ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག

༼ང་༽༄༅། །ཡབཱཛྫྙེཡཱནཱནདྭཱེརྡྷེདཿསྐནྡྷདྷཱཏྭཱཡཏནཱནཱམཔྱབསྡྱནནཱམཱསྟི།།

༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།

ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་གཞག་པ་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་སྐུ་བཙོ་མའི་གསེར་ལྟར་རང་བཞིན་མཛེས་པ་གླེགས་བམ་རལ་གྲིས་བརྒྱན། །གང་གསུང་ཚངས་པའི་དབྱངས་ལྟར་རང་བཞིན་མཉེན་པ་ཡན་ལག་དྲུག་ཅུས་སྤྲས། །གང་ཐུགས་ཉི་མའི་འོད་ལྟར་རང་བཞིན་གསལ་བ་ཡེ་ཤེས་འོད་ཀྱིས་མཛེས། །གང་གི་ཡིད་བཞིན་ནོར་ལྟར་རང་བཞིན་རྟོག་མེད་བློ་གྲོས་ལྷུན་གྲུབ་རྒྱལ། །ཛམྦུའི་གླིང་དུ་དམ་ཆོས་མ་མོ་གང་གིས་རྣམ་ཕྱེ་ཐོགས་མེད་དང་། །གསུང་རབ་འཛིན་མར་ཐ་སྙད་སྣང་བ་གང་གིས་བཀྱེ་མཛད་དབྱིག་གི་གཉེན། །བློ་གྲོས་རྒྱ་མཚོར་ལེགས་བཤད་ཆར་པ་གང་གིས་འབེབས་མཛད་ཡོངས་འཛིན་མཚོ། །སྔོན་ཆད་འདས་དང་ད་ལྟ་གང་ན་བཞུགས་པ་རྣམས་ལ་གུས་ཕྱག་འཚལ། །མཁས་མཆོག་སྔ་མས་ཡང་ཡང་མ་དཔྱད་ཤེས་བྱའི་གནས་དེ་ཡོད་མིན་ཀྱང་། །མཁའ་ལྡིང་དབང་པོ་ལིང་ལིང་བསྒྱུར་བའི་གར་གྱིས་རྩེ་བའི་ལྷ་ལམ་དུ། །བུང་བ་གཞོན་ནུ་དིར་དིར་སྒྲོགས་པའི་གཤོག་རྩེ་བསྐྱོད་པ་ཇི་བཞིན་ཏུ། །བློ་གྲོས་གསལ་ལྡན་རིག་རིག་མིག་གིས་གནས་ལུགས་འབྱེད་ལ་སྤྲོ་བ་སྐྱེས། །འདིར་སྡོམ་ནི། ཆོས་གསུམ་གསུངས་པའི་དགོས་པ་དང་། །ཆོས་གསུམ་སྤྱི་ཡི་རྣམ་གཞག་དང་། །ཕུང་པོའི་དཀའ་གནས་བྱེ་བྲག་ཏུ། །བཤད་པ་གསུམ་གྱིས་དོན་འདི་བསྡུས། །དེ་ལ་དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རྣམ་གཞག་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་ཉོན་མོངས་ཀྱི་རྩ་བ་བདག་ཏུ་འཛིན་པ་སྤོང་བའི་ཆེད་ཡིན་ལ། དེ་ལ་ཡང་བདག་འཛིན་གྱི་ཞེན་ཡུལ་སུན་ཕྱུང་བའི་སྒོ་ནས་སྤང་དགོས་ཏེ། རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་དང་སྡང་སོགས་སྤོང་བ་ནི། །དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་དག་གིས་མིན། །ཞེས་གསུངས་སོ། །ཞེན་ཡུལ་དེ་ཡང་ངར་འཛིན་ལྷན་སྐྱེས་ཀྱིས་ཕུང་ཁམས་སྐྱེ་མཆེད་ལ་དམིགས་ནས་ངར་འཁྲུལ་པའི་ང་ཙམ་དེ་ཉིད་ཡིན་པས་འཁྲུལ་གཞི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཙམ་དུ་ཤེས་པ་ན་ངར་འཁྲུལ་པའི་འཁྲུལ་པ་དེ་ཉིད་ལྡོག་སྟེ། འཁྲུལ་གཞི་ཐག་ཁྲ་ངོས་ཟིན་པ་ན་སྦྲུལ་འཛིན་གྱི་བློ་ལྡོག་པ་བཞིན་ནོ། །དེའི་ཕྱིར་བདག་ཏུ་འཁྲུལ་པའི་བློ་ཡང་རྣམ་པ་གསུམ་སྟེ། རིལ་པོའི་བདག་ཏུ་འཛིན་པ་དང་། ཟ་བ་པོའམ་ལོངས་སྤྱོད་པོའི་བདག་ཏུ་འཛིན་པ་དང་། བྱེད་པ་པོའམ་རྒྱུའི་བདག་ཏུ་འཛིན་པའོ། །དང་པོའི་གཉེན་པོར་ཕུང་པོ་ལྔ་གསུངས་ཏེ། བདག་ཏུ་འཁྲུལ་པའི་གཞི་ཕུང་པོ་ལྔར་རྟོགས་པ་ན་རིལ་པོའི་བདག་མེད་པར་རྟོགས་པའི་ཕྱིར་རོ། །གཉིས་པའི་གཉེན་པོར་སྐྱེ་མཆེད་བཅུ་གཉིས་གསུངས་ཏེ། ཟ་བ་པོའི་བདག་ཏུ་འཁྲུལ་པའི་གཞི་ནང་གི་སྐྱེ་མཆེད་དྲུག་ཏུ་རྟོགས་པ་ན་ཟ་བ་པོའི་བདག་མེད་པར་རྟོགས་པའི་ཕྱིར། གསུམ་པའི་གཉེན་པོར་ཁམས་བཅོ་བརྒྱད་གསུངས་ཏེ། རྒྱུའམ་བྱེད་པ་པོ་ཁམས་སུ་རྟོགས་པ་ན་རྒྱུའམ་བྱེད་པ་པོའི་བདག་མེད་པར་རྟོགས་པའི་ཕྱིར། དེ་སྐད་དུ་ཡང་ཕུང་པོ་ལྔའི་རབ་བྱེད་ལས། ཅིའི་ཕྱིར་ཕུང་པོ་ལ་སོགས་པ་བཤད་ཅེ་ན། བདག་ཏུ་འཛིན་པ་རྣམ་པ་གསུམ་གྱི་གཉེན་པོར་གོ་རིམ་བཞིན་ནོ། །བདག་ཏུ་འཛིན་པ་རྣམ་པ་གསུམ་ནི་གཅིག་པུར་འཛིན་པ་དང་། ཟ་བར་འཛིན་པ་དང་། བྱེད་པར་འཛིན་པའོ་ཞེས་གསུངས་སོ། །ཡང་གསུམ་ཆར་ཡང་རིལ་པོའི་བདག་ཏུ་འཛིན་པའི་གཉེན་པོར་གསུངས་ཏེ། འདི་ལྟར་སེམས་བྱུང་ལ་རིལ་པོའི་བདག་ཏུ་འཛིན་པའི་གཉེན་པོར་ཕུང་པོ་ལྔ་གསུངས་ཏེ། གཟུགས་དང་རྣམ་པར་ཤེས་པ་རེ་རེར་བསྡུས་ནས་སེམས་བྱུང་ལ་ཕུང་པོ་གསུམ་དུ་ཕྱེ་བའི་ཕྱིར་རོ། །གཟུགས་སེམས་གཉིས་ཀ་ལ་རིལ་པོའི་བདག་ཏུ་འཛིན་པའི་གཉེན་པོར་ཁམས་བཅོ་བརྒྱད་གསུངས་ཏེ། གཟུགས་ལ་གཟུགས་ཅན་གྱི་ཁམས་བཅུ་དང་། སེམས་ལ་རྣམ་པར་ཤེས་པའི་ཁམས་བདུན་དུ་ཕྱེ་བའི་ཕྱིར་རོ། །གཟུགས་ལ་རིལ་པོའི་བདག་ཏུ་འཛིན་པའི་གཉེན་པོར་སྐྱེ་མཆེད་བཅུ་གཉིས་གསུངས་ཏེ། གཟུགས་ལ་གཟུགས་ཅན་གྱི་སྐྱེ་མཆེད་བཅུར་ཕྱེ་ནས་སེམས་ཡིད་ཀྱི་སྐྱེ་མཆེད་གཅིག་ཏུ་བསྡུས་པའི་ཕྱིར་རོ། །གཉིས་པ་ལ་སྡོམ་ནི། ངོ་བོ་དབྱེ་བ་རྣམ་གཞག་དང་། །གྲངས་དང་གོ་རིམ་ངེས་པ་དང་། །སྒྲ་དོན་ཉེར་ལེན་འཇོག་ཚུལ་དང་། །ཕུང་པོ་སྐྱེ་མཆེད་དོགས་གཅོད་དང་། །ཆོས་གསུམ་རེ་རེས་བསྡུས་ཚུལ་དང་། །མིང་ཅན་གཞན་ཡང་བསྡུས་ཚུལ་དང་། །རབ་དབྱེ་ལ་སོགས་ཁ་འཕངས་ཏེ། །དོན་ཚན་རྣམ་པ་བཅུ་གཉིས་སོ། །དང་པོ་ངོ་བོ་ལ་ཕུང་པོའི་ངོ་བོ་ནི་དུ་མ་སྤུངས་པའོ། །དུ་མ་སྤུངས་པའི་དོན་ཡང་བློས་ཕྱོགས་གཅིག་ཏུ་སྤུངས་སུ་རུང་བ་ཙམ་ཡིན་གྱི་དོན་ལ་སྤུངས་པ་ནི་མ་ཡིན་ཏེ། དུས་སྔ་ཕྱི་དང་། རྒྱུད་ཐ་དད་ཀྱི་གཟུགས་རྣམས་ཕྱོགས་གཅིག་ཏུ་སྤུངས་པར་བཤད་ཅིང་། དེ་དག་དོན་ལ་ཕྱོགས་གཅིག་ཏུ་སྤུངས་སུ་མི་རུང་བའི་ཕྱིར་ཏེ། ཕུང་པོ་ལྔའི་རབ་བྱེད་ལས། ཅིའི་ཕྱིར་ཕུང་པོ་ཞེས་བྱ་ཞེ་ན་སྤུངས་པའི་ཕྱིར་ཏེ། དུས་དང་། རྒྱུ་དང་། རྣམ་པ་དང་། འགྲོ་བ་དང་། ཡུལ་ཐ་དད་པའི་གཟུགས་ལ་སོགས་པ་ཉིད་མདོར་བསྡུས་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་སོ། །ཁམས་ཀྱི་ངོ་བོ་ནི་ཉེར་སྤྱོད་འཛིན་པའོ། །དེ་ལ་ཉེར་སྤྱོད་ནི་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ན་རྣམ་པར་ཤེས་པ་ཡིན་ལ། དེ་ཉིད་གནས་དང་། དམིགས་པ་དང་། རང་གི་ངོ་བོ་གསུམ་པོ་གང་ཡང་རུང་བའི་སྒོ་ནས་འཛིན་པས་སོ། །སྐྱེ་མཆེད་ཀྱི་ངོ་བོ་ནི་ཉེར་སྤྱོད་སྐྱེ་བའི་སྒོར་གྱུར་པ་སྟེ། གནས་དང་དམིགས་པ་གང་རུང་གི་སྒོ་ནས་ཉེར་སྤྱོད་སྐྱེ་བའི་སྒོར་གྱུར་པའོ། །འདིར་འབྲས་བུ་རྣམ་པར་ཤེས་པའི་སྐྱེ་མཆེད་མ་བཞག་པ་ནི་ཉེར་སྤྱོད་སྐྱེ་བའི་སྒོ་འབྱེད་པའི་ཆ་ནས་ཡིད་ཀྱི་སྐྱེ་མཆེད་དུ་འདུས་ལ། སྐྱེས་ཟིན་གྱི་ཆ་ནས་སྐྱེ་མཆེད་དུ་འཇོག་པའི་སྐབས་མིན་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ་གསུམ་ལས། ཕུང་པོ་ལ་དབྱེ་ན་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའོ། །དང་པོའི་མཚན་ཉིད། གཟུགས་སུ་ཡོད་པ་རྣམ་པ་གཉིས་ཀྱིས་གཟུགས་སུ་རུང་བ་དུ་མ་སྤུངས་པའོ། །གཟུགས་སུ་ཡོད་པ་གཉིས་ནི་རེག་པས་གཟུགས་སུ་རུང་བ་དང་། ཡུལ་དཔྱད་པས་གཟུགས་སུ་རུང་བ་ཡིན་ལ། དང་པོ་ནི། ལག་པ་ལ་སོགས་པའི་རེག་པས་རེག་ན་གནོད་པ་བྱར་རུང་བ་སྟེ། སྒྲ་ལྟ་བུ་ལ་ཡང་དེའི་རྒྱུ་རྔ་ལྟ་བུ་ལ་རེག་པས་གནོད་པ་བྱར་རུང་བ་དང་། དབང་པོ་གཟུགས་ཅན་པ་རྣམས་ལ་ཡང་དབང་རྟེན་ལ་རེག་པས་གནོད་པ་བྱར་རུང་བའོ། །གཉིས་པ་ནི། ཡིད་ཀྱི་རྣམ་པར་ཤེས་པ་རྟོག་བཅས་ལ་གཟུགས་འདི་དང་འདིའོ། །འདི་ལྟ་བུ་དང་འདི་ལྟ་བུའོ་ཞེས་བཀྲ་བར་སྣང་དུ་རུང་བ་སྟེ། ཆོས་ཀྱི་སྐྱེ་མཆེད་ཀྱི་ཁོངས་སུ་གཏོགས་པའི་ཀུན་བཏགས་དང་དབང་འབྱོར་པའི་གཟུགས་རྣམ་པ་གཉིས་སོ། །ཚོར་བའི་ཕུང་པོའི་མཚན་ཉིད། སིམ་གདུང་བར་མ་གང་རུང་དུ་ཉམས་སུ་མྱོང་བ་དུ་མ་སྤུངས་བའོ། །གལ་ཏེ་ཉམས་སུ་མྱོང་བའི་དོན་ཡུལ་མྱོང་བའམ་རང་མྱོང་བ་ལ་བྱེད། གཉིས་ཀ་ལྟར་ན་ཡང་སེམས་སེམས་བྱུང་ཐམས་ཅད་ཚོར་བར་འགྱུར་རོ་ཞེ་ན། དེ་གཉིས་ཀ་ལྟར་མིན་གྱི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་བདེ་སྡུག་བཏང་སྙོམས་སུ་ཉམས་སུ་མྱོང་བའོ། །འདུ་ཤེས་ཀྱི་ཕུང་པོའི་མཚན་ཉིད། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་མཚན་མ་སོ་སོར་གཅོད་པར་བྱེད་པའི་སེམས་བྱུང་དུ་མ་སྤུངས་པའོ། །དེ་ཡང་ཆོས་རྣམས་ལ་གཞན་དང་མ་འདྲེས་པའི་ཐུན་མོང་མིན་པའི་ཁྱད་ཆོས་རེ་རེ་ཡོད་པ་ནི་མཚན་མ་ཡིན་ལ་དེ་འཛིན་པའི་སྒོ་ནས་འདི་ནི་འདིའོ་ཞེས་ཐ་སྙད་འདོགས་པའི་རྒྱུར་གྱུར་པ་སྟེ། དཔེར་ན་ནོག་ལྐོག་ཤལ་བཟུང་ནས་འདི་ནི་བ་ལང་ངོ་ཞེས་པའི་ཐ་སྙད་འདོགས་པའི་རྒྱུར་གྱུར་པ་ལྟ་བུའོ། །འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་ལ། མཛོད་ལས། ཕུང་པོ་བཞི་ལས་དོན་གཞན་དུ་གྱུར་པའི་འདུས་བྱས་ཞེས་གསུངས་པ་ནི་ལྡན་མིན་འདུ་བྱེད་རྫས་སུ་གྲུབ་ཅིང་རང་གང་ལ་ལྡན་པའི་གནས་སྐབས་ཅན་དེ་ལས་རྫས་གཞན་དུ་འདོད་པའི་ལུགས་སོ། །ཀུན་བཏུས་ལྟར་ན་སེམས་ཡུལ་ལ་མངོན་པར་འདུ་བྱེད་པ་གཙོ་བོར་གྱུར་པའི་སེམས་བྱུང་དང་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་གང་རུང་གིས་བསྡུས་པའི་འདུ་བྱེད་དུ་མ་སྤུངས་པའོ། །སེམས་ཡུལ་ལ་མངོན་པར་འདུ་བྱེད་པ་ནི་སེམས་པ་ཡིན་ལ། དེ་ཉིད་འདུ་བྱེད་ཀྱི་ཕུང་པོའི་གཙོ་བོར་བཤད་དེ། དེའི་དབང་གིས་སེམས་དགེ་བ་དང་། ཉོན་མོངས་ཅན་དང་། གནས་སྐབས་ཀྱི་བྱེ་བྲག་ལ་མངོན་པར་འདུ་བྱེད་པས། དགེ་བ་ལ་མངོན་པར་འཇུག་པའི་ཚེ་སེམས་བྱུང་དགེ་བ་དང་། ཉོན་མོངས་ཅན་ལ་མངོན་པར་འདུ་བྱེད་པའི་ཚེ་སེམས་བྱུང་ཉོན་མོངས་ཅན་དང་། གནས་སྐབས་ཀྱི་བྱེ་བྲག་ལ་མངོན་པར་འདུ་བྱེད་པའི་ཚེ་སེམས་བྱུང་སྒྲིབ་ལུང་མ་བསྟན་འབྱུང་ལ། འདུ་བྱེད་པའི་གནས་སྐབས་ཉིད་ལ་ལྡན་མིན་འདུ་བྱེད་དུ་བཞག་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད། དམིགས་པའི་ངོ་བོ་རང་སྟོབས་ཀྱིས་སོ་སོར་རྣམ་པར་རིག་པ་དུ་མ་སྤུངས་པའོ། །སོ་སོར་རྣམ་པར་རིག་པའི་དོན་ནི་མིག་གི་རྣམ་པར་ཤེས་པས་གཟུགས་ཀྱི་སྐྱེ་མཆེད་རིག་གི་སྒྲའི་སྐྱེ་མཆེད་མི་རིག་པ་ལ་སོགས་པའོ། །གཉིས་པ་ཁམས་ལ་དབྱེ་ན་བཅོ་བརྒྱད་དེ། མིག རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་ཁམས་ཏེ་རྟེན་དབང་པོའི་ཁམས་དྲུག གཟུགས། སྒྲ། དྲི། རོ། རེག་བྱ་ཆོས་ཀྱི་ཁམས་ཏེ་དམིགས་པ་ཡུལ་གྱི་ཁམས་དྲུག མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་འབྲས་བུ་རྣམ་པར་ཤེས་པའི་ཁམས་དྲུག་གོ །མིག་གི་ཁམས་ཀྱི་མཚན་ཉིད། ཉེར་སྤྱོད་མིག་གི་རྣམ་པར་ཤེས་པ་གནས་ཀྱི་སྒོ་ནས་འཛིན་པ་དང་། མིག་གི་ས་བོན་གང་རུང་གིས་བསྡུས་པའི་སྒོ་ནས་དབང་པོའི་ཁམས་སུ་བཞག་པའོ། །ཉེར་སྤྱོད་འཛིན་པ་ལ་མིག་གི་རྣམ་པར་ཤེས་པའི་བདག་རྐྱེན་བྱས་ཟིན་པ་དང་། བྱེད་བཞིན་པ་གཉིས་ཡོད་ཀྱི་མ་འོངས་པ་ནི་ཉེར་སྤྱོད་འཛིན་པར་མ་ངེས་པས་མ་སྨྲོས་པར་བཤད་དོ། །མིག་གི་ས་བོན་ལ་མ་འོངས་པ་ན་མིག་འབྱུང་རུང་ད་ལྟ་ནུས་པའི་ངོ་བོར་གནས་པ་དང་། རྣམ་པར་སྨིན་པའི་ཀུན་གཞིའི་རྣམ་པར་ཤེས་པ་ལས་ད་ལྟ་མིག་གྲུབ་ཟིན་པ་གཉིས་ཡོད་པར་གསུངས་སོ། །དེ་ལྟར་ན་མིག་དང་མིག་གི་ཁམས་ལ་མུ་བཞི་ཡོད་དེ། མིག་ཡིན་ལ་མིག་གི་ཁམས་མ་ཡིན་པ་ནི་དགྲ་བཅོམ་པ་ཐ་མའི་མིག་ལྟ་བུའོ། །མིག་གི་ཁམས་ཡིན་ལ་མིག་མ་ཡིན་པ་ནི་མངལ་ན་གནས་པའི་མིག་མ་དོད་པའི་གནས་སྐབས་ཀྱི་མིག་གི་རྒྱུ་དང་། གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་རྒྱུད་ཀྱི་ས་བོན་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི་ཕུང་པོ་ལྷག་མེད་ཀྱི་དང་། གཟུགས་མེད་པར་སྐྱེས་པའི་འཕགས་པའི་རྒྱུད་ཀྱི་ཆོས་ལྟ་བུའོ། །གཉིས་ཀ་ཡིན་པ་ནི་གནས་སྐབས་གཞན་གྱི་མིག་ལྟ་བུའོ། །མིག་གི་ཁམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཡིད་ཀྱི་ཁམས་ཀྱི་བར་གྱི་མཚན་ཉིད་རྣམས་ལའང་བསྒྲེ་བར་བྱའོ། །གཟུགས་ཀྱི་ཁམས་ཀྱི་མཚན་ཉིད། ཉེར་སྤྱོད་མིག་གི་རྣམ་པར་ཤེས་པ་དམིགས་པའི་སྒོ་ནས་འཛིན་པའམ། མིག་གི་དབང་གིས་གྲུབ་པའི་ཡུལ་གང་རུང་གིས་བསྡུས་པའི་སྒོ་ནས་ཡུལ་གྱི་ཁམས་སུ་རྣམ་པར་བཞག་པའོ། །ཉེར་སྤྱོད་འཛིན་པ་ལ་མིག་གི་རྣམ་པར་ཤེས་པའི་དམིགས་རྐྱེན་བྱས་ཟིན་པ་དང་བྱེད་བཞིན་པ་གཉིས་ཡོད་ལ། མིག་གི་དབང་གིས་གྲུབ་པའི་དོན་ནི་གདུགས་ནམ་མཁའ་ལ་བཟུང་བ་ན་གྲིབ་མ་ས་ལ་འབབ་པ་ལྟར་དབང་པོ་ལྔ་གྲུབ་པའི་སྟོབས་ཀྱིས་ཕྱི་རོལ་དུ་ཡུལ་ལྔ་གྲུབ་པའོ། །གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་ཁམས་ཀྱི་བར་ལ་མཚན་ཉིད་དེ་བཞིན་དུ་ཤེས་པར་བྱའོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད། རྟེན་མིག་དང་དམིགས་པ་གཟུགས་ལ་བརྟེན་ནས་གཟུགས་ཀྱི་ངོ་བོ་ཙམ་རིག་པའི་རྣམ་པར་རིག་པ་དང་། མིག་གི་རྣམ་པར་ཤེས་པའི་ས་བོན་གང་རུང་གིས་བསྡུས་པའི་སྒོ་ནས་འབྲས་བུའི་ཁམས་སུ་རྣམ་པར་བཞག་པའོ། །ས་བོན་ལ་འབྱུང་འགྱུར་དང་། གྲུབ་ཟིན་གཉིས་ཡོད་པ་དང་། མུ་བཞི་བརྩི་བའི་ཚུལ་ནི་མིག་གི་ཁམས་ཀྱི་སྐབས་སུ་བཤད་པ་ལས་དཔག་སྟེ་ཤེས་པར་བྱའོ། །གསུམ་པ་སྐྱེ་མཆེད་ལ་དབྱེ་ན་བཅུ་གཉིས་ཏེ། མིག་སོགས་ནང་གི་སྐྱེ་མཆེད་དྲུག གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་གོ །འདི་དག་གི་མཚན་ཉིད། ཀུན་ལས་བཏུས་ལས་ཁམས་ཇི་ལྟ་བ་བཞིན་དུ་བལྟ་སྟེ་དེ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱོར་ཞེས་པ་ཙམ་ལས་མ་གསུངས་ཀྱང་། ཁམས་ཀྱི་དོན་ཉེར་སྤྱོད་འཛིན་པ་དང་། སྐྱེ་མཆེད་ཀྱི་དོན་ཉེར་སྤྱོད་སྐྱེ་བའི་སྒོར་གྱུར་པ་ནི་ཁྱད་པར་ཡིན་པས་མིག་གི་སྐྱེ་མཆེད་ཀྱི་མཚན་ཉིད། ཉེར་སྤྱོད་མིག་གི་རྣམ་པར་ཤེས་པ་གནས་ཀྱི་སྒོ་ནས་སྐྱེ་བའི་སྒོར་གྱུར་པ་སྟེ། མིག་གི་རྣམ་པར་ཤེས་པ་ཞེས་པས་ནང་གི་སྐྱེ་མཆེད་གཞན་རྣམས་ལས་ཁྱད་པར་དུ་བྱས་ལ། གནས་ཀྱི་སྒོ་ནས་ཞེས་པས་ཕྱིའི་སྐྱེ་མཆེད་རྣམས་ལས་ཁྱད་པར་དུ་བྱས་པའོ། །ཁམས་བཞིན་དུ་ཞེས་པའི་དོན་ནི་ཉེར་སྤྱོད་མ་འོངས་པ་སྐྱེ་བཞིན་པ་དང་། མིག་གི་ས་བོན་གཉིས་ཡོད་ཅེས་པའི་དོན་ཡིན་ལ། ཇི་ལྟར་མཐུན་མཐུན་ཞེས་པའི་དོན་ནི་ཉེར་སྤྱོད་འདས་པ་དང་ད་ལྟ་བ་ནི་སྐྱེས་ཟིན་པས་དེས་སྐྱེ་བའི་སྒོ་འབྱེད་པ་ལ་སྐྱེ་མཆེད་དུ་མི་འཇོག་གོ་ཞེས་པའི་དོན་ནོ། །མིག་གི་སྐྱེ་མཆེད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་ཏུ་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་གྱི་མཚན་ཉིད་ཀྱང་དེ་དང་འདྲ་བའོ། །གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད། ཉེར་སྤྱོད་མིག་གི་རྣམ་པར་ཤེས་པ་དམིགས་པའི་སྒོ་ནས་སྐྱེ་བའི་སྒོར་གྱུར་པ་སྟེ། དེས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་གྱི་མཚན་ཉིད་ཀྱང་རིགས་བསྒྲེ་སྟེ་ཤེས་པར་བྱའོ། །གསུམ་པ་མཚན་གཞིའི་རྣམ་གཞག་ལ་གསུམ་ལས། དང་པོ་ཕུང་པོ་ལ་ཡང་གཟུགས་ཀྱི་ཕུང་པོའི་མཚན་གཞི་ནི་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་གཟུགས་རྣམ་པ་གཉིས་སོ། །འབྱུང་བ་ཆེན་པོ་བཞི་ནི། ས། ཆུ། མེ། རླུང་བཞི་སྟེ་མཚན་ཉིད་རིམ་བཞིན། སྲ་བའི་སྒོ་ནས་དང་། རླན་པའི་སྒོ་ནས་དང་། ཚ་བའི་སྒོ་ནས་དང་། ཡང་ཞིང་གཡོ་བའི་སྒོ་ནས་ལུས་ཤེས་ཀྱི་གཟུང་དོན་དུ་གྱུར་པའོ། །ཅིའི་ཕྱིར་ཆེན་པོ་ཞེས་བྱ་ཞེ་ན། འབྲས་བུའི་གཟུགས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་དང་། དེ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །གཉིས་པ་འབྲས་བུའི་གཟུགས་ལ་མཛོད་དང་། པན་ཀན་ལས། དབང་པོ་ལྔ་དང་། དོན་ལྔ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་ཏུ་གསུངས་ལ། ཀུན་ལས་བཏུས་ལས། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་དང་བཅུ་གཅིག་ཏུ་གསུངས་སོ། །དབང་པོ་ལྔའི་མཚན་ཉིད་ལ། མཛོད་ལས། མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ནང་གཟུགས་དང་བ་ཞེས་སོགས་གསུངས་ཤིང་། པན་ཀན་ལས། གཟུགས་ཀྱི་ཡུལ་ཅན་དུ་གྱུར་པའི་ནང་གཟུགས་དང་བ་ཞེས་སོགས་གསུངས་ཤིང་། ཀུན་ལས་བཏུས་ལས། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་བསྣན་པ་མ་གཏོགས་མཛོད་དང་འདྲའོ། །ལྔ་པོ་དེ་དག་ལ་ཡང་དབྱེ་ན། རྟེན་བཅས་ཀྱི་དབང་པོ་དང་། དེ་མཚུངས་ཀྱི་དབང་པོ་གཉིས་སུ་ཡོད་དོ། །གཟུགས་ཀྱི་མཚན་ཉིད། འབྱུང་གྱུར་གང་ཞིག མིག་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་ཕྱི་དོན་ཏེ། མངོན་པ་གོང་འོག་གཉིས་ཀ་ལས་མིག་གི་དབང་པོས་གཟུགས་མཐོང་བའི་དབང་དུ་བྱས་པའོ། །དེས་རེག་བྱའི་བར་གྱི་མཚན་ཉིད་ལ་ཡང་འགྲེ་ཞིང་། གཟུགས་ལ་དབྱེ་ན། མཛོད་ལས། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །ཞེས་རྩ་བའི་དབྱེ་བ་ཁ་དོག་གི་གཟུགས་དང་། དབྱིབས་ཀྱི་གཟུགས་གཉིས། ཁ་དོག་ལ་སྔོན་པོ་སོགས་བཞི། དབྱིབས་ལ་རིང་པོ་ལ་སོགས་པ་བརྒྱད་ཡོད་ཅིང་། ཡང་ཉི་ཤུར་ཡང་དབྱེ་སྟེ། སྔོ་སེར་དཀར་དམར་རིང་ཐུང་དང་། །ལྷམ་པ་ཟླུམ་པོ་མཐོ་དམའ་དང་། །ཕྱ་ལེ་ཕྱ་ལེ་མ་ཡིན་དང་། །སྤྲིན་དང་དུ་བ་རྡུལ་ཁུག་རྣ། །གྲིབ་མ་ཉི་མ་སྣང་མུན་ནོ། །ཞེས་པའོ། །ཀུན་ལས་བཏུས་ལས། དེའི་སྟེང་དུ་རྡུལ་ཕྲ་མོ་དང་། རགས་པ་དང་། མངོན་པར་སྐབས་ཡོད་པའི་དང་། རྣམ་པར་རིག་བྱེད་དང་། ནམ་མཁའ་ཁ་དོག་གཅིག་པའོ་སྟེ་ཉི་ཤུ་རྩ་ལྔར་བཤད་དོ། །པན་ཀན་ལས་ནི། ཁ་དོག་དང་། དབྱིབས་དང་། རྣམ་པར་རིག་བྱེད་གསུམ་དུ་གསུངས་སོ། །སྒྲ་ལ་མཛོད་ལས། སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །ཞེས་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ། སེམས་ཅན་དུ་སྟོན་པ་དང་། མི་སྟོན་པ་གཉིས། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ། སེམས་ཅན་དུ་སྟོན་པ་དང་། མི་སྟོན་པ་གཉིས་ཏེ་བཞི། དེ་རེ་རེ་ལ་ཡང་ཡིད་དུ་འོང་མི་འོང་གཉིས་གཉིས་ཏེ་བརྒྱད་དུ་གསུངས་སོ། །ཀུན་ལས་བཏུས་ལས། ཡིད་དུ་འོང་བ་དང་། མི་འོང་བ་དང་། གཉིས་ཀ་མིན་པ་དང་གསུམ། ཟིན་པ་དང་། མ་ཟིན་པའི་དང་། དེ་གཉིས་ཀའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་གསུམ། འཇིག་རྟེན་གྱི་གྲགས་པ་དང་། གྲུབ་པས་བསྟན་པ་དང་། ཀུན་བཏགས་པ་དང་། འཕགས་པས་ཐ་སྙད་བཏགས་པ་དང་། འཕགས་པ་མ་ཡིན་པས་ཐ་སྙད་བཏགས་པ་སྟེ་བཅུ་གཅིག་ཏུ་གསུངས་སོ། །པན་ཀན་ལས་ནི། ཟིན་པ་དང་། མ་ཟིན་པ་དང་། གཉིས་ཀའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་གསུམ་དུ་གསུངས་སོ། །དྲི་ལ་མཛོད་ལས། དྲི་རྣམ་བཞི་ཞེས་དྲི་ཞིམ་པ་དང་། དྲི་ང་བ་དང་། དྲི་མཉམ་པ་དང་། མི་མཉམ་པ་སྟེ་བཞི་གསུངས་སོ། །ཀུན་བཏུས་ལས། སྔ་མ་གསུམ་པོ་དེའི་སྟེང་དུ། ལྷན་སྐྱེས་དང་། སྦྱར་བྱུང་དང་། གྱུར་པ་ལས་བྱུང་བ་སྟེ་དྲུག་ཏུ་གསུངས་སོ། །པན་ཀན་ལས། དྲི་ཞིམ་པ་དང་། དྲི་ང་བ་དང་། དེ་ལས་གཞན་པ་དང་གསུམ་དུ་གསུངས་སོ། །རོ་ལ་གཞུང་གསུམ་ཀ་ལས། མངར་སྐྱུར་ལན་ཚྭ་ཚ་བ་དང་། ཁ་བ་དང་ནི་བསྐ་བ་སྟེ། དྲུག་གསུངས་ལ། ཀུན་ལས་བཏུས་ལས། དེའི་སྟེང་དུ། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། དེ་གཉིས་ཀ་མ་ཡིན་པ་དང་། ལྷན་སྐྱེས་སོགས་གསུམ་སྟེ་བཅུ་གཉིས་སུ་གསུངས་སོ། །རེག་བྱ་ལ་མཛོད་དང་། པན་ཀན་ལས། འབྱུང་བཞི་འཇམ་རྩུབ་ལྕི་ཡང་དང་། །གྲང་བ་བཀྲེས་པ་སྐོམ་པ་སྟེ། །བཅུ་གཅིག་གསུངས་ལ། ཀུན་ལས་བཏུས་ལས། འབྱུང་བཞི་བཞག་ནས་ཕྱི་མ་བདུན་པོའི་སྟེང་དུ། མཉེན་པ་ཉིད་དང་། ལྷོད་པ་ཉིད་དང་། ལྷོད་པ་མ་ཡིན་པ་དང་། ཚིམས་པ་དང་། ཉམ་ཡོད་པ་དང་། ཉམ་ཆུང་བ་དང་། བརྒྱལ་བ་དང་། གཡའ་བ་དང་། འགྲེད་པ་དང་། ན་བ་དང་། རྒ་བ་དང་། འཆི་བ་དང་། ངལ་བ་དང་། ངལ་སོས་པ་དང་། སྤུངས་ཆེ་བ་སྟེ་ཉེར་གཉིས་སུ་གསུངས་སོ། །ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལ། ཀུན་བཏུས་ལས། བསྡུས་པ་ལས་གྱུར་པ་དང་། མངོན་པར་སྐབས་ཡོད་པའི་དང་། ཡང་དག་པར་བླངས་པ་ལས་བྱུང་བ་དང་། ཀུན་བཏགས་པ་དང་། དབང་འབྱོར་པ་དང་ལྔ་གསུངས་པའི་དང་པོ་ནི། གཟུགས་ཅན་རགས་པ་བློས་རྣམ་པར་ཕྱེ་ནས་མཐར་བློས་རྡུལ་ཕྲ་རབ་ཏུ་བཞག་པའོ། །གཉིས་པ་ནི། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པའི་བར་སྣང་སྐྱ་སེང་པར་གྱུར་པའོ། །གསུམ་པ་ནི། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་གསུམ་པོ་དེ་དག་ནི་གཟུགས་བཏགས་པ་བའོ། །བཞི་པ་ནི། མི་སྡུག་པའི་ཏིང་ངེ་འཛིན་ལ་སྣང་བའི་ཀེང་རུས་ལ་སོགས་པའི་གཟུགས་སོ། །ལྔ་པ་ནི། ཟད་པར་གྱི་ཏིང་ངེ་འཛིན་ལ་སྣང་བའི་ས་དང་ཆུ་ལ་སོགས་པའི་གཟུགས་ཏེ། གཉིས་པོ་འདི་ནི་ཡུལ་དཔྱད་པས་གཟུགས་སུ་རུང་བའི་མཚན་གཞིའོ། །རྣམ་པར་རིག་བྱེད་མིན་པའི་གཟུགས་ནི་བྱེ་བྲག་ཏུ་སྨྲ་བས་གཟུགས་མཚན་ཉིད་པར་འདོད་ཅིང་དེའི་མཚན་ཉིད་ནི་གནས་སྐབས་ཀྱི་ཁྱད་པར་ཡིད་གཞན་དུ་གཡེངས་མ་གཡེངས་དང་། སེམས་ཡོད་མེད་ཀྱི་གནས་སྐབས་ཀུན་ཏུ་ཡོད་པ། ངོ་བོའི་ཁྱད་པར་དགེ་མི་དགེ་གང་རུང་དུ་ངེས་པ། རྒྱུན་གྱི་ཁྱད་པར་རྒྱུན་རྗེས་སུ་འབྲེལ་པ། རྒྱུའི་ཁྱད་པར་འབྱུང་བ་བཞི་པོ་རྒྱུར་བྱས་པ་སྟེ་ཁྱད་པར་བཞི་ལྡན་དུ་འདོད་དོ། །མདོ་སྡེ་པ་ཡན་ཆད་ཀྱིས་ནི་ལུས་ངག་གི་རྣམ་པར་རིག་བྱེད་དང་། ཏིང་ངེ་འཛིན་གང་རུང་ལས་བྱུང་བ་རང་གི་ངོ་བོ་ཀུན་སློང་རྣམ་པར་རིག་པར་མི་བྱེད་པའི་ལུས་ངག་གི་ལས་སུ་གྱུར་པའི་སེམས་བྱུང་སེམས་པ་ལ་འདོད་དོ། །ཚོར་བའི་ཕུང་པོའི་མཚན་གཞི་ལ། མཛོད་ལས། ཚོར་བ་བདེ་བ། སྡུག་བསྔལ། ཡིད་བདེ། ཡིད་མི་བདེ། བཏང་སྙོམས་སྟེ་ལྔ་གསུངས་པའི་དང་པོ་ནི། བསམ་གཏན་དང་པོ་མན་ཆད་ཀྱི་དབང་ཤེས་འཁོར་དུ་བྱུང་བའི་སིམ་པར་ཉམས་སུ་མྱོང་བ་ཡིན། བསམ་གཏན་གསུམ་པར་ནི་ཡིད་ཤེས་འཁོར་དུ་བྱུང་བའི་སིམ་པར་ཉམས་སུ་མྱོང་བ་སྟེ་གཉིས་ཡོད་དོ། །གཉིས་པ་ནི། དབང་ཤེས་འཁོར་དུ་བྱུང་བའི་གདུང་བར་ཉམས་སུ་མྱོང་བའོ། །གསུམ་པ་ནི། ཡིད་ཤེས་འཁོར་དུ་བྱུང་བའི་སིམ་པར་ཉམས་སུ་མྱོང་བ་གང་ཞིག བསམ་གཏན་གཉིས་པ་མན་ཆད་ཀྱི་སས་བསྡུས་པའོ། །བཞི་པ་ནི། ཡིད་ཤེས་འཁོར་དུ་བྱུང་བའི་གདུང་བར་ཉམས་སུ་མྱོང་བའོ། །ལྔ་པ་ནི། སིམ་གདུང་བར་མར་ཉམས་སུ་མྱོང་བ་སྟེ། དབང་ཤེས་དང་ཡིད་ཤེས་གཉིས་ཀར་ཡོད་དོ། །ཀུན་ལས་བཏུས་ལས། རྟེན་རྒྱས་པའི་དབང་དུ་བྱས་ནས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སོགས་དྲུག རྟེན་བསྡུས་པའི་དབང་དུ་བྱས་ནས་ལུས་ཚོར་དང་། སེམས་ཚོར་གཉིས། ཀུན་ནས་ཉོན་མོངས་པ་དང་། རྣམ་བྱང་གི་དབང་དུ་བྱས་ནས་ཟང་ཟིང་དང་བཅས་པ་དང་། ཟང་ཟིང་མེད་པ་གཉིས། འཇིག་རྟེན་པའི་ཆགས་བྲལ་གྱི་སྤང་གཉེན་གྱི་དབང་དུ་བྱས་ནས་ཞེན་པ་རྟེན་པ་དང་། མངོན་པར་འབྱུང་བ་རྟེན་པ་གཉིས་ཡོད་ཅིང་། དེ་དག་རེ་རེ་ལའང་ངོ་བོའི་སྒོ་ནས་བདེ་བ་དང་། སྡུག་བསྔལ་དང་། བཏང་སྙོམས་ཏེ་གསུམ་གསུམ་ཡོད་པར་གསུངས་སོ། །པན་ཀན་ལས་ནི། བདེ་སྡུག་བཏང་སྙོམས་གསུམ་དུ་གསུངས་སོ། །འདུ་ཤེས་ལ། མཛོད་ལས། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོགས་དྲུག་ཏུ་གསུངས་ཤིང་། ཀུན་བཏུས་ལས། དྲུག་པོ་དེ་ཉིད་གཞིར་བཞག་ནས། མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དང་། ཆུང་ངུ་དང་། རྒྱ་ཆེན་པོར་གྱུར་པ་དང་། ཚད་མེད་པ་དང་། ཅི་ཡང་མེད་པའི་འདུ་ཤེས་དྲུག་སྟེ་བཅུ་གཉིས་སུ་གསུངས་སོ། །པན་ཀན་ལས། ཆུང་ངུ་དང་། རྒྱ་ཆེན་པོར་གྱུར་པ་དང་། ཚད་མེད་པའི་འདུ་ཤེས་གསུམ་དུ་གསུངས་སོ། །འདུ་བྱེད་ཀྱི་མཚན་གཞི་ལ། གཞུང་གསུམ་ཆར་ལས། མཚུངས་ལྡན་གྱི་འདུ་བྱེད་དང་། ལྡན་པ་མ་ཡིན་པའི་འདུ་བྱེད་གཉིས་གསུངས་སོ། །རྣམ་པར་ཤེས་པའི་མཚན་གཞི་ལ། མཛོད་ལས། རྣམ་པར་ཤེས་པའི་ཚོགས་དྲུག་ཏུ་ངེས་པར་གསུངས་སོ། །ཀུན་བཏུས་དང་། པན་ཀན་ལས། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་གསུམ་དུ་བྱས་ནས་སེམས་ནི་ཀུན་གཞིའི་རྣམ་པར་ཤེས་པ། ཡིད་ལ་ཉོན་མོངས་པ་ཅན་གྱི་ཡིད་དང་། དྲུག་པོ་འགག་མ་ཐག་པའི་ཡིད་གཉིས། རྣམ་པར་ཤེས་པ་ལ་ཚོགས་དྲུག་ཏུ་གསུངས་སོ། །དེ་དག་གིས་ཕུང་པོའི་རྣམ་གཞག་བསྟན་ཟིན་ནས། ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་གཞག་པ་ལ། དབང་པོ་ལྔ་དང་། དོན་ལྔ་པོ་དེ་ཉིད་ཁམས་རྣམ་པར་གཞག་པའི་ཚེ་ན་གཟུགས་ཅན་གྱི་ཁམས་བཅུ་དང་། སྐྱེ་མཆེད་རྣམ་པར་གཞག་པའི་ཚེ་གཟུགས་ཅན་གྱི་སྐྱེ་མཆེད་བཅུར་འཇོག་གོ །ཕུང་པོ་བར་པ་གསུམ་དང་། མཛོད་དང་པན་ཀན་ལྟར་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་། ཀུན་བཏུས་ལྟར་ན། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དང་། སྔར་གྱི་ཕུང་པོས་མ་བསྡུས་པ་མཛོད་ལྟར་ན། ནམ་མཁའ། སོ་སོར་བརྟགས་འགོག སོ་སོར་བརྟགས་མིན་གྱི་འགོག་པ་སྟེ་འདུས་མ་བྱས་གསུམ་དང་། པན་ཀན་ལྟར་ན། དེའི་སྟེང་དུ་དེ་བཞིན་ཉིད་གཉིས་ཏེ་བཞི་དང་། ཀུན་བཏུས་ལྟར་ན། དེ་བཞིན་ཉིད་ལ་གསུམ་དུ་ཕྱེ་བ་དང་། མི་གཡོ་བ་དང་། འདུ་ཤེས་དང་། ཚོར་བ་འགོག་པ་རྣམས་ནི་ཁམས་རྣམ་པར་གཞག་པའི་ཚེ་ཆོས་ཀྱི་ཁམས་དང་། སྐྱེ་མཆེད་རྣམ་པར་གཞག་པའི་ཚེ་ཆོས་ཀྱི་སྐྱེ་མཆེད་དུ་འཇོག་གོ །རྣམ་པར་ཤེས་པའི་ཕུང་པོ་དེ་ཉིད་ཁམས་རྣམ་པར་གཞག་པའི་ཚེ་རྣམ་པར་ཤེས་པའི་ཁམས་རྣམ་པ་དྲུག ཡིད་ཀྱིས་ཁམས་ཏེ་བདུན་དང་། སྐྱེ་མཆེད་རྣམ་པར་གཞག་པའི་ཚེ་ཡིད་ཀྱི་སྐྱེ་མཆེད་དུ་འཇོག་གོ །བཞི་པ་གྲངས་ངེས་ལ། སྤྱིར་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་གསུམ་དུ་གྲངས་ངེས་པ་ནི། མཛོད་ལས། སེམས་བྱུང་ལ་རིལ་པོའི་བདག་ཏུ་རྨོངས་པ་དང་། གཟུགས་ལ་རིལ་པོའི་བདག་ཏུ་རྨོངས་པ་དང་། གཟུགས་སེམས་གཉིས་ཀ་ལ་རིལ་པོའི་བདག་ཏུ་རྨོངས་པ་སྟེ་རྨོངས་པ་གསུམ་དང་། དབང་པོ་རྣོན་པོ་དང་། འབྲིང་པོ་དང་། རྟུལ་པོ་གསུམ་དང་། ཚིག་བསྡུས་པ་དང་། བར་པ་དང་། རྒྱ་ཆེན་པོ་འདོད་པ་གསུམ་གྱི་ཕྱིར་གྲངས་ངེས་པ་གསུངས་སོ། །ཕུང་པོའི་གྲངས་ངེས་མཛོད་ལས་གསུངས་པ་མི་སྣང་ཞིང་། ཀུན་བཏུས་ལས། བདག་ཏུ་འཁྲུལ་པའི་འཁྲུལ་གཞི་སོགས་རྣམ་པ་ལྔར་གྲངས་ངེས་པའི་ཕྱིར་ཏེ། བདག་གི་འཁྲུལ་གཞི་ལུས་ཡོངས་སུ་བཟུང་བ་དང་བཅས་པ་དང་། ལོངས་སྤྱོད་དང་། ཐ་སྙད་དང་། ཆོས་དང་ཆོས་མ་ཡིན་པ་མངོན་པར་འདུ་བྱེད་པ་དང་། དེ་དག་གི་གནས་རྣམ་པ་ལྔར་གྲངས་ངེས་པའི་ཕྱིར་རོ། །ཁམས་ཀྱི་གྲངས་ངེས་ལ་ཀུན་བཏུས་ལས། ཉེར་སྤྱོད་འཛིན་པ་ཁམས་ཀྱི་དོན་ཡིན་པས་ཉེར་སྤྱོད་གནས་ཀྱི་སྒོ་ནས་འཛིན་པ་ལ་ནང་དབང་པོའི་ཁམས་དྲུག དམིགས་པའི་སྒོ་ནས་འཛིན་པ་ལ་ཕྱི་ཡུལ་གྱི་ཁམས་དྲུག རང་གི་ངོ་བོའི་སྒོ་ནས་འཛིན་པ་ལ་རྣམ་པར་ཤེས་པའི་ཁམས་དྲུག་ཏུ་གྲངས་ངེས་པར་གསུངས་སོ། །སྐྱེ་མཆེད་ཀྱི་གྲངས་ངེས་ལ། སེམས་སེམས་བྱུང་གནས་ཀྱི་སྒོ་ནས་སྐྱེ་བའི་སྒོར་གྱུར་པ་ལ་ནང་གི་སྐྱེ་མཆེད་དྲུག དམིགས་པའི་སྒོ་ནས་སྐྱེ་བའི་སྒོ་འབྱེད་པ་ལ་ཕྱིའི་སྐྱེ་མཆེད་དྲུག་ཏུ་གྲངས་ངེས་ཤིང་། འདིར་རང་གི་ངོ་བོའི་སྒོ་ནས་སྐྱེ་མཆེད་དུ་མི་འཇོག་སྟེ། རང་གི་ངོ་བོ་སྐྱེས་ཟིན་ན་སྐྱེ་བའི་སྒོ་འབྱེད་མི་དགོས་པའི་ཕྱིར། ལྔ་པ་གོ་རིམ་ངེས་པ་ལ། ཕུང་པོ་དང་པོར་སྟོན་པ་ནི། དེ་ལས་ཕྱུངས་ཏེ་ཁམས་དང་སྐྱེ་མཆེད་དུ་གཞག་དགོས་པའི་ཕྱིར། ཁམས་དང་། སྐྱེ་མཆེད་ལ། མཛོད་དང་པན་ཀན་ལས་སྐྱེ་མཆེད་དང་པོར་གསུངས་ཤིང་། ཀུན་བཏུས་ལས་ཁམས་དང་པོར་གསུངས། གོ་རིམ་མཐའ་གཅིག་ཏུ་ངེས་པ་མེད་པ་འདྲའོ། །ཕུང་པོ་ལྔའི་གོ་རིམ་ལ་མཛོད་ལས། གཟུགས་ནི་ཐོགས་པ་དང་བཅས་པས་གཟུགས་ཅན་མ་ཡིན་པ་རྣམས་ལས་རགས་པས་ན་དང་པོར་བསྟན། གཟུགས་ཅན་མ་ཡིན་པ་རྣམས་ལས་ཚོར་བ་རྒྱུ་བ་རགས་པ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ཤེས་གསུམ་ལའང་། སྔ་མ་སྔ་མ་རགས་པས་དང་པོར་བསྟན་ནོ། །ཡང་ཀུན་ནས་ཉོན་མོངས་སྐྱེ་བའི་གོ་རིམ་ཡང་ཡིན་ཏེ། ཕོ་མོ་དག་ཐོག་མར་ཕན་ཚུན་གཟུགས་ལ་ལྟ། དེ་ཡང་ཚོར་བའི་རོ་མྱོང་བ་ལས་བྱུང་། དེ་ཡང་འདུ་ཤེས་ཕྱིན་ཅི་ལོག་ལས་བྱུང་། དེ་ཡང་འདུ་བྱེད་ཀྱི་ཁོངས་སུ་གཏོགས་པའི་ཀུན་ནས་ཉོན་མོངས་པས་སྐྱེད། དེས་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱས་པའི་ཕྱིར། ཡང་ན་སྣོད་ལ་སོགས་པའི་གོ་རིམ་ཡིན་ཏེ། ཕུང་པོ་ལྔ་ནི་རིམ་པ་ལྟར། སྣོད་དང་། ཟས་དང་། ཚོད་མ་དང་། བྱན་པོ་དང་། ཟ་བ་པོ་ལྟ་བུ་ཡིན་པའི་ཕྱིར་རོ། །ཡང་ན་ཁམས་ཀྱི་གོ་རིམ་ཡིན་ཏེ། འདོད་པའི་ཁམས་ནི་གཟུགས་ཀྱིས་རབ་ཏུ་ཕྱེ། བསམ་གཏན་རྣམས་ནི་ཚོར་བས་རབ་ཏུ་ཕྱེ། གཟུགས་མེད་དང་པོ་གསུམ་ནི་འདུ་ཤེས་ཀྱིས་རབ་ཏུ་ཕྱེ། སྲིད་རྩེ་ནི་འདུ་བྱེད་ཀྱིས་རབ་ཏུ་ཕྱེ་ཞིང་དེ་ཐམས་ཅད་ལ་རྣམ་པར་ཤེས་པ་གནས་པའི་ཕྱིར་རོ། །ཀུན་བཏུས་ལས། རྣམ་པར་ཤེས་པའི་གནས་བཞི་དང་པོར་བསྟན་ནས། གནས་པ་རྣམ་པར་ཤེས་པ་ཕྱིས་བསྟན་པའི་གོ་རིམ་གསུངས་པ་ནི་བཤད་མ་ཐག་པ་དང་འདྲའོ། །ཡང་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྟེན་ཡིན་པའི་ཕྱིར་ཏེ། གཟུགས་ཇི་ལྟ་བ་དེ་བཞིན་དུ་མྱོང་། ཇི་ལྟར་ཚོར་བར་བྱེད་པ་དེ་བཞིན་ཏུ་འདུ་ཤེས་སུ་བྱེད། ཇི་ལྟར་འདུ་ཤེས་སུ་བྱེད་པ་དེ་བཞིན་ཏུ་སེམས་པར་བྱེད། ཇི་ལྟར་སེམས་པར་བྱེད་པ་དེ་བཞིན་ཏུ་རྣམ་པར་ཤེས་པར་བྱེད་པའི་ཕྱིར། ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གོ་རིམ་ཡིན་ཏེ། གང་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དབང་དུ་བྱས་ནས་གཟུགས་ཀྱི་ཕུང་པོ་དང་། མྱོང་བ་དང་། མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ། གང་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དབང་དུ་བྱས་ནས་ཕུང་པོ་བར་པ་གསུམ་དང་། གང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དབང་དུ་བྱས་ནས་རྣམ་པར་ཤེས་པའི་ཕུང་པོ་བཞག་པའི་ཕྱིར་རོ། །ཁམས་ཀྱི་གོ་རིམ་ལ། ཐོག་མར་ནང་གི་ཁམས་དྲུག་གི་གོ་རིམ་ནི་མཛོད་ལས། ད་ལྟར་བ་ཡུལ་དུ་བྱེད་པའི་དབང་དུ་བྱས་ནས་མིག་སོགས་ལྔ་དང་པོར་བསྟན། ཡིད་ནི་དུས་གསུམ་ཆར་དང་། དུས་ཀྱིས་མ་བསྡུས་པ་ཡང་ཡུལ་དུ་བྱེད་པས་ཕྱིས་བསྟན་ནོ། །དང་པོ་ལྔ་ལའང་འབྱུང་འགྱུར་ཡུལ་དུ་བྱེད་པས་མིག་སོགས་དང་པོ་བཞི་བསྟན་ཅིང་། འབྱུང་བ་དང་། འབྱུང་འགྱུར་གཉིས་ཀ་ཡུལ་དུ་བྱེད་པས་ལུས་ཕྱིས་བསྟན་ཏོ། །བཞི་པོ་ལའང་ཡུལ་ཆེས་རིང་བ་ལ་འཇུག་པས་མིག་དང་རྣ་བ་དང་པོར་བསྟན་ཅིང་། དེ་ལ་ཡང་མིག་ཆེས་རིང་བ་ལ་འཇུག་པས་དང་པོར་བསྟན་ཏོ། །སྣ་དང་། ལྕེ་གཉིས་ལ་ཡང་། སྣ་ཆེས་མྱུར་བའི་དབང་དུ་བྱས་ནས་དང་པོར་བསྟན་ཏེ། ཟས་ལྕེ་དང་མ་རེག་པར་དྲི་འཛིན་པ་བཞིན་ནོ། །ཡང་ཇི་ལྟར་གནས་པའི་གོ་རིམ་ཡིན་ཏེ། ལུས་འདི་ལ་མིག་གི་རྟེན་དང་པོར་གནས། དེའི་འོག་ཏུ་རྣ་བ། དེའི་འོག་ཏུ་སྣ། དེའི་འོག་ན་ལྕེ། ལུས་ནི་ཕལ་ཆེར་དེའི་འོག་ན་གནས་ཤིང་ཡིད་ནི་དེ་དག་ལ་བརྟེན་པའི་ཕྱིར་རོ། །ཀུན་བཏུས་ལས། འཇིག་རྟེན་གྱི་ཐ་སྙད་དང་མཐུན་པའི་གོ་རིམ་ཡིན་ཏེ། འཇིག་རྟེན་ན་ཐོག་མ་ཁོ་ནར་ཕན་ཚུན་དུ་ལྟ། ལྟ་བ་ལ་རྟེན་ནས་ཀུན་ཏུ་སྨྲ། དེའི་འོག་ཏུ་ཁྲུས་དང་། བྱུག་པ་དང་། ཕྲེང་བ་ལོངས་སྤྱོད་དུ་བྱེད། དེའི་འོག་ཏུ་བཟའ་བཏུང་ལོངས་སྤྱོད་དུ་བྱེད། དེའི་འོག་ཏུ་མལ་ཆ་དང་། གདིང་བ་དང་། བུད་མེད་ལ་ཡོངས་སུ་སྤྱོད་དོ། །དེ་ཐམས་ཅད་ནི་རྣམ་པར་རྟོག་པ་ཅན་གྱི་ཡིད་ཡིན་པའི་ཕྱིར་རོ། །ནང་གི་ཁམས་ཀྱི་གོ་རིམ་དེས་ཕྱིའི་ཁམས་ཀྱི་གོ་རིམ་ཡང་འགྲུབ་སྟེ། རྒྱལ་པོ་དྲུག་གི་གྲལ་འགྲིགས་ན་བཙུན་མོ་དྲུག་གི་གྲལ་འགྲིགས་པ་བཞིན་ནོ། །དེ་དག་གིས་འབྲས་བུ་རྣམ་པར་ཤེས་པའི་ཁམས་ཀྱི་གོ་རིམ་ཡང་འགྲུབ་སྟེ། རྒྱལ་པོ་དྲུག་གི་གྲལ་འགྲིགས་ན་རྒྱལ་བུ་དྲུག་གི་གྲལ་འགྲིགས་པ་བཞིན་ནོ། །ཁམས་ཀྱི་གོ་རིམ་དེས་སྐྱེ་མཆེད་ཀྱི་གོ་རིམ་ཡང་ཤེས་པར་བྱ་སྟེ། ཁྱད་པར་མེད་པའི་ཕྱིར་རོ། །དྲུག་པ་སྒྲ་དོན་ལ། ཕུང་པོའི་སྒྲ་དོན་ནི་དུ་མ་སྤུངས་པ་སྟེ། མདོ་ལས། གཟུགས་གང་ཡིན་པ་ཅིའང་རུང་། འདས་པའམ། མ་འོངས་པའམ། ད་ལྟར་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་བ་ན་ཡོད་པ་གང་ཡིན་པའམ། ཉེ་བ་ན་ཡོད་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་ཏེ། གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་གསུངས་པའི་ཕྱིར་རོ། །མདོ་སྡེ་པ་རྣམས་ནི། ཕུང་པོའི་དོན་དུ་མ་སྤུངས་པ་ཡིན་པས། ཕུང་པོ་རྣམས་བཏགས་ཡོད་ཡིན་ཏེ། རྫས་དུ་མ་འདུས་པ་ཡིན་པའི་ཕྱིར། དཔེར་ན་གང་ཟག་བཞིན་ནོ། །ཞེས་པའོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། དེ་ནི་མ་ཡིན་ཏེ། ཕུང་པོའི་ཆ་ཤས་སུ་གྱུར་པའི་རྫས་ཀྱི་རྡུལ་ཕྲ་རབ་གཅིག་ཀྱང་ཕུང་པོར་ཁས་ལེན་དགོས་པའི་ཕྱིར་རོ། །ཞེས་ཟེར། དེ་ལ་མདོ་སྡེ་པ་ན་རེ། དེ་ནི་མི་འཐད་དེ། རྡུལ་ཕྲ་རབ་གཅིག་ལ་སྤུངས་པའི་དོན་མེད་པའི་ཕྱིར། ཞེས་པའོ། །ཀུན་བཏུས་ལས། ཕུང་པོའི་དོན་སྤུངས་པ་ལ་འཆད་པའི་ཚུལ་སྔ་མ་དང་འདྲ་ལ། སྐནྡྷ་ཞེས་པའི་སྒྲ་སྡུག་བསྔལ་ཤིན་ཏུ་རྒྱས་པ་དང་། ཁུར་ཁྱེར་བ་གཉིས་ལ་འཇུག་པས། སྡུག་བསྔལ་ཤིན་ཏུ་རྒྱས་པའི་ཕྱིར་ན་ཕུང་པོ་སྟེ། ཤིང་གི་ཕུང་པོ་བཞིན་ནོ། །ཉོན་མོངས་པའི་ཁུར་ཁྱེར་བའི་ཕྱིར་ན་ཕུང་པོ་སྟེ་ཕྲག་ཁུར་ཁྱེར་བ་བཞིན་ནོ། །ཞེས་གསུངས་ལ། མཛོད་འགྲེལ་ལས་ནི། ཕུང་པོའི་དོན་ཕྲག་ཁུར་ཁྱེར་བ་དང་། ཡོངས་སུ་འཆད་པའི་དོན་ལ་འཆད་པ་ནི་མདོ་ལས་སྤུངས་པའི་དོན་དུ་བཤད་པ་དང་འགལ་བས་མི་འཐད་དོ། །ཞེས་བཀག་གོ །ཁམས་ཀྱི་སྒྲ་དོན་ནི། དྷ་ཏུ་ཞེས་པའི་སྒྲ། རིགས་དང་། ཁམས་དང་། རྒྱུ་ལ་སོགས་པ་དུ་མ་ལ་འཇུག་པས་ན་རིགས་ཀྱི་དོན་ནི་ཁམས་ཀྱི་དོན་ཏེ། རྒྱུད་གཅིག་ལ་རིགས་བཅོ་བརྒྱད་ཡོད་པ་དག་ལ་ཁམས་བཅོ་བརྒྱད་ཅེས་བྱ་བ་བཞིན་ནོ། །དེ་བཞིན་དུ་རྒྱུའི་དོན་ནི་ཁམས་ཀྱི་དོན་ཏེ། སྐལ་མཉམ་གྱི་རྒྱུ་བྱེད་པའི་ཕྱིར། ཉེར་སྤྱོད་འཛིན་པའི་དོན་ནི་ཁམས་ཀྱི་དོན་ཏེ། སྔར་བཤད་ཟིན་ཏོ། །ཀུན་བཏུས་ལས་ནི། ས་བོན་གྱི་དོན་དང་། རང་གི་མཚན་ཉིད་འཛིན་པའི་དོན་དང་། རྒྱུ་དང་འབྲས་བུའི་དངོས་པོ་འཛིན་པའི་དོན་དང་། ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་ནས་འཛིན་པའི་དོན་ཏེ་བཞི་ལ་བཤད་དོ། །སྐྱེ་མཆེད་ཀྱི་སྒྲ་དོན་ནི་སེམས་སེམས་བྱུང་སྐྱེ་བའི་སྒོའི་དོན་ཏེ། སེམས་སེམས་བྱུང་དང་པོར་སྐྱེ་བར་བྱེད། སྐྱེས་པ་རྒྱས་ཤིང་མཆེད་པར་བྱེད་པའི་ཕྱིར། བདུན་པ་ཉེར་ལེན་དུ་འཇོག་པའི་ཚུལ་ལ། ཅིའི་ཕྱིར་ཟག་པ་དང་བཅས་པའི་ཕུང་པོ་རྣམས་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་ཞེ་ན། མཛོད་ལས། ཉེ་བར་ལེན་པ་ནི་ཉོན་མོངས་པ་སྤྱིའི་མིང་ཡིན་ལ་དེ་ལས་བྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་སྟེ། རྩྭ་སོགས་ལས་བྱུང་བའི་མེ་ལ་རྩྭ་སོགས་ཀྱི་མེ་ཞེས་བརྗོད་པ་བཞིན་ནོ། །དེ་ལ་རག་ལུས་པའི་ཕྱིར་ན་ཉེ་བར་ལེན་པའི་ཕུང་པོ་སྟེ། རྒྱལ་པོ་ལ་རག་ལས་པའི་མི་ལ་རྒྱལ་པོའི་མི་ཞེས་པ་བཞིན་ནོ། །ཡང་དེ་ལས་ཉེ་བར་ལེན་པ་རྣམས་བྱུང་བའི་ཕྱིར་ན་ཉེ་བར་ལེན་པའི་ཕུང་པོ་སྟེ། མེ་ཏོག་དང་འབྲས་བུ་འབྱུང་བའི་ཤིང་ལ་མེ་ཏོག་དང་འབྲས་བུའི་ཤིང་ཞེས་པ་བཞིན་ནོ། །ཀུན་བཏུས་ལས་ནི། ཉེ་བར་ལེན་པ་འདུན་པ་དང་། འདོད་ཆགས་ལ་བྱས་ནས་དེ་དང་ལྡན་པས་ཉེ་བར་ལེན་པའི་ཕུང་པོའོ། །དེ་གཉིས་ལ་ཉེ་བར་ལེན་པ་ཞེས་བྱ་སྟེ། འདུན་པས་མ་འོངས་པའི་ཕུང་པོ་མངོན་པར་འགྲུབ་པ་དང་། འདོད་ཆགས་ཀྱིས་ད་ལྟར་གྱི་ཕུང་པོ་ཡོངས་སུ་མི་གཏོང་བའི་ཕྱིར། ཁམས་ཟག་བཅས་ལ་ཉེ་བར་ལེན་པའི་ཁམས་སུ་འཇོག་པ་དང་། སྐྱེ་མཆེད་ཟག་བཅས་ལ་ཉེ་བར་ལེན་པའི་སྐྱེ་མཆེད་དུ་འཇོག་པའི་ཚུལ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །བརྒྱད་པ་ཕུང་པོའི་དོགས་གཅོད་ནི། ཅིའི་ཕྱིར་སེམས་བྱུང་གཞན་རྣམས་འདུ་བྱེད་ཀྱི་ཕུང་པོར་བསྡུས་ནས་ཚོར་བ་དང་འདུ་ཤེས་ཀྱི་ཕུང་པོ་ལོགས་སུ་འཇོག་གོ་ཞེ་ན། མཛོད་ལས། ཚོར་བ་དང་འདུ་ཤེས་གཉིས་རྩོད་པའི་རྩ་བར་གྱུར་པ་དང་། འཁོར་བའི་རྒྱུར་གྱུར་པ་དང་། ཕུང་པོ་ལྔའི་གོ་རིམ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་ན་ཕུང་པོ་ལོགས་སུ་བཞག་སྟེ། རྩོད་པའི་རྩ་བ་ནི། འདོད་པ་ལ་ལྷག་པར་ཞེན་པ་དང་། ལྟ་བ་ལ་ལྷག་པར་ཞེན་པ་གཉིས་ཡིན་ལ། ཚོར་བའི་རོ་མྱོང་བའི་དབང་གིས་འདོད་པ་ལ་ལྷག་པར་ཞེན། འདུ་ཤེས་ཕྱིན་ཅི་ལོག་གིས་ལྟ་བ་ལ་ལྷག་པར་ཞེན་ཅིང་། ཞེན་པ་དེ་གཉིས་ཀྱི་དབང་གིས་འཁོར་བར་འགྱུར་བའི་ཕྱིར་རོ། །འོ་ན་འདུས་མ་བྱས་སྐྱེ་མཆེད་དང་ཁམས་སུ་བཞག་ནས་ཕུང་པོར་ཅིའི་ཕྱིར་མི་འཇོག་ཅེ་ན། གཟུགས་ནས་རྣམ་པར་ཤེས་པའི་བར་མ་ཡིན་པས་ཕུང་པོའི་དོན་དུ་མི་རུང་བའི་ཕྱིར་ཏེ། ཕུང་པོའི་དོན་ནི་དུ་མ་སྤུངས་པའི་ཕྱིར་རོ། །དགུ་པ་སྐྱེ་མཆེད་ཀྱི་དོགས་གཅོད་ནི། གཟུགས་ཅན་གྱི་སྐྱེ་མཆེད་བཅུ་ཆར་གཟུགས་ཡིན་ན། ཅིའི་ཕྱིར་མིག་གི་ཡུལ་ཁོ་ན་ལ་གཟུགས་ཀྱི་སྐྱེ་མཆེད་དུ་འཇོག ཐམས་ཅད་ཆོས་ཡིན་ན་ཅིའི་ཕྱིར་ཡིད་ཀྱི་ཡུལ་ཁོ་ན་ལ་ཆོས་ཀྱི་སྐྱེ་མཆེད་དུ་འཇོག་ཅེ་ན། མཛོད་ལས། ཡུལ་དང་ཡུལ་ཅན་སོ་སོར་ཕྱེ་བ་སྐྱེ་མཆེད་ཡིན་གྱི་སྤྱིར་མིན་པས་མིག་ལ་སོགས་པའི་བྱེ་བྲག་གི་མིང་གིས་མ་བཏགས་པའི་གཟུགས་ཉིད་གཟུགས་ཀྱི་སྐྱེ་མཆེད་དུ་འགྱུར་བའི་ཕྱིར་དང་། མིག་གིས་ཡུལ་ནི་ཐོགས་པ་དང་བཅས་པ་དང་། རེག་པས་གཟུགས་སུ་རུང་བ་དང་། བསྟན་དུ་ཡོད་པས་གཟུགས་ཀྱི་གཙོ་བོ་ཡིན་པའི་ཕྱིར་དང་། བྱེ་བྲག་གི་དོན་སྔ་མ་བཞིན་དང་། ཆོས་མང་པོ་ཚོར་བ་ལ་སོགས་པ་ཡང་བསྡུས་པའི་ཕྱིར་དང་། ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ཡང་བསྡུས་པའི་ཕྱིར་ན་མིག་གི་ཡུལ་ལ་གཟུགས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་ཡུལ་ལ་ཆོས་ཀྱི་སྐྱེ་མཆེད་དུ་འཇོག་པར་འདོད་དོ། །དོགས་གཅོད་འདི་དག་ཀུན་བཏུས་སུ་ནི་མི་སྣང་ངོ་། །བཅུ་པ་ཆོས་གསུམ་རེ་རེས་བསྡུས་ཚུལ་ནི། ཕུང་པོའི་ནང་ནས་གཟུགས་ཀྱི་ཕུང་པོ་དང་། སྐྱེ་མཆེད་ཀྱི་ནང་ནས་ཡིད་ཀྱི་སྐྱེ་མཆེད་དང་། ཁམས་ཀྱི་ནང་ནས་ཆོས་ཀྱི་ཁམས་གསུམ་གྱིས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྡུས་ཏེ། གཟུགས་ཀྱི་ཕུང་པོས་གཟུགས་ཅན་གྱི་ཁམས་དང་། སྐྱེ་མཆེད་བཅུ་དང་། ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་རྣམས་བསྡུས་པའི་ཕྱིར་དང་། ཡིད་ཀྱི་སྐྱེ་མཆེད་ཀྱིས་རྣམ་པར་ཤེས་པའི་ཕུང་པོ་དང་། སེམས་ཀྱི་ཁམས་བདུན་བསྡུས་པའི་ཕྱིར་དང་། ཆོས་ཀྱི་ཁམས་ཀྱི་ཕུང་པོ་བར་པ་གསུམ་དང་། ཆོས་ཀྱི་སྐྱེ་མཆེད་ཀྱང་བསྡུས་པའི་ཕྱིར། ཆོས་གསུམ་པོ་དེས་རང་རང་གི་སྡེ་ཚན་གཞན་ནི་མ་བསྡུས་ཏེ། རང་རང་གི་སྡེ་ཚན་གཞན་ནི་རང་ལས་གཞན་ཡིན་པའི་ཕྱིར་དེ་ལྟར་ཡང་མཛོད་ལས། ཕུང་པོ་དང་ནི་སྐྱེ་མཆེད་དང་། །ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། །རང་གི་ངོ་བོ་ཉིད་ཀྱིས་ཏེ། །གཞན་གྱི་དངོས་དང་མི་ལྡན་ཕྱིར། །ཞེས་གསུངས་སོ། །བཅུ་གཅིག་པ་མིང་ཅན་གཞན་ཡང་བསྡུས་ཚུལ་ནི། འོ་ན་བཅོམ་ལྡན་འདས་ཀྱིས་མདོ་ལས། ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་མིང་ཅན་གཞན་ཡང་མང་དུ་གསུངས་པ་རྣམས་འདིར་འདུས་སམ་ཞེ་ན། ཤིན་ཏུ་འདུས་ཏེ། འདིར་བཤད་པའི་ཆོས་གསུམ་པོས་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ། །འདི་ལ་གསུམ་ལས། ཕུང་པོའི་མིང་ཅན་ཕུང་པོར་བསྡུ་ཚུལ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ཞེས་འབྱུང་བ་རྣམས་སངས་རྒྱས་ཀྱི་གསུང་ཚིག་གི་རང་བཞིན་ཡིན་པ་ལྟར་ན་གཟུགས་ཀྱི་ཕུང་པོས་བསྡུས་ལ། མིང་གི་རང་བཞིན་ཡིན་པ་ལྟར་ན་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ། །ཡང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཞེས་འབྱུང་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་བསྡུས། ལྷག་མ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ། །གཉིས་པ་སྐྱེ་མཆེད་ཀྱི་མིང་ཅན་སྐྱེ་མཆེད་དུ་བསྡུ་ཚུལ་ནི། ཟད་པར་གྱི་སྐྱེ་མཆེད་བཅུ་ཞེས་འབྱུང་བའི་དང་པོ་བརྒྱད་ནི། སེམས་བྱུང་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་ན་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས། འཁོར་དང་བཅས་ན་ཕུང་པོ་ལྔའི་རང་བཞིན་ཡིན་པས་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་ཏེ། འདིའི་གཟུགས་ཀྱང་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཡིན་པའི་ཕྱིར། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱང་དེ་དང་འདྲའོ། །ཟད་པར་ནམ་མཁའ་དང་། རྣམ་ཤེས་ཀྱི་སྐྱེ་མཆེད་ནི་ཕུང་པོ་བཞིའི་རང་བཞིན་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པོ་དག་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར། ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །གཟུགས་མེད་ཀྱི་སྐྱེ་མཆེད་བཞི་ནི་ཕུང་པོ་བཞིའི་རང་བཞིན་ཡིན་པའི་ཕྱིར་ན་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །གསུམ་པ་ཁམས་ཀྱི་མིང་ཅན་ཁམས་སུ་བསྡུ་བ་ནི། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ནི་རིམ་པ་བཞིན་ཁམས་བཅོ་བརྒྱད་དང་། དྲི་རོ་གཉིས་དང་། སྣ་ལྕེའི་རྣམ་ཤེས་གཉིས་མ་གཏོགས་པའི་ཁམས་བཅུ་དང་བཞིས་བསྡུས་ལ། གཟུགས་མེད་པའི་ཁམས་ནི་ཡིད་ཀྱིས་དང་། ཆོས་ཀྱི་ཁམས་ཀྱིས་བསྡུས་སོ། །ཡང་འདོད་པའི་ཁམས། གནོད་པའི་ཁམས། རྣམ་འཚེའི་ཁམས་ཞེས་པ་རྣམས་ནི་སེམས་བྱུང་ཡིན་པས་ཆོས་ཀྱི་ཁམས་ཀྱིས་བསྡུས་སོ། །དེ་བཞིན་ཏུ་ཁམས་མང་པོ་པ་ལས་ཁམས་དྲུག་ཅུ་རྩ་གཉིས་བསྟན་པ་དེ་དག་ཀྱང་། ཅི་རིགས་པར་བསྡུས་པར་ཤེས་པར་བྱའོ། །བཅུ་གཉིས་པ་རབ་དབྱེ་ལ་སོགས་ཁ་འཕངས་པ་ནི། ཁམས་ཀྱི་རྣམ་པའི་རབ་དབྱེ་ལ། མཛོད་ལས། བསྟན་ཡོད་བསྟན་མེད། ཐོགས་བཅས་ཐོགས་མེད། དགེ་སོགས་གསུམ། ཁམས་ལྷ། ཟག་བཅས་ཟག་མེད། རྟོག་བཅས་རྟོག་མེད། དམིགས་བཅས་དམིགས་མེད། ཟིན་མ་ཟིན། འབྱུང་བ་འབྱུང་འགྱུར། བསགས་མ་བསགས། གཅོད་བྱེད་གཅད་བྱ། བསྲེག་བྱ་སྲེག་བྱེད། གཞལ་བྱ་འཇལ་བྱེད། འབྱུང་བ་གསུམ། རྟག་པའི་རྫས་ཡིན་མིན། ཕྱི་ནང་གི་རབ་དབྱེ། རྟེན་བཅས་དེ་མཚུངས། སྤང་བྱ་གསུམ། ལྟ་བ་ཡིན་མིན། རྣམ་ཤེས་གང་གིས་ཤེས་པར་བྱ་བ། རྟག་མི་རྟག དབང་པོ་ཡིན་མིན་ཏེ་ཉི་ཤུ་རྩ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པར་གསུངས་སོ། །ཀུན་བཏུས་ལས། ཆོས་གསུམ་ཆར་རྫས་སུ་ཡོད་མེད་ལ་སོགས་པ་རྒྱས་པའི་རབ་དབྱེ་དྲུག་ཅུ། ཀུན་བཏགས་པའི་མཚན་ཉིད་ཀྱི་རབ་དུ་དབྱེ་བ་སོགས་བསྡུས་པའི་རབ་དབྱེ་བཅུ་གསུམ་གྱི་སྒོ་ནས་གཏན་ལ་འབེབས་པར་གསུངས་སོ། །པན་ཀན་ལས། གཟུགས་ཅན་ཡིན་མིན་སོགས་བཅུ་གསུམ་གྱི་སྒོ་ནས་གཏན་ལ་འབེབས་པར་གསུངས་སོ། །གཞན་ཡང་། ཀུན་བཏུས་ལས། ཕན་ཚུན་བསྡུས་པའི་ཚུལ་བཅུ་གཅིག་དང་། མཚུངས་པར་ལྡན་པའི་ཚུལ་རྣམ་པ་བཅུ་དྲུག་དང་། ལྡན་པའི་ཚུལ་རྣམ་པ་གསུམ་ལ་སོགས་པའི་སྒོ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གཏན་ལ་དབབ་སྟེ། ཤེས་རབ་ཀྱི་དམིགས་པ་ཤེས་བྱ་ཇི་སྙེད་པའི་གནས་ལུགས་ལ་མཁས་པར་བྱ་དགོས་པར་གསུངས་པའི་ཕྱིར་རོ། །གསུམ་པ་ཕུང་པོའི་དཀའ་གནས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། འདུ་བྱེད་ཀྱི་ཕུང་པོ་བྱེ་བྲག་ཏུ་བཤད་པ་དང་། རྣམ་ཤེས་ཀྱི་ཕུང་པོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚུངས་ལྡན་གྱི་འདུ་བྱེད་བཤད་པ་དང་། ལྡན་པ་མ་ཡིན་པའི་འདུ་བྱེད་བཤད་པའོ། །དང་པོ་ལ། ཀུན་བཏུས་ཀྱི་ལུགས་དང་། མཛོད་ཀྱི་ལུགས་གཉིས་ལས། དང་པོ་ལ་ཚོར་བ་དང་འདུ་ཤེས་གཉིས་མཚུངས་ལྡན་གྱི་འདུ་བྱེད་མ་ཡིན་ཡང་། སེམས་བྱུང་དུ་རིགས་གཅིག་པས་དེ་དང་བཅས་ཏེ་འཆད་པ་ལ་སྡོམ་ནི། མཚན་གཞི་དང་ནི་མཚན་ཉིད་དང་། །གཅིག་འདོད་འཁོར་དུ་ལྡན་ཚུལ་དང་། །རྫས་བཏགས་འདོད་ན་ཤིན་སྦྱངས་དང་། །སྡེ་ཚན་སྒྲ་དོན་གྲངས་ངེས་དང་། །སྒྲ་དོན་སོ་སོའི་ངོ་བོ་སྟེ། །སྡེ་ཚན་བཅུ་ཡིས་དོན་འདི་བསྡུས། །དང་པོ་མཚན་གཞི་ནི་སེམས་བྱུང་ཙམ་གྱི་དབང་དུ་བྱས་ན་སྔར་གྱི་ཚོར་བ་དང་། འདུ་ཤེས་གཉིས་བསྣན་པས་ལྔ་བཅུ་རྩ་གཅིག འདུ་བྱེད་ཀྱི་ཕུང་པོའི་དབང་དུ་བྱས་ན་བཞི་བཅུ་རྩ་དགུའོ། །གཉིས་པ་ལ་གསུམ་སྟེ། སེམས་དང་ཐུན་མོང་དུ་མཚན་ཉིད་དཔྱད་པ། མཚུངས་ལྡན་ངེས་པར་བྱ་བ། དེ་ལ་ནང་འགལ་སྤོང་བའོ། །དང་པོ་ནི། དབུས་མཐར། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་གསུངས་པས་དོན་གྱི་ངོ་བོ་ཙམ་དམིགས་པར་བྱེད་པའི་བློ་ནི་སེམས་དང་། དོན་གྱི་ཁྱད་པར་དམིགས་པར་བྱེད་པའི་བློ་ནི་སེམས་བྱུང་སྟེ། དེ་ལ་དོན་གྱི་ངོ་བོ་ནི་གཟུགས་དང་སྒྲ་ལ་སོགས་པ་རྟེན་ཆོས་ཅན་ལྟ་བུར་སྣང་བའོ། །ཁྱད་པར་ནི། བདེ་སོགས་ཀྱི་གནས་ཡིད་དུ་འོང་མི་འོང་སོགས་དང་། བུད་མེད་སྐྱེས་པ་སོགས་སུ་ཐ་སྙད་གདགས་པའི་གཞིར་གྱུར་པའི་མཚན་མ་ལ་སོགས་བརྟེན་པ་ཆོས་ལྟ་བུར་སྣང་བ་སེམས་ལས་བྱུང་བ་དེ་དང་དེའི་འཛིན་སྟངས་ཀྱི་གཟུང་བྱར་གྱུར་པ་རྣམས་སོ། །ཡང་སེམས་བྱུང་ནི། སེམས་དང་མཚུངས་ལྡན་ལྔས་མཚུངས་པར་ལྡན་པ་སྟེ། ཕུང་པོ་ལྔའི་རབ་བྱེད་ལས། སེམས་ལས་བྱུང་བའི་ཆོས་རྣམས་ཅི་ཞེ་ན། ཆོས་གང་རྣམས་སེམས་དང་མཚུངས་པར་ལྡན་པ་རྣམས་སོ་ཞེས་སོ། །མཚུངས་ལྡན་ལྔ་ནི། རྟེན་དང་། དམིགས་པ་དང་། རྣམ་པ་དང་། དུས་དང་། རྫས་མཚུངས་པའོ། །དང་པོ་ནི། སེམས་སེམས་བྱུང་གཉིས་ཀ་རྟེན་དབང་པོ་གཅིག་ལ་བརྟེན་པའོ། །གཉིས་པ་ནི། ཡུལ་གཟུགས་ལྟ་བུ་ལ་དམིགས་པའོ། །གསུམ་པ་ནི། སེམས་སྔོན་པོའི་རྣམ་པ་ཅན་ཡིན་ན། དེ་དང་མཚུངས་ལྡན་གྱི་སེམས་བྱུང་ཡང་སྔོན་པོའི་རྣམ་པ་ཅན་ཡིན་པ་ལྟ་བུའོ། །བཞི་པ་ནི། སེམས་ད་ལྟ་བ་ཡིན་ན། དེ་དང་མཚུངས་ལྡན་གྱི་ཚོར་བ་སོགས་ཀྱང་ད་ལྟ་བ་ཡིན་པ་ལྟ་བུའོ། །ལྔ་པ་ནི། རྫས་གྲངས་ངེས་མཉམ་པ་སྟེ། སེམས་གཅིག་གི་འཁོར་དུ་སེམས་བྱུང་ཚོར་བ་ལྟ་བུ་རྫས་གཉིས་མེད་པ་ལྟ་བུའོ། །གཉིས་པ་ནི། ཅིའི་ཕྱིར་མཚུངས་ལྡན་ལྔ་ཀ་སྨོས་ཤེ་ན། དམིགས་པ་མཚུངས་པ་ཙམ་སྨོས་ན། རྣམ་ཤེས་གཞན་དང་ཡིད་ཀྱི་རྣམ་ཤེས་ཀྱང་སེམས་སེམས་བྱུང་དུ་འགྱུར་བའི་ཕྱིར། དམིགས་རྣམ་མཚུངས་པ་ཙམ་སྨོས་ན་གང་ཟག་གཉིས་ཀྱིས་ཟླ་བ་གཅིག་ལ་ལྟ་བའི་མིག་ཤེས་གཉིས་ཀྱང་སེམས་སེམས་བྱུང་དུ་ཐལ་བའི་ཕྱིར། དམིགས་རྣམ་དང་རྟེན་མཚུངས་པ་ཙམ་སྨོས་ན་མིག་ཤེས་དོན་མཚུངས་པ་སྔ་ཕྱི་གཉིས་ཀྱང་སེམས་སེམས་བྱུང་དུ་ཐལ་བའི་ཕྱིར་དང་། ཐ་མ་རྫས་མཚུངས་སྨོས་པས་ནི་ཁྲ་བོ་འཛིན་པའི་མིག་ཤེས་སོགས་ལ་རྫས་དུ་མར་འཛིན་པ་སེལ་བའི་ཕྱིར་ཡིན་ནོ། །གསུམ་པ་ལ་རྩོད་པ་དང་། ལན་གཉིས། དང་པོ་ནི། དོན་གྱི་ངོ་བོ་དང་། ཁྱད་པར་སོ་སོ་བ་རེ་ཁོ་ན་རྟོགས་ན་སེམས་དང་སེམས་བྱུང་རྣམ་པ་མི་མཚུངས་པར་འགྱུར་ཞིང་། འདོད་ན། རྒྱས་བཤད་དུ་རྣམ་པ་མཚུངས་པར་བཤད་པ་དང་འགལ་ལོ། །ཅི་སྟེ་གཉིས་ཀས་གཉིས་ཀ་འཛིན་ན། དབུས་མཐའི་ཊཱིཀྐར། དེ་རྣམས་ཀྱང་གནས་དང་དམིགས་པ་དང་དུས་དང་རྫས་མཚུངས་ཀྱིས་རྣམ་པར་ཤེས་པ་དང་ཁྱད་པར་མེད་པར་ཐལ་བར་འགྱུར་བས་རྣམ་པ་མཚུངས་པ་ནི་མ་ཡིན་ནོ་ཞེས་པ་དང་འགལ་ལོ། །གཉིས་པ་ལ། མི་འཐད་པ་དགག་པ་དང་། འཐད་པ་བརྗོད་པའོ། །དང་པོ་ལ་བཞི་སྟེ། ཁྱབ་མ་ཁྱབ་ཀྱིས་འབྱེད་པ་དང་། རྗེས་ཤེས་ཀྱིས་འབྱེད་པ་དང་། རང་སྟོབས་གཞན་སྟོབས་ཀྱིས་འབྱེད་པ་དང་། གྲུབ་མཐས་འབྱེད་པ་དགག་པའོ། །དང་པོ་ནི། ཁ་ཆེའི་བྱམས་ཆོས་པ་ཁ་ཅིག སེམས་དོན་ཙམ་གྱི་རྣམ་པ་འཛིན་པ་ལ་ཁྱད་པར་འཛིན་པས་མ་ཁྱབ་པས་མི་མཚུངས་པར་བཤད་ལ། སེམས་བྱུང་ཁྱད་པར་འཛིན་པ་ལ་དོན་ཙམ་འཛིན་པས་ཁྱབ་པས་མཚུངས་པར་བཤད་དོ། །ཞེས་གསུངས་པ་མི་འཐད་དེ། དེ་ལྟར་ན་སེམས་བྱུང་སེམས་དང་རྣམ་པ་མཚུངས། སེམས་སེམས་བྱུང་དང་རྣམ་པ་མི་མཚུངས་ཞེས་པའི་དོན་དུ་སོང་གི སེམས་བྱུང་སེམས་དང་རྣམ་པ་མཚུངས་པར་བཤད་པ་དང་མི་མཚུངས་པར་བཤད་པ་གཉིས་ཀྱི་དོགས་པ་གཅོད་དགོས་པ་ལས་དེའི་དོགས་པ་ད་དུང་མ་ཆོད་པའི་ཕྱིར་དང་། སེམས་རང་གི་འཁོར་དུ་འབྱུང་བའི་ངེས་པ་མེད་པའི་སེམས་བྱུང་རྣམས་དང་རྣམ་པ་མི་མཚུངས་པའི་དོན་དུ་འདོད་ན་ནི། སེམས་ཀུན་འགྲོ་ལྔ་དང་རྣམ་པ་ཐམས་ཅད་དུ་རྣམ་པ་མཚུངས་པར་ཁས་ལེན་དགོས་པའི་ཕྱིར་རོ། །གཉིས་པ་ནི། ངུར་སྨྲིག་པས་གཉིས་ཀ་ལ་གཉིས་ཀ་སྣང་བས་རྣམ་པ་མཚུངས་ཤིང་། ངོ་བོ་ཁྱད་པར་དུ་སོ་སོར་ཞེན་ལུགས་ཐ་དད་དུ་ཡོད་པའམ། སེམས་ཙམ་པ་ལྟར་ན་ངོ་བོ་དང་ཁྱད་པར་དུ་སྒྲོ་འདོགས་ལུགས་ཐ་དད་དུ་ཡོད་པས་རྣམ་པ་མི་མཚུངས་པར་བཤད་པ་ཡིན་ཞེས་གསུངས་པ་ཡང་མི་རིགས་ཏེ། རྟོག་མེད་ཀྱི་སེམས་བྱུང་ལ་ཞེན་པ་དང་སྒྲོ་འདོགས་པ་མེད་པས་རྣམ་པ་མི་མཚུངས་པའི་དོན་བཤད་དུ་མེད་པར་ཐལ་བའི་ཕྱིར་རོ། །གསུམ་པ་ལ་བཞི་སྟེ། རྩ་བའི་དམ་བཅའ་དང་། དེ་ལ་བརྒལ་ལན་གྱི་རིམ་པ་དང་། སྟོབས་ཀྱིས་འཇོག་ཚུལ་གཞན་དགག་པ་དང་། རྒྱུ་འབྲས་དུས་མཉམ་དགག་པའོ། །དང་པོ་ནི། སློབ་དཔོན་འབན་གྱིས་གཉིས་ཀས་གཉིས་ཀ་འཛིན་ཡང་སེམས་ཀྱིས་དོན་ཙམ་འཛིན་པ་ནི་རང་སྟོབས་ཀྱིས་ཏེ། སེམས་སྐྱེས་ཕན་ཆད་དོན་ཙམ་འཛིན་པ་རང་བཞིན་ནམ་ཆོས་ཉིད་ཡིན་པས་སོ། །དོན་གྱི་ཁྱད་པར་འཛིན་པ་ནི་གཞན་སྟོབས་ཀྱིས་ཏེ། སེམས་བྱུང་དང་འགྲོགས་པའི་སྟོབས་ཀྱིས་འཛིན་པས་སོ། །སེམས་བྱུང་གིས་ཁྱད་པར་འཛིན་པ་རང་སྟོབས་དང་། དོན་ཙམ་འཛིན་པ་གཞན་སྟོབས་ཀྱིས་ཡིན་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །འདི་སྒྲུབ་པ་ལ། ལུང་དང་། རིགས་པ་གཉིས་ལས། དང་པོ་ནི། མདོ་ལས། སེམས་འདི་ནི་ཡུན་རིང་པོ་ནས་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་ཉིད་ཅན་དུ་གྱུར་པའོ། །ཞེས་དང་། འདི་ཉིད་དུ་ཡང་། ངོ་བོ་ཉིད་ཀྱི་དགེ་བ་དང་འབྲེལ་པས་དགེ་བ་སོགས་དང་། སུམ་ཅུ་པར། བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །ཞེས་བཤད་པས་སོ། །གཉིས་པ་རིགས་པ་ནི། མིག་གི་རྣམ་ཤེས་ཀྱིས་གཟུགས་ཀྱི་དོན་ཙམ་འཛིན་པ་ནི་རང་སྟོབས་ཀྱིས་ཏེ། དེ་དེའི་རང་བཞིན་ནམ་གཤིས་ལུགས་ཡིན་པས་སོ། །དེའི་འཁོར་གྱི་དད་པ་ལ་གཟུགས་ཀྱི་ངོ་བོ་འཛིན་པ་ནི་གཞན་སྟོབས་ཀྱིས་ཏེ། དེ་དེའི་ཆོས་ཉིད་མ་ཡིན་པས་མིག་ཤེས་དང་འགྲོགས་པས་དེ་བྱེད་པའི་ཕྱིར་ཏེ། ཆུའི་ཚ་བ་ལྟར་རོ། །ཡང་དད་པས་དང་ཆ་འཛིན་པ་ཡང་རང་སྟོབས་དང་། མིག་གི་རྣམ་ཤེས་ཀྱིས་དང་ཆ་འཛིན་པ་གཞན་སྟོབས་ཀྱིས་ཏེ་རྒྱུ་མཚན་སྔ་མ་ལྟར་རོ། །ཞེས་གསུངས་སོ། །གཉིས་པ་ནི། སློབ་དཔོན་རོག་དང་གཉགས་གཉིས་ཀྱིས་ནི་དེ་མི་འཐད་དེ། སྟོབས་ཞེས་པ་ནི་དེ་དག་ཕན་ཚུན་གཅིག་གིས་གཅིག་ལ་རྟོགས་པའི་ཁྱད་པར་བསྐྱེད་པ་ཡིན་ན་ནི་ཕན་ཚུན་ཕན་འདོགས་པ་ཡོད་དགོས་ཤིང་། དེ་ཡང་འདོད་ན་དུས་མཉམ་པའི་རྒྱུ་འབྲས་ཡོད་དགོས་པས་དེ་མིན་པའི་ཕྱིར། ཞེས་པའི་སྐྱོན་བརྗོད་པ་ལ། ཁོ་ན་རེ། དུས་མཉམ་པའི་རྒྱུ་འབྲས་ནི་ཤིན་ཏུ་ཡང་འདོད་དེ། འདི་ཉིད་དུ་སེམས་དང་སེམས་བྱུང་ཕན་ཚུན་དུ་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུར་བཤད་པ་དང་། ཐེག་བསྡུས་ལས། ཀུན་གཞིའི་རྣམ་ཤེས་དང་། ཀུན་ནས་ཉོན་མོངས་ཀྱི་ཆོས་རྣམས་དུས་མཉམ་དུ་གཅིག་གི་རྒྱུར་གཅིག་འགྱུར་བ་མར་མེའི་མེ་ལྕེ་འབྱུང་བ་དང་། སྙིང་པོ་ཚིག་པ་དུས་མཉམ་པ་དང་། མདུང་ཁྱིམ་དུས་མཉམ་པ་ཕན་ཚུན་བརྟེན་ནས་མི་འགྱེལ་བའི་དཔེས་གསུངས་པའི་ཕྱིར་དང་། དུས་མཉམ་ལ་རྒྱུ་འབྲས་མེད་ན་སྔ་ཕྱིའི་རྒྱུ་འབྲས་ཀྱང་མེད་ཅེས་འགྲེ་ཞིང་། དུས་མཉམ་ལ་རྒྱུ་འབྲས་གྲུབ་དུས་ན་འབྲས་བུ་གྲུབ་མ་གྲུབ་བརྟགས་ནས་ཕན་གདགས་བྱ་འདོགས་བྱེད་མི་འཐད་ན་སྔ་ཕྱི་ལ་ཡང་གཅིག་དངོས་པོར་ཡོད་པའི་ཚེ་གཅིག་ཤོས་དངོས་པོར་མེད་པས་ཕན་འདགས་བྱ་འདོགས་བྱེད་དུ་མི་འཐད་པའི་ཕྱིར་རོ། །ཞེས་གསུངས་ཤིང་། འབྲིང་མཚམས་ཞར་ཡང་། མྱུ་གུ་དང་། དེའི་གྲིབ་མ་དང་། མར་མེ་དང་། དེའི་འོད་དང་། ས་གཞི་དང་། སེམས་ཅན་གནས་པ་ལྟ་བུ་རྒྱུ་འབྲས་དུས་མཉམ་ཡོད་ཅེས་གསུངས་སོ། །དེ་ལ་དང་པོ་མི་འཐད་དེ། ཡིད་ཀྱི་རྣམ་པར་ཤེས་པས་གཟུགས་འཛིན་པ་ཡང་ཆོས་ཉིད་ཡིན་པར་མ་ངེས་པས་རང་སྟོབས་མ་ཡིན་པར་འགྱུར་བ་དང་། སེམས་བྱུང་ནང་ལ་ཡང་འདུ་ཤེས་ཀྱིས་དད་པའི་ཡུལ་འཛིན་པ་ལྟ་བུ་གཞན་སྟོབས་ཀྱིས་དོན་གྱི་ཁྱད་པར་འཛིན་པ་ཡོད་པར་འགྱུར་བ་དང་། སེམས་ཀྱིས་ཀུན་འགྲོ་ལྔའི་ཡུལ་འཛིན་པ་རང་སྟོབས་སུ་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་གཉིས་ཕན་ཚུན་ལྟོས་པ་ཙམ་གཞན་སྟོབས་སུ་འདོད་ན་ཐམས་ཅད་ཀྱང་གཞན་སྟོབས་ཁོ་ནར་འགྱུར་ཏེ། དེ་དག་ལྷན་ཅིག་འབྱུང་བ་དང་། མཚུངས་ལྡན་གྱི་རྒྱུར་བཤད་པས་སོ། །འཇད་པ་གཞོན་བྱང་། སེམས་བྱུང་གིས་དོན་གྱི་ཁྱད་པར་འཛིན་པ་དེ་གཞན་སྟོབས་སུ་ཐལ་ཏེ། བཙུན་པས་མི་རྟོགས་པ་མིང་ཙམ་རྟོགས་པ་ལ་རག་ལས་པ་ལྟར་སེམས་ཀྱིས་དོན་རྟོགས་པ་དོན་ཙམ་རྟོགས་པ་ལ་རག་ལས་པའི་ཕྱིར་རོ་ཞེས་པའི་སྐྱོན་བརྗོད་པ་ནི་མི་འཇུག་སྟེ། འདིར་ནི་དོན་གྱི་ངོ་བོ་དང་། ཁྱད་པར་ནི་ཆོས་ཅན་དང་། ཆོས་ཡིན་གྱི་སྤྱི་དང་བྱེ་བྲག་མ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། འབྲིང་མཚམས་ཞང་གིས། བློ་དེ་ཡིན་པའི་སྟོབས་ཀྱིས་ཡུལ་གྱི་ལྡོག་པ་དེ་འཛིན་པ་དེ་རང་སྟོབས་དང་། ཤེས་རིག་གཞན་དང་འགྲོགས་པའི་སྟོབས་ཀྱིས་ཡུལ་གྱི་ལྡོག་པ་དེ་འཛིན་པ་གཞན་སྟོབས་ཡིན་པར་གསུངས་པ་ཡང་མི་འཐད་དེ། སེམས་ཀྱི་དོན་ཙམ་འཛིན་པ་དེ་གཞན་སྟོབས་སུ་ཐལ་ཏེ། སེམས་བྱུང་དང་འགྲོགས་པའི་སྟོབས་ཀྱིས་འཛིན་པའི་ཕྱིར། རྟགས་གྲུབ་སྟེ། སེམས་ལས་བྱུང་བ་མེད་པར་ནི། །སེམས་ནི་ནམ་ཡང་མི་འབྱུང་སྟེ། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་རྣམས་ཉིད་དང་ལྷན་ཅིག་འབྱུང་། །ཞེས་བཤད་སྦྱར་དུ་དྲངས་པས་སོ། །ཞེས་རིན་ཆེན་རྩེ་གསུངས་སོ། །ཡང་སྟག་སྡེ་པ་སེང་གེ་རྒྱལ་མཚན་གྱིས། དོན་ཙམ་དང་། དོན་གྱི་ཁྱད་པར་གཉིས་སུ་ཕྱེ་བའི་ནང་ནས་ཤེས་པ་རང་གི་ཡུལ་ལ་དམིགས་པ་རང་སྟོབས་དང་། གཞན་གྱི་ཡུལ་ལ་དམིགས་པ་གཞན་སྟོབས་ཏེ། རང་གི་ཡུལ་ན་འདུག་པ་དང་། གཞན་གྱི་ཡུལ་ན་འདུག་པ་ལྟར་རོ་ཞེས་གསུངས་ལ། དཔངས་ལོ་ཆེན་པོས། རང་སྟོབས་དང་གཞན་སྟོབས་གཞུང་ནས་བཤད་པ་མེད་ཅིང་རིགས་པས་མ་གྲུབ་པས་དཔྱད་མི་དགོས་ལ། རྩ་བའི་རྩོད་གཞི་ཉིད་ལན་དུ་བྱས་པ་ལྟ་བུར་མངོན་པས་མི་འཐད་དོ་གསུང་། བཞི་པ་ནི། དུས་མཉམ་པའི་རྒྱུ་འབྲས་མི་འཐད་དེ། རྒྱུར་འདོད་པ་ཕན་ཚུན་གཉིས་པོ་མ་སྐྱེས་པའི་ཚེ་རྒྱུ་མིན་པར་འགྱུར་ཏེ། མེད་པས་ནུས་པ་མེད་པའི་ཕྱིར་དང་། གཉིས་ཀ་སྐྱེས་པ་ན་ཡང་རྒྱུ་མིན་པར་འགྱུར་ཏེ། ཕན་མི་འདོགས་པའི་ཕྱིར་ཏེ། རྣམ་འགྲེལ་དུ། མེད་པ་སྔར་ནུས་མེད་ཕྱིར་དང་། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་གསུངས་པ་ལྟར་རོ། །ཐེག་བསྡུས་སུ་གསུངས་པ་ནི་བར་མ་ཆོད་པ་ལ་དུས་མཉམ་པའི་མིང་གིས་བཏགས་པ་སྟེ། དེ་ཉིད་ཀྱི་འགྲེལ་པ་བཤད་སྦྱར་དུ། ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ནི་བཏགས་པ་བ་སྟེ་དུས་གཅིག་ཏུ་འབྱུང་བ་རྣམས་ལ་རྒྱུ་དང་འབྲས་བུའི་དངོས་པོ་མི་རུང་བའི་ཕྱིར་རོ། །ཞེས་བཤད་དོ། །མྱུ་གུ་དང་གྲིབ་མ་སོགས་ཀྱང་སྐད་ཅིག་སྔ་མའི་མྱུ་གུ་དང་། མར་མེ་ལས་སྐད་ཅིག་ཕྱི་མའི་གྲིབ་མ་དང་། འོད་ཀྱང་འབྱུང་བས་དུས་མཉམ་མ་ཡིན་ནོ། །བཞི་པ་གྲུབ་མཐས་འབྱེད་པ་དགག་པ་ནི། འཇམ་སར་གྱིས། སེམས་ཙམ་པའི་ལུགས་ལ་དེ་གཉིས་རྣམ་པ་མི་མཚུངས་ལ་རྣམ་པ་མཚུངས་པར་བཤད་པ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་སོ་ཞེས་གསུངས་པ་མི་འཐད་དེ། སྔར་གྱི་གཞུང་གཉིས་ཀ་སེམས་ཙམ་པའི་གཞུང་དུ་འདྲ་བའི་ཕྱིར་རོ། །གཉིས་པ་འཐད་པ་བརྗོད་པ་ནི། གཟུགས་འཛིན་གྱི་མིག་གི་རྣམ་པར་ཤེས་པ་དང་། དེའི་འཁོར་གྱི་སེམས་བྱུང་རྣམས་གཟུགས་འཛིན་ཡིན་པའི་རྣམ་པ་མཚུངས་པས་རྣམ་པ་མཚུངས་པར་བཤད་ཅིང་། གཟུགས་ཀྱི་ངོ་བོ་དང་ཁྱད་པར་འཛིན་པའི་རྣམ་པ་མི་མཚུངས་པས་ཁྱད་མེད་དུ་མི་འགྱུར་རོ། །དེ་ཡང་ཡིད་ཀྱི་སར་དེ་ཉིད་ལ་གང་སྡུག་པ་དང་། མི་སྡུག་པ་དང་། གཉིས་ཀ་ལས་བཟློག་པའི་མཚན་ཉིད་དེ་རག་པས་རིག་པར་བྱེད་དོ། །དེ་ཉིད་ལ་གང་ཕན་པ་དང་། གནོད་པ་དང་། གཉིས་ཀ་ལས་བཟློག་པའི་མཚན་ཉིད་དེ་ཚོར་བས་རིག་པར་བྱེད་དོ། །དེ་ཉིད་ལ་གང་ཐ་སྙད་ཀྱི་མཚན་མའི་མཚན་ཉིད་དེ་འདུ་ཤེས་ཀྱིས་རིག་པར་བྱེད་དོ། །ཞེས་སོགས་གསུངས་ཤིང་། མཛོད་འགྲེལ་དུ། རྣམ་པ་རེ་རེ་ནས་བྱེ་བྲག་ཏུ་གཅོད་པའི་ཕྱིར་རྣམ་པ་དང་བཅས་པ་རྣམས་སོ། །ཞེས་སོ། །དེའི་འགྲེལ་བཤད་དུ། རྣམ་པར་ཤེས་པས་སྔོན་པོ་ལ་སོགས་པའི་རྣམ་པ་བྱེ་བྲག་ཏུ་གཅོད་ལ་དམིགས་པ་དེ་ཉིད་ལ་ཚོར་བས་མྱོང་ངོ་། །འདུ་ཤེས་ཀྱིས་ཡོངས་སུ་གཅོད་དོ། །ཞེས་བཤད་ཅིང་། སའི་བསྟོད་འགྲེལ་དུའང་། ངོ་བོ་ཉིད་ཀྱི་བྱེ་བྲག་ལ་དམིགས་པའི་ཕྱིར། དེ་རྣམས་ཀྱི་དམིགས་པ་ཐ་དད་པ་མིན་ནམ་ཞེ་ན། དེ་ལྟ་ཡིན་དུ་ཟིན་ཀྱང་དམིགས་པའི་དངོས་པོ་གཅིག་པའི་ཕྱིར་རོ། །དེ་སྐད་སྨྲས་སོ་ཞེས་བཤད་དོ། །ཞེས་དཔངས་ལོ་ཆེན་པོས་བཤད་པ་འདི་ཉིད་འཐད་པའི་ཕྱོགས་སུ་མཐོང་ངོ་། །འདི་ལ་ཡང་སེམས་སེམས་བྱུང་རྫས་གཅིག་པ་ལྟར་ན་སེམས་བྱུང་གིས་དོན་ཙམ་འཛིན་པ་མིན་ཏེ། དེའི་ཁྱད་པར་ངེས་པར་འཛིན་དགོས་པའི་ཕྱིར་རོ། །སེམས་ཀྱིས་དོན་གྱི་ཁྱད་པར་འཛིན་པ་མིན་ཏེ། སེམས་ཀྱིས་རྫས་ལ་དོན་གྱི་ཁྱད་པར་འཛིན་པའི་ཆ་ཤས་ཡོད་པ་རྣམས་ནི་སེམས་བྱུང་ཡིན་གྱི་སེམས་མ་ཡིན་པའི་ཕྱིར་རོ། །དཔེར་ན་རྟོག་མྱོང་རང་རིག་མངོན་སུམ་དེས་རྟོག་པའི་ཡུལ་ལ་ཞེན་པ་མ་ཡིན་ཡང་དེའི་རྫས་ལ་ཡུལ་ལ་ཞེན་པའི་ཆ་ཡོད་པ་ནི་རྟོག་པ་ཡིན་གྱི་རྟོག་མྱོང་རང་རིག་མངོན་སུམ་མ་ཡིན་པ་བཞིན་ནོ། །ཞེས་པའི་ཁྱད་པར་ཕྱེད་དགོས་སོ། །སྤྱིའི་གསུམ་པ་ལ་གསུམ་སྟེ། རྣམ་ཤེས་གཅིག་པུར་འདོད་པ་ལ་བརྒལ་ལན། སེམས་བྱུང་གསུམ་དུ་འདོད་པ་ལ་བརྒལ་ལན། སེམས་སེམས་བྱུང་རྫས་གཅིག་པའི་རང་ལུགས་སོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམ་ཤེས་གཅིག་པུར་སྨྲ་བ་སོགས་ནི། མདོ་ལས། རིང་དུ་སོང་ཞིང་གཅིག་ཏུ་རྒྱུ། །འདུལ་བར་དཀའ་བའི་སེམས་འདུལ་བྱེད། །ཅེས་གསུངས་པས་སེམས་ཅན་རེ་རེའི་རྒྱུད་ཀྱི་རྣམ་ཤེས་རྣམས་རྫས་གཅིག་ཡིན་ལ། དེ་ཉིད་དབང་པོ་དུ་མ་ལ་བརྟེན་ཅིང་། ཡུལ་དྲུག་ལ་དམིགས་པས་རྣམ་ཤེས་དུ་མར་མངོན་པ་ནི་བུ་ག་དུ་མ་ཅན་གྱི་ཁང་པར་སྤྲེའུ་བཅུག་པའམ་མར་མེ་བཏེག་པ་ལྟར་རོ། །དེ་ཉིད་ལུང་གིས་སྒྲུབ་པ་ནི། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ། །ཞེས་དང་། སྐྱེ་མཆེད་བཅུ་གཉིས་བསྟན་པའི་མདོར། རྣམ་ཤེས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད། ཅེས་གསུངས་སོ། །ཡང་སེམས་ཉིད་བདེ་སོགས་སྣ་ཚོགས་སུ་འབྱུང་བས། སེམས་སེམས་བྱུང་རྫས་གཅིག་ཏེ། རྨ་བྱའི་མདོངས་སྣ་ཚོགས་སུ་སྣང་ཡང་སྒྲོའི་ངོ་བོ་གཅིག་ཡིན་པ་བཞིན་ནོ། །ཞེས་སྨྲའོ། །འདི་ཉིད་ཐོགས་མེད་ཀྱིས་བཀག་པའི་ཚུལ་དང་། དབྱིག་གཉེན་གྱིས་བཀག་པའི་ཚུལ་གཉིས། དང་པོ་ནི། བསྡུ་བར། དགེ་སྦྱོང་དང་བྲམ་ཟེ་གང་ལ་ལ་མིང་ལས་སེམས་ཙམ་ཞིག་རྫས་སུ་འདོད་ལ་སེམས་ལས་བྱུང་བའི་ཆོས་རྣམས་ནི་མི་འདོད་པ་གང་དག་ཡོད་པ་དེ་ཡང་མི་འཐད་དོ། །ཞེས་སོགས་རྒྱས་པར་གསུངས་ནས་དོན་བསྡུ་བར། ལྔ་ཉིད་འཐད་པ་མེད་ཕྱིར་དང་། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་ཏེ། སེམས་བྱུང་རྫས་སུ་མེད་ན། ཚོར་བ། འདུ་ཤེས། འདུ་བྱེད་དེ་སེམས་བྱུང་རྣམས་རྣམ་ཤེས་སུ་འདུས་པས་ཕུང་པོ་ལྔ་མི་འཐད་པའི་ཕྱིར་དང་། ཅི་སྟེ་གནས་སྐབས་ཀྱི་བྱེ་བྲག་ལ་ཕུང་པོ་ལྔར་རྟོག་ན་གནས་སྐབས་དེ་དག་ཕན་ཚུན་བྱེད་པ་ཐ་དད་ཡོད་ན་རང་བཞིན་མི་འདྲ་བས་རྫས་ཐ་དད་དུ་གྲུབ་ཅིང་། མེད་ན་གནས་སྐབས་ཐ་དད་རྟོགས་པ་དོན་མེད་པར་འགྱུར་རོ། །མིག་ཤེས་སོགས་དྲུག་གི་གནས་སྐབས་ལྟར་ཐ་དད་པ་ཡང་མ་ཡིན་ཏེ། དེ་རྣམས་ནི་གནས་དང་དམིགས་པ་ཐ་དད་ཅིང་ཚོར་བ་སོགས་ཀྱི་གནས་སྐབས་རྣམས་ནི་གཅིག་ལ་ཡང་དམིགས་པས་སོ། །སྐད་ཅིག་གཅིག་ལ་སེམས་དེ་གནས་སྐབས་སྣ་ཚོགས་པར་འགྱུར་བ་ཡང་མི་རུང་སྟེ། དེ་ལྟར་འགྱུར་བའི་བྱེད་རྒྱུའི་བྱེ་བྲག་མེད་པའི་ཕྱིར་རོ། །ལུང་ལས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་མི་གྲོལ་ལོ། །ཞེས་བཀའ་སྩལ་པ་དང་ཡང་འགལ་ལོ། །སེམས་སེམས་བྱུང་གཉིས་གཅིག་ཅར་འབྱུང་བ་མེད་ན་བཅིང་བྱ་འཆིང་བྱེད་དུ་མི་རུང་བའི་ཕྱིར། ཡང་ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཞེས་བཀའ་སྩལ་པ་དང་ཡང་འགལ་ཏེ། གཅིག་ལ་ལྷན་ཅིག་དང་འདྲེས་པ་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། དབུས་མཐའི་འགྲེལ་པར། གཅིག་པུ་ཡང་ཡིན་ལ་དབྱེར་ཡོད་པའི་སྣ་ཚོགས་ཀྱང་ཡིན་པ་འགལ་ལོ། །ཞེས་པའི་རིགས་པ་དང་། མདོ་ལས། ཚོར་བ་དང་། འདུ་ཤེས་དང་། སེམས་པ་གང་ཡིན་པ་དང་། རྣམ་ཤེས་གང་ཡིན་པའི་ཆོས་འདི་རྣམས་ནི་འདྲེས་པ་སྟེ་མ་འདྲེས་པ་མིན་ནོ་ཞེས་པའི་ལུང་གིས་བཀག་གོ །གཉིས་པ་ནི། མདོ་སྡེའི་བཙུན་པ་དཔལ་ལེན་ན་རེ། ཚོར་བ་སོགས་སེམས་བྱུང་གསུམ་ཉིད་རྫས་སུ་འདོད་དེ། ཚོར་བ་དང་། འདུ་ཤེས་དང་། སེམས་པ་རྣམས་ནི་ལྷན་ཅིག་སྐྱེའོ་ཞེས་བཀའ་སྩལ་པས་སོ། །ཞེས་སྨྲ་བ་ནི་མཛོད་འགྲེལ་ལས། ཆོས་ཐམས་ཅད་ནི་འདུན་པའི་རྩ་བ་ཅན་ཡིད་ལ་བྱེད་པ་ལས་བྱུང་བ་རེག་པའི་ཀུན་འབྱུང་བ་ཅན་དྲན་པའི་བདག་པོ་ཅན་ཞེས་བཀའ་སྩལ་བ་དང་འགལ་ལོ་ཞེས་བཀག་གོ །གསུམ་པ་ནི། དཔལ་ལྡན་གྲགས་པ་ནི་སེམས་སེམས་བྱུང་རྫས་གཅིག་ཏུ་བཞེད་དེ། ཡིད་ཤེས་རྟོག་པའི་འཁོར་གྱི་སེམས་བྱུང་རྣམས་རྟོག་མེད་ཡིན་ན་དེས་རང་མཚན་དང་། རྟོག་པས་སྤྱི་མཚན་འཛིན་པས་དམིགས་པ་མི་མཚུངས་པར་འགྱུར་རོ། །རྟོག་པ་ཡིན་ན་རྟོག་པ་རྫས་དུ་མ་རྒྱུད་གཅིག་ལ་དུས་གཅིག་ཅར་དུ་འཇུག་པར་འགྱུར་བ་ལས། རྣམ་འགྲེལ་དུ། རྟོག་གཉིས་ཅིག་ཅར་མཐོང་བ་མེད། །ཅེས་དང་། འདི་ལྟར་རྣམ་པར་རྟོགས་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་གསུངས་པ་དང་འགལ་ལོ། །དཔངས་ལོ་ཆེན་པོས། དེ་ཉིད་བློ་ཡུལ་དུ་བདེ་ལ། གཞུང་འདི་ཉིད་དུའང་། སེམས་ཀྱི་འཇུག་པ་སྟེ། ཞེས་དང་། སེམས་མངོན་པར་སྤྲོ་བ་སྟེ། ཞེས་པ་ལ་སོགས་པ་སེམས་ཞི་བ་པ་ཞེས་པའི་བར་རྫས་གཅིག་ཏུ་གསལ་བར་སྟོན་པ་དུ་མ་ཞིག་གསུངས་ཤིང་། བསྡུ་བར་ཐ་དད་དུ་གསུངས་པ་ནི་བྱེ་བྲག་སྨྲ་བ་དང་སྒོ་བསྟུན་པ་སྟེ། དོན་གསང་དུ། རྣལ་འབྱོར་སྤྱོད་པའི་སར་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ཡང་དབང་དུ་བྱས་ནས་མཛད་དོ། །ཞེས་པ་ལྟར་རོ། །གཞན་དུ་ན་ལྡན་མིན་འདུ་བྱེད་ཀྱང་ཕུང་པོ་ལོགས་པར་མི་འཐད་ཅིང་། སེམས་ཙམ་གྱི་ཚུལ་ལ་གཟུགས་རྫས་སུ་མེད་པས་ཕུང་པོ་ཐ་དད་དུ་མི་སྟོན་པར་འགྱུར་རོ་ཞེས་བཞེད་དོ། །དཔལ་ལྡན་ས་སྐྱ་པཎྜི་ཏས་ཀྱང་། སེམས་དང་སེམས་བྱུང་རྫས་གཞན་དུ་མེད་པར་གསུངས་ཤིང་། མཁས་གྲུབ་གཡག་ལ་སོགས་པ་རྣམས་ཀྱང་དེ་བཞིན་ཏུ་བཞེད་པས་མདོ་སྡེ་པ་ཡན་ཆད་ཀྱི་ལུགས་ལ། སེམས་སེམས་བྱུང་རྫས་གཞན་དུ་མེད་པ་ནི་གྲུབ་མཐའི་རྣམ་དབྱེ་ཕྱེད་པ་རྣམས་ཀྱི་ལུགས་སུ་སྣང་ངོ་། །འདི་སྒྲུབ་བྱེད་ཀྱི་ལུང་རིགས་ནི་སྡེ་བདུན་རབ་གསལ་དུ་རྒྱས་པར་བསྟན་ཟིན་པས་དེར་བལྟ་བར་བྱའོ། །མདོར་ན་བྱེ་བྲག་སྨྲ་བའི་ལུགས་ལ་ལྡན་མིན་འདུ་བྱེད་གཟུགས་སེམས་ལས་རྫས་གཞན་དུ་འདོད་པའི་ཚེ་སེམས་བྱུང་རྣམས་ཀྱང་རྣམ་ཤེས་ལས་རྫས་གཞན་དུ་འདོད་པ་ཡིན་ལ། མདོ་སྡེ་པ་ཡན་ཆད་དུ་སྔོན་པོ་དང་སྔོན་པོའི་མི་རྟག་པ་རྫས་གཅིག་ཏུ་འདོད་པའི་ཚེ་སེམས་སེམས་བྱུང་གཉིས་རྫས་གཅིག་ཏུ་འདོད་པ་ནི་གནད་ཀྱི་དོན་ནོ། །སྤྱིའི་བཞི་པ་ནི། ཀུན་གཞིའི་འཁོར་དུ་ཀུན་འགྲོ་ལྔ་ཁོ་ན་འབྱུང་གི་དེ་ལས་གཞན་མི་འབྱུང་སྟེ། ཡུལ་སོ་སོར་ངེས་པ་ལྔ་ནི་དམིགས་པ་ཆད་པས་དམིགས་པ་མི་མཚུངས་པའི་ཕྱིར་དང་། དེ་རྣམས་རྣམ་ཤེས་གསལ་བ་དང་མཚུངས་པར་ལྡན་པའི་ཕྱིར། དགེ་བ་བཅུ་གཅིག་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀུན་གཞི་དང་ངོ་བོ་མི་མཐུན་པས་སོ། །གཞན་འགྱུར་བཞི་ནི་གདགས་གཞི་མི་འབྱུང་བའི་ཕྱིར་ཏེ། རྟོགས་དཔྱོད་སེམས་པ་ལ་གདགས་པ་ཡང་སེམས་པ་ཀུན་ལ་མི་འདོགས་ཀྱི་ཚོལ་ཞིང་སོ་སོར་རྟོག་པའི་རྣམ་པ་ཅན་ལ་འདོགས་ལ་དེ་ལྟ་བུ་དང་ཀུན་གཞི་མི་ལྡན་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་དུ་ཀུན་འགྲོ་ལྔ་དང་ཉོན་མོངས་པ་བཞི་འབྱུང་སྟེ། དོན་གསང་དུ། འདིའི་སེམས་ལས་བྱུང་བ་ནི་དགུ་ཁོ་ནའོ། །ཞེས་སོ། །དེ་ལས་གཞན་མི་འབྱུང་བ་ལ་འདུན་པ་གསུམ་ལས་ཕྲད་པར་འདོད་པ་དང་། དོན་དུ་གཉེར་བའི་འདུན་པ་ནི་རིང་བ་ལ་དམིགས་ཤིང་ཉོན་ཡིད་ཉེ་བ་ལ་དམིགས་པའི་ཕྱིར་དང་། མི་འབྲེལ་བའི་འདུན་པ་བྲལ་གྱིས་དོགས་པ་ལས་འབྱུང་བ་ལ། དེ་ཉོན་ཡིད་ལ་མེད་པས་སོ། །མོས་པ་སྔར་ཐེ་ཚོམ་ཟ་བ་ལས་ངེས་པ་རྙེད་པ་ཡིན་པ་ལས་ཉོན་ཡིད་ལ་ཐེ་ཚོམ་དེ་མེད་པས་དང་། དེ་དང་དྲན་པ་ཡང་སྔར་མྱོང་བ་ལ་དམིགས་ཤིང་། ཡིད་ནི་སྔོན་མེད་པའི་རྫས་ལ་དམིགས་པས་སོ། །ཏིང་ངེ་འཛིན་ནི་སྔར་གཡེང་བ་ཡོད་པ་ལས་མཉམ་པར་འཇོག་པ་ཡིན་ན་དེ་ཡིད་ལ་མེད་པས་སོ། །ཤེས་རབ་ནི་ལྡན་ཏེ་ལྟ་བ་དང་ལྡན་པས་སོ། །དགེ་བ་བཅུ་གཅིག་ནི་མི་ལྡན་ཏེ། སྒྲིབ་པ་དང་ངོ་བོ་མི་མཚུངས་པས་སོ། །ཁོང་ཁྲོ་དང་ཐེ་ཚོམ་ནི་མི་ལྡན་ཏེ། ཁོང་ཁྲོ་ནི་མི་དགའ་བའི་རྣམ་པ་ཅན་ཡིན་ཅིང་། ཡིད་ནི་བདག་ལ་ཆགས་པའི་དགའ་བའི་རྣམ་པར་འབྱུང་བ་དང་། ཐེ་ཚོམ་ནི་གཞན་དུ་དོགས་པ་དང་། ཡིད་ངོ་བོ་གཅིག་ཏུ་འཇུག་པས་རྣམ་པ་མི་མཚུངས་པའི་ཕྱིར། ལྟ་བ་གཞན་བཞི་ནི་མི་ལྡན་ཏེ། བདག་ཏུ་ལྟ་བ་དང་རྟག་ཏུ་ལྡན་པས་ཤེས་རབ་ཀྱི་རྫས་གཉིས་མི་ལྡན་པའི་ཕྱིར་རོ། །ལྟ་བ་ཀུན་བཏགས་གསུམ་ནི་མཐོང་སྤང་དང་ཡིད་ནི་སྒོམ་སྤང་ཡིན་པའི་ཕྱིར་རོ། །ཉེ་ཉོན་ཉི་ཤུའི་ལྡན་ཚུལ་ལ། བཅུ་པ་དང་པོའི་ཁྲོ་བ་དང་། འཁོན་འཛིན་དང་། འཚིག་པ་དང་། ཕྲག་དོག་དང་། རྣམ་འཚེ་ནི་མི་དགའི་རྣམ་པས་ཞུགས་པ་དང་། གཞན་ལྔ་དང་ཤེས་བཞིན་མ་ཡིན་པ་ནི་ཁ་ཕྱིར་བལྟས་པས་མི་འབྱུང་། མཁས་པ་ཁ་ཅིག ཡང་ཉོན་མོངས་པའི་རླབས་ཅུང་ཟད་བྲི་བ་ཉེ་བའི་ཉོན་མོངས་པ་ཡིན་ན། ཉོན་ཡིད་ལ་དེ་མེད་པས་ཉི་ཤུ་པོ་མི་འབྱུང་ཞེས་གསུངས། ངའོ་སྙམ་པའི་ང་རྒྱལ་ལ་བཏགས་པའི་གཡེང་བ་དང་། འདོད་ཆགས་དང་གཏི་མུག་ལ་བཏགས་པའི་བག་མེད་དང་། འདོད་ཆགས་ལ་བཏགས་པའི་རྒོད་པ་དང་། གཏི་མུག་གི་ཆ་མ་དད་པ་དང་། ལེ་ལོ་དང་། རྨུགས་པ་རྣམས་འབྱུང་སྟེ། བག་མེད་སོགས་ལྔ་འབྱུང་བ་མངོན་པ་གོང་མ་ལས་ཀྱང་བཤད་ཅིང་། མཛོད་དུ། རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་། །ཞེས་གསུངས་པས་སོ། །འོ་ན་དོན་གསང་དུ། འདིའི་སེམས་ལས་བྱུང་བ་ནི་དགུ་ཁོ་ནའོ་ཞེས་དང་། སུམ་ཅུ་པར། བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །ཞེས་བཤད་པ་དང་འགལ་ལོ་སྙམ་ན། དེ་དག་ནི་ཐུན་མོང་བ་ཀུན་འགྲོ་ལྔའི་སྟེང་དུ་ཐུན་མོང་མ་ཡིན་པ་རྩ་ཉོན་གྱི་ལྡན་ཚུལ་བགྲངས་པ་ཡིན་པས་མི་འགལ་ལ་གཞན་དུ་ན་ཤེས་རབ་ཀྱང་མི་འབྱུང་བར་འགྱུར་རོ། །དེ་ལྟར་ན་ཤེས་རབ་ཀྱི་ཆ་ལ་བཏགས་པའི་བདག་ཏུ་ལྟ་བ་འབྱུང་བ་འགལ་ལོ། །ངོ་ཚ་མེད་པ་དང་ཁྲེལ་མེད་ནི་གཅིག་ཏུ་མི་དགེ་བ་ཡིན་པས་མི་འབྱུང་ཞིང་། བརྗེད་ངེས་པ་ཡང་མི་འབྱུང་སྟེ། ཡིད་ནི་འདྲིས་པ་ལ་དམིགས་པ་ཡིན་པའི་ཕྱིར། གཉིད་ཀྱང་མི་འབྱུང་སྟེ། ཁམས་གོང་ན་མེད་ཅིང་། འདིའི་འཁོར་ལ་ཁམས་གསུམ་ན་མང་ཉུང་མེད་པའི་ཕྱིར་རོ། །འགྱོད་པ་ཡང་མི་འབྱུང་སྟེ། མི་དགའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །རྟོག་དཔྱོད་ཀྱང་མི་འབྱུང་སྟེ། དེ་དག་ནི་ཚོལ་བ་དང་། སོ་སོར་རྟོག་པའི་རྣམ་པ་ཅན་ཡིན་པས་སོ། །ཞེས་དོན་གསང་དུ་བཤད་དོ། །འཇུག་ཤེས་ལ་བལྟ་འདོད་མེད་པར་གཟུགས་མཐོང་བ་ལྟ་བུ་རྐྱེན་ཉེར་གནས་དང་། བལྟ་འདོད་སྔོན་དུ་སོང་བས་གཟུགས་མཐོང་བ་ལྟ་བུ་ཡིད་སྔོན་སོང་གཉིས་ལས། དང་པོའི་འཁོར་དུ་ཀུན་འགྲོ་ལྔ་ལས་གཞན་མི་འབྱུང་སྟེ། འབྱུང་ལོང་མེད་པའི་ཕྱིར། གཉིས་པ་ལ་སྒོ་ལྔའི་རྣམ་ཤེས་དགེ་བའི་འཁོར་དུ་དང་པོ་ཉེར་གཅིག་དང་། རྟོག་དཔྱོད་གཉིས་ཏེ། སྤྱི་རིགས་ལ་ཉེར་གསུམ་འབྱུང་ངོ་། །ཉོན་མོངས་ཅན་གྱི་འཁོར་དུ་དང་པོ་བཅུ་དང་། དུག་གསུམ་དང་། བཅུ་པ་ཕྱི་མ་དང་། རྟོག་དཔྱོད་གཉིས་ཏེ་སྤྱི་རིགས་ལ་ཉེར་ལྔ་འབྱུང་གི་གཞན་མི་འབྱུང་སྟེ། ཉོན་མོངས་པ་གཞན་བཅུ་གསུམ་པོ་དང་འགྱོད་གཉིད་གཉིས་ཡིད་ཀྱི་ས་པ་ཡིན་པའི་ཕྱིར་རོ། །མ་བསྒྲིབས་པ་ལུང་མ་བསྟན་གྱི་འཁོར་དུ་དང་པོ་བཅུ་དང་། རྟོག་དཔྱོད་གཉིས་ཏེ་བཅུ་གཉིས་འབྱུང་ངོ་། །ཡིད་ཀྱི་རྣམ་ཤེས་དགེ་བའི་འཁོར་དུ་འདོད་ཁམས་སུ་དང་པོ་ཉེར་གཅིག་དང་། གཞན་འགྱུར་བཞི་འབྱུང་ངོ་། །ཉོན་མོངས་པ་ཅན་གྱི་འཁོར་དུ་ཡང་སྤྱི་རིགས་ལ་དགེ་བ་བཅུ་གཅིག་ལས་གཞན་བཞི་བཅུ་འབྱུང་ངོ་། །མ་བསྒྲིབས་པའི་འཁོར་དུ་དང་པོ་བཅུ་དང་ཕྱི་མ་བཞི་འབྱུང་ངོ་། །སྤྱིའི་ལྔ་པ་ནི། སྤྱིར་རྫས་ཡོད་ལ་དོན་བྱེད་ནུས་པ་དང་། བརྟན་པ་དང་། རིགས་པས་གྲུབ་པ་དང་། རང་རྐྱ་ཐུབ་པ་ལ་རྫས་ཡོད་དུ་བྱས་པ་བཞི་ལས། འདིར་ནི་དང་པོ་མ་ཡིན་ཏེ། སེམས་བྱུང་ཀུན་གྱིས་དོན་བྱེད་ནུས་པའི་ཕྱིར། གཉིས་པའང་མ་ཡིན་ཏེ། ཉོན་ཡིད་ཀྱིས་འཁོར་གྱི་འཇིག་ཚོགས་སུ་ལྟ་བ་ཡང་བརྟན་པས་རྫས་ཡོད་དུ་ཐལ་པའི་ཕྱིར་རོ། །གསུམ་པའང་མ་ཡིན་ཏེ། སེམས་བྱུང་ཐམས་ཅད་ཀྱང་རིགས་པས་འགྲུབ་པའི་ཕྱིར། དེས་ན་བཞི་པའོ། །དེ་བཞིན་དུ་བཏགས་ཡོད་ཀྱང་ལྡན་མིན་འདུ་བྱེད་ལྟ་བུ་གནས་སྐབས་ལ་བཏགས་པ་དང་། བདག་མེད་ལྟ་བུ་བློས་བཏགས་པ་ལྟ་བུ་སྒྲོ་བཏགས་པ་དང་། བུམ་པ་ལྟ་བུ་དེ་ལས་གཞན་པ་ལ་བཏགས་པ་དང་། གདགས་གཞིའི་ཆོས་ཀྱི་ཆ་ཤས་མ་དོར་བའི་ཆ་ལ་བཏགས་པའི་བཏགས་ཡོད་བཞི་ལས། འདིར་ནི་ཕྱི་མ་སྟེ། སློབ་དཔོན་བློ་བརྟན་གྱིས། གང་ཟག་གི་རང་གི་རྒྱུད་ལོགས་སུ་གྲུབ་པ་སོགས་དང་། རང་གི་རྒྱུད་ལོགས་སུ་མ་གྲུབ་པ་བཏགས་ཡོད་དུ་བཤད་པའི་དོན་ནོ། །དེ་ལ་རྫས་ཡོད་ནི་ཉེར་གཉིས་ཏེ་དང་པོ་བཅུ་དང་། དགེ་བ་ལས་གཏི་མུག་མེད་པ་དང་། ཕྱི་མ་གསུམ་མ་གཏོགས་པ་གཞན་བདུན་དང་། ལྟ་བ་མ་གཏོགས་པ་རྩ་བའི་ཉོན་མོངས་པ་ལྔ་པོ་རྣམས་སོ། །ལྷག་མ་ཉི་ཤུ་རྩ་དགུ་ནི་བཏགས་ཡོད་དེ། བསྡུ་བར་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། མ་དད་པ་དང་། ལེ་ལོ་རྫས་ཡོད་དུ་གསུངས་པ་ནི་རང་དབང་དུ་འབྱུང་བ་ལ་དགོངས་ཞེས་དཔངས་ལོ་ཆེན་པོས་གསུངས་སོ། །སྤྱིའི་དྲུག་པ་ནི། ཁ་ཅིག འདོད་ཁམས་ན་ཤིན་ཏུ་སྦྱངས་པ་མེད་པས་གཞན་ལྔ་བཅུའོ་ཞེས་གསུངས་པ་མི་འཐད་དེ། སེམས་གནས་པའི་ཐབས་དགུ་པ་འདོད་སེམས་རྩེ་གཅིག་པ་ཡོད་པའི་ཕྱིར་དང་། ཡིད་ཀྱི་སར། དད་པ་ནས་རྣམ་པར་མི་འཚེ་བའི་བར་ས་ཐམས་ཅད་པར་གསུངས་པའི་ཕྱིར་དང་། མཛོད་དུ། འདོད་པའི་དགེ་བའི་སེམས་ལ་དགེ་བའི་སེམས་བྱུང་ཀུན་ཡོད་པར་གསུངས་པའི་ཕྱིར། དེས་ན་ཅི་རིགས་པའི་སེམས་བྱུང་ཀུན་འབྱུང་ངོ་། །འོ་ན་མདོ་སྡེ་ལས། དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་བྱ། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ཉིད་ཀྱིས་ཤིན་ཏུ་སྦྱངས་པ་ཡོད་པར་གྲུབ་སྟེ། ཐབས་དགུ་པ་ལ་ཤིན་ཏུ་སྦྱངས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་ཡོད་པ་ལས། ཆེན་པོ་ཐོབ་ནས་བསམ་གཏན་དང་པོའི་ཉེར་བསྡོགས་ཞི་གནས་སུ་འཇོག་པའི་དོན་ཡིན་པའི་ཕྱིར་རོ། །བསམ་གཏན་དང་པོ་ན་སོ་དགུ་ཡོད་དེ། དེ་ན་རྒྱུད་ཞི་གནས་ཀྱིས་བརླན་པ་དང་། ཀུན་ནས་མནར་སེམས་མེད་པས་གདགས་གཞི་ཁོང་ཁྲོ་དང་། དེ་ལ་བཏགས་པའི་ཁྲོ་བ། འཁོན་འཛིན། འཚིག་པ། ཕྲག་དོག རྣམ་འཚེ་མེད་པའི་ཕྱིར་དང་། ཡོ་བྱད་ལ་བདག་གིར་འཛིན་པ་དང་བྲལ་བས་སེར་སྣ་མེད་ཅིང་། མི་དགེ་བ་མེད་པས་ངོ་ཚ་མེད་པ་དང་ཁྲེལ་མེད་པ་མེད་ལ། དེ་ཉིད་ཀྱི་ཕྱིར་མི་དགེ་བ་བྱས་ནས་སྦེད་པའི་འཆབ་པ་ཡང་མེད་པའི་ཕྱིར་དང་། ཏིང་ངེ་འཛིན་དང་ཤིན་ཏུ་མི་མཐུན་པས་འགྱོད་གཉིད་གཉིས་ཀྱང་མེད་པའི་ཕྱིར། འོ་ན་རྨུགས་པ་དང་། རྒོད་པ་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། མ་རིག་པ་དང་སྲེད་པ་ཤས་ཆེ་བའི་བསམ་གཏན་པ་ལ་ཡོད་པས་སོ། །བསམ་གཏན་ཁྱད་པར་ཅན་ན་བཅུ་གཉིས་པོ་དེའི་སྟེང་དུ་རྟོག་པ་ཡང་མེད་ལ། བསམ་གཏན་གཉིས་པ་ཡན་ཆད་ན་བཅུ་གསུམ་པོ་དེའི་སྟེང་དུ་དཔྱོད་པ་དང་། གཡོ་དང་། སྒྱུ་ཡང་མེད་པའི་ཕྱིར་ཏེ། འཁོར་གྱི་ཀུན་ཏུ་འཛིན་པ་དང་བྲལ་བའི་ཕྱིར་རོ། །བསམ་གཏན་དང་པོ་ན་གཡོ་སྒྱུ་གཉིས་ཅིའི་ཕྱིར་ཡོད་ཅེ་ན། འདོད་དང་བསམ་གཏན་དང་པོ་ན། །གཡོ་སྒྱུ་ཚངས་པས་འབྲིད་ཕྱིར་རོ། །ཞེས་གསུངས་སོ། །གལ་ཏེ་དེ་རྣམས་ན་རྟོགས་དཔྱོད་ཡོད་པར་འགྱུར་ཏེ། ངག་བརྗོད་པ་དང་། ཐོས་བྱུང་དང་། ཞི་རགས་སུ་སྒོམ་པ་ཡོད་པའི་ཕྱིར་སྙམ་ན། མཛོད་ལས། གཉིས་པ་སོགས་ན་ལུས་མིག་དང་། །རྣ་བའི་རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །ཞེས་གསུངས་སོ། །བསམ་གཏན་དང་པོའི་རྟོག་དཔྱོད་གཉིས་དྲངས་ཏེ་བྱེད་པར་འདོད་དོ། །དེའང་རྟོག་དཔྱོད་ཀྱི་སར་རྟོག་དཔྱོད་ལ་འདོད་ཆགས་དང་བྲལ་བས་དེ་དག་མེད་པའི་ས་ཞེས་བྱའི་ཀུན་ཏུ་འབྱུང་བ་མེད་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །སྤྱིའི་བདུན་པ་ནི། སུམ་ཅུ་པར། ཀུན་ཏུ་འགྲོ་དང་བྱེ་བྲག་ངེས། །སེམས་ལས་བྱུང་བ་དགེ་བ་དང་། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཞེས་དང་། པན་ཀན་དུ། འགྱོད་པ་ལ་སོགས་པ་བཞི་ནི་གཞན་དུ་ཡང་ངོ་ཞེས་གསུངས་པས། ཚོར་བ་སོགས་ལྔ་ནི་ཀུན་འགྲོ་སྟེ་ཁམས་གསུམ་དང་། གཟུགས་མེད་ཀྱི་སེམས་ཐམས་ཅད་ལ་ལྡན་པའི་ཕྱིར་ཏེ། སེམས་ཀུན་མྱོང་བ་དང་། མཚན་མར་འཛིན་པ་དང་། ཡུལ་ལ་གཡོ་བ་དང་། དམིགས་པ་ལ་འཇུག་པ་དང་། གསུམ་འདུས་པ་མེད་ན་མི་འབྱུང་བའི་ཕྱིར་དང་། གསུམ་འདུས་པ་ཡང་རེག་པ་ལ་མི་འཁྲུལ་པའི་ཕྱིར་རོ། །འདུན་སོགས་ལྔ་ནི་ཡུལ་སོ་སོར་ངེས་པ་སྟེ། རིམ་པ་ལྟར། བསམ་པ་དང་། ངེས་པ་དང་། འདྲིས་པ་དང་། བརྟག་བྱ་ཁོ་ན་ལས་འབྱུང་བས་སོ། །དད་པ་སོགས་བཅུ་གཅིག་ནི་དགེ་བ་སྟེ། མི་དགེ་བའི་གཉེན་པོ་བྱེད་ཅིང་འབྲས་བུ་འདོད་བྱ་བསྐྱེད་པས་སོ། །འདོད་ཆགས་སོགས་དྲུག་གམ་བཅུ་ནི་ཉོན་མོངས་པ་སྟེ། སེམས་རབ་ཏུ་མ་ཞི་བར་བྱེད་པས་སོ། །ཁྲོ་བ་སོགས་ཉི་ཤུ་ནི་ཉེ་བའི་ཉོན་མོངས་པ་སྟེ། ཉོན་མོངས་པའི་ཆར་གཏོགས་པ་དང་། སེམས་ཉོན་མོངས་པར་བྱེད་པ་དང་ཉེ་བའི་ཕྱིར་རོ། །གཉིད་སོགས་བཞི་ནི་གཞན་འགྱུར་ཏེ། དགེ་བ་ལ་སོགས་པ་གསུམ་དུ་འགྱུར་དུ་རུང་བའི་ཕྱིར་རོ། །སྤྱིའི་བརྒྱད་པ་ནི། སྔ་རབས་པ་ཁ་ཅིག སེམས་བྱུང་ཐམས་ཅད་ལྔ་བཅུ་རྩ་གཅིག་ཏུ་དངོས་པོ་ལ་གྲངས་ངེས་པར་འདོད་པ་ལ། དཔངས་ལོ་ཆེན་པོས། ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ལྟ་བུའི་འཕགས་པ་གཉིས་ཀྱིས། གཞི་བསྡུ་བ་དང་། དབུ་མ་རིན་ཆེན་ཕྲེང་བར། ལུང་ཕྲན་ཚེགས་ལས་བྱུང་བའི་ཉེས་རྩོམ་ཁོང་ཁྲོས་བསླད་པ་དང་། སྐྱོན་གཉིས་བརྗོད་པ་དང་། འཕྱ་སྐྱེན་པ། སྤུངས་མེད་པ། སེམས་རྙོག་པ། མི་འཆི་བའི་རྟོག་པ་སོགས་མང་པོ་གསུངས་པ་དང་། ཀླུ་སྒྲུབ་ཡབ་སྲས་ཀྱིས། སྔགས་ཀྱི་གཞུང་དུ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་གསུངས་པ་རྣམས་འགའ་ཞིག་འདི་རྣམས་སུ་འདུ་ཡང་ལ་ལ་མི་འདུ་བར་སྣང་བ་དང་། བསྡུ་བར། ལོག་པར་འདུན་པ་དང་། ལོག་པར་མོས་པ་དང་། ལོག་པར་དྲན་པ་ཞེས་བྱ་བའི་སེམས་བྱུང་ཡང་གསུངས་པས་བརྗོད་འདོད་ཀྱིས་བྱས་ཀྱི་དངོས་པོ་ལ་གྲངས་ངེས་པ་ཉིད་མ་ཡིན་ནོ་ཞེས་བཞེད་པ་ཉིད་ལེགས་པ་ཡིན་ནོ། །སྡེ་ཚན་དྲུག་གི་གོ་རིམ་ལ། སྔ་རབས་པ་རྣམས་ཀུན་འགྲོ་ལྔ་ནི་སེམས་བྱུང་འོག་མ་ཐམས་ཅད་དང་མཚུངས་པར་ལྡན་པས་དང་པོར་བཤད། ཡུལ་ངེས་ལ་འདུན་པ་དང་ཤེས་རབ་ནི་འོག་མ་རྣམས་ཀྱི་གདགས་གཞི་ཡིན་པ་དང་། གཞན་གསུམ་ནི་དེ་གཉིས་དང་ཡུལ་ངེས་སུ་མཚུངས་པས་དེའི་རྗེས་ལ་བཤད། དགེ་བ་ནི་མཆོད་པར་འོས་པ་ཡིན་པས་ཉོན་མོངས་ཅན་གྱི་དང་པོར་བཤད། རྩ་ཉོན་ནི་ཉེ་ཉོན་རྣམས་ཀྱི་གདགས་གཞི་ཡིན་པ་དང་། ཉེ་ཉོན་ནི་དེའི་གདགས་ཆོས་ཡིན་པས་དེའི་འོག་ཏུ་རིམ་བཞིན་བཤད། གཞན་འགྱུར་བཞི་ནི་དགེ་སོགས་གསུམ་ཆར་དུ་རུང་བས་དེའི་འོག་ཏུ་བཤད། ཅེས་གསུངས་པ་ལ་དཔངས་ལོས་འདིའང་བརྗོད་འདོད་ཀྱིས་བྱས་ཀྱི་གོ་རིམ་དེ་ལྟར་ངེས་པ་མེད་དོ། །ཞེས་བཞེད་ཀྱང་གོ་རིམ་གྱི་འབྱུང་ཚུལ་ལ་བལྟས་ན་སྔ་མ་ཉིད་ཤིན་ཏུ་འཐད་པར་སྣང་ངོ་། །སྤྱིའི་དགུ་པ་ནི། སེམས་ལ་རག་ལས་ཤིང་སེམས་ལ་བརྟེན་ཏེ་འབྱུང་བས་ན་སེམས་བྱུང་ངོ་། །གལ་ཏེ་དེ་གཉིས་མཚུངས་ལྡན་གྱི་རྒྱུ་འབྲས་ཡིན་པས་སེམས་ཀྱང་སེམས་བྱུང་ལས་བྱུང་བས་ན་སྒྲ་དོན་མི་འཐད་དོ་ཞེ་ན། དེའི་ལན་དུ་ཁ་ཅིག སེམས་ལ་རྒྱུན་ཡོད་པས་རང་གི་རིགས་འདྲ་སྔ་མ་ལས་བྱུང་བས་ན་སེམས་བྱུང་ལ་རག་མ་ལས་ཤིང་། སེམས་བྱུང་ལ་རྒྱུན་མེད་པས་རང་གི་རིགས་འདྲ་སྔ་མ་ལས་མ་བྱུང་བས་སེམས་ལ་རག་ལས་སོ་ཞེས་གསུངས་པ་མི་འཐད་དེ། སེམས་བྱུང་ལ་རྒྱུན་མེད་པ་ནི་སེམས་སེམས་བྱུང་རྫས་གཞན་པ་དག་གི་ལུགས་ཡིན་གྱི་རྫས་གཅིག་པའི་ལུགས་ལ་རྒྱུན་ཡོད་པར་མཚུངས་པའི་ཕྱིར། དད་པ་དང་ཤེས་རབ་སོགས་ལ་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བའི་རྒྱུན་མེད་ན་རིགས་རྒྱུན་སྔ་མ་གོམས་པ་ལས་ཕྱི་མ་ཇེ་ཆེར་འགྱུར་བ་མེད་པ་ཧ་ཅང་ཐལ་བས་སོ། །དེས་ན་སྔ་མའི་ལན་ནི་ངེས་ཚིག་ཙམ་ནི་གཉིས་ཀ་ལ་ཡང་བཤད་དུ་ཡོད་དེ། གླང་ཆེན་ལ་ལག་ལྡན་གྱི་སྒྲ་བཤད་པའི་ཚེ་ལག་པ་དང་ལྡན་པའི་ཆ་ནས་བཤད་དགོས་ཤིང་། དེ་ཉིད་ལག་པ་དང་ལྡན་པ་ཐམས་ཅད་ལ་བཤད་དུ་ཡོད་པའི་ཕྱིར། འོན་ཀྱང་འཇུག་ཏུ་མེད་པ་ནི་བཤད་འཇུག་མུ་གསུམ་པའི་རྣམ་གཞག་ཤེས་དགོས་སོ། །ཡང་ན་ཆུ་བོའི་རླབས་ལྟར་སེམས་ཀྱི་རྣམ་འགྱུར་ཡིན་པས་ན་སེམས་བྱུང་ངོ་། །སྤྱིའི་བཅུ་པ་ནི། ཀུན་འགྲོ་ལྔ་ལ། ཚོར་བ་དང་འདུ་ཤེས་ཀྱི་ངོ་བོ་ནི་སྔར་བཤད་ཟིན་ལ། སེམས་པའི་ངོ་བོ་ནི་སེམས་ཡུལ་ལ་གཡོ་བར་བྱེད་པའི་སེམས་བྱུང་། ཡིད་ལ་བྱེད་པ་ནི་སེམས་དམིགས་པ་ལ་འཇུག་པར་བྱེད་པའི་སེམས་བྱུང་སྟེ། འདི་དང་སེམས་པའི་ཁྱད་པར་ནི་རྒྱལ་པོ་གདན་ལས་བཞེངས་པར་བྱེད་པ་དང་། སྐྱེད་མོས་ཚལ་དུ་འཁྲིད་པར་བྱེད་པ་ལྟ་བུར་བཞེད་དོ། །རེག་པ་ནི་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པར་བྱེད་པའི་སེམས་བྱུང་ངོ་། །ཡུལ་ངེས་ལྔ་ནི། འདུན་པ་ནི་འདོད་པའི་དངོས་པོ་ལ་དེ་དང་ལྡན་པར་བྱེད་འདོད་པའི་སེམས་བྱུང་ངོ་། །མོས་པ་ནི་ངེས་པའི་དངོས་པོ་ལ་ཇི་ལྟར་ངེས་པ་བཞིན་དུ་འཛིན་པའི་སེམས་བྱུང་། དྲན་པ་ནི་འདྲིས་པའི་དངོས་པོ་ལ་སེམས་ཀྱིས་བརྗེད་པ་མེད་པའི་སེམས་བྱུང་། ཏིང་ངེ་འཛིན་ནི་བརྟག་པའི་དངོས་པོ་ལ་རྩེ་གཅིག་པའི་སེམས་བྱུང་། ཤེས་རབ་ནི་བརྟགས་པ་རྣམས་ཀྱི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་། དགེ་བ་བཅུ་གཅིག་ལ། དད་པ་ནི་ཡུལ་ཁྱད་པར་ཅན་ལ་མངོན་པར་ཡིད་ཆེས་པའམ་དང་བའམ་འདོད་པའི་སེམས་བྱུང་། ངོ་ཚ་ཡོད་པ་ནི་བདག་ཉིད་ལས་ཁ་ན་མ་ཐོ་བ་ལ་འཛེམ་པའི་སེམས་བྱུང་། ཁྲེལ་ཡོད་པ་ནི་གཞན་ལས་ཁ་ན་མ་ཐོ་བ་ལ་འཛེམ་པའི་སེམས་བྱུང་། མ་ཆགས་པ་ནི་སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་ཆགས་པ་མེད་པའི་སེམས་བྱུང་། ཞེ་སྡང་མེད་པ་ནི་ཀུན་ནས་མནར་སེམས་ཀྱིས་གཞིའི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་མེད་པའི་སེམས་བྱུང་། གཏི་མུག་མེད་པ་ནི་སྐྱེས་ཐོབ་དང་སྦྱོར་བྱུང་གི་སྒོ་ནས་གནས་ལུགས་ཤེས་ཤིང་སོ་སོར་རྟོགས་པའི་སེམས་བྱུང་། བརྩོན་འགྲུས་ནི་དགེ་བ་ལ་སེམས་མངོན་པར་སྤྲོ་བའི་སེམས་བྱུང་། ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་ཀྱི་གནས་ངན་ལེན་རྒྱུན་གཅོད་པ་ལ་ལུས་སེམས་ལས་སུ་རུང་བའི་སེམས་བྱུང་། བག་ཡོད་པ་ནི་དུག་གསུམ་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་དགེ་བའི་ཆོས་རྣམས་སྒོམ་པ་དང་། ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་བསྲུང་བའི་སེམས་བྱུང་། བཏང་སྙོམས་ནི་དུག་གསུམ་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་སེམས་རྣལ་དུ་འདུག་པའི་སེམས་བྱུང་། རྣམ་པར་མི་འཚེ་བ་ནི་ཞེ་སྡང་མེད་པའི་ཆར་གཏོགས་པ་སྙིང་རྗེ་བའི་སེམས་བྱུང་། རྩ་ཉོན་དྲུག་ལ། འདོད་ཆགས་ནི་ཁམས་གསུམ་པའི་རྗེས་སུ་ཆགས་པའོ། །ཁོང་ཁྲོ་བ་ནི་ཀུན་ནས་མནར་སེམས་ཀྱི་གཞིའི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པའི་སེམས་བྱུང་། ང་རྒྱལ་ནི་འཇིག་ལྟ་ལ་བརྟེན་ནས་སེམས་ཁེངས་པའི་སེམས་བྱུང་། མ་རིག་པ་ནི་ཁམས་གསུམ་པའི་མི་ཤེས་པའི་སེམས་བྱུང་། ཐེ་ཚོམ་ནི་བདེན་པ་རྣམས་ལ་ཡིད་གཉིས་ཟ་བའི་སེམས་བྱུང་། འདི་གཉིས་ལ་ཉོན་མོངས་ཅན་ཡིན་མིན་གཉིས་སུ་ཡོད་པ་ལས། འདིར་ནི་ཉོན་མོངས་ཅན་གྱི་དབང་དུ་བྱས་ལ་མ་རིག་པ་ལ་ཉོན་མོངས་ཅན་མ་ཡིན་པ་ཡོད་པ་ནི་གྲུབ་མཐའ་སྨྲ་བ་བཞི་ཆར་མཐུན་ཅིང་། ཐེ་ཚོམ་ལ་ཉོན་མོངས་ཅན་མ་ཡིན་པ་ནི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་ཡང་ལྐོག་གྱུར་གྱི་གཞལ་བྱ་ལ་ཐེ་ཚོམ་ཡོད་པ་དང་། སོ་སྐྱེའི་རྒྱུད་ལ་ཡང་ལ་རྒྱབ་ན་མེ་ཡོད་མེད་ཐེ་ཚོམ་ཟ་བ་སོགས་དཔག་ཏུ་མེད་པ་རྣམས་སོ། །དེས་ན་ཐེ་ཚོམ་ལ་སྤྱིར་ཉོན་མོངས་པ་དང་། བྱེ་བྲག་མཐོང་སྤང་གིས་ཁྱབ་པར་འདོད་པ་ནི་ལུང་རིག་གང་ལ་ཡང་མ་དཔྱད་པར་ཟད་དོ། །ལྟ་བ་ནི་ཤེས་རབ་ཀྱི་ཆར་གཏོགས་པ་ཡུལ་གྱི་གནས་ཚུལ་དང་མི་མཐུན་པར་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་ངོ་། །དབྱེ་ན་ལྔ་ལས། འཇིག་ཚོགས་ལ་ལྟ་བ་ནི་ཉེར་ལེན་གྱི་ཕུང་པོ་ལ་བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་སེམས་བྱུང་། མཐར་འཛིན་གྱི་ལྟ་བ་ནི། ཉེར་ལེན་གྱི་ཕུང་པོ་ལ་རྟག་པའམ་ཆད་པར་ཡང་དག་པར་རྗེས་སུ་ལྟ་བའི་སེམས་བྱུང་། ལྟ་བ་མཆོག་ཏུ་འཛིན་པ་ནི། ལྟ་བ་དང་ལྟ་བའི་གནས་ལ་མཆོག་ཏུ་ཡང་དག་པར་རྗེས་སུ་ལྟ་བའི་སེམས་བྱུང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། དེའི་གནས་ལ་འདག་གྲོལ་དུ་ཡང་དག་པར་རྗེས་སུ་ལྟ་བའི་སེམས་བྱུང་། ལོག་པར་ལྟ་བ་ནི་ཕལ་ཆེར་ལས་རྒྱུ་འབྲས་ལ་བསྐུར་བ་འདེབས་པའི་སེམས་བྱུང་ངོ་། །ཉེ་ཉོན་ལ་བཅུ་ཚན་གཉིས་ལས། བཅུ་ཚན་དང་པོ་ལ། ཁྲོ་བ་ནི་ཁོང་ཁྲོ་བའི་ཆར་གཏོགས་པའི་སེམས་ཀྱིས་ཀུན་ནས་མནར་སེམས་པའི་སེམས་བྱུང་། འཁོན་དུ་འཛིན་པ་ནི་ཁྲོ་བའི་འོག་ཏུ་ཤར་གཉེར་བའི་བསམ་པ་མི་བཏང་བའི་སེམས་བྱུང་། འཆབ་པ་ནི་གཏི་མུག་གི་ཆར་གཏོགས་པ་ཁ་ན་མ་ཐོ་བ་མཁྱུད་པའི་སེམས་བྱུང་། འཚིག་པ་ནི་ཁོང་ཁྲོ་བའི་ཆར་གཏོགས་པ་ཁྲོ་བ་དང་འཁོན་དུ་འཛིན་པ་སྔོན་དུ་འགྲོ་བའི་སེམས་ཀྱིས་ཀུན་ནས་མནར་སེམས་པའི་སེམས་བྱུང་། ཕྲག་དོག་ནི་ཞེ་སྡང་གི་ཆར་གཏོགས་པ་གཞན་གྱི་ཕུན་སུམ་ཚོགས་པའི་ཁྱད་པར་ལ་མི་བཟོད་པའི་སེམས་བྱུང་། སེར་སྣ་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་ཡོ་བྱད་རྣམས་ལ་སེམས་ཀྱིས་ཀུན་ཏུ་འཛིན་པའི་སེམས་བྱུང་ངོ་། །སྒྱུ་ནི་འདོད་ཆགས་དང་གཏི་མུག་གང་རུང་གི་ཆར་གཏོགས་པ་ཡོན་ཏན་མ་ཡིན་པ་ཀུན་ཏུ་སྟོན་པའི་སེམས་བྱུང་། གཡོ་ནི་འདོད་ཆགས་དང་གཏི་མུག་གང་རུང་གི་ཆར་གཏོགས་པ་ཉེས་པ་ཡང་དག་པར་སྐྱོང་བའི་སེམས་བྱུང་། རྒྱགས་པ་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་མཐོང་ནས་ཡིད་བདེ་བའི་སེམས་བྱུང་། རྣམ་པར་འཚེ་བ་ནི་ཁོང་ཁྲོ་བའི་ཆར་གཏོགས་པ་སྙིང་བརྩེ་བ་མེད་པའི་སེམས་བྱུང་ངོ་། །བཅུ་ཚན་གཉིས་པ་ལ། ངོ་ཚ་མེད་པ་ནི་དུག་གསུམ་གང་རུང་གི་ཆར་གཏོགས་པ་ཁ་ན་མ་ཐོ་བ་ལ་བདག་ཉིད་ལས་མི་འཛེམ་པའི་སེམས་བྱུང་ངོ་། །ཁྲེལ་མེད་པ་ནི་དུག་གསུམ་གང་རུང་གི་ཆར་གཏོགས་པ་ཁ་ན་མ་ཐོ་བ་ལ་གཞན་ལས་མི་འཛེམ་པའི་སེམས་བྱུང་ངོ་། །རྨུགས་པ་ནི་གཏི་མུག་གི་ཆར་གཏོགས་པ་སེམས་ལས་སུ་མི་རུང་བའི་སེམས་བྱུང་ངོ་། །རྒོད་པ་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་སྡུག་པའི་མཚན་མའི་རྗེས་སུ་རྒྱུག་པའི་སེམས་རྣམ་པར་མ་ཞི་བའི་སེམས་བྱུང་ངོ་། །མ་དད་པ་ནི་གཏི་མུག་གི་ཆར་གཏོགས་པ་དགེ་བའི་ཆོས་རྣམས་ལ་ཡིད་མི་ཆེས་པའམ་མ་དང་བའམ་མི་འདོད་པའི་སེམས་བྱུང་ངོ་། །ལེ་ལོ་ནི་གཏི་མུག་གི་ཆར་གཏོགས་པ་དགེ་བའི་ཆོས་རྣམས་ལ་སེམས་མི་སྤྲོ་བའི་སེམས་བྱུང་ངོ་། །བག་མེད་པ་ནི་དུག་གསུམ་གང་རུང་ལེ་ལོ་དང་བཅས་པ་ལ་གནས་ནས་དགེ་ཆོས་རྣམས་མི་སྒོམ་ཞིང་ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་མི་བསྲུང་བའི་སེམས་བྱུང་ངོ་། །བརྗེད་ངས་པ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་དྲན་པའོ། །ཤེས་བཞིན་མ་ཡིན་པ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་བོ། །རྣམ་པར་གཡེང་བ་ནི་དུག་གསུམ་གང་རུང་གི་ཆར་གཏོགས་པ་སེམས་རྣམ་པར་འཕྲོ་བའི་སེམས་བྱུང་ངོ་། །གཞན་འགྱུར་བཞི་ལས་གཉིད་ནི་གཏི་མུག་གི་ཆར་གཏོགས་པ་ལ་གཉིད་ཀྱི་རྒྱུ་ལ་བརྟེན་ནས་སེམས་སྡུད་པའི་སེམས་བྱུང་ངོ་། །འགྱོད་པ་ནི་གཏི་མུག་གི་ཆར་གཏོགས་པ་དགེ་མི་དགེ་ལུང་མ་བསྟན་གང་རུང་བྱས་པ་ལ་སེམས་ཀྱིས་ཡིད་གཅགས་པའི་སེམས་བྱུང་ངོ་། །རྟོག་པ་ནི་སེམས་པའམ་ཤེས་རབ་ལ་བརྟེན་ནས་རྩིང་པོར་ཀུན་ཏུ་ཚོལ་བའི་སེམས་བྱུང་ངོ་། །དཔྱོད་པ་ནི་སེམས་པའམ་ཤེས་རབ་ལ་བརྟེན་ནས་ཞིབ་མོར་སོ་སོར་རྟོག་པའི་སེམས་བྱུང་ངོ་། །དེས་ན་གཞུང་ལུགས་འདིར་ཆུ་ལ་ཆུ་རླབས་ལྟར་སེམས་ཉིད་ཀྱིས་འཛིན་སྟངས་མི་འདྲ་བའི་ཁྱད་པར་རྣམས་ལ་སེམས་བྱུང་སོ་སོར་འཇོག་པར་སྣང་བས་སེམས་ལས་རྫས་གཞན་དུ་མེད་པའི་སྒྲུབ་བྱེད་ཀྱི་གཙོ་བོ་ཡིན་ནོ། །གཉིས་པ་མཛོད་ལས་གསུངས་ཚུལ་ནི། སྡོམ་ལ། སྡེ་ཚན་སྒོ་ནས་དབྱེ་བ་དང་། །ཁམས་དང་ས་ལ་བརྟེན་པ་ཡི། །གང་གི་འཁོར་དུ་སུ་འབྱུང་དང་། །མཚུངས་པ་འདྲ་བའི་ཐ་དད་དང་། །ཐ་དད་འདྲ་བའི་མཚུངས་པ་སྟེ། །རྣམ་པ་བཞི་ཡིས་དོན་འདི་བསྡུས། །ཞེས་པ་སྟེ། དང་པོ་སྡེ་ཚན་གྱི་སྒོ་ནས་དབྱེ་བ་ལ། ངེས་པའི་སྡེ་ཚན་ལྔ། མ་ངེས་པའི་སྡེ་ཚན་གཅིག་དང་དྲུག་ལས། དང་པོ་ངེས་པའི་སྡེ་ཚན་ལ་ཀུན་བཏུས་ལས་གསུངས་པའི་ཐ་སྙད་ཀྱི་སྟེང་ནས་རྩིས་ན་རྟོགས་སླ་བས་ཀུན་འགྲོ་ལྔ་དང་། ཡུལ་ངེས་ལྔ་སྟེ་བཅུ་ནི་གཙོ་བོར་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བས་སེམས་ཀྱི་ས་མང་པོ་བ་ཞེས་བྱ་སྟེ། མཛོད་ལས། ཚོར་དང་སེམས་པ་འདུ་ཤེས་དང་། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཞེས་གསུངས་སོ། །དགེ་བ་བཅུ་གཅིག་ལས་གཏི་མུག་མེད་པ་མ་གཏོགས་པ་གཞན་བཅུ་ནི་དགེ་བའི་སེམས་ཐམས་ཅད་ལ་འབྱུང་བས་དགེ་བའི་ས་མང་པོ་པ་ཞེས་བྱ་སྟེ། དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང་། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། །ཞེས་སོ། །རྩ་ཉོན་གྱི་ནང་ནས་མ་རིག་པ་དང་། ཉེ་ཉོན་བཅུ་ཚན་འོག་མའི་ནང་ནས་རྨུགས་པ་སོགས་ལྔ་སྟེ་དྲུག་ནི་ཉོན་མོངས་ཅན་གྱི་སེམས་ཐམས་ཅད་ལ་འབྱུང་བས་ཉོན་མོངས་པའི་ས་མང་པོ་བ་ཞེས་བྱ་སྟེ། རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་། །ཞེས་སོ། །བཅུ་ཚན་འོག་མའི་དང་པོ་གཉིས་ནི་མི་དགེ་བའི་སེམས་ཐམས་ཅད་ལ་འབྱུང་བས་མི་དགེ་བའི་ས་མང་པོ་པ་ཞེས་བྱ་སྟེ། མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའོ། །ཞེས་སོ། །ཉེ་ཉོན་བཅུ་ཚན་དང་པོ་ནི། མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་དང་། སྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་པ་དང་། ཡིད་ཀྱི་ས་པ་ཁོ་ཡིན་པས་ཉོན་མོངས་ཆུང་ངུའི་ས་མང་པོ་བ་ཞེས་བྱ་སྟེ། ཁྲོ་བ་དང་། །འཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་འཆབ་སེར་སྣ་དང་། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་པ་རྣམས། །ཞེས་སོ། །འོ་ན་ཀུན་བཏུས་སུ། ཁོང་ཁྲོ་སོགས་ཀྱི་ཆར་གཏོགས་སུ་བཤད་པ་དང་འགལ་ཏེ་མ་རིག་པ་ཙམ་དང་མཚུངས་པར་ལྡན་ན་ཁོང་ཁྲོ་སོགས་དང་མཚུངས་པར་མི་ལྡན་དགོས་པའི་ཕྱིར་སྙམ་ན། ལུགས་འདི་ལ་སྡེ་ཚན་དྲུག་གི་ཁོངས་སུ་གཏོགས་པ་རྣམས་རྫས་སོ་སོ་བ་ཁོ་ན་ཡིན་པས་གཞན་གྱི་ཆར་གཏོགས་སུ་མི་བཞེད་དེ། ཆར་གཏོགས་ཡིན་ན་ཆ་ཅན་དེ་ལས་རྫས་གཞན་དུ་མེད་པས་འདིར་མི་བགྲང་བའི་ཕྱིར་ཏེ། དཔེར་ན་གཏི་མུག་མེད་པ་ཤེས་རབ་ཀྱི་ཆར་གཏོགས་ཡིན་པས་ལོགས་སུ་མི་བགྲང་བ་བཞིན་ཏེ། གཞུང་ལུགས་སོ་སོའི་དགོངས་པ་མ་འདྲེས་པར་འཆད་ཤེས་དགོས་སོ། །གཉིས་པ་མ་ངེས་པའི་སྡེ་ཚན་ནི། མ་རིག་པ་དང་། ལྟ་བ་མ་གཏོགས་པའི་རྩ་ཉོན་གཞན་བཞི་དང་གཞན་འགྱུར་བཞི་སྟེ་བརྒྱད་དོ། །དེ་ལྟར་ན་སེམས་བྱུང་རྫས་ཡོད་བཞི་བཅུ་ཞེ་དྲུག་ཡིན་ལ། གཏི་མུག་མེད་པ་དང་། རྩ་ཉོན་གྱི་ནང་ནས་ལྟ་བ་དང་། ཉེ་ཉོན་བཅུ་ཚན་འོག་མའི་ནང་ནས་ཤེས་བཞིན་མ་ཡིན་པ་སྟེ་གསུམ་ནི་ཤེས་རབ་ཉོན་མོངས་ཅན་ཡིན་པས་ཤེས་རབ་ཀྱི་རྫས་སུ་འདུ། བརྗེད་ངས་པ་ནི་དྲན་པ་ཉོན་མོངས་ཅན་ཡིན་པས་དྲན་པའི་རྫས་སུ་འདུ། རྣམ་གཡེང་ནི་ཏིང་ངེ་འཛིན་ཉོན་མོངས་ཅན་ཡིན་པས་ཏིང་ངེ་འཛིན་གྱི་རྫས་སུ་འདུ་བས་གཙོ་སེམས་གང་གི་འཁོར་དུ་དེ་དག་སྐྱེས་པའི་ཚེ་སེམས་ཀྱི་ས་མང་པོ་བའི་ཁོངས་སུ་གཏོགས་ཞེས་པ་ནི་གནད་ཀྱི་དོན་ནོ། །འདིར་ཡང་གོ་རིམ་ནི་ཐམས་ཅད་ལ་ཁྱབ་པས་སེམས་ཀྱི་ས་མང་པོ་བ་དང་པོར་བསྟན། དེ་ནས་མཆོད་པར་འོས་པ་ཡིན་པས་དགེ་བའི་ས་མང་པོ་བ་བསྟན། དེ་ནས་ཉོན་མོངས་ཅན་ཐམས་ཅད་ལ་ཁྱབ་པས་ཉོན་མོངས་པའི་ས་མང་པོ་བ་བསྟན། དེ་ནས་ཉོན་མོངས་ཅན་གྱི་གཙོ་བོ་ཡིན་པས་མི་དགེ་བའི་ས་མང་པོ་བ་བསྟན། དེ་ནས་ཉོན་མོངས་ཅན་ཆུང་ངུ་ཡིན་པས་ཉོན་མོངས་ཆུང་ངུའི་ས་པ་བསྟན། དེ་ལྟར་ངེས་པའི་སྡེ་ཚན་བསྟན་ཟིན་ནས། མ་ངེས་པའི་སྡེ་ཚན་འོག་ཏུ་སྟོན་པས་ན་གོ་རིམ་ལེགས་པར་གྲུབ་ཅིང་སྔར་གྱི་ཀུན་ལས་བཏུས་ཀྱི་གོ་རིམ་ལ་ཡང་ཤིན་ཏུ་ཕན་ནོ། །གཉིས་པ་ཁམས་དང་ས་ལ་བརྟེན་པའི་གང་གི་འཁོར་དུ་གང་འབྱུང་བ་ལ་གཉིས་ཏེ། འདོད་པའི་དབང་དུ་བྱས་པ་དང་། ཁམས་གོང་མའི་དབང་དུ་བྱས་པའོ། །དང་པོ་ལ། དགེ་མི་དགེ་ལུང་མ་བསྟན་གྱི་སེམས་གསུམ་ལས། དགེ་སེམས་ཀྱི་འཁོར་དུ་བཅུ་ཚན་དང་པོ་གཉིས། རྟོག་དཔྱོད་གཉིས་ཏེ་ཉི་ཤུ་རྩ་གཉིས་ངེས་པར་འབྱུང་བ་ལ། གནས་སྐབས་ལ་ལར་མི་དགེ་བ་བྱས་པ་ལ་འགྱོད་པ་དང་། དགེ་བ་མ་བྱས་པ་ལ་འགྱོད་པའི་ཚེ་འགྱོད་པ་བསྣན་པས་ཉི་ཤུ་རྩ་གསུམ་འབྱུང་སྟེ། འདོད་པའི་དགེ་བའི་སེམས་ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གཉིས། །ལ་ལ་དག་ཏུ་འགྱོད་པ་བསྣན། །ཞེས་སོ། །མི་དགེ་བའི་སེམས་ཉོན་མོངས་གཞན་དང་མ་འདྲེས་པ་མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་ལ་བཅུ་ཚན་དང་པོ། ཉོན་མོངས་པའི་ས་མང་དྲུག མི་དགེ་བའི་ས་མང་གཉིས། རྟོགས་དཔྱོད་གཉིས་ཏེ་ཉི་ཤུ་འབྱུང་ལ། ལྟ་བ་ཕྱི་མ་གསུམ་པོ་གང་རུང་དང་ལྡན་པ་ལ་ཉི་ཤུ་པོ་དེ་ཉིད་འབྱུང་ངོ་། །ལྟ་བ་ལྷག་པས་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ་སྙམ་ན་མ་ཡིན་ཏེ། སེམས་ཀྱི་ས་མང་པོ་པའི་ཤེས་རབ་ཀྱི་རྫས་སུ་འདུ་བའི་ཕྱིར་རོ། །ཡང་མི་དགེ་བའི་སེམས་འདོད་ཆགས་དང་། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ་བཞི་གང་རུང་དང་ལྡན་པ་དང་། ཁྲོ་བ་སོགས་ཉེ་ཉོན་བཅུ་ཚན་དང་པོ་གང་རུང་དང་ལྡན་པ་དང་། མི་དགེ་བ་མ་བྱས་པ་དང་། དགེ་བ་བྱས་པ་ལ་འགྱོད་པའི་འགྱོད་པ་དང་ལྡན་པའི་ཚེ་སྔར་གྱི་ཉི་ཤུ་དང་། རང་རང་བསྣན་པས་ཉི་ཤུ་རྩ་གཅིག་དང་ལྡན་ཏེ། མི་དགེ་བ་ནི་མ་འདྲེས་དང་། །ལྟ་དང་ལྡན་ལ་ཉི་ཤུ་འབྱུང་། །ཉོན་མོངས་བཞི་དང་ཁྲོ་སོགས་དང་། །འགྱོད་པ་དང་ནི་ཉི་ཤུ་གཅིག །ཅེས་སོ། །འདོད་པའི་བསྒྲིབས་ལུང་མ་བསྟན་གྱི་སེམས་ནི་འཇིག་མཐར་གཉིས་དང་མཚུངས་པར་ལྡན་པའི་སེམས་ཡིན་ལ། དེ་ལ་ནི་སེམས་ཀྱི་ས་མང་བཅུ། ཉོན་མོངས་པའི་ས་མང་དྲུག རྟོག་དཔྱོད་གཉིས་ཏེ་བཅོ་བརྒྱད་འབྱུང་ཞིང་། ལྟ་བ་ལྷག་པར་མི་འགྱུར་བའི་ཚུལ་ནི་སྔར་བཞིན་ནོ། །མ་བསྒྲིབས་ལུང་མ་བསྟན་གྱི་སེམས་ལ་སེམས་ཀྱི་ས་མང་བཅུ། རྟོག་དཔྱོད་གཉིས་དང་བཅུ་གཉིས་འབྱུང་སྟེ། བསྒྲིབས་ལ་བཅོ་བརྒྱད་ལུང་མ་བསྟན། །གཞན་ལ་བཅུ་གཉིས་དག་ཏུ་འདོད། །ཅེས་སོ། །གཉིད་ནི་དགེ་སོགས་གསུམ་ཆར་ལ་མི་འགལ་བས་གང་ལ་ཡོད་པའི་ཚེ་དེ་ཉིད་ལྷག་པོར་ལྡན་ཏེ། གཉིད་ནི་ཀུན་ལ་མི་འགལ་ཕྱིར། །གང་ལ་ཡོད་པ་དེ་བསྣན་ནོ། །ཞེས་སོ། །གཉིས་པ་ཁམས་གོང་མའི་དབང་དུ་བྱས་པ་ནི། བསམ་གཏན་དང་པོ་ན་ཇི་སྐད་བཤད་པ་དེ་དག་ལས་འགྱོད་གཉིད་གཉིས་དང་། ཁྲོ་སོགས་བཅུ་ལ་གཡོ་སྒྱུ་རྒྱགས་གསུམ་མ་གཏོགས་གཞན་བདུན་དང་། ཁོང་ཁྲོ་དང་། མི་དགེ་བའི་རྩ་བ་གཉིས་པོ་རྣམས་མེད་ཅིང་གཞན་སྔ་མ་དང་འདྲ་ལ། བསམ་གཏན་ཁྱད་པར་ཅན་དེའི་སྟེང་དུ་རྟོག་པ་ཡང་མེད། གཉིས་པ་ན་དཔྱོད་པ་དང་གཡོ་སྒྱུ་གཉིས་ཀྱང་མེད་ཅིང་གཞན་རྣམས་ནི་སྔ་མ་དང་འདྲ་སྟེ། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །རྟོག་པའང་བསམ་གཏན་ཁྱད་པར་ཅན། །དེ་ཡི་གོང་ན་དཔྱོད་པ་ཡང་། །ཞེས་སོ། །གསུམ་པ་མཚུངས་པ་འདྲ་བའི་ཐ་དད་ནི། ངོ་ཚ་མེད་པ་དང་ཁྲེལ་མེད་པའི་ཁྱད་པར་སྔ་མ་ནི་ཡོན་ཏན་དང་ཡོན་ཏན་ཅན་ལ་མ་གུས་པ་ཡིན་ལ། ཕྱི་མ་ནི་ཁ་ན་མ་ཐོ་བ་ལ་འཇིགས་པར་མི་ལྟ་བ་སྟེ། ཀུན་བཏུས་སུ་གསུངས་པའི་གཉིས་ཀ་ཡང་འདིའི་ཕྱི་མའི་ཁོངས་སུ་འདུའོ། །དགའ་བ་དང་གུས་པའི་ཁྱད་པར་ནི་སྔ་མ་ནི་དད་པ་དང་ཕྱི་མ་ནི་ངོ་ཚ་ཤེས་པ་ཉིད་དོ། །འགྲེལ་པར་དགའ་བ་དང་དད་པ་ལ་མུ་བཞི་བཤད་དོ། །རྟོག་དང་དཔྱོད་པའི་ཁྱད་པར་ནི་སེམས་རྩིང་བ་དང་། སེམས་ཞིབ་པའོ། །ང་རྒྱལ་དང་རྒྱགས་པའི་ཁྱད་པར་ནི་ཕ་རོལ་ལ་ལྟོས་ནས་སེམས་ཁེངས་པ་དང་། ཕ་རོལ་ལ་མ་ལྟོས་པར་རང་གི་ཆོས་ལ་ཆགས་པའི་སྒོ་ནས་སེམས་ཡོངས་སུ་གཏུགས་པའོ། །བཞི་པ་ཐ་དད་འདྲ་བའི་མཚུངས་པ་ནི། གསུང་རབ་ལས། སེམས་དང་ཡིད་དང་རྣམ་པར་ཤེས། །ཞེས་གསུངས་པ་ནི་དོན་གཅིག་སྟེ། རྣམ་ཤེས་དྲུག་ཆར་འབྱེད་པས་ན་སེམས། ཤེས་པས་ན་ཡིད། རྣམ་པར་ཤེས་པས་ན་རྣམ་པར་ཤེས་པའོ་ཞེས་འཇོག་པའི་ཕྱིར། དེ་བཞིན་དུ། སེམས་དང་སེམས་བྱུང་ཞེས་པ་དང་། རྟེན་བཅས་དང་། དམིགས་བཅས་དང་། རྣམ་བཅས་དང་། མཚུངས་པར་ལྡན་པ་ལྔ་པོ་ཡང་དོན་གཅིག་སྟེ། སེམས་སེམས་བྱུང་སྤྱིའི་མིང་ཡིན་པའི་ཕྱིར་རོ། །མཚུངས་པར་ལྡན་པའི་ཚུལ་ནི་རྣམ་པ་ལྔ་སྟེ། རྟེན་དང་། དམིགས་པ་དང་། རྣམ་པ་དང་། དུས་དང་། རྫས་མཚུངས་པར་ལྡན་པ་ཡིན་ལ་དང་པོ་བཞི་པོ་ནི་མངོན་པ་གོང་མར་གསུངས་པ་དང་ཕལ་ཆེར་མཚུངས་ཤིང་། ཕྱི་མ་ནི་གཏན་མི་འདྲ་སྟེ། འདིར་ནི་གཙོ་བོ་སེམས་རྫས་གཅིག་ཡིན་པ་ལྟར་སེམས་བྱུང་རྣམས་ཀྱང་རྫས་རེ་རེ་བར་མཚུངས་པར་རྫས་མཚུངས་པའི་དོན་དུ་འདོད་ལ། མདོ་སྡེ་པས་ནི་སེམས་དང་རྫས་གཅིག་ཡིན་པ་ཉིད་ལ་རྫས་མཚུངས་སུ་འདོད་པའི་ཕྱིར་རོ། །འདི་ཉིད་དོན་ལ་གནས་ཏེ། རྟེན་མཚུངས་ཀྱི་དོན་རྟེན་གཅིག་ལ་བརྟེན་པ་སོགས་མཚུངས་པ་བཞི་པོ་གཅིག་པའི་དོན་ལ་བཤད་ན་རྫས་མཚུངས་ཀྱི་དོན་ཡང་རྫས་གཅིག་པ་ལས་འོས་མེད་པའི་ཕྱིར་རོ། །མཚུངས་ལྡན་གྱི་འདུ་བྱེད་བཤད་ཟིན་ཏོ། །གཉིས་པ་ལྡན་པ་མ་ཡིན་པའི་འདུ་བྱེད་ལ་སྡོམ་ནི། བཏགས་པར་ཡོད་པའི་འདོད་ཚུལ་དང་། །རྫས་སུ་ཡོད་པའི་འདོད་ཚུལ་དང་། །རིགས་པའི་གཞུང་ལ་དོགས་གཅོད་པ། །རྣམ་པ་གསུམ་གྱིས་དོན་འདི་བསྡུས། །ཞེས་པ་སྟེ། དང་པོ་བཏགས་པར་ཡོད་པའི་འདོད་ཚུལ་ནི་ཀུན་ལས་བཏུས་ཀྱི་ལུགས་ཏེ། འདི་ལ་ངོ་བོ་དང་། གྲངས་དང་གོ་རིམ་དཔྱད་པ་དང་། དབྱེ་བའི་སྡོམ་ཚིག་དང་། སོ་སོའི་ངོ་བོ་དང་བཞི་ལས། དང་པོ་ནི། བྱེ་བྲག་སྨྲ་བས་གཟུགས་སེམས་སེམས་བྱུང་དེ་གསུམ་ལས་རྫས་གཞན་པ་རྒྱུ་རྐྱེན་གྱིས་བསྐྱེད་པའི་རྫས་གྲུབ་ཏུ་འདོད་པ་ནི་མི་འཐད་དེ། གསུམ་ལས་རྫས་གཞན་དུ་ཚད་མས་མ་དམིགས་པའི་ཕྱིར་དང་། འདུས་བྱས་དང་དེའི་མི་རྟག་པ་རྫས་གཞན་ཡིན་ན། འདུས་བྱས་རྟག་པར་ཐལ་བའི་ཕྱིར་དང་། རྫས་ཡོད་ཡིན་ན་ཆོས་གཞན་ལ་མ་ལྟོས་པར་དེ་ཉིད་བློ་ཡུལ་དུ་འཆར་བ་གཅིག་དགོས་པ་ལས་གནས་སྐབས་ཀྱི་ཆོས་གསུམ་པོ་བློ་ཡུལ་དུ་མ་བྱས་པར་འདི་བློ་ཡུལ་དུ་འཆར་མི་ནུས་པའི་ཕྱིར། ཡང་མདོ་སྡེ་པ་དང་། སེམས་ཙམ་པ་གཞན་ཁ་ཅིག མེད་དགག་ཏུ་འདོད་དེ། ལུང་ནི་ས་བཅོ་ལྔ་པ་ནས། ལྡན་པ་མ་ཡིན་པའི་འདུ་བྱེད་འདི་དག་ནི། གཟུགས། སེམས། སེམས་ལས་བྱུང་བ་གསུམ་གྱི་མཚན་ཉིད་དང་མི་ལྡན་ལ་ཆོས་དེ་དག་ལ་བཏགས་པར་ཡོད་པའོ། །ཞེས་དང་། རིག་པ་ནི། གནས་སྐབས་ཅན་དེ་དག་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའི་ཕྱིར། ཞེས་སྨྲའོ། །དེ་ལ་ལུང་གི་སྒྲུབ་བྱེད་མི་འཐད་དེ། ཆ་ལ་བཏགས་པའི་བཏགས་ཡོད་ཡིན་ན་མེད་དགག་ཡིན་མི་དགོས་པའི་ཕྱིར་རོ། །རིག་པའི་སྒྲུབ་བྱེད་ཀྱི་དོན་རྫས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའི་ཕྱིར་ཟེར་རམ། མཚན་ཉིད་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའི་ཕྱིར་ཟེར། དང་པོ་ལྟར་ན། ཀུན་གཞིའི་རྣམ་སྨིན་གྱི་ཆ་ཡང་མེད་དགག་ཏུ་འགྱུར་ཏེ། ཀུན་གཞིའི་ས་བོན་གྱི་ཆ་ལས་རྫས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའི་ཕྱིར། ཕྱི་མ་ལྟར་ན་རྟགས་མ་གྲུབ་སྟེ། གནས་སྐབས་དང་གནས་སྐབས་ཅན་མཚན་ཉིད་སོ་སོར་འཇོག་པ་གསུང་རབ་སྤྱིའི་ལུགས་ཡིན་པའི་ཕྱིར་རོ། །རང་གི་ལུགས་ནི། འདུས་བྱས་ཀྱི་གནས་སྐབས་གང་ཞིག གཟུགས། སེམས། སེམས་བྱུང་གསུམ་གྱི་མཚན་ཉིད་མི་ལྡན་པ་སྟེ། རིམ་པ་ལྟར་འདུས་མ་བྱས་དང་། ཕུང་པོ་གཞན་རྣམས་གཅོད་པའོ། །རྫས་ཡོད་དང་། བཏགས་ཡོད་གཉིས་ཀྱི་ནང་ནས་བཏགས་ཡོད་ཡིན་ཏེ། གནས་སྐབས་ཅན་གྱི་ཆོས་དེ་ཉིད་བློ་ཡུལ་དུ་བྱས་པའི་སྒོ་ནས་འདི་བློ་ཡུལ་དུ་འཆར་དགོས་པའི་ཕྱིར་རོ། །འོན་ཀྱང་འདུས་མ་བྱས་སུ་མི་འགྱུར་ཏེ། གནས་སྐབས་ཅན་དེ་རྒྱུ་རྐྱེན་གྱིས་སྐྱེད་པའི་ཚེ། གནས་སྐབས་དེ་ཡང་དེས་བསྐྱེད་པའི་ཕྱིར་རོ། །གཉིས་པ་ནི། གཞུང་འདིར་ཐོབ་པ་ནས་སོ་སོ་སྐྱེ་བོ་ཉིད་ཀྱི་བར་བཅུ་བཞི་དང་། འཇུག་པ་སོགས་ཆ་མཐུན་དགུ་སྟེ་ཉི་ཤུ་རྩ་གསུམ་གསུངས་པ་ལ། དཔངས་ལོ་ཆེན་པོས། འདི་དག་གི་གྲངས་དང་གོ་རིམ་ནི་བརྗོད་འདོད་ཙམ་ལས་མེད་དེ། ཡུལ་སོ་སོར་ཐོབ་པ་དང་། ཕུང་པོ་ལ་དམིགས་པ་དང་། སྐྱེ་མཆེད་སོ་སོར་དམིགས་པ་དང་། མ་ཚོགས་པ་དང་། མ་ཐོབ་པ་སོགས་མང་དུ་བཤད་པ་མཐོང་ཞིང་། གནས་བཅུ་གཉིས་བསྟན་པའི་མདོར། མི་ལྡན་པའི་འདུ་བྱེད་བརྒྱ་བཀའ་སྩལ་པ་དང་། ཕུང་པོ་ལྔ་པ་དང་། མཛོད་འགྲེལ་སོགས་སུ་གྲངས་དང་གོ་རིམ་འདི་ལས་གཞན་དུ་བསྟན་པས་སོ་ཞེས་བཞེད་དོ། །འོན་ཀྱང་གཞུང་འདིར་འབྱུང་བའི་ཉེར་གསུམ་ལ་སྔ་རབས་པ་རྣམས་གདགས་གཞིའི་ངོས་ནས་རྣམ་པ་བརྒྱད་དུ་གྲངས་ངེས་པར་བཞེད་དེ། འཕེལ་འགྲིབ་ལ་བཏགས་པའི་ཐོབ་པ། འགགས་པ་ལ་བཏགས་པའི་སྙོམས་འཇུག་གཉིས་དང་འདུ་ཤེས་མེད་པ་ལ། གནས་པ་ལ་བཏགས་པའི་སྲོག འདྲ་བ་ལ་བཏགས་པའི་རིས་མཐུན། མཚན་ཉིད་ལ་བཏགས་པའི་སྐྱེ་སོགས་བཞི། ཐ་སྙད་ལ་བཏགས་པའི་ཚོགས་གསུམ། མ་ཐོབ་པ་ལ་བཏགས་པའི་སོ་སོའི་སྐྱེ་བོ་ཉིད། རྒྱུ་འབྲས་ཀྱི་གནས་སྐབས་ལ་བཏགས་པའི་ཆ་མཐུན་དགུ་ཞེས་བཞེད་དོ། །གསུམ་པ་ནི། ཐོབ་དང་སྙོམས་འཇུག་རྣམ་གཉིས་དང་། །འདུ་ཤེས་མེད་པ་སྲོག་རིས་མཐུན། །མཚན་ཉིད་བཞི་དང་མིང་སོགས་གསུམ། །སོ་སྐྱེ་འཇུག་དང་སོ་སོར་ངེས། །འབྱོར་འབྲེལ་མགྱོགས་དང་གོ་རིམ་དུས། །ཡུལ་དང་གྲངས་དང་ཚོགས་པའོ། །བཞི་པ་ལ། ཐོབ་པ་ནི་དགེ་སོགས་གསུམ་གྱི་འཕེལ་འགྲིབ་ཀྱི་གནས་སྐབས་ལ་བཏགས་པའི་འདུ་བྱེད། དབྱེ་ན་སྤྱིར་ཐོབ་པ་དང་། སྔར་མེད་གསར་དུ་རྙེད་པ་དང་། རྒྱུན་ལྡན་པ་སྟེ་རྣམ་གྲངས་ཀྱི་སྒོ་ནས་གསུམ་མོ། །འགྲིབ་པའི་གནས་སྐབས་ཐོབ་པར་ཇི་ལྟར་འགྱུར་སྙམ་ན། འཕེལ་བའི་ཚེ་ཆེན་པོ་ལྡན་ཅིང་འགྲིབ་པའི་ཚེ་ཆུང་ངུ་ལྡན་པས་སྐྱོན་མེད་ཅེས་འགྲེལ་བར་བཤད་དོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི་འཁོར་བ་ལས་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པའི་བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་ལ་བཞི་པ་ལ་འདོད་ཆགས་དང་མ་བྲལ་བའི་ཚོགས་དྲུག་འཁོར་དང་བཅས་བཀག་པའི་གནས་སྐབས་ལ་བཏགས་པའི་འདུ་བྱེད་དོ། །འགོག་པའི་སྙོམས་འཇུག་ནི་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བ་ཡིད་ལ་བྱེད་པས་ཚོགས་བདུན་འཁོར་བཅས་བཀག་པའི་གནས་སྐབས་ལ་བཏགས་པའི་འདུ་བྱེད་དོ། །འདུ་ཤེས་མེད་པ་པ་ནི་འདུ་ཤེས་མེད་པའི་ལྷའི་རྒྱུད་ཀྱི་ཚོགས་དྲུག་འཁོར་བཅས་བཀག་པའི་གནས་སྐབས་ལ་བཏགས་པའི་འདུ་བྱེད་དོ། །སྲོག་གི་དབང་པོ་ནི་རིས་མཐུན་པར་སྔོན་གྱི་ལས་ཀྱིས་འཕངས་པ་གནས་པའི་དུས་ངེས་པ་ལ་བཏགས་པའི་འདུ་བྱེད་དོ། །རིས་མཐུན་པ་ནི་སེམས་ཅན་གྱི་རིས་དེ་དང་དེར་སེམས་ཅན་དེ་དང་དེ་དག་གི་ལུས་འདྲ་བ་ལ་བཏགས་པའི་འདུ་བྱེད་དོ། །སྐྱེ་བ་ནི་རིས་མཐུན་པར་འདུ་བྱེད་རྣམས་སྔར་མ་བྱུང་བ་ལ་གསར་དུ་བྱུང་བ་ལ་བཏགས་པའི་འདུ་བྱེད་དོ། །རྒ་བ་ནི་རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་གཞན་དུ་འགྱུར་བ་ལ་བཏགས་པའི་འདུ་བྱེད་དོ། །གནས་པ་ནི་རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་མི་འཇིག་པ་ལ་བཏགས་པའི་འདུ་བྱེད་དོ། །མི་རྟག་པ་ཉིད་ནི་རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་འཇིག་པ་ལ་བཏགས་པའི་འདུ་བྱེད་དེ། གཞུང་འདིའི་ལུགས་ཀྱི་འདུས་བྱས་ཀྱི་མཚན་ཉིད་བཞི་པོ་ཡང་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་འདུས་བྱས་ཁོ་ན་ལ་བཞག་པར་སྣང་ཞིང་། མི་རྟག་པ་ཡང་སྐད་ཅིག་གིས་འཇིག་པ་ལ་མི་འདོད་པར་རྒྱུན་འཇིག་པ་ལ་འདོད་དོ། །མིང་གི་ཚོགས་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་ལ་བཏགས་པའི་འདུ་བྱེད་དོ། །ཚིག་གི་ཚོགས་ནི་ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དྭགས་ལ་བཏགས་པའི་འདུ་བྱེད་དོ། །ཡི་གེའི་ཚོགས་ནི་དེ་གཉིས་ཀའི་གནས་ཡི་གེ་རྣམས་ལ་བཏགས་པའི་འདུ་བྱེད་དོ། །སོ་སོའི་སྐྱེ་བོ་ཉིད་ནི་འཕགས་པའི་ཆོས་མ་ཐོབ་པའི་གནས་སྐབས་ལ་བཏགས་པའི་འདུ་བྱེད་དོ། །འདི་ནི་མཛོད་ལས་མ་ཐོབ་པའི་ནང་ཚན་དུ་བྱས་ནས་འཕགས་ཆོས་མ་ཐོབ་པའི་གནས་སྐབས་ཀྱི་རྫས་གྲུབ་པ་ལ་འདོད་ལ། སོ་སྐྱེའི་གང་ཟག་ལ་འཁྲུལ་པར་མི་བྱ་སྟེ། མངོན་པ་གོང་འོག་གཉིས་ཆར་གྱི་ལུགས་ལ་འདི་ཕུང་པོའི་ཁོངས་སུ་གཏོགས་པའི་ཕྱིར་རོ། །འཇུག་པ་ནི། རྒྱུ་དང་འབྲས་བུ་རྒྱུན་མི་ཆད་པ་ལ་བཏགས་པའི་འདུ་བྱེད་དོ། །སོ་སོར་ངེས་པ་ནི་རྒྱུ་དང་འབྲས་བུ་ཐ་དད་པ་ལ་བཏགས་པའི་འདུ་བྱེད་དོ། །འབྱོར་འབྲེལ་པ་ནི་རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པ་ལ་བཏགས་པའི་འདུ་བྱེད་དོ། །མགྱོགས་པ་ནི་རྒྱུ་དང་འབྲས་བུ་མྱུར་བར་བྱུང་བ་ལ་བཏགས་པའི་འདུ་བྱེད་དོ། །གོ་རིམ་ནི་རྒྱུ་དང་འབྲས་བུ་རེ་རེ་ནས་འབྱུང་བ་ལ་བཏགས་པའི་འདུ་བྱེད་དོ། །དུས་ནི་རྒྱུ་དང་འབྲས་བུ་རྒྱུན་དུ་འབྱུང་བ་ལ་བཏགས་པའི་འདུ་བྱེད་དོ། །ཡུལ་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་ན་རྒྱུ་དང་འབྲས་བུ་ཡོད་པ་ཉིད་ལ་བཏགས་པའི་འདུ་བྱེད་དོ། །གྲངས་ནི་འདུ་བྱེད་རྣམས་ཀྱི་སོ་སོ་ཐ་དད་པ་ལ་བཏགས་པའི་འདུ་བྱེད་དོ། །ཚོགས་པ་ནི། རྒྱུ་དང་འབྲས་བུའི་རྐྱེན་འདུས་པ་ལ་བཏགས་པའི་འདུ་བྱེད་དོ། །གཉིས་པ་རྫས་སུ་ཡོད་པའི་འདོད་ཚུལ་ནི། མཛོད་ལས། ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་སྙོམས་འཇུག་དག་དང་། །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚོགས་ལ་སོགས་པ་ཡང་། །ཞེས་མི་ལྡན་པའི་འདུ་བྱེད་བཅུ་བཞི་གསུངས་པ་ལས། དང་པོ་ཐོབ་པ་ནི། རང་གི་རྒྱུད་དུ་གཏོགས་པའམ་རྒྱུད་ཀྱིས་མ་བསྡུས་པའི་འགོག་པ་གཉིས་གང་རུང་གང་ཟག་དེ་ལ་ལྡན་པར་བྱེད་པའི་རྫས་ཏེ་དཔེར་ན་བ་གླང་ལ་ཁལ་ལྡན་པར་བྱེད་པའི་ཐག་པ་ལྟ་བུའོ། །དབྱེ་ན་མ་ཐོབ་པ་དང་རྣམ་པར་ཉམས་པ་ལས་གསར་དུ་རྙེད་པ་དང་། ཐོབ་ཟིན་རྒྱུན་ལྡན་པའི་ཐོབ་པ་གཉིས་སོ། །ཐོབ་པ་ལས་བཟློག་པ་ནི་མ་ཐོབ་པ་སྟེ། ཆོས་གང་ལ་ཐོབ་པ་ཡོད་པ་དེ་མི་ལྡན་པའི་ཚེ་མ་ཐོབ་པ་རྫས་གྲུབ་ཏུ་འཇོག་པ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །དེ་ལ་མདོ་སྡེ་པ་ན་རེ། ཐོབ་པ་རྫས་གྲུབ་ཡོད་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པས་བྱེ་བྲག་སྨྲ་བ་ན་རེ། མདོ་ལས། དེ་མི་སློབ་པའི་ཆོས་བཅུ་པོ་འདི་དག་སྐྱེད་ཅིང་སོ་སོར་ཐོབ་ལ་ཀུན་ཏུ་ལྡན་པས་ན་ཡན་ལག་ལྔ་རྣམ་པར་སྤངས་པའི་འཕགས་པར་འགྱུར་རོ་ཞེས་གསུངས་པས་སོ་ཞེ་ན། འོ་ན་སེམས་ཅན་གྱི་རྒྱུད་ཀྱིས་མ་བསྡུས་པ་དང་། གཞན་རྒྱུད་ཀྱིས་བསྡུས་པ་ལ་ཡང་ཐོབ་པ་རྫས་གྲུབ་ཡོད་པར་འགྱུར་ཏེ། མདོ་ལས། དགེ་སློང་དག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ། ཞེས་རྒྱས་པར་འབྱུང་བའི་ཕྱིར་རོ། །གལ་ཏེ་དེར་ནི་དབང་བ་ཉིད་ལ་ལྡན་པའི་སྒྲར་གསུངས་སོ་ཞེ་ན། འོ་ན་མི་སློབ་པའི་ཆོས་ཀུན་ཏུ་ལྡན་པ་ལ་ལྡན་པ་རྫས་གྲུབ་པ་ཡོད་ཅིང་། རིན་པོ་ཆེ་སྣ་བདུན་དང་ལྡན་པ་ལ་ལྡན་པ་རྫས་གྲུབ་པ་མེད་ཅེས་པའི་ཁྱད་པར་གང་གིས་འབྱེད་དེ། དེ་གཉིས་ཀ་ལ་ལྡན་པ་རྫས་གཞན་པ་གཟུགས་ལ་སོགས་པ་ལྟར་རང་གི་ངོ་བོའི་སྒོ་ནས་མ་དམིགས་ཤིང་། མིག་ལ་སོགས་པ་ལྟར་བྱ་བའི་སྒོ་ནས་ཀྱང་མ་དམིགས་པར་མཚུངས་པའི་ཕྱིར་རོ། །གལ་ཏེ་ཆོས་རྣམས་སྐྱེ་བའི་རྒྱུ་ལ་ཐོབ་པའོ་ཞེས་བྱའོ་ཞེ་ན། འོ་ན་འདུས་མ་བྱས་འགོག་པ་གཉིས་ཀྱི་ཐོབ་པ་ཡོད་པར་མི་འགྱུར་རོ་ཞེས་སོགས་ཀྱི་དགག་སྒྲུབ་མཛོད་འགྲེལ་ལས་རྒྱས་པར་གསུངས་ཤིང་མཇུག་ཏུ། དེ་ལྟར་ན་ལྡན་པ་འདི་དང་དེ་འགོག་པ་མི་ལྡན་པ་ནི་རྣམ་པ་ཐམས་ཅད་དུ་བཏགས་པའི་ཆོས་ཡིན་གྱི་རྫས་ཀྱི་ཆོས་ནི་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། འདི་གཉིས་ཀ་རྫས་ཁོ་ན་ཡིན་ནོ་ཞེས་བརྗོད་དོ། །ཅིའི་ཕྱིར་ན་འདི་ནི་ཁོ་བོ་ཅག་གི་གྲུབ་པའི་མཐའ་ཡིན་ནོ་ཞེས་ཟེར་རོ། །ཞེས་གསུངས་སོ། །གསུམ་པ་སྐལ་མཉམ་ནི་སྔར་གྱི་རིས་མཐུན་པ་དང་། རྫས་སུ་གྲུབ་མ་གྲུབ་ཀྱི་ཁྱད་པར་མ་གཏོགས་པ་འདྲ་སྟེ། མཛོད་འགྲེལ་ལས། སྐལ་བ་མཉམ་པ་ཉིད་ཅེས་བྱ་བའི་རྫས་ནི་སེམས་ཅན་རྣམས་ཀྱི་འདྲ་བ་ཡིན་ཏེ། བསྟན་བཅོས་ལས་ནི་འདིའི་མིང་རིས་མཐུན་པ་ཞེས་འབྱུང་ངོ་། །ཞེས་གསུངས་པས་སོ། །ལྷག་མ་བཅུ་པོའི་ངོ་བོ་ནི་གནས་སྐབས་ལ་བཏགས་པའི་འདུ་བྱེད་ཅེས་པའི་ཚབ་ཏུ་གནས་སྐབས་ཀྱི་རྫས་ཞེས་སྦྱར་བ་མ་གཏོགས་པ་སྔ་མ་དང་འདྲའོ། །གསུམ་པ་རིག་པའི་གཞུང་ལུགས་ལ་དོགས་པ་གཅོད་པ་ནི། འོ་ན་ཚད་མ་སྨྲ་བའི་མདོ་སེམས་གཉིས་ཀྱིས་ལྡན་མིན་འདུ་བྱེད་ཇི་ལྟར་ཁས་བླངས་སྙམ་ན། བྱེ་བྲག་སྨྲ་བའི་ལུགས་ཀྱི་རྫས་གྲུབ་དང་། མངོན་པ་སྨྲ་བའི་མདོ་སྡེ་པའི་ལུགས་ཀྱི་བཏགས་ཡོད་གཉིས་ཀ་ཁས་མི་ལེན་ཏེ། ཚད་མ་སྨྲ་བའི་མདོ་སྡེ་པའི་ལུགས་ལ་འདུས་བྱས་ཐམས་ཅད་དོན་ཤེས་གཉིས་ཀྱི་རྫས་སུ་ངེས་པའི་ཕྱིར་དང་། སེམས་ཙམ་པའི་ལུགས་ལ་འདུས་བྱས་ཐམས་ཅད་ཤེས་པའི་རྫས་སུ་ངེས་པའི་ཕྱིར་རོ། །འོ་ན་སྔོན་པོའི་བྱས་མི་རྟག་ལྟ་བུ་གང་དུ་ཁས་ལེན་ཅེ་ན། བྱེ་བྲག་སྨྲ་བས་སྔོན་པོ་ལས་རྫས་གཞན་དང་། མངོན་པ་སྨྲ་བའི་མདོ་སེམས་གཉིས་ཀྱིས་བཏགས་ཡོད་ཀྱི་འདུས་བྱས་སུ་ཁས་ལེན་ཀྱང་། ཚད་མ་སྨྲ་བའི་མདོ་སྡེ་པ་དོན་ལ་ཡོད་པའི་སྔོན་པོའི་བྱས་མི་རྟག་ནི་སྔོན་པོ་ཉིད་ཀྱི་རྫས་དང་། སེལ་ངོའི་བྱས་མི་རྟག་ནི་སྤྱི་མཚན་ཡིན་པས་འདུས་བྱས་སུ་ཡང་ཁས་མི་ལེན་པ་ནི་ཁྱད་པར་རོ། །གལ་ཏེ་ཚད་མ་སྨྲ་བའི་སེམས་ཙམ་པས་གཟུང་འཛིན་གཉིས་སྟོང་གི་ཆོས་ཉིད་དེ་རྫས་སུ་གྲུབ་ཅིང་། དོན་ཤེས་གང་གི་ཡང་རྫས་སུ་མི་འདོད་པས་ལྡན་མིན་འདུ་བྱེད་དུ་ཁས་ལེན་ནོ་སྙམ་ན་མ་ཡིན་ཏེ། ཆོས་དབྱིངས་འདུས་མ་བྱས་ཡིན་ལ། ལྡན་མིན་འདུ་བྱེད་ཡིན་ན་ཕུང་པོའི་ཁོངས་སུ་གཏོགས་པའི་འདུས་བྱས་སུ་ཁས་ལེན་དགོས་པའི་ཕྱིར་རོ། །གཉིས་པ་རྣམ་པར་ཤེས་པའི་ཕུང་པོ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྣམ་གྲངས་ཀྱི་སྒོ་ནས་མདོར་བསྟན་པ་དང་། རྣམ་གྲངས་ཀྱི་དོན་སོ་སོར་བཤད་པའོ། །དང་པོ་ནི། གསུང་རབ་ལས། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཞེས་འབྱུང་བའི་དོན་ལ་དོན་གསང་ལས། ཉན་ཐོས་ཀྱི་ཐེག་པར་འདི་གསུམ་ཆར་རྣམ་ཤེས་དྲུག་པོ་ཁོ་ནའི་མིང་དུ་བྱས་ནས་ངེས་ཚིག་གི་དབྱེ་བས། འབྱེད་པས་སམ་བསགས་པས་ན་སེམས་དང་། ཤེས་པས་ན་ཡིད་དང་། རྣམ་པར་ཤེས་པས་ན་རྣམ་ཤེས་སོ། །དུས་ཀྱི་དབྱེ་བས། མ་འོངས་པ་སེམས་དང་འདས་པ་ཡིད་དང་། ད་ལྟར་བྱུང་བ་རྣམ་ཤེས་སོ། །བསྟན་ཚུལ་གྱི་དབྱེ་བས་ཁམས་བསྟན་པ་ན་སེམས་ཀྱི་ཁམས་བདུན་ཞེས་དང་། སྐྱེ་མཆེད་བསྟན་པ་ན་ཡིད་ཀྱི་སྐྱེ་མཆེད་ཅེས་དང་། ཕུང་པོ་བསྟན་པ་ན་རྣམ་ཤེས་ཀྱི་ཕུང་པོ་ཞེས་སོ། །བྱེད་པའི་བྲེ་བྲག་གིས། རིང་དུ་འགྲོ་ཞིང་གཅིག་པུར་རྒྱུ། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །ཅེས་པ་ལྟར། རིང་དུ་འགྲོ་བས་ན་སེམས་དང་། ཆོས་རྣམས་སྔོན་དུ་ཡིད་འགྲོ་འོ། །ཞེས་པ་ལྟར་སྔོན་དུ་འགྲོ་བས་ཡིད་དང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་པ་ལྟར་ཉིང་མཚམས་སྦྱོར་བས་རྣམ་ཤེས་སོ་ཞེས་བཤད་དོ། །ཐེག་ཆེན་པས་ནི་གཙོ་བོ་མ་ཡིན་པ་ལ་བརྟེན་པའི་རྣམ་གྲངས་དང་། གཙོ་བོ་ལ་བརྟེན་པའི་རྣམ་གྲངས་གཉིས་ལས། དང་པོ་ནི། གསུམ་ཆར་ཡང་རྣམ་ཤེས་ཚོགས་བརྒྱད་ཅར་གྱི་རྣམ་གྲངས་ཡིན་ཏེ། འདི་ལྟར་སེམས་ཞེས་བྱ་བ་བག་ཆགས་བསགས་པས་སེམས། དོན་ལ་སེམས་པས་སེམས། དམིགས་པ་སྣ་ཚོགས་པ་རིག་པས་སེམས་ཞེས་བྱ་སྟེ། དང་པོ་ཀུན་གཞི། གཉིས་པ་ཉོན་ཡིད། གསུམ་པ་ཚོགས་དྲུག་གི་རྣམ་གྲངས་སོ། །ཡིད་ནི་དེ་མ་ཐག་པའི་རྟེན་བྱེད་པས་ཡིད་དང་། རང་གི་དམིགས་པ་རྟོགས་པས་ཡིད་ཅེས་བྱ་སྟེ། རྣམ་ཤེས་བརྒྱད་ཅར་གྱི་རྣམ་གྲངས་སོ། །རྣམ་པར་ཤེས་པ་ནི་ཡུལ་སོ་སོར་རིག་པས་རྣམ་པར་ཤེས་པ་སྟེ་བརྒྱད་ཅར་གྱི་རྣམ་གྲངས་སོ། །གཉིས་པ་གཙོ་བོ་ལ་བརྟེན་པའི་རྣམ་གྲངས་ཀྱི་དོན་ནི། སེམས་ནི་ཀུན་གཞི་སྟེ་བག་ཆགས་བསགས་པ་དང་། སྣ་ཚོགས་པ་དང་། དོན་ལ་དམིགས་པའི་ཕྱིར་རོ། །སེམས་ཞེས་བྱ་བ་ཡིན་པས་འདི་གསུམ་ཆར་ཀུན་གཞི་ཁོ་ན་ལ་ཚང་གི་གཞན་ལ་མ་ཡིན་པའི་ཕྱིར་ཏེ། ཉོན་ཡིད་ལ་དོན་ལ་སེམས་པ་ཡོད་ཀྱང་སྣ་ཚོགས་པ་དང་། བག་ཆགས་བསགས་པ་མེད། ཚོགས་དྲུག་ལ་སྣ་ཚོགས་པ་དང་། དོན་ལ་སེམས་པ་ཡོད་ཀྱང་བག་ཆགས་བསགས་པ་མེད་པའི་ཕྱིར། ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་དེ། དུས་རྟག་ཏུ་བདག་གི་རྣམ་པར་རློམ་སེམས་པས་ཡིད་ཅེས་བྱ་བ་ཡིན་ལ། དེ་ནི་ཉོན་ཡིད་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་པའི་ཕྱིར་ཏེ། ཀུན་གཞི་དང་། སྒོ་ལྔའི་རྣམ་ཤེས་ལ་བདག་ཏུ་རློམ་པ་ཙམ་ཡང་མེད། ཡིད་ཀྱི་རྣམ་ཤེས་ལ་བདག་ཏུ་རློམ་པ་ཙམ་ཡོད་ཀྱང་དུས་རྟག་ཏུ་བདག་ཏུ་རློམ་པ་མེད་པའི་ཕྱིར། རྣམ་པར་ཤེས་པ་ནི་ཚོགས་དྲུག་སྟེ། དམིགས་པ་སྣ་ཚོགས་གསལ་བར་རིག་པས་རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ལ། དེ་ནི་ཚོགས་དྲུག་ཁོ་ན་ལ་ཡོད་ཀྱི་གཞན་ལ་ནི་མེད་པའི་ཕྱིར་ཏེ། ཀུན་གཞི་ལ་དམིགས་པ་སྣ་ཚོགས་རིག་པ་ཡོད་ཀྱང་གསལ་བ་མེད། ཉོན་ཡིད་ལ་གསལ་བར་རིག་པ་ཡོད་ཀྱང་དམིགས་པ་སྣ་ཚོགས་པ་མེད་པའི་ཕྱིར། དེས་ན་འདིར་ནི་གཙོ་བོ་ལ་བརྟེན་པའི་རྣམ་གྲངས་ཀྱི་དོན་གཟུང་བར་བྱའོ། །གཉིས་པ་རྣམ་གྲངས་ཀྱི་དོན་སོ་སོར་བཤད་པ་ལ་གསུམ་སྟེ། སེམས་ཀུན་གཞི་བཤད་པ། ཡིད་ཉོན་མོངས་ཅན་བཤད་པ། རྣམ་ཤེས་ཚོགས་དྲུག་བཤད་པའོ། །དང་པོ་ལ་སྡོམ་ནི། རང་བཞིན་མཚན་ཉིད་དམིགས་རྣམ་དང་། །མཚུངས་ལྡན་འཇུག་ལྡོག་དབྱེ་བ་དང་། །རྣམ་གྲངས་སྒྲ་དོན་སྒྲུབ་བྱེད་དེ། །བཅུ་གཅིག་སྒོ་ནས་ལེགས་པར་བཤད། །ཅེས་པ་ལྟར་བཅུ་གཅིག་ལས། དང་པོ་རང་བཞིན་ནི། གསུང་རབ་ལས་ཆོས་དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལུང་དུ་མ་བསྟན་པ་བཞི་གསུངས་ལས། འདི་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། སུམ་ཅུ་པ་ལས། དེ་ཉེ་བའི་ཉོན་མོངས་པ་གློ་བུར་བ་རྣམས་ཀྱི་རྙོག་མ་ཅན་དུ་མ་བསྒྲིབས་པ་ཡིན་ལ། ལུང་དུ་མ་བསྟན་པ་ནི་དགེ་མི་དགེའི་ལུང་དུ་མ་བསྟན་པའོ། །གཉིས་པ་མཚན་ཉིད་ནི། ཐེག་བསྡུས་ལས། འདིའི་མཚན་ཉིད་རྣམ་པར་གཞག་པ་ཇི་ལྟར་བལྟ་ཞེ་ན། དེ་ནི་མདོར་བསྡུས་ན་རྣམ་པ་གསུམ་སྟེ། རང་གི་མཚན་ཉིད་རྣམ་པར་གཞག་པ་དང་། རྒྱུ་ཉིད་དུ་རྣམ་པར་གཞག་པ་དང་། འབྲས་བུ་ཉིད་དུ་རྣམ་པར་གཞག་པའོ། །དེ་ལ་ཀུན་གཞིའི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་ནི། གང་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ནས་ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས་དེས་སྐྱེ་བའི་རྒྱུ་རྐྱེན་ཉིད་དོ། །དེ་ལ་རྒྱུ་ཉིད་ཀྱི་མཚན་ཉིད་ནི། དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་རྒྱུ་ཉིད་དུ་གནས་པ་ཡིན་ནོ། །དེ་ལ་འབྲས་བུ་ཉིད་དུ་རྣམ་པར་བཞག་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་ཐོག་མ་མེད་པའི་བག་ཆགས་ལ་བརྟེན་ནས་འབྱུང་བའོ། །ཞེས་གསུངས་ལ། འདིའི་དོན་གཏན་ལ་དབབ་པ་ལ་གསུམ་སྟེ། མཚན་ཉིད་གསུམ་གྱིས་བསྟན་ཚུལ་བཤད་པ། མཚན་ཉིད་རང་གི་ངོ་བོ་བཤད་པ། མཚན་གཞི་གཏན་ལ་དབབ་པའོ། །དང་པོ་ནི། དོན་གསང་དུ། མཚན་ཉིད་གསུམ་པོ་རིམ་པ་ལྟར་ཀུན་གཞི་སྤྱི་ཡི་དང་། ས་བོན་གྱི་ཆ་ཡི་དང་། རྣམ་སྨིན་གྱི་ཆ་ཡི་མཚན་ཉིད་དུ་བཤད་དོ། །བཤད་སྦྱར་དུ་ས་བོན་ཙམ་བྱེད་པའི་ནུས་པ་མ་བྱུང་བ་དང་པོ་དང་། ནུས་པ་བྱུང་བ་གཉིས་པ་དང་། ཐེག་བསྡུས་ཉིད་དུ། འཇུག་པའི་རྣམ་ཤེས་རྣམས་ཀྱི་བག་ཆགས་སྐྱེད་པ་དེ་མཚན་ཉིད་གསུམ་པར་བཤད་དེ། ཆོས་རྣམས་བརྗོད་པའི་བག་ཆགས་ལས། །བྱུང་སྟེ་དེ་དག་ཉིད་ལས་དེ། །ཞེས་སོ། །གཉིས་པ་ནི། ཀུན་གཞིའི་རྣམ་ཤེས་ཙམ་དུ་མཚོན་པའི་མཚན་ཉིད། དེ་ཉིད་རྣམ་པར་སྨིན་པར་མཚོན་པར་བྱེད་པའི་མཚན་ཉིད། དེ་ཉིད་ས་བོན་ཐམས་ཅད་པར་མཚོན་པར་བྱེད་པའི་མཚན་ཉིད་གསུམ་ལས། དང་པོ་ནི། རྣམ་སྨིན་གྱི་ངོ་བོར་གྱུར་པའི་རྣམ་ཤེས་ས་བོན་ཐམས་ཅད་ཇི་ལྟར་རིག་པར་ལྡན་པ་སྟེ། ཐེག་བསྡུས་སུ། མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་སྟེ། ཞེས་དང་། སུམ་ཅུ་པར། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །ཞེས་གསུངས་སོ། །ཡང་བག་ཆགས་བསྒོ་རུང་གི་རྣམ་ཤེས་ཞེས་པས་ཀྱང་མཚོན་ནུས་ལ། འཁོར་བ་དང་མྱ་ངན་ལས་འདས་པའི་རྟེན་དོན་གྱི་ངོ་བོ་རིག་པ་ཞེས་པས་ཀྱང་མཚོན་ནུས་སོ། །གཉིས་པ་ནི། ཀུན་གཞི་དེ་ཉིད་སྔོན་གྱི་ཟག་བཅས་ཀྱི་ལས་ཀྱིས་འཕངས་ཤིང་། རྣམ་སྨིན་གྱི་ཆོས་དང་ལྡན་པའི་ལྡོག་པ་ནས་རྣམ་སྨིན་གྱི་ཆར་འཇོག་གོ །དེའི་ཆོས་ནི། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང་། །ཞེས་པ་ལྟར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཞིག་དགོས་ཏེ། ཐེག་བསྡུས་ལས། རྣམ་པར་སྨིན་པ་ཡང་དགེ་བ་དང་མི་དགེ་བར་འགྱུར་ན་ནི་ཀུན་ནས་ཉོན་མོངས་པ་ལྡོག་པར་མི་འགྱུར་རོ། །ཞེས་སོ། །རྒྱུ་ལུང་དུ་བསྟན་པ་ལས་ཕྱིས་འབྱུང་བ་ཞིག་དགོས་ཏེ། ལས་དགེ་མི་དགེ་ཚེ་འདི་ཉིད་ལ་སྤྱད་པ་ལས་རྣམ་སྨིན་ཡང་ཚེ་འདི་ཉིད་ལ་འབྱུང་ན་རྒྱུད་གཅིག་ལ་འགྲོ་བ་དུ་མར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། འོ་ན་ཀུན་ལས་བཏུས་ལས། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ལྟར་བཤད་པ་ནི་སྤྱིར་རྣམ་སྨིན་གྱི་གཙོ་བོ་ཚོར་བ་ཡིན་པས་ཚོར་བ་བདེ་སྡུག་མཐོང་བའི་ཆོས་ལ་འབྱུང་བ་ལ་དགོངས་པའི་ཕྱིར་རོ། །དེ་ཉིད་ཀུན་གཞིའི་འཁོར་གྱི་ཚོར་བ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། ཀུན་གཞིའི་འཁོར་གྱི་ཚོར་བ་ནི་བཏང་སྙོམས་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ཡང་སེམས་ཅན་དུ་བརྗོད་པ་སྟེ་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ཞིག་དགོས་ཏེ། ལས་དགེ་མི་དགེ་བྱས་པའི་རྣམ་སྨིན་གྱི་འབྲས་བུ་ཕྱི་རོལ་གྱི་རྟེན་ལ་སྨིན་ན་གང་ཟག་གཞན་དང་ཐུན་མོང་བར་ཐལ་བ་ལས་རྣམ་སྨིན་གྱི་འབྲས་བུ་ནི་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར། དེ་ཡང་རྒྱུད་གཅིག་གིས་བསྡུས་པ་ཞིག་དགོས་ཏེ། རང་གི་བྱས་པའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་རྒྱུད་གཞན་ལ་སྨིན་ན་ལས་བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་འཕྲད་པར་འགྱུར་བའི་ཕྱིར། འོ་ན་གང་ཟག་འགའ་ཞིག་ཤི་བའི་ཚེ་རྗེས་ན་ཡོད་པའི་གསོན་པོ་རྣམས་ཀྱིས་ལས་དགེ་མི་དགེ་བྱས་པའི་རྣམ་སྨིན་གཤིན་པོ་དེ་ལ་སྨིན་ནམ་མི་སྨིན། སྨིན་ན་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་འཕྲད་པའི་སྐྱོན་དུ་འགྱུར། མི་སྨིན་ན་ཐེག་པ་ཆེ་ཆུང་གི་མདོ་དང་བསྟན་བཅོས་ནས་བཤད་པ་དང་འགལ་ལོ་ཞེ་ན། འདིའི་ལན་ལ་སྔ་རབས་པ་ཁ་ཅིག་སྨིན་པས་སྐྱོན་ཕྱི་མ་མེད་ལ། སྐྱོན་དང་པོ་ཡང་མེད་དེ། གསོན་པོ་རྣམས་ཀྱིས་རང་གི་རྣམ་སྨིན་འཐོབ་པའི་ཆེད་དུ་བྱས་པ་མིན་གྱི་གཤིན་པོ་དེས་འཐོབ་པར་བྱ་བའི་ཆེད་དུ་བྱས་པས་ཆུད་ཟོས་པར་ཡང་མི་འགྱུར། བར་དོ་ན་གནས་པའི་སེམས་ཅན་གྱིས་སྔོན་གྱི་གྲོགས་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་འདུག་པར་རྨི་ལམ་གྱི་ཚོད་ཙམ་དུ་ཤེས་པས་གསོན་པོ་རྣམས་ཀྱིས་དགེ་བ་བྱས་པའི་ལན་པོ་རྨི་ལམ་གྱི་ཚོད་ཙམ་དུ་བྱས་པས་མ་བྱས་པ་དང་འཕྲད་པའི་སྐྱོན་མེད་པའི་ཕྱིར། ཞེས་གསུངས་མོད། འོན་ཀྱང་འདིས་གསོན་པོའི་ལས་ཀྱི་འབྲས་བུ་གཤིན་པོས་མི་མྱོང་བའི་ལན་དུ་སྣང་བས་མདོ་བསྟན་བཅོས་དང་འགལ་བ་སྤོང་མི་ནུས་སོ། །འོ་ན་ཇི་ལྟར་ཞེ་ན། རྒྱུད་གཅིག་གིས་བསྡུས་པ་དགོས་པ་ནི། འཕེན་བྱེད་ཀྱི་ལས་ལ་དགོངས་ལ། གསོན་པོས་གཤིན་པོའི་དོན་དུ་བྱས་པ་ནི་འགྲུབ་བྱེད་ཀྱི་ལས་སུ་འགྱུར་གྱི་འཕེན་བྱེད་ཀྱི་ལས་སུ་འགྱུར་བ་མི་སྲིད་པས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །གསུམ་པ་ལ་གཉིས་ཏེ། ས་བོན་གྱི་ཆ་ངོས་བཟུང་བ་དང་། དེའི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། ཀུན་གཞི་དེ་ཉིད་ཆོས་རྣམས་སྐྱེད་པའི་ནུས་པའི་བག་ཆགས་དང་ལྡན་པའི་ལྡོག་པ་ནས་ས་བོན་གྱི་ཆའོ། །འདིར་རེད་མདའ་བས། ས་བོན་གྱི་རང་བཞིན་གྱི་ཀུན་གཞི་ནི་ནུས་པ་ཙམ་གྱི་ངོ་བོར་གནས་ཀྱི་ཤེས་རིག་གི་རྫས་སུ་མ་གྲུབ་པས་དམིགས་པ་དང་རྣམ་པ་མེད་པ་རྣམ་སྨིན་གྱི་ཆ་ལས་རྫས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་བྱེད་པའི་རང་བཞིན་ཅན་ནོ། །དེ་བས་ན་འདི་གཉིས་ཀྱི་རྫས་སོ་སོར་དམིགས་སུ་མེད་ཀྱང་། མཚན་ཉིད་ཤིན་ཏུ་ཐ་དད་པ་ཁོ་ན་ཡིན་པས་སྔ་རབས་པ་དག་གིས་འདི་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་བཤད་པ་གང་ཡིན་པ་དེ་དག་ནི་ལེགས་པར་བཤད་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཀུན་གཞིའི་རྣམ་སྨིན་གྱི་ཆ་ནི་བྱིས་པ་རྣམས་ཀྱིས་བདག་ཏུ་སྦྱོར་བའི་གཞི་ཡིན་པའི་ཕྱིར་ཀུན་གཞི་ཡང་ཡིན་ལ། དམིགས་རྣམ་འཛིན་པས་རྣམ་པར་ཤེས་པ་ཡང་ཡིན། ལས་ཀྱི་བག་ཆགས་ཡོངས་སུ་སྨིན་པའི་ངོ་བོར་གྱུར་པས་རྣམ་པར་སྨིན་པ་ཡང་ཡིན་ནོ། །དེའི་ཕྱིར་དེ་ལ་ནི་ཀུན་གཞི་ཞེས་ཀྱང་བྱ། ཀུན་གཞིའི་རྣམ་པར་སྨིན་པའི་རྣམ་ཤེས་ཞེས་ཀྱང་བྱའོ། །ཀུན་གཞིའི་ས་བོན་གྱི་ཆ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་འབྲས་བུའི་དངོས་པོར་སྦྱོར་བར་བྱེད་པའམ། འདི་ཡང་དེ་དག་གི་རྒྱུའི་དངོས་པོར་སྦྱོར་ཞིང་འདུ་བས་ཀུན་གཞི་ཉིད་ཡིན་གྱི་ཤེས་རིག་མ་ཡིན་པས་ཀུན་གཞིའི་རྣམ་ཤེས་དང་། རྣམ་པར་སྨིན་པའི་རྣམ་ཤེས་ནི་མ་ཡིན་ནོ་ཞེས་བཞེད་དོ། །འདི་ལ་འདི་འདྲི་སྟེ། ཤེས་རིག་གི་རྫས་སུ་མ་གྲུབ་ཅེས་པའི་དོན་སྤྱིར་རྫས་སུ་མ་གྲུབ་པ་ལ་བྱེད་དམ། ཤེས་རིག་ལས་གཞན་གྱི་རྫས་སུ་གྲུབ་པ་ལ་བྱེད། དང་པོ་ལྟར་ན་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་བྱེད་པའི་རང་བཞིན་ཅན་དུ་ཁས་བླངས་པ་དང་འགལ་སྟེ། རྫས་སུ་མ་གྲུབ་ན་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་དུ་འགལ་བའི་ཕྱིར་རོ། །ཕྱི་མ་ལྟར་ན། བེམ་པོའི་རྫས་སུ་གྲུབ་པའམ། ལྡན་མིན་འདུ་བྱེད་ཀྱི་རྫས་སུ་གྲུབ། དང་པོ་ལྟར་ན། རྣམ་སྨིན་གྱི་ཆ་ལས་རྫས་གཞན་དུ་ཐལ་བ་བཟློག་ཏུ་མེད་ཅིང་། ཕྱི་མ་ལྟར་ན་བྱེ་བྲག་ཏུ་སྨྲ་བ་མ་གཏོགས་པ་ལྡན་མིན་འདུ་བྱེད་རྫས་སུ་གྲུབ་པ་ཁན་ལེན་པ་མེད་པས་མི་འཐད་དོ། །ས་བོན་གྱི་ཆ་དེ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་ཅིང་། ཀུན་གཞིའི་རྣམ་ཤེས་མ་ཡིན་པར་འདོད་པ་ནི་ཐེག་བསྡུས་དང་འགལ་ཏེ། དེ་ཉིད་ལས། ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པ་དེ་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུའི་རྐྱེན་དུ་རྣམ་པར་བཞག་སྟེ། རྒྱུའི་རྐྱེན་གཞན་མི་དམིགས་པའི་ཕྱིར་རོ། །ཞེས་གསུངས་ཤིང་། སྔ་མས་ཀུན་གཞི་ས་བོན་གྱི་ཆ་དང་། ཕྱི་མས་རྣམ་སྨིན་གྱི་ཆ་བསྟན་པར་ཁྱེད་རང་གིས་ཀྱང་ཁས་བླངས་པའི་ཕྱིར་རོ། །དེས་ན་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་ཉིད་རྒྱུ་ཉོན་མོངས་པ་ཅན་གྱི་ཆོས་ལས་བྱུང་བའི་ཆ་ནས་རྣམ་སྨིན་གྱི་ཆ་དང་། འབྲས་བུ་ཉོན་མོངས་པའི་ཆོས་རྣམས་སྐྱེད་པའི་ནུས་པ་དང་ལྡན་པའི་ཆ་ནས་ས་བོན་གྱི་ཆར་འཇོག་པར་དཔངས་ལོ་ཆེན་པོས་བཞེད་པ་འདི་ཉིད་གཞུང་གི་དོན་དུ་སྣང་བས་སྔ་རབས་པ་དག་འདི་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་བཞེད་པ་ནི་འཐད་པ་ཁོ་ན་ཡིན་ཅིང་། ཐེག་བསྡུས་ལས། དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའི་དོན་ནི་འཆད་པར་འགྱུར་རོ། །གཉིས་པ་དེའི་རང་བཞིན་གཏན་ལ་དབབ་པ་ནི། འོ་ན་བག་ཆགས་བསྒོ་བའི་ཚུལ་ཇི་ལྟར་སྙམ་ན། འདི་ལ་ལྔ་སྟེ། བསྒོ་བའི་གཞི་དང་། སྒོ་བྱེད་དང་། བསྒོས་པའི་རྣམ་པ་དང་། རབ་ཏུ་དབྱེ་བ་དང་། བསྒོས་པ་གཏན་ལ་དབབ་པའོ། །དང་པོ་ནི། ཐེག་བསྡུས་ལས། བརྟན་ལུང་མ་བསྟན་བསྒོ་བྱ་བ། །སྒོ་བར་བྱེད་དང་འབྲེལ་བ་ལ། །སྒོ་བྱེད་དེ་ལས་གཞན་དུ་མིན། །འདི་ནི་བག་ཆགས་མཚན་ཉིད་དོ། །ཞེས་གསུངས་པའི་སྒོ་བྱེད་ཅེས་པ་སྔ་མ་བཞི་ཆར་གྱི་གསལ་བྱེད་དུ་སྦྱར་ཏེ་བརྟན་པ་ལ་སྒོ་བར་བྱེད། ལུང་དུ་མ་བསྟན་པ་ལ་སྒོ་བར་བྱེད། བསྒོ་བར་བྱ་བའམ་འོས་པ་ལ་སྒོ་བར་བྱེད། སྒོ་བར་བྱེད་པ་དང་རྒྱུད་གཅིག་ལ་དུས་གཅིག་ཏུ་འབྲེལ་བ་ལ་སྒོ་བར་བྱེད། ཅེས་པ་སྟེ། བསྒོ་བའི་གཞི་ཁྱད་ཆོས་བཞི་ལྡན་དུ་གསུངས་ལ། དོན་གསང་ལས་དེའི་སྟེང་དུ། གཙོ་བོའམ་རྟེན་དུ་གྱུར་པ་སྟེ་ཁྱད་ཆོས་ལྔ་ལྡན་དུ་བཤད་དོ། །དེ་ལས་གཞན་དུ་མིན། །ཞེས་པ་ནི། བག་ཆགས་རང་གི་མཚན་ཉིད་དེ། དེ་ལྟར་ཁྱད་ཆོས་བཞི་ལྡན་གྱི་བསྒོ་གཞི་ལ་བསྒོས་པས་བསྒོ་གཞི་དེ་ལས་གཞན་དུ་མིན། ཞེས་པ་ཡིན་གྱི་སྒོ་བྱེད་ཅེས་པའི་ཚིག་དང་འབྲེལ་པ་ནི་མ་ཡིན་ནོ། །དེ་ལ་བག་ཆགས་བསྒོ་བར་བྱ་བའི་གཞི་ལ་བརྟན་པ་ཞིག་དགོས་སྟེ། བག་ཆགས་བསྒོས་པའི་དགོས་པ་ནི་དུས་ཕྱིས་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ལ། གཞི་དེ་རླུང་བཞིན་དུ་གཡོ་བ་དང་། སྒྲ་བཞིན་ཏུ་རྒྱུན་མེད་པ་ཡིན་ན། བསྒོས་པ་ཆུད་ཟོས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དཔེར་ན་མེ་ཏོག་དྲི་ཞིམ་པོའི་དྲི་སྒོ་བ་ན་ཏིལ་ལྟ་བུ་རྒྱུན་བརྟན་པ་ཞིག་ལ་སྒོ་ཡི། རླུང་ལ་མི་སྒོ་བ་བཞིན་ནོ། །འདིས་ཚོགས་བདུན་དང་། གཟུགས་བསྒོ་གཞི་ཡིན་པ་བསལ་ཏེ། ཚོགས་དྲུག་ནི་གནས་སྐབས་ལྔར་རྒྱུན་ཆད་པའི་ཕྱིར་དང་། ཉོན་ཡིད་ནི་འགོག་སྙོམས་དང་། འདས་ལམ་མངོན་དུ་གྱུར་པ་ན་རྒྱུན་མེད་པའི་ཕྱིར་དང་། གཟུགས་ནི་གཟུགས་མེད་ཁམས་ན་རྒྱུན་མེད་པའི་ཕྱིར། འོ་ན་ཀུན་གཞི་ཡང་ཕུང་པོ་ལྷག་མེད་དུ་རྒྱུན་ཆད་པས་བསྒོ་བྱ་མ་ཡིན་པར་ཐལ་ལོ་ཞེ་ན། ཇི་སྲིད་སྒོ་བྱེད་ཡོད་པ་དེ་སྲིད་དུ་རྒྱུན་བརྟན་པ་ལ་བསྒོས་པས་མི་འགལ་ལོ། །ཡང་བསྒོ་བའི་གཞི་དེ་མཐའ་གཅིག་ཏུ་ལུང་དུ་མ་བསྟན་པ་དགོས་ཏེ། དཔེར་ན་མེ་ཏོག་གི་དྲི་སྒོ་བ་ན་ཏིལ་ལྟ་བུ་དྲི་མཉམ་པ་ཁོ་ན་བསྒོ་བར་བྱ་བའི་གཞི་འཐད་ཀྱི་སྒོག་སྐྱ་དང་གླ་རྩི་ལྟ་བུ་ཤིན་ཏུ་གསལ་བ་ལ་མི་འཆགས་པ་ལྟར་འཇུག་ཤེས་དྲུག་པོ་དགེ་མི་དགེར་འགྱུར་བས་དེ་ལ་མི་བསྒོ་ཡི་ཀུན་གཞི་མཐའ་གཅིག་ཏུ་ལུང་དུ་མ་བསྟན་པ་ཡིན་པས་དེ་ལ་བསྒོའོ། །འོ་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བག་ཆགས་འཇོག་ན་དགེ་བ་ལ་ཡང་འཇོག་པར་འགྱུར་བ་དང་། སྔོན་གྱི་སངས་རྒྱས་དུས་རིང་པོར་བག་ཆགས་བསྒོས་པ་རྣམས་ལས། ད་ལྟར་གྱི་སངས་རྒྱས་བག་ཆགས་ཉུང་བས་ཡོན་ཏན་དམན་པར་འགྱུར་ལ། མི་འཇོག་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོགས་རྒྱུ་མེད་དུ་འགྱུར་རོ་ཞེ་ན། མི་འཇོག་པས་སྐྱོན་དང་པོ་མེད་ལ། མཉམ་ཉིད་ཡེ་ཤེས་སོགས་རྒྱུ་མེད་དུ་ཡང་མི་འགྱུར་ཏེ། ཟག་མེད་ཀྱི་ས་བོན་གྱི་རྒྱུན་རྡོ་རྗེ་ལྟ་བུའི་དུས་སུ་ཅིག་ཅར་ཡོངས་སུ་རྒྱས་པ་ལས་འབྱུང་བའི་ཕྱིར་རོ། །ཡང་བསྒོ་བར་བྱ་བའམ། སྒོ་བར་ནུས་པ་ཞིག་དགོས་ཏེ་མཁྲེགས་པ་རྡོ་བ་ལ་སོགས་པ་ལ་དྲི་མི་བསྒོ་བ་ལྟར་མི་རྟག་པ་ལ་སྒོ་ཡི། རྟག་པ་ནམ་མཁའ་ལྟ་བུ་སོགས་ལ་མ་ཡིན་པའི་ཕྱིར་ཏེ། སྔར་བག་ཆགས་བསྒོ་བར་བྱ་བའི་གཞི་དེ་འབྲས་བུ་དེ་དང་དེ་སྐྱེད་པའི་ནུས་པ་དང་མི་ལྡན་པའམ་ནུས་པ་མཐུ་ཆུང་ངུར་འདུག་པ་ལ་ཕྱིས་ནུས་པ་དང་ལྡན་པའམ་ནུས་པ་མཐུ་ཅན་དུ་གྱུར་པ་དགོས་པའི་ཕྱིར་རོ། །ཡང་སྒོ་བྱེད་རྒྱུད་གཅིག་ལ་དུས་མཉམ་དུ་འབྲེལ་པ་དགོས་ཏེ། རྒྱུད་གཞན་ལ་སྒོ་ན་གང་ཟག་གང་ཞིག་གིས་མི་དགེ་བའི་ལས་མི་སྤྱད་ཀྱང་གཞན་གྱི་མི་དགེ་བ་བསྒོས་པས་ངན་སོང་དུ་སྐྱེ་བར་ཐལ་བའི་ཕྱིར་དང་། རྒྱུད་གཅིག་ལ་ཡང་དུས་ཐ་དད་པ་ནི་གང་རུང་གཅིག་དངོས་པོར་ཡོད་པའི་ཚེ་གཅིག་ཤོས་དངོས་པོར་མེད་པས་བསྒོ་བྱ་སྒོ་བྱེད་དུ་མི་རུང་བའི་ཕྱིར། འོ་ན་མཁན་པོ་དང་སློབ་དཔོན་གྱིས་སློབ་མ་ལ་སྡོམ་པ་འབོགས་པའི་དུས་སུ་སློབ་མའི་རྒྱུད་ལ་སྡོམ་པའི་བག་ཆགས་སྒོའམ་མི་སྒོ་མི་སྒོ་ན་སྡོམ་པ་བླངས་པ་དོན་མེད་པར་འགྱུར་ཞིང་། སྒོ་ན་རྒྱུད་ཐ་དད་པ་གཉིས་ཀྱང་བསྒོ་བར་བྱ་བའི་གཞིར་རུང་བར་ཐལ་བ་དང་། གཞན་ཡང་སློབ་དཔོན་གྱིས་སློབ་མ་ལ་ཆོས་བཤད་པ་དག་ལ་ཡང་མཚུངས་སོ་ཞེ་ན། དངོས་སུ་སྡོམ་པ་དང་། ཐོས་པའི་བག་ཆགས་མི་སྒོ་སྟེ། མཁན་སློབ་ཀྱི་ཆོ་ག་དང་། སློབ་དཔོན་གྱིས་ཆོས་བཤད་པ་རྒྱུར་བྱས་ནས་དེའི་རྗེས་སུ་བག་ཆགས་བསྒོ་དགོས་ལ། དངོས་སུ་སྒོ་ན་བསྒོ་བྱ་སྒོ་བྱེད་དུས་མཉམ་པ་དགོས་པའི་ཕྱིར། འོན་ཀྱང་སྡོམ་པ་བླངས་པ་དང་། ཐོས་པ་བྱས་པ་དོན་མེད་དུ་མི་འགྱུར་ཏེ། མཁན་སློབ་ཀྱི་ཆོ་ག་དང་། བཤད་པས་རྐྱེན་བྱས་ནས་སློབ་མ་རང་གི་རྒྱུད་ཀྱི་དེ་ཐོས་པའི་ཉན་ཤེས་དང་། དེ་སེམས་པའི་ཡིད་ཤེས་ཀྱི་རང་དང་དུས་མཉམ་པའི་ཀུན་གཞི་ལ་བག་ཆགས་དངོས་སུ་སྒོ་བའི་ཕྱིར། དོན་གསང་ལས། བསྒོ་བར་བྱ་བའི་གཞི་ལ་གཙོ་བོའམ་རྟེན་དུ་རུང་བ་ཞིག་དགོས་ཀྱི། འཁོར་རམ་བརྟེན་པ་ནི་ས་བོན་བསྒོ་བར་བྱ་བའི་གཞིར་མི་འཐད་པས་ཀུན་གཞི་གཙོ་བོ་དང་རྟེན་ཡིན་པས་བསྒོ་བའི་གཞིར་འཐད་ཀྱི་དེའི་འཁོར་གྱི་རེག་པ་ལ་སོགས་པ་ནི་དེ་ལྟར་མ་ཡིན་པས་བསྒོ་གཞིར་མི་འཐད་དོ། །ཞེས་ཀྱང་བཤད་དོ། །གཉིས་པ་ནི། བསྒོ་བྱ་དང་འབྲེལ་བ་གཉིས་དང་ལྡན་ཅིང་། བསྒོ་བྱ་ལས་ནུས་པ་རྗེས་སུ་བཞག་ཏུ་རུང་བ་སྟེ། ཚོགས་བདུན་མཚུངས་ལྡན་དང་བཅས་པའོ། །འོ་ན་ཀུན་གཞིའི་འཁོར་གྱི་ཀུན་འགྲོ་ལྔས་རང་ཉིད་བསྐྱེད་པའི་བག་ཆགས་འགོད་དམ་མི་འགོད་ཅེ་ན། དོན་གསང་དུ་སློབ་དཔོན་ཁ་ཅིག དེ་རྣམས་དང་ཀུན་གཞི་ཕན་ཚུན་རྒྱུ་ཡིན་པས་འགོད་པའོ། །ཞེས་པ་དང་། ཁ་ཅིག་དེ་རྣམས་རྣམ་སྨིན་ལུང་བསྟན་དུ་མེད་པས་མི་གསལ་བའི་ཕྱིར་བག་ཆགས་སྐྱེད་མི་ནུས་ཀྱི་ལས་ཀྱི་འཕེན་བྱེད་ཁོ་ནས་མ་ཤིའི་བར་དུ་འབྱུང་ངོ་། །ཞེས་ཟེར་རོ། །ཞེས་འབྱུང་ངོ་། །གསུམ་པ་ནི། ཏིལ་དང་མེ་ཏོག་དྲི་ཞིམ་པོ་ལྷན་ཅིག་བཞག་སྟེ་དྲི་བསྒོས་པས་ཏིལ་ལ་མེ་ཏོག་གི་དྲིའི་རྒྱུན་ཆགས་པ་ལྟར་ཀུན་གཞི་དང་ཚོགས་བདུན་དགེ་མི་དགེ་ལུང་མ་བསྟན་དུ་སྐྱེས་པ་རྣམས་སྐྱེ་འགགས་ལྷན་ཅིག་བྱས་པས་སྒོ་བྱེད་འགགས་ཀྱང་། དེ་དང་རིགས་འདྲའམ་རིགས་མི་འདྲའི་བག་ཆགས་ཀྱི་རྒྱུན་ཀུན་གཞི་ལ་རྗེས་སུ་བཞག་པ་སྟེ། ཐེག་བསྡུས་སུ། བག་ཆགས་ཞེས་བྱ་བ་འདི་ཅི་ཞིག བག་ཆགས་ཞེས་བྱ་བ་འདིའི་བརྗོད་བྱ་ནི་ཅི་ཞེ་ན། ཆོས་དེ་ལྷན་ཅིག་འབྱུང་བ་དང་འགགས་པ་ལ་བརྟེན་ནས་དེ་འབྱུང་བའི་རྒྱུ་རྐྱེན་ཉིད་གང་ཡིན་པ་དེ་ནི་བརྗོད་པར་བྱ་བ་སྟེ། དཔེར་ན་ཏིལ་དག་ལ་མེ་ཏོག་གིས་བསྒོས་པ་ཏིལ་དང་མེ་ཏོག་ལྷན་ཅིག་འབྱུང་ཞིང་འགགས་ཀྱང་ཏིལ་རྣམས་དེའི་དྲི་གཞན་འབྱུང་བའི་རྒྱུ་རྐྱེན་ཉིད་དུ་འབྱུང་བ་དང་། འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་རྣམས་ཀྱི་འདོད་ཆགས་ལ་སོགས་པའི་བག་ཆགས་ལ་སོགས་པ་དང་ལྷན་ཅིག་འབྱུང་ཞིང་འགགས་ཀྱང་སེམས་ནི་དེའི་རྒྱུ་རྐྱེན་ཉིད་དུ་འབྱུང་བ་དང་། མང་དུ་ཐོས་པ་རྣམས་ཀྱི་མང་དུ་ཐོས་པའི་བག་ཆགས་ཀྱང་ཐོས་པ་དེ་ཡིད་ལ་བྱེད་པ་དང་ལྷན་ཅིག་འབྱུང་ཞིང་འགགས་ཀྱང་སེམས་ནི་དེ་རྗོད་པའི་རྒྱུ་རྐྱེན་ཉིད་དུ་འབྱུང་སྟེ། བག་ཆགས་དེས་ཡོངས་སུ་ཟིན་པས་ཆོས་འཛིན་པ་ཞེས་བྱ་བ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །ཞེས་གསུངས་སོ། །བཞི་པ་ནི་ཐེག་བསྡུས་སུ་གསུངས་པ། ཕྱི་དང་ནང་དང་མི་གསལ་བ། །གཉིས་དང་ཀུན་རྫོབ་ཉིད་དང་ནི། །དམ་པའི་དོན་ཏེ་དེ་རྣམ་ཀུན། །ས་བོན་རྣམ་པ་དྲུག་ཏུ་འདོད། །སྐད་ཅིག་པ་དང་ལྷན་ཅིག་འབྱུང་། །དེ་ནི་རྒྱུན་ཆགས་འབྱུང་བར་འདོད། །ངེས་དང་རྐྱེན་ལ་ལྟོས་པ་དང་། །རང་གི་འབྲས་བུ་སྒྲུབ་པ་འོ། །ཞེས་ཏེ། ཕྱིའི་ནི་སཱ་ལུ་དང་ཨུཏྤ་ལའི་རྩ་བ་སོགས་སོ། །ནང་གི་ནི་ཀུན་གཞི་ལ་ཡོད་པའོ། །མི་གསལ་བ་གཉིས་ནི་དགེ་མི་དགེའམ་ཉོན་མོངས་དང་རྣམ་བྱང་དུ་མི་གསལ་བ་སྟེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །ཀུན་རྫོབ་ནི་ཕྱིའི་སྟེ་ཐ་སྙད་པའི་ཤེས་པའི་ཡུལ་ཡིན་པས་སོ། །དོན་དམ་པ་ནི་ནང་གི་སྟེ་བརྟགས་བཟོད་པས་ཡོངས་སུ་གྲུབ་པའི་ཕྱིར་རོ། །སྐད་ཅིག་པ་ནི་ཕྱི་ནང་གི་ས་བོན་གཉིས་ཀ་སྟེ། རྟག་པ་ལ་འབྲས་བུ་མི་འབྱུང་བས་སོ། །ལྷན་ཅིག་འབྱུང་བ་ནི་ས་བོན་དང་འབྲས་བུ་དུས་མཉམ་དུ་གནས་པ་ལ་བཤད་དེ། སྐད་ཅིག་གཞན་གྱི་བར་མ་ཆོད་པ་ལ་དགོངས་པར་མངོན་ནོ། །རྒྱུན་ཆགས་སུ་འབྱུང་བ་ནི་འགལ་རྐྱེན་དང་མ་འཕྲད་པ་དང་འབྲས་བུ་མ་བྱུང་གི་བར་དུའོ། །ཅི་སྟེ་རྒྱུན་ཆགས་སུ་འབྱུང་ན་ཀུན་ལས་ཅིས་མི་འབྱུང་ཞེ་ན། ནུས་པ་ངེས་པ་ལས་འགའ་ཁོ་ན་ལས་འགའ་འབྱུང་ངོ་། །ངེས་ཀྱང་རྟག་ཏུ་མི་འབྱིན་པ་ཅི་ཞེ་ན། རྐྱེན་ལ་ལྟོས་པས་ཏེ། རྟག་ཏུ་རྐྱེན་ཉེ་བར་མ་ངེས་པས་སོ། །ས་བོན་དེའི་ས་བོན་ཅི་ཞེ་ན། རང་གི་འབྲས་བུ་སྒྲུབ་པ་སྟེ། ས་བོན་དང་ས་བོན་ཅན་ཐོག་མ་མེད་པས་སྔ་མས་ཕྱི་མ་བསྐྱེད་པའོ། །ཡང་མངོན་པར་བརྗོད་པའི་བག་ཆགས་དང་། བདག་ཏུ་ལྟ་བའི་དང་། སྲིད་པའི་ཡན་ལག་གི་བག་ཆགས་ཏེ་རིམ་པ་ལྟར། ལྷ་དང་མི་དང་འགྲོ་བའོ་ཞེས་སོགས་བརྗོད་པ་སྣ་ཚོགས་འབྱུང་བའི་ས་བོན་དང་། ཉོན་ཡིད་འཇིག་ཚོགས་ལ་ལྟ་བའི་དབང་གི་ཀུན་གཞི་ལ་བདག་གོ་སྙམ་པའི་རྒྱུ་དང་། བསོད་ནམས་སོགས་ཀྱི་འདུ་བྱེད་ཀྱི་དབང་གིས་འགྲོ་བ་དྲུག་ཏུ་མ་རིག་པ་ནས་རྒ་ཤིའི་བར་སྐྱེ་བའི་རྒྱུའོ། །ཡང་ལས་ཀྱི་བག་ཆགས་སྲིད་པའི་ཡན་ལག་གི་བག་ཆགས་དེ་ཉིད་དང་། འཛིན་པ་གཉིས་ཀྱི་བག་ཆགས་ཞེས་བྱ་བ་ཤེས་པ་ལས་གུད་ན་རང་རྒྱུད་པའི་གཟུང་བ་ཡོད་པར་ཞེན་ཅིང་། དེ་ཤེས་པས་རྟོགས་པར་ཞེན་པ་སྟེ་གཟུང་བར་འཛིན་པ་དང་འཛིན་པར་འཛིན་པ་དག་སྐྱེད་པའི་ས་བོན་དང་། དེ་སུམ་ཅུ་པར་གསུངས་པ། ལས་ཀྱི་བག་ཆགས་འཛིན་གཉིས་ཀྱི། །བག་ཆགས་བཅས་པ་སྔ་མ་ཡི། །ཞེས་སོ། །ཡང་རྣམ་སྨིན་གྱི་བག་ཆགས་དང་། རྒྱུ་རྐྱེན་གྱི་བག་ཆགས་གཉིས་ཏེ། རིམ་པས་མི་དགེ་བ་དང་དགེ་བ་ཟག་བཅས་ཀྱིས་སྐྱེ་བ་གཞན་དུ་ཀུན་གཞི་ཉིད་སྐྱེད་པའི་ས་བོན་དང་། དགེ་མི་དགེ་ལུང་མ་བསྟན་རྣམས་ཀྱིས་རང་དང་རིགས་འདྲ་སྐྱེད་པའི་ས་བོན་བཞག་པའོ། །ཡང་འདི་ཉིད་དུ་གནས་ངན་ལེན་ཉེར་བཞིར་ཡང་ཕྱེ་སྟེ་ཕྱིས་འཆད་དོ། །ལྔ་པ་ལ་གསུམ་སྟེ། བག་ཆགས་ཀྱི་ངོ་བོ་དཔྱད་པ། གཅིག་དང་ཐ་དད་དཔྱད་པ། འཇོག་ཚུལ་དཔྱད་པའོ། །དང་པོ་ལ་མི་འཐད་པ་དགག་པ། འཐད་པ་འགོད་པ། རྩོད་པ་སྤོང་བའོ། །དང་པོ་ནི། སློབ་དཔོན་རོག་སོགས། སྒོ་བྱེད་དགེ་མི་དགེ་ལུང་མ་བསྟན་གྱིས་བསྒོས་པའི་བག་ཆགས་རང་དང་འདྲ་བར་ཡོད་དེ། འདི་ཉིད་དུ་རྗེས་སུ་འབྲེལ་བའི་དགེ་མི་དགེ་བག་ཆགས་ལ་བཤད་པའི་ཕྱིར་དང་། ཡང་དགེ་བས་བཞག་པའི་བག་ཆགས་དེ་དགེ་བ་ཉིད་ཡིན་ཏེ། འབྲས་བུ་སྡུག་པ་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་མི་དགེ་བ་ལ་ཡང་བཟློག་སྟེ་སྦྱར་རོ། །ཀུན་གཞི་དགེ་མི་དགེར་འགྱུར་ཏེ། དགེ་མི་དགེ་དང་བག་ཆགས་བདག་གཅིག་པས་སོ་ཞེ་ན་ནི། དགེ་མི་དགེ་མངོན་གྱུར་དང་གཅིག་པར་ནི་མ་གྲུབ་ཅིང་། དགེ་མི་དགེའི་ས་བོན་དང་བདག་གཅིག་པ་ནི་མ་ངེས་ཏེ། མེ་དུ་བ་སྐྱེད་པའི་ནུས་པ་དང་གཅིག་ཀྱང་དུ་བར་མི་འགྱུར་བ་བཞིན་ནོ། །ཞེས་གསུངས་སོ། །སློབ་དཔོན་འབེན་སོགས་དེ་མི་འཐད་དེ། རྗེས་སུ་འབྲེལ་བའི་དགེ་མི་དགེ་བཏགས་པ་བ་ནི། རྗེས་སུ་འབྲེལ་བའི་གཟུགས་བརྙན་ལྟར་རོ། །སྡུག་པའི་འབྲས་བུ་འཛིན་པས་དགེ་བ་ཡིན་ཞེས་པ་ཡང་གཉིས་ལས། འཕེན་པས་འཛིན་པ་ནི་བག་ཆགས་ཀྱིས་མི་ནུས་ཏེ། དགྲ་བཅོམ་པ་ལ་ཡང་འཕེན་པ་ཡོད་པར་ཐལ་བའི་ཕྱིར་རོ། །སྐྱེད་པས་འཛིན་པ་ཡིན་ན་མ་ངེས་ཏེ། བདེ་འགྲོའི་མིག་གི་དབང་པོ་སྔ་མས་ཀྱང་རང་རང་རིགས་འདྲ་སྐྱེད་པས་དགེ་བར་འགྱུར་རོ། །གནོད་བྱེད་ཀྱང་ཡོད་དེ། ཐེག་བསྡུས་ཀྱི་མི་གསལ་དང་ཞེས་པའི་འགྲེལ་པ་གཉི་གར། དགེ་མི་དགེ་གཉི་གར་མི་གསལ་བ་སྟེ། ལུང་དུ་མ་བསྟན་པའོ་ཞེས་པའི་དོན་ནོ། །ཞེས་བཤད་ཅིང་། དགེ་མི་དགེ་མཚན་ཉིད་པ་གཉིས་ངོ་བོ་གཅིག་ཏུ་འགྱུར་ཏེ། དེ་དག་གི་བར་ཆགས་ཀུན་གཞི་དང་རྫས་གཅིག་པས་སོ། །འདོད་ན། དེ་དག་འགལ་བ་མ་ཡིན་པར་ཐལ་ལོ། །ཡང་བག་ཆགས་ནི་ཀུན་གཞི་དང་ཐ་དད་དུ་ཐལ་ཏེ། ཀུན་གཞི་དང་ངོ་བོ་འགལ་བའི་ཕྱིར་སྔོ་སེར་བཞིན་ནོ། །ཡང་བསམ་གཏན་དང་པོ་ཡན་ཆད་པའི་རྒྱུད་ལ་མི་དགེ་བ་ཡོད་པར་ཐལ་ཏེ། དེའི་བག་ཆགས་ཡོད་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ནི། འཇོག་བྱེད་དགེ་མི་དགེ་ལུང་མ་བསྟན་གང་གིས་བཞག་ཀྱང་བག་ཆགས་ལུང་མ་བསྟན་ཉིད་དེ། ཀུན་གཞི་ལུང་མ་བསྟན་དང་རྫས་གཅིག་པས་སོ། །ཐེགས་བསྡུས་སོགས་སུ། བག་ཆགས་སྣ་ཚོགས་མ་ཡིན་པ་ཆོས་ཐ་དད་སྣ་ཚོགས་ཀྱི་རྒྱུར་འགྱུར་བ་ཚིག་གུའི་རྩི་སྣ་ཚོགས་ཀྱིས་སྒྱུར་བའི་རས་སྣ་ཚོགས་སུ་མི་སྣང་ཡང་ཚོན་གྱི་སྣོད་དུ་བཅུག་པ་ན་སྣ་ཚོགས་སྟོན་པའི་དཔེས་གསུངས་པའི་ཕྱིར་ཏེ། རས་ལྟ་བུ་ཀུན་གཞི་དང་ཚོན་ལྟ་བུ་ཚོས་སྣ་ཚོགས་སྟོན་པའོ། །གསུམ་པ་ལ་གསུམ་སྟེ། རྒྱུ་མཐུན་གྱི་བག་ཆགས་མི་སྲིད་པ་སྤང་བ་དང་། ལུང་མ་བསྟན་ལ་རྣམ་སྨིན་ཡོད་པ་སྤང་བ་དང་། དགེ་བ་རྒྱུན་ཆགས་པའི་ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། དགེ་མི་དགེའི་བག་ཆགས་ལུང་མ་བསྟན་ལས་འབྲས་བུ་དགེ་མི་དགེ་འབྱུང་ན། རྒྱུ་མཐུན་རྒྱུ་དང་འདྲ་བའོ། །ཞེས་པ་མེད་པས་བག་ཆགས་ལས་རྒྱུ་མཐུན་གྱི་འབྲས་བུ་དགེ་མི་དགེ་འབྱུང་བར་མི་སྲིད་པར་ཐལ་ལོ་ཞེ་ན། བག་ཆགས་འཇོག་བྱེད་དང་། བག་ཆགས་ཀྱི་འབྲས་བུ་འདྲ་བ་ལ་དགེ་མི་དགེའི་རྒྱུ་མཐུན་གྱི་བག་ཆགས་སུ་འཇོག་པས་སྐྱོན་མེད་དོ། །གཉིས་པ་ནི། བག་ཆགས་ལུང་མ་བསྟན་གྱིས་བདེ་འགྲོ་དང་ངན་འགྲོ་སྐྱེད་པས་ན་ལུང་མ་བསྟན་ལ་རྣམ་སྨིན་ཡོད་པར་ཐལ་ལོ་ཞེ་ན། དེས་བདེ་འགྲོའམ་ངན་འགྲོ་སྐྱེད་མོད་ཀྱི་དེ་ཙམ་གྱིས་རྣམ་སྨིན་གྱི་རྒྱུར་མི་འགྱུར་ཏེ། ཀུན་གཞི་དང་ལུས་ཀྱི་དབང་པོ་དག་གི་སྐད་ཅིག་སྔ་མ་བཞིན་ནོ། །བག་ཆགས་ཀྱིས་རྣམ་སྨིན་འཕེན་པ་ནི་མིན་ཏེ། འཕངས་ཟིན་པས་སོ། །གསུམ་པ་ནི། སྡོམ་པ་གསུམ་དང་ཅི་རིགས་པར་ལྡན་པའི་གང་ཟག་གཉིད་འཐུག་པོར་ལོག་པ་ན་དགེ་བ་མེད་པར་ཐལ། དགེ་བའི་བག་ཆགས་ཙམ་ལས། གཞན་པའི་དགེ་བ་མེད་པའི་ཕྱིར། འདོད་ན་བྱེ་བཤད་སོགས་སུ་སྡོམ་པ་རྒྱུན་ཆགས་སུ་འབྱུང་བར་བཤད་པ་དང་། སྤྱོད་འཇུག་ཏུ། སེམས་དེ་ཡང་དག་བླངས་གྱུར་པ། །དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་དུས་ན་དགེ་བའི་ནུས་པ་ཡོད་པ་ཙམ་ལ་དགོངས་པས་མི་འགལ་ཏེ། ཐེག་བསྡུས་བཤད་སྦྱར་དུའང་། ནུས་པའི་རང་བཞིན་གྱི་ཁྱད་པར་གྱི་ཕྱིར། ཞེས་བཤད་དོ། །གཞན་དུ་ན་མི་དགེ་བའི་བག་ཆགས་ཅན་གྱི་རྒྱུད་ལ་དགེ་བ་མངོན་གྱུར་དྲག་པོ་སྐྱེས་པ་ན་རྒྱུད་གཅིག་ལ་དགེ་མི་དགེ་མཚན་ཉིད་པ་གཉིས་ཅིག་ཅར་དུ་སྐྱེ་བར་འགྱུར་ཞིང་། འདོད་ན། དགེ་མི་དགེ་ལྷན་ཅིག་མི་གནས་པའི་འགལ་བ་མ་ཡིན་པར་ཐལ་ལོ། །གཉིས་པ་ནི། བག་ཆགས་དང་ཀུན་གཞི་རྫས་གཅིག་ན་དེ་འདྲ་བར་ས་བོན་ཡང་མ་བསྒྲིབས་ལུང་མ་བསྟན་དུ་འགྱུར་བས། དེ་ལས་དེ་འདྲ་བ་འབྱུང་གི་དགེ་མི་དགེ་མི་འབྱུང་བར་འགྱུར་རོ། །འོན་ཏེ་ཐ་དད་ན། ས་བོན་དེ་རྣམས་སེམས་དང་སེམས་བྱུང་ཡིན་པས་རྟེན་གཅིག་ལ་སེམས་ཅན་གྱི་རྒྱུད་མང་པོར་འགྱུར་རོ། །དེ་ནི་སེམས་བྱུང་མང་པོ་ཅིག་ཅར་འབྱུང་ཡང་རྒྱུད་མང་པོར་མི་འགྱུར་བ་ལྟར་ཡིན་ནོ་སྙམ་ན། མི་འདྲ་སྟེ་སེམས་བྱུང་རྣམས་ནི་སེམས་ལ་རག་ལས་ནས་འབྱུང་བས་སོ། །ཡང་འཇུག་པའི་རྣམ་ཤེས་བདུན་ཅིག་ཅར་དུ་འབྱུང་ཡང་རྒྱུད་དུ་མར་མི་འགྱུར་བ་ལྟར་ཡིན་ནོ་སྙམ་ན་དེ་རྣམས་ནི་ཀུན་གཞི་ལ་རག་ལས་ཏེ་འབྱུང་བས་སོ། །ས་བོན་རྣམས་ནི་སེམས་དང་སེམས་བྱུང་ཡིན་ཞིང་། ཀུན་གཞི་ལས་ཐ་དད་པར་རང་དབང་དུ་གནས་པའི་ཕྱིར། རྒྱུད་དུ་མར་གནས་པ་སོ་ན་གནས་སོ་ཞེ་ན། འདིའི་ལན་ལ། ཐེག་བསྡུས་སུ། ཀུན་གཞིའི་རྣམ་པར་ཤེས་པ་དང་། ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་དེ་དག་ཅི་སོ་སོར་ཐ་དད་པའི་ཆོས་གཅིག་ཡིན་ནམ་འོན་ཏེ་ཐ་དད་པ་མ་ཡིན་པར་གནས་ཞེ་ན། དེ་ལ་གནས་པ་དེ་དག་དང་རྫས་སུ་ཐ་དད་པ་ཡང་མ་ཡིན་ལ་ཐ་མི་དད་པ་ཡང་མ་ཡིན་གྱི་ཞེས་གསུངས་པ་འདིའི་དོན་ལ། དོན་གསང་དུ་བཤད་པའི་ཚུལ་དང་། བོད་ཀྱི་བཤད་པའི་ཚུལ་དང་། འཐད་པའི་ཕྱོགས་ངོས་བཟུང་བ་གསུམ་ལས། དང་པོ་ནི། དོན་གསང་ལས། དེ་ལྟར་གྲགས་པ་གཞན་ཡང་ཡོད་དམ་ཞེ་ན་ཡོད་དེ། བྱེ་བྲག་སྨྲ་བས། འབྲས་བུ་འཛིན་པ་ནི་རྫས་ལས་གཞན་མ་ཡིན་ཏེ། རྫས་བྱེད་པས་སྟོང་པས་ད་ལྟ་བ་མ་ཡིན་པར་ཐལ་བར་འགྱུར་བས་སོ། །རྫས་ཉིད་ཀྱང་མ་ཡིན་ཏེ། འདས་པ་ལ་ཡང་རྫས་ཡོད་པས་འབྲས་བུ་འཛིན་པའི་བྱེད་པ་ཡོད་པའི་ཕྱིར། ད་ལྟ་བར་ཐལ་བས་སོ། །ཡང་མདོ་སྡེ་པའི་ལུགས་ལ་གཟུགས་མེད་དུ་འཕགས་པས་ལམ་མངོན་དུ་བྱས་པ་ན་སེམས་དང་ཉོན་མོངས་པའི་ས་བོན་རྣམས་དེ་ཉིད་མ་ཡིན་ཏེ། ས་བོན་རྣམས་ཟག་མེད་དུ་འགྱུར་བས་སོ། །ཐ་དད་ཀྱང་མ་ཡིན་ཏེ། རྒྱུད་དུ་མར་འགྱུར་བས་སོ། །ཞེས་བཤད་དོ། །འོན་ཀྱང་སྡེ་པ་དེ་དག་གི་འདོད་པ་ནི་ཀུན་གཞི་ཁས་མི་ལེན་པའི་ཉེས་པ་ཡིན་པས་ནང་འགལ་ཡང་ཡིན་ཅིང་། འདིར་ནི་ས་བོན་དངོས་པོ་ཡིན་པས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་མི་འཐད་པའི་ཕྱིར་རོ། །ཅི་སྟེ་དབུ་མ་པས་བདེན་གཉིས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་བཞིན་དུ་ཡིན་ནོ་ཞེ་ན་དེ་ཡང་མ་ཡིན་ཏེ། དབུ་མ་པས་ནི་སྤྲོས་པའི་མཐའ་གང་དུ་ཡང་མ་གྲུབ་པ་ལ་དོན་དམ་པ་ཞེས་ཐ་སྙད་བཏགས་པ་ཙམ་ཡིན་གྱི་དངོས་པོར་གྲུབ་པ་མི་འཐད་པའི་ཕྱིར་རོ། །གཉིས་པ་ནི། རེད་མདའ་བས། ཀུན་ནས་ཉོན་མོངས་པའི་ས་བོན་གང་ཡིན་པ་དེ་ཀུན་གཞི་རྣམ་ཤེས་ལས་རྫས་གཞན་དུ་ཡོད་པ་མ་ཡིན་ཏེ། དེ་གཟུགས་ཡིན་པ་མི་རིགས་པས་སེམས་དང་སེམས་བྱུང་གི་རང་བཞིན་དུ་འགྱུར་ལ། དེ་ལྟར་ན་སེམས་ཅན་རྣམས་ཀྱི་རྒྱུད་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །ཀུན་གཞིའི་རྣམ་ཤེས་དང་རྫས་གཅིག་པ་ཡང་མ་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་བག་ཆགས་ཡོངས་སུ་སྨིན་པ་མཐར་ཐུག་པའི་ངོ་བོ་ཡིན་པས་སླར་རྣམ་པར་སྨིན་པ་གཞན་འབྱིན་པའི་ནུས་པ་མེད་པ་ལྟར་ལས་ཀྱི་བག་ཆགས་དག་ལ་ཡང་རྣམ་སྨིན་འབྱིན་པའི་ནུས་པ་མེད་པར་ཐལ་བའི་ཕྱིར་དང་། ཀུན་གཞི་ལྟར་དུ་བག་ཆགས་རྣམས་ཀྱང་སྐྱེ་བ་སྔ་མའི་ལས་ཀྱི་འཕེན་པ་ལས་བྱུང་བའི་རྣམ་པར་སྨིན་པར་འགྱུར་གྱི། ཚེ་འདིའི་སྒོ་བྱེད་ཀྱི་རྐྱེན་ལ་མི་ལྟོས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རྫས་གཅིག་པ་དང་། ཐ་དད་པའི་ཕྱོགས་གཉིས་ཀ་ལ་ཡང་རིག་པས་གནོད་པས་མི་འཐད་ལ། མཚན་ཉིད་ནི་ཐ་དད་པ་ལ་རིག་པས་བརྟག་པར་ནུས་པའི་ཕྱིར་ཐ་དད་པ་ཁོ་ན་ཡིན་ནོ། །ཞེས་བཞེད་དོ། །དེ་ལ་བག་ཆགས་རྫས་སུ་མ་གྲུབ་པ་ནི་སྔར་བཀག་ཟིན་ཅིང་། རྫས་གཅིག་ཡིན་པའི་ཕྱོགས་ལ་གནོད་བྱེད་བརྗོད་པ་ཡང་མི་འཐད་དེ། ལས་ཀྱི་བག་ཆགས་ལ་རྣམ་སྨིན་འབྱིན་པའི་ནུས་པ་མེད་པར་ཐལ། ཞེས་པའི་དོན་རྣམ་སྨིན་འཕེན་བྱེད་མ་ཡིན་པར་ཐལ་བའི་དོན་ཡིན་ན་ནི། ཤིན་ཏུ་འདོད་དེ། བག་ཆགས་དེ་དགེ་བ་ཟག་བཅས་དང་མི་དགེ་བ་གང་དུ་ཡང་མི་རུང་བའི་ཕྱིར། མ་གྲུབ་ན། ཁམས་གོང་གི་གང་ཟག་གི་རྒྱུད་ལ་མི་དགེ་བའི་བག་ཆགས་མེད་པར་འགྱུར་ཞིང་དགེ་རྩ་ཆད་པའི་གང་ཟག་གི་རྒྱུད་ལ་དགེ་བའི་བག་ཆགས་མེད་པར་འགྱུར་རོ། །སྤྱིར་རྣམ་སྨིན་འབྲས་བུར་བྱས་ནས་དེའི་རྒྱུ་མ་ཡིན་པར་ཐལ་བའི་དོན་ཡིན་ན་ནི་མ་ངེས་ཏེ། ཀུན་གཞི་རྣམ་སྨིན་ཡིན་ཀྱང་སྐད་ཅིག་སྔ་མས་ཕྱི་མ་བསྐྱེད་པའི་ཕྱིར་རོ། །གསུམ་པ་ནི། བཤད་སྦྱར་དུ་མདོ་སྡེ་པའི་ལྟར་ན་དོན་གྱི་རྣམ་པ་འཛིན་པའི་བློ་དང་། རྣམ་པ་དག་དེ་ཉིད་དང་གཞན་ཉིད་མ་ཡིན་པ་དཔེར་བྱས་ནས་བཤད་པ་ལྟར་ན། ཀུན་གཞི་དང་བག་ཆགས་རྫས་གཞན་དུ་བརྗོད་དུ་མེད། བཟློག་པ་དེ་ཉིད་དུ་བརྗོད་དུ་མེད་པར་མངོན་ཏེ། མདོ་སྡེ་པའི་ལུགས་ལ་དོན་གྱི་རྣམ་པ་འཛིན་པའི་བློ་དེ་དང་རྣམ་པ་རྫས་གཅིག་ཡིན་པའི་ཕྱིར་རོ། །དེས་ན་ཐེག་བསྡུས་སུ། ཟག་མེད་ཀྱི་ས་བོན་ཐོས་པའི་བག་ཆགས་ནི་ཀུན་གཞིའི་རྣམ་ཤེས་མ་ཡིན་པར་ཆུ་དང་འོ་མ་དཔེར་བྱས་ནས་གསུངས་པ་ཡང་ཀུན་གཞིའི་ལྡོག་པ་མ་ཡིན་པ་ལ་དགོངས་ཏེ། དེ་ལྟར་མ་ཡིན་པར་དེ་ཀུན་གཞིའི་རྫས་མ་ཡིན་པའི་དངོས་པོ་ཞིག་ཡིན་ན། བེམ་པོ་དང་རིག་པ་ཅི་ཡིན་བརྟགས་ན་མི་འཐད་པས་སོ། །རྩ་བའི་རྩོད་པའི་ལན་ནི། ཀུན་གཞི་མ་བསྒྲིབས་ལུང་མ་བསྟན་ལས་དགེ་མི་དགེ་སྣ་ཚོགས་འབྱུང་བ་སེམས་ཙམ་པའི་གཞུང་ལས་ཡང་ཡང་བཤད་པས་བསལ་ལོ། །གསུམ་པ་འཇོག་ཚུལ་དཔྱད་པ་ལ་གསུམ་སྟེ། སྔོན་གྱི་སློབ་དཔོན་རྣམས་ཀྱི་ལུགས་འགོད་པ་དང་། ཕན་ཚུན་བརྒལ་ལན་གྱི་ཚུལ་བརྗོད་པ་དང་། འཐད་པའི་ལུགས་བཤད་པའོ། །དང་པོ་ལ་གྲུབ་མཐའ་གསུམ་སྟེ། རྙིང་ཁོ་ན་གསོ་བ་དང་། གསར་ཁོ་ན་སྐྱེད་པ་དང་། རྙིང་ཡང་གསོ་ལ་གསར་ཡང་སྐྱེད་པའོ། །དང་པོ་ནི། བཙུན་པ་ཡང་དག་བདེན་ཕུལ་དང་། ཟླ་བ་སྐྱོང་ལ་སོགས་པ་ན་རེ། བག་ཆགས་ནི་སྒོ་བྱེད་ལ་མི་ལྟོས་པར་ཆོས་ཉིད་ཀྱི་གནས་པ་སྒོ་བྱེད་ཀྱིས་གསོ་བར་ཟད་ཀྱི་སྔོན་མེད་སྐྱེད་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། སློབ་དཔོན་ཟླ་འོད་དང་། བཙུན་པ་དགའ་བོ་དང་། མཆོག་གི་སྡེ་དང་། རྟོག་གེའི་སྡེ་དང་། ཀླུའི་སྡེ་ལ་སོགས་པ་ན་རེ། ཏིལ་ལ་སོགས་པ་ལ་མེ་ཏོག་གི་དྲི་གསར་དུ་སྒོ་བར་བྱེད་པ་མཐོང་ནས་སྒོ་བར་བྱེད་པས་ཀྱང་སྔོན་མེད་པ་ཁོ་ན་སྐྱེད། གསོ་བར་བྱེད་པས་ཀྱང་སྔོན་མེད་པ་ཁོ་ན་གསོ་བར་བྱེད་ཀྱི། སྔོན་གྱི་རྙིང་པ་ནི་གསོ་བ་མ་ཡིན་ནོ་ཞེས་གསུངས་སོ། །གསུམ་པ་ནི། སློབ་དཔོན་ཐོགས་མེད་དང་། ཆོས་སྐྱོང་ལ་སོགས་པ་ན་རེ། ས་བོན་རྙིང་པ་ཡང་གསོ་ལ་གསར་པ་ཡང་སྐྱེད་དེ། དེ་ཡང་ཟག་པ་མེད་པའི་ས་བོན་དང་། རྒྱུ་མཐུན་པའི་བག་ཆགས་ཐམས་ཅད་ནི་རྙིང་པ་གསོ་ལ། ལས་ཀྱི་བག་ཆགས་ནི་གསར་པ་ཡང་སྐྱེད་ལ་རྙིང་པ་ཡང་གསོའོ། །དེ་ཡང་སྔོན་མེད་པའི་བག་ཆགས་ཐམས་ཅད་ཆོས་ཉིད་ཀྱིས་གནས་པའི་བག་ཆགས་ཀྱིས་བདག་རྐྱེན་བྱེད་ལ་དེ་གཉིས་ཀས་ཀྱང་སྐད་ཅིག་སྔ་མའི་འབྲས་བུ་སྐྱེད་པར་བྱེད་པའི་ཆ་ནས་སྔ་མ་ཕྱི་མའི་རྒྱུའི་རྐྱེན་ཉིད་དུ་སེམས་སོ། །གཉིས་པ་ནི། དང་པོ་ལ་འདོད་ཆགས་སོགས་སྒོ་བྱེད་རྣམས་ཀུན་གཞིའི་རྒྱུའི་རྐྱེན་མིན་པར་འགྱུར་ཏེ། གྲུབ་ཟིན་གསོ་བ་ཙམ་ཡིན་པའི་ཕྱིར་རོ། །དེ་ནི་སྔར་མེད་སྐྱེད་བྱེད་ཡིན་པས་སོ། །འདོད་ན། ཐེག་བསྡུས་སུ། ཀུན་གཞིའི་རྣམ་ཤེས་ཇི་ལྟ་བ་དེ་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞིའི་རྣམ་ཤེས་ཀྱི་རྒྱུའི་རྐྱེན་དུ་བཞག་སྟེ། ཞེས་གསུངས་པ་འདི་དང་འགལ་ལོ། །ཡང་ཏིལ་སོགས་ལ་དྲི་ཆོས་ཉིད་ཀྱིས་གནས་པ་མ་མཐོང་བས་དེས་མཚོན་པའི་དོན་མེད་དོ་ཞེས་གསུངས་སོ། །དེ་ལ་དོན་གསང་དུ་ལན་བཏབ་པ་སྐྱོན་དང་པོ་མེད་དེ། བྱེ་བྲག་ཏུ་སྨྲ་བས་འདྲ་བའི་ཕྱིར་རྫས་གཞན་གྱི་སྐལ་མཉམ་གྱི་རྒྱུ་ཡིན་པ་ལྟར། སྒོ་བྱེད་རྣམས་རིགས་འདྲ་བའི་ངོས་ནས་རྒྱུའི་རྐྱེན་དང་མི་འདྲ་བའི་བག་ཆགས་འཇོག་པའི་བདག་རྐྱེན་དུ་འཇོག་པས་སོ། །སྐྱོན་ཕྱི་མ་ཡང་མེད་དེ། སྒོག་སྐྱ་དང་རྡོ་བ་སོགས་མེ་ཏོག་དང་འཕྲད་ཀྱང་དྲི་མི་འཛིན་པས་ཏིལ་སོགས་ལ་ཆོས་ཉིད་ཀྱི་དྲི་འཛིན་པ་ཡོད་པར་ཤེས་སོ། །ཞེས་དང་། གཞན་ཡང་སེམས་ཙམ་པ་ལ་ཤེས་པ་ལས་ཐ་དད་པའི་ཏིལ་སོགས་མེད་ཀྱི་འཇིག་རྟེན་ན་གྲགས་པའི་དཔེ་ཙམ་དུ་བྱས་པར་ཟད་དོ། །ཞེས་དང་། ཕྱོགས་གཉིས་པ་ལ་ཡང་བག་ཆགས་ཀུན་གཞིའི་རྣམ་ཤེས་ཕྱི་མ་རྒྱུ་མེད་དུ་འགྱུར་ཏེ། ཀུན་གཞི་དང་ཕྲད་ནས་དེ་སྐྱེད་པའི་བག་ཆགས་གསར་པ་བཞག་པ་མེད་པའི་ཕྱིར་དང་། འཕགས་པའི་ལམ་ཡང་ཆོས་མཆོག་ཡན་ཆད་དུ་སྐྱེ་མ་མྱོང་བའི་དེའི་བག་ཆགས་གསར་པ་བཞག་པ་མེད་པས་རྒྱུ་མེད་དུ་འགྱུར་རོ། །བག་ཆགས་ཆོས་ཉིད་ཀྱིས་ཡོད་ན་ཀུན་གཞི་དང་། ཟག་མེད་ཀྱི་བག་ཆགས་རྙིང་པ་ལས་དེ་དག་སྐྱེའོ་ཞེས་གླེང་ངོ་། །དེ་ལ་ཡང་སྐྱོན་དང་པོ་མེད་དེ། ནང་གི་སྐྱེ་མཆེད་ལ་དམིགས་པའི་ཡིད་ཀྱི་སྐྱེ་མཆེད་དུ་གྱུར་པའི་ཀུན་གཞི་ལ་ཡང་དམིགས་པས་ན་དེས་ཀུན་གཞི་ལ་ཀུན་གཞི་ཕྱི་མ་སྐྱེད་པའི་བག་ཆགས་འཇོག་པས་སོ། །ཕྱི་མ་ཡང་མེད་དེ། འཕགས་པའི་ལམ་གྱི་རིགས་ནི་ཟག་མེད་མ་ཡིན་གྱི་སྒྲིབ་པ་ཡིན་ཏེ། རྣམ་པར་ངེས་པ་བསྡུ་བར། རྒྱུ་གང་ལ་སྒྲིབ་པ་གཉིས་ཀའི་ས་བོན་བསྲབས་པའི་ཕྱིར་སྤང་དུ་རུང་བ་དེ་བྱང་ཆུབ་སེམས་པའི་རིགས་དང་། གང་ལ་ཉོན་མོངས་པའི་ས་བོན་སྲབ་པ་ཡོད་པ་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་དང་། གང་ལ་དེ་གཉིས་ཀའི་ས་བོན་ཆེ་བས་སྤང་དུ་མི་རུང་བ་ཡོད་པ་དེ་ནི་རིགས་ཆད་དུ་གསུངས་སོ། །ཟག་མེད་ཀྱི་སྐད་ཅིག་དང་པོ་ལ་ནི་རྒྱུའི་རྐྱེན་མེད་ཅིང་། རྐྱེན་ནི་བཞི་ཞེས་པ་ནི་ཁྱབ་པའི་དོན་མིན་གྱི་སྲིད་པ་ལ་བསམ་པའོ། །ཞེས་ལན་འདེབས་སོ། །དེའི་ལན་དང་པོ་མི་རིགས་ཏེ། སེམས་ཙམ་པའི་ལུགས་ལ་དམིགས་པ་དང་རྣམ་པ་མ་གྲུབ་པའི་ཕྱིར་དང་། ཅི་སྟེ་དངོས་དམིགས་པ་གཟུང་བའི་རྣམ་པ་དང་། བརྒྱུད་པའི་དམིགས་པ་ཀུན་གཞི་ཡིན་པས་ཡིད་ཤེས་དེས་ཀུན་གཞི་སྐྱེད་པའི་བག་ཆགས་འཇོག་པར་རྟོག་ན་གཞན་གྱི་སེམས་དང་སེམས་བྱུང་ལ་དམིགས་པའི་ཡིད་ཤེས་ཀྱིས་ཀུན་གཞི་ལ་བཞག་པའི་བག་ཆགས་ཀྱང་གཞན་གྱི་ཤེས་པའི་རྒྱུའི་རྐྱེན་དུ་འགྱུར་བས་ན་འགྲོ་བ་ཀུན་གྱི་རྒྱུད་གཅིག་ཏུ་འགྱུར་རོ། །ཡང་རང་བཞིན་གྱི་རིགས་སྒྲིབ་པ་ཡིན་ན་བྱང་ཆུབ་སེམས་དཔའི་སར། རང་བཞིན་གྱི་རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་རོ་ཞེས་གསུངས་པ་དང་འགལ་ཞིང་། བསྡུ་བར་གསུངས་པ་ནི། སྒྲིབ་པའི་ས་བོན་སྲབ་པ་ཉིད་ཀྱིས་ཆོས་ཉིད་ཀྱི་ས་བོན་ཟག་མེད་ཡོད་པར་སྟོན་པ་ལ་དགོངས་པའོ། །ཟག་མེད་དང་པོ་ལ་རྒྱུའི་རྐྱེན་མེད་པའང་མི་རིགས་ཏེ། སྒྲིབ་པ་ཐམས་ཅད་དུ་སེམས་དང་སེམས་བྱུང་ཀུན་རྐྱེན་བཞི་ལས་སྐྱེ་བར་བཤད་པས་སོ། །གསུམ་པ་ནི། དོན་གསང་དུ། དེ་ནི་དེ་ལྟར་ཡིན་ཏེ། ཞེས་ཕྱོགས་དང་པོ་བཞག་ལ། འོན་ཀྱང་བག་ཆགས་ཐམས་ཅད་ཆོས་ཉིད་ཀྱིས་གནས་པ་ཡིན་པ་ནི་ཤེས་དཀའ་བས་ཕྱོགས་གསུམ་པ་རྙིང་པ་བརྟས་པར་བྱེད་པ་དང་། གསར་བ་སྐྱེད་པ་གཉིས་ཀ་ཡོད་པ་བཞག་བདེའོ། །འདི་ལ་དཔངས་ལོ་ཆེན་པོས་རྒྱུ་མཐུན་གྱི་དང་ཟག་མེད་ཀྱི་ས་བོན་རྙིང་པ་བརྟས་པར་བྱེད་ཅིང་། རྣམ་སྨིན་གྱི་བག་ཆགས་ནི་གསར་པ་འཇོག་པའོ་ཞེས་པ་ནི་མ་ངེས་པ་སྟེ། དེ་གཉིས་ལས་བཟློག་པ་དུ་མ་ཡོད་པའི་ཕྱིར། ཞེས་གསུངས་ཤིང་། དེའི་ཤེས་བྱེད་དུ་ཐོས་པའི་བག་ཆགས་ཆུང་ངུ་དང་། འབྲིང་དང་ཆེན་པོ་གསར་དུ་བཞག་པ་ཕྱིས་ཐོས་པས་གསོ་བ་ན་རྒྱུ་མཐུན་དང་ཟག་མེད་ཀྱི་ས་བོན་ལ་གསར་པ་གསོ་བར་གྲུབ་ཅིང་། ཐོས་པའི་བག་ཆགས་དེ་ཆོས་ཉིད་ཀྱིས་གནས་ན་འགྲོ་བ་ཀུན་ཐར་པའི་རིགས་སད་པར་ཐལ་པའི་ཕྱིར་རོ། །ཞེས་གསུངས་པ་ནི་གནད་འདི་ལ་ཤིན་ཏུ་ཆེན་པོ་དག་ཀྱང་འཁྲུལ་པར་མངོན་ཏེ། ཐེག་བསྡུས་ལས། ཐོས་པའི་བག་ཆགས་ཆུང་ངུ་དང་འབྲིང་དང་ཆེན་པོ་ལྔ་ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ། ཞེས་གསུངས་པའི་དོན་ནི། ཟག་མེད་ཀྱི་ས་བོན་ཆོས་ཉིད་ཀྱིས་གནས་པ་དེ་ཉིད་ཐོས་པའི་རྐྱེན་གྱི་གསོ་བར་བྱ་བ་ཡིན་པས་ན། ཐོས་པའི་བག་ཆགས་ཞེས་བཤད་པ་ཡིན་གྱི། ཐོས་པའི་རྐྱེན་གྱིས་གསར་དུ་བཞག་པའི་དོན་མ་ཡིན་པའི་ཕྱིར་རོ། །གཞན་དུ་ན་མདོ་སྡེ་པའི་ལུགས་ཀྱི་ཟག་མེད་ཀྱི་ས་བོན་དང་འདོད་ཚུལ་ཁྱད་པར་མེད་པར་ཐལ་བའི་ཕྱིར་རོ། །གསུམ་པ་མཚན་གཞི་གཏན་ལ་དབབ་པ་ནི། མདོར་ན་ཀུན་གཞིའི་རྣམ་པར་ཤེས་པ་ནི་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པས་མི་གསལ་ཞིང་ཡུལ་སྣང་བར་ནུས་ཙམ་པ། འཁོར་ཀུན་འགྲོ་ལྔ་ཁོ་ན་དང་ལྡན་པ། ཚོར་བ་བཏང་སྙོམས་ཁོ་ན་ཅན། ངོ་བོ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ། དུས་འཁོར་བ་ཇི་སྲིད་བར་མ་ཆད་པར་རྒྱུན་མ་ཆད་པར་འབྱུང་བ་སྟེ། སུམ་ཅུ་པར། དེ་ནི་ལེན་པ་དག་དང་གནས། །རྟག་ཏུ་རེག་དང་ཡིད་བྱེད་དང་། །རིགས་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །རེག་ལ་སོགས་པ་དེ་བཞིན་དུ། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །ཞེས་གསུངས་པས་སོ། །གསུམ་པ་དམིགས་པ་ནི། བསྡུ་བ་ལས། དེ་ལ་དམིགས་པས་འཇུག་པ་རྣམ་པར་བཞག་པ་གང་ཞེ་ན། མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་པ་ནི་དམིགས་པ་དང་རྣམ་པ་གཉིས་ཀྱིས་འཇུག་སྟེ། ནང་གི་ལེན་པ་རྣམ་པར་རིག་པ་དང་། ཕྱི་རོལ་གྱི་སྣོད་རྣམས་ཡོངས་སུ་མ་ཆད་པ་རྣམ་པར་རིག་པའོ། །དེ་ལ་ནང་གི་ལེན་པ་ནི་ཀུན་བཏགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང་། རྟེན་གཞི་བཅས་པའི་དབང་པོའི་གཟུགས་སོ། །དེ་ཡང་གཟུགས་ཅན་གྱི་ཁམས་ནའོ། །གཟུགས་ཅན་མ་ཡིན་པ་ན་ནི་བག་ཆགས་ལེན་པ་ཁོ་ནར་ཟད་དོ། །དེ་ལ་ཕྱི་རོལ་གྱི་སྣོད་རྣམས་ཡོངས་སུ་མ་ཆད་པ་རྣམ་པར་རིག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ནི་ལེན་པའི་དམིགས་པ་གང་ཡིན་པ་དེ་ཉིད་ལ་བརྟེན་ནས་རྟག་ཏུ་རྒྱུན་མི་ཆད་པར་འཇིག་རྟེན་དང་། སྣོད་ཀྱི་རྒྱུན་རྣམ་པར་རིག་པ་སྟེ་འདི་ལྟར་དཔེར་ན་མར་མེ་འབར་བ་ནི་སྙིང་པོ་དང་། སྣུམ་གྱི་རྒྱུས་ནི་ནང་དུ་འཇུག་པར་འགྱུར་ལ། ཕྱི་རོལ་དུ་ནི་འོད་འབྱུང་བར་བྱེད་པ་བཞིན་དུ་ནང་གི་ལེན་པའི་དམིགས་པ་དང་། ཕྱི་རོལ་གྱི་དམིགས་པ་འདི་ལ་ཡང་ཀུན་གཞིའི་རྣམ་པར་ཤེས་པའི་ཚུལ་འདི་དང་འདྲ་བ་བལྟ་བར་བྱ་སྟེ། དམིགས་པ་དེ་ནི་འཇིག་རྟེན་གྱི་མཁས་པ་དག་གིས་ཀྱང་ཡོངས་སུ་བཅད་པར་དཀའ་བའི་ཕྱིར་ཕྲ་བ་ཡིན་ནོ། །དམིགས་པ་དེ་ནི་རྟག་ཏུ་ཡོད་པ་ཡིན་ཏེ། ལན་འགའ་གཞན་དུ་འགྱུར་བ་མ་ཡིན་ནོ། །འོན་ཀྱང་དང་པོའི་སྐད་ཅིག་ལ་བརྟེན་ནས་ཇི་སྲིད་འཚོའི་བར་དུ་རྣམ་པར་རིག་པ་རོ་གཅིག་པ་འཇུག་པར་འགྱུར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་དེ་ནི་དམིགས་པ་ལ་སྐད་ཅིག་པ་ཡིན་པར་བལྟ་བར་བྱ་སྟེ། སྐད་ཅིག་པའི་རྒྱུན་གྱིས་འཇུག་པ་ཡིན་གྱི་གཅིག་པ་ཉིད་ནི་མ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་དེ་ཡང་འདོད་པའི་ཁམས་ན་ནི་རྒྱུ་ཆུང་ངུའི་དམིགས་པ་ཅན་དུ་བརྗོད་པར་བྱའོ། །གཟུགས་ཀྱི་ཁམས་ན་ནི་རྒྱུ་ཆེན་པོར་གྱུར་པའི་དམིགས་པ་ཅན་དུ་བརྗོད་པར་བྱའོ། །གཟུགས་མེད་པའི་ཁམས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ན་ནི་རྒྱུ་ཚད་མེད་པའི་དམིགས་པ་ཅན་ནོ། །ཅི་ཡང་མེད་པའི་སྐྱེ་མཆེད་ན་ནི་རྒྱུ་ཕྲ་བའི་དམིགས་པ་ཅན་ནོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ན་ནི་རྒྱུ་ཤིན་ཏུ་ཕྲ་བའི་དམིགས་པ་ཅན་དུ་བལྟ་བར་བྱའོ། །ཞེས་གསུངས་ཤིང་། དེའི་དོན་དབུས་མཐར། སེམས་སུ་སྣང་བའི་རྣམ་པར་ཤེས་པ་དང་། དོན་དུ་སྣང་བའི་རྣམ་པར་ཤེས་པ་ཞེས་གསུངས་ཤིང་། སུམ་ཅུ་པར། དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །ཞེས་གསུངས་སོ། །མདོར་བསྡུ་ན་ཀུན་གཞིའི་དམིགས་པ་ལ་ནང་གི་ཉེ་བར་ལེན་པ་དང་། ཕྱི་རོལ་གྱི་སྣོད་གཉིས། དང་པོ་ལ། བདག་དང་ཆོས་སུ་ཀུན་བཏགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང་། གནས་དང་བཅས་པའི་དབང་པོའི་གཟུགས་དང་། མིང་གཞིའི་ཕུང་པོ་དང་། དབང་པོའང་རང་དང་གཞན་གྱི་དབང་པོ་གཉིས་ཀ་ལ་དམིགས་ཏེ། དབུས་མཐའི་འགྲེལ་པར། སེམས་ཅན་དུ་སྣང་བ་ནི་དབང་པོ་ལྔར་བདག་དང་གཞན་གྱི་རྒྱུད་ལ་གང་ཡོད་པའོ་ཞེས་པས་སོ། །དེ་ཉིད་ནི་དོན་གསང་དུ། འདིའི་དམིགས་པ་ཅི་ཞེ་ན། ས་བོན་དང་མིག་ལ་སོགས་པ་དང་། གཟུགས་ལ་སོགས་པའོ། །ཞེས་གསུངས་ཤིང་། དེ་ཡང་གཟུགས་ཀྱི་ཁམས་སུ་སྟེ། གཟུགས་མེད་དུ་ནི་ས་བོན་དང་མིང་གཞིའི་ཕུང་པོ་ཙམ་ལ་དམིགས་པས་སོ། །སྣོད་ཀྱི་འཇིག་རྟེན་ལ་དམིགས་ཚུལ་རྒྱ་ཆེ་ཆུང་ལ་སོགས་པ་སྔ་རབས་པ་རྣམས་ཀྱིས་བཤད་པ་ནི་ཤེས་བྱེད་མེད་དེ། བསྡུ་བ་ལས། སྣོད་ཀྱི་འཇིག་རྟེན་ཡོངས་སུ་མ་ཆད་པ་ལ་དམིགས་པར་གསུངས་པའི་ཕྱིར་རོ། །འདིར་སྣོད་ཀྱི་འཇིག་རྟེན་དང་དབང་པོ་ལ་དམིགས་པར་གསུངས་པའི་དོན་ཡང་། ལས་ཀྱི་བག་ཆགས་ཀུན་གཞི་ལ་གནས་པས་བསྐྱེད་ནས་ཀུན་གཞི་ཉིད་སྣོད་དོན་དུ་སྣང་བ་སྟེ། བྷ་ར་ཏྲིའི་བྷ་རའི་བཤད་པ་བཤད་སྦྱར་དུ་དྲངས་པ། ནམ་མཁའ་ས་རླུང་ཉི་མ་དང་། །རྒྱ་མཚོ་རླུང་དང་ཕྱོགས་རྣམས་ནི། །ནང་གི་ཤེས་པའི་ངོ་བོ་ཡི། །ཆ་ལས་ཕྱི་རོལ་ལྟ་བུར་འདུག །ཅེས་གསུངས་སོ། །བཞི་པ་རྣམ་པ་ནི་བསྡུ་བར་སྔར་གྱི་དམིགས་པ་གཉིས་པོ་དེ་རྣམ་པར་རིག་པ་ཙམ་ལས་མ་གསུངས་ལ། སུམ་ཅུ་པར། དེའི་སྟེང་དུ་མི་རིག་པ་ཞེས་གསུངས་པ་ནི་མི་གསལ་བའི་རྣམ་པ་ཅན་ཞེས་བྱ་བའི་དོན་ནོ། །འདི་ལ་སྔ་རབས་པ་རྣམས་ཀྱིས་རྣམ་པ་ཁྲ་བོར་སྣང་བ་དང་། ཁྲ་བོ་མ་ཡིན་པར་སྣང་བ་གཉིས་ལས། དང་པོ་ནི། མིའི་འཇིག་རྟེན་ན་སྒོ་ལྔའི་རྣམ་ཤེས་ལ་ས་དང་ཆུ་ལ་སོགས་པར་སྣང་བ་བཞིན་དུ་ཀུན་གཞི་ལ་ཡང་དེ་ལྟར་སྣང་བ་དང་། དེ་བཞིན་དུ་ལྷའི་སྒོ་ལྔ་ལ། སྣོད་ཀྱི་འཇིག་རྟེན་གསེར་གྱི་ས་གཞི་དང་། དུད་འགྲོ་ལ་མུན་པའི་སྨག་རུམ་ལ་སོགས་པ་དང་། དམྱལ་བ་ལ་ལྕགས་བསྲེགས་ཀྱིས་ས་གཞི་ལ་སོགས་པ་དང་། ཡི་དྭགས་ལ་རྣག་ཁྲག་ལ་སོགས་པར་སྣང་བ་བཞིན་དུ། མིའི་ཀུན་གཞི་ལ་དེ་དག་ཐམས་ཅད་སྣང་ལ། དེ་བཞིན་དུ་འགྲོ་བ་རེ་རེའི་ཀུན་གཞི་ལ་ཡང་དེ་དག་ཐམས་ཅད་སྣང་བའོ། །གཉིས་པ་ནི། མིའི་ཀུན་གཞི་ལ་ངམ་གྲོག་དང་གཡང་ས་ལ་སོགས་པར་སྣང་བ་ནས། དམྱལ་བའི་ཀུན་གཞི་ལ་ལྕགས་བསྲེགས་ཀྱི་ས་གཞི་ཁོ་ནར་སྣང་གི་གཞན་མི་སྣང་བར་འདོད་པའོ། །དེ་གཉིས་གང་བདེ་ཞེ་ན། ཁ་ཅིག་ཁྲ་བོར་སྣང་བ་བདེ་སྟེ། དམིགས་རྣམ་ཡོངས་སུ་མ་ཆད་པ་དང་། གཟུང་བྱ་བརྟན་པར་གསལ་བའི་ཕྱིར་ཞེས་འདོད་དོ། །ལྔ་པ་མཚུངས་ལྡན་འཁོར་ནི། ཀུན་འགྲོ་ལྔ་ཁོ་ན་དང་མཚུངས་པར་ལྡན་པ་སྟེ། བསྡུ་བ་ལས། དེ་ལ་མཚུངས་པར་ལྡན་པས་འཇུག་པ་རྣམ་པར་གཞག་པ་གང་ཞེ་ན། འདི་ལ་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི་སེམས་དང་མཚུངས་པར་ལྡན་པ་ཀུན་འགྲོ་ལྔ་པོ་ཡིད་ལ་བྱེད་པ་དང་། ཚོར་བ་དང་། རེག་པ་དང་། འདུ་ཤེས་དང་། སེམས་པ་རྣམས་དང་མཚུངས་པར་ལྡན་ནོ། །ཆོས་དེ་དག་ཀྱང་རྣམ་པར་སྨིན་པས་བསྡུས་པ་དང་། འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བའི་ཕྲ་བ་དང་། གཏན་དུ་དམིགས་པ་གཅིག་ལ་མཚུངས་པར་འཇུག་པ་ཡིན་ནོ། །སེམས་ལས་བྱུང་བ་དེ་དག་ལས་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པ་དེ་ནི་གཅིག་ཏུ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་། ལུང་དུ་མ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱིས་དེ་ལས་གཞན་པའི་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་རྣམ་པར་བཤད་པ་ཡིན་ནོ། །ཞེས་དང་། དེ་དག་གི་དོན་བསྡུས་ནས་སུམ་ཅུ་པར། རྟག་ཏུ་དེ་དག་དང་ཡིད་བྱེད། །ཅེས་སོགས་གསུངས་པ་ཡིན་ནོ། །སེམས་བྱུང་གཞན་རྣམས་དང་མཚུངས་པར་མི་ལྡན་པའི་ཚུལ་ནི་མཚུངས་ལྡན་གྱི་འདུ་བྱེད་ཀྱི་སྐབས་སུ་བཤད་ཟིན་ཏོ། །དྲུག་པ་འཇུག་པའི་ཚུལ་ནི། ཀུན་གཞི་ཇི་སྲིད་འཁོར་བའི་བར་དུ་གཅིག་པུ་ཐ་དད་མེད་པའི་ཚུལ་གྱིས་འཇུག་གམ། མི་རྟག་པ་རྒྱུན་གྱི་ཚུལ་གྱིས་འཇུག་ཅེ་ན། དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །ཅེས་གསུངས་པས། མི་རྟག་པ་རྒྱུན་གྱི་ཚུལ་གྱིས་འཇུག་གོ །འདི་ལ་འཇུག་ཚུལ་གསུམ་སྟེ། སྐད་ཅིག་མའི་འཇུག་ཚུལ་དང་། སྐྱེ་བ་བརྒྱུད་མར་འཇུག་ཚུལ་དང་། ཚེ་གཅིག་གི་འཇུག་ཚུལ་ལོ། །དང་པོ་ནི། བསྡུ་བར། དམིགས་དང་མཚུངས་པར་ལྡན་པ་དང་། །གཅིག་གི་རྐྱེན་ནི་གཅིག་ཡིན་དང་། །ལྷན་ཅིག་དངོས་པོ་འཇུག་པ་དང་། །ཀུན་ནས་ཉོན་མོངས་ལྡོག་པ་ཡིན། །ཞེས་འཇུག་ཚུལ་བཞི་དང་། ལྡོག་ཚུལ་གཅིག་གསུངས་པའི། དང་པོ་དམིགས་པས་འཇུག་པ་ནི། ད་ལྟར་གྱི་ཀུན་གཞི་ནང་ཉེ་བར་ལེན་པ་དང་། ཕྱི་སྣོད་ཀྱི་འཇིག་རྟེན་ལ་དམིགས་ཏེ་འཇུག་པ་ལྟར་སྐད་ཅིག་གཉིས་པ་ཕན་ཆད་ཀྱང་དེ་གཉིས་ལ་དམིགས་ཏེ་འཇུག་པའོ། །གཉིས་པ་མཚུངས་པར་ལྡན་པས་འཇུག་པ་ནི། ད་ལྟར་གྱི་ཀུན་གཞི་ཀུན་འགྲོ་ཁོ་ན་དང་མཚུངས་པར་ལྡན་པ་ལྟར། སྐད་ཅིག་གཉིས་པ་ཕན་ཆད་ཀྱང་དེ་དང་མཚུངས་པར་ལྡན་པས་འཇུག་པའོ། །གསུམ་པ་གཅིག་གི་རྐྱེན་གཅིག་ཡིན་པས་འཇུག་པ་ནི། ད་ལྟར་གྱི་ཀུན་གཞིས་འཇུག་པའི་རྣམ་ཤེས་ལ་དགེ་མི་དགེ་ལུང་མ་བསྟན་དུ་འབྱུང་བའི་ས་བོན་གྱི་གཞི་བྱེད་པས་རྒྱུའི་རྐྱེན་དང་། ཀུན་གཞིས་ཟིན་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་རྣམ་ཤེས་ལྔ་སྐྱེ་བའི་རྟེན་བྱེད་པ་དང་། ཡིད་དང་། ཡིད་ཤེས་ཀྱི་གནས་བྱེད་པས་བདག་རྐྱེན་བྱེད་དོ། །ཡང་འཇུག་པའི་རྣམ་ཤེས་ཀྱིས་ཀྱང་ཀུན་གཞི་ལ་ཚེ་འདིར་འཇུག་པའི་རྣམ་ཤེས་དགེ་མི་དགེ་ལུང་མ་བསྟན་ཕྱི་མ་འབྱུང་བའི་རྒྱུ་མཐུན་གྱི་ས་བོན་གསོ་ཞིང་བརྟས་པར་བྱེད་པས་བདག་རྐྱེན་དང་། ཕྱི་མ་ལ་ཀུན་གཞི་ཉིད་འབྱུང་བའི་རྣམ་སྨིན་གྱི་ས་བོན་འཇོག་པའི་རྒྱུའི་རྐྱེན་བྱེད་པ་ལྟར་སྐད་ཅིག་གཉིས་པ་ཕན་ཆད་ཀྱང་འཇུག་པའི་རྣམ་ཤེས་དང་ཕན་ཚུན་རྐྱེན་གཉིས་བྱེད་པའི་ཚུལ་གྱིས་འཇུག་པ་སྟེ། ཆོས་མངོན་པའི་མདོར། ཆོས་ཀུན་རྣམ་པར་ཤེས་ལ་སྦྱོར། །དེ་རྣམས་ལ་ཡང་དེ་དེ་བཞིན། །ཕན་ཚུན་འབྲས་བུའི་དངོས་པོ་དང་། །རྒྱུ་ཡི་དངོས་པོར་རྟག་ཏུ་སྦྱོར། །ཞེས་དང་། བསྡུ་བ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ནི་ས་བོན་དང་ལྡན་པ་ཡིན་ནོ། །དེ་ལ་རྟེན་བྱེད་པ་ནི་ཀུན་གཞིའི་རྣམ་པར་ཤེས་པས་ཟིན་པའི་དབང་པོ་གཟུགས་ཅན་རྣམས་ལ་བརྟེན་ནས་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་འབྱུང་བར་འགྱུར་གྱི་མ་ཟིན་པ་དག་ལ་ནི་མ་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་རྟེན་མིག་ལ་སོགས་པ་དང་འདྲ་བར་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་བར་འགྱུར་ལ་མེད་ན་མ་ཡིན་ནོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ལས་ཀུན་གཞིའི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་པའི་ཚེ་འདི་ལ་ས་བོན་ཡོངས་སུ་རྟས་པར་བྱེད་པ་དང་། ཕྱི་མ་ལ་དེ་འགྲུབ་པའི་ས་བོན་ཡོངས་སུ་འཛིན་པ་སྐྱེད་པར་བྱེད་པས་སོ། །དེ་ལ་ཚེ་འདི་ལ་ས་བོན་ཡོངས་སུ་རྟས་པར་བྱེད་པ་ནི་ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་ནས་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་འབྱུང་བར་འགྱུར་བ་དེ་ལྟར་རང་གི་རྟེན་ལ་དེ་དང་ལྷན་ཅིག་སྐྱེ་བ་དང་འགགས་པས་བག་ཆགས་སྒོ་བར་བྱེད་དོ། །རྒྱུ་དེ་དང་རྐྱེན་དེས་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཕྱིར་ཞིང་ཕྱིར་ཞིང་དགེ་བ་ལ་སོགས་པའི་དངོས་པོ་ཤིན་ཏུ་འདྲིས་པ་དང་། ཤིན་ཏུ་སྦྱངས་པ་དང་། ཤིན་ཏུ་འོད་གསལ་བ་དག་ཏུ་འབྱུང་ངོ་། །དེའི་བག་ཆགས་ཀྱི་རིགས་གཞན་ནི་ཕྱི་མ་ལ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པའི་ཕྱིར་འཇུག་པར་འགྱུར་རོ། །ཞེས་གསུངས་སོ། །བཞི་པ་ལྷན་ཅིག་དངོས་པོ་འཇུག་པའི་ཚུལ་ལ་གསུམ་ལས། འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་པའི་དུས་སུ་ཡིད་དང་འཇུག གཟུགས་མེད་ཁམས་སུ་ཡིད་དང་ཡིད་ཀྱི་རྣམ་ཤེས་གཉིས་དང་འཇུག དེ་བཞིན་ཏུ་རྐྱེན་ཇི་ལྟ་བ་བཞིན་དུ་བདུན་གྱི་བར་དང་ལྷན་ཅིག་འཇུག་གོ །ཚོར་བ་གང་དང་ལྷན་ཅིག་འཇུག་པ་ནི་ཐམས་ཅད་དུ་ལྷན་ཅིག་སྐྱེས་པའི་ཚོར་བ་བཏང་སྙོམས་དང་། འགྲོ་བ་དང་ས་ཇི་ལྟ་བ་བཞིན་དུ་འཇུག་པའི་རྣམ་ཤེས་དང་མཚུངས་ལྡན་གྱི་བདེ་སྡུག་བཏང་སྙོམས་ཇི་ལྟར་རིགས་པ་དང་ལྷན་ཅིག་འཇུག་གོ །ཆོས་གང་དང་ལྷན་ཅིག་འཇུག་པ་ནི་སེམས་བྱུང་དགེ་མི་དགེ་ལུང་མ་བསྟན་ཅི་རིགས་པ་དང་ལྷན་ཅིག་འཇུག་ཅིང་། འདིར་ལྷན་ཅིག་འཇུག་པའི་དོན་ནི་ཅིག་ཅར་འབྱུང་བའི་དོན་ཡིན་གྱི་མཚུངས་པར་ལྡན་པའི་དོན་ནི་མ་ཡིན་ནོ། །བསྡུ་བ་ལས། འཇུག་པའི་རྣམ་པར་ཤེས་པ་དང་ལྷག་ཅིག་པའི་དངོས་པོ་དང་། ཚོར་བ་དང་ལྷན་ཅིག་པའི་དངོས་པོ་དང་། དགེ་བ་ལ་སོགས་པ་དང་ལྷན་ཅིག་པའི་དངོས་པོས་ཀྱང་རིག་པར་བྱའོ། །དེ་ལ་དང་པོ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ནི་རེས་འགའ་འཇུག་པའི་རྣམ་པར་ཤེས་པ་གཅིག་ཁོ་ན་དང་ལྷན་ཅིག་འཇུག་སྟེ། འདི་ལྟ་སྟེ་ཡིད་དོ། །འདི་ལྟར་ངར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། རློམ་སེམས་པའི་རྣམ་པ་ཅན་གྱི་ཡིད་གང་ཡིན་པ་དེ་ནི་སེམས་ཡོད་པ་དང་། སེམས་མེད་པའི་གནས་སྐབས་དག་ན་ཡང་རྟག་ཏུ་ཀུན་གཞིའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་ངའོ་སྙམ་པ་དང་། བདག་གོ་སྙམ་དུ་དམིགས་ཤིང་རློམ་པའི་རྣམ་པར་ཅན་ཡིན་ནོ། །རེས་འགའ་ནི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་དང་ལྷན་ཅིག་འབྱུང་ཞིང་འཇུག་གོ །རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལ་ཡང་གང་ཡང་རུང་བ་གཅིག་དང་གསུམ་དང་ངོ་། །རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་དང་ལྷན་ཅིག་འབྱུང་བ་དང་བདུན་གྱི་བར་དག་དང་ལྷན་ཅིག་འབྱུང་ཞིང་འཇུག་གོ །ཀུན་གཞིའི་རྣམ་པར་ཤེས་པ་དེ་ཡང་རེས་འགའ་ནི་བདེ་བ་དང་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་རྣམས་དང་འདྲེས་མར་འཇུག་སྟེ། འཇུག་པའི་རྣམ་པར་ཤེས་པ་ལ་བརྟེན་ནས་ཚོར་བ་གང་ཡིན་པ་དག་དེ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །དེ་ལ་མི་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་། དུད་འགྲོ་དང་ཡི་དྭགས་ཁ་ཅིག་གི་ནང་ན་ནི་ལྷན་ཅིག་སྐྱེས་པའི་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་དང་། འཇུག་པའི་རྣམ་པར་ཤེས་པའི་ཚོགས་ཀྱི་བདེ་བའམ་སྡུག་བསྔལ་བའམ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་དེ་དག་གི་རྒྱུན་འདྲེས་མར་ལྷན་ཅིག་ཏུ་འབྱུང་ཞིང་འཇུག་གོ །སེམས་ཅན་དམྱལ་བ་པ་དག་གི་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཟིལ་གྱིས་མནན་ཏེ་སྡུག་བསྔལ་གྱི་རྒྱུན་འབའ་ཞིག་མ་འདྲེས་པ་དེ་ཉིད་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ཡང་ཟིལ་གྱིས་མནན་པའི་ཕྱིར། རྟོགས་པར་དཀའ་བ་ཡིན་པར་བལྟའོ། །སེམས་ཅན་དམྱལ་བ་པ་དག་ན་སྡུག་བསྔལ་དང་ཇི་ལྟ་བ་དེ་བཞིན་ཏུ་བསམ་གཏན་གྱི་ས་པའི་ལྷ་རྣམས་ནི་བདེ་བ་དང་ངོ་། །བསམ་གཏན་བཞི་པ་ཡན་ཆད་སྲིད་པའི་རྩེ་མོའི་བར་དག་ལ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ངོ་། །ཀུན་གཞིའི་རྣམ་པར་ཤེས་པ་ནི་རེས་འགའ་འཇུག་པའི་རྣམ་པར་ཤེས་པར་གཏོགས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་དང་། ལྷན་ཅིག་འབྱུང་ཞིང་འཇུག་སྟེ། ཞེས་གསུངས་པ་ལྟར་རོ། །གཉིས་པ་སྐྱེ་བ་བརྒྱུད་མར་འཇུག་པའི་ཚུལ་ནི། ཚེ་འདིའི་ཀུན་གཞི་ལས་ཀྱི་བག་ཆགས་ཀྱི་བག་ཆགས་གྲོགས་འཛིན་པ་གཉིས་དང་བཅས་པའི་ལས་ཀྱི་རྣམ་པར་སྨིན་པ་དེ་ཟད་ནས་ལས་ཀྱི་བག་ཆགས་གཟུང་འཛིན་གྱི་བག་ཆགས་ཀྱིས་བརྟས་ནས་ཚེ་ཕྱི་མའི་ཀུན་གཞི་འཇུག་ཅིང་། དེ་ཉིད་ཟད་ནས་ཡང་ཕྱི་མ་ལ་སོགས་པ་འཇུག་པ་སྟེ། སུམ་ཅུ་པར། ལས་ཀྱི་བག་ཆགས་འཛིན་གཉིས་ཀྱི། །བག་ཆགས་བཅས་པ་སྔ་མ་ཡི། །རྣམ་པར་སྨིན་པ་ཟད་ནས་གཞན། །རྣམ་སྨིན་སྐྱེད་པ་དེ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ཚེ་གཅིག་གི་འཇུག་ཚུལ་ནི། དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །ཞེས་པ་སྟེ། འདོད་གཟུགས་སུ་བར་དོའི་ལུས་བླངས་པའི་སྐད་ཅིག་དང་པོ་དང་། གཟུགས་མེད་དུ་མིང་གཞིའི་ཕུང་པོ་གྲུབ་པའི་སྐད་ཅིག་དང་པོ་ནས་བཟུང་སྟེ། ཇི་སྲིད་མ་ཤིའི་བར་དུ་སྐད་ཅིག་ཀྱང་རྒྱུན་མི་ཆད་པར་འཇུག་པའོ། །བར་དོར་ཞག་བདུན་བདུན་ནས་འཆི་ཐེབས་རེ་རེ་བྱེད་པའི་ཚེ་ན། བར་དོར་རིགས་མི་མཐུན་ལེན་ན་ཚེ་དེ་ཉིད་ཀྱི་ཀུན་གཞི་འགགས་ཤིང་། བར་དོར་རིགས་མི་མཐུན་མི་ལེན་ན་ནི་ཚེ་དེ་ཉིད་ཀྱི་ཀུན་གཞིའི་རྒྱུན་མི་འགགས་ཏེ། ལས་ཀྱི་འཕེན་པ་གཅིག་གིས་བསྡུས་པའི་རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར། དཔེར་ན་བར་དོར་ཤི་ནས་སྐྱེ་སྲིད་བླངས་ཀྱང་ཀུན་གཞི་མི་འགགས་པ་བཞིན་ནོ། །བདུན་པ་ལྡོག་པའི་ཚུལ་ལ་གཉིས་ཏེ། དངོས་དང་། རྩོད་པ་སྤང་བའོ། །དང་པོ་ལ་རྣམ་སྨིན་གྱི་ཆའི་ལྡོག་ཚུལ་དང་། ས་བོན་གྱི་ཆའི་ལྡོག་ཚུལ་གཉིས། དང་པོ་ནི། དངོས་སྨྲ་བ་རྣམས་ཕུང་པོ་ལྷག་མེད་ཀྱི་མྱང་འདས་ཀྱི་སྐབས་སུ་ལྡོག་པ་འདོད་ཅིང་། ཐེག་ཆེན་པ་ལ་ལ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྗེས་ལ་མེ་ལོང་ཡེ་ཤེས་སུ་གནས་གྱུར་པ་ན་ལྡོག་སྟེ། སློབ་དཔོན་ཙནྡྲ་གོ་མིས། གང་ཡང་ཀུན་གཞིའི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །ཞེས་གསུངས་སོ། །གཉིས་པ་ལ་མི་དགེ་བའི་ས་བོན་འགའ་ཞིག་ལས་སྒྲིབ་ཟད་བྱེད་ཀྱི་གཉེན་པོ་གོམས་པ་ན་ལྡོག རྣམ་སྨིན་གྱི་ས་བོན་འགའ་ཞིག་དེའི་འབྲས་བུ་ཕྱུང་བ་ན་ལྡོག མཐོང་སྤང་གི་ས་བོན་མཐོང་ལམ་སྐྱེས་པ་ན་ལྡོག སྒོམ་སྤང་གི་ས་བོན་སྒོམ་ལམ་སྐྱེས་པ་ན་ལྡོག་གོ །དགེ་བའི་ས་བོན་དང་། ལུང་མ་བསྟན་གྱི་ས་བོན་ནི་ལྷག་མེད་ཀྱི་མྱང་འདས་སུ་ལྡོག་པར་འདོད་ཅིང་། བྱང་ཆུབ་སེམས་དཔའ་ནི་གནས་གྱུར་པ་ན་ལྡོག་གོ །ཟག་མེད་ཀྱི་ས་བོན་ཕུང་པོ་ལྷག་མེད་དུ་ལྡོག་པར་འདོད་ཅིང་། ལང་གཤེགས་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི། །རྣམ་ཤེས་བདུན་དང་ལྡན་པ་ཡང་། །འཛིན་པ་གཉིས་ཀྱི་རབ་འཇུག་སྟེ། །ཡོངས་སུ་ཤེས་པས་ལྡོག་པར་འགྱུར། །ཞེས་དང་། བསྡུ་བ་ལས། ཀུན་གཞིའི་རྣམ་པར་ཤེས་པ་དེ་དགེ་བའི་ཆོས་རྣམས་ཀྱི་སྒོམ་པས་རྣམ་པར་ལྡོག་པར་རིག་པར་བྱའོ། །ཞེས་དང་། གནས་གྱུར་མ་ཐག་ཏུ་ཀུན་གཞིའི་རྣམ་པར་ཤེས་པ་སྤངས་པར་རིགས་པར་བྱ་སྟེ། ཞེས་དང་། སུམ་ཅུ་པར། དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་གསུངས་སོ། །དེས་ན་བསྡུ་བ་ལས་མུ་བཞི་གསུངས་ཏེ། ཀུན་གཞི་ཡོད་ཅིང་འཇུག་པའི་རྣམ་ཤེས་མེད་པ་ནི་སེམས་མེད་པའི་གནས་སྐབས་ལྔའོ། །ལྡོག་པ་ནི་སེམས་ཡོད་པའི་གནས་སྐབས་ཀྱི་མི་སློབ་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའོ། །གཉིས་ཀ་ཡོད་པ་ནི་དེ་ལས་གཞན་པའི་སེམས་ཡོད་པའི་གནས་སྐབས་སོ། །གཉིས་ཀ་མེད་པ་ནི་མི་སློབ་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་འགོག་པ་ལ་བཞུགས་པ་དང་། ཕུང་པོ་ལྷག་མེད་ཀྱི་མྱང་འདས་སོ། །གཉིས་པ་རྩོད་པ་སྤང་བ་ནི། འོ་ན་ཐེག་ཆེན་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་དང་། ཐེག་དམན་ལ་ཕུང་པོ་ལྷག་མེད་དུ་ཀུན་གཞི་ལྡོག་གི་དེ་ལས་སྔར་མི་ལྡོག་ན་བསྡུ་བ་དང་། སུམ་ཅུ་པའི་ལུང་དེ་དང་། དོན་གསང་དུ། ས་བརྒྱད་པ་ཡན་ཆད་དང་། ཉན་རང་དགྲ་བཅོམ་ལ་ཀུན་གཞི་མེད་པར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་དག་གི་དོན་ནི་ཉོན་ཡིད་མེད་པས་ཉོན་མོངས་པའི་ས་བོན་ཡོད་ཀྱང་མངོན་གྱུར་མི་སྐྱེ་བ་དང་། ཉོན་མོངས་པའི་ས་བོན་གཏན་ལོགས་པ་ལ་དགོངས་པའི་ཕྱིར་རོ། །ཡང་ས་བོན་གྱི་ཆ་ལོག་ན་དེ་དང་ངོ་བོ་གཅིག་པའི་རྣམ་སྨིན་གྱི་ཆ་ལྡོག་གམ་མི་ལྡོག ལྡོག་ན་ས་བོན་གྱི་ཆ་ལྡོག་ནས་རྣམ་སྨིན་གྱི་ཆ་ཡོད་པའི་རྣམ་གཞག་དང་འགལ་ལ། མི་ལྡོག་ན་ངོ་བོ་གཅིག་པར་འགལ་ལོ་ཞེ་ན། འདིའི་ལན་ལ་སྔ་རབས་པ་རྣམས་དེ་གཉིས་རང་བཞིན་ངོ་བོ་གཅིག་པ་མ་ཡིན་ལ་གནས་སྐབས་ངོ་བོ་གཅིག་ཀྱང་ལྡོག་མི་ལྡོག་གི་ཆ་གཉིས་ཡོད་པ་མི་འགལ་ལོ། །ཞེས་པ་དང་། ས་བོན་གྱི་ཆ་ལྡོག་པའི་ཚེ་དེ་དང་ངོ་བོ་གཅིག་པའི་རྣམ་སྨིན་གྱི་ཆ་ལྡོག་ཀྱང་དེའི་རྒྱུན་ཡོད་པ་མི་འགལ་ཞེས་པའི་ལུགས་གཉིས་ལས། དང་པོ་མི་འཐད་དེ། རང་བཞིན་ངོ་བོ་མི་གཅིག་ཀྱང་གནས་སྐབས་ངོ་བོ་གཅིག་པའི་དོན་རང་བཞིན་རྒྱུན་དང་། གནས་སྐབས་སྐད་ཅིག་ལ་འཇོག་པ་འཐད་ན་རུང་བ་ཙམ་སྣང་ཡང་དེའི་ཁྱད་པར་མི་འཐད་པའི་ཕྱིར་རོ། །གཉིས་པ་ལ་ཡང་། ས་བོན་གྱི་ཆ་ལྡོག་པའི་ཚེ་ཆ་མེད་དང་ངོ་བོ་གཅིག་པའི་རྣམ་སྨིན་གྱི་ཆ་ལྡོག་ཅེས་པ་ཡང་ཅུང་མི་འཐད་དེ། ལྡོག་པའི་དོན་འགགས་པ་ལ་བྱེད་ན་སྐད་ཅིག་རེ་རེ་བཞིན་ཏུ་ལྡོག་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་དང་། རྒྱུན་འགགས་པ་ལ་བྱེད་ན་ས་བོན་གྱི་ཆ་དང་ངོ་བོ་གཅིག་པའི་རྣམ་སྨིན་གྱི་ཆའི་རྒྱུན་མེད་པ་མི་གྲུབ་པའི་ཕྱིར། འོ་ན་ཇི་ལྟར་ཞེ་ན། ངོ་བོ་གཅིག་པ་སྐད་ཅིག་གི་ཆ་ལ་འཇོག་ཅིང་ལྡོག་པ་རྒྱུན་གྱི་ཆ་ལ་འཇོག་པས་རྒྱུན་རིང་ཐུང་བྱུང་བ་ཙམ་གྱིས་ད་ལྟར་གྱི་སྐད་ཅིག་ངོ་བོ་གཅིག་པ་ཙམ་ལ་ཅུང་ཟད་ཀྱང་མི་གནོད་དེ། ལྕགས་གོང་མེར་འབར་བར་གྱུར་པའི་ཚེ་ད་ལྟར་ངོ་བོ་གཅིག་ཀྱང་མེ་དང་ལྕགས་གཉིས་ལ་རྒྱུན་རིང་ཐུང་གི་ཁྱད་པར་ཡོད་པས་མེ་ལྡོག་ནས་ལྕགས་གནས་པ་བཞིན་ནོ། །བརྒྱད་པ་རབ་ཏུ་དབྱེ་བ་ལ། ས་བོན་གྱི་ཆ་དང་། རྣམ་སྨིན་གྱི་ཆ་གཉིས། དང་པོ་ལ་གསུམ་སྟེ། མངོན་པར་བརྗོད་པའི་བག་ཆགས། བདག་ཏུ་ལྟ་བའི་བག་ཆགས། སྲིད་པའི་ཡན་ལག་གི་བག་ཆགས་སོ། །གཉིས་པ་ལ་ཁམས་ཀྱི་སྒོ་ནས་དབྱེ་ན། འདོད་པ། གཟུགས། གཟུགས་མེད་ཀྱི་ཀུན་གཞི་དང་གསུམ། སའི་སྒོ་ནས་དབྱེ་ན། འདོད་པའི་ཀུན་གཞི་ནས་སྲིད་རྩེའི་ཀུན་གཞིའི་བར་དགུའོ། །ཡང་ཀུན་གཞི་ལ་དབྱེ་ན་བཞི་སྟེ། འཕེན་པས་དབྱེ་བ་དང་། རྣམ་པར་སྨིན་པས་དབྱེ་བ་དང་། རྒྱུ་ཉིད་ཀྱིས་དབྱེ་བ་དང་། མཚན་ཉིད་ཀྱིས་དབྱེ་བའོ། །དང་པོ་ནི་ས་བོན་གྱི་ཆ་དང་། གཉིས་པ་ནི་རྣམ་སྨིན་གྱི་ཆ་དང་། གསུམ་པ་ནི་ཉོན་ཡིད་ཀྱིས་བདག་ཏུ་འཛིན་པའི་རྒྱུ་བྱེད་པའི་ཆ་དང་། བཞི་པ་ནི་སྔར་བཤད་པའི་མཚན་ཉིད་གསུམ་མོ། །དགུ་པ་རྣམ་གྲངས་ལ་གཉིས་ཏེ། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ལ་རྣམ་བཤད་གཞན་དང་ཐུན་མོང་བ་དང་། ཐེག་པ་གཞན་དང་ཐུན་མོང་བ་གཉིས་ལས། དང་པོ་ནི། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཞེས་པ་སྟེ། དགེ་སློང་བློ་གྲོས་སྐྱེས་ལས་བརྩམས་པའི་མདོ་ལས། སེམས་དང་ཡིད་དང་རྣམ་པར་ཤེས། །ཞེས་བཀའ་སྩལ་པ་ལྟ་བུའོ། །གཉིས་པ་ནི། འཁོར་འདས་ཀུན་གྱི་གཞི་བྱེད་པས་ན་ཀུན་གཞི་ཞེས་པའོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ། ཐེག་ཆེན་གྱི་ལུང་ལ་གྲགས་པ་དང་། ཉན་ཐོས་ཀྱི་ལུང་ལ་གྲགས་པའོ། །དང་པོ་ནི། ཤེས་བྱའི་གནས། ལེན་པའི་རྣམ་པར་ཤེས་པ། ས་བོན་ཐམས་ཅད་པའི་རྣམ་པར་ཤེས་པ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ། ཀུན་གཞིའི་རྣམ་པར་ཤེས་པ་རྣམས་སོ། །གཉིས་པ་ནི། རྩ་བའི་རྣམ་ཤེས་དང་། སྲིད་པའི་ཡན་ལག་གི་རྣམ་ཤེས་དང་། འཁོར་བ་ཇི་སྲིད་པའི་ཕུང་པོ་རྣམས་སོ། །བཅུ་པ་སྒྲ་དོན་ནི། ཐུན་མོང་བའི་རྣམ་གྲངས་ཀྱི་སྒྲ་དོན་བཤད་ཟིན་ལ། ཐུན་མོང་མ་ཡིན་པའི་རྣམ་གྲངས་ཀྱི་སྒྲ་དོན་ནི་ཤེས་བྱ་ངོ་བོ་ཉིད་གསུམ་གྱི་གནས་ཡིན་པས་ན་ཤེས་བྱའི་གནས། ལུས་མ་གྲུབ་པ་གྲུབ་པ་དང་། གྲུབ་པ་གནས་པར་བྱེད་པའི་ཚུལ་གྱིས་ལེན་པས་ན་ལེན་པའི་རྣམ་ཤེས། བག་ཆགས་བསྒོ་བའི་གཞི་ཡིན་པས་ན་ས་བོན་ཐམས་ཅད་པའི་རྣམ་ཤེས། ཚེ་སྔ་མའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པས་ན་རྣམ་པར་སྨིན་པའི་རྣམ་ཤེས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཀུན་གྱི་གཞི་བྱེད་པས་ན་ཀུན་གཞིའི་རྣམ་ཤེས། ཤིང་གི་རྩ་བ་ལྟར་རྣམ་ཤེས་གཞན་གྱི་རྒྱུ་བྱེད་པས་ན་རྩ་བའི་རྣམ་ཤེས། སྲིད་པའི་རྒྱུ་ཡིན་པས་སྲིད་པའི་ཡན་ལག་གི་རྣམ་ཤེས། འཁོར་བ་ཇི་སྲིད་པའི་བར་དུ་རྒྱུན་མི་ཆད་པས་ན་འཁོར་བ་ཇི་སྲིད་པའི་ཕུང་པོའོ། །བཅུ་གཅིག་པ་སྒྲུབ་པར་བྱེད་པའི་ཚད་མ་ལ་གཉིས་ཏེ། ལུང་དང་། རིག་པའོ། །དང་པོ་ནི། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལུང་ནི་རྒྱན་སྟུག་པོ་བཀོད་པ་ལས། ཇི་ལྟར་ཟླ་བ་སྐར་ཚོགས་དང་། །ལྷན་ཅིག་མཁའ་ལ་གནས་པ་ལྟར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །རླབས་བདུན་རྣམས་དང་ལྷན་ཅིག་གནས། །ཞེས་དང་། ཆོས་མངོན་པའི་མདོར། ཐོག་མ་མེད་པའི་དུས་ཅན་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་འཐོབ་པར་འགྱུར། །ཞེས་དང་། ཡང་དེ་ཉིད་ལས། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞིའི་རྣམ་ཤེས་ནི། །དམ་པ་རྣམས་ལ་ངས་བཤད་དོ། །ཞེས་དང་། མདོ་དགོངས་པ་ངེས་པར་འགྲེལ་པར། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོགས་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་དང་། དེ་ཉིད་ལས། རེས་འགའ་ནི་རྣམ་པར་ཤེས་པ་གཅིག་དང་སྟེ་ཡིད་དོ། །རེས་འགའ་ནི་གཉིས་དང་སྟེ་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ངོ་། །རེས་འགའ་ནི་འཇུག་པའི་རྣམ་ཤེས་ཚོགས་བདུན་དང་ལྷན་ཅིག་འཇུག་གོ །ཞེས་དང་། ལང་ཀར་གཤེགས་པར། སེམས་དང་ཡིད་དང་རྣམ་པར་ཤེས། །མཚན་ཉིད་དོན་དུ་རབ་ཏུ་བརྟག །བརྒྱད་པ་མཚན་ཉིད་ཐ་དད་མེད། །མཚན་གཞི་མེད་ཅིང་མཚན་ཉིད་མེད། །ཅེས་དང་། ཡང་དེ་ཉིད་དུ། དེ་བཞིན་གཤེགས་པའི་སྙིང་པོ་ནི། །རྣམ་ཤེས་བདུན་དང་ཡང་དག་ལྡན། །འཛིན་པ་གཉིས་ཀྱིས་རབ་འཇུག་སྟེ། །ཡོངས་སུ་ཤེས་པས་ལྡོག་པར་འགྱུར། །ཞེས་དང་། ཡང་དེ་ཉིད་ལས། བློ་གྲོས་ཆེན་པོ་ཀུན་གཞིའི་རྣམ་པར་ཤེས་པ་ཆུ་ཀླུང་ལྟ་བུ་ལས་འཇུག་པའི་རྣམ་པར་ཤེས་པའི་རླབས་འབྱུང་ངོ་། །ཞེས་བཀའ་སྩལ་ཏོ། །ཉན་ཐོས་ཀྱི་ཐེག་པ་ཐུན་མོང་མ་ཡིན་པའི་ལུང་ནི། གཅིག་ལས་འཕྲོས་པའི་ལུང་། དེ་བཞིན་གཤེགས་པ་འབྱུང་བའི་ཕན་ཡོན་རྣམ་པ་བཞིའི་མདོ་ལས། སྐྱེ་རྒུ་ཀུན་གཞི་ལ་ཀུན་ཏུ་དགའ་བ། ཀུན་གཞི་ལས་ཡང་དག་པར་འབྱུང་བ། ཀུན་གཞི་ལ་མངོན་པར་དགའ་བ་ཅན་དག་ལ་ཀུན་གཞི་སྤང་བའི་ཕྱིར་ཆོས་བསྟན་ན་ཉན་འདོད་ལ་རྣ་བ་ཀུན་གཏོད་ཤེས་པར་བྱེད་པའི་སེམས་ཉེ་བར་འཇོག་ཅིང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་སྟེ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འདིའང་འཇིག་རྟེན་དུ་འབྱུང་ཞེས་བཀའ་སྩལ་ཏེ། དེ་ལ་བཙུན་པ་དབྱིག་བཤེས་ན་རེ། ཉེར་ལེན་གྱི་ཕུང་པོ་ལ་ཀུན་གཞི་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མིན་ཏེ་དེ་ལ་ནི་ཤིན་ཏུ་སྡུག་བསྔལ་བའི་ངན་སོང་བའི་འགྲོ་བ་རྣམས་དགའ་ཞིང་སྦྱོར་བ་མེད་པའི་ཕྱིར་ཏེ། དེ་རྣམས་དེ་དང་འབྲལ་བར་འདོད་པའི་ཕྱིར་རོ། །བཙུན་པ་མིའུ་ཐུང་ན་རེ། བདེ་བའི་ཚོར་བ་འདོད་ཆགས་དང་བཅས་པ་ཀུན་གཞི་ཡིན་ནོ་ཞེས་ཟེར་ཏེ། དེ་ཡང་མི་འཐད་དེ། དེ་བསམ་གཏན་བཞི་པ་ཡན་ཆད་ན་མེད་པའི་ཕྱིར། བཙུན་པ་དབྱངས་སྒྲོགས་ན་རེ། འཇིག་ཚོགས་ལ་ལྟ་བ་ཀུན་གཞི་ཡིན་ནོ་ཞེས་ཟེར་ཏེ། དེ་ཡང་མ་ཡིན་ཏེ། ཆོས་འདི་པ་བདག་མེད་པ་ལ་མོས་པ་རྣམས་དང་མི་མཐུན་པས་དེ་རྣམས་ཀུན་ཏུ་དགའ་བ་མེད་པས་སོ། །ཡང་དགེ་འདུན་ཕལ་ཆེན་པའི་ལུང་ལས་ཀྱང་། རྩ་བའི་རྣམ་པར་ཤེས་པ་ཞེས་འབྱུང་བ་དང་། ས་སྟོན་སྡེ་པའི་ལུང་ལས་ཀྱང་། འཁོར་བ་ཇི་སྲིད་པའི་ཕུང་པོ་ཞེས་འབྱུང་། འཕགས་པ་གནས་བརྟན་པ་རྣམས་ཀྱི་ལུང་ལས་ཀྱང་། སྲིད་པའི་ཡན་ལག་ལྟ་བ་དང་། །ཤེས་པ་དང་ནི་གཏོད་པ་དང་། །གཡོ་བ་དང་ནི་རྟོགས་པ་དང་། །བདུན་པ་འཇུག་པར་བྱེད་པ་ཡིན། །ཞེས་འབྱུང་ལ། དེ་ལ་སྲིད་པའི་ཡན་ལག་ནི་ཀུན་གཞི་ལས་གཞན་དུ་མི་འཐད་དེ། དེ་ལས་གཞན་དག་གིས་ནི་ལུས་ལེན་པ་སོགས་བྱེད་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་རིག་པ་ནི། རིག་པ་དང་བྲལ་བའི་ལུང་ལ་ནི་དད་པས་རྗེས་སུ་འབྲང་བ་རྣམས་ཀྱང་ཡིད་ཆེས་པར་མི་འགྱུར་ན་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་རིག་པ་བརྗོད་དགོས་ཤེ་ན་འདི་ལ་གསུམ་སྟེ། བསྡུ་བར་འབྱུང་བའི་རིག་པ་བརྒྱད། ཐེག་བསྡུས་སུ་འབྱུང་བའི་རིག་པ་ལྔ། པན་ཀན་དུ་འབྱུང་བའི་རིག་པ་བཞི་བཤད་པའོ། །དང་པོ་ནི། རྣམ་པར་ངེས་པ་བསྡུ་བར། ལེན་དང་དོགས་པ་བསལ་བ་དང་། །ས་བོན་ལས་དང་ལུས་ཚོར་དང་། །སེམས་མེད་སྙོམས་པར་འཇུག་པ་དང་། །དེ་བཞིན་འཆི་འཕོ་མི་རུང་འགྱུར། །ཞེས་གསུངས་ཏེ། དེ་ལ་དང་པོར། སེམས་ཅན་གྱི་རྒྱུད་ཆོས་ཅན། ལུས་ལེན་པ་མེད་པར་ཐལ། ཀུན་གཞིའི་རྣམ་པར་ཤེས་པ་མེད་པའི་ཕྱིར། ཅི་སྟེ་མ་ངེས་ཏེ། འཇུག་པའི་རྣམ་ཤེས་ཚོགས་དྲུག་གིས་ལེན་ཞེ་ན། དེ་ནི་རྒྱུ་ལྔས་མི་རུང་སྟེ། ཀུན་གཞི་སྔོན་སྐྱེ་བ་སྔ་མའི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་ཞིང་། འཇུག་ཤེས་རྣམས་ནི་ད་ལྟ་བ་ཚེ་དེ་པའི་རྐྱེན་ལས་འབྱུང་བས་ན་ལུས་དེ་ལེན་དུས་ན་མ་སྐྱེས་ནས་མེད་པའི་ཕྱིར་ཏེ། ཇི་སྐད་དུ། དབང་པོ་དང་ཡུལ་དང་ཡིད་ལ་བྱེད་པའི་དབང་གིས་རྣམ་པར་ཤེས་པ་རྣམས་འཇུག་པར་འགྱུར་རོ་ཞེས་སྡེ་པ་ལ་གྲགས་པའི་ལུང་དུ་མར་བཀའ་སྩལ་པ་ལྟ་བུའོ། །འོ་ན་རྣམ་ཤེས་ཀྱི་ཡན་ལག་རྣམ་པར་འབྱེད་པ་ན། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཅི་ཞེ་ན། རྣམ་པར་ཤེས་པ་ཚོགས་དྲུག་རྣམས་སོ་ཞེས་བཀའ་སྩལ་པ་ཇི་ལྟར་ཞེ་ན། འཇུག་ཤེས་དྲུག་རྣམས་ཀྱི་ས་བོན་གྱི་རྣམ་པར་ཤེས་པ་ལ་དགོངས་ནས་རྗེས་སུ་ཞུགས་པའི་ཚུལ་གྱིས་འབྲས་བུས་རྒྱུ་སྟོན་པ་བཀྲེས་སྐོམ་གྱི་རེག་བྱ་ལྟ་བུའོ། །ཞེས་སོ། །དང་པོའོ། །ཡང་འཇུག་ཤེས་དྲུག་ནི་དགེ་མི་དགེར་དམིགས་པས་སྔོན་གྱི་འདུ་བྱེད་ཀྱི་རྒྱུ་ལས་མ་བྱུང་སྟེ་འབྱུང་ན་ནི་རྣམ་སྨིན་ཡིན་པར་ལུང་མ་བསྟན་ཁོ་ནར་འགྱུར་དགོས་སོ་ཞེས་སོ། །གཉིས་པའོ། །ཡང་འཇུག་ཤེས་དྲུག་ལ་མཐའ་གཅིག་ཏུ་ལུང་དུ་མ་བསྟན་པ་རྣམ་སྨིན་གྱིས་བསྡུས་པ་མེད་དེ། དེ་ལྟ་བུ་སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར། དེས་ན་སྔོན་གྱི་ལས་ཀྱི་རྒྱུ་ལས་མ་བྱུང་བས་ལུས་ལེན་བྱེད་དུ་མི་འཐད་དོ། །གསུམ་པའོ། །ཡང་འཇུག་ཤེས་དྲུག་ནི་གནས་སོ་སོར་ངེས་པས་ན་ལུས་ལེན་ཅིང་འཛིན་པར་མི་རུང་སྟེ། གནས་གང་དང་གང་ལས་མིག་ཤེས་སོགས་འབྱུང་བ་དེ་དང་དེ་ཤེས་པས་ཟིན་གྱིས་གཞན་མ་ཟིན་པས་རོ་ལྟར་འགྱུར་རོ། །མི་འགྱུར་ཏེ། ལུས་ཀྱི་དབང་པོས་ཀུན་ལ་ཁྱབ་པ་ལས་དབང་པོས་འཛིན་སྙམ་ན། ལུས་དབང་དེ་ལུས་གཞན་འཛིན་བྱེད་དུ་མི་རུང་སྟེ། རང་ཉིད་ཀྱང་ཤེས་པ་དང་བྲལ་བས་ན་མ་ཟིན་པའི་ཕྱིར་རོ། །དེ་ལྟར་ན་ལུས་ཀྱིས་གང་རེག་བྱ་འཇལ་བ་དེ་ལུས་ཤེས་ཀྱིས་ཟིན་དུ་ཆུག་ཀྱང་གཞན་མ་ཟིན་པར་འགྱུར་བས་སོ། །བཞི་པའོ། །ཡང་དང་ཡང་དུ་ལུས་འཛིན་པའི་ཉེས་པར་ཡང་འགྱུར་ཏེ། མིག་ཤེས་སོགས་གཉིད་དང་བརྒྱལ་བ་སོགས་ན་མི་འབྱུང་བས་དེའི་ཚེ་མ་ཟིན་པའི་ཕྱིར་ཤི་བ་ལྟར་རུལ་པར་འགྱུར་ཞིང་སད་པ་དང་སངས་པ་སོགས་ན་ཡང་ལེན་པར་ཐལ་བས་སོ། །དེ་ལྟར་ཡང་མི་རུང་སྟེ། ཚེ་གཅིག་ལ་ལུས་ལན་གཅིག་ཁོ་ན་འཛིན་པར་ཁས་བླངས་པའི་ཕྱིར། ཞེས་པའོ། །ལྔ་པའོ། །གཉིས་པ་ནི། ཀུན་གཞི་ཡོད་པར་སྨྲ་བ་ལའང་སྐྱོན་ཡོད་དེ། དེ་ཡོད་ན་རེས་འགའ་འཇུག་ཤེས་ཀྱང་འབྱུང་བས་རྣམ་ཤེས་གཉིས་ཅིག་ཅར་འབྱུང་བར་འགྱུར་རོ་ཞེ་ན། འདོད་དེ། འདི་ལྟར་ཁ་ཅིག་མཐོང་བར་འདོད་པ་ནས་རྣམ་པར་ཤེས་པའི་བར་དུ་འདོད་ཅིང་། དེ་རྣམས་ཀྱི་ཡིད་ལ་བྱེད་པ་དང་དབང་པོ་དྲུག་དང་ཡུལ་དྲུག་ཚོགས་པར་ཁྱད་པར་མེད་པ་ན་རྣམ་ཤེས་གང་རུང་གཅིག་དང་པོར་འབྱུང་བ་མི་རུང་སྟེ། ཤེས་པ་ཀུན་གྱི་རྒྱུ་ཚོགས་པར་ཁྱད་པར་མེད་པས་སོ། །རྣམ་འགྲེལ་དུ། འདིར་དོན་ཀུན་དང་གཅིག་ཅར་དུ། །འདུས་ཅན་དབང་རྣམས་ཡོད་པ་ན། །ཞེས་གསུངས་སོ། །འདིས་ནི་རང་གི་སྡེ་བ་དག་དང་། མུ་སྟེགས་པ་ཁ་ཅིག རྒྱུད་གཅིག་ལ་ཤེས་པ་དུ་མ་ཅིག་ཅར་མི་སྐྱེའི་མྱུར་དུ་སྐྱེ་འགགས་བྱེད་པ་ཅིག་ཅར་དུ་འཁྲུལ་པས་སོ་ཞེས་སྨྲ་བའང་བསལ་ཅིང་། དེ་དག་ཀྱང་རྒྱས་པར་རྣམ་འགྲེལ་དུ་ཤེས་པར་བྱའོ། །འོ་ན་རྣམ་པར་ཤེས་པ་གཉིས་དུས་གཅིག་ཏུ་འབྱུང་བ་དེ་ནི་གནས་མེད་ཅིང་གོ་སྐབས་མེད་དོ་ཞེས་བཀའ་སྩལ་པ་དང་འགལ་ལོ་ཞེ་ན། དེ་ནི་རིགས་མཐུན་པའི་ཤེས་པ་གཉིས་ཅིག་ཅར་དུ་མི་འབྱུང་བ་ལ་དགོངས་ཏེ། རྣལ་འགྲེལ་དུ། དེ་རྣམས་རིགས་མཐུན་པ་ཉིད་ལས། །ནུས་པ་ངེས་པར་འགྱུར་བ་ཡིན། །ཞེས་སོ། །གསུམ་པ་ནི། རྣམ་ཤེས་ཅིག་ཅར་དུ་མི་འབྱུང་ན་ཡིད་ཀྱི་རྣམ་ཤེས་ཀྱི་མཐོང་བ་ལ་ཡང་གསལ་བར་ཡུལ་འཛིན་པར་མི་རུང་ངོ་། །དེ་ཅིས་ཞེ་ན། འདི་ལྟར་མིག་ཤེས་སོགས་གཅིག་སྐྱེས་ན་དེའི་སྐད་ཅིག་གཉིས་པ་ལ་དེའི་རྗེས་སུ་རྟོག་པའི་ཡིད་ཤེས་སྐྱེ་ཞིང་། འཇུག་ཤེས་ཀུན་ཅིག་ཅར་སྐྱེ་བ་དེ་ཡི་ཚེ་ཡང་རྣམ་པ་སྣ་ཚོགས་རྣམ་པར་རིག་པའི་ཡིད་ཤེས་གཅིག་གིས་རྗེས་སུ་རྟོག་པར་བྱེད་དོ། །དེ་ལ་འདས་པའི་ཡུལ་འགགས་ནས་རིང་དུ་ལོན་པ་སྔར་མྱོང་བ་དྲན་པའི་ཡིད་ཤེས་ཀྱི་རྒྱུ་བ་ནི་མི་གསལ་བ་སྟེ། ད་ལྟར་གྱི་ཡུལ་ཅན་གྱི་ཡིད་ཤེས་ཀྱི་རྒྱུ་བ་རྣམ་ཤེས་ལྔ་དང་དུས་མཉམ་པ་ནི་གསལ་བ་ཡིན་པས་སོ། །བཞི་པ་ནི། སེམས་ཅན་གྱི་རྒྱུད་ལ་དགེ་བ་ལ་སོགས་པའི་ས་བོན་མེད་པར་ཐལ་ཏེ། ས་བོན་གྱི་རྟེན་ཀུན་གཞིའི་རྣམ་ཤེས་མེད་པའི་ཕྱིར། ཅི་སྟེ་འཇུག་པའི་རྣམ་ཤེས་རྣམས་ས་བོན་གྱི་རྟེན་ཡིན་ནོ་ཞེ་ན། དེ་རྣམས་ཕན་ཚུན་ས་བོན་མིན་ཏེ། དགེ་བའི་འོག་ཏུ་མི་དགེ་བ་སོགས་དང་ཁམས་ངན་པ་འདོད་པ་ན་སྤྱོད་པའི་འོག་ཏུ་བར་མ་གཟུགས་ན་སྤྱོད་པ་དང་། དེ་ལས་བཟང་པོ་གཟུགས་མེད་ན་སྤྱོད་པ་དང་། ཟག་བཅས་ཟག་མེད། འཇིག་རྟེན་དང་དེ་ལས་འདས་པ་སོགས་ཕན་ཚུན་གཅིག་གི་རྗེས་ལ་གཅིག་འབྱུང་བས་ན་ལྷན་ཅིག་མི་འབྱུང་བས་བསྒོས་པ་མེད་པའི་ཕྱིར་དང་། དྲི་ཤས་ཆེ་བ་ལ་མི་བསྒོ་བ་ལྟར་དགེ་བ་སོགས་བསྒོ་བྱར་མི་རུང་བའི་ཕྱིར་རོ། །འདིར་ཟག་མེད་མ་ཡིན་པའི་འཇིག་རྟེན་ལས་འདས་པའི་རྗེས་ཐོབ་ཀྱང་འཇིག་རྟེན་ལས་འདས་པའི་སར་བཞག་པའི་ཆེད་དུ་ལྟོས་པ་ལྟ་བུར་གསུངས་སོ། །ཞེས་སོ། །ཡང་དེ་རྣམས་ནི་སེམས་མེད་གནས་སྐབས་སུ་རྒྱུན་ཆད་ནས་ཡུན་རིང་པོ་ནས་འབྱུང་བའི་ཕྱིར་ཡང་ས་བོན་དུ་མི་རུང་ངོ་། །ས་བོན་མེད་ན་རྒྱུ་མེད་པས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་མེད་པར་འགྱུར་ཞིང་། མདོ་སྡེ་པས་ནི་ས་བོན་འདོད་པས་ཁས་བླངས་དང་འགལ་ལོ། །ཞེའོ། །ལྔ་པ་ནི། རྣམ་ཤེས་དུ་མ་ཅིག་ཅར་མི་འབྱུང་ན་སྣོད་ལམ་འཕྲང་གི་རྣམ་རིག་གནས་ལུས་རྐང་པ་འདེགས་འཇོག་གི་རྣམ་རིག་དང་། ངའོ་སྙམ་པའི་རྣམ་པ་ཅན་གྱི་རྣམ་རིག་དང་། ཡུལ་ལམ་གྱི་དྲུང་གི་ས་རྡོ་སོགས་ཀྱི་རྣམ་རིག་རྣམས་ཅིག་ཅར་དུ་འབྱུང་མི་སྲིད་པར་ཐལ་ལོ། །འདོད་མི་ནུས་ཏེ། མགྱོགས་པར་འགྲོ་བ་སོགས་ཀྱི་གནས་སྐབས་སུ་འདི་བཞི་ཅིག་ཅར་དམིགས་པས་སོ། །འདི་བཞི་རྣམ་ཤེས་གཅིག་གི་སྐད་ཅིག་ལ་མི་འབྱུང་སྟེ། ཡུལ་སྐྱེ་མཆེད་ཐ་དད་པའི་རྣམ་པ་ཅན་ཉིད་ཀྱི་ཕྱིར་རོ། །དྲུག་པ་ནི། ཀུན་གཞི་མེད་ན་རྒྱུ་ས་བོན་མེད་པའི་ཕྱིར་ཚུལ་བཞིན་དུ་སེམས་པའམ། རྗེས་སུ་རྣམ་པར་རྟོག་པ་དང་། ཚུལ་བཞིན་མ་ཡིན་པའམ་མཉམ་པར་བཞག་པའི་རྣམ་ཤེས་དང་ལྷན་ཅིག་འབྱུང་བའི་ལུས་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་མྱོང་བ་བདེ་བ་སོགས་མེད་པར་འགྱུར་ན། དེ་ནི་དམིགས་ཤིང་ཕ་རོལ་པོས་ཁས་བླངས་པས་སོ། །ཅིག་ཅར་རྣམ་པར་ཤེས་པ་དུ་མ་འབྱུང་བའི་སྒྲུབ་བྱེད་ཀྱི་སྒོ་ནས་ཀྱང་གཞུང་འདི་བཤད་པར་བྱའོ། །ཞེའོ། །བདུན་པ་ནི། ༼སྙོམས་འཇུག་གཉིས་ལ་ཞུགས་པ་དེ་འཆི་བར་འགྱུར་ཏེ། རྣམ་ཤེས་ཀུན་ལུས་ལས་འདས་པའི་ཕྱིར་རོ། །འདོད་མི་ནུས་ཏེ། འགོག་པའི་སྙོམས་འཇུག་དང་ཤི་བའི་ཁྱད་པར་སྟོན་པ་ན། བཅོམ་ལྡན་འདས་ཀྱིས་དྲོད་དང་མ་བྲལ་ཞིང་སྲོག་གི་དབང་པོ་དང་མ་བྲལ་ལ་དེའི་རྣམ་པར་ཤེས་པ་ལུས་ལས་མ་འདས་པར་འགྱུར་རོ་ཞེས་བཀའ་སྩལ་པས་སོ། །བརྒྱད་པ་ནི།༽་་་་་གུག་རྟགས་ནང་ཡོད་པ་འདི་ཆད་འདུག་པས་དཔང་ལོའི་མངོན་པ་ཀུན་བཏུས་ཀྱི་འགྲེལ་པ་ནས་ལེན་ཏེ་འདིར་བཅུག་པ་ཡིན། སེམས་ཅན་གྱི་རྒྱུད་ཆོས་ཅན། འཆི་ཕོ་བ་དང་རིམ་གྱིས་དྲོད་ཡལ་བ་མེད་པར་ཐལ། འདོར་བྱེད་ཀུན་གཞི་མེད་པའི་ཕྱིར། འདོད་མི་ནུས་ཏེ། ལུས་ཀྱི་སྟོད་དམ་སྨད་ནས་རིམ་གྱིས་དྲོད་ཡལ་བ་མཐོང་བས་སོ། །དེ་སྟེ་ཡིད་ཤེས་ཀྱིས་ལུས་འདོར་བས་དེ་ལྟར་འབྱུང་བའོ་སྙམ་ན། ཡིད་ཤེས་ནི་སྲོག་ཐ་མ་ཆད་ཀྱི་བར་དུ་གསལ་པོ་ཡོད་ཀྱང་དེའི་སྔོན་དུ་དྲོད་ཡལ་བ་མཐོང་བས་སོ། །དེས་ན་ལུས་འཛིན་བྱེད་ཀུན་གཞི་ཉིད་དང་བྲལ་བས་དྲོད་འདོར་བ་དང་ཚོར་བ་མེད་པའི་ཕྱིར། ལས་ཀྱི་མཐུ་ལས་དེ་ལྟར་བྱེད་པའི་ཀུན་གཞི་གྲུབ་བོ། །གཉིས་པ་ནི། ཐེག་བསྡུས་ལས། དེ་ལྟར་རྣམ་པར་གཞག་པའི་ཀུན་གཞིའི་རྣམ་པར་ཤེས་པ་མེད་པར་འདི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་རུང་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། ཚེའི་ཀུན་ནས་ཉོན་མོངས་པ་ཡང་མི་རུང་ངོ་། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་ཡང་མི་རུང་ངོ་། །ཞེས་གསུངས་པ་ལྟར་ཀུན་ནས་ཉོན་མོངས་པ་གསུམ་མི་འཐད་པ་དང་། རྣམ་པར་བྱང་བ་གཉིས་མི་འཐད་པར་རིག་པར་བྱའོ། །དང་པོ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་མི་འཐད་པ་ལ་ཡང་ཆགས་སོགས་ཀུན་ནས་ཉོན་མོངས་ཀྱི་རྟེན་མེད་པར་འགྱུར་བར་ཐལ་བ་དང་། འདུ་ཤེས་མེད་པ་ནས་ཤི་འཕོས་མ་ཐག་པའི་ཉོན་མོངས་དང་པོ་ལ་ས་བོན་མེད་པར་འགྱུར་བ་དང་། འཇིག་རྟེན་ལས་འདས་པའི་ལམ་ལས་ལངས་མ་ཐག་པའི་འཇིག་རྟེན་པའི་སེམས་ལ་ས་བོན་མེད་པར་ཐལ་བ་གསུམ་ལས། དང་པོ་ནི། ཀུན་གཞིའི་རྣམ་ཤེས་མེད་ན་ཆགས་སོགས་ཉོན་མོངས་གཏན་ནས་མི་སྐྱེ་བར་འགྱུར་ཏེ། དེ་དག་གི་ས་བོན་ལ་རྟེན་མེད་པས་རྒྱུ་མེད་པའི་ཕྱིར་རོ། །གལ་ཏེ་འཇུག་པའི་རྣམ་པར་ཤེས་པ་རྟེན་ཡིན་ནོ་ཞེ་ན། རེ་ཞིག་མིག་གི་རྣམ་པར་ཤེས་པ་ནི་དེ་དག་གི་རྟེན་དུ་མི་རུང་སྟེ། འདི་ལྟར་འདོད་ཆགས་ལ་སོགས་པས་རང་དང་ལྷན་ཅིག་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་ལ་རང་གི་ས་བོན་སྒོའམ། འོན་ཏེ་རང་ཉིད་ལ་སྒོ་བར་བྱེད་དམ། ཡང་ན་དེ་དག་དང་ལྷན་ཅིག་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་དེས་ཆགས་སོགས་ལ་དེ་དག་གི་ས་བོན་སྒོ་བར་བྱེད་དམ། འོན་ཏེ་དེས་འཇུག་ཤེས་གཞན་རྣམས་ལ་ཆགས་སོགས་ཀྱི་ས་བོན་སྒོ་བར་བྱེད་དམ། འོན་ཏེ་མིག་ཤེས་རང་གི་རིགས་འདྲ་ཕྱི་མ་ལ་སྒོ་བར་བྱེད་ཅེས་བརྟག་དྲང་། དང་པོ་ལྟར་ན་ཆགས་སོགས་དང་ལྷན་ཅིག་སྐྱེས་པའི་མིག་གི་རྣམ་ཤེས་ནི་ཆོས་ཅན། ཆགས་སོགས་ཕྱི་མ་སྐྱེད་པའི་ས་བོན་གྱི་གནས་སུ་རིགས་པ་མ་ཡིན་ཏེ། ཆགས་སོགས་ཕྱི་མའི་དུས་ན་འདས་པས་དངོས་པོ་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ཡང་མི་རིགས་ཏེ། སེམས་ཀྱིས་ས་བོན་གྱི་རྟེན་མི་བྱེད་པར་སེམས་བྱུང་གིས་ས་བོན་གྱི་རྟེན་བྱེད་པ་མི་འཐད་པའི་ཕྱིར། རིག་པ་དེ་ཉིད་ཀྱིས་ཕྱོགས་གསུམ་པ་ཡང་ཁེགས་སོ། །བཞི་པ་ཡང་མི་འཐད་དེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱིས་ནི་ལྷན་ཅིག་སྐྱེ་བ་དང་འགགས་པ་མ་ཡིན་ཏེ། ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་རྣམས་ཐ་དད་པ་ཉིད་ཀྱིས་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་རོ། །ལྔ་པ་ཡང་མི་འཐད་དེ། མིག་ཤེས་རིགས་འདྲ་སྔ་མ་དེ་རིགས་འདྲ་ཕྱི་མ་དང་ལྷན་ཅིག་སྐྱེ་བ་དང་འགགས་པ་མི་འཐད་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་ཇི་ལྟར་བར་འཇུག་པའི་རྣམ་པར་ཤེས་པ་གཞན་ལ་ཡང་རིག་པར་བྱའོ། །གཉིས་པ་ནི། ཀུན་གཞིའི་རྣམ་ཤེས་མེད་ན་འདུ་ཤེས་མེད་པ་ནས་ཤི་འཕོས་ཏེ་འདོད་པར་སྐྱེ་བའི་ཉིང་མཚམས་སྦྱོར་བའི་ཚེ་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་གྱི་རྣམ་པར་ཤེས་པ་ལ་ས་བོན་མེད་པར་འགྱུར་ཏེ། སྔར་གྱི་འདོད་པའི་ཉོན་མོངས་པའི་ས་བོན་གང་ཡིན་པ་དེ་ནི་གནས་དང་བཅས་པ་འགགས་ནས་མེད་པའི་ཕྱིར་དང་། རང་གི་རིགས་འདྲ་སྔ་མའི་བར་སྲིད་ཀྱི་སེམས་དགེ་བའམ་མ་བསྒྲིབས་ལུང་མ་བསྟན་གང་ཡིན་པ་དེ་དག་ནི་ཉོན་མོངས་པ་དང་ལྷན་ཅིག་སྐྱེ་འགགས་མ་བྱས་པས་དེ་དག་ལ་དེའི་ས་བོན་ཡོད་པར་མི་རིག་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་ཀུན་གཞིའི་རྣམ་ཤེས་མེད་ན་འཕགས་པའི་ལམ་ལས་ལངས་པའི་རྗེས་ལས་སྐྱེས་པའི་སེམས་ཉོན་མོངས་ཅན་ཐོག་མར་སྐྱེ་བ་གང་ཡིན་པ་དེ་ལ་ས་བོན་མེད་པར་འགྱུར་ཏེ། འཕགས་པའི་ལམ་མངོན་དུ་གྱུར་པ་ན་དེ་ལས་གཞན་པའི་འཇུག་པའི་རྣམ་པར་ཤེས་པ་འཇིག་རྟེན་པ་རྣམས་ནི་འགགས་པས་ཉོན་མོངས་པའི་ས་བོན་གྱི་རྟེན་དུ་མི་རུང་ལ། འཕགས་པའི་ལམ་དེ་ཉིད་ནི་ཉོན་མོངས་ཀྱི་ས་བོན་གྱི་གནས་སུ་རིག་པ་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཕྱིར་དང་། ཉོན་མོངས་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །དེ་བས་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་མཐོང་ལམ་སྐྱེས་པ་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་ས་བོན་རྒྱུན་ཆད་པས་དེའི་འོག་ཏུ་དགྲ་བཅོམ་པ་བཞིན་དུ་ཉོན་མོངས་པ་རྣམས་གཏན་མི་སྐྱེ་བར་འགྱུར་རོ། །དེ་ལྟར་ན་མཐོང་བའི་ལམ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཕྱིར་སྒོམ་པའི་ལམ་དོན་མེད་པ་ཡིན་ནོ། །གཉིས་པ་ལས་ཀྱི་ཀུན་ནས་ཉོན་མོངས་པ་མི་རུང་བ་ལ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མི་རུང་བ་དང་། ལེན་པའི་རྐྱེན་གྱིས་སྲིད་པ་མི་རུང་བ་གཉིས་ལས། དང་པོ་ནི། འདི་ལྟར་རྣམ་པར་ཤེས་པ་ལ་བསོད་ནམས་དང་བསོད་ནམས་མ་ཡིན་པ། མི་གཡོ་བའི་ལས་རྣམས་ཀྱིས་རང་དང་རྗེས་སུ་མཐུན་པའི་བག་ཆགས་བསྒོས་པ་གང་ཡིན་པ་དེ་ཉིད་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་ན་བག་ཆགས་བསྒོ་བའི་གཞིར་གྱུར་པའི་རྣམ་ཤེས་མེད་པའི་ཕྱིར་རོ། །གཉིས་པ་ནི། འདི་ལྟར་འདུ་བྱེད་ཀྱིས་བསྒོས་པའི་བག་ཆགས་གང་ཡིན་པ་དེ་ཉིད་ལེན་པས་གསོས་བཏབ་སྟེ་ཡང་སྲིད་པར་སྐྱེ་བ་ལ་མངོན་པར་ཕྱོགས་པ་གང་ཡིན་པ་དེ་ཉིད་ལ་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བརྗོད་ན། འདུ་བྱེད་ཀྱིས་བསྒོས་པའི་བག་ཆགས་མེད་པའི་ཕྱིར་རོ། །གསུམ་པ་ཚེའི་ཀུན་ནས་ཉོན་མོངས་པ་མི་རུང་བ་ལ་གཉིས་ཏེ། སྐྱེ་བ་ལེན་པ་མི་རུང་བ་དང་། འཆི་འཕོ་བ་མི་རུང་བའོ། །དང་པོ་ལ་གསུམ་སྟེ། མཉམ་པར་མ་བཞག་པའི་སར་ཉིང་མཚམས་སྦྱོར་བར་མི་རུང་བ་དང་། མཉམ་པར་བཞག་པའི་སར་ཉིང་མཚམས་སྦྱོར་བར་མི་རུང་བ་དང་། གཟུགས་མེད་ཁམས་ལ་ཁྱད་པར་དུ་དཔྱད་པའོ། །དང་པོ་ལ་བཞི་སྟེ། ཉིང་མཚམས་སྦྱོར་བར་མི་རུང་། སྦྱར་ཟིན་གྱི་དབང་པོ་རྣམས་གནས་པར་མི་རུང་། རྣམ་པར་ཤེས་པ་དང་མིང་གཟུགས་ཕན་ཚུན་བརྟེན་པར་མི་རུང་། རྣམ་པར་ཤེས་པའི་ཟས་མི་རུང་བའོ། །དང་པོ་ནི། མཉམ་པར་མ་བཞག་པའི་བར་མའི་མངལ་དུ་ཉིང་མཚམས་སྦྱོར་བར་མི་རིག་སྟེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱིས་ཉིང་མཚམས་སྦྱོར་བར་མི་ནུས་པའི་ཕྱིར་དང་། རྣམ་པར་ཤེས་པ་གཞན་ཡང་ཁས་མི་ལེན་པའི་ཕྱིར་རོ། །གཉིས་པ་ནི། ཉིང་མཚམས་སྦྱར་ཟིན་པའི་དབང་པོ་རྣམས་མི་འདྲུལ་བ་ལ་སོགས་པའི་སྒོ་ནས་ཇི་སྲིད་འཚོ་བའི་བར་དུ་གནས་པར་མི་རིག་སྟེ། དེ་དག་ཡོངས་སུ་འཛིན་པར་བྱེད་པའི་རྣམ་ཤེས་མེད་པའི་ཕྱིར་ཏེ། དཔེར་ན་ཤི་བའི་ལུས་བཞིན་ནོ། །གསུམ་པ་ནི། མདོ་ལས། རྣམ་པར་ཤེས་པ་དང་། མིང་དང་གཟུགས་མདུང་ཁྱིམ་ལྟར་གཅིག་ལ་གཅིག་བརྟེན་པའི་ཚུལ་གྱིས་འདུག་པར་གསུངས་པ་གང་ཡིན་པ་དེའང་མི་རུང་སྟེ། ཀུན་གཞི་ལས་གཞན་པའི་མིང་གཟུགས་ཀྱི་རྟེན་དུ་རུང་བའི་རྣམ་པར་ཤེས་པ་གཞན་མེད་པའི་ཕྱིར། བཞི་པ་ནི། ཁམས་གསུམ་གྱི་སེམས་ཅན་གནས་པར་བྱེད་པའི་རྣམ་ཤེས་ཀྱི་ཟས་མེད་པར་འགྱུར་ཏེ། དབང་པོའི་རྣམ་པར་ཤེས་པ་ནི་གཟུགས་མེད་ཁམས་ན་མེད་པའི་ཕྱིར་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཡང་སེམས་མེད་པའི་གནས་སྐབས་ལྔ་ན་རྒྱུན་ཆད་པས་རྣམ་པར་ཤེས་པའི་ཟས་སུ་མི་རུང་བའི་ཕྱིར་རོ། །གཉིས་པ་མཉམ་པར་བཞག་པའི་སར་ཉིང་མཚམས་སྦྱོར་བར་མི་རུང་བ་ནི་འདི་ནས་ཤི་འཕོས་ནས་མཉམ་པར་བཞག་པའི་སར་སྐྱེ་བ་ལེན་པའི་ཉིང་མཚམས་སྦྱོར་བ་སྦྲེལ་བར་བྱེད་པ་མི་འཐད་དེ། མཉམ་པར་བཞག་པའི་སར་ཉིང་མཚམས་སྦྱོར་བ་སྦྲེལ་བ་ནི་དེའི་ས་པའི་ཡིད་ཀྱི་རྣམ་པར་ཤེས་པ་མཉམ་པར་མ་བཞག་པའི་ཉོན་མོངས་ཅན་གྱི་བྱེད་པ་ཡིན་ན། ཀུན་གཞི་མེད་ན་དེ་ལྟ་བུའི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུར་གྱུར་པའི་ས་བོན་མེད་པའི་ཕྱིར་རོ། །གསུམ་པ་གཟུགས་མེད་ཁམས་ལ་ཁྱད་པར་དུ་དཔྱད་པ་ནི། གཟུགས་མེད་བཞིར་སྐྱེས་པའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྐྱེས་པའི་དགེ་བ་དང་ཉོན་མོངས་ཅན་གྱི་སེམས་སྐྱེས་པ་གང་ཡིན་པ་དེ་དག་རྒྱུ་མེད་པར་སྐྱེ་བར་འགྱུར་ཏེ། དད་སོགས་དགེ་བ་དང་། ཆགས་སོགས་ཉོན་མོངས་པ་ཅན་གྱི་ས་བོན་བསྒོ་བའི་གཞིར་གྱུར་པའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །གཉིས་པ་འཆི་འཕོ་བ་མི་རུང་བ་ནི། ལེགས་པར་བྱེད་པ་དང་ཉེས་པར་བྱེད་པ་དག་འཆི་འཕོ་བའི་ཚེ་གོ་རིམ་བཞིན་དུ་ཐོག་མ་ཉིད་དུ་རྐང་པའི་མཐིལ་དང་། སྤྱི་བོ་ནས་དྲོད་རིམ་གྱིས་འདོར་བར་བྱེད་པ་དེ་མི་རུང་བར་འགྱུར་ཏེ། དེ་ལྟར་བྱེད་པའི་རྣམ་པར་ཤེས་པ་གཞན་མེད་པའི་ཕྱིར། ཀུན་ནས་ཉོན་མོངས་པ་གསུམ་མི་རུང་བར་ཐལ་བ་བཤད་ཟིན་ཏོ། །ད་ནི་རྣམ་པར་བྱང་བ་མི་རུང་བ་ལ་གཉིས་ལས། དང་པོ་འཇིག་རྟེན་པའི་རྣམ་པར་བྱང་བ་མི་རུང་སྟེ། འདོད་པ་སོགས་ལ་འདོད་ཆགས་དང་བྲལ་བ་མི་འཐད་པའི་ཕྱིར། དེ་ཡང་འདི་ལྟར་འདོད་པ་ལ་འདོད་ཆགས་དང་མ་བྲལ་བར་གཟུགས་ཀྱི་སེམས་མི་ཐོབ་པས་འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་དགེ་བའི་སེམས་ཀྱིས་འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་རྩོམ་པ་ན་སེམས་དེ་ཡང་གཟུགས་ན་སྤྱོད་པའི་སེམས་དང་ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་དེས་བག་ཆགས་བསྒོས་པ་མེད་པས་དེའི་ས་བོན་ཅན་དུ་མི་རུང་ལ་གཟུགས་ན་སྤྱོད་པའི་སེམས་འདས་པ་ཚེ་རབས་དུ་མའི་སེམས་རིགས་མི་མཐུན་པ་དུ་མས་བར་དུ་ཆོད་པ་དེ་ཡང་འདས་ནས་མེད་པའི་ཕྱིར་ད་ལྟར་གྱི་མཉམ་པར་བཞག་པའི་སེམས་ཀྱི་ས་བོན་དུ་མི་རུང་བའི་ཕྱིར་རོ། །ཀུན་གཞིའི་རྣམ་ཤེས་མེད་ན་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་ཡང་མི་རུང་སྟེ། ཇི་སྐད་དུ། གཞན་གྱི་སྒྲ་ལ་རྟོག་པ་དང་། སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དེའི་རྒྱུ་ལས་ཡང་དག་པའི་ལྟ་བ་འབྱུང་ངོ་། །ཞེས་བཀའ་སྩལ་པ་དེ་ཡང་མི་རུང་བའི་ཕྱིར་རོ། །ཡང་དག་པའི་ལྟ་བའི་མིང་ཅན་ཟག་མེད་སྐད་ཅིག་དང་པོ་དེའི་བདག་པོའི་རྐྱེན་དང་། རྒྱུའི་རྐྱེན་གཉིས་ཀ་མི་རུང་བའི་ཕྱིར་རོ། །ཐེག་བསྡུས་ལས་འབྱུང་བའི་རིགས་པ་ལྔ་བཤད་ཟིན་ཏོ། །གསུམ་པ་ནི། ཡང་ཕུང་པོ་ལྔའི་རབ་ཏུ་བྱེད་པར་སྒྲུབ་བྱེད་བཞི་གསུངས་ཏེ། སྙོམས་འཇུག་གཉིས་དང་། འདུ་ཤེས་མེད་པ་ལས་ལངས་པའི་ཚེ་འཇུག་ཤེས་འབྱུང་བས་དེ་ལ་རྒྱུའི་རྐྱེན་གཞན་མེད་པའི་ཕྱིར་ཀུན་གཞི་ལས་འབྱུང་ངོ་ཞེས་དང་། དམིགས་པའི་རྐྱེན་ལ་ལྟོས་ནས་རྣམ་པ་གཞན་དུ་འཇུག་པའི་ཕྱིར་ཞེས་པ། རྣམ་པ་དེ་དམིགས་རྐྱེན་ལ་ལྟོས་པ་ལྟར་རྒྱུའི་རྐྱེན་ལ་ཡང་ལྟོས་ཤིང་དེ་ཡང་ཀུན་གཞིའི་ས་བོན་ཡིན་ནོ། །ཞེས་དང་། ཆད་ནས་འབྱུང་བའི་ཕྱིར་ཞེས་པ་གཉིད་དང་བརྒྱལ་བ་སངས་པ་ན་འཇུག་པའི་རྣམ་ཤེས་ཀུན་གཞི་ལས་འབྱུང་ངོ་། །ཞེས་པའོ། །འཁོར་བར་འཇུག་པ་དང་ལྡོག་པའི་ཡང་ཕྱིར་རོ་ཞེས་པ་ཀུན་གཞི་ཡོད་དོ་ཞེས་པ་ཀུན་ལ་སྦྱར་རོ། །ཀུན་གཞི་མེད་ན་འཇུག་པ་མི་འབྱུང་སྟེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མི་འབྱུང་བ་ལ་སོགས་པའི་ཕྱིར་རོ། །ལྡོག་པ་ཡང་མི་རུང་སྟེ། ཉོན་མོངས་པའི་ས་བོན་སྤངས་པའི་ལྡོག་པ་དེ་གཉེན་པོའི་སེམས་སྐྱེས་པ་ན་རྟེན་མེད་པས་སྤང་རྒྱུའི་ས་བོན་མེད་པའི་ཕྱིར་རོ། །གཉེན་པོའི་སེམས་ཉིད་ཉོན་མོངས་པའི་ས་བོན་དང་འདྲེ་བར་ནི་མི་རུང་སྟེ། རང་བཞིན་གྱིས་རྣམ་པར་བྱང་བའི་ཕྱིར་དང་། གཉེན་པོ་ཉིད་དུ་མི་རུང་བར་ཐལ་བའི་ཕྱིར་རོ། །དེ་དང་རིགས་མཐུན་པས་གནས་གྱུར་མི་རུང་བར་ཐེག་བསྡུས་སུ་གསུངས་ཏེ། བྱང་ཆུབ་སེམས་དཔའ་བཟང་པོའི་སེམས། །རྣམ་པར་ཤེས་པ་ལྔ་སྤངས་པ། །དེ་ལས་གཞན་པ་གསལ་བ་ལ། །སེམས་ནི་ཇི་ལྟར་འགྱུར་བར་བྱེད། །གཉེན་པོར་གྱུར་པ་ཡིན་ཞེས་བྱར། །སྤངས་པ་མིན་ཕྱིར་མི་རུང་ངོ་། །ཞེས་སོ། །དེ་བཞིའི་སྤྲོས་པ་ནི་དེ་ཉིད་ཀྱི་འགྲེལ་པ་རྣམས་སུ་ཤེས་པར་བྱའོ། །ཡང་རྟེན་འབྲེལ་གྱི་མདོ་འགྲེལ་དུ་ཡང་ཐེག་བསྡུས་ཀྱི་རིག་པ་ཁ་ཅིག་བཀོལ་ཏེ་གསུངས་ཤིང་། སའི་བསྟོད་འགྲེལ་དུའང་ལུང་གི་སྒྲུབ་བྱེད་བཅུ་བདུན་དང་རིག་པའི་སྒྲུབ་བྱེད་ཀྱང་བཀོད། དེ་ལྟར་ན་དོན་ཚན་བཅུ་གཅིག་གིས་ཀུན་གཞི་ཚངས་པ་ཆེན་པོའི་རྣམ་པར་གཞག་པ་བཤད་ཟིན་ཏོ། །གཉིས་པ་ཡིད་ཉོན་མོངས་པ་ཅན་བཤད་པ་ལ་གཉིས་ཏེ། དོན་དམ་པའི་ཡིད་དང་། ཀུན་རྫོབ་པའི་ཡིད་དོ། །དང་པོ་ལ་སྡོམ་ནི། ངོ་བོ་མཚན་ཉིད་གནས་དང་ནི། །དམིགས་པ་རྣམ་པ་མཚུངས་ལྡན་དང་། །འཇུག་ལྡོག་ངེས་ཚིག་སྒྲུབ་བྱེད་དེ། །དོན་ཚན་བཅུ་ཡི་སྒོ་ནས་བཤད། །ཅེས་པ་ལྟར་བཅུ་ལས། དང་པོ་ངོ་བོ་ནི། བསྒྲིབས་ལ་ལུང་མ་བསྟན་གྱི་ཤེས་པ་རྒྱུན་མ་ཆད་པ་སྟེ་ཐར་པ་ཐོབ་པ་ལ་སྒྲིབ་ཅིང་ཟག་མེད་ཀྱི་ལམ་དང་ལྷན་ཅིག་མངོན་དུ་མི་འབྱུང་བས་ན་སྒྲིབ་པ་དང་། དགེ་མི་དགེ་གང་རུང་དུ་མ་གྲུབ་པས་ན་ལུང་དུ་མ་བསྟན་པའོ། །གཉིས་པ་མཚན་ཉིད་ནི། ཀུན་གཞིའི་དོན་གྱི་ངོ་བོ་རིག་ཅིང་ཡིད་ཤེས་ཀྱི་བདག་རྐྱེན་བྱེད་ནུས་པའི་རབ་ཏུ་མ་ཞི་བའི་ཤེས་པ་ཞེས་པའམ། ཀུན་གཞིའི་དོན་ཙམ་རིག་ཅིང་འཕགས་པའི་ལམ་མ་ཐོབ་ཀྱི་བར་དུ་རྟག་ཏུ་ངར་རློམ་པའི་རྣམ་པས་འཇུག་པ་སྟེ། ཀུན་གཞིའི་དོན་ཙམ་རིག་པས་སེམས་བྱུང་སེལ། ངར་རློམ་པའི་རྣམ་པས་འཇུག་པ་ཞེས་པས་སྒོ་ལྔའི་རྣམ་ཤེས་དང་ཀུན་གཞི་སེལ། འཕགས་པའི་ལམ་མ་ཐོབ་ཀྱི་བར་དུ་རྟག་ཏུ་ཞེས་པས་ཡིད་ཀྱི་ས་པའི་འཇིག་ལྟ་མཚུངས་ལྡན་དང་བཅས་པ་སེལ་ཏེ། དེ་དག་སེམས་མེད་པའི་གནས་སྐབས་ལྔར་རྒྱུན་དེ་ཆད་མེད་པའི་ཕྱིར་རོ། །དེ་ཡང་སུམ་ཅུ་པ་ལས། རྣམ་ཤེས་ངར་སེམས་བདག་ཉིད་ཅན། །ཞེས་དང་། ཀུན་ལས་བཏུས་ལས། ཡིད་གང་ཞེ་ན་དུས་རྟག་ཏུ་རློམ་སེམས་པའི་བདག་ཉིད་དང་། ཀུན་གཞིའི་རྣམ་པར་ཤེས་པ་ལ་དམིགས་པ་དང་། ཞེས་པས་བསྟན་ནོ། །གསུམ་པ་གནས་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། ཀུན་གཞིའི་ས་བོན་གྱི་ཆ་ལ་བརྟེན་ནས་ཉོན་མོངས་པ་ཅན་གྱི་ཡིད་འབྱུང་བའི་ཕྱིར་ཏེ། སུམ་ཅུ་པ་ལས། དེ་ལ་གནས་ཏེ་རབ་འབྱུང་ཞིང་། །ཞེས་སོ། །དེ་ནི་ས་བོན་གྱི་གནས་ཀྱི་དབང་དུ་བྱས་ལ་དེ་ཉིད་ལྷན་ཅིག་འབྱུང་བའི་གནས་ཀྱང་ཡིན་ཏེ། ཀུན་གཞི་ཁམས་དང་ས་གང་དུ་རྣམ་པར་སྨིན་པ་གྲུབ་པ་དེར་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་ས་དེ་པ་ཡིན་པའི་ཕྱིར་རོ། །བཞི་པ་དམིགས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ལ་དམིགས་པ་སྟེ། སུམ་ཅུ་པར། དེ་ལ་དམིགས་པ་ཡིད་ཅེས་བྱ། །ཞེས་སོ། །འོ་ན་གནས་དང་ཁྱད་པར་ཅི་ཡོད་ཅེ་ན། གནས་ལ་ས་བོན་གྱི་གནས་ནི་སྐྱེད་བྱེད་ཀྱི་རྒྱུ་ཡིན་ལ། འབྱུང་བའི་གནས་ནི་ཁམས་དང་ས་མཚུངས་པ་ཙམ་ཡིན་ཅིང་། དམིགས་པ་ནི་ཀུན་གཞིའི་རྣམ་སྨིན་གྱི་ཆ་དེས་བདག་མེད་པ་ལ་རྟག་ཏུ་འཁྲུལ་པའི་གཞི་བྱས་པ་ཙམ་ལ་འཇོག་པས་ཁྱད་པར་ཆེའོ། །ལྔ་པ་རྣམ་པ་ནི། ཀུན་གཞི་ལ་ཁ་ནང་དུ་བལྟས་ནས་བདག་ཏུ་འཛིན་པའོ། །འོ་ན་དེའི་དུས་དེའི་འཁོར་གྱི་རེག་པས་བདག་ཏུ་འཛིན་ནམ་མི་འཛིན། དང་པོ་ལྟར་ན་འཇིག་ཚོགས་ལ་ལྟ་བ་དང་ཁྱད་པར་མེད་པར་འགྱུར་ལ། གཉིས་པ་ལྟར་ན། སེམས་དང་སེམས་བྱུང་མཐུན་པར་གཏོགས་པའི་རྒྱུར་བཤད་པ་དང་འགལ་ཞེ་ན། དཀོན་ཤེ་ན་རེ། རེག་པས་བདག་ཏུ་མི་འཛིན་པར་འདོད་ལ། སེམས་སེམས་བྱུང་རྣམ་པ་མཐུན་པར་གཏོགས་པའི་རྒྱུར་བཤད་པ་མིན་གྱི། དམིགས་པ་མཐུན་པར་གཏོགས་པའི་རྒྱུར་བཤད་པ་ཡིན་པས་མི་འགལ་ཟེར། འོ་ན་ཉོན་ཡིད་ཀྱིས་ཀུན་གཞི་ལ་བདག་ཏུ་འཛིན་པ་དང་། འཇིག་ཚོགས་ལ་ལྟ་བས་འཛིན་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། མདོ་སྡེ་རྒྱན་གྱི་ཊཱིཀྐར། མི་གསལ་བ་དང་གསལ་བའི་ཁྱད་པར་ཡོད་ཟེར་ཡང་། དོན་ཙམ་རིག་པའི་ཚུལ་གྱིས་འཛིན་པ་དང་། དོན་གྱི་ཁྱད་པར་འཛིན་པའི་ཚུལ་གྱིས་བདག་ཏུ་འཛིན་པའི་ཁྱད་པར་ཡོད་པར་ཁ་ཅིག་བཞེད་དོ། །འདི་ནི་ཉོན་ཡིད་ཀྱི་འཁོར་གྱི་བདག་ཏུ་འཛིན་པའི་ཁྱད་པར་འབྱེད་བྱེད་དུ་སྣང་གི་སྔ་མ་གཉིས་ཁྱད་པར་འབྱེད་མི་ནུས་པར་སེམས་སོ། །རོག་གིས་མི་འཛིན་པར་འདོད་པ་དེ་ཡང་ཅུང་མི་འཐད་དེ། སུམ་ཅུ་པ་ལས། ཐུན་མོང་མ་ཡིན་པའི་འཁོར་བཞི་པོ་བདག་ཏུ་ལྟ་བ་དང་། བདག་ལ་ཆགས་པ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་རྨོངས་པར་བཤད་པས་ཐུན་མོང་བའི་འཁོར་ལྔ་པོ་ཡང་བདག་ཏུ་འཛིན་པར་གསལ་བའི་ཕྱིར་རོ། །འོ་ན་ཁྱད་པར་ཅི་ཞེ་ན། ཉོན་ཡིད་ནི། ཀུན་གཞི་ཁོ་ན་ལ་དམིགས་ནས་བདག་ཏུ་འཛིན་པ་ཡིན་ལ། འཇིག་ལྟ་ནི་ཕུང་པོ་ལྔ་ཆར་ལ་དམིགས་ནས་བདག་ཏུ་འཛིན་པ་ནི་ཁྱད་པར་ཏེ། མདོ་ལས་འཇིག་ལྟ་ཉི་ཤུར་གསུངས་པ་དེ་གྲུབ་མཐའ་སྨྲ་བ་ཀུན་གྱིས་ཐུན་མོང་དུ་ཁས་ལེན་དགོས་པའི་ཕྱིར། དྲུག་པ་མཚུངས་པར་ལྡན་པའི་འཁོར་ལ། རྩ་བའི་འཁོར་དགུ་ཆར་གཏོགས་དང་བཅས་ན་བཅུ་དྲུག་འབྱུང་སྲིད་པ་ནི་སྔར་བཤད་ཟིན་ཏོ། །སུམ་ཅུ་པ་ལས། བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་མཆོག་འདུ་ཤེས་པ། །ཞེས་སོ། །འོ་ན་ཉོན་ཡིད་འཁོར་བཅས་གང་དུ་གཏོགས་སྙམ་ན་རྟེན་གང་དང་གང་དུ་སྐྱེས་པའི་ས་དེར་གཏོགས་ཏེ། རྟེན་ནི་གང་ཟག་དེའི་ཚེ་སྔ་མའི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་ཕུང་པོ་ནི་དེའི་རྒྱུད་ཀྱི་ཀུན་གཞིའི་རྣམ་ཤེས་ཡིན་ལ། ས་གཞན་གྱི་ཉོན་ཡིད་ཀྱིས་ས་གཞན་གྱི་ཀུན་གཞི་ལ་བདག་ཏུ་འཛིན་པ་མི་སྲིད་པའི་ཕྱིར་རོ། །འདི་ལ་དགོངས་ནས་སུམ་ཅུ་པར། ཉོན་ཡིད་ས་གང་དུ་གཏོགས་པའི་གསལ་ཁ་མ་གསུངས་ཤིང་དེའི་འཁོར་ཐུན་མོང་མ་ཡིན་པ་བཞི་པོ་ཉོན་ཡིད་དང་ས་མཚུངས་པ་དང་། དེར་མ་ཟད་ཐུན་མོང་བ་རེག་སོགས་ལྔ་པོ་ཡང་ས་མཚུངས་ཞེས་པ་ཙམ་ཞིག་ལས་མ་བསྟན་ཏོ། །གང་དག་སུམ་ཅུ་པ་རྩ་འགྲེལ་གྱིས་ཉོན་ཡིད་རང་ས་གང་དུ་གཏོགས་པའི་གསལ་ཁ་མ་གསུངས་པ་ལ་བརྟེན་ནས་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གིས་འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་སྤངས་པའི་རྣམ་གཞག་མང་དུ་སྨྲ་བ་རྣམས་ནི། བསྡུ་བ་ལས། ཉོན་ཡིད་རྟེན་གང་དུ་སྐྱེས་པའི་སར་གཏོགས་པ་དང་གནས་སྐབས་གང་དུ་མངོན་དུ་འགྱུར་བ་དང་། སྲིད་ཉོན་དགུ་པ་སྤང་བའི་བར་ཆད་མེད་ལམ་གྱིས་ཅིག་ཅར་དུ་སྤང་བ་དང་། ཆེ་འབྲིང་དགུའི་རྣམ་གཞག་མེད་པར་གསུངས་པ་རྣམས་མ་མཐོང་བར་རང་བཟོའི་བླ་བཅོལ་རང་དབང་དུ་སྨྲ་བར་སྣང་བས་སྐྱེས་བུ་མཆོག་གི་གསལ་བྱེད་དུ་རྒྱས་པར་བཀག་ཟིན་པས་དེར་བལྟ་བར་བྱའོ། །བདུན་པ་འཇུག་པའི་ཚུལ་ནི། གནས་སྐབས་གསུམ་མ་གཏོགས་པ་སེམས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྐྱེས་པའི་དུས་ཐམས་ཅད་དུ་འཇུག་སྟེ། བསྡུ་བར། ཉོན་མོངས་པ་དེ་དག་ཀྱང་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་རྣམ་པར་ཤེས་པ་ལ་འགལ་བ་མེད་པ་དང་། ཞེས་གསུངས་སོ། །བརྒྱད་པ་ལྡོག་པའི་དུས་ནི། ཐེག་དམན་གྱི་མི་སློབ་ལམ་ཐོབ་པ་ན་ལྡོག ཐེག་ཆེན་གྱི་ས་བརྒྱད་པ་ཐོབ་པ་ན་ལྡོག་ཅིང་། དེ་མན་ཆད་དུ་འཇིག་རྟེན་ལས་འདས་པའི་ལམ་མངོན་དུ་གྱུར་པ་དང་། འགོག་པ་ལ་སྙོམས་པར་འཇུག་པའི་དུས་ན་རེ་ཞིག་ལྡོག་ཅིང་། དེ་གཉིས་ལས་ལངས་པ་ན་ཀུན་ཏུ་འབྱུང་སྟེ། བསྡུ་བར། དེ་དག་ནི་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ན་ནི་མངོན་དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ཀུན་ཏུ་འབྱུང་ངོ་། །སློབ་པ་བཞི་མཐོང་བ་ལ་ནི་འཇིག་རྟེན་ལས་འདས་པའི་ལམ་མངོན་དུ་གྱུར་ན་མི་འབྱུང་ངོ་། །དེ་ལས་ལངས་པ་ལ་ནི་ཀུན་ཏུ་འབྱུང་སྟེ། ཤིན་ཏུ་རྟོག་པའི་ཕྱིར་དང་། མ་སྤངས་པའི་ཕྱིར་རོ། །མི་སློབ་པ་ལ་ནི་རྣམ་པ་ཐམས་ཅད་དུ་ཀུན་ཏུ་མི་འབྱུང་ངོ་། །ཞེས་དང་། མདོ་སྡེ་རྒྱན་དུ། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་པ། །ཞེས་དང་། སུམ་ཅུ་པར། དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ན་མེད། །འཇིག་རྟེན་འདས་པའི་ལམ་ལ་མེད། །ཅེས་གསུངས་སོ། །སངས་རྒྱས་ཀྱི་ས་ན་མཉམ་ཉིད་ཡེ་ཤེས་སུ་གནས་གྱུར་ཏེ། ཙནྡྲ་གོ་མིས། ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །ཞེས་གསུངས་སོ། །དགུ་པ་ངེས་པའི་ཚིག་ནི། དུས་ཐམས་ཅད་དུ་རློམ་སེམས་པས་ན་ཡིད་ཅེས་བྱ་སྟེ། རྒྱན་སྟུག་པོ་བཀོད་པར། ངར་སེམས་བདག་ཉིད་ཡིད་ཡིན་ནོ། །ཞེས་དང་། སུམ་ཅུ་པར། རྣམ་ཤེས་ངར་སེམས་བདག་ཉིད་ཅན། །ཞེས་སོ། །བཅུ་པ་སྒྲུབ་པར་བྱེད་པའི་ཚད་མ་ལ་གཉིས་ཏེ། ལུང་དང་། རིག་པའོ། །དང་པོ་ནི། སྔར་ཀུན་གཞིའི་གནས་སྐབས་སུ་དྲངས་པའི་ལང་གཤེགས་དང་། དགོངས་པ་ངེས་འགྲེལ་གྱི་མདོ་སྡེ་དུ་མར། རྣམ་ཤེས་ཚོགས་བརྒྱད་བཀའ་སྩལ་པ་རྣམས་དང་། ཡང་ལང་གཤེགས་ལས། སེམས་ནི་རང་བཞིན་དང་བ་སྟེ། །རྙོག་པར་བྱེད་པ་ཡིད་ཡིན་ནོ། །རྣམ་པར་ཤེས་དང་བཅས་པའི་ཡིད། །རྟག་ཏུ་བག་ཆགས་འདེབས་པར་བྱེད། །ཅེས་དང་། རྒྱན་སྟུག་པོ་བཀོད་པར། སེམས་ནི་ཀུན་གཞིའི་རྣམ་པར་ཤེས། །ངར་སེམས་བདག་ཉིད་ཡིད་ཡིན་ནོ། །གང་ཞིག་ཡུལ་ལ་འཛིན་བྱེད་པ། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཞེས་དང་། ལུང་སིལ་བུར། ཉོན་མོངས་ཅན་ཡིད་རྟག་ཏུ་ནི། །ཉོན་མོངས་ལྷན་ཅིག་སྐྱེ་ཞིང་འགག །དེ་ནི་ཉོན་མོངས་པ་རྣམས་ལས། །མ་གྲོལ་གྲོལ་བར་མི་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །གཉིས་པ་ནི། ཐེག་བསྡུས་སུ། མ་འདྲེས་པ་ཡི་མ་རིག་དང་། །ལྔ་པོ་རྣམས་དང་འདྲ་བ་དང་། །སྙོམས་པར་འཇུག་པའི་བྱེ་བྲག་དང་། །ངེས་ཚིག་མེད་པའི་སྐྱོན་དུ་འགྱུར། །འདུ་ཤེས་མེད་པར་སྐྱེ་བའི་རྒྱུ། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར། །ངར་འཛིན་པ་དང་ལྡན་པ་ནི། །རྣམ་པ་ཀུན་ཏུ་མི་འཐད་དོ། །ཉོན་མོངས་ཅན་གྱི་ཡིད་མེད་ན། །གཉིས་མེད་གསུམ་པོ་འགལ་བར་འགྱུར། །ཞེས་གསུངས་པའི་དྲུག་གི་དང་པོ་ནི། ཆོས་མངོན་པའི་མདོར། ཡང་དག་དོན་ལ་འཇུག་པ་ཡི། །སེམས་ཀྱི་གེགས་སུ་རྟག་གྱུར་པ། །དུས་རྣམས་ཀུན་ཏུ་འབྱུང་བ་དེ། །མ་འདྲེས་པ་ཡི་མ་རིག་འདོད། །ཅེས་བཀའ་སྩལ་པ་ལ། དོན་གསང་དུ། དེ་ནི་རང་དབང་ཅན་རྫས་མ་འདྲེས་པ་སྟེ། དེའི་སྟོབས་ཀྱིས་འདོད་ཆགས་སོགས་འདྲེན་པའོ། །དེ་ཡང་ཉན་ཐོས་སྡེ་པས་འཇུག་ཤེས་ཁོ་ན་དང་མཚུངས་པར་ལྡན་ཞིང་མཐོང་སྤང་དུ་འདོད་དོ། །ཐེག་ཆེན་པས་མི་བརྟན་པ་འཇུག་ཤེས་དང་མཚུངས་ལྡན་ཏེ་བརྟན་པ་དུས་རྒྱུན་ལྡན་དུ་འབྱུང་བ། སྐབས་དོན་གྱི་སྒྲུབ་བྱེད་དོ། །ཞེས་བཤད་དོ། །བཤད་སྦྱར་དུ། རྟེན་མ་འདྲེས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལྟ་བུར་བཤད་དོ། །དེས་ན་སེམས་ཅན་གྱི་རྒྱུད་ཆོས་ཅན། དེ་འདྲའི་མ་འདྲེས་པའི་མ་རིག་པ་མེད་པར་ཐལ་ཏེ། ཉོན་ཡིད་མེད་པའི་ཕྱིར། དེ་ཡང་རྟེན་མེད་ན་བརྟེན་པ་མེད་ཅིང་། འཇུག་པའི་རྣམ་ཤེས་ཀྱི་འཁོར་དུ་ནི་དེ་མི་འབྱུང་སྟེ། དེ་རྒྱུན་ཆད་པའི་ཕྱིར་དང་། འདི་ནི་དུས་ཀུན་ཏུ་འབྱུང་བས་སོ། །གང་ཡང་ཉན་ཐོས་སྡེ་པས་གང་སྤང་བྱ་ཡོད་པ་དེ་ལ་གཉེན་པོ་ཡོད་པར་འདོད་ན། སྒོ་ལྔ་ལ་གཉེན་པོ་ལམ་མེད་པ་སྟེ། ཁ་ཕྱིར་བལྟས་ཡིན་པའི་ཕྱིར། ཡིད་ཤེས་ལ་ཡང་མ་ཡིན་ཏེ། རེ་ཞིག་ཉོན་མོངས་ཅན་མ་ཡིན་པ་ལ་མི་རུང་སྟེ། དེ་དང་མཚུངས་པར་ལྡན་ན་དེ་ཉིད་མི་རུང་བས་སོ། །ཉོན་མོངས་ཅན་ལའང་མི་རུང་སྟེ། དེ་ལས་གཞན་པའི་ཉོན་མོངས་དང་ལྡན་པས་མཚུངས་ལྡན་འདྲེས་པར་འགྱུར་ན། ཁྱེད་མཚུངས་ལྡན་མ་འདྲེས་པར་འདོད་པས་སོ། །ཅི་སྟེ་མ་འདྲེས་པ་དེ་ཉིད་ཀྱིས་ཉོན་མོངས་ཅན་དུ་བྱས་པ་ལས་འབྱུང་ན་ནི་ཡིད་ཤེས་རྟག་ཏུ་ཉོན་མོངས་པ་ཅན་དུ་འགྱུར་ཏེ། དུས་རྟག་ཏུ་འབྱུང་བ་དེ་དང་ལྡན་པས་སོ། །དེས་ན་མ་འདྲེས་པའི་མ་རིག་པའི་རྟེན་ཉོན་ཡིད་ཡོད་པར་གྲུབ་བོ། །གཉིས་པ་ནི། ཡིད་ཤེས་ནི་སྒོ་ལྔའི་རྣམ་ཤེས་དང་བདག་རྐྱེན་ལ་བརྟེན་པར་འདྲ་བ་མེད་པར་ཐལ་ཏེ། དེའི་ལྷན་ཅིག་འབྱུང་བའི་གནས་ཉོན་ཡིད་མེད་ཅིང་གཞན་ཡང་མེད་པའི་ཕྱིར་རོ། །མ་གྲུབ་སྟེ། དྲུག་པོ་འགགས་མ་ཐག་པའི་ཡིད་ཡོད་དོ་ཞེ་ན། དེ་ནི་ཡིད་ཤེས་དང་དུས་མཉམ་པས་ཡིད་ཤེས་ཀྱི་ལྷན་ཅིག་འབྱུང་བའི་གནས་མ་ཡིན་ཏེ། འཇུག་ཤེས་སུ་འདྲ་བ་ལ་དྲུག་པའི་རྟེན་འདས་པ་དང་། གཞན་ནི་ད་ལྟར་བའི་ཁྱར་པར་མི་རུང་བའི་ཕྱིར་རོ། །ཀུན་གཞི་ཡང་མ་ཡིན་ཏེ། དེ་ནི་རྒྱུའི་རྐྱེན་ཡིན་ཅིང་། རྟེན་ནི་བདག་རྐྱེན་དུ་བརྗོད་པར་འདོད་པའི་ཕྱིར་རོ། །གནས་བརྟན་པ་ན་རེ། སྙིང་གའི་བུ་ག་གཅིག་ནས་དགུའི་བར་ཡིན་ཞེས་ཟེར་བའང་མི་འཐད་དེ། གཟུགས་མེད་ན་ཡིད་ཤེས་མེད་པ་དང་། ཚོར་བ་ཀུན་ལུས་ཀྱི་ཚོར་བ་དང་དབང་པོ་གཟུགས་ཅན་ལ་དངོས་སུ་བརྟེན་པས་ན་ཡིད་ཤེས་སྒྲ་དོན་འཛིན་པའི་རྟོག་པ་ཡིན་མི་སྲིད་པར་ཐལ་བའི་ཕྱིར་རོ། །དེ་ཉིད་ཡིད་ཡིན་པར་ཡང་མི་རུང་སྟེ། དགེ་སློང་དག་ཡིད་ནི་ནང་གི་སྐྱེ་མཆེད་དེ། གཟུགས་ཅན་མ་ཡིན་པར་བསྟན་དུ་མེད་པ་ཐོགས་པ་མེད་པའོ། །ཞེས་བཀའ་སྩལ་པ་དང་འགལ་བས་སོ། །སྡེ་པས་རྩ་བའི་རྣམ་ཤེས་དང་འཁོར་བ་ཇི་སྲིད་པའི་ཕུང་པོ་ཡིད་ཤེས་ཀྱི་རྟེན་དུ་འདོད་པ་ཡང་མི་རུང་སྟེ། ཀུན་གཞི་ལྟར་འཇུག་ཤེས་དྲུག་ཅར་གྱི་ཐུན་མོང་གི་རྒྱུའི་རྐྱེན་ཡིན་པས་སོ། །གསུམ་པ་ནི། དེ་མེད་ན་ཤེས་བྱ་འདིར་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་ལ་ཞི་མ་ཞི་ཁྱད་པར་མེད་པར་འགྱུར་ཏེ། ཚོགས་དྲུག་བཀག་ཙམ་དུ་འདྲ་བས་སོ། །ས་དང་ཡིད་ལ་བྱེད་པའི་ཁྱད་པར་ཡོད་དོ་ཞེ་ན། ངོ་བོ་ལ་ཁྱད་པར་མེད་པས་ཏེ། ཉོན་ཡིད་མེད་ན་འགོག་པ་ལ་ངར་འཛིན་མེད་པས་ཞི་བ་དང་། གཞན་ལ་དེ་ཡོད་པས་མ་ཞི་བའི་ཕྱིར་རོ། །བཞི་པ་ནི། རྟག་ཏུ་ངར་སེམས་པས་ན་ཡིད་ཅེས་པའི་ངེས་ཚིག་མེད་པར་འགྱུར་ཏེ། སྒོ་ལྔ་དང་། ཀུན་གཞི་ལ་ཡང་ངར་སེམས་པ་མེད་ཅིང་། ཡིད་ཤེས་ལ་རྟག་ཏུ་སེམས་པ་མེད་པས་སོ། །འདོད་མི་ནུས་ཏེ། ངེས་ཚིག་ཡང་དག་ཏུ་ཁས་ལེན་པས་སོ། །ལྔ་པ་ནི། འདུ་ཤེས་མེད་པར་སྐྱེ་བའི་རྒྱུ་མཐུན་ལ་རྟེན་མེད་པས་ངར་འཛིན་མེད་པར་འགྱུར་ཞིང་། འདོད་ན། དེ་ལ་འཕགས་པ་རྣམས་ཀྱི་མི་ཁོམ་པའི་གནས་ཉིད་ཀྱིས་སྤང་བར་མི་འགྱུར་རོ། །འཇུག་ཤེས་དང་བྲལ་བས་སྤོང་ན་འགོག་པའི་སྙོམས་འཇུག་ཀྱང་སྤང་བར་འགྱུར་རོ། །དྲུག་པ་ནི། དེ་མེད་ན་དགེ་བའི་གནས་སྐབས་ལ་བརྟེན་པའི་ངར་འཛིན་མེད་པར་འགྱུར་ཏེ། ཡིད་ཤེས་དགེ་བ་དེ་ཉིད་ནི་ངར་འཛིན་གྱི་གནས་མ་རིག་པའི་རྟེན་དུ་མི་རུང་བས་སོ། །འདོད་ན། ཟག་མེད་ཀྱི་དགེ་བར་འགྱུར་ཏེ། ངར་འཛིན་གྱིས་མ་བཅིངས་པའི་དགེ་བ་ཡིན་པའི་ཕྱིར། དེས་ན་དུས་རྟག་ཏུ་ངར་འཛིན་འབྱུང་བས་དེའི་རྟེན་ཉོན་ཡིད་གྲུབ་བོ། །འདིར་དཔངས་ལོས། ངར་འཛིན་མངོན་གྱུར་གཉིད་འཐུག་པོ་ལ་མེད་པར་སྣང་རུང་མ་དམིགས་པས་གྲུབ་བམ་སྙམ་སྟེ་དཔྱད་དོ། །ཞེས་གསུངས་པ་ཤིན་ཏུ་དཔྱད་དགོས་པའི་རིགས་སུ་སྣང་ངོ་། །གཉིས་པ་ཡིད་ཀུན་རྫོབ་པ་ནི། ཀུན་བཏུས་ལས། གང་ཡང་རྣམ་པར་ཤེས་པ་དྲུག་པོ་དག་འགགས་མ་ཐག་པའི་རྣམ་པར་ཤེས་པའོ། །ཞེས་དང་། མཛོད་དུ། དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་རྣམ་པར་ཤེས་པ་དྲུག་པ་ཉིད་ཡིད་ཤེས་ཕྱི་མའི་རྟེན་བྱེད་པས་ཡིད་དེ། ཐེག་བསྡུས་སུ། དེ་མ་ཐག་པའི་རྐྱེན་བྱེད་པས་གནས་སུ་གྱུར་པའི་ཕྱིར་རྣམ་པར་ཤེས་པ་འགགས་མ་ཐག་པའི་ཡིད་རྣམ་ཤེས་སྐྱེ་བའི་གནས་དང་། ཞེས་གསུངས་སོ། །འོ་ན་འདས་པ་ཁོ་ན་ཡིད་དུ་འགྱུར་རོ་སྙམ་ན་མ་ཡིན་ཏེ། འདས་པ་ནི་དངོས་པོར་མེད་པས་ཡིད་ཤེས་ཀྱི་བདག་རྐྱེན་བྱེད་པའི་ནུས་པ་མེད་པའི་ཕྱིར། ཁ་ཅིག རང་གི་བདག་འབྲས་ཀྱི་དུས་སུ་འགགས་མ་ཐག་པ་ཞེས་པ་ཡང་མི་འཐད་དེ། བདག་འབྲས་མ་སྐྱེས་ཀྱང་རང་དུས་སུ་ཡིད་དབང་དུ་འཇོག་དགོས་པའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་འགགས་མ་ཐག་པ་སྨོས་སྙམ་ན། མཛོད་དུ། རྒྱུ་འབྲས་དུས་མཉམ་དོན་ལ་ཡོད་པར་གསུངས་པ་དང་། གོང་མར་ཐ་སྙད་དུ་རྒྱུ་འབྲས་དུས་མཉམ་གསུངས་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཡིན་ཏེ། རང་འགགས་པའི་སྟོབས་ཀྱིས་བདག་འབྲས་སྐྱེ་བའི་སྒོ་འབྱེད་དགོས་པའི་ཕྱིར་དང་། དེ་ཡང་སྐད་ཅིག་གཞན་གྱིས་བར་མ་ཆོད་པ་དགོས་པས་ན་འགགས་མ་ཐག་པ་ཞེས་སྨོས་སོ། །གསུམ་པ་རྣམ་པར་ཤེས་པ་དྲུག་བཤད་པ་ནི། སའི་དངོས་གཞིར། ངོ་བོ་ཉིད་དང་གནས་དང་ནི། །དམིགས་པ་དག་དང་གྲོགས་དང་ནི། །ལས་ཏེ་སྒོ་ནི་ལྔ་པོ་ཡི། །སེམས་ནི་ཡུལ་ལ་འཇུག་པར་བྱེད། །ཅེས་པ་ལྟར་ལྔ་ལས། དང་པོ་ལ། མིག་གི་རྣམ་པར་ཤེས་པ་ནི་གནས་མིག་ལ་བརྟེན་ཅིང་། དམིགས་པ་གཟུགས་ཀྱི་ངོ་བོའམ་རྣམ་པར་རིག་པའི་རྣམ་པར་ཤེས་པ་སྟེ། དེས་ཡིད་ཀྱི་རྣམ་པར་ཤེས་པའི་བར་འགྲེའོ། །གཉིས་པ་གནས་ནི་ས་བོན་གྱི་གནས་ཀུན་གཞི་དང་། ལྷན་ཅིག་འབྱུང་བའི་གནས་རང་རང་གི་དབང་པོ་དང་། དེ་མ་ཐག་པའི་གནས་འགགས་མ་ཐག་པའི་ཡིད་དེ། ཐེག་བསྡུས་སུ། ཀུན་ནས་ཉོན་མོངས་པའི་གནས་ཉོན་ཡིད་དོ། །ཞེས་གསུངས་སོ། །གསུམ་པ་དམིགས་པ་ནི། གཟུགས་ལ་སོགས་པའི་ཡུལ་དྲུག་གོ །བཞི་པ་གྲོགས་ལ། སྒོ་ལྔའི་རྣམ་པར་ཤེས་པའི་འཁོར་དང་། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་ཏེ། སྔར་མཚུངས་ལྡན་འདུ་བྱེད་ཀྱི་སྐབས་སུ་བཤད་ཟིན་ཏོ། །ལྔ་པ་ལས་ལ། དྲུག་ཅར་གྱིས་ཡུལ་འཛིན་པར་བྱེད། དེ་ཡང་སྒོ་ལྔའི་རྣམ་ཤེས་ཀྱིས་ནི་སྐད་ཅིག་དང་། རྒྱུན་གཉིས་ལས་སྐད་ཅིག་རིག་པར་བྱེད། རང་དང་སྤྱིའི་མཚན་ཉིད་གཉིས་ལས་རང་གི་མཚན་ཉིད་རིག་པར་བྱེད། དུས་གསུམ་ལས་ད་ལྟ་བ་རིག་པར་བྱེད་དོ། །ཡིད་ཀྱི་རྣམ་ཤེས་ཀྱི་ལས་ལ། སྒོ་ལྔ་དང་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་ལས་གཉིས་ལས། དང་པོ་ནི། སྐད་ཅིག་དང་རྒྱུན་གཉིས་ཀ་རིག་པར་བྱེད། རང་དང་སྤྱིའི་མཚན་ཉིད་གཉིས་ཀ་རིག་པར་བྱེད། དུས་གསུམ་ཀ་རིག་པར་བྱེད་དོ། །གཉིས་པ་ནི། དམིགས་པ་ལ་རྟོག་པ་དང་། དམིགས་པ་ལ་ཉེ་བར་སེམས་པ་དང་། ར་རོ་བར་བྱེད་པ་དང་། སྨྱོ་བར་བྱེད་པ་དང་། གཉིད་ལོག་པར་བྱེད་པ་དང་། སད་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། བརྒྱལ་བ་ལས་སངས་པར་བྱེད་པ་དང་། ལུས་དང་ངག་གི་ལས་འཇུག་པར་བྱེད་པ་དང་། འདོད་ཆགས་དང་བྲལ་བར་བྱེད་པ་དང་། འདོད་ཆགས་ལས་ཉམས་པར་བྱེད་པ་དང་། དགེ་རྩ་རྒྱུན་ཆད་པར་བྱེད་པ་དང་། དགེ་བའི་རྩ་བ་རྣམས་མཚམས་སྦྱོར་བར་བྱེད་པ་དང་། འཆི་འཕོ་བ་དང་། སྐྱེ་བར་བྱེད་དེ། དེ་དག་ནི་རྒྱུའི་དུས་ཀྱི་དབང་དུ་བྱས་ལ། ལམ་གྱི་དུས་སུ་ཚོགས་ལམ་ནས་ས་བཅུའི་བར་ལམ་གོང་ནས་གོང་དུ་བགྲོད་པར་བྱེད། འབྲས་བུའི་དུས་སུ་རང་དོན་མཐོང་ཆོས་ལ་བདེ་བར་གནས་པར་བྱེད། གཞན་དོན་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སེམས་ཅན་གྱི་དོན་འབད་མེད་ལྷུན་གྱིས་གྲུབ་པར་བྱེད་དོ། །ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལྡེའུ་མིག་སྟེ། །བློ་གྲོས་བང་མཛོད་འགེངས་པ་ནོར་གྱི་མཆོག །མཐའ་ཡས་ཤེས་བྱ་གསལ་བའི་ཉི་འོད་འདི། །བློ་ཆེན་རིག་སྨྲ་བསོད་ནམས་སེང་གེས་སྦྱར། །ལྐོག་གྱུར་གནས་རྣམས་འཆད་པར་དཀའ་འོ་ཞེས། །རིགས་པའི་རྒྱལ་པོས་གསུངས་མོད་དེ་ལྟ་ནའང་། །མངོན་སུམ་གཟུགས་ལ་མིག་བཞིན་ཁོ་བོའི་བློ། །གསུང་རབ་དོན་ལ་མཚན་མ་ཡིན་ནམ་སྙམ། །འོན་ཀྱང་སྙིགས་མ་ལྔ་པོ་བདོ་དུས་འདིར། །ཕལ་ཆེར་རྨོངས་པས་ཁྱབ་ཅིང་ལ་ལ་དག །རང་ལྟ་ལ་ཆགས་གཞན་གྱི་ལྟ་ལ་འཁྲུགས། །དེ་སླད་གཟུ་བོའི་བློ་ཡིས་དཔྱོད་པ་དཀོན། །དེ་ལྟ་ན་ཡང་བརྙེད་བཀུར་གྲགས་པ་སོགས། །ཟང་ཟིང་དོན་དུ་གཉེན་བའི་བློ་མེད་པར། །གཞན་ཕན་སེམས་ཀྱིས་སྦྱར་བའི་ལེགས་བཤད་འདི། །དོན་གཉེར་ཡིད་ཀྱི་ནམ་མཁར་ཁྱབ་གྱུར་ཅིག །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་གཞག་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ཅེས་བྱ་བ་འདི་ནི་བདེ་བར་གཤེགས་པའི་གསུང་རབ་ཀྱི་རིང་ལུགས་པ་ཆེན་པོ་མཁས་མཆོག་སངས་རྒྱས་འཕེལ་ལ་སོགས་པའི་ཡོངས་སུ་འཛིན་པ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་པ་དམ་ཆོས་མངོན་པའི་གཞུང་ལུགས་ལ་བློ་གྲོས་ཀྱི་འཇུག་པ་གསལ་བ་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་ཆུ་ཕོ་འབྲུག་གི་ལོ་རྒྱལ་གྱི་ཟླ་བ་ལ་རྟ་ནག་གསེར་གླིང་གི་དགོན་པར་སྦྱར་བའོ།།  ༈  །།ཨོཾ་སྭ་སྟི། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་ནི། །ཇི་ལྟ་ཇི་སྙེད་སྣང་མཛད་པ། །མཁའ་ལ་ཉིན་བྱེད་བཞིན་གཡོ་བ། །འཇམ་པའི་དབྱངས་དེས་བདག་སྲུངས་ཤིག །ཤེས་བྱ་ཤེས་པའི་བློ་གྲོས་དཀོན། །དེ་བས་དོན་དུ་གཉེར་བ་ཉུང་། །དེས་ན་མཁས་པའི་ལེགས་བཤད་ཀྱང་། །སྤྱོད་པའི་སྐལ་བཟང་མི་ལྡན་མོད། །ཉུང་ངུའི་ངག་གི་ཉིན་བྱེད་ཀྱིས། །ཇི་སྙེད་ཤེས་བྱར་ལོངས་སྤྱོད་པ། །ཀུན་མཁྱེན་གཉིས་པ་ཀླུ་ཐོགས་ཀྱི། །མཁྱེན་པའི་མཁའ་ལས་ཕྱུང་བ་བཞིན། །ལུང་དང་རིག་པའི་སེང་གེའི་སྒྲ། །ཆོས་ཀྱི་གྲགས་པའི་རིགས་མཐུན་ཉིད། །ཡི་གེའི་གཟུགས་ཀྱི་པད་དཀར་མིག །བསྟན་པའི་ས་ཆེན་འདེགས་བཟོད་བསྐྲུན། །བསོད་ནམས་ཀུ་མུད་ལྟར་དཀར་བས། །འགྲོ་ཀུན་བསྟན་པའི་སྒོར་བཞུགས་ནས། །ཤེས་རབ་གསུམ་གྱི་ཟླ་ཤེལ་གྱིས། །བསྟན་པའི་གངས་རི་མཛེས་གྱུར་ཅིག །ཅེས་པའང་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དགོངས་བཞེད་ལྟར་རྣམ་དཀར་གྱི་ལས་འདུ་བགྱིས་པའི་སྐབས། གང་དེའི་བཀའ་དྲིན་གྱིས་འཚོ་བ་འཇམ་དབྱངས་ཡོན་ཏན་གྱིས་བྲིས་པ་ཨརྠ་སིདྡྷི་རསྟུ། དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*