་རུང་གི་བུམ་པ་ཡོད་དེ། སྣང་རུང་གི་བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་རྣམས་སོ། །གཉིས་པ་བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། ཆོས་མཆོག་རྗེས་འབྲང་དང་བཅས་པས། སློབ་དཔོན་གྱིས། དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་བྱེད་པའི་ཕྱིར། དེས་ཐ་དད་དུ་བྱེད་དོ། །ཞེས་གསུངས་པའི་དོན་དུ་བསམ་ནས་ཆོས་དང་ཆོས་ཅན་གྱི་ངོ་བོ་འགོག་པའི་འགལ་རྟགས་གཉིས། ཁྱད་པར་འགོག་པའི་འགལ་རྟགས་གཉིས་ཏེ་བཞི་ནི་རིམ་པ་བཞིན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། དངོས་གྱུར་གྱི་ནམ་མཁའ་ཆོས་ཅན། རྟག་སྟེ། འདུས་མ་བྱས་ཡིན་པའི་ཕྱིར་ཞེས་དང་། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་དོ། །འདུས་ཤིང་བསགས་པའི་ཕྱིར་ཞེས་དང་། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། གཞན་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར། ཞེས་པ་ལྟ་བུའོ། །ཞེས་འདོད་དོ། །དེ་དག་ནི་མི་འཐད་དེ། ཆོས་ཅན་གྱི་ངོ་བོ་འགོག་ན་ཕྱོགས་ཆོས་མི་འགྲུབ་ལ། ཕྱོགས་ཆོས་མ་གྲུབ་ན་འགལ་རྟགས་སུ་མི་འཐད་པའི་ཕྱིར་རོ། །དཔེར་བརྗོད་གཞན་གསུམ་པོ་ཡང་མི་འཐད་དེ། འདི་དག་བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ་ཙམ་ཡིན་གྱི། ཆོས་དང་ཆོས་ཅན་གྱི་འགོག་ཚུལ་གྱི་སྒོ་ནས་ཕྱེ་བ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འགལ་བ་བརྗོད་ཚུལ་ལ། བརྗོད་འདོད་ཀྱི་སྒོ་ནས་དབྱེ་ན་བཞི་སྟེ། ལ་ལ་དངོས་སུ་འགལ་བར་བརྗོད་པ་ནི། མི་རྟག་པའི་སྒྲ་རྟག་ཅེས་པ་ལྟ་བུ་སྟེ། གཏན་ཚོགས་བྱས་པ་བཀོད་ན་དངོས་སུ་འགོག་པའི་འགལ་རྟགས་སུ་འགྱུར་རོ། །ལ་ལ་བརྗོད་པའི་ཤུགས་ཀྱིས་འགལ་བའི་བརྗོད་པ་ནི་རྟག་པ་བྱེད་པ་པོ་ཡིན་ཞེས་པ་ལྟ་བུ་སྟེ། གཏན་ཚིགས་རིམ་དང་ཅིག་ཅར་གྱིས་དོན་བྱེད་ནུས་པས་སྟོང་པའི་ཕྱིར་ཞེས་འགོད་ན་ཤུགས་ཀྱིས་འགོག་པའི་འགལ་རྟགས་སུ་འགྱུར་རོ། །ལ་ལ་ཆོས་ཀྱི་ཁྱད་པར་གྱི་སྒོ་ནས་འགལ་བ་བརྗོད་པ་ནི། མིག་ལ་སོགས་པ་གཞན་གྱི་དོན་བྱེད་ཅེས་པ་ལྟ་བུ་སྟེ། གཏན་ཚིགས་འདུས་བསགས་བཀོད་ན། ཆོས་ཀྱི་ཁྱད་པར་འགོག་པའི་འགལ་རྟགས་སུ་འགྱུར་རོ། །ལ་ལ་ཆོས་ཅན་གྱི་ཁྱད་པར་གྱི་སྒོ་ནས་འགལ་བ་བརྗོད་པ་ནི། གཞན་གྱི་དོན་བྱེད་པའི་མིག་ལ་སོགས་པ་ཡོད་ཅེས་པ་ལྟ་བུ་སྟེ། གཏན་ཚིགས་འདུས་བསགས་བཀོད་ན། ཆོས་ཅན་གྱི་ཁྱད་པར་འགོག་པའི་འགལ་རྟགས་སུ་འགྱུར་རོ། །འདི་དག་ཀྱང་དགག་བྱའི་དོན་གྱི་སྒོ་ནས་དབྱེ་བ་མ་ཡིན་ཏེ། འདོད་པ་ལ་ཕྱིན་ཅི་ལོག་ཏུ་ནི་གཉིས་ཀ་མཚུངས་པའི་ཕྱིར་རོ། །གསུམ་པ་ནི། ཡང་དག་ལ་ཡང་མཚུངས་ཤེ་ན། །བྱེད་པ་ཆུང་ཕྱིར་བཏང་སྙོམས་མཛད། །ཅེས་གསུངས་ཏེ། སྔར་བཤད་ཟིན་ཏོ། །གསུམ་པ་དབྱེ་བ་གཞན་དུ་འདོད་པ་དགག་པ་ནི། གྲངས་ཅན་པས། མིག་སོགས་ཆོས་ཅན། གཞན་གྱི་དོན་བྱེད་པ་ཡིན་ཏེ། འདུས་བསགས་ཡིན་པའི་ཕྱིར། དཔེར་ན་མལ་ཆ་དང་སྟན་ལ་སོགས་པ་བཞིན། ཞེས་པའི་གཏན་ཚིགས་དེ་ཆོས་ཅན་མིག་ལ་སོགས་པའི་སྟེང་དུ་ཞེ་འདོད་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པ་ལྡོག་པ་བསྒྲུབས་པས་ཞེ་འདོད་འགོག་པའི་འགལ་རྟགས་ཞེས་པ་སྔ་མ་གཉིས་ལས་གཞན་གསུམ་པ་ཞིག་ཅི་ཕྱིར་མི་འདོད་ཅེ་ན། མ་ཡིན་ཏེ་ངག་ཏུ་བརྗོད་པ་དང་། ཞེ་བས་འདོད་པ་གཉིས་བསྒྲུབ་བྱར་ཁྱད་པར་མེད་པས་སྔར་གྱི་ཆོས་དང་ཆོས་ཅན་གྱི་འགལ་བ་གཉིས་ཀྱི་ཁོངས་སུ་འདུས་པའི་ཕྱིར་རོ། །གསུམ་པ་གཏན་ཚིགས་དེ་དག་གི་ངེས་པ་ལ་གཉིས་ཏེ། མཐའ་གཞན་འགོག་པའི་ངེས་པ་དང་། དེ་དག་གི་ནུས་པ་ངེས་པའོ། །དང་པོ་ནི། རྟགས་སུ་བཀོད་ཚོད་ལ་བཞིར་གྲངས་ངེས་ཏེ། རྟགས་ཕྱོགས་ཀྱི་ཆོས་སུ་མ་གྲུབ་པ་དང་། གྲུབ་པ་གཉིས་ལས། དང་པོ་ནི། མ་གྲུབ་པའི་རྟགས་ལྟར་སྣང་། གཉིས་པ་ལ། བསྒྲུབ་བྱ་བསྒྲུབ་པར་ངེས་པ། འགོག་པར་ངེས་པ། གཉིས་ཀ་མ་ངེས་པ་དང་གསུམ་ལས། དང་པོ་ནི། ཡང་དག གཉིས་པ་ནི། འགལ་བ། གསུམ་པ་ནི། མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྟགས་སུ་བཀོད་པ་བཞི་པོ་དེ་ལ་ནུས་པ་ཡང་བཞི་ཡོད་དེ། མ་གྲུབ་པས་ཆོས་ཅན་གྱི་སྟེང་དུ་ཐེ་ཚོམ་ཡང་བསྐྱེད་མི་ནུས། མ་ངེས་པས་ཐེ་ཚོམ། འགལ་བས་མི་འདོད་པའི་ངེས་པ། ཡང་དག་གིས་འདོད་པའི་ངེས་པ་བསྐྱེད་པའི་ཕྱིར་ཏེ། མཁས་པ་རྣམས་ཀྱི་གཙུག་གི་ནོར་བུས། ཕྱོགས་ལ་མཐུ་མེད་སོམ་ཉི་དང་། །མི་འདོད་འདོད་པའི་ངེས་སྒྲུབ་བྱེད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་དེས་རྟོགས་པའི་བསྒྲུབ་བྱ་ནི། རིགས་གཏེར་ལས། སྐབས་འདིར་བཤད་ཀྱང་། རབ་བྱེད་ཀྱི་གཞུང་ངོ་སྙམ་པ་དང་། རྟེན་འབྲེལ་གྱི་ཆེ་བས་གཞན་ཐུན་མོང་དུ་བཤད་པར་བྱའོ། །རང་དོན་རྗེས་དཔག་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་པ་བཤད་ཟིན་ཏོ། །གཉིས་པ་གཞན་དོན་རྗེས་དཔག་ལ་མདོ་དང་རྣམ་འགྲེལ་ལས་གཞན་དོན་གྱི་ངག་དང་། གཞན་དོན་བསྒྲུབ་བྱ་དང་། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གསུམ་རིམ་པ་བཞིན་དུ་བཤད་ཀྱང་། འདིར་རིགས་གཏེར་ལས་གཞན་དོན་བསྒྲུབ་བྱ་གཏན་ཚིགས་ཀྱི་འོག་ཏུ་བཤད་པ་དང་བསྟུན་ནས་འཆད་པ་ལ་གཉིས་ཏེ། རྟོགས་པར་བྱ་བའི་བསྒྲུབ་བྱ་བཤད་པ། རྟོགས་པར་བྱེད་པའི་གཞན་དོན་རྗེས་དཔག་བཤད་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་འགོད་པ། མཚན་གཞི་ངོས་གཟུང་བ། ཕྱོགས་ལ་གནོད་པའི་བསལ་བ་བརྗོད་པའོ། །དང་པོ་ནི། བསྒྲུབ་བྱ་དང་། རྗེས་སུ་དཔག་བྱ་དང་། རྟགས་ཀྱི་ནུས་ཡུལ་དང་། རྟགས་ཅན་དང་། ཕྱོགས་རྣམས་མིང་གི་རྣམ་གྲངས་ཡིན་པས་མཚན་ཉིད་གཅིག་གིས་མཚོན་ཏེ། རྒོལ་བས་བསྒྲུབ་བྱར་ཁས་བླངས་པའོ། །དེ་ཡང་མདོའི་མཚན་ཉིད་ཀྱི་ཟུར་དང་པོ་བཞི་པོ་རིགས་སྒོ་ནས་གསུངས་པའི་བསྒྲུབ་བྱར་ཁས་བླངས་པར་འདུས་པར་གསུངས་ལ་དེ་ལ་མ་བསལ་བ་ཚང་མ་ཚང་གི་བྱེ་བྲག་གིས་ཡང་དག་དང་ལྟར་སྣང་དུ་འགྱུར་རོ། །འདིར་བསྒྲུབ་བྱ་ཡང་དག་གི་དབང་དུ་བྱས་ནས། མཚན་ཉིད་ཀྱི་རྣམ་བཅད་ལ་ལྟོས་ཏེ་ལྔར་བསྟན་པ། ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་བསྒྲུབ་པ། དེ་དག་ལ་རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ནི། མདོ་ལས། ངོ་བོ་ཁོ་ན་བསྟན་བྱ་བ། །བདག་ཉིད་འདོད་དང་མ་བསལ་བ། །ཞེས་ཆོས་ལྔ་ལྡན་དུ་གསུངས་ཏེ། དེ་དག་རེ་རེ་ལ་ཡང་དོན་དང་རྣམ་བཅད་ངོས་གཟུང་བ་གཉིས་གཉིས་ལས། དང་པོ་ངོ་བོའི་དོན་ནི་བསྒྲུབ་བྱར་བཟུང་བ་ན་ཚད་མས་གྲུབ་པ་དྲན་རུང་མེད་པ་ཞེས་གསུངས་ཏེ། ཚད་མས་གྲུབ་པ་དྲན་རུང་ནི། ཚད་མའི་སྟོབས་ཀྱིས་ངེས་ཤེས་ཀྱིས་ངེས་ཟིན་པ་ད་ལྟར་ཚིག་བརྗོད་པ་ཙམ་གྱིས་དོན་དྲན་པ་སྟེ་དེ་ནི་བསྒྲུབ་བྱར་མི་འགྱུར་བས་དེ་མ་ཡིན་པ་ཅིག་དགོས་ཞེས་པའོ། །དེའི་རྣམ་བཅད་ནི། དམ་བཅས་ཙམ་ཉིད་ན་ཐ་སྙད་དུ་ཚད་མས་གྲུབ་ཟིན་གཅོད་པ་སྟེ། ཐ་སྙད་དུ་ཚད་མས་གྲུབ་ན་ཚད་མས་དྲངས་པའི་ངེས་པ་བློའི་ཐ་སྙད་བཅད་ཤེས་ཀྱིས་ངེས་པ་གཅིག་དགོས་པའི་ཕྱིར་རོ། །དོན་དམ་པ་ཚད་མས་གྲུབ་ཟིན་པ་ནི་མི་གཅོད་དེ། ཕྱིར་རྒོལ་གྱི་རྒྱུད་ཀྱི་སྒྲ་འཛིན་མངོན་གསུམ་དེས་དོན་དམ་པ་སྒྲ་མི་རྟག་པ་གྲུབ་པའི་ཕྱིར་རོ། །འདོད་པའི་དོན་ནི་ངག་ཏུ་མ་བརྗོད་ཀྱང་ཞེས་པས་བསྒྲུབ་བྱར་འདོད་པའོ། །དེའི་རྣམ་བཅད་ནི་མུ་སྟེགས་བྱེད་དག་རྒོལ་བས་མ་བརྗོད་ཅིང་། ཕྱིར་རྒོལ་གྱིས་དངོས་སུ་མ་ཐོས་ན་བསྒྲུབ་བྱ་མ་ཡིན་པར་བསམས་ནས། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པར་གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར། མལ་ཆ་དང་སྟན་ལ་སོགས་པ་བཞིན་ཞེས་བརྗོད་པ་ན་གཞན་དོན་གྱི་མིང་གི་བཏགས་ནས་བདག་ཤེས་རིག་གི་སྐྱེས་བུའི་དོན་བྱེད་པར་བསྒྲུབ་པ་རྒྱུ་ཐབས་ཀྱི་སྦྱོར་བ་ལ་ཞེ་འདོད་མ་ཡིན་པ་གཞན་དོན་བྱེད་པ་བསྒྲུབ་བྱར་འདོད་པ་གཅོད་དོ། །དེའི་དགོས་པ་ཡང་བདག་དོན་བྱེད་པ་དཔེ་ལ་རྗེས་འགྲོ་མེད་པས་བསྒྲུབ་བྱ་སྐྱོན་ཅན་ཡིན་ཅེས་བསྟན་པའི་ཆེད་དེ། སློབ་དཔོན་དབྱིག་གཉེན་གྱིས། བདག་གཞན་ཅེ་ན་དེ་མ་གྲུབ་ཅེས་གསུངས་པ་ལྟར་རོ། །ཚུལ་དེ་གཉིས་ཀྱི་སྦྱོར་བ་ལ་ཡང་རྗེས་འགྲོ་མེད་པའི་སྐྱོན་བསྟན་ཏེ། རྒྱང་འཕེན་པས་བུམ་པ་ཆོས་ཅན། མངོན་པར་གསལ་བའི་སེམས་པ་ཅན་གྱི་ལུས་ཀྱི་མཚན་ཉིད་ཀྱི་སྐྱེས་བུ་དང་བུམ་པ་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཡིན་ཏེ། ཨུཏྤལ་མ་ཡིན་པའི་ཕྱིར། རྩིག་པ་བཞིན་ཞེས་བཀོད་པ་ལ་དེ་ལྟ་བུའི་སྐྱེས་བུའི་གཉིས་པ་དང་བཅས་པ་ཞེ་འདོད་ཀྱི་བསྒྲུབ་ཆོས་ཡིན་ཅིང་དེ་དཔེ་རྩིག་པ་ལ་རྗེས་འགྲོ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཕྱོགས་དང་མཐུན་ཕྱོགས་ལས་གང་ཡང་རུང་བ་ཡིན་པའི་ཕྱིར། ཞེས་བྱ་བའང་བསལ་ཏེ། དེ་གཉིས་ཚོགས་པའི་སྤྱི་བཀོད་ན་ཕྱོགས་ཆོས་དང་རྗེས་འགྲོ་གཉིས་ཀ་མེད། གང་རུང་གི་སྤྱི་འགོད་ན་ཅིག་ཤོས་མེད་པའི་ཕྱིར་རོ། །བདག་ཉིད་ཀྱི་དོན་ནི་རྒོལ་བས་ཁས་བླངས་པའི་བསྟན་བཅོས་ནས་བཤད་པ་ཐམས་ཅད་སྐབས་ཀྱི་བསྒྲུབ་བྱ་མ་ཡིན་པས་རྒོལ་བ་བདག་ཉིད་འདོད་པ་དེ་ཉིད་སྐབས་ཀྱི་བསྒྲུབ་བྱ་ཡིན་ཅེས་པའི་དོན་ནོ། །དེའི་རྣམ་བཅད་ནི། ཁ་ཅིག་བསྟན་བཅོས་ལས་བཤད་པར་མཐོང་བ་ཐམས་ཅད་བསྒྲུབ་བྱ་ཡིན་པས་དེ་ལ་གནོད་ནའང་གཏན་ཚིགས་དང་དམ་བཅའི་སྐྱོན་ཡིན་ཏེ། དཔེར་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཚེ་བསྟན་བཅོས་ནས་སྒྲ་ནམ་མཁའི་ཡོན་ཏན་དུ་བཤད་པ་དང་འགལ་བའི་གཏན་ཚིགས་དང་དམ་བཅའི་སྐྱོན་དུ་འགྱུར་ཞེས་ཟེར་བ་གཅོད་དོ། །དེའི་རྒྱུ་མཚན་ཡང་དངོས་པོ་སྟོབས་ཤུགས་ཀྱི་རིགས་པ་ལུང་ལ་མི་ལྟོས་པར་སྒྲ་མི་རྟག་པ་དངོས་སྟོབས་ཀྱི་ཚད་མས་གྲུབ་པའི་ཚེ་ལུང་དོན་གང་གིས་ཀྱང་མི་གནོད་ལ། དངོས་སྟོབས་རྗེས་དཔག་གིས་ལུང་དོན་ལ་ཕར་དཔྱད་པའི་དགོས་པ་ནི་གཞལ་བྱའི་གནས་གསུམ་ཆར་འཕོ་བ་ན་རིགས་པ་དང་མི་འགལ་བའི་ལུང་ཁས་ལེན་པའི་ཆེད་ཡིན་པའི་ཕྱིར་རོ། །ཁོ་ནའི་དོན་ནི་བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀ་མ་ཡིན་གྱི་བསྒྲུབ་བྱ་ཁོ་ནར་འདོད་པ་ཞེས་པའོ། །དེའི་རྣམ་བཅད་ནི། བསྟན་བྱའི་སྒྲ་རུས་གསུམ་ཆར་ལ་འཇུག་ལ། འདི་ནི་བྱས་པའི་སྒྲ་གཙོ་བོ་ཡིན་ཅིང་། རང་ཉིད་དང་འདོད་པ་གཉིས་དེའི་ཁྱད་པར་ཡིན་པས་གཙོ་བོའི་ཞར་ལ་གཉིས་པོ་ཡང་འབྱུང་བར་འགྱུར་བ་ལ་འཇུག་ལ། དེ་ལྟར་ན་དེ་གཉིས་དཔེར་མ་གྲུབ་པ་ལ་ཡང་། ཁྱབ་ཆེས་པས་དེ་གཉིས་ཀྱང་དམ་བཅར་འགྱུར་བ་བཅད་པའི་ཆེད་ཡིན་ནོ། །གལ་ཏེ་ཀ་ཏའི་རྐྱེན་ད་ལྟར་བ་ལ་འཇུག་པས་འདོད་པའི་སྒྲ་ད་ལྟར་བ་ལ་འགྱུར་ལ། དེས་ན་ཁྱབ་ཆེས་པ་མེད་དོ་ཅེ་ན། ཕྱོགས་ཀྱི་མཚན་ཉིད་འཆད་པའི་སྐབས་འདིར། འདོད་པའི་བྱིངས་ཨེཥྚ་བ་ཡིན་ལ་དེ་ལ་ཀུན་བཏུས་སུ་ནིཥྚ་ཡན་ལག་མ་ཡིན་པས་མ་འོངས་པ་ན་བསྟན་བྱ་གཅོད་མི་ནུས། རིགས་སྒོར་ནིཥྚ་ཡན་ལག་ཡིན་པས་དེ་གཅོད་ནུས་ཞེས་གསུངས་སོ། །ཚིགས་ལྔའི་གོ་རིམ་ལ་ཀུན་བཏུས་སུ་འདོད་པ་ལས། བདག་ཉིད་ཐོག་མར་སྨོས་པ་ནི་རྒོལ་བ་བདག་ཉིད་འདོད། ཅེས་འདོད་པ་པོ་བདག་ཉིད་དང་སྦྱར་བའི་ཆེད་ཡིན་ལ། རྣམ་འགྲེལ་ལས། དེ་ལས་བཟློག་ཏེ་གསུངས་པ་ནི། འདོད་པའི་དོན་ཞེ་འདོད་སྐབས་ཀྱི་བསྒྲུབ་བྱར་བསྟན་པ་ན་རྒོལ་བས་ཁས་བླངས་པའི་ལུང་དོན་ཐམས་ཅད་ཀྱང་རྒོལ་བས་ཞེ་འདོད་ཡིན་པས་སྐབས་ཀྱི་བསྒྲུབ་བྱར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བདག་ཉིད་ཀྱིས་བསྒྲུབ་བྱར་ཁས་བླངས་པ་གཅིག་དགོས་ཞེས་འཕྲོས་ཚུལ་ཤེས་པའི་ཆེད་དུ་ཡིན་ཏེ། གཞུང་ལུགས་འདིར་ཡང་དེའི་དབང་དུ་བྱས་པའོ། །བསྟན་བྱ་བ་ཞེས་པའི་དོན་རང་འགྲེལ་ལས། ཡང་ན་རྟགས་ཀྱིས་བསྟན་བྱ་བ་ཞེས་ཚིག་སྡུད་པས་མི་འགལ་ལོ། །ཞེས་གསུངས་ཏེ། དེ་ལྟར་ན་རྟགས་ལ་བརྟེན་ནས་གང་ལ་བསྒྲུབ་བྱར་སོང་བའི་སེལ་བའི་བློའི་ཡུལ་དུ་བསྟན་པར་བྱ་བ་ཞེས་པའི་དོན་ཏེ། རང་དོན་དང་གཞན་དོན་བསྒྲུབ་བྱ་གཉིས་ཀ་ལ་ཡང་འཇུག་གོ །དེ་ཡང་སྒྲ་མི་རྟག་པ་མཐོང་བས་མངོན་སུམ་ལ་ནི་སྒྲ་མི་རྟག་པས་རང་ངོས་ནས་རྣམ་པ་གཏད་པས་རྟགས་ཀྱིས་སྟོན་མི་དགོས་ལ། དེ་རྟོགས་པའི་རྗེས་དཔག་ལ་ནི་ཚུལ་གསུམ་ཚང་བའི་རྟགས་ཀྱིས་སྟོན་ཞེས་པ་སྟེ། སྒྲ་ལས་བྱུང་བ་ཡང་། མངོན་པར་འདོད་པ་སྟོན་ཕྱིར་རོ། །ཞེས་གསུངས་པའི་སྟོན་པ་ཞེས་པའི་ཚིག་རྟགས་དང་བསྒྲུབ་བྱ་ཐམས་ཅད་ལ་སྦྱར་བའི་དབང་དུ་བྱས་པའོ། །ཡང་ན་ཞེས་པ་འདམ་གཅན་གྱི་ཚིག་ཡིན་པས། ཕྱོགས་ཚིག་བསྒྲུབ་ངག་གི་ཡན་ལག་ཏུ་འདོད་པ་ལྟར་ན། བསྒྲུབ་ངག་གིས་དངོས་སུ་བསྟན་པར་བྱ་བ་ཞེས་འདོད་པ་ལྟར་འདིར་ཡང་ཐོག་མར་བསྒྲུབ་བྱ་དངོས་སུ་བརྗོད་ནས་དེའི་འོག་ཏུ་བསྒྲུབ་ངག་གི་སྒོ་ནས་ཚད་མའི་ཡུལ་དུ་བསྟན་པར་བྱ་བ་ཞེས་པ་སྟེ། དེ་ལྟར་ན་གཞན་དོན་སྐབས་ཀྱི་བསྒྲུབ་བྱ་ཁོ་ན་ལ་འཇུག་གོ །རིགས་གཏེར་རང་འགྲེལ་ལས། གལ་ཏེ་ཕྱོགས་ཀྱི་ཚིག་སྒྲུབ་བྱེད་མ་ཡིན་པས་བསྟན་བྱ་བ་མི་འཐད་དོ་ཞེ་ན། མི་འགལ་ཏེ། ཁྱེད་བསྒྲུབ་བྱ་ཁ་ཐོག་ཏུ་འབྱིན་པར་འདོད་པ་ལྟར་ནའང་བསལ་བ་བཞི་མ་ཞུགས་པ་ཅིག་བསྟན་པར་བྱའོ། །ཞེས་དགོངས་ཏེ། རྣམ་ངེས་ལས། གལ་ཏེ་བསྟན་པར་བྱ་བ་ཡིན་དུ་ཆུག་ན་ཞེས་གསུངས་པ་ལྟར་རོ། །ཞེས་གསུངས་པས་ཤེས་སོ། །མ་བསལ་བའི་དོན་ནི་བསལ་བ་བཞི་མ་ཞུགས་པའོ། །དེའི་རྣམ་གཅད་ནི་བསལ་བ་བཞི་ཞུགས་པ་བསྒྲུབ་བྱར་ཁས་བླངས་སུ་མི་རུང་བས་དེ་གཅོད་པའོ། །གཉིས་པ་ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་བསྒྲུབ་པ་ནི། རིགས་སྒོར། བསྒྲུབ་བྱར་འདོད་པ་ཕྱོགས་ཡིན་ནོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་ཕྱོགས་ཀྱི་མཚན་ཉིད། བསྒྲུབ་བྱ་ཁས་བླངས་པ་ཉིད་ཡིན་ནོ། །དེ་ཡང་རིགས་སྒོའི་གཞུང་ཁ་ཅིག་ལས། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་འགྱུར་བ་འགལ་བའི་དོན་གྱིས་མ་བསལ་བ་དེ་ཡང་ཕྱོགས་ཡིན་ནོ་ཞེས་འབྱུང་བ་ལྟར་ན་བསྒྲུབ་བྱར་ཁས་བླངས་པ་ནི། ཕྱོགས་ཙམ་གྱི་མཚན་ཉིད་ཡིན་ལ། དེ་ཡང་ངག་ཏུ་འགྱུར་བ་ལ་ཚད་མས་མ་བསལ་བ་ཅིག་དགོས་ཞེས་པའི་དོན་ཏེ། རྣམ་འགྲེལ་ལས། ངོ་བོ་ཚིག་ཕྲད་བདག་ཉིད་འདོད། །ཚིག་གིས་དེ་ཡིས་མཚན་ཉིད་བཞི། །ཞེས་མདོ་ནས་གསུངས་པའི་ཟུར་དང་པོ་བཞི་ལོགས་སུ་བཀར་ནས་དེ་ཉིད་བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། ཅེས་རིགས་སྒོ་ནས་གསུངས་པའི་བསྒྲུབ་བྱར་ཁས་བླངས་པར་འདུས་ལ། དེ་གཉིས་ཀ་ཡང་ཡང་དག་ཏུ་འགྱུར་བ་ལ་ཚད་མས་མ་བསལ་བ་ཅིག་དགོས་ཞེས་པ་ནི། ཁས་བླངས་དེ་ཡང་ཚད་མ་ནི། །ངག་གིས་བཀག་མེད་ཡིན་པར་འདོད། །ཅེས་སོགས་ཀྱི་གཞུང་གིས་འཆད་པའི་ཚུལ་དང་འབྱོར་རོ། །ཡང་རང་འགྲེལ་ལས། རིགས་སྒོའི་ལུང་དྲངས་པའི་ཚེ། བསྒྲུབ་བྱ་འདོད་པ་ཕྱོགས་ཡིན་ནོ། །ཞེས་པ་ཙམ་ལས་མི་སྣང་ཞིང་། རྣམ་གཅད་ལ་ལྟོས་ནས་ལྔ། ཡོངས་གཅོད་ལ་ལྟོས་ནས་གཅིག་ཏུ་བསྒྲུབ་པ་ཞེས་པའི་ཚིག་འགྲོས་ལྟར་ན། མདོའི་ལྔ་ཆར་ཡང་རིགས་སྒོའི་གཅིག་པུ་དེ་ཉིད་དུ་འདུས་ཞེས་པའི་དོན་དུ་སྣང་བས། དེ་ལྟར་ན་ཕྱོགས་ཡང་དག་གི་མཚན་ཉིད། བསྒྲུབ་བྱར་ཁས་བླངས་སུ་རུང་བ་ཞེས་པར་སྣང་སྟེ། རང་འགྲེལ་ཉིད་ལས། མ་བསལ་བ་ནི་བསལ་བ་བཞི་མ་ཞུགས་པའོ། །དེའི་རྣམ་གཅོད་ནི་བསལ་བ་བཞི་ཞུགས་པ་བསྒྲུབ་བྱར་ཁས་བླངས་སུ་མི་རུང་བས་དེ་གཅོད་པའོ། །ཞེས་དང་། འོན་ཀྱང་བསྒྲུབ་བྱའི་མཚན་གཞི་རུང་བའི་ཚོགས་དོན་རྟོགས་པའི་བསྒྲུབ་བྱ་རྟོགས་པར་བརྗོད་དོ་ཞེས་གསུངས་པས་ཤེས་སོ། །དེ་ལྟར་ན་རྣམ་འགྲེལ་ལས། མཚན་ཉིད་བཞི་ལོགས་སུ་བཀར་བ་ནི་མ་བསལ་བ་རིགས་སྒོའི་དོགས་གཅོད་དང་ལྷན་ཅིག་ཏུ་འཆད་པའི་དབང་དུ་བྱས་ལ། བདག་ཉིད་ཚིག་ཕྲད་ངོ་བོའི་སྒྲ། །ཞེས་སོགས་ཚིགས་བཅད་གཅིག་གིས་མཚན་ཉིད་ལྔ་ཆར་གྱི་མ་ཁྱབ་ཁྱབ་ཆེས་སེལ་ཚུལ་སྨོས་ནས། བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །ཅེས་པས་རུང་བ་དོན་གྱིས་ཚང་བའི་དབང་དུ་བྱས་ནས་སྔར་གྱི་ལྔ་ཆར་ཡང་རིགས་སྒོའི་གཅིག་པུ་དེ་ཉིད་དུ་འདུས་ཏེ། རིགས་མི་མཐུན་ཚད་མས་བསལ་བ་ལ་ནི། ཚད་མས་གནོད་པས་རུང་བའི་དོན་མ་ཚང་ཞིང་། གཞན་བཞི་ལ་བསྒྲུབ་བྱར་ཁས་བླངས་བྱའི་དོན་མ་ཚང་བའི་ཕྱིར་ཞེས་པ་ནི་ཚིག་རྐང་ཕྱི་མ་གསུམ་གྱིས་སྟོན་ནོ། །དེ་ལྟར་བསྒྲུབ་བྱར་ཁས་བླངས་སུ་རུང་བ་དེ་ཡང་ཚད་མས་མ་བསལ་བ་ཡིན་ཏེ། ཚད་མས་བསལ་བ་ནི་བསྒྲུབ་བྱར་ཁས་བླངས་སུ་མི་རུང་བའི་ཕྱིར་ཞེས་པ་ནི། ཁས་བླངས་དེ་ཡང་ཚད་མ་ནི། །ཞེས་སོགས་ཀྱིས་སྟོན་ཏེ། སྔར་གྱི་རང་འགྲེལ་གྱི་ལུང་དྲངས་པ་དང་ཤིན་ཏུ་འབྱོར་རོ། །རྣམ་དཔྱོད་དང་སྐལ་བ་གཉིས་ཀ་དང་ལྡན་པ་དག་གི་དགའ་སྟོན་མཛོད་ཅིག གང་རུང་གཅིག་མ་ཚང་ན་མ་ཐོབ་ཉེན་ཡོད་དོ། །གསུམ་པ་དེ་དག་ལ་རྩོད་པ་སྤོང་བ་ལ་གསུམ་ལས། དང་པོ་མ་ཁྱབ་པ་སྤོང་བ་ནི། རང་དོན་སྐབས་ཀྱི་སྒྲུབ་བྱ་ལ་མ་ཁྱབ་སྟེ། ཁས་བླངས་པ་མེད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དེའི་ཚེ་དངོས་སུ་ཁས་བླངས་པ་མེད་ཀྱང་སྒྲུབ་བྱེད་གློ་བུར་བ་ཡིན་པས་བསྒྲུབ་བྱའང་གློ་བུར་དུ་འདོད་པ་ཉིད་ཡིན་པས་ཤུགས་ལ་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ཁྱབ་ཆེས་པ་སྤོང་བ་ནི། སྐབས་སུ་མ་བབ་པ་དམ་བཅས་པ་ལ་ཁྱབ་ཆེས་ཏེ། དཔེར་ན་སྒྲ་རྟག་གམ་མི་རྟག་དྲིས་པ་ན་ལ་མེ་དང་ལྡན་ནོ་ཞེས་དམ་བཅས་པའང་བསྒྲུབ་བྱར་ཐལ་བའི་ཕྱིར་རོ། །འདོད་ན་དེ་ཚར་གཅད་པའི་གནས་མ་ཡིན་པར་འགྱུར་རོ་ཞེ་ན། བསྒྲུབ་བྱར་ཁས་བླངས་ན་བསྒྲུབ་བྱར་ཡིན་མོད་ཀྱི་ཆ་གཞན་གྱི་སྒོ་ནས་ཚར་གཅད་པ་མི་འགལ་ལོ། །གསུམ་པ་རྟགས་ལ་མཚུངས་པ་སྤོང་བ་ནི། བསྒྲུབ་བྱ་ལ་ཁས་བླངས་པ་དགོས་པ་ལྟར་རྟགས་ལ་ཡང་ཁས་བླངས་པ་ཅི་སྟེ་མི་དགོས་ཞེ་ན་མི་མཚུངས་ཏེ། ཚུལ་གསུམ་གྲུབ་ན་ཁས་མ་བླངས་ཀྱང་རྟགས་སུ་འགྱུར་ལ། མ་གྲུབ་ན་ཁས་བླངས་ཀྱང་མི་འགྱུར་ཞིང་། བསྒྲུབ་བྱ་ལ་ནི་དངོས་སམ་ཤུགས་ཀྱིས་ཁས་བླངས་ནས་རྟགས་ཀྱིས་བསྒྲུབ་པའི་ཕྱིར་རོ། །མདོར་བསྡུ་ན་བསྒྲུབ་བྱའམ་ཕྱོགས་ཡང་དག་གི་མཚན་ཉིད་མདོ་ལྟར་ན་ངོ་བོའི་དོན་སོགས་ཆོས་ལྔ་ཚང་ཞིང་རྟགས་ཀྱིས་བསྟན་པར་བྱ་བ། རིགས་སྒོ་ལྟར་ན་བསྒྲུབ་བྱར་ཁས་བླངས་སུ་རུང་བའོ། །དབྱེ་ན་རང་དོན་བསྒྲུབ་བྱ་ཡང་དག་དང་། གཞན་དོན་བསྒྲུབ་བྱ་ཡང་དག་གཉིས་ལས། མཚན་ཉིད་རིམ་བཞིན། སྔར་རྒོལ་གྱིས་ཕྱིར་རྒོལ་གྱི་ངོར་བསྒྲུབ་བྱར་མ་བཟུང་བ་གང་ཞིག་ཅེས་དང་། བཟུང་བ་གང་ཞིག་ཅེས་པའི་མཇུག་ཏུ་གཞུང་གཉིས་ཀྱི་དོན་སོ་སོར་འགོད་དོ། །གཞུང་གཉིས་ཀྱི་དོན་ལྡོག་སོ་སོ་བ་ནི་མ་ཡིན་ཏེ། ལོག་རྟོག་དང་རིགས་མི་མཐུན་གཉིས་ཀ་སེལ་བ་དང་རིགས་མི་མཐུན་རྐྱང་པ་སེལ་བའམ། རྣམ་གཅད་ལ་ལྟོས་པའམ། ཡོངས་གཅོད་ལ་ལྟོས་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་མཚན་གཞི་ངོས་བཟུང་བ་ནི། འོ་ན་བསྒྲུབ་བྱའི་མཚན་གཞི་ཆོས་དང་ཆོས་ཅན་རང་མཚན་གྱི་ཚོགས་དོན་ནམ་བརྟགས་པའི་ཚོགས་དོན་གང་ཡིན་ཞེ་ན། བརྟགས་པའི་ཚོགས་དོན་མ་ཡིན་ཏེ། སྒྲ་དོན་རྐྱང་པ་ལ་དགག་སྒྲུབ་བྱས་པས་རང་མཚན་གོ་བ་མི་འགྱུར་བའི་ཕྱིར་རོ། །དངོས་པོའི་ཚོགས་དོན་ཡང་མ་ཡིན་ཏེ། རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་མི་ནུས་པའི་ཕྱིར་རོ། །དེས་ན་དེ་གཉིས་སོ་སོར་མ་ཕྱེ་བར་སྒྲ་དོན་ལ། རང་མཚན་དུ་འཁྲུལ་པའི་ཚོགས་དོན་ཉིད་བསྒྲུབ་བྱའི་མཚན་གཞི་ཡིན་ཏེ། བློས་རང་མཚན་དུ་རློམ་པའི་སྒོ་ནས་སྒྲ་དོན་ལ་དགག་སྒྲུབ་དངོས་སུ་བྱེད་པའི་ཕྱིར་རོ། །དེ་ཡང་སྒྲ་དང་མི་རྟག་པའི་ཚོགས་དོན་བསྒྲུབ་བྱའི་མཚན་གཞི་ཡིན་ཅེས་བརྗོད་པའི་ཚེ་སྒྲ་དེ་ཡང་སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བ་ཡིན་ཅིང་། མི་རྟག་པ་དེ་ཡང་སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བ་ཡིན་ཏེ། གལ་ཏེ་ཕྱེ་ན་སྒྲའི་སྒྲ་དོན་དང་མི་རྟག་པའི་སྒྲ་དོན་གྱི་ཚོགས་དོན་བསྒྲུབ་བྱ་ཡིན་ཞེས་པའམ། སྒྲ་རང་མཚན་དང་མི་རྟག་པ་རང་མཚན་གྱི་ཚོགས་དོན་བསྒྲུབ་བྱ་ཡིན་ཞེས་པ་འགྱུར་ལ། དེ་ལ་ནི་སྔར་བཤད་པ་ལྟར་གྱི་སྐྱོན་གནས་པའི་ཕྱིར་ཞེས་པའོ། །འདིས་མཚོན་ནས་བུམ་པ་ཞེས་པའི་སྒྲས་བུམ་པ་བརྗོད་ཅེས་པ་ལ་བརྗོད་བྱ་རྗོད་བྱེད་གཉིས་ཀ་ཡང་། སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བ་སྟེ་གཞན་དུ་ཡང་ན་དངོས་ཀྱི་བརྗོད་བྱ་རྗོད་བྱེད་ཁོ་ནར་འགྱུར་ཞིང་། ཡང་ན་ཞེན་པའི་བརྗོད་བྱ་རྗོད་བྱེད་ཁོ་ནར་འགྱུར་བའི་ཕྱིར་རོ། །འདི་གོ་བ་ཤིན་ཏུ་གནད་ཆེ་བ་སྣང་ངོ་། །གསུམ་པ་ཕྱོགས་ལ་གནོད་པའི་བསལ་བ་ལ་གཉིས་ཏེ། སྤྱིའི་རྣམ་གཞག་དང་། སོ་སོའི་རང་བཞིན་ནོ། །དང་པོ་ལ་མཚན་ཉིད། དབྱེ་བསྡུ། རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་གྲུབ་པའོ། །དེའང་དཔེར་མཚོན་ན་སྒྲ་རྟག་པ་ཆོས་ཅན། ཁྱོད་ལ་མཚན་ཉིད་དེ་ཚང་སྟེ། ཁྱོད་ཀྱི་སྒྲུབ་བྱེད་གཏན་ཚིགས་དང་དཔེ་ལ་སོགས་པའི་སྐྱོན་ལ་མ་ལྟོས་པར་སྒྲ་མི་རྟག་པ་དེས་ཁྱོད་དངོས་སུ་སེལ་ནུས་པའི་ཆ་ནས་ཁྱོད་ཕྱོགས་ལྟར་སྣང་དུ་སོང་བ་ཡིན་པའི་ཕྱིར། དེ་ཉིད་གྲུབ་སྟེ། སྒྲ་མི་རྟག་པ་དེ་ཁྱོད་དང་དངོས་འགལ་གང་ཞིག དེ་དངོས་སྟོབས་ཀྱི་ཚད་མས་གྲུབ་པའི་ཕྱིར། ཞེས་པ་སྟེ་འོག་མ་རྣམས་ལའང་དེ་བཞིན་དུ་གོ་བར་བྱའོ། །ཁ་ཅིག་ཚད་མས་བསལ་བ་གཞི་མ་གྲུབ་པས། མཚན་མཚོན་གྱི་རྣམ་གཞག་མི་རུང་ངོ་ཞེས་སྨྲ་བ་ནི། མེད་པ་གཞན་སེལ་གྱི་རྣམ་གཞག་མ་ཤེས་པར་ཟད་དེ། དངོས་པོར་གྲུབ་པའི་ཆོས་རྣམས་ལ་ཡང་དགག་སྒྲུབ་སྒྲ་དོན་ལ་བྱེད་པ་ལྟར། དངོས་མེད་རྣམས་ལ་ཡང་དགག་སྒྲུབ་སྒྲ་དོན་ལ་བྱེད་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། བསལ་བའི་རབ་ཏུ་དབྱེ་བ་རིགས་སྒོར་ལྔར་གསུངས་པ་དེ་ཉིད། ཀུན་བཏུས་སུ་བཞིར་བསྡུས་ནས་གསུངས་པ་དེའི་དགོངས་པ་སློབ་དཔོན་གྱིས། ཡང་དག་ངེས་ལྡན་བརྗོད་འདོད་པ། །ཞེས་སོགས་ཀྱི་ཁས་བླངས་པ་དང་། རང་ཚིག་གི་བསལ་བ་གཉིས་ཡིད་ཆེས་ཀྱི་བསལ་བ་ཞེས་གཅིག་ཏུ་སྡུད་པའི་རྒྱུ་མཚན་དང་དགོས་པ་གཉིས་ཀ་གསུངས་སོ། །འདིར་ཡང་དེའི་དབང་དུ་བྱས་ནས་བཤད་ན་བསལ་བ་ལ་བཞིར་གྲངས་ངེས་ཏེ། ཡུལ་གྱི་སྒོ་ནས་རྗེས་དཔག་ལ་གསུམ་དུ་དབྱེ་བའི་ཕྱིར་ཏེ། རྗེས་དཔག་ལ་རྟགས་ཀྱི་ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ་དང་། དངོས་པོ་སྟོབས་ཤུགས་ཀྱིས་གྲུབ་པ་གཉིས་ལས། དང་པོ་ལའང་། རང་གིས་ཁས་བླངས་པ་དང་། ཐམས་ཅད་ཀྱིས་ཁས་བླངས་པ་གཉིས་སུ་འགྱུར་བའི་ཕྱིར་རོ། །དེ་ཡང་ཚུར་བསྡུ་ན་དངོས་སྟོབས་ཀྱི་བསལ་བ་དང་། ཁས་བླངས་ཀྱི་བསལ་བ་གཉིས་སུ་འདུས་ཏེ། མངོན་སུམ་དང་། དངོས་སྟོབས་རྗེས་དཔག་གཉིས་ནི། དངོས་སྟོབས་ཀྱི་ཚད་མ་ཡིན་ལ། ཕྱི་མ་གཉིས་ནི། ཁས་བླངས་པ་ཙམ་གྱིས་དེ་ལས་བྱུང་བ་དང་དེའི་བདག་ཉིད་དུ་སྒྲོ་བཏགས་ནས་དེའི་བསལ་བ་ཡང་ཁས་བླངས་ཀྱི་བསལ་བར་བཞག་པའི་ཕྱིར་རོ། །གསུམ་པ་ནི། རྗེས་དཔག་གི་བསལ་བ་ལ་གསུམ་དུ་དབྱེ་བ་བཞིན་དུ། མངོན་སུམ་གྱི་བསལ་བ་ལ་ཡང་དབྱེར་རུང་བས་དྲུག་ཏུ་འགྱུར་ཏེ། ཟླ་གཉིས་མེད་དོན་ཞེས་ཟེར་བ་ལ་ཟླ་བ་གཉིས་སྣང་མངོན་སུམ་དུ་ཁས་བླངས་པས་བསལ་བ་དང་། སྒྲས་བརྗོད་མི་རུང་ལ་བརྗོད་རུང་དུ་འཛིན་པའི་མངོན་སུམ་གྱི་བསལ་བ་དང་། གྲགས་པའི་མངོན་སུམ་གྱི་བསལ་བའང་ཡོད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཟླ་བ་གཉིས་སྣང་མངོན་སུམ་མ་ཡིན་པ་ལ་མངོན་སུམ་དུ་ཁས་བླངས་པས་སེལ་བ་ནི་ཚིག་ལས་དོན་གྱི་རྣམ་པ་དཔོག་པའི་འབྲས་རྟགས་ལ་བརྟེན་པའི་རྗེས་དཔག་གི་སེལ་བ་ཡིན་ཅིང་བརྗོད་རུང་མངོན་སུམ་གྱིས་མི་གྲུབ་པས། གྲགས་པའི་མངོན་སུམ་གྱི་བསལ་བའང་མི་འཐད་པའི་ཕྱིར་རོ། །གཉིས་པ་སོ་སོའི་རང་བཞིན་ལ་གཉིས་ཏེ། ཆོས་ཀྱི་ངོ་བོ་ལ་གནོད་པའི་བསལ་བ་བཤད་པ། ཆོས་ཀྱི་ཁྱད་པར་སོགས་ལ་གནོད་པའི་བསལ་བ་བཤད་པའོ། །དང་པོ་ནི་མདོར། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པ་རང་རྟེན་ལའོ། །ཞེས་པ་རྩ་འགྲེལ་གྱིས་བསལ་བ་བཞི་གསུངས་ཏེ། མངོན་སུམ་དང་། དངོས་སྟོབས་རྗེས་དཔག་དང་། ཡིད་ཆེས་དང་། གྲགས་པའི་བསལ་བའོ། །དང་པོ་མངོན་སུམ་གྱི་བསལ་བའི་མཚན་ཉིད་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་མྱོང་སྟོབས་ཀྱིས་གྲུབ་པ་སྟེ། དཔེར་ན་སྒྲ་མཉན་བྱ་མ་ཡིན་ཞེས་དམ་བཅས་པ་ན་ཞེན་དོན་དེ་ཉིད་ལྟ་བུའོ། །བསྒྲུབ་ཚུལ་ནི་སྔ་མ་ལ་དཔགས་ཏེ་ཤེས་པར་བྱ་ཞིང་། རྣམ་འགྲེལ་ལས། གནོད་ཚུལ་རྒྱས་པར་མངོན་སུམ་ལེའུར་བསྟན་ཟིན་པ་ལ་དགོངས་ནས། གཞན་དོན་ལེའུར་མདོའི་དོན་དང་མཉན་བྱ་སྨོས་པའི་དགོས་པ་བཤད་པའི་སྒོ་ནས་ཅུང་ཟད་བཤད་དོ། །གཉིས་པ་དངོས་སྟོབས་རྗེས་དཔག་གི་བསལ་བའི་མཚན་ཉིད་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ། དངོས་སྟོབས་རྗེས་དཔག་གིས་གྲུབ་པ་སྟེ། རྣམ་འགྲེལ་ལས། གནོད་ཚུལ་རྒྱས་པར་རང་དོན་ལེའུར་བསྟན་ཟིན་པ་ལ་དགོངས་ནས། གཞན་དོན་ལེའུར་མ་གསུངས་ལ། འོན་ཀྱང་རང་རྟེན་གྱི་དགོས་པ་བཤད་པ་ནི་རྗེས་དཔག་སུམ་ཆར་གྱི་ཐུན་མོང་བ་ཡིན་ནོ། །གསུམ་པ་ཡིད་ཆེས་ཀྱི་བསལ་བ་ལ་མཚན་ཉིད། དབྱེ་བ། དེ་དག་གི་དོན་ལ་དཔྱད་པ་དང་གསུམ་ལས། དང་པོ་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་ཡིད་ཆེས་རྗེས་དཔག་གིས་གྲུབ་པའོ། །གཉིས་པ་ལ་རིགས་སྒོར་གསུངས་པ་ལྟར། ཁས་བླངས་ཀྱི་བསལ་བ་དང་། རང་ཚིག་གི་བསལ་བ་གཉིས་ལས། དང་པོ་ནི། དཀར་ཆོས་སྤྱད་པ་ལས། མ་འོངས་པ་ན་བདེ་བ་མི་འབྱུང་བར་དམ་བཅས་པ་ན་དེའི་ཞེན་དོན་ལྟ་བུ་དང་། གཉིས་པ་ནི། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ། །ཞེས་དམ་བཅས་པ་ན་དེའི་ཞེན་དོན་ལྟ་བུའོ། །གསུམ་པ་ལ་གསུམ་སྟེ། ཁས་བླངས་དང་རང་ཚིག་གི་ཁྱད་པར། དེ་འགལ་ན་དམ་བཅའ་འཇིག་པ། དེས་ན་གཞན་དོན་ལ་སྒྲ་སྐྱོན་དུ་འགྱུར་བའོ། །དང་པོ་ལ་སྔ་རབས་པ་དག ཡིད་ཆེས་པའི་ལུང་དང་འགལ་བ་དང་། རྒོལ་བ་རང་གི་ངག་དང་འགལ་བ་ཞེས་ཟེར་མོད། རྣམ་ངེས་ལས། འོ་ན་འདི་དག་ལ་དབྱེ་བ་ཅི་ཡོད། ཅུང་ཟད་ཀྱང་མེད་དོ། །འོ་ན་ཅི་ལྟར་སོ་སོར་བརྗོད་ཅེ་ན། ངག་གི་དབྱེ་བས་དེ་ལྟར་འགྱུར་རོ། །ཞེས་གསུངས་པས། སློབ་དཔོན་ནི་ངག་གི་དབྱེ་བར་བཞེད་དོ། །ཁས་བླངས་དང་འགལ་བ་ནི་སྔར་དམ་བཅས་པ་དང་། ཕྱིས་བརྗོད་པ་གཉིས་འགལ་བ་སྟེ། དཔེར་ན་སྔ་མར་དམ་བཅས་ནས་ཕྱིས་མོ་གཤམ་དུ་བརྗོད་པའི་ཚེ་སྔར་གྱི་དམ་བཅའ་དེ་དང་འགལ་བས་མོ་གཤམ་ཡིན་པ་ཁས་བླངས་ཀྱི་བསལ་བར་འགྱུར་བ་དང་། རང་ཚིག་དང་འགལ་བ་ནི། དམ་བཅས་པའི་དོན་དེ་ཉིད་ལས་དཔག་ན་འགལ་བ་སྟེ། དཔེར་ན་རྗེས་དཔག་ཚད་མ་མ་ཡིན་ཞེས་བརྗོད་པའི་ཚེ་སྤྱིར་གཞལ་བྱ་བདེན་པ་བཀག་ནས། བྱེ་བྲག་ཚིག་དེ་ཉིད་ཀྱི་བརྗོད་བྱར་གྱུར་པའི་གཞལ་བྱ་ཁས་ལེན་པས་སྔ་མ་དང་འགལ་བས་གཞལ་བྱ་ཕྱི་མ་རང་ཚིག་གི་བསལ་བར་འགྱུར་བ་ལྟ་བུའོ། །འདི་གཉིས་ཀ་ལ་ཀུན་བཏུས་སུ། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་དཔེ་གཅིག་གསུངས་ལ། རིགས་སྒོར་ལུང་དང་འགལ་བ་ལ་དཔེར་བརྗོད་གཞན་དུ་གསུངས་པའི་དོན། རྣམ་ངེས་ལས། ཆོས་ནི་ཚེ་འཕོས་ནས་བདེ་བ་སྟེར་བ་བྱེད་པ་མ་ཡིན་ནོ། །ཞེས་པ་ལ་བཤད་དོ། །གཉིས་པ་ནི། དམ་བཅས་པའི་དོན་ནི། རང་གི་བསམ་པ་ཡོད་པར་བསྟན་པ་ཡིན་ལ། རང་ཚིག་དངོས་ཤུགས་འགལ་བའམ། ཁས་བླངས་སྔ་ཕྱི་འགལ་བ་ལྟ་བུ་གཞི་གཅིག་ལ་བསྡུས་ན་རྩི་ངན་པའི་ཞོ་ལྟར་རང་གི་ངང་གིས་འདོད་པ་འཇིག་པ་ཡིན་ནོ། །གསུམ་པ་ནི། དེས་ན་བརྗོད་པ་སྐྱོན་ཅན་གྱིས། །རྩོད་པའི་སྐབས་སུ་ཕམ་པ་བསྐྱེད། །ཅེས་ཏེ། ཚིག་སྐྱོན་ཅན་བརྗོད་པ་ཉིད་ཀྱིས་གཞན་དོན་རྗེས་དཔག་ལ་ཀླན་ཀར་འགྱུར་བའོ། །བཞི་པ་གྲགས་པའི་བསལ་བ་ལ་གཉིས་ལས། དང་པོ་མཚན་ཉིད་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་གྲགས་པའི་རྗེས་དཔག་གིས་གྲུབ་པའོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། བསྡུས་ཏེ་བཤད་པ་དང་། ཕྱེ་སྟེ་བཤད་པའོ། །དང་པོ་ནི། དོན་ཐམས་ཅད་འདོད་རྒྱལ་བའི་སྒྲས་བརྗོད་རུང་དུ་གྲུབ་སྟེ། བརྡ་སྤྲོད་པ་དག་སྒྲ་དོན་ལ་དངོས་པོའི་འབྲེལ་པ་འདོད་པ་ནི་བརྗོད་བྱ་རྗོད་བྱེད་བརྟགས་པའི་སྐབས་སུ་བཀག་ཟིན་ཅིང་། སྒྲ་ཐམས་ཅད་བརྗོད་འདོད་ཀྱི་དབང་གི་འཇུག་པ་ཡང་གཞན་སེལ་གྱི་སྐབས་སུ་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། མདོའི་ཚིག་འགོད་པ་དང་། དེའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ནི་མེད་ལ་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན་བསལ་བ་དེ་ཡང་ཕྱོགས་མ་ཡིན་ཏེ། དཔེར་ན་རི་བོང་ཅན་ཆོས་ཅན། ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། བཤད་ཚུལ་དང་པོ་དང་། གཉིས་པ་དང་། དེ་དག་གི་དགོངས་པ་དཔྱད་པའོ། །དང་པོ་ལ་གཉིས་ཏེ། གཞན་གྱིས་བཏགས་པ་དགག་པ་དང་། རང་གི་འཐད་པ་བརྗོད་པའོ། །དང་པོ་ལ་ཕྱོགས་སྔ་མ་བརྗོད་པ་ནི། བརྡ་སྤྲོད་པ་དག་ན་རེ། རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་མི་རུང་སྟེ། ཡོད་པའི་ཕྱིར་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་ཐུན་མོང་མ་ཡིན་པར་འགྱུར་བ་ནི་གཏན་ཚིགས་འདི་ལ་མཐུན་དཔེ་མེད་པས་ཐུན་མོང་མ་ཡིན་པ་ཡིན་ཏེ། དཔེར་ན་གང་བཞག་པའི་ཆོས་དེ་ལའང་ཟླ་བའི་སྒྲས་བརྗོད་དུ་རུང་བའི་ཕྱིར་རོ། །དེས་ན་རྟགས་ཀྱི་གཙོ་བོ་ཡོད་པ་ལ་ཡང་རྗེས་འགྲོ་མེད་ན། རྟགས་ཕལ་པ་དེ་ལས་གཞན་གང་བཀོད་ཀྱང་རྗེས་འགྲོ་མེད་པའི་ཐུན་མོང་མ་ཡིན་པར་འགྱུར་བ་སྨོས་ཅི་དགོས་ཏེ། ཡོད་པ་དཔེར་བརྗོད་པའི་འབྲས་བུའང་འདི་ཉིད་ཡིན་ནོ། །གཉིས་པ་འགལ་བར་འགྱུར་བ་ནི། གཏན་ཚིགས་དེ་ཉིད་འགལ་བ་ཡིན་ཏེ། ཡོད་ན་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བས་ཁྱབ་པའོ། །དེས་ན་ལུང་ཚིག་དུམ་བུ་དང་པོའི་དོན་བརྡ་སྤྲོད་པའི་རྟགས་ཐུན་མོང་མ་ཡིན་པར་བསྟན་པ་དང་། ཕྱི་མའི་དོན་འགལ་བར་བསྟན་པའོ། །གཉིས་པ་འཐད་པ་བརྗོད་པ་ལ་གཉིས་ཏེ། བརྗོད་རུང་གི་གྲགས་པ་དང་། སྒྲ་ལས་བྱུང་བའི་གྲགས་པ་ངོས་བཟུང་བའོ། །དང་པོ་ནི། འཇིག་རྟེན་ཡུལ་ལུགས་ཀྱི་དཔྱོད་པ་ལས་བྱུང་བ་འདོད་རྒྱལ་བའི་སྒྲས་བརྗོད་དུ་རུང་བ་ཉིད་ལ་བརྗོད་རུང་གི་གྲགས་པ་ཞེས་བརྡ་མཛད་དེ། ཐ་སྙད་ལས་ནི་སྐྱེས་པ་ཡིས། །ཆོས་དེ་གྲགས་པའི་སྒྲ་ཡིས་བརྗོད། །ཅེས་གསུངས་པས་སོ། །བརྗོད་རུང་དེས་དོན་ཐམས་ཅད་ལ་ཁྱབ་སྟེ། ཡུལ་དུས་རྣམ་པ་གང་ཡིན་ཡང་རུང་སྔར་བརྡ་བྱས་སམ་མ་བྱས་ཀྱང་རུང་། ཐུན་མོང་དུ་གྲགས་སམ་མ་གྲགས་ཀྱང་རུང་སྟེ། སྒྲས་བརྗོད་རུང་ཐམས་ཅད་ལ་གྲུབ་པས་བརྗོད་རུང་བསྒྲུབ་པའི་གཏན་ཚིགས་ཐུན་མོང་བར་དགོངས་པའི་ཕྱིར་རོ། །གལ་ཏེ་རུང་བ་ཙམ་གྲུབ་མོད་ཀྱི། སྔར་ཟླ་བར་མ་གྲགས་པ་བུམ་པ་སོགས་ལ་ཟླ་བ་ཞེས་པའི་སྒྲ་ལ་ལྟོས་ནས་གྲགས་པ་མིང་འདོགས་པ་དེ་འཇིག་རྟེན་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། འཚེད་པའི་ནུས་པ་ཡོད་པ་ལ་འཚེད་པ་དང་བཏུང་དུ་རུང་བ་ལ་བཏུང་བ་ཞེས་བརྗོད་པ་བཞིན་གྲགས་རུང་ལ་གྲགས་པའི་བརྡ་མཛད་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་སྒྲ་ལས་བྱུང་བའི་གྲགས་པ་ལ་གཉིས་ལས། དང་པོ་སྒྲ་བྱུང་གི་གྲགས་པ་ངོས་བཟུང་བ་ནི། སྔར་གྱི་བརྗོད་རུང་གི་གྲགས་པ་དེ་ཉིད་ལ་སླར་ཡང་སྒྲ་ལས་བྱུང་བའི་གྲགས་པ་ཞེས་དེའི་མིང་གིས་བརྗོད་པའི་དགོས་པ་ནི། སྒྲས་བརྗོད་རུང་ཙམ་དོན་ཐམས་ཅད་ལ་གྲུབ་མོད་ཀྱི། བརྡ་ལ་བརྟེན་པ་དང་། བརྡ་དེ་ཡང་བརྗོད་འདོད་ལ་བརྟེན་ནས་གྲུབ་ན། གྲགས་པའང་གྲུབ་བོ་ཞེས་བསྟན་པའི་ཕྱིར་དུ་ཡིན་ཏེ། སྒྲ་ལ་ལྟོས་པ་ལ་སྒྲ་ལས་བྱུང་བ་ཞེས་གསུངས་པས་སོ། །དེ་ལྟར་ན་གྲགས་པས་གྲུབ་པའི་ཡུལ་ཅན་ནི། རྗེས་དཔག་ཡིན་པས་རྗེས་དཔག་གི་ཡུལ་ལ་འགལ་བ་ལ་མི་འཁྲུལ་བ་མི་སྲིད་པས་དེའི་ལོག་ཕྱོགས་བརྗོད་མི་རུང་ཕྱོགས་མ་ཡིན་ཞེས་པའོ། །གཉིས་པ་བཤད་ཚུལ་གཉིས་པ་ལ་གསུམ་ལས། དང་པོ་རྗེས་དཔག་ལས་གྲགས་པ་ཡུལ་ཐ་དད་པར་བསྒྲུབ་པ་ནི། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ནི་མེད་ལ། ཞེས་གསུངས་པའི་དོན། བརྡ་སྤྲོད་པའི་བསྒྲུབ་བྱ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་དུ་མི་རུང་བ་དེ་ལ་དངོས་སྟོབས་རྗེས་དཔག་མེད་པར་སྟོན་ལ། དེས་དངོས་སྟོབས་ལས་གྲགས་པའི་རྗེས་དཔག་ཡུལ་ཐ་དད་དུ་ཡང་སྟོན་ཏེ། བརྗོད་མི་རུང་སྒྲ་དོན་ཡིན་པས་དངོས་སྟོབས་རྗེས་དཔག་མི་འཇུག་པར་བསྟན་པའི་ཕྱིར་རོ། །བོད་དག་བརྗོད་རུང་ལ་དངོས་སྟོབས་རྗེས་དཔག་མེད་པའི་དོན་དུ་འཆད་པ་ནི་ནོར་ཏེ། དེ་ལྟར་ན་བཤད་ཚུལ་གཉིས་པའི་ཚེ། ལུང་དེ་བརྡ་སྤྲོད་པའི་གཏན་ཚིགས་འགོད་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གཉིས་པ་དེ་ལ་གཞན་གྱིས་བཏགས་པ་དགག་པ་ལ་གཉིས་ལས། དང་པོ་བརྡ་སྤྲོད་པའི་རྟགས་ཐུན་མོང་མ་ཡིན་པར་འགྱུར་བ་ནི་བཤད་ཚུལ་དང་པོའི་སྐབས་དང་འདྲའོ། །གཉིས་པ་རང་སྡེའི་བཤད་ཚུལ་མི་འཐད་པ་ནི། མདོའི་འགྲེལ་བྱེད་ཁ་ཅིག སློབ་དཔོན་གྱིས་ལུང་དེ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་ཁོ་ན་ལ་དཔེ་མེད་པའི་དབང་དུ་བྱས་ནས་གསུངས་པ་ཡིན་ནོ་ཞེས་འདོད་པ་ནི་མི་འཐད་དེ། དེ་ལ་དཔེ་མེད་དུ་ཆུག་ཀྱང་ད་ཏྲིག་ཤིང་མ་ཡིན་པ་ལ་ཡང་གྲགས་པས་གནོད་པའི་ཕྱིར་རོ། །གསུམ་པ་སློབ་དཔོན་གྱི་དགོངས་པ་དཔྱད་པ་ནི། སྤོས་སྦྱོར་ལས། ག་པུར་དང་། བཅུད་ལེན་ལས་དངུལ་ཆུ་ལ་སོགས་པ་ལ་ཡང་ཟླ་བའི་སྒྲ་འཇུག་པ་མཐོང་བས། ཟླ་སྒྲ་ཐུན་མོང་བར་གྲུབ་ལ་ཐུན་མོང་བའི་སྒྲ་གཅིག་ལ་གྲུབ་ན་དེ་ཉིད་དཔེར་བྱས་ནས་གཞན་ལའང་འཇུག་ཏུ་རུང་བ་ནི། དངོས་པོའི་སྟོབས་ཀྱིས་གྲུབ་སྟེ། དེས་ན་རྒྱུ་མཚན་ཅན་གྱི་སྒྲ་དོན་ཐམས་ཅད་ལ་འཇུག་ཏུ་རུང་བ་འགོག་པ་ནི་གྲགས་པ་དང་མི་འགལ་ཡང་འདོད་རྒྱལ་བའི་སྒྲ་དོན་ཐམས་ཅད་ལ་འཇུག་རུང་འགོག་པ་ནི། གྲགས་པ་དང་འགལ་ཞེས་བྱ་བར་དགོངས་སོ། །མདོར་ན་བཤད་ཚུལ་དང་པོས་བརྡ་སྤྲོད་པའི་གཏན་ཚིགས་དེ་ལ་གྲགས་པའི་རྗེས་དཔག་མེད་ཅེས་དང་། བཤད་ཚུལ་གཉིས་པས་དངོས་སྟོབས་རྗེས་དཔག་མེད་ཅེས་སྟོན་ཏེ། ཐུན་མོང་མ་ཡིན་པའི་ཕྱིར་ཞེས་པ་ནི་གཉིས་ཀ་ལ་འདྲའོ། །འདི་ཇི་ལྟ་བ་བཞིན་དུ་རྟོགས་པ་གངས་ཅན་འདིར་གཞན་མི་སྣང་ངོ་། །གསུམ་པ་དེ་དག་གི་དགོངས་པ་དཔྱད་པ་ལ་གཉིས་ཏེ། གཞན་གྱི་ལུགས་དགག་པ་དང་། རང་གི་ལུགས་བརྗོད་པའོ། །དང་པོ་ནི། སྔ་རབས་པ་ཁ་ཅིག གྲགས་པ་ལ་བརྡའི་གྲགས་པ་དང་། ཐ་སྙད་ཀྱི་གྲགས་པ་གཉིས་ལས། དང་པོ་ལ་ཡང་དངོས་ཀྱི་བརྗོད་རུང་དང་། ཞེན་པའི་བརྗོད་རུང་གཉིས་སུ་ཕྱེ་ནས་དངོས་ཀྱི་བརྗོད་རུང་དོན་སྤྱི་དང་། ཞེན་པའི་བརྗོད་རུང་དངོས་པོར་བྱས་ཏེ། མདོའི་བཤད་ཚུལ་དང་པོས་ཞེན་པའི་བརྗོད་རུང་གི་གྲགས་པ་དང་། ཕྱི་མས་དངོས་ཀྱི་བརྗོད་རུང་གི་གྲགས་པ་གཉིས་འཆད་པ་ཡིན་ནོ་ཞེས་འདོད་པ་ནི་མི་འཐད་དེ། འཆད་པའི་ཚེ་གཉིས་སུ་དབྱེར་ཡོད་ཀྱི། འཇུག་པའི་ཚེ་གཉིས་སུ་དབྱེར་མེད་ཅིང་། རྟགས་ལས་བསྒྲུབ་བྱ་རྟོགས་པ་ཡང་འཇུག་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྔ་མས་སྒྲ་བྱུང་གྲགས་པ་ལ། །རྗེས་དཔག་མེད་ཕྱིར་མི་ཁེགས་པའམ། །ཡང་ན་དེ་ལ་འགལ་ཟླ་མེད། །དེས་ན་ངེས་ཕྱིར་གནོད་བྱེད་ཡིན། །ཕྱི་མ་གྲགས་པའི་རྗེས་དཔག་ལས། །ཡུལ་གྱི་དབྱེ་བ་བསྟན་པ་ཡིན། །དེ་ལྟར་ཤེས་ན་གྲགས་པ་ཡི། །བསལ་བ་མཁས་པའི་དགོངས་པ་འགྲུབ། །ཞེས་པ་སྟེ་སྔར་ལེགས་པར་བཤད་ཟིན་ཏོ། །གཉིས་པ་ཆོས་ཀྱི་ཁྱད་པར་སོགས་ལ་གནོད་པའི་བསལ་བ་ལ་གཉིས་ཏེ། བཤད་བྱའི་མདོ་འགོད། མདོའི་དོན་བཤད་པའོ། །དང་པོ་ནི། མདོ་ལས། མངོན་སུམ་དོན་དང་ཞེས་སོགས། རྩ་འགྲེལ་གྱི་མཇུག་ཐོགས་དེ་མ་ཐག་ཏུ་འདི་ཡང་ཆོས་ཀྱི་རང་གི་ངོ་བོ་དང་འགལ་བ་སེལ་བའི་སྒོ་ཙམ་ཞིག་བསྟན་པ་ཡིན་ལ། ཕྱོགས་འདིས་ནི་ཕྱོགས་དང་ཆོས་ཅན་གྱི་ཁྱད་པར་དང་ཆོས་ཅན་རང་གི་ངོ་བོ་སེལ་བར་བྱེད་པའང་རིག་པར་བྱ་སྟེ། དཔེར་ན་ཡན་ལག་ཅན་ནི་ཡན་ལག་རྣམས་ལས་རྫས་གཞན་མ་ཡིན་ཏེ། སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར་རོ། །ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་མ་ཡིན་ཏེ། མངོན་སུམ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །རྫས་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་དང་རྫས་དག་རྫས་དང་རྫས་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་ངག་ཐམས་ཅད་བརྫུན་པའི་དོན་ཅན་ཡིན་ནོ་ཞེས་བྱ་བ་འདི་ནི། ངག་དང་ངག་གི་བདག་ཉིད་བརྫུན་པའི་དོན་ཅན་ཉིད་དུ་ཡོད་པ་གང་ཡིན་པ་དེ་བརྫུན་པ་ཉིད་ཡིན་ན་གལ་ཏེ་ངག་དང་བརྫུན་པ་དག་ཐམས་ཅད་སེལ་བར་བྱེད་པ་སྟེ། དེ་ལྟར་ན་གཉིས་ཀའི་རང་གི་ངོ་བོ་སེལ་བར་བྱེད་པ་ཡིན་ནོ། །ཅི་སྟེ་ངག་གི་བདག་ཉིད་ཀྱི་བརྫུན་པ་ཉིད་ཀྱི་སེལ་བ་དེ་ལྟ་ན་གཉིས་ཀའི་ཁྱད་པར་བསལ་བ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། གནོད་ཡུལ་གྱི་དམ་བཅའ་ལྟར་ངོས་བཟུང་བ་དང་། དེ་ལ་གནོད་བྱེད་ཀྱི་རིགས་པ་བསྟན་པའོ། །དང་པོ་ནི། བྱེ་བྲག་པས་མངོན་སུམ་གྱིས་མཐོང་དུ་རུང་ཞིང་སྒྲིབ་ཐོགས་ལ་སོགས་པའི་བྱ་བ་བྱེད་པར་མཐོང་བས་རགས་པ་ཡན་ལག་ཅན་དེ་རང་གི་ཡན་ལག་ལ་མེད་པའི་ཆོས་གསུམ་དང་ལྡན་པའི་སྒོ་ནས་རང་གི་ཡན་ལག་རྣམས་ལས་རྫས་གཞན་དུ་དམ་བཅས་པ་ཡིན་ནོ། །ཆོས་གསུམ་ནི་ཡོན་ཏན་ལྕིད་ལྷག་པོ་དང་། དེའི་འབྲས་བུ་ཐུར་དུ་འགྲོ་བའི་བྱ་བ་དང་། དེ་གཉིས་འཕྲོད་པ་འདུ་བའི་རྒྱུ་དང་གསུམ་མོ། །དེས་ན་རང་འདོད་པའི་ཆོས་གསུམ་ཡན་ལག་ཅན་གྱི་རྫས་བསྒྲུབ་པར་འདོད་ནས་ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ནོ། །ཞེས་དང་། ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་ཡིན་ནོ་ཞེས་དང་། རྫས་ནི་ཡོད་པ་ཡིན་ནོ་ཞེས་དམ་བཅའི་ཚུལ་ཅུང་ཟད་མི་འདྲ་བ་གསུམ་བཅས་པ་ཡིན་ནོ། །དེས་ན་བྱེ་བྲག་པས་མངོན་སུམ་གྱིས་མཐོང་དུ་རུང་བའི་ཡན་ལག་ཅན་རགས་པ་ནི་རང་གི་ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་ལྷག་པོ་སོགས་ཆོས་གསུམ་གྱིས་ཁྱད་པར་དུ་བྱས་པའི་སྒོ་ནས་ཡན་ལག་ལས་རྫས་གཞན་ཡིན་ཅེས་པའི་དམ་བཅའ་ནི་སྐབས་འདིར་བསྟན་གྱི་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་ལྟར་སྣང་ཡིན་པས་མངོན་སུམ་གྱིས་མཐོང་རུང་གི་ཡན་ལག་རགས་པ་ནི་ཆོས་ཅན་གྱི་ངོ་བོ་དང་། རང་གི་ཡན་ལག་ལས་རྫས་གཞན་པ་ནི་ཆོས་ཀྱི་ངོ་བོ་དང་། ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་ལྷག་པོ་སོགས་ཆོས་གསུམ་ནི་དམ་བཅའ་དེའི་ཆོས་ཀྱི་ཁྱད་པར་ཡིན་ཞིང་། འདིར་ཆོས་གསུམ་པོ་ཉིད་ལ་གཙོ་བོར་གནོད་པ་སྟོན་པས་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་ཞེས་བྱའོ། །དམ་བཅའ་གཉིས་པའི་དོན་ནི། མངོན་སུམ་གྱིས་མཐོང་རུང་གི་ཡན་ལག་རྣམས་ནི་ཆོས་ཅན་གྱི་ངོ་བོ་ཡིན་ལ། ཡན་ལག་ཅན་ལས་རྫས་གཞན་པ་ནི་ཆོས་ཅན་གྱི་ཁྱད་པར་ཡིན་ཏེ། འདིར་རྫས་གཞན་ལ་གཙོ་བོར་གནོད་པ་སྟོན་པས་ཆོས་ཅན་གྱི་ཁྱད་པར་ལ་གནོད་པའི་དམ་བཅའ་ཞེས་བྱའོ། །འདིར་ཡན་ལག་ཞེས་པ་ཡན་ལག་གསུམ་པ་ཡན་ལག་དང་ཡན་ལག་ཅན་གྱི་གཞི་མཐུན་དེ་ཉིད་ཡིན་ལ། ཡན་ལག་ཅན་ལས་ཞེས་པ་རང་གིས་བརྩམས་པའི་ཡན་ལག་ཅན་ཡན་ལག་བཞི་པ་དེ་ཉིད་མ་ཡིན་གྱི་རང་རྩོམ་བྱེད་ཡན་ལག་གཉིས་པ་ལ་ཡན་ལག་ཅན་དང་པོར་འཇོག་པ་དེ་ཉིད་ཡིན་ཏེ། རྒྱལ་དབང་བློས་ཡན་ལག་ཕ་རོལ་པོ་དེ་ལས་ཞེས་པའི་དོན་ཏོ། །དམ་བཅའ་གསུམ་པ་ནི་འདིར་རྫས་ཙམ་ནི་ཆོས་ཅན་ཡིན་ལ། ཡོན་ཏན་གཞན་གྱི་རྟེན་བྱེད་པ་ནི་དེའི་ངོ་བོ་སྟེ། དེའི་དོན་ལྡོག་ཏུ་བྱེ་བྲག་པས་འདོད་པའི་ཕྱིར་རོ། །མདོར་ན་རིགས་པ་སྔ་མ་གསུམ་གྱིས་རིམ་པ་ལྟར་ཆོས་གསུམ་དང་། ཡན་ལག་ལ་རྫས་གཞན་དང་། རྫས་ཀྱི་དོན་ལྡོག་ལ་གནོད་པ་སྟོན་པའི་ཚུལ་ཤེས་ན་གནད་ཐམས་ཅད་རང་གྲོལ་དུ་འགྱུར་རོ། །དམ་བཅའ་བཞི་པའི་དོན་ནི་འོག་ཏུ་འཆད་དོ། །གཉིས་པ་ལ་བཞི་སྟེ། ཆོས་ཀྱི་ཁྱད་པར་ལ། ཆོས་ཅན་གྱི་ཁྱད་པར་ལ། ཆོས་ཅན་རང་གི་ངོ་བོ་ལ། དེ་གཉིས་ཀའི་ངོ་བོ་དང་ཁྱད་པར་ལ་གནོད་ཚུལ་བཤད་པའོ། །དང་པོ་ལ། རྗེས་དཔག མངོན་སུམ། ཁས་བླངས། རང་ཚིག གྲགས་པས་གནོད་ཚུལ་དང་ལྔ་ལས། དང་པོ་ནི། མདོ་ལས། སྲང་དམའ་བའི་ཁྱད་པར་དག་མི་འཛིན་པའི་ཕྱིར་ཞེས་རང་རྒྱུད་དངོས་སུ་བསྟན་ཅིང་འདིར་སྲང་ནི་དམའ་བ་དག་ཏུ་འགྱུར་ཞེས། ཐལ་འགྱུར་དངོས་སུ་བསྟན་པའི་དོན་ནི་འདི་ལྟར་བྱ་སྟེ། ལྕིད་མཉམ་གྱི་འཇིམ་རིལ་བཅུ་ཚན་གཉིས་ལ་བཅུ་ཚན་གཅིག་བསྲེས་ནས་སྲང་ལ་གཞལ། ཅིག་ཤོས་མ་བསྲེས་པར་སྲང་ལ་གཞལ་བའི་ཚེ་ན་བསྲེས་པའི་འཇིམ་གོང་དེ་ཆོས་ཅན། མ་བསྲེས་པར་ཅིག་ཅར་སྲང་ལ་བཅལ་བའི་བཅུ་ཚན་དེ་ལས་ཁྱོད་སྲང་མགོ་ཐུར་དུ་དམའ་བར་འགྱུར་བར་ཐལ། མ་བསྲེས་པའི་དུས་སུ་ཁྱོད་དང་དེ་གཉིས་སྲང་གྲངས་མཉམ་པ་གང་ཞིག ཁྱོད་ལ་རང་གི་ཡན་ལག་ལ་མེད་པའི་ཡན་ལག་ཅན་གྱི་ལྕིད་ལྷག་པོ་ཡོད། ཅིག་ཤོས་ལ་མེད་པའི་ཕྱིར་རོ། །དེ་ལྟ་བུའི་ཐལ་འགྱུར་གྱིས་བསྲེས་པའི་འཇིམ་གོང་དེ་ལ་ཡན་ལག་ལ་མེད་པའི་ལྕིད་ཀྱི་ཡོན་ཏན་དོན་གཞན་ཡོད་པའི་ལོག་རྟོག་གི་དབལ་བཅོམ་ནས་ཤེས་འདོད་ཞུགས་པ་ན་སྔར་གྱིས་བསྲེས་པའི་འཇིམ་གོང་དེ་ཆོས་ཅན། རང་གི་ཡན་ལག་ལ་མེད་པའི་ཡན་ལག་ཅན་གྱི་ལྕིད་ལྷག་པ་མེད་དེ། དེས་སྐྱེད་པའི་འབྲས་བུ་སྲང་མགོ་ཐུར་དུ་འགྲོ་བའི་བྱ་བ་མེད་པའི་ཕྱིར། ཞེས་པའི་དངོས་འབྲས་མ་དམིགས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གི་ཡོན་ཏན་ལྕིད་ལྷག་ཁེགས། དེ་ཁེགས་པའི་འབྲས་བུ་ཐུར་དུ་འགྲོ་བའི་བྱ་བ་དང་། དེ་གཉིས་ཀྱི་འཕྲོད་པ་འདུ་བའི་རྒྱུ་ཁེགས། འབྲེལ་ཡུལ་དེ་གསུམ་ཁེགས་པས། འབྲེལ་ཆོས་ཡན་ལག་ལས་རྫས་གཞན་ཡིན་པ་ཁེགས་ཏེ། དེས་ན་མེད་ན་མི་འབྱུང་བའི། །ཁྱད་པར་གཞན་ལ་གནོད་པ་ཡིན། །ཞེས་སོ། །གཉིས་པ་ནི། གཟུགས་སོགས་ལྷག་དང་ལྷག་ལྕིད་བཞིན། །ཞེས་སོགས་ཏེ། ཡན་ལག་ཅན་ལ་ཡན་ལག་ལ་མེད་པའི་ཡོན་ཏན་གཟུགས་དྲི་སོགས་ཡོད་ན་མངོན་སུམ་གྱིས་དམིགས་དགོས་པ་ལས། མངོན་སུམ་གྱིས་མ་དམིགས་པ་ན་མངོན་སུམ་གྱིས་གནོད་ཅེས་པའོ། །གསུམ་པ་ནི། ཡན་ལག་ཅན་ལ་ལྕིད་ཀྱི་ཡོན་ཏན་ལྷག་པོ་ཡོད་པས། དེའི་འབྲས་བུ་ཐུར་དུ་འགྲོ་བའི་བྱ་བ་དང་ལྡན་པ་ཡང་། ཁས་བླངས་ཤིང་འབྲས་བུ་ཐུར་དུ་འགྲོ་བའི་བྱ་བ་དང་ལྡན་ཀྱང་སྲང་ལས་མི་རྟོགས་པར་ཁས་བླངས་པས་ཁས་བླངས་འགལ་བ་ཡིན་ནོ། །བཞི་པ་ནི། ཡན་ལག་ཅན་ལ་རང་གི་ཡན་ལག་ལས། རྫས་གཞན་དུ་འབྱེད་པར་བྱེད་པའི་ཆོས་གསུམ་ཡོད་པར་དངོས་སུ་སྨྲས་ཤིང་ཡན་ལག་དང་ཡན་ལག་ཅན་དུ་སྨྲ་བའི་ཤུགས་ལ། རང་གི་ཡན་ལག་ལས་རྫས་གཞན་དུ་འབྱེད་པར་བྱེད་པའི་ཆོས་གསུམ་མེད་པར་དམ་བཅས་པས། རང་ཚིག་དངོས་ཤུགས་འགལ་བ་ཡིན་ནོ། །ལྔ་པ་ནི། ཡན་ལག་ཅན་ལ་རང་གི་ཡན་ལག་ལ་མེད་པའི་ཆོས་གསུམ་ཡོད་ཅེས་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་མེད་པས་གནོད་པའོ། །གཉིས་པ་ལ་ཡང་ལྔ་ལས། དང་པོ་རྗེས་དཔག་གིས་གནོད་ཚུལ་ནི། ཡན་ལག་ཆོས་ཅན་དུ་བཟུང་བའི་ཚེ། རྡུལ་ཕྲན་གསུམ་འདུས་པའི་གོང་བུ་ཡན་ལག་གསུམ་པའི་མིང་ཅན་དེ་ཡིན་ལ། དེའི་ཚེ་ཡན་ལག་ཅན་ནི་རང་གིས་བརྩམས་པའི་ཡན་ལག་ཅན་གྱི་རྡུལ་ཕྲན་གཉིས་འདུས་པའི་ཡན་ལག་ཅན་དང་པོ་དེ་ཉིད་ཡིན་ལ། ཡན་ལག་ཅན་ཆོས་ཅན་དུ་བཟུང་བའི་ཚེ་བར་སྔར་གྱི་ཡན་ལག་དེ་དང་ཁྱད་པར་མེད་དེ་དེ་ཡན་ལག་དང་ཡན་ལག་ཅན་གྱི་གཞི་མཐུན་ཡིན་པའི་ཕྱིར་རོ། །དེའི་ཚེ་ཡན་ལག་ལས་རྫས་གཞན་མ་ཡིན་ཞེས་པ་དང་། སྔར་ཡན་ལག་ཅན་ལས་རྫས་གཞན་མ་ཡིན་ཞེས་པ་གཉིས་ཀྱང་གནད་གཅིག་སྟེ། སྔར་གྱི་ཡན་ལག་ཅན་དང་པོ་དེ་ཡན་ལག་དང་ཡན་ལག་ཅན་གྱི་གཞི་མཐུན་ཡིན་པའི་ཕྱིར་རོ། །ཇི་ལྟར་གནོད་པའི་ཚུལ་ནི། མངོན་སུམ་གྱིས་མཐོང་རུང་གི་ཡན་ལག་ཅན་རྣམས་ཆོས་ཅན། ཡན་ལག་ཅན་ཕ་རོལ་པོ་དེ་ལས་རྫས་གཞན་དུ་མངོན་སུམ་གྱིས་དམིགས་པར་ཐལ། དེ་ལས་རྫས་གཞན་གང་ཞིག མངོན་སུམ་གྱིས་མཐོང་རུང་ཡིན་པའི་ཕྱིར། རྟགས་གཉིས་ཆར་ཁས་བླངས་ཤིང་འདོད་ན་མངོན་སུམ་གྱིས་བསལ། ཁྱབ་པ་ཚད་མས་གྲུབ་པས་དེ་ལྟ་བུའི་ཐལ་འགྱུར་གྱི་ལོག་རྟོག་གི་དབལ་བཅོམ་ནས་ཤེས་འདོད་ཞུགས་པ་ན་དེ་ཆོས་ཅན་དེ་ལས་རྫས་གཞན་དུ་མེད་དེ། དེ་ལས་རྫས་གཞན་དུ་མངོན་སུམ་གྱིས་སྣང་རུང་མ་དམིགས་པའི་ཕྱིར། ཞེས་རང་བཞིན་མ་དམིགས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་གི་རགས་པ་ཡན་ལག་ཅན་དེ་ཡན་ལག་ཅན་དང་པོ་ལས་རྫས་གཞན་ཡིན་པ་དངོས་སུ་ཁེགས་པའོ། །འདིར་ཆོས་གསུམ་ལྡན་ལ་གནོད་པ་སྟོན་པ་ནི་སྐབས་ཀྱི་དོན་མ་ཡིན་ཏེ་དམ་བཅའ་སྔ་མའི་སྐབས་སུ་ཆོས་གསུམ་ལྡན་ལ་དངོས་སུ་གནོད་པས་རྫས་གཞན་ཤུགས་ལ་ཁེགས་པ་ཡིན་ཞིང་། འདིར་ནི་རྫས་གཞན་ལ་དངོས་སུ་གནོད་པ་སྟོན་པའི་སྐབས་ཡིན་པས་ཤེས་འདོད་གཅིག་ལ་གནོད་པ་འདྲ་ཡང་དངོས་སུ་གནོད་ཡུལ་མི་འདྲ་བའི་ཕྱིར་རོ། །གཉིས་པ་མངོན་སུམ་གྱིས་གནོད་ཚུལ་ནི། དེ་ལས་རྫས་གཞན་དུ་མངོན་གསུམ་གྱིས་མ་དམིགས་པ་ལ་མངོན་སུམ་གྱིས་གནོད་པར་བཞག་པ་སྟེ། གཟུགས་སོགས་ལྷག་དང་ལྷག་ལྕིད་བཞིན། །ཞེས་པའི་སྐབས་སུ་ཡོན་ཏན་ལྷག་པོ་མངོན་སུམ་གྱིས་མ་དམིགས་པས་འདི་ཡང་མཚོན་པའོ། །གསུམ་པ་ཁས་བླངས་ཀྱིས་གནོད་ཚུལ་ནི། རགས་པ་ཡན་ལག་ཅན་དེ་མངོན་སུམ་གྱིས་མཐོང་རུང་དང་དེ་ཡན་ལག་ཅན་དང་པོ་ལས་རྫས་གཞན་དུ་ཡོད་ཀྱང་དེ་ལས་རྫས་གཞན་དུ་མངོན་སུམ་གྱིས་མ་མཐོང་བར་ཁས་བླངས་པས་འགལ་བའོ། །བཞི་པ་རང་ཚིག་གིས་གནོད་ཚུལ་ནི། དངོས་སུ་ཡན་ལག་དང་ཡན་ལག་ཅན་རྫས་གཞན་དུ་སྨྲ་ཞིང་། དུས་མཉམ་པའི་ཡན་ལག་དང་ཡན་ལག་ཅན་དུ་དམ་བཅས་པའི་ཤུགས་ལ་རྫས་གཞན་མ་ཡིན་པར་ཁས་བླངས་པས་རང་ཚིག་དངོས་ཤུགས་འགལ་བའོ། །ལྔ་པ་གྲགས་པས་གནོད་ཚུལ་ནི། ཡན་ལག་དང་ཡན་ལག་ཅན་རྫས་གཞན་ཡིན་ཞེས་པའི་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་མེད་པའོ། །གསུམ་པ་ཆོས་ཅན་གྱི་ངོ་བོ་ལ་གནོད་ཚུལ་ལ། འདིར་རྫས་ནི་ཡན་ལག་ཅན་གྱི་རྫས་ཁོ་ན་མ་ཡིན་ཏེ། ཡན་ལག་དང་ཡན་ལག་ཅན་གྱི་རྫས་གཉིས་ཀ་ཡང་། བྱེ་བྲག་པས་འབྱུང་བཞིའི་རྫས་སུ་འདོད་ལ། འདིར་རྫས་ནི་རྫས་དགུ་ཆར་ལ་འཇུག་པའི་ཕྱིར་རོ། །རྫས་དེའི་ངོ་བོའམ་དོན་ལྡོག་ནི། ཡོན་ཏན་དོན་གཞན་གྱི་རྟེན་བྱེད་པ་ཡིན་པ་ལ་དེ་ལ་ཇི་ལྟར་གནོད་པའི་ཚུལ་ནི། ཡོན་ཏན་རྫས་སུ་ཐལ་བ་དང་། རྫས་རྫས་མ་ཡིན་པར་ཐལ་བ་གཉིས་སུ་གསུངས་ཏེ། ཡོན་ཏན་དང་རྫས་གཉིས་འབྲེལ་མེད་རྫས་གཞན་ཡིན་པར་ཐལ། དེ་གཉིས་དུས་མཉམ་རྫས་གཞན་ཡིན་པའི་ཕྱིར། འདོད་ན། ཡོན་ཏན་ཆོས་ཅན། རྫས་སུ་ཐལ། རྫས་ལ་མ་བརྟེན་པར་རང་དགར་གནས་པ་ཡིན་པའི་ཕྱིར། རྫས་ཆོས་ཅན། རྫས་མ་ཡིན་པར་ཐལ། ཡོན་ཏན་དོན་གཞན་གྱི་རྟེན་མི་བྱེད་པའི་ཕྱིར། ཞེས་པའོ། །བཞི་པ་ཆོས་དང་ཆོས་ཅན་གཉིས་ཀའི་ངོ་བོ་དང་། ཁྱད་པར་ལ་གནོད་ཚུལ་ལ་ངོ་བོའི་སྐབས་སུ་ངག་དང་། བརྫུན་པ་དག་ཐམས་ཅད་དུ་སེལ་བ་དེ་ལྟ་ན་ཞེས་གནོད་ཡུལ་དངོས་སུ་སྨོས་པ་དང་། ཁྱད་པར་གྱི་སྐབས་སུ་ཅི་ཏེ་ངག་གི་བདག་ཉིད་ཀྱི་བརྫུན་པ་ཉིད་ཀྱིས་སེལ་བ་དེ་ལྟར་ན་ཞེས་གནོད་བྱེད་དངོས་སུ་སྨོས་པའི་དོན་ནི། ཡུལ་ལ་འཇུག་པའི་ངག་ཙམ་ནི་ཆོས་ཅན་གྱི་ངོ་བོ། བརྫུན་ཚིག་ཡིན་པ་ཆོས་ཀྱི་ངོ་བོ། ངག་སྨྲ་བ་ཆོས་ཅན་གྱི་ཁྱད་པར། སྤྱིར་བརྗོད་དོན་སྟོན་པ་ནི་ཆོས་ཀྱི་ཁྱད་པར་རོ། །དེ་ལ་གནོད་ཚུལ་ནི་རིམ་པ་ལྟར། ཡུལ་ལ་འཇུག་པའི་ངག་མི་སྲིད་པར་ཐལ། བདེན་ཚིག་མི་སྲིད་པའི་ཕྱིར་ཞེས་དང་། ངག་སྨྲ་བ་བརྫུན་ཚིག་ཡིན་པ་ཉིད་ཀྱང་མི་འཐད་པར་ཐལ། དེ་བརྗོད་པའི་ཚིག་ཀྱང་བརྫུན་པའི་དོན་ཅན་ཡིན་པའི་ཕྱིར་ཞེས་དང་། དེ་ལྟ་བུའི་ངག་དེ་ཆོས་ཅན། ངག་སྨྲ་བའི་རང་ཚིག་རྣམ་དག་མ་ཡིན་པར་ཐལ། བརྫུན་པའི་དོན་ཅན་ཡིན་པའི་ཕྱིར་ཞེས་དང་། ཡང་དེ་ཆོས་ཅན། བརྗོད་དོན་མི་སྟོན་པར་ཐལ། བརྫུན་པའི་དོན་ཅན་ཡིན་པའི་ཕྱིར་ཞེས་པའོ། །གཉིས་པ་རྟོགས་པར་བྱེད་པ་གཞན་དོན་རྗེས་དཔག་ལ་གསུམ་སྟེ། གཞན་དོན་རྗེས་དཔག་གི་མཚན་ཉིད། ངག་སྨྲ་བ་པོའི་གང་ཟག་གི་རྣམ་གཞག རྩོད་པའི་སྐབས་ཀྱི་ངག་གི་རབ་ཏུ་དབྱེ་བའོ། །དང་པོ་ནི། སྔར་རྒོལ་རང་གིས་མཐོང་བའི་རྟགས་ཀྱི་ཚུལ་གསུམ། སྐབས་སུ་བབ་པའི་ཕྱིར་རྒོལ་ལ་སྒྲ་སྐྱོན་དང་བྲལ་བར་སྟོན་པར་བྱེད་པའི་ངག་གོ །འདི་དང་བསྒྲུབ་ངག་ཡང་དག་གཉིས་མིང་གི་རྣམ་གྲངས་ཡིན་པས། མཚན་ཉིད་སྔ་མ་དེ་ཉིད་ཀྱིས་གཉིས་ཀ་མཚོན་ནུས་ཤིང་། དེ་ལ་རྗེས་དཔག་གི་མིང་གིས་འདོགས་པའི་རྒྱུ་མཚན་ནི། གཞན་ཕྱིར་རྒོལ་གྱི་རྒྱུད་ལ་རྗེས་དཔག་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་ན། འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པའོ། །གཉིས་པ་ལ་གསུམ་སྟེ། སོ་སོའི་མཚན་ཉིད། རྒྱལ་ཕམ་གྱི་རྣམ་གཞག དེ་ལ་དཔང་པོས་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། སྔར་རྒོལ་དང་། ཕྱིར་རྒོལ་དང་། དཔང་པོ་གསུམ་གྱི་མཚན་ཉིད་རིམ་པ་བཞིན། སྒྲུབ་བྱེད་བརྗོད་པར་ཁས་ལེན་པའི་དང་། སུན་འབྱིན་བརྗོད་པར་ཁས་ལེན་པའི་དང་། དེ་གཉིས་རྒྱལ་ཕམ་བརྗོད་པར་ཁས་ལེན་པའི་གང་ཟག་གོ །གཉིས་པ་ནི། རྒོལ་ཕྱིར་རྒོལ་གཉིས་པོ་གང་སྐྱོན་ཅན་བརྗོད་པ་དེ་ཚར་བཅད་པའི་གནས་དང་། སྐྱོན་མེད་བརྗོད་པ་དེ་རྗེས་སུ་གཟུང་བའི་གནས་ཡིན་ལ། དེ་ཡང་རྒོལ་བས་སྒྲུབ་བྱེད་ཡང་དག་པ་བཀོད་པ་ལ་ཕྱིར་རྒོལ་གྱིས་སྐྱོན་མ་བརྗོད་ན་ཕྱིར་རྒོལ་ཕམ་ལ། རྒོལ་བས་སྒྲུབ་བྱེད་ལྟར་སྣང་བཀོད་པ་ལ་ཕྱིར་རྒོལ་གྱིས་སྐྱོན་ཡང་དག་པར་བརྗོད་ན་རྒོལ་བ་ཕམ་ཞིང་། དེས་སྒྲུབ་བྱེད་ལྟར་སྣང་བཀོད་ཀྱང་ཕྱིར་རྒོལ་གྱིས་སྐྱོན་མི་བརྗོད་པའམ་སྐྱོན་ལྟར་སྣང་བརྗོད་ཀྱང་རྒོལ་བས་ཚར་བཅད་འབྱིན་མ་ཤེས་ན། དེ་གཉིས་ཀ་ལ་རྒྱལ་ཕམ་མེད་དེ། སྐྱོན་ཅན་ཡིན་ཡང་བསྒྲུབ་པ་དང་སུན་འབྱིན་ཤེས་པའི་ཕྱིར་དང་། རྒྱལ་ཕམ་གྱི་རྣམ་གཞག་རྒོལ་བ་གཉིས་ཀྱི་སྤོབས་པ་འཇོམས་ནུས་མི་ནུས་ལ་རག་ལས་པའི་ཕྱིར་རོ། །གསུམ་པ་ལ། སྤྱིར་ཚར་གཅད་པ་དང་། རྗེས་སུ་བཟུང་བའི་ཚུལ་དང་། བྱེ་བྲག་ཏུ་ཚར་བཅད་ཀྱི་གནས་གཏན་ལ་དབབ་པ་དང་གསུམ་ལས། དང་པོ་ནི། འཕྲོག་དང་སྦྱིན་པའི་འཇིག་རྟེན་པ། །ཚར་བཅད་པ་དང་རྗེས་འཛིན་འདོད། །གྲུབ་མཐའི་བླང་དོར་བྱེད་པ་ལ། །དམ་པའི་ཚར་བཅད་རྗེས་འཛིན་འདོད། །ཅེས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། འཐད་པ་བརྗོད་པ་དང་། འཁྲུལ་པ་དགག་པའོ། །དང་པོ་ནི། སྔར་རྒོལ་ཚར་གཅད་ཀྱི་གནས་ལ་བསྒྲུབ་པའི་ཡན་ལག་མི་བརྗོད་པ་དང་། ཡན་ལག་མ་ཡིན་པ་བརྗོད་པ་གཉིས་དང་། ཕྱིར་རྒོལ་ཚར་བཅད་ཀྱི་གནས་ལ་སྐྱོན་མི་བརྗོད་པ་དང་། སྐྱོན་མ་ཡིན་པ་བརྗོད་པ་གཉིས་ཏེ་བཞི་ཡོད་དེ། རྩོད་རིགས་ལས། བསྒྲུབ་པའི་ཡན་ལག་མི་བརྗོད་ཅིང་། །སྐྱོན་མིན་བརྗོད་པ་གཉིས་པོ་དང་། །ཚར་བཅད་པ་ཡི་གནས་ཡིན་གྱི། །གཞན་ནི་མི་རིགས་ཕྱིར་མི་འཐད། །ཅེས་གསུངས་པས་སོ། །གཉིས་པ་ལ་གཉིས་ཏེ། གངས་ཅན་པའི་ལུགས་དགག་པ་དང་། རྐང་མིག་གི་ལུགས་དགག་པའོ། །དང་པོ་ནི། རྒོལ་བ་ལ་ནི་གསུམ་གཉིས་དྲུག །ཕྱིར་རྒོལ་ལ་ཡང་གསུམ་གཉིས་དྲུག །དཔང་པོ་ལ་གསུམ་ཀུན་ལ་གཅིག །གངས་ཅན་པ་དག་བཅུ་དྲུག་འདོད། །ཚར་བཅད་ཡིན་ན་གཉིས་པོར་འདུས། །མིན་ན་ཚར་བཅད་ཉིད་མ་ཡིན། །དཔང་པོ་ལ་ནི་ཚར་བཅད་མེད། །ཅི་ནས་བྱེད་ན་ཧ་ཅང་ཐལ། །ཞེས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ནི། རྐང་མིག་པ་དག དམ་བཅའ་ལ་གནོད་དམ་བཅའ་གཞན། །ཞེས་སོགས་ཚར་བཅད་ཉི་ཤུ་རྩ་གཉིས་འདོད་པ་ནི་མི་འཐད་དེ། ཚར་བཅད་ཡིན་པ་རྣམས་ནི་སྔར་གྱི་བཞི་པོ་དེར་འདུས་ལ། དེ་ལས་གཞན་པ་རྣམས་ནི་ཚར་བཅད་ཀྱི་གནས་མ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། གང་ཟག་དང་། དགོས་པ་དང་། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། གང་ཟག་གསུམ་ལ་བརྗོད་ཚུལ་དྲུག །ཅེས་ཏེ། སྔར་རྒོལ་ལ་དོན་གྱི་དངོས་པོ་འཇོག་པ་དང་། སྐྱོན་སྤོང་གི་ངག་གཉིས། ཕྱིར་རྒོལ་ལ་འདོད་པའི་འདྲི་བ་དང་། སྐྱོན་བརྗོད་པའི་ངག་གཉིས། དཔང་པོ་ལ་རྗེས་སུ་བརྗོད་པ་དང་། རྣམ་པར་དབྱེ་བའི་ངག་གཉིས་ཏེ་དྲུག གཉིས་པ་ལ་གཉིས་ཏེ། རང་གི་འདོད་པ་བསྒྲུབ་པ་བསྒྲུབ་པའི་ངག་དང་། གཞན་གྱི་འདོད་པ་སུན་འབྱིན་པའི་ངག་གོ །དང་པོ་ལ་གཉིས་ཏེ། བསྒྲུབ་ངག་ཡང་དག་དང་། བསྒྲུབ་ངག་ལྟར་སྣང་ངོ་། །དང་པོ་ལ། མཚན་ཉིད། ངག་སྦྱོར་བའི་ཚུལ། ངག་གི་བྱེད་པ། དབྱེ་བ་དང་བཞི་ལས། དང་པོ་ནི། གཞན་དོན་རྗེས་དཔག་གི་མཚན་ཉིད་དེས་འདི་ཡང་མཚོན་ནུས་ཏེ་སྔར་བཤད་ཟིན་ཏོ། །གཉིས་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་སྔ་རབས་པའི་ལུགས་དགག་པ་དང་། གངས་ཅན་པའི་ལུགས་དགག་པ་གཉིས། དང་པོ་ནི། ངག་ཡན་ལག་ལྔ་ལྡན་དུ་སྦྱོར་ཏེ་འདི་ལྟར་སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་སྒྲ་མི་རྟག་གོ །ཞེས་སྦྱོར་རོ། །དེ་ཡང་སྒྲ་མི་རྟག་སྟེ། ཞེས་པས་དམ་བཅའ། བྱས་པའི་ཕྱིར་ཞེས་པའི་གཏན་ཚིགས། དཔེར་ན་བུམ་པ་བཞིན་ཞེས་པས་དཔེ། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས་ཞེས་པ་ཉེ་སྦྱོར། དེའི་ཕྱིར་སྒྲ་མི་རྟག་གོ་ཞེས་པས་མཇུག་སྡུད་བསྟན་པར་འདོད་དོ། །དེ་ནི་མི་འཐད་དེ། འདི་རྒྱས་པ་ཡིན་ལ། སྤྱི་ཁྱབ་བརྗོད་པ་མ་ཚང་ཞིང་དམ་བཅའ་དང་། ཉེ་སྦྱོར་དང་། མཇུག་སྡུད་གསུམ་ལྷག་པའི་ཕྱིར་རོ། །སྤྱི་ཁྱབ་བརྗོད་པ་མ་ཚང་བའི་དོན་ནི། འདི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཆོས་མཐུན་སྦྱོར་གྱི་བསྒྲུབ་ངག་ཡང་དག་ཡིན་པས་གང་བྱས་ན་མི་རྟག་པས་ཁྱབ། ཅེས་པ་ལྟ་བུ་དངོས་སུ་བརྗོད་དགོས་པ་ལས། དེ་མ་ཚང་པའི་དོན་ནོ། །གཉིས་པ་ནི། བོད་ཁ་ཅིག ཡན་ལག་གཉིས་ལྡན་པའི་ལ་ལའང་དུ་བ་ཡོད་པས་ཞེས་དང་། སྒྲ་ཡང་བྱས་པས་ཞེས་པ་ལྟ་བུ་རྣམ་དབྱེ་གསུམ་པ་སྦྱོར་བ་དང་། འགའ་ཞིག་ལ་ལའང་དུ་བ་ཡོད་པའི་ཕྱིར་ཞེས་དང་། སྒྲ་ཡང་བྱས་པའི་ཕྱིར་ཞེས་པ་ལྟ་བུ་རྣམ་དབྱེ་ལྔ་པ་སྦྱོར་བ་ནི་མི་འཐད་དེ། དེ་ལྟ་བུའི་ངག་འཕྲོ་ཅན་དེས་དམ་བཅའ་འདྲེན་པས་དུ་བ་ཡོད་པས་མེ་ཡོད་ཅེས་དང་། བྱས་པའི་ཕྱིར། མི་རྟག་ཅེས་དམ་བཅའ་བརྗོད་དགོས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེའི་དམ་བཅའ་བརྗོད་མི་དགོས་ཏེ། དེ་དོན་གྱིས་གོ་བའི་ཕྱིར་རོ་སྙམ་ན། དོན་གྱིས་གོ་ཡང་ཚིག་དེའི་ནུས་པ་མ་རྫོགས་པས་དུ་བ་ཡོད་པས་ཅི། བྱས་པའི་ཕྱིར་ཅི་ཡིན་ཞེས་སླར་འདྲི་དགོས་ལ་རྒོལ་བའི་ངག་མ་རྫོགས་པ་ལ་ཕྱིར་རྒོལ་གྱི་ངག་ཞུགས་ན། སྨྲ་བ་པོའི་སྐྱོན་དུ་རྩོད་རིགས་ལས་གསུངས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། རྒོལ་བ་བླུན་པོ་ལ་སྦྱོར་བའི་ཚུལ་དང་། མཁས་པ་ལ་སྦྱོར་བའི་ཚུལ་གཉིས་ལས། དང་པོ་ནི། དཔེའི་སྟེང་དུ་ཁྱབ་པ་དྲན་ཡང་སྤྱི་ཁྱབ་དྲན་པར་མ་ནུས་པའི་རྒོལ་བ་བླུན་པོ་ལ་ནི་ཚིག་ཉུང་ཞིང་དོན་རྒྱས་པའི་བསྒྲུབ་ངག་ཡན་ལག་གཉིས་ལྡན་པ་སྦྱོར་དགོས་ཏེ། དེས་ཚུལ་གསུམ་ཆར་ལ་དྲན་པ་སྐྱེད་དགོས་པའི་ཕྱིར་རོ། །དེས་ན་སྐབས་འདི་བླུན་པོ་ནི་བུམ་པའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཚད་མའི་སྟོབས་ཀྱིས་ངེས་ཀྱང་གང་བྱས་ན་མི་རྟག་པས་ཁྱབ་པ་དྲན་མི་ནུས་པ་ལ་བྱ་བ་ཡིན་གྱི། དཔེའི་སྟེང་དུ་ཁྱབ་འབྲེལ་མི་ཤེས་པ་ནི་མ་ཡིན་ཏེ། དཔེའི་སྟེང་དུ་ཁྱབ་འབྲེལ་མི་ཤེས་ན། དཔེར་ན་བུམ་པ་བཞིན་ཞེས་བརྗོད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །གལ་ཏེ། དཔེའི་སྟེང་དུ་ཁྱབ་འབྲེལ་ཤེས་ཀྱང་བརྗེད་པ་ཡིན་ནོ་སྙམ་ན་དེ་ཡང་མ་ཡིན་ཏེ། བརྗེད་ན་དཔེར་མི་རུང་བའི་ཕྱིར་ཏེ། གལ་ཏེ་བརྗེད་ཕྱིར་སྐྱོན་མེད་ན། །དེ་ཉིད་ཕྱིར་ན་དཔེ་མ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་རྒོལ་བ་ལ་ངག་གཉིས་ལྡན་པ་དགོས་ཀྱང་ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གཉིས་ཀ་ནི་མི་དགོས་ཏེ། དེ་གཉིས་གང་རུང་ཅིག་དངོས་སུ་བརྗོད་པས་ཅིག་ཤོས་ལ་ཡང་དྲན་པ་སྐྱེ་བར་འགྱུར་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱིས་གོ་བས་ཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་གསུངས་པས་སོ། །དེ་ལ་ཡང་ཆོས་མཐུན་སྦྱོར་དང་། མི་མཐུན་སྦྱོར་གང་བཀོད་ཀྱང་ཁྱད་པར་མེད་ཅིང་། ཕྱོགས་ཆོས་སྔོན་འགྲོ་ཅན་དང་། ཁྱབ་པ་སྔོན་འགྲོ་ཅན་གང་བཀོད་ཀྱང་ཁྱད་པར་མེད་དེ། དེ་ཐམས་ཅད་ཀྱིས་ཀྱང་རྩོད་གཞིའི་སྟེང་དུ་ཚུལ་གསུམ་གཞི་མཐུན་དུ་དྲན་པའི་དྲན་ཤེས་བསྐྱེད་པར་ནུས་པའི་ཕྱིར་ཏེ། རིགས་གཏེར་རང་འགྲེལ་ལས། བསྒྲུབ་པའི་ངག་ནི་ཕ་རོལ་གྱིས་མ་རྟོགས་པ་རྟོགས་པར་བྱེད་པའམ། ཕྱོགས་ཆོས་དང་ཁྱབ་པ་རེས་འཇོག་ཏུ་རྟོགས་ཀྱང་གཞི་མཐུན་དུ་མ་དྲན་པ་དྲན་པར་བྱེད་པའི་ངག་ཡིན་ནོ་ཞེས་གསུངས་པས་སོ། །དེ་ལ་ཕྱོགས་ཆོས་དང་ཁྱབ་པ་རེས་འཇོག་ཏུ་རྟོགས་པ་ནི་སྒྲའི་སྟེང་དུ་བྱས་པ་ངེས་པ་དང་། བུམ་པའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ངེས་པ་ལྟ་བུ་ཡིན་ལ། གཞི་མཐུན་དུ་དྲན་པ་ནི། སྒྲ་ཉིད་ཀྱི་སྟེང་དུ་བྱས་པ་དང་བྱས་ན་མི་རྟག་པའི་ཁྱབ་པ་གཉིས་ཀ་དྲན་པའོ། །འོ་ན་སྔར་ཚུལ་གསུམ་ཅིག་ཅར་དུ་དྲན་པ་མི་སྲིད་པར་ཁས་བླངས་པ་དང་འགལ་ལོ་ཞེ་ན། ནང་དུ་བློ་གྲོས་རྩིང་པའི་རྣམ་འགྱུར་ཕྱི་རོལ་དུ་སྟོན་པ་ཁྱོད་རྣ་བ་བླགས་ཏེ་ཉོན་ཅིག སྒྲའི་སྟེང་དུ་ཚུལ་གསུམ་གཞི་མཐུན་དུ་དྲན་པ་དང་། ཅིག་ཅར་དུ་དྲན་པ་གཉིས་དོན་གཏན་མི་གཅིག་སྟེ། གཞི་མཐུན་དུ་དྲན་པ་ནི་སྒྲ་བྱས་པར་ཡང་དྲན་ཞིང་སྒྲའི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཡང་དྲན་པ་གཉིས་ཤེས་པ་གཞན་གྱིས་བར་མ་ཆོད་པར་རིགས་རྒྱུན་གཅིག་ལ་དྲན་པ་ཙམ་ཡིན་ལ། དེ་ཙམ་གྱིས་དེ་གཉིས་ཅིག་ཅར་དུ་དྲན་པར་མི་འགྲུབ་པའི་ཕྱིར་རོ། །འདི་ལ་དགོངས་ནས་རིགས་གཏེར་རང་འགྲེལ་ལས། རང་དོན་གྱི་སྐབས་སུ་རྟོག་གཉིས་ཅིག་ཅར་མི་འཇུག་པས་ཚུལ་གསུམ་ཅིག་ཅར་དུ་དྲན་པ་མི་སྲིད་པར་གསུངས་ཤིང་། གཞན་དོན་གྱི་སྐབས་སུ་ཚུལ་གསུམ་གཞི་མཐུན་དུ་དྲན་པར་གསུངས་སོ། །ཕྱོགས་ཆོས་སྔོན་འགྲོ་ཅན་དང་། ཁྱབ་པ་སྔོན་འགྲོ་ཅན་གཉིས་ཀ་ལ་ཡང་མཐའ་རྟེན་རྫོགས་པའི་ཚིག་ཏུ་སྦྱར་དགོས་ཏེ། དཔེར་ན་ཕྱོགས་ཆོས་སྔོན་འགྲོ་ཅན་ལ་ཚང་བང་བཞིན་ནོ། །བུམ་པ་བཞིན་ནོ་ཞེས་ཁྱབ་པ་ལ་མཐའ་རྟེན་སྦྱོར་བ་དང་། ཁྱབ་པ་སྔོན་འགྲོ་ཅན་ལ་ལ་ལའང་དུ་བ་ཡོད་དོ། །སྒྲ་ཡང་བྱས་སོ་ཞེས་ཕྱོགས་ཆོས་ལ་མཐའ་རྟེན་སྦྱོར་རོ། །གཉིས་པ་མཁས་པ་ལ་སྦྱོར་བའི་ཚུལ་ནི། དཔེའི་སྟེང་དུ་ཁྱབ་འབྲེལ་ཤེས་པའི་ཚེ། སྤྱི་ཁྱབ་དྲན་ནས་ཁར་འབྱིན་པའི་མཁས་པ་ལ་ནི། འོ་ན་སྒྲ་ཡང་བྱས་སོ་ཞེས་པ་ལྟ་བུ་ཕྱོགས་ཆོས་རྐྱང་པ་བརྗོད་པས་ཀྱང་འགྲུབ་བོ། །ཚོགས་སུ་ཁྱབ་པ་ངག་ཏུ་མི་བརྗོད་ན། མཁས་སུ་ཟིན་ཡང་སྐབས་དེར་བསྒྲུབ་པའི་ངག་རྫོགས་པར་སྦྱར་དགོས་ཏེ། མ་རྫོགས་ན་ཀླན་ཀར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ནི། རྣམ་ངེས་ལས། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ནི་ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་པ་ཡིན་གྱི་དོན་གྱི་ནི་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་བརྗོད་པ་མ་ཡིན་པས་སྨྲ་བ་པོ་ལ་ཀླན་ཀར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་དོན་དུ་སྣང་བར་མཛད་དོ། །དེ་བཞིན་དུ་ཕྱོགས་ཆོས་དྲན་ཞིང་། ཁར་འབྱིན་པའི་མཁས་པ་ལ་ཁྱབ་པ་རྐྱང་པ་བརྗོད་པའི་སྒྲུབ་ངག་ཀྱང་ཡོད་དེ། སྔ་མ་དང་མཚུངས་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤོང་བ་ནི། ཀུན་ལས་བཏུས་ལས། རང་གིས་ངེས་བཞིན་གཞན་དག་ལ། །ངེས་པ་སྐྱེད་པར་འདོད་པ་ཡིན། །ཕྱོགས་ཆོས་དང་ནི་འབྲེལ་པ་དང་། །བསྒྲུབ་བྱ་བརྗོད་བྱ་གཞན་རྣམས་སྤངས། །ཞེས་ཕྱོགས་ཆོས་དང་། འབྲེལ་པ་དང་། བསྒྲུབ་བྱ་གསུམ་པོ་ཟླས་ཕྱེ་ནས་གསུམ་ཀ་བརྗོད་པར་བཤད་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། ཕྱོགས་ཆོས་དང་འབྲེལ་པ་ཡིས་བསྒྲུབ་བྱ་བརྗོད་ཅེས་རྣམ་དབྱེ་གསུམ་པ་དེའི་སྐྱེས་བུའི་བསྡུ་བ་ཡིན་ཞིང་། དེའི་ཚེ་བསྒྲུབ་བྱ་བསྒྲུབ་བྱའི་ཆོས་ལ་འཇུག་པའི་ཕྱིར་རོ། །གསུམ་པ་ངག་གི་བྱེད་པ་ནི། ཕྱིར་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་བསྐྱེད་པའི་ཆེད་ཡིན་ནོ། །འོ་ན་ངག་དེ་རྗེས་དཔག་གི་དངོས་རྒྱུ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ངག་དེ་ལས་ཉན་ཤེས་མངོན་སུམ་སྐྱེ། དེ་ལས་དྲན་ཤེས་སྐྱེ། དེ་ལས་རྗེས་དཔག་སྐྱེ་བའི་ཕྱིར་རོ། །བསྒྲུབ་ངག་ཐོས་པའི་ཉན་ཤེས་ལས་དྲན་ཤེས་སྐྱེ་བའི་ཚུལ་ལ་ཡང་རིམ་པ་གསུམ་སྟེ། ཕྱོགས་ཆོས་སྔོན་འགྲོ་ཅན་ལ་དང་པོར་ཕྱོགས་ཆོས་དྲན་པའི་དྲན་ཤེས། དེ་ནས་སྤྱི་ཁྱབ་དྲན་པའི་དྲན་ཤེས། དེ་ནས་རྩོད་གཞིའི་སྟེང་དུ་ཁྱབ་པ་དྲན་པའི་དྲན་ཤེས་སྐྱེ་ལ། དེ་ཉིད་ཀྱི་རྩོད་གཞི་ལ་བསྒྲུབ་ཆོས་འཛིན་པའི་བློ་ནི་རྗེས་དཔག་ཉིད་དོ། །ཁྱབ་པ་སྔོན་འགྲོ་ཅན་ལ་དང་པོ་སྤྱི་ཁྱབ་དྲན་པའི་དྲན་ཤེས། དེ་ནས་ཕྱོགས་ཆོས་དྲན་པའི་དྲན་ཤེས། དེ་ནས་ཕྱི་མ་སྐྱེ་བའི་ཚུལ་ནི་སྔར་ལྟར་རོ། །བསྒྲུབ་ངག་ལ་བརྟེན་ནས་དཔེའི་སྟེང་དུ་ཁྱབ་འབྲེལ་གསར་དུ་དྲན་པ་ནི་མི་སྐྱེ་སྟེ། བསྒྲུབ་ངག་གི་སྔ་རོལ་དུ་དེ་དྲན་ཟིན་མ་བརྗེད་པ་དགོས་པའི་ཕྱིར་རོ། །ཕྱོགས་ཆོས་རྐྱང་པ་ཅན་དང་། ཁྱབ་པ་རྐྱང་པ་ཅན་གྱི་བསྒྲུབ་ངག་ལ་ཡང་སྔར་གྱི་དྲན་ཤེས་གསུམ་གྱི་དང་པོ་བསྒྲུབ་ངག་གི་གོང་དུ་སྐྱེས་ཟིན་ནས། ཕྱི་མ་སྐྱེ་བའི་ཚུལ་བསྒྲུབ་ངག་གཉིས་ལ་སོ་སོར་སྦྱར་བར་བྱའོ། །བཞི་པ་ནི། ཕྱིར་རྒོལ་དེ་ལ་བློའི་བྱེ་བྲག་གིས་གསུམ་དུ་འགྱུར་ཏེ། ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་དྲན་རུང་མེད་པ། གཉིས་ཀ་དྲན་ཟིན་པ། དྲན་རུང་ཡོད་ཀྱང་མ་དྲན་པའོ་དེ་ལ་སྔ་མ་གཉིས་ནི་བསྒྲུབ་ངག་འགོད་པའི་ཡུལ་མ་ཡིན་ཏེ། དང་པོ་ལ་བསྒྲུབ་ངག་འགོད་ཀྱང་རྗེས་དཔག་སྐྱེད་མི་ནུས། གཉིས་པ་ལ། རྗེས་དཔག་གི་དངོས་རྒྱུ་ཚང་བའི་བསྒྲུབ་ངག་འགོད་མི་དགོས་པའི་ཕྱིར་རོ། །གསུམ་པ་ལ། ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་དྲན་རུང་ཡོད་ཀྱང་མ་དྲན་པ་དང་། ཕྱོགས་ཆོས་དྲན་ལ་ཁྱབ་པ་མ་དྲན་པ་དང་། ཁྱབ་པ་དྲན་ལ་ཕྱོགས་ཆོས་མ་དྲན་པ་གསུམ་ལས། དང་པོ་ལ། ཆོས་མཐུན་སྦྱོར་དང་། ཆོས་མི་མཐུན་སྦྱོར་གྱི་བསྒྲུབ་ངག་ཡང་དག་གཉིས། གཉིས་པ་ལ། ཕྱོགས་ཆོས་ཁར་འབྱིན་ན། འོ་ན་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་ཞེས་རྗེས་ཁྱབ་རྐྱང་པ་བརྗོད་པ་དང་། ཡང་འོ་ན་གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། ཞེས་ལྡོག་ཁྱབ་རྐྱང་པ་བརྗོད་པ་དང་གཉིས། གསུམ་པ་ལ། ཁྱབ་པ་ཁར་འབྱིན་ན། འོ་ན་སྒྲ་ཡང་བྱས་སོ་ཞེས་ཕྱོགས་ཆོས་རྐྱང་པ་ཅན་གྱི་བསྒྲུབ་ངག་སྟེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པ་བསྒྲུབ་པ་ལྟ་བུའི་ཕྱིར་རྒོལ་ལ་ལྟོས་ནས་བསྒྲུབ་ངག་ཡང་དག་ལྔར་འགྱུར་བ་འདི་ནི་འཇམ་དབྱངས་བླ་མའི་བཞེད་པའོ། །གཉིས་པ་བསྒྲུབ་ངག་ལྟར་སྣང་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། བསྒྲུབ་ངག་ཏུ་བཀོད་པ་གང་ཞིག སྒྲུབ་བྱེད་སྐྱོན་ཅན་བརྗོད་པའོ། །གཉིས་པ་ལ། དོན་སྐྱོན་ཅན། བློ་སྐྱོན་ཅན། སྒྲ་སྐྱོན་ཅན་གྱི་བསྒྲུབ་ངག་ལྟར་སྣང་གསུམ་ལས། དང་པོ་ནི། ཚུལ་གསུམ་མ་ཚང་བའི་གཏན་ཚིགས་བརྗོད་པ་སྟེ། སྒྲ་མིག་ཤེས་ཀྱིས་གཟུང་བྱ་ཡིན་ནོ། །ཞེས་པ་ལྟ་བུ་མ་གྲུབ་པ་བརྗོད་པ་དང་། གཞལ་བྱ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་བོ་ཞེས་པ་ལྟ་བུ་མ་ངེས་པ་བརྗོད་པ་དང་། བྱས་ན་རྟག་པས་ཁྱབ་བོ་ཞེས་པ་ལྟ་བུ་འགལ་བ་བརྗོད་པ་དང་གསུམ་མོ། །གཉིས་པ་ནི། ཚུལ་གསུམ་ཚང་ཡང་སྔར་རྒོལ་རང་ཉིད་ཀྱིས་མ་གྲུབ་པ་བརྗོད་པ་སྟེ། ཚུལ་གསུམ་ཆར་མ་གྲུབ་པ་བརྗོད་པ། ཁྱབ་པ་མ་གྲུབ་པ་བརྗོད་པ། ཕྱོགས་ཆོས་མ་གྲུབ་པ་བརྗོད་པ་དང་གསུམ་མོ། །གསུམ་པ་ནི། ཚུལ་གསུམ་ཚང་ཞིང་སྔར་རྒོལ་གྱིས་གྲུབ་ཀྱང་བརྗོད་ཚུལ་ལ་སྐྱོན་ཆགས་པ་སྟེ། ངག་ཡན་ལག་ལྔ་ལྡན་ལྟ་བུ་ལྷག་ཆད་གཉིས་ཀའི་སྐྱོན་དང་བཅས་པ་དང་། ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་དངོས་སུ་བརྗོད་དགོས་པའི་རྒོལ་བའི་ངོར། གང་རུང་ཅིག་བརྗོད་པ་ལྟ་བུ་དང་ཆད་པའི་སྐྱོན་ཆགས་པ་དང་། ཡན་ལག་གཉིས་ལྡན་བརྗོད་ཀྱང་ཚིག་མཐར་རྣམ་དབྱེ་གསུམ་པ་དང་ལྔ་པ་སྦྱར་བ་ལྟ་བུ་བརྗོད་ཚུལ་ལ་སྐྱོན་ཆགས་པ་དང་གསུམ་མོ། །གཉིས་པ་སུན་འབྱིན་གྱི་ངག་ལ། སུན་འབྱིན་ཡང་དག་དང་། སུན་འབྱིན་ལྟར་སྣང་གཉིས་སོ། །དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ལ། སྐྱོན་ལ་སྐྱོན་དུ་བརྗོད་པས་སྐྱོན་ཅན་གོ་བར་བྱེད་པའི་ངག་གོ །གཉིས་པ་ལ་དབྱེ་སྒོ་གསུམ་ལས། ཡུལ་གྱི་སྒོ་ནས་དབྱེ་ན་རྟགས་ཀྱི་སྐྱོན་ལ། མཚན་ཉིད་ཀྱི་སྐྱོན་ལ། དམ་བཅའི་སྐྱོན་ལ་སྐྱོན་དུ་བརྗོད་པའི་སུན་འབྱིན་ཡང་དག་དང་གསུམ་མོ། །ངོ་བོའི་སྒོ་ནས་དབྱེ་ན། དོན་སྐྱོན་ལ། བློ་སྐྱོན་ལ། སྒྲ་སྐྱོན་ལ་སྐྱོན་དུ་བརྗོད་པའི་སུན་འབྱིན་ཡང་དག་དང་གསུམ་མོ། །བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། རྣལ་མ་དང་། ཐལ་འགྱུར་གཉིས་སོ། །གཉིས་པ་སུན་འབྱིན་ལྟར་སྣང་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། སུན་འབྱིན་དུ་བཀོད་པ་གང་ཞིག སྐྱོན་ལ་སྐྱོན་དུ་མ་བརྗོད་པས་སྐྱོན་ཅན་གོ་བར་བྱེད་མི་ནུས་པའི་ངག གཉིས་པ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཕྱི་རོལ་པས་ཚར་གཅད་ཉེར་གཉིས། ལྟག་ཆོད་ཉེར་བཞིར་འདོད་པ་ནི་སྔར་བཀག་ཟིན་ལ། གཙང་ནག་པས། རྟགས་ཀྱི་སྐྱོན། མཚན་ཉིད་ཀྱི་སྐྱོན། དམ་བཅའི་སྐྱོན་མ་ཡིན་པ་ལ་སྐྱོན་དུ་བརྗོད་པ་དང་། དོན་གྱི་སྐྱོན་དང་། བློའི་སྐྱོན་དང་། སྒྲའི་སྐྱོན་མ་ཡིན་པ་ལ་སྐྱོན་དུ་བརྗོད་པ་དང་དྲུག་གོ །ཞེས་ཟེར་བ་ནི་མི་འཐད་དེ། རྒོལ་པས་སྒྲུབ་བྱེད་ཡང་དག་བཀོད་པ་ལ། དེ་ལ་ཕྱོགས་སྣ་ཚོགས་ནས་སྨད་དམ། རང་ལ་བསྟོད་དམ། འབྲེལ་མེད་གཞན་འཆད་ན་ཡང་དེ་དག་ཏུ་མི་འདུ་བའི་ཕྱིར་རོ། །གཉིས་པ་ནི། རྩོད་རིགས་ལས་གསུངས་པ་ལྟར། རྩ་བའི་དབྱེ་བ། སྐྱོན་མི་བརྗོད་པ་དང་། སྐྱོན་མ་ཡིན་པ་བརྗོད་པ་གཉིས་ཡིན་ལ། ནང་གསེལ་གྱི་དབྱེ་བ་ནི་བསམ་གྱིས་མི་ཁྱབ་སྟེ། རྣམ་ངེས་ལས། ལོག་པའི་ལན་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། རང་རྒྱུད་ཀྱི་ངག་དང་། ཐལ་འགྱུར་གྱི་ངག་གོ །དང་པོ་ནི། བསྒྲུབ་ངག་དང་དོན་གཅིག་པས་གོང་དུ་བཤད་ཟིན་ཏོ། །གཉིས་པ་ལ་གཉིས་ཏེ། ཐལ་བའི་རྣམ་གཞག་དང་། ལན་འདེབས་པའི་ཚུལ་ལོ། །དང་པོ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ་ནི། རིགས་པའི་དབང་ཕྱུག་ཕྱྭ་བའི་བཞེད་པ་ལ་ཐལ་འགྱུར་དུ་བཀོད་ཚད་བཅུ་བཞིར་དབྱེ་བ་དང་། དེ་ལ་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་བ་དང་། ཡང་དག་ལ་སྒྲུབ་བྱེད་འཕེན་པ་དང་མི་འཕེན་པ་གཉིས་སུ་དབྱེ་བ་དང་གསུམ་ལས། དང་པོ་ནི། ཐལ་འགྱུར་བཞི་ལས་བཅུ་བཞི་ཞེས། །ཁ་བ་ཅན་པ་དེ་ལྟར་འདོད། །ཅེས་པ་ལྟར་རྩ་བའི་དབྱེ་བ་བཞི་ནི། རྟགས་ཁྱབ་གཉིས་ཀ་མ་གྲུབ་པ། རྟགས་འབའ་ཞིག་མ་གྲུབ་པ། ཁྱབ་པ་འབའ་ཞིག་མ་གྲུབ་པ། གཉིས་ཀ་གྲུབ་པ་སྟེ་བཞིའོ། །དང་པོ་ནི། དཔེར་ན་སངས་རྒྱས་པའི་ངོར་སྒྲ་ཆོས་ཅན། གཞལ་བྱ་མ་ཡིན་པར་ཐལ། རྟག་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། གཉིས་ཀ་ཚད་མས་ཀྱང་མ་གྲུབ། ཁས་ཀྱང་མི་ལེན་པའོ། །གཉིས་པ་ནི། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། སྒྲ་ཆོས་ཅན། རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །བཞི་པ་ལ། གཉིས་ཀ་ཚད་མ། གཉིས་ཀ་ཁས་བླངས། རྟགས་ཚད་མ་ཁྱབ་པ་ཁས་བླངས། རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ་པ་དང་བཞི་ལས། དང་པོ་ནི། སངས་རྒྱས་པའི་ངོར། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། འདི་ནི་འདོད་ལན་ཐེབས་པས་ལྟར་སྣང་ཡིན་ལ། སྒྲ་རྟག་པར་ཁས་ལེན་པ་ལ། ཐལ་འགྱུར་ཏེ་རྟགས་ཁྱབ་གཉིས་ཀ་ཚད་མ། དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་འབབ་པའི་ཐལ་འགྱུར་ཡང་དག་སྟེ་གཉིས་སོ། །གཉིས་པ་ནི། སྒྲ་མིག་ཤེས་ཀྱི་གཟུང་བྱ་དང་དེ་ལ་རྟག་པས་ཁྱབ་པར་འདོད་པ་ལ། སྒྲ་ཆོས་ཅན། རྟག་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། སྒྲ་མི་རྟག་པར་ཚད་མས་ངེས་པ་ལ་འཕངས་ན་དམ་བཅའ་ལ་ཚད་མས་བསལ་བཞུགས་པ་དང་། ཚད་མས་མ་ངེས་པར་ཁས་བླངས་པ་ཙམ་ལ་འཕངས་ནས། ཁས་བླངས་ཀྱི་བསལ་བ་དང་། གཉིས་ཀ་མེད་ན་བསལ་བ་ཡེ་མེད་དེ་གསུམ་མོ། །གསུམ་པ་ནི། བྱས་ན་རྟག་པས་ཁྱབ་པ་སྨྲ་བ་ལ། སྒྲ་ཆོས་ཅན། རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་སྟེ། འདི་ལ་ཡང་དམ་བཅའ་ལ་བསལ་བ་ཡོད་མེད་ཀྱི་སྒོ་ནས་གསུམ་དུ་འགྱུར་རོ། །བཞི་པ་ནི། སྒྲ་རྟག་པར་སྨྲ་བ་ལ། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པ་སྟེ། འདི་ལ་ཡང་བསལ་བ་ཡོད་མེད་ཀྱི་བྱེ་བྲག་གིས་སྔར་ལྟར་གསུམ་དུ་འགྱུར་རོ། །གཉིས་པ་ནི། བཟློག་པར་ནུས་དང་མི་ནུས་ལས། །ཡང་དག་ལྟར་སྣང་བདུན་བདུན་ཡིན། །ཞེས་པ་ལྟར། ཐལ་བ་བཅུ་བཞི་པོ་ལ་རྟགས་དང་ཁྱབ་པ་གཉིས་ཀ་མ་གྲུབ་པ་ནི། གཉིས་ཀ་མ་གྲུབ་པས་ལན་ཐེབས་ལ། རྟགས་འབའ་ཞིག་མ་གྲུབ་པ་ནི། རྟགས་མ་གྲུབ་པ་དང་། ཁྱབ་པ་འབའ་ཞིག་ལ་མ་གྲུབ་པ་ནི། ཁྱབ་པ་མ་གྲུབ་པས་ལན་ཐེབས་སོ། །གཉིས་ཀ་ཚད་མ་དམ་བཅའ་ལ་བསལ་བ་ཡེ་མེད་དང་། གཉིས་ཀ་ཁས་བླངས་དམ་བཅའ་ལ་བསལ་བ་ཡེ་མེད་དང་། རྟགས་ཚད་མ། ཁྱབ་པ་ཁས་བླངས། དམ་བཅའ་ལ་བསལ་བ་ཡེ་མེད་དང་། རྟགས་ཁས་བླངས། ཁྱབ་པ་ཚད་མ། དམ་བཅའ་ལ་བསལ་བ་ཡེ་མེད་དེ་བཞི་པོ་འདོད་པས་ལན་ཐེབས་པས་བདུན་པོ་ལྟར་སྣང་ངོ་། །གཉིས་ཀ་ཚད་མ་ལ་དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་དང་། གཉིས་ཀ་ཁས་བླངས་ལ་འདོད་པ་ལ་ཚད་མ་དང་། ཁས་བླངས་ཀྱི་བསལ་བ་གཉིས་དང་། རྟགས་ཚད་མ། ཁྱབ་པ་ཁས་བླངས་འདོད་པ་ལ་ཚད་མ་དང་། ཁས་བླངས་ཀྱི་བསལ་བ་གཉིས་དང་། རྟགས་ཁས་བླངས། ཁྱབ་པ་ཚད་མ་འདོད་པ་ལ། ཚད་མ་དང་ཁས་བླངས་ཀྱི་བསལ་བ་གཉིས་ཏེ་བདུན་ནི་ལན་གྱིས་བཟློག་པར་མི་ནུས་པས་ཡང་དག་གོ །གསུམ་པ་ནི། དྲུག་དང་ཕྱེད་ཀྱིས་མི་འཕེན་ལ། །བདུན་པའི་ཕྱེད་ཀྱིས་འཕེན་ཞེས་ཟེར། །ཞེས་པ་ལྟར། རྟགས་ཁྱབ་གཉིས་ཀ་ཚད་མ། དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་ཞུགས་པའི་ཐལ་འགྱུར་དང་། ཁྱབ་པ་ཚད་མ། རྟགས་ཁས་བླངས་ལ། དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་ཞུགས་པའི་ཐལ་འགྱུར་གཉིས་ཀྱིས་ནི་སྒྲུབ་བྱེད་ཡང་དག་མི་འཕེན་ཏེ། རང་རྒྱུད་དུ་བྱས་པའི་ཚེ་ཕྱོགས་ཆོས་མི་གྲུབ་པའི་ཕྱིར་རོ། །རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་པའི་ཐལ་འགྱུར་ཡང་དག་གཉིས། རྟགས་ཚད་མ་ལ་ཁྱབ་པ་ཁས་བླངས་ཀྱིས་གྲུབ་པའི་ཐལ་འགྱུར་ཡང་དག་གཉིས་ཏེ། བཞི་ནི། སྒྲུབ་བྱེད་ཡང་དག་མི་འཕེན་ཏེ། རང་རྒྱུད་དུ་བྱས་པའི་ཚེ། སྔ་མ་གཉིས་ཀྱི་ཁྱབ་པ་མ་ངེས་ཤིང་། ཕྱི་མ་གཉིས་ཀྱི་ཁྱབ་པ་འགལ་བའི་ཕྱིར། དེས་ན་བདུན་པ་ལ། སྒྲ་རྟག་པར་ཁས་བླངས་པ་ལྟ་བུ། ཆོས་ཅན་ཚད་མས་གྲུབ་པའི་ཐལ་འགྱུར་གྱིས་ནི་སྒྲུབ་བྱེད་ཡང་དག་འཕེན་ལ། རྟག་པའི་སྒྲ་རྟག་པར་ཁས་བླངས་པ་ལྟ་བུ། ཆོས་ཅན་ཚད་མས་མ་གྲུབ་པའི་ཐལ་འགྱུར་གྱིས་ནི་སྒྲུབ་བྱེད་ཡང་དག་མི་འཕེན་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་དེ་དགག་པ་ལ། རྩ་བའི་དབྱེ་བ་བཞི་དགག་པ་དང་ཡན་ལག་གི་དབྱེ་བ་བཅུ་བཞི་དགག་པ་གཉིས་ལས། དང་པོ་ནི། རང་རྒྱུད་ལ་ཡང་མཚུངས་ཕྱིར་དང་། །རྟགས་མེད་ཁྱབ་པ་འགལ་ཕྱིར་དང་། །ལྟག་ཆོད་ངེས་པ་མི་རུང་ཕྱིར། །ཐལ་འགྱུར་བཞིར་དབྱེར་མི་འཐད་དོ། །ཞེས་གསུངས་ཏེ། རང་རྒྱུད་ཀྱི་གཏན་ཚིགས་དེ་ལ་རྩ་བའི་དབྱེ་བ་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་སོགས་བཞིར་དབྱེ་བ་འཐད་པར་ཐལ། ཐལ་འགྱུར་ལ་དེ་ལྟར་དུ་འཐད་པའི་ཕྱིར། གལ་ཏེ། རང་རྒྱུད་ཀྱི་གཏན་ཚིགས་ལ་རྩ་བའི་དབྱེ་བ་ཡང་དག་དང་། ལྟར་སྣང་གཉིས་སུ་དབྱེ་བས་བཞིར་མི་འཐད་དོ་ཞེ་ན། ཐལ་འགྱུར་ལ་ཡང་རྩ་བའི་དབྱེ་བ་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་བས་བཞིར་དབྱེ་བ་མི་འཐད་པར་མཚུངས་སོ། །ཡང་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་དེ་ཐལ་འགྱུར་གྱི་རྩ་བའི་དབྱེ་བ་བཞིའི་ནང་ཚན་དུ་འཇོག་པ་མི་འཐད་དེ། རྟགས་མ་གྲུབ་ན། ཁྱབ་པ་གྲུབ་མ་གྲུབ་དཔྱོད་པ་བླུན་པོའི་རྣམ་ཐར་ཡིན་པའི་ཕྱིར། གལ་ཏེ་རྟགས་མ་གྲུབ་ཀྱང་། ཁྱབ་པ་གྲུབ་པ་སྲིད་པའི་ཕྱིར་རོ། །ཞེ་ན། མི་འཐད་དེ། ལྟག་ཆོད་ཀྱི་ངེས་པ་ལྟར་རྟགས་ཕྱེད་མ་གྲུབ་པ་དང་། ཁྱབ་པ་ཕྱེད་མ་གྲུབ་པ་སོགས་མཐའ་མེད་དུ་ཐལ་བའི་ཕྱིར་རོ། །གཉིས་པ་ནི། མ་གྲུབ་གཉིས་སུ་ཕྱེ་བ་ལྷག །འགལ་བའི་ཐལ་འགྱུར་ལྟར་སྣང་ཆད། །རྟགས་མེད་ཁྱབ་པ་གྲུབ་པ་འཁྲུལ། །དེས་ན་ཐལ་འགྱུར་བཅུ་བཞི་མིན། །ཞེས་གསུངས་ཏེ། རྟགས་མ་གྲུབ་པ་ལས་ལོགས་སུ། རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་ཞེས་གཉིས་སུ་འབྱེད་པ་མི་འཐད་པར་ཐལ། དེ་གཉིས་ཀ་ལ་ཡང་རྟགས་མ་གྲུབ་ཅེས་པའི་ལན་གཅིག་གིས་ཆོག་པའི་ཕྱིར་རོ། །ཁྱབ་པ་འགལ་བའི་སྒོ་ནས་ལན་ཐེབས་པའི་ཐལ་འགྱུར་ལྟར་སྣང་ཆད་དེ། སྒྲ་ཆོས་ཅན། རྟག་པར་ཐལ། བྱས་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཡང་དག་གཉིས་ནི་ལན་གྱིས་བཟློག་པར་མི་ནུས་ཤིང་། ལྟར་སྣང་དེ་ནི་འདོད་ལེན་ཐེབས་པའི་རྒྱུ་མཚན་གྱིས་ལྟར་སྣང་དུ་སོང་བའི་ཕྱིར་རོ། །གལ་ཏེ་རྟགས་མ་གྲུབ་ཀྱང་ཁྱབ་པ་གྲུབ་པ་སྲིད་དོ་ཞེས་ཟེར་ན། དེ་ལྟ་བུའི་ཐལ་འགྱུར་སྐྱོན་ཅན་གྱི་རྣམ་གཞག་བྱེད་པ་མི་འཐད་དེ། ཐལ་འགྱུར་ཡང་དག་དང་ལྟར་སྣང་གཉིས་ནི་ལན་གྱིས་བཟློག་པར་མི་ནུས་པ་དང་། ནུས་པའི་སྒོ་ནས་འཇོག་ལ། རྟགས་མ་གྲུབ་ཅེས་པའི་ལན་གྱིས་བཟློག་ཟིན་པའི་རྗེས་སུ་ཁྱབ་པ་གྲུབ་པ་སྲིད་ཅེས་ཟེར་བ་ནི་སྲོག་མེད་ཀྱང་དབང་པོ་གཞན་ཚང་བ་སྲིད་ཅེས་ཟེར་བ་ལྟར་སྣང་འཁྲུལ་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། ཐལ་འགྱུར་ཡང་དག་གི་མཚན་ཉིད། ཁས་བླངས་ཀྱི་རྟགས་ལས་མི་འདོད་པ་ཐལ་བ་འཕེན་པའི་སྒོ་ནས་ཕྱིར་རྒོལ་གྱི་གྲུབ་མཐའ་སྐྱོན་ཅན་སུན་འབྱིན་ནུས་ཀྱི་ཐལ་ངག་གོ །བོད་དག་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ལ་རྟགས་ཕ་རོལ་གྱིས་ཁས་བླངས་པ་མི་དགོས་ཞེས་སྨྲ་བ་ནི། རྒྱ་གར་གྱི་རྟོག་གེ་པའི་ལུགས་མ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང་། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག དེ་དག་གི་དཔེར་བརྗོད་བཤད་པའོ། །དང་པོའི་མཚན་ཉིད། དངོས་སུ་ཐལ་བ་འཕངས་པས་བཟློག་ན། ཚུལ་གསུམ་ཚང་བའི་གཏན་ཚིགས་འཕེན་པའི་ཐལ་ངག་གོ །འདི་ལ་ཆོས་གསུམ་ལྡན་ཞིག་དགོས་ཏེ། རྟགས་ཕྱིར་རྒོལ་གྱི་བདེན་ཞེན་གྱིས་ཁས་ལེན་པ། ལྡོག་ཁྱབ་ཚད་མས་གྲུབ་པ་གཞི་གྲུབ་ཅིང་། དམ་བཅའ་ལ་ཚད་མས་བསལ་བཞུགས་པའོ། །དེ་ཉིད་དངོས་སུ་རྟགས་ཚད་མས་མ་གྲུབ་པའི་ཕྱིར་བསྒྲུབ་པའི་ངག་མ་ཡིན་ཡང་བཟློག་ན་བསྒྲུབ་ངག་ཡང་དག་ཏུ་འགྱུར་ཏེ། ཚུལ་གསུམ་ཚང་བ་བརྗོད་པའི་ཕྱིར་རོ། །རང་རྒྱུད་ཇི་ལྟར་འཕེན་པའི་ཚུལ་ནི། རང་རྒྱུད་ཀྱི་ཁྱབ་པ་ནི་ཐལ་བའི་ཁྱབ་པ་བཟློག་པས་འཕེན་མོད། ཕྱོགས་ཆོས་ལ། ཁ་ཅིག་དུ་བ་མེད་པར་ཐལ། ཞེས་ཐལ་བའི་དམ་བཅའ་བརྗོད་པས་འཕེན་ཞེས་ཟེར་བ་ནི། མི་འཐད་དེ། བསྒྲུབ་པའི་ངག་ལྟར་འདིར་ཡང་དམ་བཅའ་བརྗོད་ན་ལྷག་པས་ཚར་བཅད་ཡིན་པའི་ཕྱིར་རོ། །ཁ་ཅིག་ཐལ་བའི་རྟགས་ཀྱིས་སྟོན་ཏེ། མེ་མེད་པའི་ཕྱིར། ཞེས་བརྗོད་པས་བསྒྲུབ་བྱ་དུ་མེད་ལ་དམིགས་པའི་བློ་འཕེན་ལ། དེ་ལ་ཡིད་གཏད་པས་བཟློག་པ་དུ་ཡོད་གོ་བར་བྱེད་དོ་ཞེས་ཟེར་བའང་མི་འཐད་དེ། དུ་མེད་ལ་ཡིད་གཏད་པས་དུ་ཡོད་གོ་ན་ཧ་ཅང་ཐལ་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། ཐལ་བའི་ངག་ལས་རང་རྒྱུད་ཀྱི་དོན་འཕེན་མོད། ངག་བཟློག་པ་ལྟར་མི་འཕེན་ཏེ། འདི་ལྟར་མེ་མེད་པའི་རྟགས་ཁས་བླངས་པར་མ་བརྗོད་ན་ཐལ་འགྱུར་གྱི་ཕྱོགས་ཆོས་མི་འགྲུབ་ལ་བརྗོད་ན་དེ་བཟློག་པའི་ཚེ་རང་རྒྱུད་ཀྱི་བསྒྲུབ་བྱ་བརྗོད་དགོས་པས་ངག་ལྷག་པར་འགྱུར་བའི་ཕྱིར། གཉིས་པ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། ཐལ་འགྱུར་ཡང་དག་གང་ཞིག