ཆོས་འདུལ་བ་རྒྱ་མཚོའི་སྙིང་པོ། ཁ༽

ཡོན་ཏན་རིན་ཆེན་སོགས་ཀྱིས་སྟོན་པ་ལ་ཕྱག་བྱས་ནས།།  ༈  །།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རྭ་བ་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོག་ནི་ཆད། ཚེའི་འདུ་བྱེད་ནི་ངེས་པར་འཇོམས་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། མིའི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་ན་དེ་ཐོབ་ནས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ནས་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ་སྡུག་བསྔལ་བར་གྱུར་ཏ་རེ། སྲོག་དང་བྲལ་ཞིང་ཤི་བ་ནི་སླའི་ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་གྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ། རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད། །ཚུལ་ཁྲིམས་བསྲུངས་པས་སངས་རྒྱས་འབྱུང་དང་ཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་གདུང་བ་སེལ་བ་བསིལ་བའི་ཆུ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་། །ཚུལ་ཁྲིམས་ཅན་ལ་གནོད་མེད་གཞན་ཅི་སྨོས། །ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཚུལ་ཁྲིམས་དག་གིས་མཐོ་རིས་སྐྱེ་བའི་རྒྱུ། །ཚུལ་ཁྲིམས་ལྡན་པས་མྱ་ངན་འདས་ཐོབ་འགྱུར། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་ཀུན་སྐྱེ་བའི་གཞི། །ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང་། །དེ་བཞིན་ཚུལ་ཁྲིམས་རལ་པས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་དེ། །ཕྱིས་ནས་མྱ་ངན་འདས་པ་ཐོབ་སྙམ་མམ། །སྣ་མེད་སྣ་རྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར། །རྣ་བས་མ་ཐོས་མིག་སྔར་མ་མཐོང་ཡང་། །བསྟན་བསྲུང་མི་དེ་མཐོ་རིས་འགྲོ་བར་འགྱུར། །ཐོས་མང་ཐོས་ལྡན་ཐོས་བསྲུང་མཐོ་རིས་ཉིད། །བུད་མེད་བསྟེན་དུ་ག་ལ་རུང་། །རྒྱལ་པོའི་ཕོ་བྲང་ག་ལ་དགའ། །ལྦུ་བ་སྙིང་པོ་ག་ལ་ཡོད། །ལོངས་སྤྱོད་རྟག་པ་ག་ལ་ཡིན། །བུད་མེད་དག་ལ་རུང་བ་མེད། །རྒྱལ་སྲིད་དག་ལ་དགའ་བ་མེད། །ལྦུ་བ་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ལ་རྟག་པ་མེད། །ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། །གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ། །མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། །སྲོག་ནི་ཆུ་བུར་འདྲ་བ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཉེ་བ་འཁོར་ལ་སོགས་པའི་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་ཚུལ་ཁྲིམས་ཀྱི་ཆེ་བའི་ཡོན་ཏན་ལན་གཅིག་བརྗོད་པར་བྱ། དེའི་འོག་ཏུ་ཐམས་ཅད་ཀྱིས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །ཅེས་བསྔོ་བ་རྣམ་པར་དག་པས་རྒྱས་གདབ་པར་བྱའོ། །དགེ་ཚུལ་གྱི་གསོ་སྦྱོང་བྱེད་པ་མདོ་རྩ་བ་ནས་མ་བསྟན་ཀྱང་སློབ་དཔོན་ཤཱཀྱ་འོད་ཀྱིས་དགག་དབྱེ་གསུངས་ཕྱིར་འདིར་ནི་གསོ་སྦྱོང་ཡོད་ཅེས་གསུངས་པ་དང་། མདོ་རྩ་བ་ནས་སྡེ་པ་ལྔ་ཆར་གྱིས་དབྱར་གནས་པར་ཁས་བླང་བར་བྱའོ། །དེའི་འོག་ཏུ་དགེ་ཚུལ་རྣམས་ལ་དགག་དབྱེ་བྱའོ། །ཞེས་གསུངས་པ་དང་བསླབ་པ་ཡོངས་སུ་སྦྱང་བའི་གཞི་གསུམ་པོས་རྒྱུད་དག་པར་བྱེད་པར་མཚུངས་པས། དགེ་ཚུལ་གྱིས་ཀྱང་གསོ་སྦྱོང་བྱེད་དགོས་པས། དེའི་འོག་ཏུ་གནས་བརྟན་གྱིས་དགེ་ཚུལ་རྣམས་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་མཛོད་ཅིག་ཅེས་སྐབས་དང་སྦྱར་ལ་བརྗོད། དགེ་ཚུལ་རྣམས་ཀྱིས་ཀྱང་མདོ་འདོན་པ་པོ་མཁན་པོ་སློབ་དཔོན་གནས་བརྟན་ལ་སོགས་གང་ཡིན་སྐབས་དང་སྦྱར་ནས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ་བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །བདག་ཡོངས་སུ་དག་པར་མཁན་པོས་གཟུང་དུ་གསོལ། ཞེས་པ་ལྟ་བུ་ལན་གསུམ་བརྗོད་པའི་རྗེས་ལ། ཡུལ་གྱིས་ཐབས་ཡིན་ནོ། །དགེ་ཚུལ་གྱིས་ལེགས་སོ་ཞེས་བརྗོད། དགེ་ཚུལ་རྣམས་ཕྱག་བྱས་ཏེ་སོང་བའི་འོག་ཏུ་དགེ་སློང་རྣམས་སོ་སོའི་རྒྱུད་ལ་ཡོད་པའི་ལྟུང་བ་སོ་སོའི་མིང་རིགས་ཀྱི་སྒོ་ནས་ཕྱིར་བཅོས་ལེགས་པར་གྲུབ་ན་སྡེ་ལྔའི་བཤགས་པ་དང་ལྟུང་བ་སྤྱིའི་བྱིན་རླབས་མི་དགོས་མོད་ཀྱི་འོན་ཀྱང་ལག་ལེན་དོག་མཐའ་ལ་བརྟེན་པ་སངས་རྒྱས་པའི་ཕྱག་བཞེས་ལགས་པས་དགེ་སློང་རྣམས་ཀྱིས་སྡེ་ལྔའི་བཤགས་པ་ལན་གསུམ་མཐོང་སྡོམ་དང་བཅས་པ་བྱ་ཞིང་དགེ་འདུན་རྣམས་ལྟུང་བ་སྤྱིའི་བྱིན་རླབས་ལ་ཐུགས་གཏད་པར་ཞུ་བྱས་ནས། གནས་བརྟན་གྱིས་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་སློང་ཐམས་ཅད་ནི་ལྟུང་བ་དག་དང་བཅས་པར་གྱུར་ན་གང་གི་མདུན་དུ་བདག་ཅག་གི་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ཏེ་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིད་པའི་དགེ་སློང་སུ་ཡང་སྤྲོ་བ་མ་མཆིས་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གྱིས་ལྟུང་བ་དེ་དག་བྱིན་གྱིས་རླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱི་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིའོ། །འདི་ནི་གསོལ་བའོ་ཞེས་ལན་གཅིག་བརྗོད། དེའི་འོག་ཏུ་སྔར་བློ་མཐུན་མེད་དམ་ཡོད་ཀྱང་ཞིག་ན་གནས་ཀྱི་བློ་མཐུན་གཅིག་ཀྱང་བགྱི་བྱས་ནས་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་བགྱིས་པའམ་ལགས་པ། ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིད་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་དགེ་འདུན་གྱིས་གནས་ཐམས་ཅད་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །ལས་བྱ་བ་ནི། གསོལ་བའི་ལས་ཐལ་ནས་བརྗོད་པའི་ལས་ལ་ཐུགས་གཏད་པར་ཞུ་འཚལ་བྱས་ལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་བགྱིས་པའམ་ལགས་པ། ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམས་གང་དང་བཅས་པ་འདི་དགེ་འདུན་གྱིས་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བཞེད་དེ། དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་བགྱིས་པའམ་ལགས་པ། ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་མཛད་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་བགྱིས་པའམ་ལགས་པ། ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གནས་ཐམས་ཅད་བགྱིས་པའམ་ལགས་པ། ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་མཛད་ལགས་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བརྗོད་པར་བྱའོ། །གསོ་སྦྱོང་གི་གནས་སུ་བློ་མཐུན་བྱས་ལ་མ་ཞིག་པ་དེར་ལས་གཞན་བྱེད་ན་བློ་མཐུན་བསྐྱར་མ་ནི་བྱེད་མི་དགོས་ཏེ། མདོ་རྩར་ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ་ཞེས་བཤད་པས་སོ། །དེའི་འོག་ཏུ་དགེ་སློང་གཞོན་པ་གཅིག་གིས་མདོ་འདོན་པ་ལ་མེ་ཏོག་དབུལ་ཞིང་ཕྱག་བྱས་ལ་གནས་བརྟན་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བས་ཉེ་བར་དགོངས་ལ་བདག་ཅག་དགེ་འདུན་འདིར་འདུས་པ་རྣམས་ལ་སོ་སོར་ཐར་པའི་མདོ་བཀས་གནང་བ་ཞུ་ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་དག་ནི་སྦྱོར་བའི་ཆོ་གའོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། མདོ་འདོན་པ་པོས་རང་ལ་དགེ་སློང་གི་འདུ་ཤེས། སོ་སོར་ཐར་པ་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་འདུ་ཤེས་གསུམ་བཞག་ནས་གསན་འཚལ་ཞེས་བརྗོད་ལ། སོ་སོར་ཐར་པའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་པ་ནས། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་པའི་བར་གླེང་གཞི་དང་། གསོལ་བ་དང་རྣམ་གཞག་འཛིན་དུ་གཞུག་པ་རྣམས་ནི་ངེས་པར་འདོན་དགོས་ལ་དེའི་སྟེང་དུ་ཕམ་པའི་སྡེ་དང་། ལྷག་མའི་སྡེ་དང་། མ་ངེས་པའི་སྡེ་ཅི་ཙམ་འདོན་ནུས་པ་བཏོན་ནས་ལྷག་མ་ཐོས་པ་བསྒྲགས་པས་ཀྱང་རུང་ངོ་། །ལྟུང་བྱེད་ལ་རེག་ན་རིལ་གྱིས་འདོད་པར་བྱའོ། །དེ་ལ་དང་པོའི་རྗེས་སུ་ཐོས་པ་བསྒྲགས་ན་སླད་མ་ཕམ་པ་འདོན་པ་དང་། ལྷག་མ་འདོན་པ་དང་། མ་ངེས་པ་འདོན་པ་དང་། རིལ་གྱིས་འདོན་པ་རྣམས་ནི་སྔར་གསན་པའམ་སླད་ཀྱིས་གསན་པར་འགྱུར་བ་ལ་ལྟོས་པ་ལགས་སོ་ཞེས་ལན་གཅིག་བརྗོད་པར་བྱའོ། །སྔར་སོ་ཀ་རྣམས་ཀྱི་འདས་པ་དང་ལྷག་མ་ཅི་ཙམ་པ་དེ་ཙམ་མོ་ཞེས་པའི་སྐབས་སུ་དགུན་སྟོད་དང་། དགུ་སྨད་དང་། དཔྱིད་དང་། སོས་ཀ་དང་། དབྱར་དང་། སྟོན་ཏེ་དུས་ཚིགས་དྲུག་ཏུ་བྱས་ནས་དྲུག་པོ་རང་རང་གི་འདས་པ་དང་། འབྱུང་བར་འགྱུར་བ་བརྗོད་དགོས་ཏེ། སྨིན་དྲུག་གིས་ཉ་བའི་ཟླ་བ་རྫོགས་པའི་འོག་ཟླ་བ་ཕྱེད་འདས་པའི་དུས་སུ་དགུན་སྟོད་ཀྱི་དུས་ཟླ་བ་གཉིས་ལས་ཕྱེད་ནི་འདས་ལ། ཕྱེད་དང་གཉིས་ནི་སླད་དུ་ལུས་པ་ལགས་སོ་ཞེས་པ་དང་། མགོའི་ཉ་བའི་ཚེ། དགུན་སྟོད་ཀྱི་དུས་ཟླ་བ་གཉིས་ལས་གཅིག་ཉིད་འདས་ཏེ། གཅིག་ཉིད་སླད་དུ་ལུས་པ་ལགས་སོ་ཞེས་དང་། དེ་ནས་ཟླ་བ་ཕྱེད་འདས་པ་ན་དགུན་སྟོད་ཀྱི་དུས་ཟླ་བ་གཉིས་ལས། ཕྱེད་དང་གཉིས་ནི་འདས་ཏེ་ཕྱེད་ནི་སླད་དུ་ལུས་པ་ལགས་སོ་ཞེས་པ་དང་། རྒྱལ་གྱི་ཟླ་བའི་ཚེ་དགུན་སྟོད་ཀྱི་དུས་ཟླ་བ་གཉིས་ནི་འདས་ཏེ་སླད་དུ་མ་ལུས་པ་ལགས་སོ་ཞེས་བརྗོད། གསོལ་བའི་སྐབས་སུ་བཅུ་བཞི་པའམ་བཅོ་ལྔ་གང་རུང་སྐབས་དང་བསྟུན་ནས་སྦྱར་ནས་བརྗོད་དོ། །གསུམ་པ་མཇུག་གི་ཆོ་ག་ནི་གནས་བརྟན་གྱིས། སོ་སོར་ཐར་པ་འདོན་པ་ཡི། །ཞེས་བརྗོད་པ་དང་། ཉན་པ་པོ་རྣམས་ཀྱིས། སོ་སོར་ཐར་པ་མཉན་པ་ཡི། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྔོ་བ་རྣམ་པར་དག་པས་རྒྱས་གདབ། དེའི་འོག་ཏུ་བརྩམས་པར་བྱ་ཞིང་དབྱུང་བར་བྱ། །ཞེས་སོགས་ཚིགས་བཅད་གཉིས་བརྗོད་ནས། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཞེས་སོགས་སྨོན་ལམ་དང་། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ཞེས་སོགས་བརྗོད་པར་བྱའོ། །ལྔ་པ་དགོས་པ་ནི། དངོས་སུ་གསོ་སྦྱོང་མ་བྱས་པའི་ཉེས་པ་སྤོང་། བརྒྱུད་ནས་བསླབ་པ་གསུམ་གསོ་ཞིང་སྦྱོང་བའི་དགོས་པ་ཡོད་དོ། །དྲུག་པ་དེ་དག་གི་དམིགས་བསལ་ནི། གནས་དེ་ན་སོ་སོར་ཐར་པའི་མདོ་འདོན་པ་མེད་པའི་ཚེ་དང་། ཚོགས་སུ་མ་ཚང་བ་དང་། སྒྲ་མི་འདོད་པའི་ཚེ་ན་གསོ་སྦྱོང་བྱིན་གྱིས་བརླབ་སྟེ། དེ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། ཡུལ་དགེ་སློང་ཆོས་དགུ་ལྡན་གཅིག་གི་མདུན་དུ། བདག་ཉིད་སྡེ་ལྔའི་སྡོམ་པ་གསོ་རུང་བ་ལ་ཞུགས་པ་ཡན་ཆད་དང་ལྡན་པ། བསམ་པ་རང་བཞིན་དུ་གནས་ཤིང་རྐྱེན་དང་ལྡན་པ། ཉ་ཤིའི་ཚེ་བྱིན་གྱིས་བརླབ་པའི་ཡུལ་དགེ་འདུན་དང་གང་ཟག་རང་བས་རྒན་པ་ལ་ཕྱག་བྱ། གཞོན་ན་ཐུགས་གཏད་པར་ཞུ་བ་དབུལ། གཉིས་པ་དངོས་གཞི་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། ཞེས་པའམ་གང་ཟག་གི་མདུན་དུ་བྱིན་གྱིས་བརློབ་ན་རྒན་ན་བཙུན་པ། གཞོན་ན་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །བདག་ཡོངས་སུ་དག་པར་བཙུན་པས་གཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་མཐུན་པ་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་། སོ་སོར་ཐར་པའི་མདོ་འདོན་པ་ཡང་གདོན་པར་བགྱིའོ་ཞེས་ལན་གསུམ་བརྗོད། མཇུག་ཏུ་ཐབས་ཡིན་ནོ། །ལན་དུ་ལེགས་སོ་ཞེས་བརྗོད། དགེ་འདུན་ནམ་གང་ཟག་མེད་ན་སྦྱོར་བ་གོང་དང་འདྲ། དངོས་གཞི་ལ་ལྷ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་ཞེས་ཆོ་ག་སྔར་བཞིན་བརྗོད། དེ་དག་གིས་དུས་ཅིག་ཅར་བ་དང་འབྲེལ་བ་གསོ་སྦྱོང་གི་སྒོ་ནས་སྦྱོང་བ་བསྟན་ཏོ།།  ༈  །།གཉིས་པ་དགག་དབྱེའི་རྒྱུར་གྱུར་པ་དབྱར་གྱི་གཞི་ནི། དབྱར་ཟླ་བ་གསུམ་མཚམས་ནང་གཅིག་ཏུ་ཁས་བླངས་དམ་བཅའ་བརྟན་པོའི་ལྕགས་ཀྱུས་བཟུང་ནས་གནས་པས་རང་གཞན་གྱི་ལུས་སྲོག་གི་བར་ཆད་བསྲུང་གཞན་མ་དད་པ་སྤོང་། གནས་རལ་གྲུམས་འཆོས་ཤིང་། དགག་དབྱེ་དང་། སྲ་བརྐྱང་འབྱུང་། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཐབས་ཅིག་ཡིན། དེ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། མཇུག་གོ །དང་པོ་ནི། དབྱར་ཟླ་འབྲིང་པོའི་ཐ་ཆུང་གི་ཚེས་བཅོ་ལྔ་ལ་གསོ་སྦྱོང་ཟིན་པའི་མཐར་དགེ་སློང་གནས་མལ་སྟོབ་པར་འོས་པ་ལག་ལེན་ཤེས་པ་གཅིག་གིས་དགེ་འདུན་ལ་བསྟབ་རྒྱུའི་གནས་མལ་དང་ཚུལ་ཤིང་གི་བམ་པོ་ཁྲུ་གང་ཡན་ཆད་ཀྱི་ཚད་དང་ལྡན་པ་སྟ་གོན་བྱ། དེ་ལ་དྲི་བཟང་གི་ཆུས་བྱུགས་ལ་རས་དཀར་པོ་དྲི་མ་མེད་པས་དཀྲིས་ཤིང་། གཟེབ་ཀྱི་སྤྲོག་མར་བཅུག དགོང་མོ་རྒྱུ་སྐར་རྣམས་མ་ཤར་ཅིང་མུན་པ་མ་བྱུང་བ་ལ། དགེ་སློང་རྣམས་ཕྱོགས་གཅིག་ཏུ་ཚོགས་རྒན་རིམ་བཞིན་དུ་འཁོད་དེ། དེ་ནས་དགེ་སློང་ལས་མཁན་གཅིག་གིས་དགེ་སློང་མིང་འདི་ཞེས་བྱ་བ་ཁྱོད་དབྱར་གྱི་གནས་མལ་སྟོབ་པར་སྤྲོའམ་ཞེས་དྲི། ཡུལ་དེས་སྤྲོ་ལགས་ཞེས་བརྗོད་པར་བྱའོ། །དེའི་རྗེས་ལ་གསོལ་བ་དང་། གཉིས་ཀྱི་ལས་ཀྱིས་གནས་མལ་སྟོབ་པར་བསྐོ་བ་ཡིན་ཏེ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གྱི་གནས་མལ་སྟོབ་པ་སྤྲོ་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་གནས་མལ་སྟོབ་པར་བསྐོས་ཏེ། དགེ་སློང་གནས་མལ་སྟོབ་པ་མིང་འདི་ཞེས་བྱ་བ་དགེ་འདུན་ལ་གནས་མལ་སྟོབ་བོ། །འདི་ནི་གསོལ་བའོ། །དེས་གསོལ་བའི་ལས་ཐལ། བརྗོད་པའི་ལས་ལ་ཐུགས་གཏད་པར་ཞུ་བྱས་ལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་གནས་མལ་སྟོབ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་གནས་མལ་སྟོབ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་ལན་གཅིག་བརྗོད། དེའི་རྗེས་ལ་གནས་མལ་སྟོབ་པའི་དགེ་སློང་དེས་ཚུལ་ཤིང་གི་བམ་པོ་སྟ་གོན་བྱས་པ་དེ་རྒན་པའི་མཐར་བཞག་ལ་དབྱར་གྱི་ནང་དུ་ཁྲིམས་སུ་བཅའ་བ་གང་དང་གང་བྱེད་པ་དགེ་འདུན་གྲོས་བྱས་པ་དེ། གནས་མལ་སྟོབ་པ་པོས་ཁོང་དུ་ཆུད་པར་བྱས་ལ། འགྲེང་སྟེ་འདུད་པ་དང་བཅས་པའི་སྒོ་ནས་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དགོན་པའམ་གཙུག་ལག་ཁང་འདི་ཉིད་ན་ཁྲིམས་སུ་བཅའ་བ། ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལ་ཅུང་ཟད་ཤེས་པ་དེ་ད་སྨྲོས་ཤིག ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་བ་དེ་ལ། དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོངས་སོ་ཞེས་བྱ་བ་འདི་དང་། བསྟན་པ་སྤྱི་ལ་ཕན་པ་དགོང་མོར་ཆོས་སྤྱོད་ལ་སྟབས་གཅིག་ཏུ་ཚོགས་པ་དང་། ཆོས་ཐོས་བསམ་སྒོམ་གསུམ་ལ་བརྩོན་པར་བྱ་བ་དང་། ཡུལ་མི་སྤྱི་ལ་ཕན་པ་ལོ་ཐོག་ལ་སད་སེར་བ་ལ་སོགས་པའི་གནོད་པ་བྱུང་ན་སྔགས་གདབ་པ་དང་། མཚམས་ནང་ན་ཡོད་པ་སྤྱི་ལ་ཕན་པ་ཆུ་འགོར་ཟག་པ་མི་འདོར་བ་དང་། བྲེ་སྲང་ལ་སོགས་པ་མཁོ་ཞིང་སྤྱད་པའི་དངོས་པོ་སྤྱིའི་སར་མྱུར་དུ་བསྐྱལ་བ་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བཅས་པ། ཁྱེད་ཅག་ལས་གང་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལ་ཅུང་ཟད་ཤེས་པ་དེ་ད་སྨྲོས་ཤིག ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་བ་དེ་ལ་དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོངས་སོ་ཞེས་བྱ་བ་འདི་དང་། བསྟན་པ་སྤྱི་ལ་ཕན་པ་དགོང་མོ་ཆོས་སྤྱོད་ལ་སྟབས་གཅིག་ཏུ་ཚོགས་པ་འདི་དང་། ཆོས་ཐོས་བསམ་སྒོམ་གསུམ་ལ་བརྩོན་པར་བྱ་བ་དང་། ཡུལ་མི་སྤྱི་ལ་ཕན་པ་ལོ་ཐོག་ལ་སད་སེར་བ་ལ་སོགས་པའི་གནོད་པ་བྱུང་ན་སྔགས་གདབ་པ་དང་། མཚམས་ནང་ན་ཡོད་པ་སྤྱི་ལ་ཕན་པ་ཆུ་འགོར་ཟག་པ་མི་འདོར་བ་དང་། བྲེ་སྲང་ལ་སོགས་པ་མཁོ་ཞིང་སྤྱད་པའི་དངོས་པོ་སྤྱིའི་སར་མྱུར་དུ་བསྐྱལ་བ་འདིས་གནས་འདིར་གནས་པར་སྤྲོ་བ་དེ་དག་ཚུལ་ཤིང་བཞེས་ཤིག ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལ་ཅུང་ཟད་ཤེས་པ་དེ་ད་སྨྲོས་ཤིག ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་བ་དགེ་འདུན་གྱི་ཕྱིས་ཉེ་བར་བརྟག་པར་དགོངས་སོ་ཞེས་ལན་གཅིག་བརྗོད། དེ་ནས་དགེ་སློང་གནས་མལ་སྟོབ་པར་འོས་པ་དེ་སྟན་ལ་འདུག་ནས། དགེ་སློང་ལས་མཁན་དེས། དབྱར་ཁས་བླངས་པ་དང་ཚུལ་ཤིང་བླང་བའི་དོན་དུ་གསོལ་བ་འབའ་ཞིག་གི་ལས་བྱ་སྟེ། དེ་ཡང་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའི་གྲལ་ཚེས་བཅོ་ལྔ་ལགས་ལ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ཚུལ་ཤིང་བཞེས་ཏེ། སང་ནངས་པར་དབྱར་གནས་པར་ཁས་བླང་ངོ་། །འདི་ནི་གསོལ་བའོ་ཞེས་ལན་གཅིག་བརྗོད། དེའི་རྗེས་ལ་ཚུལ་ཤིང་བྲིམས་པ་ཡིན་ཏེ། དགེ་འདུན་གྱི་གནས་བརྟན་གྲལ་འགོ་མ་དེས། དང་པོར་སྟོན་པ་སངས་རྒྱས་ཀྱི་ཚུལ་ཤིང་བླངས། དེ་ནས་དགེ་སློང་ཐམས་ཅད་ཀྱིས་རང་རང་གི་ཚུལ་ཤིང་ལེན་པ་ན་སྟན་ལས་ཕྱེད་འཕགས་ཏེ། ལག་པ་གཉིས་ཀས་མ་འཕྲོགས་པར་གུས་པས་བླངས། དེ་ནས་དགེ་སློང་རྣམས་ཀྱི་ཚུལ་ཤིང་བྲིམས་པ་རྣམས་བསྡུས་ལ་དེའི་འོག་ཏུ་དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་རང་གི་མཁན་པོའམ། སློབ་དཔོན་གྱིས་བླང་ངོ་། །དེའི་འོག་ཏུ་དགེ་སློང་གྲལ་འགོ་བ་དེས་གཉུག་མར་གནས་པ་ཆོས་སྐྱོང་གི་ཚུལ་ཤིང་བླངས་ལ་དགེ་སློང་གི་གསེབ་ཏུ་བགྲང་། དེ་ནས་དགེ་སློང་དང་དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་སོ་སོར་བགྲངས་ནས་རྒན་པའི་མཐའ་ལོགས་སུ་འགྲེང་སྟེ་འདུད་པ་དང་བཅས་པས་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་འདིར་དགེ་སློང་གྲངས་འདི་སྙེད་ཅིག་དང་། དགེ་ཚུལ་འདི་སྙེད་ཅིག་གི་དབྱར་གནས་པའི་སླད་དུ་ཚུལ་ཤིང་བཞེས་སོ་ཞེས་ལན་གཅིག་གོ་བར་བྱའོ། །དེ་ནས་རྒན་རིམ་བཞིན་དུ་བྲང་ཁང་གི་སྒོ་ལྕགས་དང་། ལྡེ་མིག་ཀུན་ལག་ཏུ་བླངས་ནས། གནས་ཁང་ཤིན་ཏུ་ཡངས་པ། བདེ་བ་བསིལ་བ་གཅིག་གདའ་ཡིས་བཞེས་ཤིག་ཅེས་བརྗོད་དོ། །དེ་ཁོ་ན་བཞིན་དུ་སྟན་ཆའི་ཟུར་ནས་བཟུང་ནས། གནས་ལམ་འདི་ནི་རྒྱུ་རུང་བ་ཁ་དོག་རུང་བ། དབྱིབས་ལེགས་པ་གཅིག་གདའ་ཡིས་བཞེས་ཤིག་ཅེས་ཡོན་ཏན་ཅི་རིགས་པར་བརྗོད། དེའི་རྗེས་ལ་རྒན་པའི་མཐར་འགྲེང་སྟེ་འདུད་པ་དང་བཅས་པས་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱོད་པར་མི་བྱའོ། །གདིང་བ་རུང་བ་མ་ཡིན་པས་ལོངས་སྤྱོད་པར་མི་བྱའོ། གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱོད་པར་མི་བྱའོ་ཞེས་ལན་གཅིག་གོ་བར་བྱ། དེའི་རྗེས་ལ་དགེ་འདུན་རྣམས་ཀྱིས། སང་སྦྱིན་བདག་དང་། ཞལ་ཏ་བ་དང་། བྲོ་གཡོག་པ་དང་། སྤྱོད་ཡུལ་གྱི་གྲོང་ཁྱེར་སོ་སོར་སྨོས་པས་དབྱར་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ་ཞེས་ལན་གཅིག་གོ་བར་བྱ། །གཉིས་པ་དངོས་གཞིའི་ཆོ་ག་ནི། གྲལ་ཚེས་བཅུ་དྲུག་གི་ཉིན་པར་གནས་སྟེང་གཡོགས་དང་བཅས་པའི་སར། ཡུལ་དགེ་སློང་མཚན་ཉིད་དང་ལྡན་པ་གཅིག་ལ། རང་བས་རྒན་ན་ཕྱག་བྱ། གཞོན་ན་ཐུགས་གཏད་པར་ཞུ་བ་དབུལ། སྤྱོད་ལམ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ལ། དབྱར་ཟླ་བ་གསུམ་དུ་འདི་ཉིད་དུ་གནས་པར་བྱས་ལ། དབྱར་གྱི་དམ་ཚིག་ཇི་ལྟར་ཡིན་པ་བཞིན་དུ་བསྲུང་སྙམ་དུ་བསམས་ལ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར་འདི་ལྟ་སྟེ། གནས་རལ་བ་དང་གྲུམས་པ་བཅོས་པའི་སླད་དུ་སྦྱིན་བདག་མིང་འདི་ཞེས་བགྱི་བ་དང་། ཞལ་ཏ་བ་མིང་འདི་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་ཁྱེར་མིང་འདི་ཞེས་བགྱི་བ་དང་། བྲོ་གཡོག་པ་མིང་འདི་ཞེས་བགྱི་བ་ལ་བརྟེན་ནས་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླང་པར་བགྱིའོ། བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ་ཞེས་ལན་གསུམ་བརྗོད། མཇུག་ཐབས་ཡིན་ནོའི་ལན་དུ་ལེགས་སོ་ཞེས་བརྗོད། ཆོ་ག་འདི་མ་བྱས་ཀྱང་དབྱར་ཟླ་བ་གསུམ་འདི་ཉིད་དུ་གནས་པར་བྱའོ་སྙམ་དུ་ཡིད་ཀྱིས་དམ་བཅས་ན། དབྱར་གནས་པར་ནི་འགྱུར་ཏེ། མདོ་རྩ་ལས་དམ་བཅས་པས་གནས་མི་བཏང་ན་གནས་པ་ཉིད་ཡིན་ནོ་ཞེས་བཤད། འོན་ཀྱང་ཆོ་ག་མ་བྱས་ན་ཉེས་བྱས་སུ་འགྱུར། དེ་ལྟར་དབྱར་གནས་པར་ཁས་བླངས་པས་མཚམས་ཀྱི་ཕྱི་རོལ་དུ་མཐའི་ཞག་དྲུག་མ་གཏོགས་པར་ཆོས་ལྡན་གྱི་དོན་དུ་ཞག་གཅིག་འགྲོ་དགོས་པ་བྱུང་ན་ཞག་གཉིས་སུ་བྱིན་གྱིས་རློབ་ཅིང་། ཞག་དྲུག་གི་བར་དུ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་ཡོད་ན་ཞག་བདུན་དུ་བྱིན་གྱིས་རློབ་དགོས་པ་ཡིན་ཏེ། ཆོ་ག་ལས་དེ་ཚུན་ཆད་སླར་འཁོར་བར་བྱིན་གྱིས་བརླབ་པར་བགྱིའོ་ཞེས་འབྱུང་། ཞག་བཞི་བཅུའི་གནང་བ་ཐོབ་པས་ཀྱང་ཞག་བཞི་བཅུའི་ནང་རོལ་དུ་མཚམས་ནང་དུ་སླེབ་པར་བྱེད་དགོས། འདིས་ཀྱང་བྱིན་གྱིས་རློབ་པའི་ཆོ་ག་ནི་བྱེད་དགོས་ཏེ། སྔགས་སྟོབས་ཀྱིས་ཆོ་ག་སྦྱར་བས་སོ། །ཞག་བདུན་དུ་བྱིན་གྱིས་བརླབ་པ་དེ་ལ་གསུམ་སྟེ། སྦྱོར་བ། དངོས་བཞི། མཇུག་གི་ཆོ་གའོ། །དང་པོ་ནི། སྟེང་གཡོགས་དང་བཅས་པའི་གནས་སུ་དགེ་སློང་རྒན་གཞོན་གང་ཡང་རུང་བ་ལ་སྒྲུབ་ཚུལ་དང་རང་གི་སྤྱོད་ལམ་སྔར་དང་འདྲ། གཉིས་པ་དངོས་གཞི་ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས་བགྱི་བ་ཆོས་དང་ལྡན་པ་ཞིག་གི་སླད་དུ། མཚམས་ཀྱི་ཕྱི་རོལ་དུ་དགུང་བདུན་མཆི་བ་དང་། དེ་ཚུན་ཆད་སླར་འཁོར་བར་བྱིན་གྱིས་བརླབ་པར་བགྱིའོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ་ཞེས་ལན་གསུམ་བརྗོད། གསུམ་པ་མཇུག་ཐབས་ཡིན་ནོའི་ལན་དུ་ལེགས་སོ་ཞེས་བརྗོད། འདིས་ཞག་བཞི་བཅུར་བྱིན་གྱིས་བརླབ་པའི་ཆོ་ག་ཡང་མཚོན། གསུམ་པ་མཇུག་གི་ཆོ་ག་ནི་དབྱར་ཁས་བླངས་པ་རྣམས་ཀྱིས་ཐུན་མོང་དང་ཐུང་མོང་མ་ཡིན་པའི་དམ་ཚིག་ཇི་ལྟ་བ་བཞིན་དུ་བསྲུང་ཞིང་གནས་པར་བྱེད་དགོས་པ་ཡིན་ནོ།།  ༈  །།གསུམ་པ་དུས་རེས་འགལ་བ་དང་འབྲེལ་པ་དགག་དབྱེའི་ཆོ་ག་ནི་དབྱར་རྣམས་ཀྱི་ཐ་མའི་ཉི་མ་སྟེ་དབྱར་སྔ་མ་ཁས་བླངས་ན་སྟོན་ཟླ་འབྲིང་པོའི་ཉ་དང་། ཕྱི་མ་ཁས་བླངས་ན་སྟོན་ཟླ་ཐ་ཆུང་གི་ཉ་ལ་བྱེད་དེ། དེ་ཡང་དབྱར་ཟླ་བ་གསུམ་དུ་ལྟུང་བ་གླེང་དྲན་བྱེད་པ་བཀག་པ་ཡིན་པས་དེ་རིང་ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་མཐའ་དག་གམ་དེ་དག་གིས་བསྐོས་པའི་དགེ་སློང་གིས་བདག་གི་རྒྱུད་ལ་མཐོང་ཐོས་དོགས་གསུམ་གྱིས་གླེང་དྲན་བྱ་རྒྱུ་འདུག་ན་གླེངས་ཤིག་ཅེས་སྐབས་ཕྱེ་བའི་སྒོ་ནས་ཆོས་དང་ཚུལ་ཁྲིམས་རྣམ་པ་དག་པར་འགྱུར་བའི་ཐབས་ཅིག་ཡིན་ཏེ། འདི་ལ་གཉིས་ཏེ། ཆོ་ག་དངོས་དང་། དམིགས་བསལ་ལོ། །དང་པོ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། མཇུག་གི་ཆོ་གའོ། །དང་པོ་ནི། སྤྱོད་ཡུལ་དུ་བརྗོད་པ་གཙུག་ལག་ཁང་པ་རྒྱན་ཅིང་བྱི་དོར་བྱ་བ་སྔོན་དུ་བཏང་སྟེ། དགེ་འདུན་ཐམས་ཅད་ཀྱིས་ཕྱག་བྱས་ནས་དབྱར་གྱི་ནང་དུ་སོ་སོ་ནས་ཐུགས་དང་འགལ་བ་གདའ་ན་བཟོད་པ་མཛད་པ་ཞུ་ཞེས་ཀུན་གྱིས་བརྗོད་དེ། ཚོགས་པ་ཐམས་ཅད་ཀྱིས་ཕན་ཚུན་ཀུན་དགའ་བར་བྱ། བཅུ་བཞི་མཚན་ཐོག་ཐག་དང་བཅོ་ལྔ་ལས་ཀྱི་མདུན་རོལ་ཚུན་ཆད་ཆོས་ཉན་པ་དང་བཤད་པས་དུས་འདའ་བར་གསུངས་པས་དེ་དག་གྲུབ་རྗེས་གསོ་སྦྱོང་གི་སྦྱོར་བའི་སྐབས་ཀྱི་ཚུལ་ཁྲིམས་ཡོངས་དག་གི་མདོ་འདོན་པ་ཡན་ཆད་སྔོན་དུ་བཏང་ནས་གསོ་སྦྱོང་དངོས་ནི་བྱེད་མི་དགོས་ཏེ། དགག་དབྱེ་བྱས་ན་འདི་མ་གྲུབ་པ་ཉིད་མ་ཡིན་ཞེས་བཤད་དོ། །དགེ་སློང་ལས་མཁན་གྱིས་ལྟུང་བ་སྤྱིའི་བྱིན་རླབས་དང་གནས་ལ་བློ་མཐུན་གཉིས་དགོས་ན་བྱ། དགག་དབྱེ་བྱེད་པའི་དགེ་སློང་གཅིག་གམ་གསུམ་མན་ཆད་ཚོགས་པ་དང་སྦྱར་ནས་བསྐོ་བ་ཡིན་ཏེ། དེ་ཡང་དགེ་སློང་མིང་འདི་ཞེས་བྱ་བ་ཁྱོད་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པ་སྤྲོའམ་དྲིས་ལ། ཡུལ་དེས་ཀྱང་སྤྲོ་ལགས་ཞེས་བརྗོད། དེའི་འོག་ཏུ་ཁོང་སྤྲོ་བར་གདའ་བས་དགག་དབྱེ་བྱེད་པ་བསྐོ་བའི་གསོལ་གཉིས་ཀྱི་ལས་ཀྱི་ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་བྱས་ལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་བསྐོ་སྟེ། དགེ་སློང་དགག་དབྱེ་བགྱིད་པ་མིང་འདི་ཞེས་བྱ་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་བར་བགྱིའོ། །འདི་ནི་གསོལ་བའོ། །གསོལ་བའི་ལས་ཐལ། བརྗོད་པའི་ལས་ལ་ཐུགས་གཏད་པར་ཞུ་འཚལ་བྱས་ལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་བར་བཟོད་པ་དག་ནི་ཅང་མ་གསུངས་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་ལན་གཅིག་བརྗོད་པར་བྱའོ། །དེའི་རྗེས་ལ་དགེ་འདུན་བཙུན་པ་རྣམས་དགག་དབྱེ་བྱ་བའི་དོན་དུ་གསོལ་བ་འབའ་ཞིག་པའི་ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གྱི་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ་ཞེས་ལན་གཅིག་བརྗོད། གཉིས་པ་དངོས་གཞི་ནི། དེའི་རྗེས་ལ་དགེ་སློང་དགག་དབྱེ་བྱེད་པ་བསྐོས་པ་དེས། དགེ་སློང་རྣམས་ལ་རྩྭ་དར་བྷར་ཁྱེད་པར་བྲིམས། ལུང་འགྲེལ་ལས། རྩྭ་ཀུ་ཤ་འདི་དག་འདུད་པར་བྱེད་པ་བཞིན་དུ་བདག་ཀྱང་ལྟུང་བ་ཆོས་བཞིན་དུ་ཕྱིར་བཅོས་པའི་ཕྱིར་དགེ་སློང་རྣམས་ལ་འདུད་པར་བྱེད་དོ་ཞེས་བཤད་པས་དགེ་སློང་རྣམས་ཀྱིས་རྩྭའི་ཆུན་པོ་ལེགས་པར་སྒྲིལ་བ་རྩ་བ་དང་རྩེ་མོ་གཉིས་སུ་ཡོད་པ་སྐེད་པ་ཕན་ཚུན་མདུད་པ་བྱ། དགག་དབྱེ་བྱེད་པར་བསྐོས་པ་དེ་རང་ལས་རྒན་ན་ཕྱག་བྱ། གཞོན་ན་ཐུགས་གཏད་པར་ཞུ་བ་ཕུལ་ལ་སྤྱོད་ལམ་ཙོག་པུར་འདུག་སྟེ། ཡུལ་དང་རང་གི་རྐང་པའི་འོག་ཏུ་རྩྭའི་རྩ་བ་དང་། གཉིས་ཀ་ཐལ་མོ་སྦྱར་བའི་བར་དུ་རྩེ་མོ་གཉིས་སོ་སོར་ཡོད་པར་བྱ། བསྐོས་པས་དགག་དབྱེ་བྱས་ཟིན་གྱི་བར་དུ་དགེ་སློང་རེ་རེའི་མདུན་དུ་འདུག་པར་བྱའོ་ཞེས་གསུངས་ཀྱང་དུ་མ་མཁན་པོ་གཅིག་པ་གསུམ་མན་ཆད་ཅེས་པའི་ཆོ་གའི་རུང་མཐུན་སྦྱར་ནས་དགེ་སློང་གསུམ་གསུམ་ལ་བྱེད་པ་ཡིན་ཅེས་བརྗོད་ལ། དགོངས་གསོལ་སྐབས་དང་སྦྱར་ཏེ། གནས་བརྟན་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་གདམས་སུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་གཟུང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ་ཞེས་ལན་གསུམ་བརྗོད་ཐབས་ལེགས་དང་བཅས་པ་བྱ། འདིའི་དམིགས་བསལ་ནད་པ་ངལ་བ་དང་གནས་མལ་ཕན་ཕུན་དུ་འགྱུར་ན་ལན་གཉིས་སམ་ལན་གཅིག་ཆོ་ག་བརྗོད་པས་ཀྱང་རུང་ངོ་། །བསྐོས་པའི་དགེ་སློང་གིས་ཟླ་ཡོད་ན་ཟླ་ལ་དགག་དབྱེ་བྱ་ཞིང་མེད་ན་གྲལ་ན་འདུག་པའི་དགེ་སློང་གང་ཡང་རུང་བ་ལ་བྱ། དེ་རྗེས་རྩྭ་རྣམས་ལེགས་པར་བསྡུས་ལ་ཡིད་ཀྱིས་གྲངས་གཟུང་། བསྐོས་པ་ཐང་ལ་འདུག་སྟེ་རང་གིས་རྫས་ཁ་ཟས་ལས་གཞན་ཁབ་ལྟ་བུ་ལག་ཏུ་བཟུང་ནས་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་གིས་རྫས་ཀྱི་དངོས་པོ་ཁབ་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་རུང་ངོ་ཞེས་ལན་གཅིག་གོ་བར་བྱའོ། །དེའི་རྗེས་ལ་དགེ་སློང་རྣམས་ཀྱིས་ལེགས་པར་རུང་ངོ་ཤིན་ཏུ་རུང་ངོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་རྣམས་ཀྱིས་རྙེད་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ལ་བཞག དེའི་འོག་ཏུ་དགེ་ཚུལ་རྣམས་བོས་ལ། རྩྭ་དར་བྷར་བྲིམས། ཕྱག་བྱ་བ་སྔོན་དུ་བཏང་བའི་ཆོ་ག་བྱེད་དུ་གཞུག་རྩྭ་དེ་རྣམས་ཀྱང་བསྡུས་ལ་གྲངས་བཟུང་སྟེ་དགེ་འདུན་གྱི་དབུས་སུ་སྤྱོད་ལམ་འགྲེང་སྟེ་འདུད་པ་དང་བཅས་པས་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གཙུག་ལག་ཁང་ཆེ་གེ་མོ་ཞེས་བགྱི་བ་འདིར་དགེ་སློང་འདི་སྙེད་དང་། དགེ་ཚུལ་འདི་སྙེད་ཀྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་མཛད་ལགས་སོ་ཞེས་ལན་གཅིག་བརྗོད། དགེ་སློང་གྲལ་ལ་འཁོད་པ་རྣམས་ཀྱིས་ལེགས་པར་མཛད་དོ། །ཤིན་ཏུ་མཛད་དོ་ཞེས་ཀུན་གྱིས་བརྗོད་པར་བྱའོ། །དེ་ནས་རྙེད་པ་རྣམས་དགེ་འདུན་གྱི་གནས་བརྟན་ནས་བཟུང་སྟེ་གསར་བུའི་བར་ལ་ཁྱེད་པར་དབུལ་ལོ། །གསུམ་པ་མཇུག་གི་ཆོ་ག་ནི། བསྔོ་བ་རྣམ་པར་དག་པས་རྒྱས་གདབ་པར་བྱའོ། །གཉིས་པ་དམིགས་བསལ་ནི། འདི་དག་ལ་གཞིའམ་གང་ཟག་གཉིས་བཞག་ནས་དགག་དབྱེ་བྱེད་དུ་རུང་བ་དངོས་པོའི་དམིགས་བསལ། བྱིན་གྱིས་བརླབས་ཏེ་སོང་བས་སྔར་དགག་དབྱེ་བྱེད་པ་དག་དང་ལྷན་ཅིག་དགག་དབྱེ་བྱ་བ། དབྱར་གྱི་ནང་དུ་བྱ་བས་འགྲོ་དགོས་པས་ཉ་ཤི་དང་བསྟུན་ཏེ་བྱ་བ། འཐབ་དཀྲོལ་ཅན་གྱི་རྐྱེན་གྱིས་སྔོན་རོལ་དུ་བྱ་བ། གནས་པར་མི་ནུས་པས་ཚོགས་པའི་དགག་དབྱེ་དུས་ཀྱི་སྔོན་རོལ་དུ་བྱ་བ། འཐབ་དཀྲོལ་ཅན་གྱི་རྐྱེན་གྱིས་དུས་ཀྱི་འོག་རོལ་དུ་དགག་དབྱེ་བྱར་རུང་བའི་དམིགས་བསལ་ཡོད་དོ། །ཚོགས་པའི་དགག་དབྱེ་མ་གཏོགས་པ་རྣམས་ནི་དེང་དགེ་འདུན་གྱི་དགག་དབྱེ་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ་ཞེས་སྔར་བཞིན་ཆོ་ག་སྦྱོར་དངོས་རྗེས་ཚང་བར་བརྗོད་པ་ཡིན། ཚོགས་པའི་དགག་དབྱེ་ནི་ཉ་ཤིའི་དུས་ལ་མི་ལྟོས། སྦྱོར་རྗེས་སྔར་དང་འདྲ་བས་དངོས་གཞི། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དེང་དགག་དབྱེ་བྱིན་གྱིས་བརླབ་པར་བགྱིའོ། །གང་གི་ཚེ་དགེ་འདུན་མཐུན་པ་ཚོགས་པ་རྙེད་པ་དེའི་ཚེ་བདག་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ་ཞེས་ལན་གསུམ་བརྗོད། དེ་དག་གིས་དུས་རེས་འགའ་བ་དང་འབྲེལ་པ་དགག་དབྱེའི་གཞི་སྟེ་དེ་རྣམས་ཀྱིས་དགེ་བ་ཉམས་སུ་ལེན་པ་བསླབ་པ་ཡོངས་སུ་སྦྱང་བའི་སྒོ་ནས་བསྲུང་བ་བསྟན་ནོ། །ལྔ་པ་བདེ་བར་གནས་པའི་རྐྱེན་ལ་བརྟེན་ནས་བསྲུང་བ་ལ་གསུམ་སྟེ། བདེ་བར་གནས་པའི་རྐྱེན་གོས་ལ་བརྟེན་ནས་བསྲུང་བ། ཟས་ལ་བརྟེན་ཏེ་བསྲུང་བ། གནས་མལ་ལ་བརྟེན་ཏེ་བསྲུང་བའོ། །དང་པོ་ལ་གསུམ་སྟེ། གོས་གཞན་འབྱུང་བ་གཏེར་ལྟ་བུ་སྲ་བརྐྱང་གི་གཞི། གོས་དངོས་ཀྱི་གཞི། མི་རུང་བ་ཕལ་ཆེ་བ་ཀོ་ལྤགས་ཀྱི་གཞིའོ། །དང་པོ་ལ་གསུམ་སྟེ། གདིང་བ་དང་། བཅང་བ་དང་། དབྱུང་བའོ། །གདིང་བ་ལ་སྤྱི་དོན་བརྒྱད་དེ། དགོས་པ་དང་། གང་ཟག་དང་། གནས་དང་། དངོས་པོ་དང་། བྱེད་པ་བསྐོས་པ་དང་། དུས་ནམ་གྱི་ཚེ་དང་། ཡུན་ཇི་སྲིད་དུ་དང་། ཆོ་ག་གང་གིས་གདིང་བའོ། །དང་པོ་དགོས་པ་ལ་གསུམ་སྟེ། གནས་བསྡུ་བའི་དགོས་པ་དང་། ལྟུང་བ་བཅུ་གནང་བས་དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པའི་དགོས་པ་དང་། སྦྱིན་པར་བྱ་བའི་ཆོས་བཤམ་པ་ལ་ལོངས་སྤྱོད་པའི་དགོས་པའོ། །ཚུལ་དབང་ཞལ་ནས་དགོས་པ་དེ་གསུམ་སྲ་བརྐྱང་བཏིང་བའི་ཕན་ཡོན་བཅུ་པོ་འདི་ལས་ཚོལ་ཏེ། འདི་ལྟར་གནས་བསྡུ་བའི་དགོས་པ་ནི་གསུམ་སྟེ། འདུས་ཤིང་ཟ་བ་དང་། མ་སྨྲས་པར་གྲོང་དུ་འགྲོ་བ་དང་། ལྷག་མ་རྣམས་དང་རྙེད་པ་ཐུན་མོང་དུ་འགྱུར་བའོ། བདེ་བ་ལ་རེག་པའི་དགོས་པ་ནི་ལྔ་སྟེ། འཆང་བ་དང་། འབྲལ་བ་དང་། འཇོག་པ་དང་། གོས་རུང་བར་མ་བྱས་པར་ཇི་སྲིད་འདོད་པར་འཆང་བ་དང་། སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུ་བའོ། །ཐ་མ་ལ་གཉིས་ཏེ། ཡང་ཡང་ཟ་བ་དང་། གོས་སློང་བའོ། །དེ་དག་ལས་བརྒྱད་ནི་དངོས་སུ་བཤད་ལ། གཉིས་ནི་ཤུགས་ལའོ་ཞེས་འདོད་དོ། །གང་ཟག་ལ་བཅུ་སྟེ། བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་དང་ལྡན་པ་དང་། ལྟ་བ་མཐུན་པ་དང་། མཚན་མཐུན་པ་དང་། རང་བཞིན་དུ་གནས་པ་དང་། དབྱར་འདི་ཉིད་དུ་ཁས་བླངས་པ་དང་། དབྱར་སྔ་མ་ཁས་བླངས་པ་དང་། དབྱར་མ་རལ་བ་དང་། ས་གཞན་ན་གནས་པ་མ་ཡིན་པ་དང་། དེ་ཉིད་ཐོབ་པ་མ་ཡིན་པ་དང་། བྱེ་བ་དག་ན་ཆོས་གཞན་པའི་རྗེས་སུ་སོང་བ་མ་ཡིན་པའོ། །གནས་ནི་དབྱར་གནས་པའི་སའམ་འདིངས་ཀར་གཅིག་ཏུ་བྱས་པའོ། །དངོས་པོ་ལ་དྲུག་སྟེ། དབྱར་བཏུས་པའི་རྒྱུ་ལས་བྱུང་བའི་གོས་ཀྱི་རྙེད་པར་བགྲང་བ་དང་། དགག་དབྱེའི་དངོས་གཞིའི་དུས་ཀྱི་མཐའ་འམ་ཚེས་བཅུ་དྲུག་གི་གདིང་བའི་ཉི་མའི་མཐར་གྲུབ་པ་དང་། བདག་པོ་དགེ་འདུན་མཚན་ཉིད་དང་ལྡན་པའི་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་དང་། གྲངས་ཚང་བའོ། །རུང་བ་ལ་བཞི་སྟེ། རྒྱུའི་སྒོ་ནས་དང་། དབྱིབས་ཀྱི་སྒོ་ནས་དང་། ཁ་དོག་གི་སྒོ་ནས་དང་། རུང་བའི་ཆོ་གའི་སྒོ་ནས་རུང་བའོ། །ལྔ་པ་ནི། ཆོས་བཅུ་དྲུག་དང་ལྡན་པ་བསྐོ་བ་སྟེ། བཅུ་དྲུག་ནི་སྔར་གྱི་བཅུའི་ཐོག་ཏུ་བདུན་པས་མི་འགྲོ་བ་ལ་སོགས་པ་བཞི་དང་། བསྐོས་པ་དང་མ་བསྐོས་པའི་བྱེ་བྲག་ཤེས་པ་དང་། འདིངས་པའི་ཆོ་ག་ལ་མཁས་པའོ། །དུས་ནི་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལའོ། །ཡུན་ནི་དེ་ཉིད་ནས་ཟླ་བ་ལྔའོ། །ཆོ་ག་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། མཇུག་གོ །སྦྱོར་བ་ལ་གཉིས། དགེ་འདུན་གྱི་དང་། བསྐོས་པའི་འོ། །དགེ་འདུན་གྱི་ལ་བཞི་སྟེ། ཞག་མ་ལོན་པར་ཚོགས་པས་མོས་པར་བྱ་བ་དང་། མཚམས་ཀྱི་ནང་དུ་བློ་མཐུན་པར་བྱ་བ་དང་། འདིངས་མཁན་བསྐོ་བ་དང་། གསོལ་བ་བྱས་ཏེ་དེ་ལ་གཏད་པའོ། །བསྐོས་པའི་ལ་བཞི་སྟེ། མནོད་པ་ལ་སོགས་པའི་ཚེ་བསམ་པ་རྣམ་པ་གསུམ་བསྐྱེད་པ་དང་། དྲུབ་པ་ལ་སོགས་པ་ལ་དེས་སྔོན་དུ་འགྲོ་བར་བྱ་བ་དང་། དགག་དབྱེའི་ཉིན་མོ་འདིངས་པར་གོ་བར་བྱ་བ་དང་། ཉི་མ་དེ་ཉིད་ལ་འདུ་བའི་སྐབས་རྗེས་སུ་སྒྲུབ་པའོ། །དངོས་གཞིའི་ཆོ་ག་ནི་བསྐོས་པའི་གང་ཟག་གིས་སྲ་བརྐྱང་གཟེབ་ཀྱི་སྐྲོག་མར་རས་དཀར་པོས་དཀྲིས་ཤིང་དྲི་དག་གིས་བརྒྱན་པ་ཐོགས་ཏེ་རྒན་ལོགས་སུ་འདུག་ནས་ལན་གསུམ་བརྗོད་པའོ། །མཇུག་ཏུ་བརྗོད་པའི་ཆོ་ག་ལ་གཉིས་ཏེ། བསྐོས་པའི་གང་ཟག་གིས་རེ་རེའི་མདུན་དུ་གོ་བར་བྱ་བ་དང་། དགེ་འདུན་གྱིས་མ་དད་པ་སྤང་བའི་ཕྱིར་ལེགས་པར་བཏིང་ངོ་། །ཤིན་ཏུ་བཏིང་ངོ་། །འདི་ལས་བྱུང་བའི་རྙེད་པ་དང་ཕན་ཡོན་བདག་གི་ཡང་ཡིན་ནོ་ཞེས་བརྗོད་པའོ། །བཅང་བ་ལ་གསུམ་སྟེ། ཆུད་ཟ་བ་སྤང་བ་དང་། མ་གུས་པ་སྤང་བ་དང་། འབྲལ་བ་སྤང་བའོ། །དབྱུང་བ་ལ་གཉིས་ཏེ། རང་འཇུག་པ་དང་བྲལ་བ་དང་། བཅོས་མས་དབྱུང་བའོ། །རང་འཇུག་པ་དང་བྲལ་བ་ལ་གཉིས་ཏེ། དགེ་འདུན་མཐའ་དག་གི་དང་། གང་ཟག་སྒོས་ཀྱིའོ། །དགེ་འདུན་གྱི་ལ་དྲུག་སྟེ། སྲ་བརྐྱང་གིས་མཚམས་གཞན་དུ་ཕྱིན་པ་དང་། བྱིན་གྱིས་རློབ་པ་པོ་མེད་པར་མཚམས་ནང་དུ་སྐྱ་རེངས་ཤར་བ་དང་། དུས་ཀྱི་འཕེན་པ་ཟད་པ་དང་། དུས་མ་ཡིན་པར་བཏིང་བ་ལ་དེར་ཤེས་པ་དང་། རྟེན་ཞིག་པ་སྟེ་སྲ་བརྐྱང་བརླག་པ་དང་། བྱེད་པ་པོ་ཉམས་པ་སྟེ། འདིངས་མཁན་དགེ་སློང་མ་ཡིན་པར་སོང་བའོ། །གང་ཟག་སྒོས་ཀྱི་ལ་བཞི་སྟེ། སྦྱོར་བས་འགྲོ་བ་དང་། ངེས་པར་བྱེད་པ་དང་། ཡིད་གཉིས་དང་། ཐོས་པ་ལས་བྱུང་བའོ། །སྦྱོར་བས་འགྲོ་བ་ནི་མཚམས་ལས་ཕྱིས་མི་འོང་བའི་བསམ་པས་འགྲོ་བ་སྟེ། དེ་ལ་བཞི་སྟེ། གོས་ལ་རེ་བ་མེད་པ་ན་མཚམས་ལས་འདས་ན་འབྲེལ་མེད་ཀྱི་ལ་གཅིག་གོ །འབྲེལ་བཅས་གསུམ་ནི་གོས་ལ་རེ་བ་ཡོད་ན་བྱེད་པར་འགྱུར་བ་མཐར་ཐུག་པ་དང་། བརྩམ་པ་ཞིག་པ་དང་། བསམ་པ་རྒྱུན་ཆད་པ་སྟེ་གསུམ་མོ། །ངེས་པར་བྱེད་པ་ལ་བཞི་སྟེ། མཚམས་ཀྱི་ཕྱི་རོལ་དུ་ཕྱིར་མི་འོང་བའི་སེམས་སྐྱེས་སམ་གོས་ལ་རེ་བ་མེད་ན་འབྲེལ་མེད་ཀྱི་ལ་གཅིག་གོ །གོས་ལ་རེ་བ་ཡོད་ན་སྔ་མ་བཞིན་དུ་གསུམ་མོ། །ཡིད་གཉིས་ལ་མཚམས་ཀྱི་ནང་ན་དང་མཚམས་ཀྱི་ཕྱི་རོལ་དུའོ། །ནང་ལ་དྲུག་སྟེ། གོས་ལ་ངེས་པ་སྐྱེས་ནས་མཚམས་ལ་ཡིད་གཉིས་དང་། མཚམས་ལ་ངེས་པ་སྐྱེས་ནས་གོས་ལ་ཡིད་གཉིས་དང་། གཉི་ག་ལ་ཡིད་གཉིས་ཟ་བ་སྟེ་འབྲེལ་མེད་གསུམ་མོ། །འབྲེལ་བཅས་ནི་གོས་ལ་རེ་བ་ཡོད་ན་སྔ་མ་བཞིན་གསུམ་མོ། །མཚམས་ཀྱི་ཕྱི་རོལ་དུ་ཡང་དེ་བཞིན་ཏེ་དྲུག་གོ །ཐོས་པ་ལས་བྱུང་བ་ལ་གཉིས་ཏེ། མཚམས་ནང་དུ་ཐོས་པ་སྦྱོར་འགྲོ་དང་བསྟུན་པ་བཞིའོ། །ཕྱི་རོལ་དུ་ཐོས་པ་ངེས་བྱེད་དང་བསྟུན་པ་དང་བཞི་སྟེ་བརྒྱད་དོ། །བཅོས་མས་དབྱུང་བ་ནི་གཉིས་ཏེ། དུས་སུ་དབྱུང་བ་དང་། གོང་རོལ་དུའོ། །དེ་ལྟར་ན་མ་ལྟ་བུའི་ཚིགས་སུམ་ཅུ་རྩ་དྲུག་གོ །གཉིས་པ་གོས་དངོས་ཀྱི་གཞི་ལ། འཚོ་བའི་ཡོ་བྱད། ཁོ་བའི་ཡོ་བྱད། ལྷག་པའི་ཡོ་བྱད། ཡོ་བྱད་ཕྲན་ཚེགས་དང་བཞི་ཡིན། དེ་དག་ཀྱང་ཧ་ཅང་བཟང་ཆེས་པ་དང་། ངན་ཆེས་པ་ལོངས་སྤྱོད་དུ་མི་རུང་། དེའི་ས་མཚམས་བྱིན་རླབས་ཀྱིས་འཛིན་ཏེ་བྱིན་རླབས་འཚགས་སུ་རུང་བ་ནི་ལོངས་སྤྱད་བྱའོ། །དང་པོ་འཚོ་བའི་ཡོ་བྱད་ལ་བཅུ་གསུམ་སྟེ། སྣམ་སྦྱར་དང་། བླ་གོས་དང་། མཐོང་གོས་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་དང་། རྔུལ་གཟན་དང་། རྔུལ་གཟན་གྱི་གཟན་དང་། གདོང་ཕྱིས་དང་། གཡན་པ་དགབ་པ་དང་། རྣག་གཟན་དང་། སྐྲ་བཟེད་དང་། གདིང་བ་དང་། རས་ཆེན་ནོ། །དེ་རྣམས་གང་ཡང་རུང་བ་བྱིན་གྱིས་རློབ་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལྷྭམ་ཕུད། བླ་གོས་ཕྲག་པར་བཀལ། ཡུལ་དགེ་སློང་སྟེ་རྒན་ན་ཕྱག་བྱ། གཞོན་ན་ཐུགས་གཏད་པར་ཞུ་བ་དབུལ། ཡུལ་རྟེན་འགྲེངས་ཏེ་བདུད་པ་དང་བཅས་པའི་སྒོ་ནས་ཆོས་གོས་ཀྱི་གྲྭ་ནས་བཟུང་སྟེ། དངོས་གཞི་གང་བྱིན་གྱིས་རློབ་པ་དེར་བརླབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་ལ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་བདག་གི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པར་བགྱིའོ་ཞེས་ལན་གསུམ་བརྗོད། མཇུག་ཐབས་ཡིན་ནོ་ཞེས་པའི་ལན་དུ་ལེགས་སོ་ཞེས་བརྗོད། དེས་མཚོན་ནས་བླ་གོས་ལ་སོགས་བཅུ་གཉིས་པོ་ཀུན་ལ་མིང་བརྗེས་པས་ཆོག་པ་ཡིན་ཏེ། དེ་ནི་ཡོངས་སུ་རྫོགས་པའི་བྱིན་རླབས་ཡིན་ནོ། །ཆོས་གོས་སྣམ་སྦྱར་སོགས་གསུམ་གྱི་རྒྱུ་བྱིན་གྱིས་རློབ་ན་སྦྱོར་བ་དང་མཇུག་གོང་དང་འདྲ། དངོས་གཞི་བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གོས་འདི་བདག་གི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་དགུ་པ་ལ་སོགས་པར་བགྱིས་ཏེ་གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པར་བགྱིའོ། །བཀྲུའོ། །བཅང་ངོ་། །དྲའོ། །སྡེབ་བོ། །ཟུང་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ། ཆོས་གོས་འདི་ནི་རུང་བར་སྤྱོད་པར་འོས་པའོ་ཞེས་ལན་གསུམ་བརྗོད། །བླ་གོས་ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གོས་འདི་བདག་གི་ཆོས་གོས་བླ་གོས་སུ་བྱིན་གྱིས་བརླབ་བོ། །འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་བདུན་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ། །བཀྲུའོ་ལ་སོགས་པ་བདུན་གོང་དང་འདྲ། ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ། ཆོས་གོས་འདི་ནི་རུང་བ་སྤྱོད་པར་འོས་པའོ་ཞེས་ལན་གསུམ་བརྗོད། མཐང་གོས་ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གོས་འདི་བདག་གི་ཆོས་གོས་མཐང་གོས་སུ་བྱིན་གྱིས་བརླབ་བོ། །འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་ལྔ་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ། །བཀྲུའོ་ལ་སོགས་གོང་དང་འདྲ། གཉིས་པ་མཁོ་བའི་ཡོ་བྱད་ཀྱི་གོས་བྱིན་གྱིས་བརླབ་པ་ནི་དཀར་པོ་དང་། ཁ་ཚར་ཅན་དང་། ཕུན་ཚར་ཅན་ཁྲུ་གང་ཡན་ཆད་ལའང་བྱིན་རླབས་འཆགས་པ་ཡིན་ཏེ། དེ་བྱིན་གྱིས་བརླབ་པ་ནི། སྦྱོར་བ་དང་མཇུག་གོང་དང་འདྲ། དངོས་གཞི་བསམ་པས་རུང་བ་མ་ཡིན་པའི་དངོས་པོ་འདི་བདག་དང་གྲོགས་ཚངས་པར་མཚུངས་པར་སྤྱོད་པའི་རུང་བའི་དངོས་པོར་བསྒྲུབ་པར་བགྱིའོ་སྙམ་དུ་བསམས་ལ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གོས་འདི་བདག་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པའི་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བསླབ་པར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ་ཞེས་ལན་གསུམ་བརྗོད། གསུམ་པ་ལྷག་པའི་ཡོ་བྱད་ཀྱི་གོས་བྱིན་གྱིས་བརླབ་པ་ནི། གང་ཟག་སྐྱིད་དེ་བ་དང་། ཤིག་སྲོ་མང་བ་དང་། ཡུལ་ངན་པར་གནས་པ་དང་། རྔུལ་དང་དྲི་མ་ཆེ་བ་དང་། ཐོབ་པ་ཉུང་བ་དང་། ལྷ་ལས་ཚེ་འཕོས་པ་དང་། གོས་ཟས་ཀྱི་འདུན་པ་ཆུང་བ་སྟེ། བདུན་པོ་དེ་ལ་འཚོ་བའི་ཡོ་བྱད་གཉིས་པ་གནང་བ་ཡིན་པས་བྱིན་གྱིས་བརླབ་པ་ནི། སྦྱོར་བ་དང་མཇུག་གོང་དང་འདྲ། དངོས་གཞི་ལ་གོས་དེ་མཁན་པོའམ་སློབ་དཔོན་གྱི་ཡིན་པར་བཅང་བར་བྱའོ་སྙམ་དུ་བསམས་ཏེ། དེ་གཉིས་མ་ཡིན་པ་གཅིག་གི་དྲུང་དུ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གོས་ལྷག་མ་རུང་བ་མ་བགྱིས་པ་རུང་བ་བགྱི་བར་འོས་པ་འདི་མཁན་པོའི་ལགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་གཏད་དེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ་ཞེས་ལན་གསུམ་བརྗོད། བཞི་པ་ཡོ་བྱད་ཕྲན་ཚེགས་པ་ནི། འཚོ་བའི་ཡོ་བྱད་ཕྲན་ཚེགས་གཏུར་བུ་དང་། ཞྭ་དང་། སྐེ་རགས་དང་། ཆུ་ཚགས་དང་། ཚད་དུ་མ་ཆོག་པའི་གདོང་ཕྱིས་དང་། སྟན་དང་། ལྷྭམ་དང་། བྱིས་ཆིངས་དང་། ལྷྭམ་འབོབ་དང་། ལྷྭམ་སྒྲོག་དང་། པར་པུར་གྱི་སྣོད་དང་། ལྷུང་བཟེད་ཀྱི་སྣོད་དང་། ལྷུང་བཟེད་ཀྱི་ཁ་གཡོགས་སོགས་རང་རང་གི་ཚད་དུ་ལོངས་པ་རྣམས་ཡིན་ལ་དེ་རྣམས་བྱིན་གྱིས་བརླབ་པ་ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གོས་འདི་གཏུར་བུར་བྱིན་གྱིས་བརླབ་པར་བགྱིའོ་ཞེས་ལན་གསུམ་དུ་བརྗོད་དོ། །སྦྱོར་བ་དང་འཇུག་གོང་དང་འདྲ། ཞྭ་ལ་སོགས་པ་གཞན་ལའང་དེ་དང་འདྲ་ཞིང་མིང་བརྗེ། ཚད་དུ་མ་ལོངས་པའི་རས་རོས་ལ་ངག་ཏུ་བརྗོད་པའི་བྱིན་རླབས་མི་དགོས། རང་རང་གི་མིང་གིས་ལན་གཅིག་སེམས་བསྐྱེད་པས་ཆོག ལྷག་པའི་ཡོ་བྱད་ཀྱི་གོས་ཕྲན་ཚེགས་གཏུར་བུ་སོགས་གཉིས་པ་ལྟ་བུ་དང་། མཁོ་བའི་ཡོ་བྱད་ཀྱི་གོས་ཕྲན་ཚེགས་ནི་གོས་ཁྲུ་གང་བས་ཆུང་བ་ལྟ་བུ་ནི་རང་རང་གི་མིང་དུ་སེམས་བསྐྱེད་པས་བྱིན་གྱིས་བརླབ་པར་བགྱིའོ། །དེ་རྣམས་ཀྱིས་དངོས་ཀྱི་དོན་བྱིན་གྱིས་བརླབ་པའོ། །ཞར་ལ་དེ་དག་གི་བྱིན་རླབས་དབྱུང་བ་ནི། འཚོ་བའི་ཡོ་བྱད་ཀྱི་གོས་བྱིན་རླབས་འབྱིན་ན། མངོན་སུམ་དུ་གྱུར་པ་དང་། མ་གྱུར་ཀྱང་རང་གི་ལག་ན་འདུག་པར་བསམས་ལ། སྦྱོར་བ་དང་མཇུག་བྱིན་གྱིས་རློབ་པ་དང་འདྲ། དངོས་གཞི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བར་སྤྱད་པར་འོས་པ་འདི་བདག་གི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབས་པ་ལས། དེ་ལྟ་བས་ན་དངོས་པོ་དེ་སླར་དབྱུང་བར་བགྱིའོ་ཞེས་ལན་གསུམ་བརྗོད། བླ་གོས་དང་མཐང་གོས་གཉིས་ཀྱང་དེ་དང་མིང་བརྗེས་པས་ཆོག ལྷག་པའི་ཡོ་བྱད་ཀྱི་བྱིན་རླབས་འབྱིན་པའི་ཆོ་ག་མེད། འཚོ་བའི་ཡོ་བྱད་ཀྱི་གོས་ཕྲན་ཚེགས་ལ་ཚད་དུ་ལོངས་པ་གཏུར་བུ་ལྟ་བུའི་བྱིན་རླབས་འབྱིན་ན། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གོས་འདི་གཏུར་བུར་བྱིན་གྱིས་བརླབས་པ་ལས། དེ་ལྟ་བས་ན་དངོས་པོ་དེ་སླར་དབྱུང་བར་བགྱིའོ། །ཞེས་ལན་གསུམ་བརྗོད། ཚད་དུ་མ་ལོངས་པ་ལ་འདིའི་བྱིན་རླབས་དབྱུང་བར་བྱའོ་སྙམ་དུ་སེམས་བསྐྱེད་པས་ཆོག་གོ །ལྷག་པའི་ཡོ་བྱད་ཀྱི་གོས་ཕྲན་ཚེགས་ཀྱང་སེམས་བསྐྱེད་པའི་དབྱུང་བས་ཆོག མཁོ་བའི་ཡོ་བྱད་ཀྱི་གོས་ཕྲན་ཚེགས་ལ་དབྱུང་བ་མེད་དོ། །གསུམ་པ་མི་རུང་བ་ཕལ་ཆེ་བ་ཀོ་ལྤགས་ཀྱི་གཞི་ནི། ཡུལ་མཐའ་འཁོབ་ཏུ་དགེ་སློང་ལྔས་བསྙེན་པར་རྫོགས་པ་དང་། ཞྭ་དང་། མཆིལ་ལྷྭམ་དང་། ཀོ་ལྤགས་སྤྱི་དང་། ཐ་གུའི་ལྷྭམ་གནང་ལ་ཡུལ་དབུས་སུ་བཀག་གོ །དབུས་དང་མཐའ་འཁོབ་ཀྱི་ཁྱད་པར་ནི་ཆོས་ཚིགས་ཀྱིས་ཕྱེ་བ་དང་། ས་ཚིགས་ཀྱིས་ཕྱེ་བ་གཉིས་ལས། འདིར་ཕྱི་མ་སྟེ། མ་ག་དྷ་རྡོ་རྗེའི་གདན་ནས་ཤར་དུ་ལི་ཁ་ར་ཤིང་འཕེལ། ལྷོར་གྲོང་ཁྱེར་འདམ་བུ་ཅན། ནུབ་ཏུ་བྲམ་ཟེ་ཀ་བ་དང་ཉེ་བའི་ཀ་བའི་གྲོང་། བྱང་དུ་རི་བོ་མུན་པ་ཅན་གྱི་བར་རྣམས་ནི་ཡུལ་དབུས་ཡིན་ལ། དེའི་ཕྱི་རོལ་ནི་མཐའ་འཁོབ་ཡིན་ནོ། ཀོ་ལྤགས་ཀྱི་བྱེ་བྲག་སེང་གེ་དང་། སྟག་དང་། གུང་ལ་སོགས་པ་ཡུལ་མཐའ་འཁོབ་ཏུ་ཡང་བཀག་ལ། ནད་པ་ལ་ནི་ཞྭ་དང་། མཆིལ་ལྷྭམ་དང་། ཀོ་ལྤགས་ཀྱི་བྱེ་བྲག་ཡུལ་དབུས་སུ་ཡང་གནང་ངོ་། །དེ་དག་གིས་ནི་བདེ་བར་གནས་པའི་རྐྱེན་གོས་ལ་བརྟེན་ནས་བསྲུང་བ་བཤད་ཟིན་ཏོ།།  །།གཉིས་པ་བདེ་བར་གནས་པའི་རྐྱེན་ཟས་ལ་བརྟེན་ནས་བསྲུང་བ་ལ་གསུམ་སྟེ། ཟས་དངོས་ཇི་ལྟར་བསྟེན་པ། ཟས་ཀྱི་སྣོད་སྤྱད་ཅི་ལྟར་བསྟེན་པ། ཟས་ཀྱི་གནས་རུང་ཁང་ཅི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་བདུན་ཏེ། དབྱེ་བ། ངོ་བོ། མཚན་ཉིད། མིང་འདོགས་པའི་རྒྱུ། དགོས་པ། བསྟེན་ཚུལ། བྱིན་གྱིས་རློབ་པའི་ཚུལ་ལོ། །དང་པོ་ནི། དུས་སུ་རུང་བ། ཐུན་ཚོད་དུ་རུང་བ། ཞག་བདུན་པ། འཚོ་བའི་བར་དུ་བཅང་བའོ། །གཉིས་པ་ལ་དུས་སུ་རུང་བ་ནི། བཟའ་བ་ལྔ་དང་། བཅའ་བ་ལྔ་ལ་སོགས་པ་རང་གླིང་གི་སྐྱ་རེངས་ཤར་ནས་གུང་ཚིགས་ཚུན་ཆད་བསྟེན་དུ་རུང་བའོ། །ཐུན་ཚོད་དུ་རུང་བ་ནི་ཙོ་ཚྭ་དང་། ཆུ་ཤིང་གི་འབྲས་བུ་དང་། རྒྱ་ཤུག་དང་། ཨ་ཤྭ་ཀ་དང་། ཨུ་དུམ་ཝཱ་ར་དང་། པ་རུ་ཤ་ཀ་དང་། རྒུན་འབྲུམ་དང་། འབྲ་གོའི་བཏུང་བ་སོགས་དང་། བཅོས་པའི་ཚྭ་དང་། འབྲུའི་ཚྭ་དང་། ཞོའི་ཁ་ཆུ་དང་། དར་བའི་དྭངས་མ་དང་། རྩབས་མོ་སྟེ་སྐྱུར་པོ་ལྔ་རུང་ཆུས་བཏབ་པ། ཚགས་ཀྱིས་བཙགས་པ། ཤིན་ཏུ་སླ་བ་བཞིན་སྣང་བ། འདམ་བུ་ཉག་མའི་མདོག་ལྟ་བུའི་བཏུང་བ་དེ་རྣམས་བྱིན་གྱིས་མ་བརླབས་པ་ནི་ཐམས་ཅད་ཀྱིས་བཏུང་དུ་རུང་ཞིང་། བྱིན་གྱིས་བརླབས་པ་ནི་ནད་པས་བཏུང་བར་བྱ་བ་ཡིན་ནོ། །རྒྱུ་དུས་རུང་ཡིན་ན་དེ་སྔ་དྲོ་ནས་མཚན་མོའི་ཐུན་དང་པོའི་བར་དུ་བསྟེན་དུ་རུང་བའོ། །ཞག་བདུན་པ་ནི་ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་ལྟ་བུ་བྱིན་གྱིས་མ་བརླབས་པ་དུས་ཐམས་ཅད་དུ་ཐམས་ཅད་ཀྱིས་བསྟེན་དུ་རུང་ཞིང་། བྱིན་གྱིས་བརླབས་པ་ནད་པ་དང་། ལམ་ཞུགས་དང་། དགེ་སྐོས་དང་། ལག་གི་གླ་རྣམས་ཀྱིས་བསྟེན་དུ་རུང་ལ། གཞན་གྱིས་བསྟེན་དུ་མི་རུང་ངོ་། །འཚོ་བའི་བར་དུ་བཅང་བ་ནི་རྩ་བ་དང་། སྡོང་བུ་དང་། མེ་ཏོག་དང་། འདབ་མ་དང་། འབྲས་བུའི་སྨན་ཏེ་ཨར་བར་སྐྱུར་གསུམ་ལ་སོགས་པ་དང་། ཚྭ་ལྔ་དང་། འགྱུར་བྱེད་ལྔ་ལ་སོགས་པའོ། །གསུམ་པ་ལ་དུས་རུང་གི་མཚན་ཉིད། བཀྲེས་པ་སེལ་བ་གཙོ་བོར་གྱུར་ཅིང་། སྤྱིར་བཏང་དུ་ཕྱི་དྲོ་མི་རུང་བའོ། །ཐུན་ཚོད་དུ་རུང་བའི་མཚན་ཉིད། རབ་བྱུང་ལ་གནང་ཞིང་སྐོམ་པ་སེལ་བ་གཙོ་བོར་གྱུར་པའི་བཏུང་བའོ། །ཞག་བདུན་པའི་མཚན་ཉིད། བཀྲེས་པ་དང་འདུས་ནད་སེལ་བ་གཙོ་བོར་གྱུར་ཅིང་བྱིན་གྱིས་མ་བརླབས་ན་དུས་ཐམས་ཅད་དུ་རུང་ཞིང་ཞག་བདུན་ལས་མ་འདས་པར་བྱིན་གྱིས་བརླབ་པའོ། །འཚོ་བའི་བར་དུ་བཅང་བའི་མཚན་ཉིད། འདུས་ནད་སེལ་བ་ལ་གཙོ་བོར་གྱུར་ཅིང་། ནད་ཞི་བའི་མཐའ་ཚུན་ཆད་དུ་བཅང་དུ་རུང་བའོ། །བཞི་པ་ནི་སྔ་དྲོའི་དུས་ཁོ་ནར་རུང་བས་དུས་རུང་། ཐུན་ཚོད་ཀྱི་མཐར་རུང་བས་ཐུན་ཚོད་རུང་བ། བྱིན་གྱིས་བརླབ་ན་ཞག་བདུན་ཁོ་ནར་རུང་བས་ཞག་བདུན་པ། ནད་སོས་ཀྱི་བར་དུ་རུང་བས་འཚོ་བའི་བར་དུ་བཅང་བའོ། །ལྔ་པ་དགོས་པ་ནི། བཀྲེས་པ་སེལ་བ་སོགས་གོང་བཞིན་ནོ། །དྲུག་པ་ནི་ནད་པས་ནི་མིག་སྨན་དང་དོམ་ལྤགས་སོགས་ལུས་ཀྱིས་བསྟེན་པ་དང་། དུས་རུང་དུས་མ་ཡིན་པར་བསྟེན་པ་དང་། དུས་མ་ཡིན་པར་རུང་བ་བྱིན་གྱིས་བརླབས་པའི་མཐའ་ཚུན་ཆད་དུ་བསྟེན་པ་ལ་སོགས་པའོ། །མི་ན་བས་དུས་རུང་དུས་དེ་ཉིད་དུ་བསྟེན་པ་དང་། དུས་མ་ཡིན་པ་རུང་བ་བྱིན་གྱིས་མ་རླབས་པ་དུས་ཐམས་ཅད་དུ་བསྟེན་དུ་རུང་ངོ་། །བདུན་པ་སྨན་བྱིན་གྱིས་བརླབ་ཚུལ་ནི་ཐུན་ཚོད་དུ་རུང་བ་ལ་སྔ་དྲོ་རུང་ཆུ་གཏོར། བྱིན་ལེན་བྱས་ནས་ཡུལ་དང་བརྟེན་གཉིས་ཀ་འགྲེང་སྟེ། ལག་པ་གཡོན་དུ་བཞག་གཡས་པས་བཀབ་ནས། དགོངས་གསོལ། བདག་མིང་འདི་ཞེས་བགྱི་བའི་ཐུན་ཚོད་དུ་རུང་བའི་སྨན་འདི་བདག་དང་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ཀྱིས་བགྱི་བ། ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་བོ་ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །ཞག་བདུན་པ་དང་འཚོ་བའི་བར་དུ་བཅང་བ་ལ་ཡང་དེ་བཞིན་ནོ། །ལྷག་པ་བྱིན་གྱིས་བརླབ་ན་དགོངས་གསོལ། བདག་མིང་འདི་ཞེས་བགྱི་བའི་སྨན་ལྷག་པ་རུང་བ་མ་བགྱིས་པ་རུང་བར་བགྱི་བར་འོས་པ་འདི། མཁན་པོའི་ལགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་གཏད་དེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ་ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །སྨན་ཕྲན་ཚེགས་བྱིན་གྱིས་བརླབ་པ་ནི་སྣར་བླུགས་པ་དང་། རྐང་ལག་བཀྲུ་བ་དང་། ཤུ་བ་དང་། བོལ་ཐོག་ལ་སོགས་པ་ལ་བྱུག་པའི་དོན་དུ་བཅང་བར་བགྱིའོ་སྙམ་དུ་སེམས་བསྐྱེད་པས་ཆོག་གོ །བྱིན་རླབས་དབྱུང་བ་ནི། དགོངས་གསོལ། བདག་མིང་འདི་ཞེས་བགྱི་བའི་སྨན་འདི་གང་གི་ཚེ་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབས་པ་ལས། དེ་ལྟ་བས་ན་དངོས་པོ་དེ་ཉིད་སླར་དབྱུང་བར་བགྱིའོ་ཞེས་ལན་གསུམ་ཐབས་ལེགས་བྱའོ། །གཞན་གྱི་མིང་ཡིན་ན་མིང་བརྗེའོ། །ལྷག་པའི་དབྱུང་བ་ནི། དགོངས་གསོལ་བདག་མིང་འདི་ཞེས་བགྱི་བའི་སྨན་ལྷག་པ་འདི་གང་གི་ཚེ་མཁན་པོའི་ལགས་པར་རུང་བར་བགྱིས་པ་ལས་དེ་ལྟ་བས་ན་དངོས་པོ་དེ་ཉིད་སླར་དབྱུང་བར་བགྱིའོ་ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །བྱིན་རླབས་འཇིག་པའི་རྒྱུ་ནི་བྱིན་ལེན་ཞིག་པ་དང་། རོ་འགྱུར་བ། ཆོ་གས་ཕྱུང་བ་དང་། རང་རང་གི་དུས་ལས་འདས་པའོ། །གཉིས་པ་སྨན་གྱི་སྣོད་སྤྱད་ཇི་ལྟར་བསྟེན་པའི་ཚུལ་ནི། སྣོད་སྤྱད་ཀྱང་མཐའ་གཉིས་སྤངས་ཏེ། རུང་བ་ཚད་ལྡན་བྱིན་གྱིས་བརླབས་ཏེ་ལོངས་སྤྱད་པ་ཡིན་པས། དེའི་སྦྱོར་བ་ནི་ཡུལ་དགེ་སློང་དེ་རྒན་ན་ཕྱག་འཚལ། གཞོན་ན་ཐུགས་གཏད་པར་ཞུ་བ་དབུལ། གཉིས་ཀ་སྤྱོད་ལམ་འགྲེང་སྟེ། གཉིས་ཀའི་ལག་པ་གཡོན་པའི་སྟེང་དུ་ལྷུང་བཟེད་བཞག གཡས་པས་ཁ་དགབ། དངོས་གཞི་བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་སློང་བའི་སྣོད་དུ་བྱིན་གྱིས་བརླབ་པར་བགྱིའོ་ཞེས་ལན་གསུམ་བརྗོད། མཇུག་ཐབས་ཡིན་ནོ་ཞེས་པའི་ལན་དུ་ལེགས་སོ་ཞེས་བརྗོད། སྣོད་སྤྱད་ཕྲན་ཚེགས་པ་ནི། ལྷུང་བཟེད་ཆུང་ངུ་དང་། འཕུལ་བའི་བཏུང་ཕོར་དང་། སྨན་ཕོར་དང་། སྡེར་སྤྱད་དང་། རིལ་བ་སྤྱི་བླུགས་དང་། ཡོ་བྱད་ཕྲན་ཚེགས་པ་ནི། ཁབ་དང་། གྲི་གུ་དང་། སྤུ་གྲི་དང་། སེན་མོ་གཅོད་པའི་ལག་ཆ་དང་། སྙུང་བུ་ལ་སོགས་པ་ཡིན་ཏེ། དེ་དག་གི་བྱིན་རླབས་ནི། རང་རང་གི་མིང་གིས་སེམས་བསྐྱེད་པས་ཆོག་གོ །ལྷུང་བཟེད་ཀྱི་བྱིན་རླབས་འབྱིན་པ་ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་སློང་བའི་སྣོད་དུ་བྱིན་གྱིས་བརླབས་པ་ལས། དེ་ལྟ་བས་ན་དངོས་པོ་དེ་སླར་དབྱུང་བར་བགྱིའོ་ཞེས་ལན་གསུམ་བརྗོད། གསུམ་པ་ཟས་ཀྱི་གནས་རུང་ཁང་ཇི་ལྟར་བྱ་བའི་ཚུལ་ལ་ལྔ་སྟེ། གཞི་གང་ལ་རུང་ཁང་བཅད་པ་དང་། གང་ཟག་གང་གི་དང་། དུས་ནམ་གྱི་ཚེ་དང་། དགོས་པ་གང་གི་ཆེད་དང་། བཅད་པའི་ཆོ་གའོ། །དང་པོ་ནི། རང་ངམ་རང་དང་འདྲ་བའི་མཚམས་ཀྱི་ནང་སྲ་བ་དང་འབྲེལ་བ། བླ་གབ་མེད་པ་དང་། ཀུན་ལ་མཁོ་བ་དང་། ཤིང་དྲུང་དང་། གླང་པོ་ཆེའི་རྭ་བ་སོགས་སངས་རྒྱས་ཀྱིས་བཀག་པ་མ་ཡིན་པའོ། །གཉིས་པ་ནི། ལག་གི་གླ་འབའ་ཞིག་གིས་དང་། ལག་གི་གླ་དང་། དུ་མས་དང་། དགེ་འདུན་གྱིས་དང་། དེ་དག་མེད་པ་ན་གནས་པའི་ཕྱིར་དགེ་སློང་ཇི་སྙེད་ཕྱིན་པའོ། །གསུམ་པ་ནི། དང་པོ་སོ་ཕག་འགྲེམས་པའི་དུས་དང་། ཕྱིས་ལས་གསར་པ་དང་བཅས་པའི་དུས་དང་། གཞན་གྱི་ཚེ་དགེ་སློང་གནས་པ་དང་མ་བྲལ་བའི་དུས་དང་། དེ་དག་མེད་པ་ན་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པའོ། །བཞི་པ་ནི་མཚམས་བཙོས་དང་། ཞག་ལོན་ལ་སོགས་པའི་ཉེས་པ་མཚམས་ནང་ན་གནས་པའི་དགེ་སློང་ཀུན་ལ་མི་འབྱུང་བའོ། །ལྔ་པ་ཆོ་ག་ལ་གསུམ་ལས། དང་པོ་གཉིས་ལ་ནི་ལག་གི་གླས་སོ་ཕག་ལྟ་བུ་གཅིག་བཟུང་ནས་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ། །ཞེས་སེམས་བསྐྱེད་པར་བྱ་ཞིང་ངག་ཏུ་ཡང་བརྗོད་པའོ། །གསུམ་པ་ལ་ནི་དགེ་སློང་བཞི་ཡན་ཆད་ཀྱིས་མཆིལ་ལྷྭམ་ཕུད། སྤྱོད་ལམ་ཐང་ལ་འདུག་ནས་ལས་མཁན་གཅིག་གིས་ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབས་པ་དང་། གནས་ཀྱི་བློ་མཐུན་བྱས་ནས་དགོངས་གསོལ། གནས་ཐམས་ཅད་བགྱིས་ལགས་པ། ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བཞེད་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབས་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་རུང་བ་ཁང་པར་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ་ཞེས་ལན་གཅིག་བརྗོད། བརྗོད་པའི་ལས་ལ་ཐུགས་གཏད་པར་ཞུ་བྱས་ལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པའི་འདི་དགེ་འདུན་གྱི་རུང་བའི་ཁང་པར་བཞེད་དེ། དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་ལགས་པ། ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་ལགས་པ། ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་རུང་བའི་ཁང་པར་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གནས་ཐམས་ཅད་ལགས་པ། ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་ལན་གཅིག་བརྗོད། བཞི་པ་ལ་ནི་སེམས་བསྡུས་པས་བྱིན་གྱིས་བརླབས་ཏེ། གནས་ཁང་དེར་དགེ་འདུན་ཕྱིན་པ་ཐམས་ཅད་ཀྱིས་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་སེམས་སྡུས་ཤིག་ཅེས་ལན་གསུམ་བརྗོད་དོ། །རུང་ཁང་བྱིན་གྱིས་བརླབས་པའི་རྐྱེན་དེ་དག་མ་འབྱོར་ཞིང་། ཟས་བཙོ་བ་དང་། འཇོག་པ་དང་། རེག་པ་སོགས་བྱེད་དགོས་བྱུང་ན་འདི་ཙམ་དྲན་པར་བྱ་སྟེ། བདག་ནི་བསླབ་པ་རྣམས་ལ་མི་གུས་པ་མ་ཡིན་ནོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པ་དང་ལྡན། གཟིགས་པ་དང་ལྡན་པ་དག་གི་རུང་བའི་ཁང་པ་དང་། ཟས་ཀྱི་ཁང་པར་ལོངས་སྤྱོད་ཅིང་། མཁྱེན་ཅིང་གཟིགས་པ་དེ་ལྟ་ན་འདི་བདག་གི་ཕྱིར་དྲན་པ་ཉེ་བར་འཇོག་གོ །དེས་བདག་གི་ཚངས་པར་སྤྱོད་པ་རྗེས་སུ་འཛིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱ་ཞིང་ངག་ཏུ་ཡང་བརྗོད་པར་བྱའོ། །དེ་ལྟར་རབ་བྱུང་གི་གཞི་ནས་སྨན་གྱི་གཞིའི་བར་གཞི་བརྒྱད་སོང་ནས་སྐབས་འདིར་སློབ་དཔོན་ཡོན་ཏན་འོད་ཀྱིས་ལས་ཀྱི་གཞི་གསུངས་པ་ནི་གོང་འོག་ཐམས་ཅད་ལས་ལ་རག་ལས་པ་ལ་དགོངས་ལ་ལས་ལ་རྣམ་པ་མང་ཡང་། ཕྱི་རབས་ཀྱི་གང་ཟག་རྣམས་ལ་ཉེ་བར་མཁོ་བའི་ལས་རྣམས་བསྡུས་ནས་བརྒྱ་རྩ་གཅིག་སྟེ་ལུང་གཏམ་གྱི་གཞི་ལས། བཙུན་པ་ལས་དུ་དག་ཏུ་མཆིས། ཉེ་བར་འཁོར་བརྒྱ་རྩ་གཅིག་གོ །བཙུན་པ་ལས་དུ་དག་གིས་ལས་ཐམས་ཅད་བསྡུས། ཉེ་བར་འཁོར་གསུམ་གྱིས་ཏེ་གསུམ་གང་ཞེ་ན། གསོལ་བའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་སོ། །དང་པོ་ནི་ཉེར་བཞིའོ། །གཉིས་པ་ནི་བཞི་བཅུ་རྩ་བདུན་ནོ། །གསུམ་པ་ནི་སུམ་ཅུའོ་ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་བདེ་བར་གནས་པའི་རྐྱེན་གནས་མལ་ལ་བརྟེན་ནས་བསྲུང་བ་ནི། དང་པོར་གཞུང་ལས་འབྱུང་བ་བཞིན་བསྒྲུབ་པར་བྱ་ཞིང་། དེའང་དགེ་འདུན་གྱི་གནས་མལ་དང་། གང་ཟག་གི་ཁྲ་བོ་དང་དཀར་པོ་ཕལ་ཆེར་མ་ཉམས་པ་ལ། གདིང་བ་མཚན་ཉིད་དང་ལྡན་པས་བསྐྱབ་པ་སོགས་ཚུལ་བཞིན་ལོངས་སྤྱོད་དགོས་པ་ཡིན་ནོ། །མཐུན་པའི་རྐྱེན་དེ་དག་ཀྱང་རང་གི་ནོར་དང་། གཞན་གྱི་རྙེད་པ་ལ་ལྟོས་དགོས་ཏེ། དེ་དག་ཇི་ལྟར་སྒྲུབ་པའི་ཚུལ་དང་། བྱིན་གྱིས་བརླབ་པ་གཉིས་ཡིན། ཇི་ལྟར་སྒྲུབ་པ་ལ། དུས་རྒྱུན་དང་གློ་བུར་གྱི་རྙེད་པ་དང་། ཤི་བའི་ཡོ་བྱད་ཀྱི་རྙེད་པ་གཉིས་ཡིན། དང་པོ་ལའང་གནས་ཀྱིས་བསྒྲུབ་པ། དབྱར་གྱིས་བསྒྲུབ་པ། མཚམས་ཀྱིས་བསྒྲུབ་པ། ཆོས་ཀྱིས་བསྒྲུབ་པ། ཁྲིམས་སུ་བཅའ་བས་བསྒྲུབ་པའོ། །གཉིས་པ་ཤི་བའི་ཡོ་བྱད་ལའང་ངོ་བོའི་སྒོ་ནས་དགེ་འདུན་སྤྱིར་དབང་བ་དང་། གཞན་སེལ་བའི་སྒོ་ནས་དགེ་འདུན་ལ་མི་དབང་བ་གཉིས་ཡིན། དེ་དག་གཞན་གྱི་འཕྱས་སྨད་མེད་ཅིང་། རང་གིས་བསམ་ན་ཡིད་མི་བརློང་པ། དགེ་འདུན་ནམ་གྲོགས་དང་བཅས་པས་ཆོས་ལྡན་གྱི་རྙེད་པ་གྲུབ་ན། སྤུ་ས་ལིའི་འདབ་མ་ཙམ་དང་། མར་མེའི་སྙིང་པོ་ཙམ་གྱི་ཚད་ཀྱིས་ཀྱང་སྙོམས་པར་བགོ་བཤའ་བྱའོ། །དེའང་རྙེད་པ་ལ་ལྔ་བྱའོ། །དེང་རྙེད་པ་འགྱེད་པར་འགྱུར་གྱི་དེར་ཁྱེད་ཅག་ཚོགས་པར་བྱའོ་ཞེས་དགེ་འདུན་ལ་བརྗོད་པར་བྱ་བ་དང་། གཎྜི་བརྡུང་བ་དང་། ཚུལ་ཤིང་འགྲིམ་པ་དང་། བགྲངས་པ་དང་། སོ་སོའི་སྐལ་བ་བྲིམ་པའོ་ཞེས་པ་ལྔ་པོ་རྙེད་པ་བགོ་བ་ཀུན་ལ་བྱའོ། །གཉིས་པ་བྱིན་གྱིས་བརླབ་པ་ནི་ཤི་བའི་ནོར་རྫས་དང་། ནོར་འདྲ་བྱིན་གྱིས་བརླབ་པར་འདོད་ན་རོ་དབྱུང་བ་དང་། རིམ་གྲོ་དང་། ཆོས་ཉན་དུ་གཞུག་པ་དག་བྱས་ནས་གསོལ་བ་འབའ་ཞིག་གིས་བྱིན་གྱིས་བརླབ་པ་ཡིན་ནོ། །རིན་པོ་ཆེ་གསེར་དངུལ་ལ་སོགས་པ་བྱིན་གྱིས་བརླབ་པ་ནི། སྦྱིན་བདག་གམ་ཞལ་ཏ་བས་མཐུན་པའི་རྐྱེན་བསྒྲུབ་ན་ལེགས་མོད་ཀྱི་དེ་དག་མེད་པ་རང་གིས་བྱིན་གྱིས་བརླབ་ན། སྦྱོར་བ་ནི་བསྙེན་པར་མ་རྫོགས་པ་གཅིག་ལ་ཟུར་གྱིས་བསྒོས་ནས་ཡུལ་དགེ་སློང་དང་། རང་གི་མདུན་དུ་འཇོག་ཏུ་བཅུག་ལ་ཡུལ་དེ་རྒན་ན་ཕྱག་བྱ། གཞོན་ན་ཐུགས་གཏད་པར་ཞུ་བ་དབུལ། ཡུལ་དང་བདག་ཉིད་གཉིས་ཀས་སྤྱོད་ལམ་འགྲེང་སྟེ། གཉིས་ཀའི་ལག་པ་རིན་པོ་ཆེ་ལ་མ་རེག་པ། མེ་འདེ་བའི་ཕྱག་རྒྱས་དགབ། དངོས་གཞི་ནི་བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ཡིན་པ་འདི་རྙེད་དེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབ་བོ། །དངོས་པོ་རུང་བ་མ་ལགས་པ་འདིས་དངོས་པོ་རུང་བ་བསྒྲུབ་པར་བགྱིའོ། །ཞེས་ལན་གསུམ་བརྗོད། མཇུག་ཏུ་ཐབས་ལེགས་བྱ། གོས་ཟས། སྣོད་སྤྱད། གནས་ཁང་། གནས་མལ་རུང་བ་ཚད་ལྡན་རྣམས་བྱིན་གྱིས་བརླབས་ནས་ལོངས་སྤྱད་དུ་རུང་བ་ཡིན་ན། དེ་དག་མི་རུང་བ་དང་། ཚད་དུ་མ་ཆོག་པ་རྣམས་ལ་རྐྱེན་དང་ལྡན་པའི་དུས་སུ་ལོངས་ཇི་ལྟར་སྤྱད། བཅས་པའི་ཁ་ན་མ་ཐོ་བ་བསྲུང་པས་རང་གཞན་གྱི་ལུས་དང་ལོངས་སྤྱོད་ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་ན་ཇི་ལྟར་སྤང་སྙམ་ན་དུས་དྲན་བྱེད་པ་ཡིན་ཏེ། མདོ་རྩ་ལས། སྟོན་པ་དང་། ཆོས་དང་། དགེ་འདུན་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཆོས་དང་ལྡན་པའི་དོན་ཉིད་དང་། ལྷུང་བཟེད་དང་། ཚོན་གྱི་ལས་ལ་བརྟག་པ་ནི་དུས་བྱིན་གྱིས་བརླབ་པ་ཡིན་ནོ་ཞེས་གསུངས། དེ་ལ་བདུན་ཡོད་པའི་དུས་དྲན་གྱི་བྱེད་པ་ནི་ཉེས་བྱས་འགོག་བྱེད་ཡིན་ཏེ། གནང་བའི་རྐྱེན་ཉེ་བར་གནས་པའི་ཚེ་དུས་དྲན་མ་བྱས་ཀྱང་དངོས་གཞི་མི་འབྱུང་སྟེ། དགག་བཅས་དང་འགལ་བ་མེད་ཅིང་སྒྲུབ་པའི་བཅས་པ་ཡལ་བར་དོར་བ་མེད་པས་སོ། །དེས་ན་ཉེས་བྱས་འགོག་བྱེད་ཀྱང་གནང་བའི་དུས་དྲན་པར་མ་བྱས་པའི་ཉེས་བྱས་འགོག་པར་བྱེད་དོ། །གཉིས་པ་དུས་དྲན་གྱི་གཞི་ནི་བཀག་པ་དེ་རྐྱེན་ལ་ལྟོས་ཏེ་གནང་བ་སྟེ། དེ་ཡང་ངེས་པ་ལྔ་དང་བྲལ་བའོ། །གསུམ་པ་གང་གི་ཚེ་བྱ་བ་ནི། མ་ཞུགས་པ་འཇུག་པར་འདོད་པའི་ཚེའོ། །བཞི་པ་དུས་ཇི་སྙེད་དུ་བྱ་བ་ནི། བྱ་བ་དེ་མ་ཟིན་གྱི་བར་དུ་ཡིན་ལ། དེ་ཡང་སྦྱོར་བ་ཐ་དད་པ་དང་། ཉིན་མཚན་ཐ་དད་པ་གཉིས་ནི་མ་ཡིན་ནོ། །ལྔ་པ་ངོ་བོ་ནི། དགེ་སྦྱོང་གིས་བརྟག་པའི་ཚུལ་བཞིན་ཡིད་བྱེད་དང་བཅས་པའི་ས་མཚམས་འཛིན་པར་བྱེད་པ་དང་། དགག་བྱ་འགོག་པར་བྱེད་པའོ། །དྲུག་པ་དབྱེ་བ་ནི། དགག་བྱ་ཉེས་དམིགས་འགོག་པ་དང་། བརྒྱུད་པ་རྒྱུར་འགྲོ་འགོག་པའོ། །བདུན་པ་དུས་དྲན་གྱི་དགོས་པ་ལ་གཉིས་ཏེ། དངོས་ཀྱི་དགོས་པ་ནི་ཆོ་ག་མ་བྱས་པའི་ཉེས་པ་འགོག་པའོ། །བརྒྱུད་པའི་དགོས་པ་ནི། གནང་བའི་དུས་དྲན་བྱས་པས་མ་གནང་བའི་དུས་སེལ་བར་བྱེད། དེས་བཅས་པ་རྣམ་གཞག་མཚམས་བསྲུང་བའི་དགོས་པ་འགྲུབ་པ་དང་། དགག་བྱ་ཉེས་དམིགས་ཁེགས་པའོ། །དེ་དག་གིས་ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས་བསྟན་ཟིན་ཏོ།།  །།གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཐབས་ལ་གཉིས་ཏེ། ལྟུང་བ་ཕྱིར་བཅོས་པ་དང་། རྩོད་པ་ཕྱིར་བཅོས་པའོ། །དང་པོ་ལ་གཉིས་ཏེ། མོས་པ་བཤགས་པའི་སྒོ་ནས་ཕྱིར་བཅོས་པ་དང་། མི་མོས་པ་གླེང་ཞིང་བསྐུལ་བའི་སྒོ་ནས་ཕྱིར་བཅོས་པའོ། །དང་པོ་ལ་གཉིས་ཏེ། ཕྱིར་བཅོས་དངོས་དང་། དེའི་ཆ་རྐྱེན་ནོ། །དང་པོ་ལ་གཉིས་ཏེ། བདག་ཉིད་མི་སྤྲོ་བ་ལ་ནན་ཏུར་གྱིས་ཕྱིར་བཅོས་པ་དང་། སྤྲོ་བ་མཐོལ་བ་ལ་སོགས་པའི་སྒོ་ནས་ཕྱིར་བཅོས་པའོ། །དང་པོ་ལ་གསུམ་སྟེ། ནན་ཏུར་སྤྱིར་བཏང་བ་དང་། ནན་ཏུར་བྱས་པ་ལ་བཟོད་པ་བླང་བ་དང་། ནན་ཏུར་སོ་སོའི་མཚན་ཉིད་དོ། །དང་པོ་ལ་དྲུག་སྟེ། གཞི་གང་ལ་བྱ་བ། དགེ་འདུན་གང་གིས་བྱ་བ། ཆོ་ག དགོས་པ། སའི་ཁྱད་པར། སྒྲ་དོན་ནོ། །དང་པོ་ནི། གཞི་མ་ཞི་བར་ཤེས་པ་ལ་མཐོང་ཐོས་ཀྱིས་ནན་ཏུར་བྱེད་དོ། །གཉིས་པ་ནི། དགེ་འདུན་མཚན་ཉིད་གསུམ་ལྡན་གྱིས་སོ། །གསུམ་པ་ནི། སྦྱོར་བ་གླེང་དྲན་བཞམས་བསྒོ་སྔོན་དུ་སོང་ནས། དངོས་གཞི་གསོལ་བཞིའི་ལས་དང་། མཇུག་གནས་འདིའམ་དགེ་འདུན་འདི་ཉིད་ཀྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ་ཞེས་པའོ། །བཞི་པ་ནི། རྒྱུ་མ་བཏང་བ་ལ་བཤགས་པ་བྱས་ཀྱང་མི་འཆགས་པས་བྱ་བ་ངན་པ་འཕྲོ་གཅོད་པ་དང་། ལམ་ངན་པ་ལས་བཟློག་ནས་ལམ་དུ་གཞུག་པ་དང་། དགེ་སློང་རྣམས་ཡིད་ཆེས་པའི་དགོས་པའོ། །ལྔ་པ་ནི། ནན་ཏུར་གྱི་ནང་ནས་ས་གཞན་ན་གནས་པའི་ཁྱད་པར་ནི་མཉམ་པ་དང་ཁྱད་པར་ཅན་གྱིས་སྤྱོད་པ་དོར་བའོ། །དྲུག་པ་ནི། འགྲེལ་པས་འོག་ཏུ་གཞུག་ཅིང་བཤུང་བའི་དོན་གྱིས་ནན་ཏུར་ཞེས་སོ། །གཉིས་པ་ལ་དྲུག་སྟེ། ཡུལ་གང་ལ་དང་། དགེ་འདུན་གང་གིས་དང་། མཚམས་གང་དུ་དང་། བསམ་པ་ཅི་ལྟ་བུས་དང་། ཆོ་ག་གང་གིས་དང་། དགོས་པ་གང་གི་ཆེད་དུའོ། །ཡུལ་ལ་བཅུ་གཅིག་སྟེ། འཁོན་གྱི་བསམ་པས་མི་འཛིན། རྟེན་ཕྱིན་ཅི་ལོག་ལ་མི་བརྟེན། རྟགས་ཕྱིན་ཅི་ལོག་མི་འཆང་། བསླབ་པ་ཕྱིན་ཅི་ལོག་མི་སློབ། ང་རྒྱལ་དང་རྒྱགས་པ་སྤང་བ་དང་། དམན་པ་ནས་འབྱུང་བ་བསྐྱོད་པ་དང་། མཉམ་པའི་སྤྱོད་པ་ལ་སློབ་པ་དང་། རྒྱུ་ལས་ལོག་པ་དང་། བཟོད་པར་གསོལ་བ་དང་། རང་བཞིན་དུ་གནས་པ་དང་། ཚོགས་སུ་མ་ལོངས་པ་དང་། གཟུགས་མ་བསྒྱུར་བའོ། །དགེ་ཚུལ་ལ་དགེ་སློང་གི་བསླབ་པ་ལ་སློབ་པ་དབྲིའོ། །ཁྱིམ་པ་ལ་བཟོད་པ་བླང་བ་ལ་དགེ་སློང་གི་བསླབ་པ་ལ་སློབ་པ་དང་། ཆོ་ག་མ་ཡིན་པ་མི་སྤྱོད་པ་དང་། ཁྱིམ་པའི་རྟགས་མི་འཆང་བ་བོར་བའི་མཚན་ཉིད་གཞན་དགོས་པའོ། །དགེ་འདུན་ནི་མཚན་ཉིད་གསུམ་དང་ལྡན་པ་དང་། ནན་ཏུར་བྱེད་མཁན་གྱིས་བསྐོས་པའོ། །གནས་ནི་མཚམས་ནང་ནའམ། དེ་ཉིད་བསྐོས་པའི་མཚམས་ནང་ནའོ། །བསམ་པ་འདུ་ཤེས་མ་འཁྲུལ་བ། ཀུན་སློང་མྱ་ངན་ལས་འདས་པའི་བསམ་པས་བསམ་པ་ཐག་པས་བཟོད་པ་གསོལ་བར་འདོད་པའོ། །ཆོ་ག་ལ་གསུམ་ལས་སྦྱོར་བ་ནི་ལན་གསུམ་གསོལ་བ་བཏབ་པའོ། །དངོས་གཞི་གསོལ་བ་དང་བཞིས་སྦྱིན་པའོ། །མཇུག་སྤྲོ་བ་བསྐྱེད་པའོ། །དགོས་པ་ནི་རང་བཞིན་དུ་གནས་པ་ཐོབ་པའོ། །གསུམ་པ་ནན་ཏུར་སོ་སོའི་མཚན་ཉིད་ལས་དང་པོ་བསྡིག་པ་ནན་ཏུར་ལ་སྤྱི་དོན་དྲུག་སྟེ། གཞི་གང་ལ་བྱ་བ་དང་། དགེ་འདུན་གང་གིས་དང་། ཆོ་ག་དང་། དགོས་པ་དང་། སའི་ཁྱད་པར་དང་། མིང་གདགས་པའི་རྒྱུ་མཚན་ནོ། །གཞི་ནི་དོན་ཡོད་རུང་མེད་རུང་ཆེ་རུང་ཆུང་རུང་འཐབ་དཀྲོལ་རྒྱུན་དུ་བྱེད་པའོ། །དགེ་འདུན་མཚན་ཉིད་གསུམ་ལྡན་གྱིས་སོ། །ཆོ་ག་ལ་གསུམ་ལས་སྦྱོར་བ་གླེང་དྲན་བཞམས་བསྒོ་སྔོན་དུ་སོང་བའོ། །དངོས་གཞི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །མཇུག་ཏུ་བརྗོད་པ་གནས་འདིའམ་དགེ་འདུན་འདི་ཉིད་ཀྱིས་ཁྱོར་བག་ཡངས་སུ་བྱེད་པར་འགྱུར་རོ་ཞེས་བརྗོད་པའོ། །དགོས་པ་ནི་བྱ་བ་ངན་པ་འཕྲོ་གཅོད་དུ་གཞུག་པ་དང་། ལམ་ངན་པ་ལས་བཟློག་ནས་ལམ་དུ་གཞུག་པའི་ཕྱིར་རོ། །སའི་ཁྱད་པར་ནི་ཁྱད་པར་ཅན་གྱིས་སྤྱོད་པ་སྤངས་པའོ། །མིང་གདགས་པའི་རྒྱུ་མཚན་ནི་འཐབ་དཀྲོལ་ཅན་ལ་ལས་ཀྱིས་བསྡིགས་པས་ནའོ། །དེ་བཞིན་དུ་ནན་ཏུར་གྱི་ལས་ཐམས་ཅད་ལ་ཡང་སྤྱི་དོན་དྲུག་ཏུ་ཤེས་པར་བྱའོ། །བསྡིགས། སྨད། བསྐྲད། ཕྱིར་འགྱེད་བཞི་ནི་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་བའོ། །གནས་དབྱུང་བདུན་ནི་དེའི་ཐོག་ཏུ་ཆོས་དང་ཟང་ཟིང་གིས་སྤོང་བའོ། །གནས་དབྱུང་བདུན་ནི་མ་མཐོང་བ་གནས་ནས་དབྱུང་བ། ཕྱིར་མི་འཆོས་པ། སྡིག་ལྟ་མི་གཏོང་བ། འཐབ་དཀྲོལ་བྱེད་པ། རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པ་ཉེ་བར་མ་ཞི་བ། འཐབ་དཀྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ། དགེ་སློང་མ་དང་སྡེ་ཞིང་གནས་པ་དབྱུང་བའོ། །བཅུ་གཅིག་པོ་དེའི་སྟེང་དུ་གསོ་སྦྱོང་བཞག་པ། དགག་དབྱེ་བཞག་པ་སྟེ་རབ་བྱུང་ལ་ནན་ཏུར་བཅུ་གསུམ་ཡིན་ལ། ཁྱིམ་པ་ལ་ལྷུང་བཟེད་ཁས་སྦུབ་པ་དང་བཅུ་བཞིའོ། །བསྡིགས་པ་སོགས་བཞི་ནི་རིམ་པ་ལྟར་འཐབ་དཀྲོལ་བྱེད་པ་དང་། ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་དང་། ཁྱིམ་སུན་འབྱིན་པ་དང་། ཁྱིམ་པ་ལ་བརྙས་ཐབས་བྱེད་པ་རྣམས་ལ་བྱའོ། །གཉིས་པ་བདག་ཉིད་སྤྲོ་བ་མཐོལ་བ་ལ་སོགས་པའི་སྒོ་ནས་ཕྱིར་བཅོས་པ་ལ་གཉིས་ཏེ། ཕྱིར་བཅོས་པའི་རྒྱུ་མཐོལ་བ་དང་། བཤགས་པ་དངོས་སོ། །དང་པོ་ལ་ལྔ་སྟེ། ཡུལ་དང་། གང་ཟག་དང་། བསམ་པ་དང་། ཆོ་ག་དང་། དགོས་པའོ། །ཡུལ་ནི་བསྒོ་བ་ལས་གྱུར་པ་རྣམས་ནི་ཆོས་དྲུག་ལྡན་མཚམས་ཀྱི་ཁོངས་སུ་གཏོགས་པ་ཐམས་ཅད་ལའོ། །སོ་སོར་བཤགས་པ་རྣམས་ནི་གནས་དེར་གཏོགས་པའི་ཆོས་དྲུག་དང་ལྡན་པའོ། །དེ་ལས་གཞན་པ་རྣམས་ནི་ཆོས་དྲུག་ལྡན་པ་གཅིག་ལའོ། །ཆོས་དྲུག་ལྡན་ནི་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་དང་ལྡན་པ་དང་། ལྟ་བ་མཐུན་པ་དང་། མཚན་མཐུན་པ་དང་། ཐ་སྙད་དང་ལྡན་པ་དང་། མཚམས་ཀྱི་ནང་ན་གནས་པ་དང་། ས་རང་བཞིན་དུ་གནས་པའོ། །གང་ཟག་ལ་ལྔ་སྟེ། བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་དང་ལྡན་པ། གནས་ནས་མ་ཕྱུང་བ་དང་། ལྟུང་བ་དྲན་པར་ནུས་པ་དང་། བསམ་པ་རང་བཞིན་དུ་གནས་པ་དང་། བཤགས་པའི་རྐྱེན་མ་རྫོགས་པའོ། །བསམ་པ་ལ་གསུམ་སྟེ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་དང་ལྡན་པ་དང་། སྔ་མ་ལ་འགྱོད་ཅིང་ཕྱིན་ཆད་སྡོམ་སེམས་དང་ལྡན་པ་དང་། བསམ་པ་ཐག་པ་ནས་མཐོལ་བར་འདོད་པའོ། །ཆོ་ག་ལ་གཉིས་ཏེ། དངོས་གཞི་ཉེས་པ་མཐོལ་བ་དང་། བཅབ་པའི་ཉེས་པ་མཐོལ་བའོ། །དང་པོ་ལ་གཉིས་ཏེ། སྤྱིར་བཏང་བ་དང་། དམིགས་ཀྱིས་བསལ་བའོ། །སྤྱིར་བཏང་བ་ནི་དེས་དེའི་མདུན་དུ་མཆིལ་ལྷྭམ་གཉིས་ཕུད་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་རྒན་ན་ཕྱག་བྱས་ལ་ལན་གསུམ་གྱི་བར་དུ་བྱའོ། །དམིགས་བསལ་ཐ་ན་མིང་གོ་བར་བྱའོ། །འཆབ་པའི་ཉེས་པ་མཐོལ་བ་ལ་ཞག་གྲངས་ལ་སོགས་པ་མི་ཤེས་ན་དཔག་ཏུ་མེད་པ་བརྗོད། ལྔ་ནས་གྲངས་ཀྱིས་ཆོད་ཀྱི་བར་ལ་ཚད་ཤིན་ཏུ་མང་པོ་ཞེས་བརྗོད་དོ། །མཐོལ་བ་ལ་མ་བཅབས་པ་མཐོལ་བ་དང་། བཅབས་པ་མཐོལ་བའོ། །མ་བཅབས་པ་ལ་སྤྱིར་བཏང་། དམིགས་བསལ་གཉིས་སོ། །བཅབས་པ་མཐོལ་བ་ལ་ཕྱུར་ན་རེ། མུ་དགུ་སྟེ། ལྟུང་བ་གཅིག་ཞག་གཅིག་དང་། ལྟུང་བ་གཅིག་ཞག་ཚད་མང་པོ་དང་། ལྟུང་བ་གཅིག་ཞག་དཔག་ཏུ་མེད་པ་དང་གསུམ། ལྟུང་བ་ཚད་ཤིན་ཏུ་མང་པོ་ཞག་གཅིག་དང་། ཞག་མང་པོ་དང་། ཞག་དཔག་ཏུ་མེད་པ་དང་གསུམ་མོ། །ལྟུང་བ་དཔག་ཏུ་མེད་པ་ཞག་གཅིག་དང་། ཞག་མང་པོ་དང་། ཞག་དཔག་དུ་མེད་པ་བཅབ་པ་དང་གསུམ་མོ། །འདི་དག་གི་སྐབས་སུ་སློབ་དཔོན་རྒྱ་ནི། འཆབ་པ་ལ་མཐོལ་བ་བྱ་ལ་ཕྱིས་འཆབ་པའི་ཉེས་པ་དང་། ཡོད་ལ་ཕྱིར་མི་འཆོས་པ་གཉིས་སྡོངས་པ་ལ་མཐོལ་བཤགས་དུས་གཅིག་པ་བྱ། དངོས་གཞི་ཉེས་པ་ནི་བཤགས་རྐྱང་བྱ་གསུངས། སློབ་དཔོན་རྨ་ཚོ་ནི། འཆབ་པ་ལ་མཐོལ་བས་ཆོག་གི་བཤགས་མི་དགོས། ཡོད་ན་ཕྱིར་མི་འཆོས་པ་ལ་མཐོལ་བཤགས་དུས་གཅིག་པ་བྱ། དངོས་གཞི་གཞན་གྱིས་བསྐུལ་ན་ཉེས་པ་ལ་བཤགས་རྐྱང་བྱ་ཞེས་གསུངས། མཁས་པ་བྱ་ནི། ཊཱིཀྐ་ལས། མཐོལ་བཤགས་དུས་གཅིག་པའི་ཆོ་ག་མ་སྦྱར་བས་འཆབ་པའི་ཉེས་པ་བྱུང་ཟིན་གྱི་ཆ་ནས་མིང་འཕེལ་བར་མ་ཟད་རིགས་ཀྱང་འཕེལ་བས་དུས་གཅིག་པ་བྱ་ལ། སྔར་འཆབ་པའི་ཉེས་པ་བྱུང་མ་ཟིན་ན་ཕྱིས་མིང་དང་རིགས་མི་འཕེལ་བར་བྱ་བའི་ཕྱིར་མཐོལ་རྐྱང་འབའ་ཞིག་བྱ། དངོས་གཞི་ལ་བཤགས་རྐྱང་བྱ་ཞིང་ཡོད་ལ་ཕྱིར་མི་འཆོས་པ་ལ་དུས་གཅིག་ཏུ་བྱའོ་ཞེས་གསུངས། དེའི་རྗེས་སུ་འབྲངས་ཏེ་དང་པོ་མཐོལ་བཤགས་དུས་གཅིག་པ་ནི་བརྫུན་སྨྲའི་ལྟུང་བྱེད་འཆབ་པ་དང་བཅས་པ་བྱུང་ན་ཡུལ་དགེ་སློང་ལྟུང་བ་མིང་རིགས་མི་མཐུན་པས་ཁྱད་པར་དུ་བྱས་པའི་ཆོས་བདུན་ལྡན་གྱི་དྲུང་དུ་རྒན་ན་ཕྱག་འཚལ་བ་དང་། གཞོན་ན་ཐུགས་གཏད་པར་ཞུ་བ་ཕུལ་ཏེ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ལྟུང་བྱེད་ཀྱི་སྡེ་ཚན་ལས། ཤེས་བཞིན་དུ་བརྫུན་དུ་སྨྲ་བའི་ལྟུང་བྱེད་འཆབ་པ་དང་བཅས་པ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་ལྟུང་བ་དེ་བཙུན་པའི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །བཤགས་སོ། །མཐོལ་ཞིང་བཤགས་ན་ནི་བདག་བདེ་བ་ལ་རེག་པར་གནས་པར་གྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ་མཐོང་སྡོམ་དང་། ཐབས་ལེགས་དང་བཅས་པར་བྱ། བརྫུན་སྨྲའི་ལྟུང་བྱེད་འཆབ་མེད་ཀྱི་མཐོལ་བ་འབའ་ཞིག་པ་ནི་ཡུལ་དང་སྦྱོར་བ་སྔར་དང་འདྲ་བ་ལ་བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བྱེད་ཀྱི་སྡེ་ཚན་ལས་ཤེས་བཞིན་དུ་བརྫུན་དུ་སྨྲ་བའི་ལྟུང་བྱེད་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་ལྟུང་བ་དེ། བཙུན་པའི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ན་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ། མཐོང་སྡོམ། ཐབས་ཡིན་ནོ། །ལེགས་སོ་དང་བཅས་པ་བྱ། འདིས་མཐོལ་བ་དངོས་བསྟན་ཅིང་། ལྟུང་བ་གཞན་རྣམས་ཀྱི་མཐོལ་བ་ཡང་འདིས་མཚོན་ནོ། །གཉིས་པ་བཤགས་པས་ལྟུང་བ་ཕྱིར་བཅོས་པ་ནི་ཡིད་ཀྱི་ཁ་ན་མ་ཐོ་བ་ནི་སྔ་མ་ལ་འགྱོད་ཅིང་ཕྱིན་ཆད་སྡོམ་པའི་བློས་འདག་ལ། ལུས་ངག་གི་རིག་བྱེད་དུ་གྲུབ་པ་རྣམས་སྔར་བྱས་ལ་འགྱོད་པ་ཁོང་དུ་དུག་སོང་བ་སྐྱུག་པར་འདོད་པ་ལྟ་བུ་ཕྱིན་ཆད་སྡོམ་པ་སྲོག་ལ་བབ་ཀྱང་མི་བྱ་སྙམ་དུ་ཞེ་མནའ་སྐྱེལ་ཕོད་པ་གཅིག་དགོས་ཏེ། མདོ་རྩ་བ་ལས། བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་བཤད། དེ་ལྟར་དངོས་སུ་ལྟུང་བའི་མིང་རིགས་བརྗོད་པ་མགོ་ལ་མེ་ཤོར་བར་གསོད་པར་འདོད་པ་ལྟ་བུའི་བརྩོན་འགྲུས་དང་ལྡན་པ་གཅིག་དགོས་ཏེ། མདོ་རྩ་བ་ལས། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ་ཞེས་བཤད། དེ་ལ་ཕམ་པ་དངོས་གཞི་སྦོམ་པོ་ལྕི་ཡང་ཆ་ཤས་དང་བཅས་པ་ཕྱིར་བཅོས་པའི་ཆོ་ག ལྷག་མ་དངོས་གཞི་སྦོམ་པོ་ལྕི་ཡང་ཆ་ཤས་དང་བཅས་པ་ཕྱིར་བཅོས་པའི་ཆོ་ག སྤང་ལྟུང་དངོས་གཞི་ཆ་ཤས་དང་བཅས་པ་ཕྱིར་བཅོས་པའི་ཆོ་ག སོ་སོར་བཤགས་པ་དངོས་གཞི་ཆ་ཤས་དང་བཅས་པ་ཕྱིར་བཅོས་པའི་ཆོ་ག བསླབ་བྱ་ཉེས་བྱས་ཕྱིར་བཅོས་པའི་ཆོ་ག གཞི་སྟོད་སྨད་ཀྱི་སྦོམ་པོ་དང་ཉེས་བྱས་ཕྱིར་བཅོས་པའི་ཆོ་ག གང་ཟག་ཁྱད་པར་ཅན་ལྔའི་ལྷག་མ་དངོས་གཞི་ཕྱིར་བཅོས་པའི་ཆོ་ག་དང་བདུན་ཡིན་ནོ། །དང་པོ་ཕམ་པ་དངོས་གཞི་འཆབ་སེམས་དང་བཅས་པས་རྒྱུད་ལ་གོས་ན་ཕྱིར་བཅོས་པའི་ཐབས་མེད་དེ། ལུང་ལས། དེའི་དགེ་སྦྱོང་ཚུལ་ནི་ཕྱིར་བླང་དུ་མེད་པར་འགྱུར་རོ་ཞེས་དང་། མདོ་རྩ་བ་ལས་ཀྱང་། ཚུལ་ཁྲིམས་འཆལ་བ་བསྐྲད་པར་བྱའོ། །ཞེས་གསུངས་པས་སོ།།  །།ཕམ་པ་འཆབ་སེམས་མ་སྐྱེས་པས་རྒྱུད་ལ་གོས་ན་དགེ་འདུན་ལ་གསོལ་བ་ལན་གསུམ་བཏབ་སྟེ། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱི་ཆད་པ་ལས་ཀྱི་བསླབ་པ་དང་། སྡོམ་པ་ལས་ཀྱི་བསླབ་པ་བྱིན་ནས་སྤོ་སྤྱོད་མགུ་སྤྱོད་ཀྱི་སྐབས་སུ་འཆད་པ་ལྟར་རང་བཞིན་དུ་གནས་པ་རྣམས་ལས་ཁྱད་པར་གྱི་སྤྱོད་པ་དང་། མཉམ་པའི་སྤྱོད་པ་སྤངས་ཏེ། དམན་པའི་སྤྱོད་པས་ཇི་སྲིད་འཚོའི་བར་རམ་དགྲ་བཅོམ་པ་མ་ཐོབ་བར་དུ་གུས་པས་ཞབས་ཏོག་བསྒྲུབས་པས་ཆད་པ་ལས་ཀྱི་བསླབ་པས་ཕམ་པའི་སྡིག་པ་དག་ཅིང་། སྡོམ་པ་ལས་ཀྱི་བསླབ་པས་སྡོམ་པ་སོར་ཆུད་པར་འགྱུར་བ་ཅིག་ཡིན། བྱེ་བྲག་ཏུ་སྨྲ་བ་ཕམ་པ་བྱུང་བས་སྡོམ་པ་མི་བཏང་བར་འདོད་པས་སྡོམ་པ་སོར་ཆུད་ཅེས་མ་བརྗོད་ཀྱང་རུང་། ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་ཕྱིར་བཅོས་པའི་སྦྱོར་བ་ནི་དགེ་སློང་མཚམས་ཀྱི་ཕྱི་ནང་དུ་མ་བཅད་པ་དྲུག་གི་མདུན་དུ་ཕྱག་འཚལ། ཙོག་པུར་འདུག་ནས་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པར་འགྱུར་བའི་སྡེ་ཚན་ལས་མི་ཚངས་པར་སྤྱོད་པའི་དངོས་གཞིའི་རྣམ་པའི་སྦོམ་པོ་ལྕི་བ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྦོམ་པོ་དེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །བཤགས་སོ། །མཐོལ་ཞིང་བཤགས་ན་ནི་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད། མཇུག་མཐོང་སྡོམ་ཐབས་ལེགས་དང་བཅས་པ་བྱ། དེ་ནི་རྨ་ཉམས་པའི་ནང་དུ་བདེ་བ་ཉམས་སུ་མྱོང་བ་ལྟ་བུའོ། །ཕམ་པར་གཏོགས་པའི་སྦོམ་པོ་ཡང་བ་ཕྱིར་བཅོས་པའི་སྦྱོར་རྗེས་སྔར་དང་འདྲ། དངོས་གཞི་ནི། ཡུལ་དགེ་སློང་བཞིའི་མདུན་དུ་འདུག་སྟེ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པར་འགྱུར་བའི་སྡེ་ཚན་ལས་མི་ཚངས་པར་སྤྱོད་པའི་དངོས་གཞི་ཕམ་པའི་སྦོམ་པོ་ཡང་བ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྦོམ་པོ་དེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ། །བཤགས་སོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ན་ནི་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ་བརྗོད་དོ། །ཕམ་པའི་ཆ་ཤས་ཀྱི་ལྟུང་བ་ཕྱིར་བཅོས་ན་བསམ་པ་སེམས་བསྐྱེད་པའི་གནས་སྐབས་ཀྱི་ཉེས་བྱས་ནི་སྔར་བཞིན་བསྡོམས་པས་འདག སྦྱོར་བའི་སྦྱོར་བའི་ཉེས་བྱས་ནི་སྦྱོར་རྗེས་སྔར་བཞིན། དངོས་གཞི་ནི་དགེ་སློང་རྣམ་དག་གཅིག་གིས་མདུན་དུ་འདུག་སྟེ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པར་འགྱུར་བའི་སྡེ་ཚན་ལས་མི་ཚངས་སྤྱོད་ཀྱི་ཕམ་པའི་སྦྱོར་བའི་སྦྱོར་བའི་ཉེས་བྱས་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཉེས་པ་དེ། བཙུན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །བཤགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ། སྦྱོར་བའི་སྦོམ་པོའི་ཕྱིར་བཅོས་ནི་སྦྱོར་རྗེས་སྔར་དང་འདྲ། དངོས་གཞི་ལྟུང་བ་མིང་རིགས་མི་མཐུན་པས་ཁྱད་པར་དུ་བྱས་པའི་དགེ་སློང་རྣམ་དག་གི་མདུན་དུ་འདུག་སྟེ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པར་འགྱུར་བའི་སྡེ་ཚན་ལས་མི་ཚངས་སྤྱོད་ཀྱི་ཕམ་པའི་སྦྱོར་བའི་སྦོམ་པོ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྦོམ་པོ་དེ། བཙུན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །བཤགས་སོ། །མཐོལ་ཞིང་བཤགས་ན་ནི་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ཞིང་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ་ཞེས་ལན་གསུམ། ཕམ་པའི་བསླབ་བྱའི་ཉེས་བྱས་ཀྱི་གོས་ན་སྦྱོར་མཇུག་གོང་བཞིན། དངོས་གཞི་ནི་བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པར་གྱུར་པའི་སྡེ་ཚན་ལས་མི་ཚངས་པར་སྤྱོད་པའི་བསླབ་བྱ་ལས་འདས་པའི་ཉེས་བྱས་མ་བསྲུངས་པར་ཉིན་མོ་གློ་ས་ཕབ་སྟེ་གཉིད་ལོག་པའི་ལྟུང་བ་ཞིག་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྟུང་བ་དེ། བཙུན་པའི་མདུན་དུ་མཐོལ་ལོ། །བཤགས་སོ། །མི་འཆབ་བོ། །མཐོལ་ཞི་བཤགས་ན་ནི་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ། འདིས་ལྷག་མ་མན་ཆད་ཀྱི་ལྟུང་བ་རྣམས་ཀྱི་ཡང་ཆ་ཤས་དང་བསླབ་བྱའི་ཉེས་པ་ཕྱིར་བཅོས་པ་ལ་མིང་རིགས་སྐབས་དང་སྦྱར་ཏེ་ཤེས་པར་བྱའོ། །གཉིས་པ་ལྷག་མ་དངོས་གཞི་སྦོམ་པོ་ལྕི་ཡང་ཆ་ཤས་དང་བཅས་པ་ཕྱིར་བཅོས་པའི་ཆོ་གའི་དངོས་གཞི་ཕྱིར་བཅོས་ཚུལ་ལ། སྤོ་བའི་སྒོ་ནས་འཆབ་པ་ཕྱིར་བཅོས་པ་དང་། མགུ་བ་དང་དབྱུང་བའི་སྒོ་ནས་ལྷག་མ་དངོས་གཞི་ཕྱིར་བཅོས་པའི་ཚུལ་གཉིས་ཡིན། སྤྱིར་ལྟུང་བ་ཐམས་ཅད་ཀྱི་འཆབ་པའི་ཉེས་པ་སྔོན་དུ་ཕྱིར་བཅོས་དགོས་ཏེ། ཊཱིཀྐ་ལས་སྔར་འཆབ་པའི་ཉེས་པ་ཕྱིར་བཅོས་ཤིང་། ཕྱི་ནས་ལྟུང་བ་ཕྱིར་བཅོས་པར་བྱའོ་ཞེས་པ་ཀུན་ལ་མཚུངས།།  །།འཆབ་པའི་ཉེས་པ་འབྱུང་ཚུལ་ཡང་བསྙེན་པར་རྫོགས་པ་གནས་ནས་མ་ཕྱུང་ཞིང་། ལས་དང་པོ་པ་མིན་པ་ལྟུང་བ་དྲན་ཤེས་དང་ལྡན་པའི་རང་བཞིན་དུ་གནས་པས་རང་རྒྱུད་ཀྱི་ལྟུང་བ་མཐོལ་བའི་ཡུལ་མཚན་ཉིད་དང་ལྡན་པ་ཡོད་ཀྱང་མ་མཐོལ་བར་འཆབ་པའི་སེམས་ཀྱིས་མཚན་མོའི་མཐའ་འདས་པས་བཅབ་པར་འགྱུར་རོ། །དེ་ཡང་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་ལས་བསྟན་ནོ། །དང་པོ་སྤོ་བའི་སྒོ་ནས་འཆབ་པ་ཕྱིར་བཅོས་པ་ལ་སྤོ་བ་སྦྱིན་པ་དང་། སྤྱད་པ་གཉིས་ཡིན། དང་པོ་སྤོ་བ་སྦྱིན་པ་ནི་མཚན་ཉིད་གསུམ་ལྡན་གྱི་དགེ་འདུན་གྱིས་ཡུལ་བསྙེན་པར་རྫོགས་པའི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། ལྷག་མའི་ལྟུང་བ་དྲན་ཤིང་དམན་པའི་གང་ཟག་ཡིན་ཞིང་། འཆབ་པའི་ཉེས་པ་དང་ལྡན་པ་ཚོགས་སུ་མ་ཚང་བས་གསོལ་བ་ལན་གསུམ་དུ་འདེབས་པ་དེ་ལ་སྤོ་བ། གཞི་ནས་སྤོ་བ། ཡང་གཞི་ནས་སྤོ་བ་གསུམ་ཇི་སྲིད་བཅབ་པའི་དུས་དེ་སྲིད་དུ་གསོལ་བཞིའི་ལས་ཀྱིས་བྱིན་པས་སྤོ་བ་སྤྱད་པ་ཆགས་ཤིང་། སྒྲ་དོན་ཡང་དམན་པའི་སར་སྤོ་བ་དེ་ཡིན། གཉིས་པ་སྤོ་བ་སྤྱད་པ་ནི་གང་ཟག་སྤོ་བ་མནོས་ལ་ཆགས་པ་དེས་ཡུལ་མཚན་ཉིད་གསུམ་ལྡན་གྱི་དགེ་སློང་མཚམས་ནང་ན་གནས་པ་གུད་དུ་མ་བཅད་པ། གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པར་བསམ་པ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྔར་བྱས་ཀྱི་ལྟུང་བ་ལ་འགྱོད་པ། གུས་པའི་སྒོ་ནས་ཇི་སྲིད་བླངས་པའི་དུས་དེ་སྲིད་དུ་སྤོ་བ་སྤྱོད་པར་འདོད་པས་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དང་མཉམ་པའི་སྤྱོད་པ་སྤངས་ཏེ། དམན་པའི་སྤྱོད་པ་ལྔ་དང་དུ་བླངས་ཏེ་ཇི་སྲིད་བླངས་པའི་དུས་དེ་སྲིད་དུ་འདུས་པའི་དགེ་འདུན་ལ་འདས་པ་དང་འབྱུང་བར་འགྱུར་བ་བརྗོད་ཅིང་གནས་པས་མགུ་བ་སྤྱོད་པའི་རྟེན་དུ་རུང་བ་གཅིག་ཡིན། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་ནི་ཕྱག་ལ་སོགས་པ་བསྙེན་བཀུར་བདག་གིར་བྱེད་པ་སྤོང་། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་སྟབས་གཅིག་ཏུ་བྱེད་པ་ལ་སོགས་མཉམ་པའི་སྤྱོད་པ་སྤོང་། མཁན་སློབ་བྱེད་པ་ལ་སོགས་པ་དགེ་སྦྱོང་བླ་མའི་གནས་ལྟ་བུ་སྤོང་། དགེ་སྦྱོང་ཉམས་པ་ལ་ལྟུང་བ་གླེང་བ་ལ་སོགས་པ་ནན་ཏུར་གྱི་ལས་བྱེད་པ་སྤོང་། ཁྱོད་ནི་ཕྱིར་མི་འཆོས་པ་ཡིན་ནོ་ཞེས་མཐོ་བའམ་ང་རྒྱལ་གྱི་བསམ་པ་སྤོང་བ་ཡིན་ནོ། །མཉམ་པའི་སྤྱོད་པ་ནི་རང་བཞིན་དུ་གནས་པ་དང་ལྷན་ཅིག་གཡོགས་མ་གཅིག་ཏུ་ཉལ་བ་སྤོང་བ་དང་། སྤོ་མགུ་སྤྱོད་པ་དང་ལྷན་ཅིག་ཉལ་བ་སྤོང་བ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་གོམ་པ་མཉམ་དུ་འདོར་བ་དང་། འཇིང་སྒྲིལ་བ་སོགས་སྤོང་བའོ། །དམན་པའི་སྤྱོད་པ་ལྔ་དྭང་དུ་བླང་བ་ནི་གཙུག་ལག་ཁང་གི་སྒོ་དབྱེ་བ་ལ་སོགས་པ་ནངས་པར་གྱི་དུས་སུ་ཇི་ལྟར་སྒྲུབ་པ་དང་། གཎྜི་བརྡུང་བ་ལ་སོགས་པ་ཆོས་སྟོན་གྱི་དུས་སུ་ཇི་ལྟར་བསྒྲུབ་པ་དང་། དགེ་འདུན་གྱི་གདན་ཆ་བཤམ་པ་ལ་སོགས་པ་འདུ་བའི་དུས་སུ་ཇི་ལྟར་བསྒྲུབ་པ་དང་། མར་མེ་བཤམ་པ་ལ་སོགས་པ་དགོང་མོའི་དུས་སུ་ཇི་ལྟར་བསྒྲུབ་པ་དང་། དགེ་སློང་རྣམས་ཀྱི་འོག་དགེ་ཚུལ་རྣམས་ཀྱི་གོང་དུ་བསྡད་ནས་རྙེད་པའི་ཐ་མ་ལེན་པ་ལ་སོགས་པ་དུས་ཐམས་ཅད་དུ་ཇི་ལྟར་བསྒྲུབ་པའོ། །ལྷག་མ་དངོས་གཞི་ཕྱིར་བཅོས་པའི་ཐབས་མགུ་བ་ལའང་སྦྱིན་པ་དང་། སྤྱད་པ་གཉིས་ཡིན། སྦྱིན་པ་ནི་དམན་པའི་གང་ཟག་སྤོ་བ་སྤྱད་ཟིན་དེའམ། འཆབ་པ་དང་མི་ལྡན་པའི་ལྷག་མ་བྱུང་བ་མགུ་བ་ནོད་པའི་དོན་དུ་གསོ་བ་ལན་གསུམ་འདེབས་ལ། མཚན་ཉིད་གསུམ་ལྡན་གྱི་དགེ་འདུན་གྱིས་ཞག་དྲུག་གི་བར་དུ་གསོལ་བཞིའི་ལས་ཀྱི་མགུ་བ་སྦྱིན་པ་བཅུ་གཉིས་གང་འོས་བྱིན་པས་དགེ་འདུན་ཡིད་མགུ་བར་བྱེད་པ་སྟེ། མགུ་བ་ཆགས་པའི་ཐབས་ཤིག་ཡིན། གཉིས་པ་མགུ་བ་སྤྱད་པ་ནི། སྤོ་སྤྱོད་ཀྱི་སྐབས་བཞིན་བསླབས་པས་དབྱུང་བའི་རྟེན་དུ་རུང་བ་ཞིག་ཡིན། སྤོ་སྤྱོད་མགུ་སྤྱོད་ཀྱི་ཚུལ་དེ་དག་ནི་ས་གཞན་ན་གནས་པའི་གཞི་ལས་བསྟན་ནོ། །དབྱུང་བ་སྦྱིན་པ་ནི་མགུ་བ་སྤྱད་པའི་གང་ཟག་དབྱུང་པའི་དོན་དུ་གསོལ་བ་ལན་གསུམ་འདེབས་པ་དེ་ལ། རྩྭ་བཀྲམ་པའི་སྟེང་དུ་ཁ་བུབ་ཏུ་བསྙལ་བ་ལ་གྲངས་ཉི་ཤུའམ། མཐའ་འཁོབ་ཏུ་བཅུར་ཚང་བས་ཁྱད་པར་དུ་བྱས་པའི་མཚན་ཉིད་གསུམ་ལྡན་གྱི་དགེ་འདུན་གྱིས་ཡུལ་དེ་ལ་ཁྱོད་ཀྱིས་ལྟུང་བ་འདི་སྤྱད་པས་ཁྱོད་ཀྱི་འགྲོ་བ་ནི་གཉིས་ཏེ། དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་སོ་ཞེས་པ་སྔོན་དུ་བཏང་ནས་གསོལ་བཞིའི་ལས་ཀྱིས་ཡུལ་དབུས་སུ་དབྱུང་བ་སྦྱིན་པ་བཅུ་གཉིས་པོ་སྐབས་དང་སྦྱར་ཏེ་གང་ཡིན་བྱ། བརྗོད་པའི་ལས་ཚར་བ་དང་། ཡུལ་དེ་བསླང་སྟེ། ཁྱེད་ཀྱིས་ལྟུང་བ་འདི་བཤགས་པས་ཁྱེད་ཀྱི་འགྲོ་བ་ནི་གཉིས་ཏེ། ལྷ་དང་མིའོ་ཞེས་དང་། གང་ཟག་དམ་པ་ནི་གཉིས་ཏེ། ལྟུང་བ་མ་བྱུང་བ་དང་། བྱུང་བ་ཕྱིར་འཆོས་པའོ་ཞེས་པ་ལ་སོགས་ཀྱིས་གཟེངས་བསྟོད་ལ། སྤོ་སྤྱོད་མགུ་སྤྱོད་གཉིས་ཀ་ཡང་དམན་པའི་ས་ན་གནས་པ་ཡིན་པ་ལ་དེ་ནས་དབྱུང་བས་ན་སྒྲ་དོན་ཡང་དབྱུང་བའོ། །ལྷག་མའི་སྦོམ་པོ་ལྕི་བའི་ཕྱིར་འཆོས་ཀྱི་སྦྱོར་བ་ནི། ལྟུང་བ་མིང་རིགས་མི་མཐུན་པས་ཁྱད་པར་དུ་བྱས་པའི་དགེ་སློང་ལྔའི་མདུན་དུ་ཕྱག་འཚལ་ཙོག་པུར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་དགེ་འདུན་ལྷག་མའི་སྡེ་ཚན་ལས་ཁུ་བ་འབྱིན་པའི་ལྷག་མའི་དངོས་གཞིའི་སྦོམ་པོ་ལྕི་བ་བྱུང་སྟེ་བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྦོམ་པོ་དེ་དགེ་འདུན་གྱི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །བཤགས་སོ། །མཐོལ་ཞི་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་གྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ་ཞེས་ལན་གསུམ་མོ། །ལྷག་མའི་སྦོམ་པོ་ཡང་བ་ནི། ཡུལ་ལྟུང་བ་མིང་རིགས་མི་མཐུན་པས་ཁྱད་པར་དུ་བྱས་པའི་དགེ་སློང་རྣམ་དག་གཅིག་གི་མདུན་དུ་འདུག་ལ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་དགེ་འདུན་ལྷག་མའི་སྡེ་ཚན་ལས། ཁུ་བ་འབྱིན་པའི་ལྷག་མའི་དངོས་གཞིའི་སྦོམ་པོ་ཡང་བ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྦོམ་པོ་དེ་བཙུན་པའི་སྤྱན་སྔར་ཞེས་སྔར་བཞིན་ཆོ་ག་ལན་གསུམ་མཐོང་སྡོམ་དང་བཅས་པས་འདག་གོ །འཆབ་པའི་ཉེས་པའི་མཐོལ་ཚུལ་ཙམ་སྔར་བསྟན་མོད་ཀྱི་རྣམ་གྲངས་བརྗོད་ཚུལ་ཙམ་བྱས་ན་ལྟུང་བ་གཅིག་ཞག་གཅིག་བཅབ་པ་ལྟ་བུ་ཡིན་ན་ཡུལ་དགེ་སློང་རྣམ་དག་ལ་རྒན་ན་ཕྱག་བྱ། གཞོན་ན་ཐུགས་གཏད་པར་ཞུ་བ་ཕུལ་ཏེ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་དགེ་འདུན་ལྷག་མའི་སྡེ་ཚན་ལས་བསམ་བཞིན་དུ་ཁུ་བ་ཕྱུང་བའི་དགེ་འདུན་ལྷག་མ་གཅིག་དགུང་གཅིག་བཅབ་པ་འཆབ་པའི་ཉེས་པ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྟུང་བ་དེ་བཙུན་པའི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ན་དེ་ལྟར་མི་འགྱུར་བ་ལགས་སོ་ཞེས་ལན་གསུམ། ལྟུང་བ་ཞག་གཉིས་བཅབ་པ་ལའང་དེས་མཚོན། ལྟུང་བ་ཞག་གསུམ་ཡན་ཆད་ནས་བརྒྱ་སྟོང་འབུམ་ལ་སོགས་པ་བཅབ་པ་མཐོལ་བའི་སྦྱོར་ཆོག་སྔར་བཞིན། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་བསམ་བཞིན་དུ་ཁུ་བ་ཕྱུང་བའི་ལྷག་མའི་ལྟུང་བ་ཚད་ཤིན་ཏུ་མང་པོ་དང་ལྡན་པ་དགུང་ཚད་ཤིན་ཏུ་མང་པོ་བཅབ་པའི་འཆབ་པའི་ཉེས་པ་ཚད་ཤིན་ཏུ་མང་པོ་བྱུང་སྟེ་ཞེས་སྔར་བཞིན་བརྗོད། གྲངས་གཏན་ནས་མི་ཤེས་པ་མཐོལ་བའི་སྦྱོར་བ་སྔར་དང་འདྲ། དངོས་གཞི་བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་བསམ་བཞིན་དུ་ཁུ་བ་ཕྱུང་བའི་ལྟུང་བ་དཔག་ཏུ་མ་མཆིས་པ། དགུང་དཔག་དུ་མ་མཆིས་པ་བཅབ་པའི་ཉེས་པ་དཔག་ཏུ་མ་མཆིས་པ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཞེས་སྔར་བཞིན་མཐོལ། མཇུག་ཐབས་ཡིན་ནོ་ལེགས་སོ་དང་བཅས་པ་བྱ། དེ་དག་གིས་ནི་ལྟུང་བ་གཞན་རྣམས་ཀྱི་བཅབ་པ་བརྗོད་ཚུལ་ལའང་མཚོན་ཏེ་ཤེས་པར་བྱ་ཞིང་། ལྟུང་བ་དང་ཞག་གི་གྲངས་མི་མཉམ་པ་ལའང་བརྗོད་ཚུལ་རྣམས་ཤེས་པར་བྱའོ། །གསུམ་པ་སྤང་ལྟུང་དངོས་གཞི་ཆ་ཤས་དང་བཅས་པ་ཕྱིར་འཆོས་པའི་ཆོ་ག་ལ་གཉིས་ཏེ། སྤང་བའི་ལྟུང་བྱེད་དངོས་གཞི་ཕྱིར་བཅོས་པ་དང་། ལྟུང་བྱེད་འབའ་ཞིག་པའི་དངོས་གཞི་ཕྱིར་བཅོས་པའོ། །དང་པོ་ནི་ཞག་བཅུ་པའི་སྤང་ལྟུང་ལྟ་བུ་ལ་མཚོན་ན། སྤང་བའི་ལྟུང་བ་བྱུང་བའི་གོས་དེ་གནས་ཁང་ཐ་དད་པའི་དགེ་སློང་གཞན་གཅིག་ལ་དོ་ནུབ་ལྟ་བུ་སྤང་ལ། སང་ལྟ་བུ་ཡུལ་དགེ་སློང་རྒན་ན་ཕྱག་བྱ། གཞོན་ན་ཐུགས་གཏད་པར་ཞུ་བ་དབུལ། སྤྱོད་ལམ་ཙོག་པུར་འདུག་སྟེ། དངོས་གཞི་བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་སྤང་བ་ལྟུང་བྱེད་ཀྱི་སྡེ་ཚན་ལས་ཞག་བཅུ་འཆང་བའི་ལྟུང་བ་གཅིག་བྱུང་སྟེ། ལྟུང་བ་དེ་བཙུན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །བཤགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ་ཞེས་ལན་གསུམ། མཇུག་མཐོང་སྡོམ་ཐབས་ཡིན་ནོ་ལེགས་སོ་དང་བཅས་པ་བྱ། དེས་སྤང་ལྟུང་གཞན་གྱི་ཕྱིར་བཅོས་ཀྱང་མཚོན། གཉིས་པ་ལྟུང་བྱེད་འབའ་ཞིག་པའི་ཕྱིར་བཅོས་ནི་ཞག་གཅིག་སྤངས་པའི་ཆད་པ་མི་དགོས་ཀྱང་ཁབ་རལ་བཅག་པ་དང་། ཁྲི་རྐང་བཅད་པ་དང་། ཤིང་བལ་བསྡུས་པ་ལ་སོགས་ཀྱི་ཆད་པ་སྔོན་དུ་གཏོང་དགོས་པ་ནི་ཡོད་དོ། །ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ལྟ་བུའི་ཕྱིར་བཅོས་ཀྱི་སྦྱོར་རྗེས་སྔར་དང་འདྲ། དངོས་གཞི་བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ལྟུང་བྱེད་ཀྱི་སྡེ་ཚན་ལས་ཤེས་བཞིན་དུ་བརྫུན་དུ་སྨྲ་བའི་ལྟུང་བྱེད་བྱུང་སྟེ། བདག་དགེ་སློང་མི་འདི་ཞེས་བགྱི་བའི་ལྟུང་བ་དེ་བཙུན་པའི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །བཤགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་རོ་ཞེས་ལན་གསུམ། མཐོང་སྡོམ་ཐབས་ལེགས་དང་བཅས་པར་བྱ། ལྟུང་བྱེད་གཞན་རྣམས་ལའང་དེས་མཚོན་ཏེ་ཤེས་པར་བྱའོ། །བཞི་པ་མཐོལ་བ་ལ་བཤགས་པའི་མིང་གིས་བཏགས་པ་སོ་སོར་བཤགས་པའི་དངོས་གཞི་ཆ་ཤས་དང་བཅས་པ་ཕྱིར་བཅོས་པའི་ཆོ་ག་ནི་མཐོལ་བའི་ཡུལ་གནས་ཁང་དེར་འདུས་པའི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་བ་སྔོན་དུ་བཏང་སྟེ། དགེ་འདུན་བཙུན་པ་རྣམས་ཞེས་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་སོ་སོར་བཤགས་པའི་སྡེ་ཚན་ལས་སྨད་པའི་གནས་མི་རིགས་པ་དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་ཚེ་དང་ལྡན་པའི་སྤྱན་སྔར་སོ་སོར་བཤགས་སོ་ཞེས་ལན་གཅིག་བརྗོད། སོར་བཤགས་གཞན་ལའང་དེས་མཚོན། ལྔ་པ་བསླབ་བྱ་ཉེས་བྱས་ཕྱིར་བཅོས་པའི་ཆོ་ག་ནི། སྦྱོར་རྗེས་སྔར་བཞིན་དངོས་གཞི་ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་བསླབ་བྱ་ཉེས་བྱས་ཀྱི་སྡེ་ཚན་ལས་ཤམ་ཐབས་ཟླུམ་པོར་མ་བགོས་པའི་ཉེས་བྱས་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྟུང་བ་དེ་བཙུན་པའི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །གཤགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་རོ་ཞེས་ལན་གསུམ། མཐོང་སྡོམ་ཐབས་ལེགས་དང་བཅས་པ་བྱ། བསླབ་བྱའི་ཉེས་བྱས་གཞན་ལའང་དེས་མཚོན་ཏེ་ཤེས་པར་བྱའོ། །ལྷག་མ་མན་ཆད་ཀྱི་སེམས་བསྐྱེད་པ་སྦྱོར་བའི་སྦྱོར་བ། སྦྱོར་བའི་ཁ་ན་མ་ཐོ་བ་བསླབ་བྱའི་ཉེས་བྱས་དང་བཅས་པ་ཕྱིར་བཅོས་པའི་ཐབས་ནི་ཕམ་པ་དང་པོའི་སྐབས་སུ་བསྟན་པས་མཚོན་ཏེ་ཤེས་པར་བྱའོ། །དྲུག་པ་གཞི་སྟོད་སྨད་ཀྱི་སྦོམ་པོ་དང་ཉེས་བྱས་ཕྱིར་བཅོས་པའི་ཆོ་ག་ནི་སྦྱོར་རྗེས་སྔར་བཞིན། དངོས་གཞི་ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་གཞིས་བསྡུས་པའི་སྡེ་ཚན་ལས། གཞན་གྱི་འཁོར་ཆད་པས་བཅད་པ་ལེན་པའི་ཉེས་པ་སྦོམ་པོ་བྱུང་སྟེ་ཞེས་པའམ་གནས་ལ་མ་བརྟེན་པའི་ཉེས་བྱས། སྣམ་སྦྱར་དང་མི་ལྡན་པའི་ཉེས་བྱས། གསོ་སྦྱོང་དང་དགག་དབྱེ་མ་བྱས་པའི་ཉེས་བྱས་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྟུང་བ་དེ་བཙུན་པའི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །བཤགས་སོ། །མཐོལ་ཞིང་བཤགས་ན་ནི་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ་མཐོང་སྡོམ་ཐབས་ལེགས་དང་བཅས་པ་བྱ། གཞི་སྟོད་སྨད་ཀྱི་སྦོམ་པོ་དང་ཉེས་བྱས་གཞན་དག་ཕྱིར་བཅོས་པ་ཡང་དེས་མཚོན་ཏེ་ཤེས་པར་བྱའོ། །བདུན་པ་གང་ཟག་ཁྱད་པར་ཅན་ལྔའི་ལྷག་མའི་དངོས་གཞི་ཕྱིར་བཅོས་པའི་ཆོ་ག་ནི། ངོ་ཚ་དང་ལྡན་པ་དང་། འདུལ་བ་དང་། མདོ་སྡེ་དང་། མ་མོ་འཛིན་པ་དང་། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་འདག་གོ་ཞེས་པ་མདོ་རྩ་བ་ནས་བཤད་པས། སྤོ་སྤྱོད། མགུ་སྤྱོད་ཀྱི་སྤྱད་པ་ལ་མི་ལྟོས། མིང་རིགས་ཀྱི་ཕྱིར་བཅོས་བྱེད་ཐབས་ནི་སྦྱོར་བ་ལྟུང་བ་མིང་རིགས་མི་མཐུན་པས་ཁྱད་པར་དུ་བྱས་པའི་དགེ་སློང་གཅིག་གི་མདུན་དུ་སྦྱོར་བ་རྒན་ན་ཕྱག་བྱ་བ་སོགས་འདྲ། དངོས་གཞི་སྔར་གྱི་མཐོལ་བཤགས་དུས་གཅིག་པའི་ཆོ་ག་ལ་དགེ་འདུན་ལྷག་མ་གང་ཡིན་པ་དེའི་མིང་རིགས་སྦྱར་བའོ། །དེ་དག་གིས་ནི་ཕྱིར་བཅོས་པ་དངོས་བསྟན་ཟིན་ཏོ།།  །།གཉིས་པ་དེའི་ཆ་རྐྱེན་ལ་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་དང་། ས་གཞན་ན་གནས་པའི་སྤྱོད་པའི་གཞི་གཉིས་ལས། དང་པོ་ནི། དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བ་ལ་མགུ་བ་དགོས་ལ། མགུ་བ་ལ་འཆབ་པའི་ཉེས་བྱས་མེད་པ་དགོས་པ་དང་། ཕམ་པ་འཆབ་སེམས་མ་སྐྱེས་ན་མཐའ་ལས་ལྡང་ཞེས་དང་། ལྟུང་བ་གཞན་ཡང་འཆབ་པ་དངོས་ལ་བཤགས་པ་དགོས་པས་འཆབ་པ་འབྱུང་བའི་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་འབྱུང་སྟེ། འདི་ལ་ལུང་ལས་གང་ཟག་གི་གཞི་ཞེས་འབྱུང་ངོ་། །དེ་ཡང་དགེ་འདུན་ལྷག་མ་རྣམས་མི་ཤེས་པ་ཉིད་དང་བྱས་སམ་མ་བྱས་ཅི་ཞིག་ཇི་ལྟ་བུ་ཞིག་ཅེས་དྲན་པར་མི་ནུས་པ་ལ་འཆབ་པ་མི་འབྱུང་སྟེ། དཔེར་ན་ས་ལ་བྱེ་མར་ཤེས་པ་ལ་ཀུན་སློང་གི་བསམ་པ་མེད་པ་བཞིན་ནོ། །བསྙེན་པར་མ་རྫོགས་པ་ལ་ནི་སྤོ་བ་སྤྱོད་དགོས་ཀྱི་འཆབ་པ་མི་འབྱུང་སྟེ་ལྷག་མ་མེད་པའི་ཕྱིར་རོ། །བསྡམ་བྱ་ནི་འབྱུང་ངོ་། །གནས་ནས་ཕྱུང་བ་ལ་ནི་འཆབ་པ་མི་འབྱུང་སྟེ། མཐོལ་བའི་ཡུལ་མེད་པའི་ཕྱིར་རོ། །ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་པ་སོགས་མདོ་གཉིས་ནི་རྣམ་འབྱེད་ཀྱི་བརྗོད་བྱ་ཡིན་ཡང་ཚིག་ཚོགས་ཆུང་བའི་ཕྱིར་འདིར་མ་སྨོས་སོ། །ཅི་ལྟ་བུ་ཞིག་ཅེས་པ་ནི་ཉོན་མོངས་པས་ཀུན་ནས་བསླང་ངམ་མ་བསླང་སྙམ་དུ་རྒྱུད་ལ་ཡིད་གཉིས་ཟ་བ་ཡིན་ལ། དགེ་འདུན་ལྷག་མ་ལ་ཡིད་གཉིས་ཟ་བ་ནི་རང་གི་ངོ་བོ་ལ་ཡིད་གཉིས་ཟ་བ་ཡིན་པས་འཆབ་པའི་ཉེས་པ་འབྱུང་ངོ་། །དེ་ལྟར་འཆབ་པ་མི་འབྱུང་བའི་དུས་དངོས་སུ་སྨོས་པས་འབྱུང་བའི་དུས་ཤུགས་ལ་རྟོགས་པ་ནི་དུས་དང་དུས་མ་ཡིན་པ་བསྡུས་པའོ། །གཉིས་པ་ས་གཞན་ན་གནས་པའི་སྤྱོད་པའི་གཞི་ལ་གཉིས་ཏེ། སྤོ་སྤྱོད་གསུམ་དང་། མགུ་སྤྱོད་གསུམ་སྟེ་དྲུག་དང་། སྤོ་ལྡན་གསུམ། མགུ་ལྡན་གསུམ་སྟེ་དྲུག བསླབ་པ་བྱིན་པ་དང་། ངོ་བོ་ཉིད་ཚོལ་བ་གཉིས་དང་། བསྡིག་པ་ལ་སོགས་པ་བཞི་དང་། གནས་ནས་ཕྱུང་བ་བདུན་དང་ཉི་ཤུ་རྩ་ལྔའོ། །བསྡུ་ན་གསུམ་སྟེ། སྤང་བའི་ས་གཞན་ན་གནས་པ་ནི་གནས་ནས་ཕྱུང་བ་བདུན་ཏེ། ཆོས་དང་ཟང་ཟིང་གིས་སྤངས་པའི་ཕྱིར་རོ། །སྨད་པའི་ས་གཞན་ན་གནས་པའི་གཞི་བསྡིག་པ་ལ་སོགས་པ་བཞིའོ། །རྣམ་པར་དག་པའི་ས་གཞན་ན་གནས་པ་ནི་སྤོ་སྤྱོད་མགུ་སྤྱོད་དྲུག་དང་། སྤོ་ལྡན་མགུ་ལྡན་དྲུག བསླབ་པ་བྱིན་པ། ངོ་བོ་ཉིད་ཚོལ་བ་སྟེ་བཅུ་བཞིའོ། །ཡང་ན་བསྡུ་བ་ནི་གཉིས་ཏེ། ས་གཞན་ན་གནས་པ་ཆེན་པོ་པ་དང་། ཆུང་ངུ་པའོ། །ཆུང་ངུ་པ་ནི་བཅུ་བདུན་ཏེ། གནས་ནས་ཕྱུང་བ་བདུན་དང་། བསྡིག་པ་ལ་སོགས་པ་བཞི་དང་། སྤོ་ལྡན་མགུ་ལྡན་དྲུག་སྟེ་དེ་རྣམས་ནི་ཆུང་ངུ་པའོ། །ཆེན་པོ་པ་ནི་བརྒྱད་དེ། སྤོ་སྤྱོད་མགུ་སྤྱོད་དྲུག་དང་། བསླབ་པ་བྱིན་པ་དང་། ངོ་བོ་ཉིད་ཚོལ་བ་སྟེ་བརྒྱད་དོ། །ཆུང་ངུ་པ་བཅུ་བདུན་གྱིས་ནི་ཁྱད་པར་ཅན་གྱི་སྤྱོད་པ་སྤངས་པས་ཆོག་ལ་དམན་པའི་སྤྱོད་པ་དྭང་དུ་བླང་མི་དགོས་སོ། །ཁྱད་པར་ཅན་གྱི་སྤྱོད་པ་ལྔ་ནི་བླ་མའི་གནས་ལྟ་བུ་དང་། མཉམ་པའི་སྤྱོད་པ་དང་། རང་བཞིན་དུ་གནས་པ་ལ་ནན་ཏུར་གྱི་ལས་དང་། ང་རྒྱལ་དང་རྒྱགས་པ་དང་། ཆད་པ་དེའི་རྒྱུ་སྤང་བའོ། །དེ་ལ་བླ་མའི་གནས་ལྟ་བུའི་སྤྱོད་པ་སྤང་བ་ནི་རབ་ཏུ་བྱུང་བའི་གཞི་ནས་མདོ་འདོན་པར་མི་བྱ་བའི་བར་རོ། །གསོལ་བ་དང་བརྗོད་པ་ཁས་མི་བླང་བ་ནི་ཁ་བསྐང་ལ་བཤད་དོ། །མཉམ་པའི་སྤྱོད་པ་སྤང་བ་ནི་ཕྱག་དང་ལྡང་བ་ལ་སོགས་པ་བདག་གིར་མི་བྱ་བ་ལ་སོགས་པའོ། །ནན་ཏུར་གྱིས་ལས་སྤང་བ་ནི་དགེ་སློང་ལ་ཉམས་པས་གླེང་བར་མི་བྱ་བ་ལ་སོགས་པའོ། །དེ་རྣམས་ཆུང་ངུ་པ་བཅུ་བདུན་གྱིས་ཀྱང་སྤང་དགོས་ལ། ཆེན་པོ་པས་ནི་དེ་རྣམས་ཀྱི་ཐོག་ཏུ་ནངས་པར་སྔ་བར་ལངས་ཏེ་སྒོ་དབྱེ་བ་ལ་སོགས་པ་ལྔའོ། །དེ་རྣམས་ལ་ནན་ཏུར་གྱིས་ཁྱབ་བམ་མ་ཁྱབ་པ་ནི་ས་གཞན་ན་གནས་པ་ཡང་ཡིན་ལ་ནན་ཏུར་ཡང་ཡིན་པ་ནི་གནས་ནས་ཕྱུང་བ་བདུན་དང་། བསྡིགས་པ་ལ་སོགས་པ་བཞི་སྟེ་བཅུ་གཅིག་སྟེ་རང་མི་དགའ་བཞིན་བྱེད་པས་སོ། །ནན་ཏུར་ཡིན་ལ་ས་གཞན་ན་གནས་པ་མ་ཡིན་པ་ནི་གསོ་སྦྱོང་བཞག་པ་དང་དགག་དབྱེ་བཞག་པའོ། །ས་གཞན་ན་གནས་པ་ཡིན་ལ་ནན་ཏུར་མ་ཡིན་པ་ནི་སྤོ་སྤྱོད་མགུ་སྤྱོད་དྲུག སྤོ་ལྡན་མགུ་ལྡན་དྲུག བསླབ་པ་བྱིན་པ་དང་ངོ་བོ་ཉིད་ཚོལ་བ་སྟེ་བཅུ་བཞི་སྟེ། དེ་རྣམས་ནི་རང་དགའ་བཞིན་དུ་བྱེད་པས་སོ། །དེ་གཉིས་ཀ་མ་ཡིན་པ་ནི་རང་བཞིན་དུ་གནས་པ་ལྟ་བུའོ། །དེ་ལྟར་ན་མུ་བཞི་སྲིད་དོ།།  །།གཉིས་པ་མི་མོས་པ་ལ་གླེང་ཞིང་བསྐུལ་བས་ཕྱིར་བཅོས་པ་ནི་ཡོངས་སུ་སྦྱང་བའི་གཞི་ཡིན་ལ་འདི་ལ་བརྒྱད་དེ། དངོས་པོ་གང་གིས་གླེང་བ་དང་། ཡུལ་གང་ལ་དང་། གང་ཟག་གང་གིས་དང་། བསམ་པ་གང་གིས་དང་། དུས་དང་གནས་གང་དུ་དང་། ཆོ་ག་གང་གིས་དང་། དགོས་པ་གང་གི་ཕྱིར་དང་། གླེང་ནས་ཇི་ལྟར་བསྒྲུབ་པའོ། །དང་པོ་ལ་བཞི་སྟེ། ཚུལ་ཁྲིམས་དང་། ཆོ་ག་དང་། འཚོ་བ་དང་། ལྟ་བ་ཉམས་པ་སྟེ། དེ་དག་ཀྱང་གཞི་དང་བཅས་པས་གླེང་བའོ། །ཡུལ་ལ་དྲུག་སྟེ། བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པ་དང་། གནས་ནས་མ་ཕྱུང་བ་དང་། ཆོས་གཞན་པའི་ཕྱོགས་སུ་མ་སོང་བ་དང་། ནད་པ་མིན་པ་དང་། རང་བཞིན་དུ་གནས་པ་དང་། ཞེ་འགྲས་པ་མིན་པའོ། །གང་ཟག་གང་གིས་གླེང་བ་ལ་བདུན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་ལྡན་པ་དང་། ས་གཞན་ན་གནས་པ་ལ་ཡང་དེ་གནང་ངོ་། །ཆོས་གཞན་པའི་ཕྱོགས་སུ་མ་སོང་བ་དང་། གནས་ནས་ཕྱུང་བ་མ་ཡིན་པ་དང་། ནད་པ་མ་ཡིན་པ་དང་། སྐྱེས་པའི་མཚན་དང་ལྡན་པ་དང་། བྱས་པ་དང་བྱ་བའི་རང་གི་ངོ་བོ་ལེགས་པར་ཤེས་པ་ཡིན་པའོ། །བསམ་པ་གང་གིས་གླེང་བ་ནི་བྱམས་པ་དང་སྙིང་རྗེ་སྔོན་དུ་གཏང་ཞིང་། གནས་དང་དུས་དང་གླེང་བྱ་གླེང་བྱེད་ལ་སོགས་མཚན་ཉིད་དང་ལྡན་མི་ལྡན་སྔོན་དུ་བཏང་བས་གླེང་བའོ། །ཆོ་ག་གང་གིས་གླེང་བ་ནི་གཉིས་ཏེ། གླེང་བྱེད་ཀྱི་དང་། གླེང་བྱའོ། །གླེང་བྱེད་ཀྱི་ལ་གཉིས་སྟེ། ཚེ་དང་ལྡན་པ་ཁོ་བོ་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་བརྟག་པ་དང་། སྐབས་འབྱེད་དུ་གཞུག་པའོ། །གླེང་བྱ་ལ་གསུམ་སྟེ། གླེང་བྱ་གླེང་བྱེད་དང་། གནས་དང་དུས་སོགས་མཚན་ཉིད་དང་ལྡན་མི་ལྡན་བརྟག་པའོ། །མཚན་ཉིད་དང་ལྡན་ན་དགའ་བ་བསྐྱེད་དེ་སྐབས་དབྱེའོ། །མཚན་ཉིད་དང་མི་ལྡན་ན་སྐབས་མི་དབྱེའོ། །དུས་དང་གནས་ལ་གསུམ་སྟེ། དབྱར་གྱི་ནང་མ་ཡིན་པ་དང་། འབྲེལ་པ་མ་ཡིན་པ་དང་། མང་པོ་ཚོགས་པ་མ་ཡིན་པའོ། །དགོས་པ་ནི་ལྟུང་བ་ལས་ལྡང་བར་བྱེད་པའོ། །གླེང་ནས་ཇི་ལྟར་བསྒྲུབ་པ་ནི་གཉིས་ཏེ། རྣལ་དུ་ཕེབ་ན་ཕྱིར་བཅོས་ཀྱི་གཞིའི་རྒྱུར་འགྲོའོ། །མ་ཕེབ་ན་གཉིས་ཏེ། འབྱེད་པ་དང་། མི་འབྱེད་པའོ། །མི་འབྱེད་པ་ལ་གཉིས་ཏེ། དགེ་འདུན་མཐའ་དག་དང་བསླབ་པའི་གཞི་མཐའ་དག་ལ་སྐབས་མི་འབྱེད་ན་བཀའ་བློ་མི་བདེ་བར་འགྲོའོ། །ཡན་གར་བ་ལ་མི་འབྱེད་ན་སྐབས་ཕྱེས་ཤིག་ཁོ་བོ་ལ་དགེ་འདུན་གྱི་བརྗོད་པའི་ཕྱིར་བསྡོགས་པ་ཡོད་དོ་ཞེས་བརྗོད་པས་སོ། །དེས་མ་ཞི་ན་གདམས་ངག་བཞག་གོ །དེས་མ་ཞི་ན་གསོ་སྦྱོང་བཞག་གོ །དེས་ཀྱང་མ་ཞི་ན་དགག་དབྱེའོ། །དེས་ཀྱང་མ་ཞི་ན་གནས་ནས་དབྱུང་ངོ་། །གསོ་སྦྱོང་དང་དགག་དབྱེ་གཉིས་སུ་ངེས་པ་མེད་དེ། སྔོན་ལ་གསོ་སྦྱོང་ལ་བབ་ན་གསོ་སྦྱོང་འཇོག་ལ། དགག་དབྱེ་ལ་བབ་ན་དགག་དབྱེ་འཇོག་གོ །དབྱར་གྱི་ནང་དུ་ལྟུང་བ་གླེང་དུ་མི་རུང་བས་དགག་དབྱེ་འཇོག་པ་འགལ་ལོ་སྙམ་ན་མི་འགལ་ཏེ། དགག་དབྱེའི་གོང་རོལ་ཟླ་བ་ཕྱེད་ཙམ་ནས་གླེང་དུ་རུང་སྟེ། དབྱར་གྱི་སྦྱོར་བ་ཀློད་དགོས་པས་སོ། །སྐབས་འབྱེད་པ་ལ་གཉིས་ཏེ། མཉན་ན་ཕྱིར་བཅོས་ཀྱི་གཞིར་འགྲོ་ལ་མི་མཉན་པ་ཉིད་དང་སྐབས་མི་འབྱེད་པ་ཉིད་ན་ཕུར་བཅས་སོ། །དེས་ཀྱང་མ་ཞི་ན་གདམས་ངག་འཇོག་གོ །དེས་ཀྱང་མ་ཞི་ན་གསོ་སྦྱོང་ངོ་། །དེས་ཀྱང་མ་ཞི་ན་དགག་དབྱེའོ། །དེས་ཀྱང་མ་ཞི་ན་ཕྱིར་མི་བཅོས་པ་གནས་ནས་དབྱུང་བའོ། །ལྟུང་བ་གླེང་བ་ལས་ལྟུང་བ་ཁས་བླངས་ནས་ཕྱིར་མི་འཆོས་ན་དེའི་གནས་ནས་དབྱུང་བའི་ལས་བྱེད་དོ། །གླེང་བ་ལ་བརྟེན་ནས་གླེང་བྱ་གླེང་བྱེད་མ་མཐུན་ན། གླེང་བྱེད་གཟུ་བོས་ཞལ་ལྕེ་བཅད་ནས་ངོ་བོ་ཉིད་འཚོལ་དུ་མི་འདོད་ན་གནས་ནས་དབྱུང་སྟེ། གནས་ནས་དབྱུང་བ་བྱེད་པའི་སེམས་ཀྱིས་ལས་ལོགས་གཅིག་ཏུ་བྱས་ན་ལས་བྱེ་བར་ཡང་འགྲོའོ། །དེ་བཞིན་དུ་ལྟུང་བ་གླེང་བ་ལ་བརྟེན་ནས་ཁོ་བོ་ཅག་ལྷས་བྱིན་པའི་ལུགས་དེ་ལྟ་བུ་ལ་ལྟུང་བ་མི་འབྱུང་བར་འདོད་ཟེར་ནས་སྙོན་པ་ཐ་དད་དུ་བཟུང་བ་ལ་བརྟེན་ནས་འཁོར་ལོ་བྱེ་བའི་གཞི་དང་། ལྟུང་བ་མ་ཡིན་ཟེར་བ་ལ་བརྟེན་ནས་གཞན་དུ་ཡང་འགྲོའོ། །གཉིས་པ་རྩོད་པ་ཕྱིར་བཅོས་པ་ལ་གསུམ་སྟེ། གནས་ནས་དབྱུང་བ་ལས་འཕྲོས་པ་ལས་བྱེ་བའི་གཞི། ལྟུང་ཕྱིར་རྩོད་པ་ལས་འཕྲོས་པ་འཁོར་ལོ་བྱེ་བའི་གཞི། རྩོད་པ་ཞི་བར་བྱེད་པའི་ཆོས་དངོས་སོ། །དང་པོ་ལ་ལྔ་སྟེ། ལས་བྱེ་བའི་རྒྱུ་དང་། གནས་དང་། གླིང་དང་། གྲངས་དང་། བྱེ་བའི་མཚན་ཉིད་དོ། །དང་པོ་ནི་ཆོས་ལས་ཐ་དད་པའི་དངོས་པོ་ལ་ཞེན་པའོ། །གཉིས་པ་ནི་མཚམས་གཅིག་པར་འབྱུང་གི་ཐ་དད་པ་ནི་མ་ཡིན་ནོ། །གསུམ་པ་ནི་གླིང་གསུམ་དུ་སྟེ། སངས་རྒྱས་བཞུགས་པ་ལ་རག་ལས་པའི་ཕྱིར་རོ། །བཞི་པ་ནི་གང་ཟག་བརྒྱད་ཡན་ཆད་དོ། །ལྔ་པ་ནི་མཚམས་ནང་གཅིག་ཏུ་ལས་ཐ་དད་པར་བྱས་པ་ཙམ་གྱི་བྱེ་བ་ཡིན་ནོ། །བཀྲ་ཤིས་པ་དང་གནོད་པ་དབྱུང་བའི་གསོ་སྦྱོང་གི་ཁྱད་པར་ལ། རྒྱ་ཤེའི་ཞལ་ནས་གནོད་པ་བྱུང་དུ་དོགས་པ་ལ་དང་པོ་བྱ་ལ། བྱུང་ཟིན་པ་ལ་ཕྱི་མ་བྱ་ཞེས་ཟེར་རོ། །ཁྲི་ལྡེའི་ཞལ་ནས་གཉིས་ཀ་ཡང་བྱུང་ཟིན་ལ་བྱ་སྟེ། ཕྱིའི་ཡམས་ལ་སོགས་པ་བྱུང་བ་ལ་བཀྲ་ཤིས་པའི་གསོ་སྦྱོང་དང་། ནང་གི་རིམས་ནད་ལ་སོགས་པ་བྱུང་བ་ལ་གནོད་པ་དབྱུང་བའི་གསོ་སྦྱོང་བྱེད་པ་ཡིན་ཏེ། འགྲེལ་པ་ལས། སྔ་མ་ལ་ཡམས་ལ་སོགས་པ་ཕྱིའི་གནོད་པ་ལ་བཤད་ལ། ཕྱི་མ་ལ་རིམས་ཉིན་གཅིག་པ་ལ་སོགས་པ་ནང་གི་གནོད་པ་ལ་ཞེས་བཤད་པས་སོ་ཞེས་ཟེར་རོ། །བྱའི་ཞལ་ནས། ལུང་ལས་ནི་ཚུལ་ཁྲིམས་དང་ལྟ་བ་ལ་གནོད་པ་བྱུང་ན་བཀྲ་ཤིས་ཀྱི་གསོ་སྦྱོང་བྱ་ལ། ལུས་དང་ལོངས་སྤྱོད་ལ་གནོད་པ་བྱུང་ན་གནོད་པ་དབྱུང་བའི་གསོ་སྦྱོང་བྱ་ཞེས་གསུངས་པས་སོ་ཞེས་བཞེད་དོ། །གཉིས་པ་འཁོར་ལོ་བྱེ་བའི་གཞི་ལ་བཅུ་གཅིག་སྟེ། དབྱེན་ཆགས་པའི་གཞི་དང་། བསམ་པ་དང་། སྦྱོར་བ་དང་། མཐར་ཐུག་དང་། དབྱེན་འབྱུང་བའི་དུས་དང་། གནས་པའི་ཚད་དང་། ཉེས་དམིགས་དང་། ཁ་ན་མ་ཐོ་བ་གང་དུ་གཏོགས་པ་དང་། དབྱེན་དེ་གང་ཟག་གང་ལ་ལྡན་པ་དང་། ཕྱིར་བཅོས་པའི་ཐབས་དང་། འཁོར་ལོ་ཞེས་སྒྲ་འཇུག་པའི་རྒྱུ་མཚན་ཏེ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །གསུམ་པ་རྩོད་པ་ཞི་བྱེད་དངོས་ལ་ལྔ་སྟེ། རྩོད་པའི་རྒྱུ། འབྲས་བུ་རྩོད་པའི་དབྱེ་བ། རྩོད་པའི་ངོ་བོ། ཞི་བར་བྱེད་པའི་ཆོས། རྩོད་པའི་བསླབ་བྱའོ། །དང་པོ་ལ་གཉིས་ཏེ། ནང་ན་གནས་པ་དང་། ཕྱི་ན་གནས་པའོ། །དང་པོ་ནི། བདག་ཏུ་འཛིན་པའི་ཕྲ་རྒྱས་ལ་སོགས་པ་སྟེ་སྐབས་འདིའི་བརྗོད་བྱ་མ་ཡིན་ནོ། །གཉིས་པ་ལ་བཞི་སྟེ། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་དང་། གདམས་ངག་ལ་སོགས་པ་འཇོག་པ་སྤོང་བ་དང་། ལྟུང་བ་དང་བཅས་པ་དང་། ལས་ལ་མཐུན་པ་མི་སྦྱིན་པའོ། །གཉིས་པ་ལ་བཞི་སྟེ། འབྱེད་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ། །གསུམ་པ་ནི། འཁྲུག་ལོང་གི་ཕྱིར་སེམས་གཞོལ་བ་སྟེ། འཛིན་ཅིང་སེམས་པའོ། །ཞི་བྱེད་ལ་གཉིས་ཏེ། ནང་ན་གནས་པའི་ཞི་བྱེད་དང་། ཕྱི་རོལ་ན་གནས་པའི་ཞི་བྱེད་དོ། །དང་པོ་ནི་བདག་མེད་བསྒོམ་པ་ལ་སོགས་པས་ཞི་བར་བྱེད་པ་སྟེ་ཞི་གནས་ཀྱི་གསོ་སྦྱོང་ལ་སོགས་པ་སྐབས་གཞན་ནས་སྟོན་ནོ། །གཉིས་པ་ནི། མངོན་སུམ་དྲན་པ་མ་སྨྱོས་དང་། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང་། །ཁས་བླངས་པར་ཡང་བྱ་བའོ། །ཞེས་བདུན་དུ་གསུངས་པ་བསྡུ་ན་བཞི་སྟེ། འབྱེད་ཕྱིར་གྱི་རྩོད་པ་ཇི་ལྟར་ཞི་བར་བྱ་བ་དང་། མི་གདམས་པའི་ཕྱིར་གྱི་རྩོད་པ་ཇི་ལྟར་ཞི་བར་བྱ་བ་དང་། ལྟུང་ཕྱིར་གྱི་རྩོད་པ་ཇི་ལྟར་ཞི་བར་བྱ་བ་དང་། བྱ་ཕྱིར་གྱི་རྩོད་པ་ཇི་ལྟར་ཞི་བར་བྱ་བའོ། །དང་པོ་ལ་གཉིས་ཏེ། མངོན་སུམ་བརྒྱད་ཀྱིས་ཞི་བར་བྱ་བ་དང་། ཚུལ་ཤིང་གང་མང་གིས་ཞི་བར་བྱ་བའོ། །དང་པོ་ལ་རྒོལ་ཕྱིར་རྒོལ་གྱི་མངོན་སུམ་དང་། གཟུ་བོའི་དང་། དགེ་འདུན་གཞི་པོའི་དང་། གསལ་བའི་དང་། ཡང་གསལ་གྱི་དང་། གནས་བརྟན་དང་སོ་སོར་ཐར་པ་དང་བཅས་པའི་དང་། སྡེ་སྣོད་འཛིན་པའི་དང་། གནས་བརྟན་མཐུ་དང་ལྡན་པའི་མངོན་སུམ་མོ། །དེས་མ་ཞི་ན་གང་མང་ངོ་། །གང་མང་ལ་སྤྱི་དོན་དྲུག་སྟེ། གཞི་གང་ལ་བྱ་བ་དང་། དུས་ནམ་གྱི་ཚེ་དང་། དགེ་འདུན་གང་གིས་དང་། བྱེད་པ་པོ་དང་། ཆོ་ག་དང་། དགོས་པའོ། །གཞི་ལ་གསུམ་སྟེ། ཆོས་རྣམ་པར་གཏན་ལ་དབབ་པ་དང་། རྒོལ་ཕྱིར་རྒོལ་གྱིས་གཅེས་པར་བཟུང་བ་དང་། བསྡམ་པར་བྱ་བ་མ་ཡིན་པའི་དོན་ཏོ། །དུས་ལ་གཉིས་ཏེ། མངོན་སུམ་གྱིས་མཐར་ཐུག་པ་དང་། དགེ་འདུན་བྱེ་བར་དོགས་པའི་དགག་བྱ་ཡོད་པས་སོ། །དགེ་འདུན་མཚན་ཉིད་དང་ལྡན་པས་སོ། །བྱེད་པ་པོ་བསྐོས་པས་སོ། །ཆོ་ག་སྦྱོར་བ་དང་། དངོས་གཞིའི་འོ། །སྦྱོར་བ་ལ་བཞི་སྟེ། གང་ཟག་བསྐོ་བ་དང་། དེས་ཚུལ་ཤིང་སྟ་གོན་བྱ་བ་དང་། འདུ་བའི་སྐབས་བསྒྲུབ་པ་དང་། ཚོགས་ལ་བརྗོད་པའོ། །དངོས་གཞི་ལ་གཉིས་ཏེ། འགྲིམ་པའི་དང་། ལེན་པའི་འོ། འགྲིམ་པའི་ལ་བཞི་སྟེ། ཆོས་མ་ཡིན་པའི་ལེན་པ་མང་ན་མི་བྲིམས་པ་དང་། ཆོས་ཀྱི་ཚུལ་ཤིང་གཡོགས་པའམ་ཕྱེ་བ་གང་གིས་ལེན་པ་མང་བར་འགྱུར་བ་དེ་ལྟར་བྲིམས་པ་དང་། གསར་བུས་ཆོས་མ་ཡིན་པའི་ལེན་ན་རྣ་དྲུང་དུ་བཤུབ་པ་དང་། ཆོས་མ་ཡིན་པའི་ལེན་ན་ཚིག་གཉིས་པ་ལ་མི་སྦྱིན་ཞིང་གསུམ་པ་ལ་སྦྱིན་པའོ། །ལེན་པའི་ལ་བཞི་སྟེ། སྡེ་སྣོད་འཛིན་པ་ལ་མ་དྲིས་པར་མི་བླང་བ་དང་། ཆོས་མ་ཡིན་པའི་མི་བླང་བ་དང་། དབྱེན་དུ་འགྱུར་བའི་བཟོད་པས་མི་བླང་བ་དང་། མཉམ་ན་ཉན་ཐོས་ཆེན་པོའི་བླང་བའོ། །དགོས་པ་དགེ་འདུན་མཐུན་པ་དང་། ཁ་ན་མ་ཐོ་བ་མེད་པའོ། །གང་མང་ནི་འབྱེད་པའི་ཕྱིར་རྩོད་པ་ལ་འོང་ལ་གཞན་ལ་མི་བཏུབ་བོ། །གཞན་ཞི་བྱེད་ཐམས་ཅད་འཁྲུལ་མར་འོང་ངོ་། །དེས་མ་ཞི་ན་རྣམ་པར་གཏན་ལ་འབེབས་པས་ཉེ་བར་མ་ཞི་བ་ཆོས་མ་ཡིན་པར་སྨྲ་བ་གནས་ནས་འབྱིན་ནོ། །འགྱེད་པའི་ཕྱིར་རྩོད་པ་ལ་ཁས་བླངས་ཀྱི་ཞི་བའོ། །འདི་རྒོལ་ཕྱིར་རྒོལ་དང་ཁྱད་ཅི་ཡོད་སྙམ་ན། རྒོལ་ཕྱིར་རྒོལ་གྱིས་ནི་ལན་མེད་པར་རྡུགས་པའོ། །ཁས་བླངས་ནི་རིགས་པས་རྡུགས་པར་བྱེད་མ་ནུས་ཀྱང་ཁས་བླངས་པས་མངོན་སུམ་དུ་རྡུགས་པར་བྱ་བ་ཙམ་དུ་ཟད་དོ། །མི་གདམས་པའི་ཕྱིར་རྩོད་པ་ལ་གཉིས་ཏེ། རྒྱུ་དང་བཅས་པ་དང་། རྒྱུ་མེད་པའོ། །རྒྱུ་དང་བཅས་པ་ལ་མངོན་སུམ་གྱིས་ཞི་བར་བྱེད་པའོ། །འདི་ལ་ཡང་མངོན་སུམ་བརྒྱད་ཀ་འོང་ངོ་། །དེས་མ་ཞི་ན་མ་མཐོང་བ་གནས་ནས་འབྱིན་ནོ། །རྒྱུ་མེད་པ་ལ་བཞི་སྟེ། གཞི་མེད་པ་དང་། གཞན་རྗེས་སུ་སྒྲུབ་པ་དང་། ཕྱིར་བཅོས་པ་ལ་མི་ལྟོས་པ་དང་། སྨྱོན་པས་བྱས་པའོ། །དང་པོ་གསུམ་ལ་དྲན་པས་འདུལ་བ་སྟེར་ཏེ། དེའི་གོ་བ་ནི་དགེ་འདུན་གྱིས་གསོལ་བ་དང་གཞིའི་ལས་ཀྱིས་དྲན་པ་བྱིན་ནས་འདི་ད་ལྟ་དྲན་པར་འདུག་པས་ལྟུང་བ་མེད་ཞེའམ་མི་དྲན་པར་འདུག་པས་དགེ་འདུན་གྱིས་ལྟུང་བ་མེད་པར་འཛིན་པའོ། །སྨྱོན་པས་བྱས་པ་ལ་ནི་མ་སྨྱོས་པས་འདུལ་བ་སྟེར་བའོ། །དེའི་གོ་བ་ནི་འདི་ད་ལྟ་རང་བཞིན་དུ་གནས་པར་འདུག་པས་ལྟུང་བ་མི་དྲན་པར་འདུག་པས་རང་བཞིན་དུ་མི་གནས་པའི་དུས་སུ་བྱས་པས་ལྟུང་བ་མེད་པར་འཛིན་པའོ། །དེ་ལྟར་དག་རྒྱ་སྦྱིན་དུ་རུང་ན་གླེང་བྱེད་ཉན་དུ་མི་འདོད་ན་བརྙས་ཐབས་བྱེད་པ་ཡིན་པས་དེ་ལ་ཕྱིར་འགྱེད་པའོ། །དེས་མ་ཞི་ན་བརྙས་ཐབས་བྱེད་པ་ལ་འབད་པས་མ་ལོག་པ་གནས་ནས་དབྱུང་བའོ། །གླེང་བྱ་གླེང་བྱེད་ལ་མི་རིགས་པ་བྱ་སྙམ་ན་བརྙས་ཐབས་ལ་སོགས་པའི་ཚད་དུ་ཡང་འགྲོའོ། །གླེང་བྱ་དག་རྒྱ་གསོལ་དུ་མི་འདོད་ན་ཕྱིར་མི་བཅོས་པའི་ཆ་ལག་ཡིན་པས་ཕྱིར་མི་འཆོས་པ་གནས་ནས་འབྱིན་པའོ། །ལྟུང་བའི་ཕྱིར་རྩོད་པ་ལ་གཉིས་ཏེ། ཉེས་པ་རང་གི་ངོ་བོ་ཤེས་པ་དང་། མི་ཤེས་པའོ། །ཤེས་པ་ལ་གསུམ་སྟེ། འཕྲོས་པ་མེད་པ་དང་། འཕྲོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བ་དང་། དགེ་འདུན་མཐའ་དག་དང་འབྲེལ་བའོ། །དང་པོ་ནི་རྒོལ་ཕྱིར་རྒོལ་ཁོ་ན་ལ་ཡོད་ཀྱི་གཞན་དུ་མ་འཕྲོས་པའོ། །དེས་མ་ཞི་བ་ལ་མ་མཐོང་བ་གནས་ནས་དབྱུང་བའོ། །འཕྲོས་པ་དང་བཅས་པ་ཉི་ཚེ་བ་ལ་ནི་མངོན་སུམ་གྱིས་ཞི་བར་བྱ་བ་དང་། དེས་མ་ཞི་ན་མ་མཐོང་བ་གནས་ནས་དབྱུང་ངོ་། །དགེ་འདུན་མཐའ་དག་དང་འབྲེལ་པ་ལ་ནི་རྩྭ་བཀྲམ་པས་ཞི་བར་བྱའོ། །དེ་ལ་གནས་ནས་དབྱུང་བ་ནི་མེད་དེ་དགེ་འདུན་བྱེ་བའི་དགག་བྱ་ཡོད་པས་སོ། །ཉེས་པ་རང་གི་ངོ་བོ་མི་ཤེས་ན་ངོ་བོ་ཉིད་ཚོལ་བ་སྟེར་ཏེ། མི་འདོད་ན་ཕྱིར་མི་འཆོས་པ་གནས་ནས་འབྱིན་ནོ། །ངོ་བོ་ཉིད་མ་རྙེད་ན་རྙེད་རྙེད་དུ་སྡོད་དོ། །རྙེད་ནས་གཞན་ན་གནས་པར་བྱེད་དོ། །བྱ་བའི་ཕྱིར་གྱི་རྩོད་པ་ཞི་བྱེད་ནི། ཞི་བྱེད་ཐམས་ཅད་ནི་བྱ་བའི་ཕྱིར་གྱི་རྩོད་པ་ལ་འཇུག་སྟེ། ལས་ཀྱི་གནས་ནས་འོངས་པ་ལ་རྟག་མི་རྟག་ལ་སོགས་པའམ། གདམས་ངག་བཞག་མ་བཞག་གམ། ལྟུང་བ་བྱུང་མ་བྱུང་ལ་རྩོད་པའི་དུས་སུའོ། །རྩོད་པའི་བསླབ་བྱ་ནི་ཉེ་བར་ཞི་བའི་མཐུ་ཡོད་པ་ལྟར་ན་མི་འབད་པར་མི་བྱ་སྟེ་འབད་དགོས་སོ། །བཞི་པ་དེ་དག་གི་དོན་གྱི་འབྲེལ་བརྩི་བ་ནི། རྣམ་གྲོལ་དོན་གཉེར་བྱང་ཆུབ་གསུམ་ཐོབ་པར་བྱེད་པའི་ཐབས་ནི་ལམ་བསླབ་པ་གསུམ་ཡིན་ལ། བསླབ་པ་གཞན་གཉིས་ཀྱི་རྩ་བ་ཡང་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པས་བསྟན་པའི་རྩ་བ་སོ་སོར་ཐར་པ་ཡིན་ཏེ། སོ་སོར་ཐར་པའི་མདོ་ལས། འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་བཞིན་དུ་འདྲ་བར་གནས། །ཞེས་དང་། བཤེས་པའི་སྤྲིང་ཡིག་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས་པས་སོ། །ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཉམས་སུ་ལེན་པའི་ལག་ལེན་ཐམས་ཅད་མདོར་བསྡུ་ན། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་པ་དང་གསུམ་ཡིན་པ་ལས། ཐོག་མར་མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག་དགོས་ཏེ། བསྲུང་བ་ལ་ཐོབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །དེ་ཡང་འགལ་བའི་རྐྱེན་སྤང་ཞིང་མཐུན་པའི་རྐྱེན་ཚང་བ་ལ་བརྟེན་ནས་སྐྱེ་བ་ལས། འགལ་རྐྱེན་ཡང་བསྡུ་ན་བཞིར་འདུས་ཏེ། མཚམས་མེད་ཅན་ལ་སོགས་པ་སྡོམ་པ་སྐྱེ་བའི་བར་ཆད། བྲན་རྗེ་དཔོན་གྱི་དབང་དུ་གྱུར་པ་སོགས་གནས་པའི་བར་ཆད། ནད་པ་སོགས་གཉེན་པོ་ཁྱད་པར་དུ་འགྲོ་བའི་བར་ཆད། ལག་རྡུམ་སོགས་མཛེས་པའི་བར་ཆད་དེ། རྣམ་པ་བཞི་སྤངས་པ་དགོས་སོ། །མཐུན་པའི་རྐྱེན་ནི་རྣམ་པ་ལྔ་དགོས་ཏེ། ཡུལ་དང་། བསམ་པ་དང་། རྟགས་དང་། རྒྱུད་དང་། ཆོ་ག་མཐུན་པའི་རྐྱེན་ཏེ་ལྔ་ཚང་བ་ལས་སྐྱེའོ། །དཔེར་ན་འཇིག་རྟེན་པ་སོ་ནམ་གྱིས་སྟོན་ཐོག་སྒྲུབས་པའི་དཔེས་བསྟན་ན་འགལ་རྐྱེན་སྤངས་པ་ནི་ཞིང་ས་བཟང་པོ་ལྟ་བུ་ཡིན་ལ། མཐུན་རྐྱེན་ཚང་བ་ནི་རྐྱེན་ཆུ་ལུད་འཛོམ་པ་ལྟ་བུ་ཡིན་ཏེ། ས་བོན་གྲུང་པོ་ཞིང་ས་བཟང་བ་ལ་གདབ། རྐྱེན་ཆུ་ལུད་འཛོམ་འགལ་རྐྱེན་སད་སེར་སོགས་དང་མི་ལྡན་ན་སྟོན་ཐོག་འབྱུང་བ་བཞིན། གང་ཟག་གི་རྒྱུད་ལ་སོ་ཐར་གྱི་སྡོམ་པ་སྐྱེ་ནུས་ཀྱི་ས་བོན་གང་རུང་ཡོད་པ་དེ་ཞིང་བཟང་དང་འདྲ་བའི་བར་ཆད་ཀྱི་ཆོས་དང་མི་ལྡན་པའི་དལ་འབྱོར་གྱི་ཞིང་ལ་གདབ། རྐྱེན་ཆུ་ལུད་དང་འདྲ་བའི་མཐུན་རྐྱེན་ལྔ་ཚང་། སད་སེར་དང་འདྲ་བའི་ལྟུང་བས་རྒྱུད་ལ་མ་གོས་ན་འབྲས་བུ་སྟོན་ཐོག་དང་འདྲ་བའི་སྡོམ་པ་སྐྱེ་བ་ཡིན་ནོ། །འོ་ན་སྡོམ་པ་དེ་ཐོབ་པ་ཙམ་གྱིས་ཆོག་གམ་སྙམ་ན་མི་ཆོག་སྟེ། ཐོབ་ནས་མ་བསྲུངས་ན་འཇིག་རྟེན་ན་མཚོན་ཐང་ལ་འཁྱམ་པ་རང་གི་ལུས་ལ་བསྣུན་པ་དང་འདྲ་བའི་ཉེས་དམིགས་ཡོད་པས་ན་ཐོབ་ནས་བསྲུང་བ་གལ་ཆེའོ། །འདི་ལ་ལྔ་ཡོད་པ་ལས། དང་པོར་ཕྱིའི་རྐྱེན་ནི་གང་ཟག་གཞན་ལ་བརྟེན་ནས་བསྲུང་དགོས་ཏེ། ལས་དང་པོ་པ་སྡོམ་པ་བསྲུང་བ་ལ་ཉེ་བར་མཁོ་ཞིང་བསྲུང་ཐབས་གཞན་དག་ཀྱང་དེ་ལ་བརྟེན་ནས་འབྱུང་བས་དང་པོར་བསྟན་ཏེ། ཉེ་བར་མཁོ་ལུགས་གསར་དུ་བསྙེན་པར་རྫོགས་མ་ཁད་ཀྱི་གང་ཟག་དེ་དཔེར་ན་འཇིག་རྟེན་ན་བུ་ཆུང་བཙས་མ་ཁད་དང་འདྲ་བ་ཡིན་ཏེ། བུ་ཆུང་བཙས་མ་ཁད་དེ་མ་མ་ཐབས་ལ་མཁས་པ་ཞིག་གིས་མ་བསྐྱངས་ན་ཆེ་སྟེ་སྲོག་གི་བར་ཆད་དམ། ཆུང་སྟེ་རྐང་ལག་ཞ་གྲུམ་དུ་སོང་ནས་ཕུན་སུམ་ཚོགས་པ་གཅིག་མི་འབྱུང་བ་ཡིན། དེ་ལས་གཞན་མ་མ་ཐབས་ལ་མཁས་པའི་གང་ཟག་གཅིག་གིས་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་སྤངས་པའི་སྒོ་ནས་བསྐྱངས་ན་དུས་ཚོད་ལས་ཕུན་སུམ་ཚོགས་པ་གཅིག་འབྱུང་ཟེར་ཏེ། ཅི་ལ་བཏང་ཡང་ཐོགས་པ་མེད་པ། ཕ་མ་རང་བས་ཀྱང་ལྷག་པ་སྐད་ཟེར་བ་གཅིག་འབྱུང་བ་ཡིན། དཔེ་དེ་བཞིན་དུ་གསར་དུ་བསྙེན་པར་རྫོགས་མ་ཁད་ཀྱི་གང་ཟག་དེ་དགེ་བའི་བཤེས་གཉེན་གང་གིས་མ་བསྐྱངས་ན་ཆེ་སྟེ་སྲོག་གི་བར་ཆད་དང་མཚུངས་པར་རྩ་བའི་ལྟུང་བ་འཆབ་སེམས་དང་བཅས་པས་རྒྱུད་ལ་གོས་པའམ། ཆུང་སྟེ་རྐང་ལག་ཞ་གྲུམ་དང་མཚུངས་པར་ལྷག་མ་མན་ཆད་ཀྱི་བདུད་ཀྱིས་ནོན་ནས་ཕུན་སུམ་ཚོགས་པོ་གཅིག་མི་འབྱུང་བ་ཡིན་ལ། དེ་ལ་གཞན་དགེ་བའི་བཤེས་གཉེན་གང་གིས་བསྐྱངས་ནས་འདི་རྣམས་ཁྱོད་ཀྱིས་སྤང་བྱ་ཡིན་པས་སྤོངས་ཤིག འདི་རྣམས་ཁྱོད་ཀྱིས་ཉམས་སུ་བླང་བྱ་ཡིན་པས་ལོངས་ཤིག་ཅེས་ལུང་འབོགས་རྗེས་སུ་བསྟན་ནས་གང་ཟག་དེས་དེའི་རྗེས་སུ་ཞུགས་ནས་ལྡོག་འཇུག་བྱས་པ་ལ་བརྟེན་ནས་ཚུལ་ཁྲིམས་རྣམ་པར་དག དེ་གཞི་མར་བཞག་སྟེ་དུས་ཚོད་ལ་བརྗོད་བྱེད་སྡེ་སྣོད་རིན་པོ་ཆེ་གསུམ་ལ་མཁས་པ། བརྗོད་བྱ་བསླབ་པ་གསུམ་ལ་འདྲིས་པ། མཁས་བཙུན་སྐྱེས་བུ་དམ་པ་གཞུ་མོའི་རྒྱུད་དང་འདྲ་བ་སྦྲིང་ཐག་ཆོད་པ་གཞན་གྱི་དམིགས་པའི་ཡུལ་བཏུབ་པ། མཁན་སློབ་རང་བས་ཀྱང་མཁས་བཙུན་ང་རང་འཛོམ་མམ་སྙམ་པ་གཅིག་འབྱུང་བ་ཡིན། བསྲུང་ཐབས་གཞན་དག་ཀྱང་འདི་ལ་བརྟེན་ནས་འབྱུང་བར་ལུང་ལས། བླ་མ་དང་ནི་འགྲོགས་པ་དང་། །མཁན་པོས་རྗེས་སུ་བསྟན་པ་ལས། །འཇིགས་པས་སྐལ་ལྡན་གུས་བྱེད་པ། །དྲན་པ་བདེ་བླགས་སྐྱེ་བར་འགྱུར། །ཞེས་གསུངས་པས། དེ་ལྟར་ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་ལ་བསྟེན་པ་དེས་རང་གི་བསམ་པ་ཕུན་སུམ་ཚོགས་པས་བསྲུང་དགོས་ཏེ། ནང་གི་ཉེར་ལེན་མེད་ན་ཕྱིའི་རྐྱེན་གྱིས་འབྲས་བུ་ཕུན་ཚོགས་མི་འབྱུང་བའི་ཕྱིར་རོ། །དེ་ལ་རང་རིགས་དང་། ཡོན་ཏན་དང་རྟགས་ཆ་ལུགས་འདི་ལྟ་བུ་དང་ལྡན་པས་ཉེས་སྤྱོད་ལ་འཇུག་པ་ངོ་ཚ་སྙམ་པའི་ངོ་ཚ་ཤེས་པ་དང་བདག་གིས་ཉེས་སྤྱོད་འདི་ལྟ་བུ་བྱས་ན་མཁན་སློབ་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་སོགས་ཀྱིས་ཁྲེལ་ནས་འགྲོ་བས་མི་བྱ་སྙམ་པའི་ཁྲེལ་ཡོད་ཁྱད་པར་ཅན་དགོས་ཏེ། ངོ་ཚ་ཁྲེལ་ཡོད་ནི་ཁ་ན་མ་ཐོ་བ་སྤང་བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །ཆོས་རང་དང་སྤྱིའི་མཚན་ཉིད་གང་ཡིན་ཀྱང་འདྲིས་པ་ལ་མི་བརྗེད་པ་གལ་ཆེ་བ་ཡིན་ཏེ། མདོ་རྩ་བ་ལས། ལྟུང་བའི་སྒོར་གྱུར་པའི་འཇུག་པ་ཐམས་ཅད་ལ་དྲན་པས་ཉེ་བར་བསྒྲུབ་པར་བྱའོ། །ཞེས་བཤད་པས་སོ། །ལུས་ངག་གི་བྱ་བ་གང་དང་གང་བྱེད་པ་ལ་འདི་བྱར་རུང་ངམ་མི་རུང་སྙམ་དུ་སོ་སོར་རྟོག་པ་དང་། བྱ་བ་རྩོམ་པའི་ཚེ་ཉིད་ལ་འདི་རུང་བར་འདུག་གམ་མི་རུང་བར་འདུག་སྙམ་དུ་འཕྲལ་ལ་རྟོག་པ་ཡིན་ཏེ། མདོ་རྩ་ལས། ཤེས་བཞིན་དུ་བྱའོ་ཞེས་བཤད་པས་སོ། །སྤང་བྱ་ཉོན་མོངས་པ་དྲག་ལ་ཡུན་རིང་བ་སྐྱེས་པའི་དུས་སུ་གཉེན་པོ་དྲག་ལ་ཡུན་རིང་བའི་བག་ཡོད་པ་བསྟེན་དགོས་ཏེ། སོ་སོར་ཐར་པ་ལས། ཚེ་དང་ལྡན་པ་དག་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བཤད་པས་སོ། །དེ་ལྟར་ནང་གི་ཉེར་ལེན་དང་ལྡན་པ་དེས་སྤང་བྱ་མི་མཐུན་པའི་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་དགོས་ཏེ། ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན། ནང་གི་ཉེར་ལེན་བསམ་པ་ཕུན་སུམ་ཚོགས་པ་དང་ལྡན་ཀྱང་སྤང་བྱ་མི་མཐུན་པའི་ཕྱོགས་ངོ་མ་ཤེས་ན་འཇིགས་རྟེན་ན་དགྲ་ལ་ཟོན་བྱེད་པ་ལ་དགྲ་ངོ་མི་ཤེས་པའམ། ནད་པ་ལ་སྨན་གཏོང་བ་ལ་ནད་ངོ་མི་ཤེས་པ་དང་འདྲ་བས་སྤང་བྱས་རྒྱུད་ལ་གོས་ཀྱང་མི་ཚོར་བ་འབྱུང་བས་སོ། །དེས་ན་མི་མཐུན་ཕྱོགས་ངོ་ཤེས་པར་བྱ་དགོས་ལ་དེ་ལ་ཡང་སྡོམ་པ་སྤྱི་དང་འགལ་བའི་མི་མཐུན་པའི་ཕྱོགས་དང་། སྡོམ་པ་སོ་སོ་དང་འགལ་བའི་མི་མཐུན་ཕྱོགས་གཉིས་ཡོད་པ་ཐམས་ཅད་ཤེས་པར་བྱས་ནས་སྤོང་དགོས་པ་ཡིན་ནོ། །དེ་ལྟར་ཡང་མི་མཐུན་པའི་ཕྱོགས་ངོ་ཤེས་པར་བྱས་སུ་ཟིན་ཀྱང་དགེ་བ་ཉམས་སུ་མ་བླངས་ན་ཚུལ་ཁྲིམས་ཀྱི་བསོད་ནམས་རྒྱུན་ཆགས་སུ་གོང་ནས་གོང་དུ་འཕེལ་དུ་མི་བཏུབ་པས་དགེ་བ་ཉམས་སུ་ལེན་པར་བྱེད་པ་གལ་ཆེ་བ་ཡིན་ཏེ། དགེ་བ་ཉམས་སུ་བླངས་པས་ཚུལ་ཁྲིམས་ཀྱི་བསོད་ནམས་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་རྒྱས་པར་འགྱུར་བའི་ཕྱིར་ཏེ། འོད་ལྡན་ལས། ཇི་སྲིད་དུ་ནི་དགེ་བའི་རྒྱུན་འཕེལ་བ་ཞེས་བཤད་པས་སོ། །དེ་ལ་ཡང་གསུམ་སྟེ། དུས་གཅིག་ཆར་བ་དང་འབྲེལ་པ་གསོ་སྦྱོང་གི་གཞི། དགག་དབྱེའི་རྒྱུར་གྱུར་པ་དབྱར་གྱི་གཞི། དུས་རེས་འགའ་བ་དང་འབྲེལ་བ་དགག་དབྱེའི་གཞིའོ། །དང་པོ་ནི། ཟླ་བ་ཕྱེད་ཕྱེད་ཀྱི་དུས་སུ་སྔར་སྐྱེས་ཀྱི་ལྟུང་བ་ཐམས་ཅད་ཕྱིར་བཅོས། ཕྱིས་འབྱུང་གི་ལྟུང་བ་རྒྱུན་བསྡམས་ནས་རང་གི་ཤེས་རྒྱུད་འདི་ཉེས་ལྟུང་གི་དབང་དུ་མ་སོང་བས་སྤང་བྱ་རང་གི་མཚན་ཉིད་འཛིན་པའི་ཆོས་ཉོན་མོངས་པ་སྤངས་ནས་ཚུལ་ཁྲིམས་དག་པར་བྱེད་པའི་ཐབས་ཡིན་ནོ། །གཉིས་པ་ནི། དབྱར་ཟླ་བ་གསུམ་མཚམས་ནང་གཅིག་ཏུ་ཁས་བླངས་བརྟན་པོའི་ལྕགས་ཀྱུས་བཟུང་ནས་གནས་པས་རང་གཞན་གྱི་ལུས་སྲོག་གི་བར་ཆད་བསྲུང་། གཞན་མ་དད་པ་སྤངས། གནས་རལ་བ་དང་། གྲུམས་པ་འཆོས་ཤིང་དགག་དབྱེ་དང་སྲ་བརྐྱང་འབྱུང་། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཐབས་ཅིག་ཡིན་ནོ། །གསུམ་པ་ནི། དབྱར་གྱི་ནང་དུ་འཁྲུག་ལོང་བསྐྱེད་ཀྱི་དོགས་ནས་དགེ་འདུན་རྣམས་ལྟུང་བ་གླེང་བ་དགག་པ་དེ་ཉིད་ཕྱོགས་བཅུའི་དགེ་འདུན་ཐམས་ཅད་ལ་དབྱེ་སྟེ། ཆོས་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བྱེད་པའི་ཐབས་ཅིག་ཡིན་ནོ། །དེ་ལྟར་དགེ་བ་ཉམས་སུ་ལེན་པ་དེས་ཀྱང་བདེ་བར་གནས་པའི་རྐྱེན་ལ་བརྟེན་ནས་བསྲུང་དགོས་ཏེ། རབ་ཏུ་བྱུང་བ་ལ་མ་བཀག་ཅིང་རྗེས་སུ་གནང་ལ་ཉེ་བར་འཆམས་པའི་རྐྱེན་མཐའ་གཉིས་སུ་མ་ལྷུང་བ་ལ་མ་བརྟེན་ན་བསྲུང་མི་ནུས་པས་དེ་ལ་བརྟེན་ནས་བསྲུང་བ་ལ་གསུམ་སྟེ། བདེ་བར་གནས་པའི་རྐྱེན་གོས་ལ་བརྟེན་དེ་བསྲུང་བ། ཟས་ལ་བརྟེན་དེ་བསྲུང་བ། གནས་མལ་ལ་བརྟེན་ཏེ་བསྲུང་བ་བའོ། །དང་པོ་གོས་ལ་བརྟེན་ཏེ་བསྲུང་བ་ལ་གསུམ་ལས། དང་པོ་ནི་གོས་གཞན་འབྱུང་བའི་རྒྱུ་ཡིན་ལ། གཉིས་པ་ནི་གོས་དངོས་ཁ་དོག་དང་དབྱིབས་ལ་སོགས་པའི་སྒོ་ནས་ཇི་ལྟར་རུང་བ་དང་། བཟོ་འཚེམས་ལ་སོགས་པའི་སྒོ་ནས་ཇི་ལྟར་བསྒྲུབ་པ་དང་། ཆོ་གའི་ཚིག་གིས་ཇི་ལྟར་བྱིན་གྱིས་བརླབས་པ་དང་། སྟོད་གཡོགས་སྟོད་དང་། སྨད་གཡོགས་སྨད་དུ་སོགས་ཇི་ལྟར་ལོངས་སྤྱོད་པའི་ཚུལ་ཡིན་ནོ། །གསུམ་པ་ནི་གོས་ཀྱི་བྱེ་བྲག་ཀོ་ལྤགས་ཡུལ་དང་གང་ཟག་གི་དབང་གིས་རུང་བ་དང་མི་རུང་པའི་ཚུལ་ཡིན་ནོ། །གཉིས་པ་ཟས་ལ་བརྟེན་ཏེ་བསྲུང་བ་ནི། ཟས་ཀྱང་ཧ་ཅང་བཟང་ཆེས་པ་དང་། ངན་ཆེས་པ་སྤངས་ནས་རུང་བ་ཚད་ལྡན་བྱིན་གྱིས་བརླབས་པར་འོས་པ་བྱིན་གྱིས་བརླབས་ཏེ་ལོངས་སྤྱོད་པས་བཀྲེས་པ་དང་། སྐོམ་པ་དང་། འདུ་བ་དང་། འདུས་པའི་ནད་རྣམས་བསལ་ནས། བདེ་བ་ལ་རེག་པར་གནས་པར་བྱེད་པས་ཚུལ་ཁྲིམས་རྣམ་པར་དག་པའི་ཐབས་ཡིན་ཏེ། རིམ་པ་ལྟར་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བར་བྱ་བ་རྣམས་མཐའ་གཉིས་སྤངས་པ་ཡིན་ནོ། །གསུམ་པ་བདེ་བར་གནས་པའི་རྐྱེན་གནས་མལ་ལ་བརྟེན་པ་ནི་དེ་ལྟར་གོས་དང་ཟས་མཐའ་གཉིས་སྤངས་པ་ལ་བརྟེན་པ་དེས་གནས་མལ་ཡང་ཚུལ་བཞིན་བསྒྲུབ་ནས་དགེ་འདུན་གྱི་རྩྭ་དང་ལོ་མའི་གདན་མ་གཏོགས་པའི་གནས་མལ་དང་གང་ཟག་གི་ཁྲ་བོ་དང་། ཁྱིམ་པའི་དཀར་པོ་ཕལ་ཆེར་མ་ཉམས་པ་ལ་གདིང་བ་མཚན་ཉིད་དང་ལྡན་པས་བསྐྱབས་པ་སོགས་ཀྱི་སྒོ་ནས་ལོངས་སྤྱོད་པས་གཞན་གྱི་རྫས་ཆུད་ཟ་བ་སྤངས་ཤིང་། རང་ཉིད་ཀྱང་འདོད་པ་བསོད་ཉམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་ནས་ཚུལ་ཁྲིམས་རྣམ་པར་དག་པའི་ཐབས་ཡིན་ནོ། །གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཐབས་ནི། དེ་ལྟར་བསྲུང་ཐབས་རྣམ་པ་ལྔའི་སྒོ་ནས་བསྲུངས་པས་ཉེས་པས་རྒྱུད་ལ་མ་གོས་ན་དེ་ལས་ལྷག་པ་མེད་མོད་ཀྱི། གལ་ཏེ་ལྟུང་བས་གོས་ན་ཡང་ཕྱིར་བཅོས་བྱེད་དགོས་པ་ཡིན་ཏེ། ལུང་ལས་སྐྱེས་བུ་དམ་པ་ནི་གཉིས་ཏེ། དང་པོ་ལྟུང་བ་མི་འབྱུང་བ་དང་། བྱུང་བ་ཕྱིར་བཅོས་པའོ་ཞེས་བཤད་པས་སོ། །དེ་ལ་ཡང་སྐབས་དོན་ལྟུང་བ་ཕྱིར་བཅོས་པ་དང་། ལྟུང་བ་ལ་བརྟེན་པའི་རྩོད་པ་ཕྱིར་བཅོས་པའི་ཐབས་གཉིས་ལས། དང་པོ་ལ། ཕྱིར་བཅོས་པ་དངོས་བསྟན་པ་ཕྱིར་བཅོས་ཀྱི་གཞི་དང་། དེ་དག་གི་སྐབས་སུ་ཕམ་པ་ལ་འཆབ་པ་ཡོད་མེད་ཀྱིས་ཕྱིར་བཅོས་སུ་རུང་མི་རུང་། ལྷག་མ་འཆབ་པ་ཡོད་མེད་ཀྱིས་སྤོ་བ་སྤྱོད་དགོས་མི་དགོས་དང་། ལྟུང་བྱེད་མན་ལ་འཆབ་པ་ཡོད་མེད་ཀྱིས་མཐོལ་བ་དགོས་མི་དགོས་ཀྱི་ཁྱད་པར་གསུངས་པའི་འཆབ་པ་གང་ལ་འབྱུང་བ་དང་མི་འབྱུང་བའི་ཚད་བཟུང་བ་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་དང་། ཕྱིར་བཅོས་ཀྱི་གཞིའི་སྐབས་སུ་སྤོ་མགུ་བསླབ་པ་སྤྱོད་པ་སོགས་ས་གཞན་ན་གནས་པ་གསུངས་པའི་སྤྱོད་པའི་ཁྱད་པར་སྟོན་པ་ས་གཞན་ན་གནས་པའི་སྤྱོད་པའི་གཞི་དང་། རང་ཉིད་བཤགས་པར་མི་མོས་པ་ལ་ལྟུང་བ་གླེང་བའི་སྒོ་ནས་འཆགས་སུ་གཞུག་པ་ཡོངས་སུ་སྦྱོང་བའི་གཞི་དང་རྣམ་པ་བཞིའོ། །གཉིས་པ་ལྟུང་བ་ལ་བརྟེན་པའི་རྩོད་པ་ཕྱིར་བཅོས་པ་ལ་ཡང་རྩོད་པའི་འབྲས་བུ་ལས་བྱེ་བ་དང་། འཁོར་ལོ་བྱེ་བའི་གཞི་དང་། རྩོད་པའི་གཉེན་པོ་ཞི་བྱེད་ཀྱི་ཆོས་བདུན་སྟོན་པ་རྩོད་པའི་གཞི་དང་གསུམ་མོ། །དེ་ལྟར་ན་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་གཙོ་བོ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཐོག་མར་འགལ་རྐྱེན་སྤོང་ཞིང་མཐུན་རྐྱེན་ཚང་བའི་སྒོ་ནས་ཐོབ་པར་བྱས་ནས། ཐོབ་ཟིན་པ་བསྲུང་ཚུལ་ལྔ་ཡི་སྒོ་ནས་ཚུལ་བཞིན་དུ་བསྲུང་ཏེ་གལ་ཏེ་ཉམས་ན་གང་འོས་ཀྱིས་ཕྱིར་བཅོས་ཀྱི་སྒོ་ནས་ཕྱིར་བཅོས་པར་བྱས་ནས་དགེ་སློང་གི་སྡོམ་པ་ཕུན་སུམ་ཚོགས་པར་འགྱུར་བ་ནི། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་གཞི་ཡིན་ཅིང་བསླབ་པ་གསུམ་པོ་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱིས་ཟིན་པར་བྱས་ནས་བསྐལ་པ་གྲངས་མེད་གསུམ་དུ་སྦྱངས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ནི་ལུགས་འདིའི་ཡང་ལམ་གྱི་གཙོ་བོ་ཡིན་ཅིང་དེ་ཉིད་སེམས་ཅན་མ་ལུས་པའི་སྐྱོབ་པར་འགྱུར་བ་ནི་སངས་རྒྱས་པ་ཀུན་ཀྱང་འདོད་པའོ། །ཆོས་འདུལ་རྒྱ་མཚོ་གཏིང་མཐའ་མི་མངོན་ཞིང་། །ཚིག་དོན་རྦ་རླབས་ཕྲེང་བས་འཇིགས་པ་རྣམས། །བསྟན་བཅོས་འདི་ཡི་གྲུ་གཟིངས་ལ་བརྟེན་ནས། །བཅས་མཚམས་རིན་ཆེན་གླིང་དུ་འཇུག་པར་རིགས། །འདི་སྦྱར་དགེ་བ་དབང་གི་རྒྱལ་པོ་གང་། །མཐུ་ལྡན་དྲི་མེད་ཅི་སྙེད་ཐོབ་པ་དེས། །མར་གྱུར་འགྲོ་བ་དལ་འབྱོར་ལུས་བཟང་ལ། །ཚུལ་ཁྲིམས་རྒྱན་གྱིས་མཛེས་པ་ཐོབ་པར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །རྣམ་དཀར་ཚུལ་ཁྲིམས་བསླབ་པས་གཞི་བཟུང་ནས། །ཞི་ལྷག་ཟུང་འབྲེལ་གསལ་བའི་ཉི་འོད་ཀྱིས། །སངས་རྒྱས་ཡེ་ཤེས་སྣང་བ་ཐོབ་པར་ཤོག །དགེ་སློང་གི་བསླབ་བྱ་གསལ་བར་སྟོན་པ་འདུལ་བ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་འདི་ནི་དད་པ་དང་ལྡན་ཞིང་དོན་དུ་གཉེར་བ་དུ་མས་ཡང་ཡང་བསྐུལ་བའི་ངོར། སྡེ་སྣོད་འཛིན་པ་བསོད་ནམས་སེང་གེས་ལྕགས་མོ་གླང་གི་ལོ་སྣྲོན་གྱི་ཟླ་བའི་ཡར་ཚེས་བརྒྱད་ལ་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོའོ།།  །།བཀྲ་ཤིས། འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་གང་དང་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*