ལྡོག་ན་དོན་གྱིས་ཚུལ་གསུམ་ཚང་བའི་གཏན་ཚིགས་མི་འཕེན་པའོ། །གསུམ་པ་དེ་དག་གི་དཔེར་བརྗོད་བཤད་པ་ལ། སྒྲུབ་བྱེད་མི་འཕེན་པའི་ཐལ་གྱུར་ཡང་དག་གི་དཔེར་བརྗོད་དང་། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་དཔེར་བརྗོད་གཉིས་ལས། དང་པོ་ནི། རང་བཞིན་འབྲས་བུ་མཚན་ཉིད་དེ། །མི་དམིགས་གསུམ་གྱིས་བསྒྲུབ་མི་འཕེན། །ཞེས་ཏེ། ལུགས་འདི་ལ་སྤྱིར་གཏན་ཚིགས་ཡང་དག་ལ་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་གཉིས། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་བཞི། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་བཅུ་གཉིས། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་གཏན་ཚིགས་གཉིས་ཏེ་ཉི་ཤུར་གྲངས་ངེས་ལ། ཐལ་འགྱུར་ལ་ཡང་དེ་དག་གི་མིང་ཅན་གྱི་ཐལ་འགྱུར་ཉི་ཤུར་གྲངས་ངེས་སོ། །དེ་ལ་བུམ་པ་མེད་པར་ཐལ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་རང་བཞིན་མ་དམིགས་པའི་ཐལ་འགྱུར་དང་། དུ་བའི་དངོས་རྒྱུ་མེད་པར་ཐལ། དུ་བ་མེད་པའི་ཕྱིར། ཞེས་དངོས་འབྲས་མ་དམིགས་པའི་ཐལ་འགྱུར་དང་། བ་ལང་མ་ཡིན་པར་ཐལ། ནོག་སོགས་འདུས་པ་མ་ཡིན་པའི་ཕྱིར། ཞེས་ཁྱབ་བྱེད་མ་དམིགས་པའི་ནང་ཚན་མཚན་ཉིད་མ་དམིགས་པ་གསུམ་གྱིས་སྒྲུབ་བྱེད་མི་འཕེན་ཏེ། བུམ་པ་ཡོད་པ་ལ་སོགས་པ་གསུམ་པོ་དེ་ཚད་མས་གྲུབ་ན། བུམ་པ་ཚད་མས་དམིགས་པ་ལ་སོགས་པ་དེ་དག་ཀྱང་གྲུབ་པས། རང་རྒྱུད་ལ་ཤེས་འདོད་མེད་ཅིང་། དེ་དག་ཚད་མས་མ་གྲུབ་ན་ཐལ་འགྱུར་གྱི་དམ་བཅའ་ལ་ཚད་མས་བསལ་བ་མ་ཞུགས་པས། རང་རྒྱུད་ཀྱི་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་རོ། །དེས་ན་ཐལ་འགྱུར་འདི་གསུམ་གྱི་ཆོས་ཅན་ལ་བུམ་པས་དག་པའི་ས་ཕྱོགས་དང་། དུ་བས་དབེན་པའི་རྩིག་སྐོར་དང་། རྟ་ལྟ་བུར་འཛིན་པར་བྱེད་པ་ནི་རིགས་གཏེར་གྱི་དགོངས་པ་མ་ཡིན་ཏེ། རིགས་གཏེར་རང་འགྲེལ་ལས། བུམ་པ་ལ་སོགས་པ་ཚད་མས་གྲུབ་ན་དམིགས་པར་ཡང་གྲུབ་པས་ཤེས་འདོད་མེད་ལ། མ་གྲུབ་ན། ཐལ་བའི་ངག་ལས་བསལ་བ་མེད་ཅིང་རང་རྒྱུད་ཀྱི་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་རོ། །ཞེས་དམ་བཅའ་ལ་ཚད་མས་གསལ་བཞུགས་དགོས་པར་གསུངས་པའི་ཕྱིར་དང་། གཞན་དུ་ན་གཏན་ཚིགས་ཡང་དག་ཉི་ཤུ་པོ་ཐམས་ཅད་ལ་དེ་ལྟ་བུའི་ཐལ་འགྱུར་རེ་རེ་རུང་བས་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཉི་ཤུར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེས་ན་རྟགས་ཕ་རོལ་པོས་ཁས་བླངས་པའི་དབང་དུ་བྱས་ནས་བུམ་པ་ཡོད་པའི་ས་ཕྱོགས་དང་། དུ་བ་ཡོད་པའི་ས་ཕྱོགས་དང་། བ་ལང་ཡིན་པའི་གཞི་གོང་བུ་རྭ་ཅན་ལྟ་བུ་ཆོས་ཅན་དུ་བཟུང་བར་ཤེས་པར་བྱའོ། །ལྷག་མ་ཡང་དག་གཏན་ཚིགས་ཀུན། །སྒྲུབ་བྱེད་འཕེན་པ་ཤེས་པར་བྱ། །ཞེས་ཏེ་ཁྱབ་བྱེད་མ་དམིགས་པའི་ནང་ཚན་མཚན་ཉིད་མ་དམིགས་པ་མ་གཏོགས་ཁྱབ་བྱེད་མ་དམིགས་པ་གཞན་རྣམས་དང་། སྔར་གྱི་གསུམ་པོ་དེའི་ལྷག་མར་གྱུར་པའི་ཡང་དག་གི་གཏན་ཚིགས་བཅུ་བདུན་གྱི་ཐལ་འགྱུར་ཡང་དག་བཅུ་བདུན་ཏེ་བཅོ་བརྒྱད་པོས་ནི་སྒྲུབ་བྱེད་འཕེན་པར་ཤེས་པར་བྱའོ། །རིགས་གཏེར་ལས། ཐལ་འགྱུར་གྱི་སྒྲུབ་བྱེད་འཕེན་པ་འཆད་པའི་སྐབས་སུ། ལྷག་མ་ཡང་དག་གཏན་ཚིགས་ཀུན། །སྒྲུབ་བྱེད་འཕེན་པ་ཤེས་པར་བྱ། །ཞེས་གསུངས་པའི་གནད་ཀྱང་། ཡང་དག་གི་གཏན་ཚིགས་ཉི་ཤུའི་མིང་ཅན་གྱི་ཐལ་འགྱུར་ཡང་དག་ཉི་ཤུ་ཡོད་པ་ལ། སྒྲུབ་བྱེད་འཕེན་མི་འཕེན་གཉིས་སུ་ཕྱེ་བ་ལ་དགོངས་པ་ཡིན་གྱི། དེང་སང་བོད་དག་གིས་གཏན་ཚིགས་ཡང་དག་ཐམས་ཅད་ལ་བསྒྲུབ་བྱའི་ཆོས་ལ་ཐལ་ཞེས་པའི་ཚིག་སྦྱར་བའི་ཚེ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་དང་། རྟགས་ལོག་ལ་ཐལ་དང་། ཆོས་ལོག་ལ་ཕྱིར་སྦྱར་བའི་ཚེ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་སོང་བས་རེ་རེ་ལ་ཡང་གཉིས་གཉིས་ཡོད་པར་འདོད་པའི་ལུགས་དེ་ལུགས་མཆོག་འདི་ལ་སྦྱར་དུ་མི་རུང་ངོ་། །དེས་ན་འདི་ལ་ལྡོག་པ་རང་རིག་འཕེན་པའི་ཐལ་འགྱུར་བཞི། གཞན་རིགས་འཕེན་པའི་ཐལ་འགྱུར་བཅུ་བཞི་འབྱུང་སྟེ། ཡང་དག་གི་གཏན་ཚིགས་ཉི་ཤུའི་མིང་ཅན་གྱི་ཐལ་འགྱུར་ཡང་དག་ཉི་ཤུ་ཡོད་པ་ལ། ཁྱབ་བྱེད་མ་དམིགས་པ་ལ་གཉིས་སུ་ཕྱེ་ནས། མཚན་ཉིད་མ་དམིགས་པ་ནི་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་གཅིག་གི་གྲངས་འཛིན། གཞན་རྣམས་ཀྱིས་ནི་སྒྲུབ་བྱེད་འཕེན་པའི་ཐལ་གྱུར་གཅིག་གི་གྲངས་འཛིན་པས་མི་འཕེན་པ་ལ་གསུམ་དང་། འཕེན་པ་ལ་བཅོ་བརྒྱད་འབྱུང་བའི་གནད་ཀྱང་འདི་ཉིད་ཡིན་པའི་ཕྱིར་དང་། རིགས་གཏེར་རང་འགྲེལ་ཧོར་པར་གྱི་རྩ་འགྲེལ་གཉིས་ཆར་ལས་འདི་ཁོ་ན་བཞིན་འབྱུང་བའི་ཕྱིར་རོ། །དེ་ལ་ལྡོག་པ་རང་རིག་འཕེན་པ་བཞི་ནི། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞི་ཆོས་ཅན། མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་རེག་ཡོད་པའི་ཕྱིར་ཞེས་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས་དེ་ཆོས་ཅན། གྲང་རེག་མེད་དེ། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར་ཞེས་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་དང་། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། བ་མོའི་རེག་པ་ཡོད་པའི་ཕྱིར། ཞེས་ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་དེ་ཉིད་ཀྱི་རང་རྒྱུད་འཕེན་པ་དང་། དུ་བ་དྲག་ཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། དུ་བ་དྲག་ཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར་ཞེས་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་དེ་ཉིད་ཀྱི་རང་རྒྱུད་འཕེན་པ་དང་། བུམ་པ་ཆོས་ཅན། འཇིག་ངེས་མ་ཡིན་པར་ཐལ། རང་གི་འཇིག་པ་རང་རྒྱུ་ལས་ཕྱིས་བྱུང་བའི་འཇིག་རྒྱུད་གཞན་ལ་ལྟོས་པའི་ཕྱིར་ཞེས་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་དེ་ཉིད་ཀྱི་རང་རྒྱུད་འཕེན་པའོ། །ལྡོག་པ་གཞན་རིག་འཕེན་པའི་ཐལ་འགྱུར་བཅུ་བཞི་ནི། རྒྱུ་མ་དམིགས་པ་དང་འབྲས་བུ་དམིགས་པ་ཕན་ཚུན་བཟློག་པ་གཉིས། ལྷན་ཅིག་མི་གནས་འགལ་གྱི་སྐོར་ནས་དགུ། ཕན་ཚུན་སྤངས་འགལ་གྱི་སྐོར་ལ་གཅིག རང་བཞིན་དང་ཁྱབ་བྱེད་མ་དམིགས་པ་ཕན་ཚུན་བཟློག་པ་གཉིས་རྣམས་སོ། །དང་པོ་གཉིས་ནི། མེ་མེད་མཚན་དུས་ཀྱི་རྒྱ་མཚོ་ན་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར་ཞེས་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་མ་དམིགས་པའི་རང་རྒྱུད་འཕེན་པ་དང་། དུ་ལྡན་གྱི་ལ་ལ་ཆོས་ཅན། དུ་བ་མེད་པར་ཐལ། མེ་མེད་པའི་ཕྱིར། ཞེས་རྒྱུ་མ་དམིགས་པའི་ཐལ་འགྱུར་གྱིས་འབྲས་བུའི་གཏན་ཚིགས་འཕེན་པའོ། །ལྷན་ཅིག་མི་གནས་འགལ་གྱི་སྐོར་དགུ་ལ། འགལ་བའི་རང་བཞིན་དམིགས་པའི་སྐོར་གསུམ་ནི། མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། བ་མོའི་རེག་པ་ཡོད་པའི་ཕྱིར། ཞེས་རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར། ཞེས་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གྲང་རེག་གི་དངོས་རྒྱུ་ཡོད་པའི་ཕྱིར། ཞེས་རང་བཞིན་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར་གྱིས་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པའོ། །འགལ་བའི་འབྲས་བུ་དམིགས་པའི་སྐོར་གསུམ་ནི། དུ་བ་དྲག་ཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། དུ་བ་དྲག་ཕྱུར་བ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། བ་མོའི་རེག་པ་ཡོད་པའི་ཕྱིར། ཞེས་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གྲང་རེག་གི་དངོས་རྒྱུ་ཡོད་པའི་ཕྱིར། ཞེས་རྒྱུ་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར་གྱིས། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གྲང་རེག་ཡོད་པའི་ཕྱིར་ཞེས་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན་པའོ། །འགལ་བའི་ཁྱབ་བྱ་དམིགས་པའི་སྐོར་གསུམ་ནི། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་རེག་ཡོད་པའི་ཕྱིར་ཞེས་ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་གྱུར་གྱིས་རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར། ཞེས་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་དང་། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གྲང་རེག་གི་དངོས་རྒྱུ་ཡོད་པའི་ཕྱིར། ཞེས་ཁྱབ་བྱེད་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར་གྱིས་འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་རྣམས་སོ། །ཕན་ཚུན་སྤངས་འགལ་གྱི་སྐོར་ནས་གཅིག་ནི། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་དངོས་ཡིན་པའི་ཕྱིར། ཞེས་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་ཁྱབ་བྱེད་འགལ་བ་དམིགས་པའི་རང་རྒྱུད་འཕེན་པའོ། །ཁྱབ་བྱེད་མ་དམིགས་པ་དང་། རང་བཞིན་ཕན་ཚུན་བཟློག་པ་གཉིས་ནི། ཤ་པ་དང་ལྡན་པའི་ཤར་གཞིར་ཆོས་ཅན། ཤ་པ་མེད་པར་ཐལ། ཤིང་མེད་པའི་ཕྱིར། ཞེས་ཁྱབ་བྱེད་མ་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་གྱི་གཏན་ཚིགས་འཕེན་པ་དང་། ཤིང་མེད་ཀྱི་བྲག་རྫོང་ན་ཆོས་ཅན། ཤིང་ཡོད་པར་ཐལ། ཤ་བ་ཡོད་པའི་ཕྱིར། ཞེས་རང་བཞིན་གྱི་ཐལ་འགྱུར་གྱིས་ཁྱབ་བྱེད་མ་དམིགས་པའི་རང་རྒྱུད་འཕེན་པའོ། །དཔེར་བརྗོད་འདི་དག་ཀྱང་ཐ་སྙད་བདེ་བའི་ཕྱིར་དུ་ཐལ་བའི་དམ་བཅའ་བཀོད་པ་ཡིན་གྱི། ཐལ་ངག་སྐྱོན་མེད་ནི་མ་ཡིན་ཏེ། ཐལ་བའི་དམ་བཅའ་དངོས་སུ་བརྗོད་པའི་ཕྱིར་རོ། །དཔེར་ན་རང་རྒྱུད་ཀྱི་རྟགས་ཀྱི་དཔེར་བརྗོད་ལ་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཟུང་བ་ལྟ་བུའོ། །འོ་ན་ཐལ་ངག་སྐྱོན་མེད་གང་ཞེ་ན། ཐོག་མར་སྤྱི་གཅིག་བསལ་བ་དུ་མ་དང་དོན་ལ་འབྲེལ་བའི་ཕྱིར་དུ་མར་ཐལ་ཞེས་དང་། ལ་ལ་མེ་མེད་པའི་ཕྱིར། དུ་བ་མེད་པར་ཐལ། ཞེས་ཐལ་འགྱུར་གྱི་དམ་བཅའ་བཀོད་ལ། ཅིའི་ཕྱིར་ཞེས་འདྲི་ན། ཐལ་ངག་འདི་ལྟར་འགོད་དེ། གང་བསལ་བ་དུ་མ་དང་འབྲེལ་བ་ཡིན་ན། དུ་མ་ཡིན་པས་ཁྱབ། དཔེར་ན་སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། སྤྱི་གཅིག་པོ་ཡང་བསལ་བ་དུ་མ་དང་དོན་ལ་འབྲེལ་ལོ་ཞེས་ཆོས་མཐུན་སྦྱོར་དང་། གང་དུ་མ་མི་སྲིད་པ་དེ་དུ་མ་དང་མ་འབྲེལ་བས་ཁྱབ། དཔེར་ན་རི་བོང་གི་རྭ་བཞིན་དུ་མ་དང་དོན་ལ་འབྲེལ་བར་ཁས་བླངས་པའི་སྤྱི་ཡང་དུ་མར་མི་སྲིད་དོ་ཞེས་མི་མཐུན་སྦྱོར་དང་། ཡང་གང་མེ་མེད་ན་དུ་བ་མེད་པས་ཁྱབ། དཔེར་ན་ཆུ་ཀླུང་བཞིན། ལ་ལའང་མེ་མེད་པར་ཁས་བླངས་སོ། །ཞེས་ཆོས་མཐུན་སྦྱོར་དང་། གང་དུ་བ་ཡོད་ན་མེད་ཡོད་པས་ཁྱབ། དཔེར་ན་ཚང་བང་བཞིན། མེ་མེད་དུ་ཁས་བླངས་པའི་ལ་ལའང་དུ་བ་ཡོད་དོ་ཞེས་ཆོས་མི་མཐུན་སྦྱོར་འགོད་དོ། །འོ་ན་འདི་ཆོས་མཐུན་སྦྱོར་དང་རང་རྒྱུད་ཀྱི་ངག་ཁྱད་མེད་དུ་འགྱུར་རོ་སྙམ་ན། ཁྱད་པར་ཤིན་ཏུ་ཆེ་སྟེ། འདིར་ནི་ཕ་རོལ་པོས་ཁས་བླངས་པའི་མེ་མེད་པའི་དུ་ལྡན་གྱི་ལ་ཆོས་ཅན་དུ་བཟུང་བ་ཡིན་ལ། རང་རྒྱུད་ཀྱི་སྐབས་སུ་ནི་ཕྱིར་རྒོལ་གྱི་མེ་ཡོད་མེད་གང་དུ་ཡང་མ་ངེས་པའི་དུ་ལྡན་གྱི་ལ་ཙམ་ཆོས་ཅན་དུ་བཟུང་བའི་ཕྱིར་རོ། །གསུམ་པ་རྩོད་པ་སྤོང་བ་ནི། གལ་ཏེ་གཞན་གྱིས་ཁས་བླངས་པ་ཙམ་རྟགས་སུ་རུང་ན་རང་རྒྱུད་ལ་ཡང་མཚུངས་ལ། མི་རུང་ན་ཐལ་འགྱུར་ལ་ཡང་མི་རུང་ངོ་ཞེ་ན། རང་རྒྱུད་ལ་གཞན་གྱིས་ཁས་བླངས་པ་ཙམ་རྟགས་སུ་མི་རུང་སྟེ། རང་རྒྱུད་ཀྱི་གཏན་ཚིགས་དེ་སྔར་རྒོལ་རང་ཉིད་ཀྱིས་མ་གྲུབ་ན། བསྒྲུབ་བྱ་བསྒྲུབ་མི་ནུས་པའི་ཕྱིར་རོ། །ཐལ་འགྱུར་ལ་གཞན་གྱིས་ཁས་བླངས་ཙམ་རྟགས་སུ་རུང་སྟེ། གཞི་གཅིག་གི་སྟེང་དུ་ཁྱབ་བྱེད་དེ་མེད་བཞིན་དུ་ཁྱབ་བྱ་དེ་ཡོད་པར་འདོད་པ་ལ་འགལ་བ་བརྗོད་པའི་སྒོ་ནས་ལོག་རྟོགས་བཟློག་པ་ཙམ་ཡིན་པའི་ཕྱིར་རོ། །དཔེར་ན་རིགས་པ་ཅན་པས་སྤྱི་དེ་ཆ་མེད་གཅིག་ཡིན་ཀྱང་། བསལ་བ་དུ་མ་དང་དོན་ལ་འབྲེལ་བ་དང་། ཡན་ལག་ཅན་དེ་ཆ་མེད་རྫས་གཞན་ཡིན་ཀྱང་། ཡན་ལག་དུ་མ་དང་དོན་ལ་འབྲེལ་བར་འདོད་པ་དང་། གྲངས་ཅན་པས། སྒྲ་བྱས་པ་ཡིན་ཀྱང་། རྟག་པར་འདོད་པ་དང་། འགའ་ཞིག་གིས་གཞི་འགར་དུ་བ་ཡོད་ཀྱང་མེ་མེད་པར་འདོད་པ་རྣམས་ལ་འགལ་བ་བརྗོད་པའི་སྒོ་ནས་ལོག་རྟོག་བཟློག་པ་ལྟ་བུའོ། །གཉིས་པ་ལན་འདེབས་པའི་ཚུལ་ལ། དགག་བཞག་གཉིས་ལས་དང་པོ་ནི། ཁ་ཅིག་ཐལ་འགྱུར་གྱི་ལན་ལ། ཁྱབ་པ་མ་གྲུབ་པ་དང་། རྟགས་མ་གྲུབ་པ་དང་། འདོད་ཐོག་དང་གསུམ་དུ་ངེས་ཞེས་ཟེར་བ་མི་འཐད་དེ། འོ་ན་ཁྱབ་པ་འགལ་བ་དང་། མ་ངེས་པ་གཉིས་ཀ་ལ་ཁྱབ་པ་མ་གྲུབ་ཅེས་པའི་ལན་གཅིག་གིས་ཆོག་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཁྱབ་པ་མ་གྲུབ་པ་དང་། རྟགས་མ་གྲུབ་པ་གཉིས་ཀ་ལ། མ་གྲུབ་ཅེས་པའི་ལན་གཅིག་གིས་ཆོག་པར་ཐལ་ལོ། །གལ་ཏེ། དེ་གཉིས་མ་གྲུབ་པར་མཚུངས་ཀྱང་། ཁྱབ་པ་མ་གྲུབ་པ་དང་། རྟགས་མ་གྲུབ་པ་ཞེས་སོ་སོར་མ་ཕྱེ་ན་ངོས་མི་ཟིན་པས་རྩོད་པ་མི་བདེའོ། །ཞེ་ན། དེ་ནི་སྔ་མ་ལའང་མཚུངས་སོ། །ཡང་ཁྱབ་པ་འགལ་བ་ལ། ཁྱབ་པ་མ་གྲུབ་ཅེས་པའི་ལན་བཏབ་ན་འཁྲུལ་པར་འགྱུར་ཏེ། སྒྲ་ཆོས་ཅན། རྟག་པར་ཐལ། བྱས་པའི་ཕྱིར། ཞེས་པ་ལ། ཁྱབ་པ་མ་གྲུབ་ཅེས་པའི་ལན་བཏབ་ན་བྱས་པ་ལ་རྟག་པ་སྲིད་པར་ཤུགས་ལ་ཁས་ལེན་དགོས་པའི་ཕྱིར་ཏེ། ཤེས་བྱ་རྟགས་སུ་བཀོད་པ་བཞིན་ནོ། །གཉིས་པ་ནི། དེས་ན་མཁས་པས་ཐལ་འགྱུར་ལན། །རྣམ་པར་ཐར་པའི་སྒོ་བཞིས་གདབ། །ཅེས་ཏེ། ཐལ་འགྱུར་གྱི་ལན་ནི། འགལ་བ་དང་། མ་ངེས་པ་དང་། མ་གྲུབ་པ་དང་། འདོད་པ་གྲུབ་པ་སྟེ་སྒོ་བཞིའོ། །ལན་གྱིས་བཟློག་པར་མི་ནུས་ན། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། བདག་ལ་བསྟོད་ཅིང་། གཞན་ལ་སྨོད་པ་དང་། གླུ་གར་དང་། བཞད་གད་དག་གིས་རིགས་པ་བསུབ་པ་ནི་ཐབས་རྡུགས་པ་ཡིན་པས། བདེན་པའི་རྗེས་སུ་འབྲང་བ་དམ་པའི་རྣམ་ཐར་ཡིན་ཏེ། དེ་ལྟ་བུའི་བསྒྲུབ་པ་དང་སུན་འབྱིན་གྱིས་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་འཛིན་ནུས་པའི་ཕྱིར་རོ། །སྐྱེ་དང་སྐྱེ་བར་ལེགས་བཤད་གོམས་པ་དང་། །ཚེ་འདིར་མཁས་པ་དུ་མ་བསྟེན་པ་དང་། །རྣམ་དཔྱོད་བློ་གྲོས་མཚུངས་པ་མེད་པ་ཡིས། །ཤེས་བྱ་ཀུན་ལ་མི་འཇིགས་གནས་ཐོབ་པ། །སྲོལ་འབྱེད་འགྲན་མེད་དེ་ཡི་རྗེས་འབྲང་ནས། །སྡེ་བདུན་གནད་ཀྱི་དགོངས་པ་ཇི་བཞིན་དུ། །མ་ནོར་གསལ་བར་བྱེད་པའི་ལེགས་བཤད་འདི། །སངས་རྒྱས་ཀུན་དངོས་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་དགའི་མཚན་ཅན་བླ་མའི་བཞེད་དོན་རྣམས། །ལེགས་པར་སྐོང་ཞིང་བྱིན་རླབས་འཇུག་ཕྱིར་དང་། །རང་ཉིད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་དང་། །གཟུར་གནས་བློ་ལྡན་རྣམས་ལ་ཕན་ཕྱིར་སྦྱར། །དེ་ལས་བྱུང་བའི་དགེ་ཚོགས་འོད་ཟེར་གྱི། །དྲྭ་བ་སྟོང་ལྡན་བསྟན་པའི་མཁའ་ཁྱབ་ནས། །ལོག་སྨྲའི་མུན་པ་མཐའ་དག་རྒྱང་སྲིང་སྟེ། །མཁའ་མཉམ་འགྲོ་ལ་ལམ་བཟང་སྟོན་པར་ཤོག། ༈ །།སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པ་ཚད་མ་རིགས་པའི་གཏེར་གྱི་དོན་གསལ་བར་བྱེད་པ། ཟབ་དོན་གནད་ཀྱི་ཁ་འབྱེད་ཅེས་བྱ་བ་འདི་ནི་སྨྲ་བའི་དམ་པ་ཀུན་མཁྱེན་སངས་རྒྱས་འཕེལ་གྱི་གསུང་ལས་ལེགས་པར་སྦྱངས་ཤིང་། འཇམ་པའི་དབྱངས་ཀྱི་ངོ་བོ་དཔལ་ལྡན་ས་སྐྱ་པཎྜི་ཏའི་གསུང་རབ་ལ་ངེས་པ་གཏིང་ནས་རྙེད་པའི་སྟོབས་ཀྱིས། རིགས་གཞུང་གི་དགོངས་པ་འགྲེལ་པ་ལ། དེང་སང་འགྲན་ཟླ་དང་བྲལ་བ་རིགས་པར་སྨྲ་བ་བསོད་ནམས་སེངྒེས་སྐལ་བ་དང་ལྡན་པ་དུ་མས་ཡང་ཡང་བསྐུལ་བའི་ངོར། ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའི་ཡེ་གེ་པ་ནི་གཞོན་ནུ་བཟང་པོས་བགྱིས་པའོ།། །།སརྦ་མངྒ་ལཾ།། །། ༄༅། །རྒྱ་གར་སྐད་དུ། ཧེ་ཏུ་ཙཀྲ་ཧ་སརྦ། བོད་སྐད་དུ། རྟགས་ཀྱི་འཁོར་ལོ་གཏན་ལ་དབབ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཁྲུལ་པའི་དྲྭ་བ་འཇོམས་མཛད་པ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས། །རྟགས་ཀྱི་ཚུལ་གསུམ་འཁོར་ལོ་ཡིས། །གཏན་ལ་དབབ་པར་བཤད་པར་བྱ། །རྗེས་སུ་དཔག་པར་བྱ་བ་ལ། །ཡོད་དང་མེད་དང་གཉིས་ཀ་དང་། །ཡོད་པ་ལ་ནི་ཡང་དག་སྟེ། །མེད་པ་གཉིས་ཀ་མ་གྲུབ་ཡིན། །ཐེ་ཚོམ་གཉིས་ཏེ་མ་གྲུབ་བཞི། །མ་གྲུབ་སྦྱོར་བ་དེ་བཞིན་དུ། །མཐུན་པའི་ཕྱོགས་ལ་ཡོད་པ་དང་། །མེད་པ་དེ་བཞིན་གཉིས་ཀ་དང་། །མི་མཐུན་ཕྱོགས་ལའང་དེ་བཞིན་ནོ། །གསུམ་ལ་རྣམ་པ་གསུམ་གསུམ་སྟེ། །སྟེང་འོག་གཉིས་ལ་ཡང་དག་གནས། །ལོགས་ལ་འགལ་བ་རྣམ་གཉིས་ཏེ། །ཟུར་བཞི་དངོས་ཀྱི་མ་ངེས་པ། །དབུས་ན་ཐུན་མོང་མིན་པའོ། །གཞལ་བྱ་བྱས་དང་མི་རྟག་དང་། །བྱས་དང་མཉན་བྱ་རྩོལ་ལས་བྱུང་། །མི་རྟག་རྩོལ་བྱུང་རེག་བྱ་མིན། །དགུ་པོ་འདི་ནི་རྟགས་སོགས་ལའོ། །རྟག་དང་མི་རྟག་རྩོལ་བྱུང་དང་། །རྟག་དང་རྟག་དང་རྟག་པ་དང་། །རྩོལ་བྱུང་མིན་དང་མི་རྟག་རྟག །རྟག་པ་ལ་ནི་བསྒྲུབ་པ་འགོད། །སྟེང་འོག་མི་མཐུན་ལོགས་དང་སྦྱར། །ཡང་དག་གཏན་ཚིགས་གཉིས་ཡིན་ནོ། །ལོགས་དང་མི་མཐུན་སྟེང་འོག་སྦྱར། །འགལ་བའི་གཏན་ཚིགས་གཉིས་ཡིན་ནོ། །ཟུར་བཞི་ཐད་སོར་བསྣོལ་མ་སྦྱར། །ཐུན་མོང་མ་ངེས་རྣམ་པ་བཞི། །ལོགས་གཉིས་ཐད་ཀར་སྦྱར་བས་ནི། །ཐུན་མོང་མ་ཡིན་མ་ངེས་པའོ། །རྟགས་ཀྱི་འཁྲུལ་འཁོར་རྣམ་དགུ་ཡི། །དཔེ་ཡི་རྣམ་པ་འདི་ལྟར་ཏེ། །ནམ་མཁའ་བུམ་དང་བུམ་ནམ་མཁའ། །བུམ་པ་ཀློག་དང་ནམ་མཁའ་བཞིན། །ནམ་མཁའ་བུམ་དང་མཁའ་བུམ་དང་། །མཁའ་དང་བུམ་པ་ཀློག་བཞིན་དང་། །ཀློག་དང་ནམ་མཁའ་བུམ་པ་བཞིན། །བུམ་པ་གློག་དང་ནམ་མཁའ་བཞིན། །ནམ་མཁའ་རྡུལ་ཕྲན་ལས་བུམ་བཞིན། །དེ་ནི་ངེས་པའི་དབང་བྱས་ཡིན། །ཐེ་ཚོམ་ཟ་བའི་ལུགས་ལ་ནི། །ཡོད་དང་མེད་དང་ཡོད་མེད་དང་། །ཕྱོགས་གཅིག་མཐའ་དག་སྦྱར་བ་འོ། །རྟགས་ཀྱི་འཁོར་ལོ་གཏན་ལ་ཕབ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།གཉིས་པ་ལ་གསུམ་སྟེ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་། སྤྱིར་གཏན་ཚིགས་ཀྱི་རབ་ སྟེང་ལྟར་གསུམ།་་་་་༼སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་དང་། མི་མཐུན་ཕྱོགས་བུམ་པ་སྟེ་གཉིས་ཀ་ལ་ཁྱབ་བྱེད།༽ ༼སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། མཐུན་ཕྱོགས་བུམ་པ་ལ་ཡོད་ངེས་པའོ། །མི་མཐུན་ཕྱོགས་ནམ་མཁའ་ལ་མེད་ངེས་པའོ། །༽ ༼སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་སྟེ། མི་རྟག་ཡིན་པའི་ཕྱིར། མཐུན་ཕྱོགས་བུམ་པ་ལ་ཁྱབ་བྱེད། མི་མཐུན་ཕྱོགས་གློག་དང་ནམ་མཁའ་གཉིས་ལ་ཆ་གཉིས་པ།༽ བར་ལྟར་གསུམ།་་་་་༼སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་ལ་མེད་ངེས་པ། མི་མཐུན་ཕྱོགས་བུམ་པ་ལ་ཡོད་ངེས་པའོ། །༽ ༼སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ། མི་མཐུན་ཕྱོགས་བུམ་པ་གཉིས་ཀ་ལ་མེད་ངེས་པའོ། །༽ ༼སྒྲ་ཆོས་ཅན། རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་ལ་མེད་ངེས། མི་མཐུན་ཕྱོགས་བུམ་པ་དང་གློག་གཉིས་ལ་རིམ་བཞིན་ཆ་གཉིས་པའོ། །༽ འོག་ལྟར་གསུམ།་་་་་༼སྒྲ་ཆོས་ཅན། རྩོལ་བ་ལས་མ་བྱུང་སྟེ། འཇིག་པའི་ཕྱིར། མཐུན་ཕྱོགས་དང་གློག་དང་ནམ་མཁའ་གཉིས་ལ་ཆ་གཉིས། མི་མཐུན་ཕྱོགས་བུམ་པ་ལ་ཡོད་པར་ངེས་པའོ། །༽༼དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། མཐུན་ཕྱོགས་བུམ་པ་དང་གློག་གཉིས་ལ་ཆ་གཉིས། མི་མཐུན་ཕྱོགས་ནམ་མཁའ་ལ་མེད་པར་ངེས་པའོ། །༽༼སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་དང་། རྡུལ་ཕྲན་ལ་རིམ་བཞིན་ཆ་གཉིས་དང་། མི་མཐུན་ཕྱོགས་ལུས་དང་བུམ་པ་ལ་རིམ་བཞིན་ཆ་གཉིས།༽ དབྱེ། བྱེ་བྲག་ཕྱོགས་ཆོས་ཅན་གྱི་དབྱེ་བ་བཤད་པའོ། །དང་པོ་ནི། འཁྲུལ་པའི་དྲྭ་བ་འཇོམས་མཛད་པ། །ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ནི། རྗེས་སུ་དཔག་པར་བྱ་བ་ལ། །ཞེས་སོགས་ཚིག་རྐང་ལྔ་སྟེ། སྤྱིར་རྟགས་སུ་བཀོད་ཙམ་ལ་རྩོད་གཞི་ལ་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གསུམ་ལས། དང་པོ་ལ། ཕྱོགས་ཆོས་ཅན་དང་། ཕྱི་མ་གཉིས་ཐེ་ཚོམ་ཟ་བ་གཉིས་དང་བཅས་པ་ལ། མ་གྲུབ་པར་བཞག་ཅེས་པའོ། །གསུམ་པ་ལ་གཉིས་ཏེ། ངེས་པའི་དབང་དུ་བྱས་པ་དང་། ཐེ་ཚོམ་ཟ་བའི་དབང་དུ་བྱས་པའོ། །དང་པོ་ལ་གསུམ་སྟེ། དགུར་དབྱེ་བའི་ཚུལ་དང་། འཁོར་ལོ་བྲིས་ནས་རྟགས་རིགས་ངོས་གཟུང་བ། སྦྱོར་བའི་དོན་ངོས་གཟུང་བའོ། །དང་པོ་ནི། མ་གྲུབ་སྦྱོར་བ་དེ་བཞིན་དུ། །ཞེས་སོགས་ཚིག་རྐང་ལྔ་སྟེ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལ་མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། གཉིས་ཆར་དང་གསུམ་ལས། དེ་རེ་རེ་ལ་ཡང་མི་མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། གཉིས་ཀ་གསུམ་སྟེ་དབྱེ་བས་དགུར་འགྱུར་སྟེ། རྣམ་ངེས་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། །སྟེང་འོག་གཉིས་ལ་ཡང་དག་གནས། །ཞེས་སོགས་ཚིགས་བཅད་གཅིག་སྟེ། འཁོར་ལོ་ལིང་ཚེ་དགུར་བྲིས་ནས་སྟེང་ལྟར་གསུམ་ལ་མཐུན་ཕྱོགས་ལ་ཡོད་པ་གསུམ། བར་ལྟར་གསུམ་ལས་མཐུན་ཕྱོགས་ལ་མེད་པ་གསུམ། འོག་ལྟར་གསུམ་ལ་མཐུན་ཕྱོགས་ལ་རྣམ་གཉིས་པ་གསུམ་བྲིས་ནས་བལྟས་པའི་ཚེ། འདི་དག་གི་གཟུགས་བརྙན་རང་ཤུགས་ཀྱིས་འཆར་རོ། །གསུམ་པ་ལ་བཞི་སྟེ། གཏན་ཚིགས་དགུ་ངོས་བཟུང་བ་དང་། བསྒྲུབ་ཆོས་དགུ་ངོས་གཟུང་བ་མི་མཐུན་ཕྱོགས་དང་སྦྱོར་བའི་ཚུལ། མཐུན་ཕྱོགས་མི་མཐུན་ཕྱོགས་ངོས་གཟུང་བའོ། །དང་པོ་ནི། གཞལ་བྱ་བྱས་དང་མི་རྟག་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། དང་པོ་གསུམ་མཐུན་ཕྱོགས་ལ་ཡོད་པ་གསུམ། བར་པ་གསུམ་མཐུན་ཕྱོགས་ལ་མེད་པ་གསུམ། ཐ་མ་གསུམ་མཐུན་ཕྱོགས་ལ་རྣམ་གཉིས་པ་གསུམ་སྟེ། འོག་མ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ནི། རྟག་དང་མི་རྟག་རྩོལ་བྱུང་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཅན་གོ་སླ་བ་ལ་དགོངས་ནས་དངོས་སུ་མ་བཀོད་དོ། །གསུམ་པ་ནི། སྟེང་འོག་མི་མཐུན་ལོགས་དང་སྦྱར། །ཞེས་སོགས་ཚིགས་བཅད་གཉིས་སོ། །བཞི་པ་ནི། རྟགས་ཀྱི་འཁྲུལ་འཁོར་རྣམ་དགུ་ཡི། །ཞེས་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། འཁོར་ལོ་མཐོང་བས་ཤེས་པར་འགྱུར་རོ། །གཉིས་པ་ནི། ཐེ་ཚོམ་ཟ་བའི་ལུགས་ལ་ནི། །ཞེས་སོགས་ཚིག་རྐང་གསུམ་མོ། །གསུམ་པ་ལ་བཞི་སྟེ། རྟགས་དགུ་སྨོས་པའི་དགོས་པ། ལྟར་སྣང་གི་སྐབས་སུ་མ་གྲུབ་པ་མི་སྟོན་པའི་རྒྱུ་མཚན། ཡང་དག་གི་སྐབས་སུ་མ་དམིགས་པའི་གཏན་ཚིགས་མི་སྟོན་པའི་རྒྱུ་མཚན། ཕྱོགས་གཉིས་ཀ་ལ་རྣམ་གཉིས་པའི་མ་ངེས་པ་ལ་དོགས་པར་དཔྱད་པའོ། །དང་པོ་ནི། ཚད་མ་མདོར། གང་ཕྱིར་གཏན་ཚིགས་དག་དང་ནི། །དེར་སྣང་ཕལ་ཆེར་ཕྱོགས་ཆོས་ཉིད། །དེས་ན་གཏན་ཚིགས་སོགས་དོན་གྱི། །སྔོན་དུ་དེ་དབྱེ་བསྟན་པར་བྱ། །ཞེས་དང་། རྣམ་ངེས་ལས། བདེ་བླག་ཏུ་བཟུང་བའི་ཕྱིར་ཞེས་དང་། རྣམ་འགྲེལ་ལས། གཏན་ཚིགས་རབ་ཏུ་དབྱེ་བའི་དོན། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ནོ། །གཉིས་པ་ནི། གཏན་ཚིགས་ཀྱི་འཁོར་ལོའི་སྐབས་འདིར་མ་གྲུབ་པའི་གཏན་ཚིགས་མི་སྟོན་པའི་རྒྱུ་མཚན་ཡོད་དེ། འདི་དག་ནི་གཏན་ཚིགས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་ཡོད་མེད་ཀྱི་བྱེ་བྲག་ཞིབ་ཏུ་ཕྱེ་ནས་ཡང་དག་ཏུ་འགྱུར་བ་ལ་མཐུན་ཕྱོགས་ལ་ཡོད་པར་ངེས་ཤིང་། མི་མཐུན་ཕྱོགས་ལ་གཏན་མེད་པ་གཅིག་དགོས་སོ། །ཞེས་ཤེས་པའི་ཆེད་ཡིན་པ་གང་ཞིག མ་གྲུབ་པའི་གཏན་ཚིགས་ནི་ཕྱོགས་ཆོས་མ་གྲུབ་པ་དེ་ཉིད་ཀྱིས་སྐྱོན་ཅན་དུ་སོང་ཟིན་པས་མཐུན་ཕྱོགས་ལ་ཡོད་མེད་དཔྱོད་པ་དོན་མེད་པའི་ཕྱིར་རོ། །འདི་ལ་དགོངས་ནས་རིགས་གཏེར་ལས། རྟགས་མེད་ཁྱབ་པ་འགལ་ཕྱིར་དང་། །ཞེས་དང་། འགྲེལ་པར། རྟགས་མ་གྲུབ་ན་ཕྱོགས་ལ་མཐུ་མེད་པའི་ཕྱིར། ཁྱབ་པ་གྲུབ་མ་གྲུབ་དཔྱོད་པ་བླུན་པོའི་རྣམ་ཐར་ཡིན་ཏེ། ཞེས་གསུངས་པ་ཡང་གནད་ཀྱི་དོན་དུ་ཤེས་པར་བྱའོ། །གསུམ་པ་ནི། འདིར་ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པ་ནི། ཁྱབ་པ་བརྗོད་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཆེད་ཡིན་ལ། དགག་རྟགས་ཀྱི་ཁྱབ་པ་ནི། བསྒྲུབ་རྟགས་གཉིས་ཀྱི་ཁྱབ་པའི་ཁོངས་སུ་འདུས་པས་ལོགས་སུ་མི་སྟོན་ཏེ། རྒྱུ། ཁྱབ་བྱེད། མ་དམིགས་པའི་གཏན་ཚིགས་ཀྱི་ལྡོག་ཁྱབ་ནི་འབྲས་རང་གི་རྟགས་ཀྱི་རྗེས་འགྲོ་དེ་ཉིད་ཡིན་ཅིང་། རང་བཞིན་མ་དམིགས་པའི་གཏན་ཚིགས་ནི། བཀོད་ཚོད་ལ་དེ་ལྟར་བཀོད་ཀྱང་སོང་ཚོད་ལ་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་དུ་བསྒྲུབ་པའི་གཏན་ཚིགས་ཡིན་པས་རང་བཞིན་གྱི་རྟགས་ཀྱི་ཁོངས་སུ་འདུས་པའི་ཕྱིར་དང་། དགག་རྟགས་གཞན་ཐམས་ཅད་ནི་སྦྱོར་བ་འགོད་ཚུལ་ཐ་དད་ཀྱང་། རང་བཞིན་མ་དམིགས་པའི་གཏན་ཚིགས་ཀྱི་ཁོངས་སུ་འདུས་པའི་ཕྱིར། རྒྱུ་ལས་འབྲས་བུ་བསྒྲུབ་པས་ན། །ཞེས་པའི་དོན་རྣམ་འཇོག་གི་རྒྱུ་ལས་རྣམ་གཞག་གི་འབྲས་བུ་བསྒྲུབ་པ་ལ་འཆད་པ་ནི། གཅིག་དམིགས་ཉམས་སུ་མྱོང་བ་ལས། །ཞེས་སོགས་ཀྱི་གཞུང་ལ་འབྲུ་མ་ཐེབ་པའི་སྐྱོན་ནོ། །འདི་དག་གི་རྣམ་གཞག་རྒྱས་པ་ནི་གཞུང་དོན་གྱི་སྐབས་སུ་ཤེས་པར་བྱའོ། །བཞི་པ་ནི། སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། ཞེས་པ་འདི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་རྣམ་གཉིས་མི་འཐད་དེ། རེག་བྱ་ཅན་དང་རྟག་པའི་གཞི་མཐུན་མེད་པའི་ཕྱིར། ཞེས་པ་འདི་ནི་རྒོལ་བའི་དབང་དུ་བྱས་པས་སྐྱོན་མེད་དེ། རྒོལ་བ་བྱེ་བྲག་པས། རྡུལ་ཕྲན་དེ་རེག་བྱ་ཅན་དང་རྟག་པའི་གཞི་མཐུན་དུ་འདོད་པའི་ཕྱིར་རོ། །ཕྱོགས་ཆོས་ཅན་གྱི་གཏན་ཚིགས་འདི་དག་རང་དོན་གྱི་སྐབས་སུ་བསྟན་རིགས་པ་ལས་ཅིའི་ཕྱིར་གཞན་དོན་གྱི་སྐབས་སུ་བསྟན་ཞེ་ན། དེའི་ལན་དུ། རྗེས་སུ་དཔག་པར་བཤད་ཟིན་ཏོ། །གཏན་ཚིགས་བརྗོད་བྱ་རྟོགས་དོན་དུ། །རབ་ཏུ་དབྱེ་བ་ཙམ་བཤད་དེ། །ཞེས་གསུངས་ཏེ། གཞན་དོན་རྗེས་དཔག་གིས་ཚུལ་གསུམ་ཕྱིན་ཅི་མ་ལོག་པར་བརྗོད་པའི་སྒོ་ནས། གཞན་ལ་བསྟན་པའི་ཆེད་ཡིན་པས་ཤིན་ཏུ་ཡང་འཐད་དོ། །རང་གི་མཐོང་བའི་ཚུལ་གསུམ་བརྗོད་པ་ཡིས། །བསྒྲུབ་བྱ་ལྐོག་གྱུར་གཞན་ལ་སྟོན་པ་ལ། །བརྗོད་ཚུལ་རྟོགས་ཕྱིར་ཕྱོགས་ཆོས་ཅན་གྱི་ནི། །གཏན་ཚིགས་རབ་ཏུ་དབྱེ་བ་ཤེས་པར་དགོས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཞན་དོན་རྗེས་དཔག་བཤད་ཟིན་ཏོ།། །།འདི་བསྒྲུབ་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply