ཡུམ་དོན་རབ་གསལ། ཁ༽

ཆོས་བཤེས་ཀྱིས་འདོམས་པ་ཡང་དག་འདི་ཡིན་ལ། གདམས་པ་ལྟར་ཉམས་སུ་ལེན་པར་བྱེད་པའང་འདི་གཙོ་བོར་གྱུར་པའི་གདམས་ངག་གོ་ཞེས་གསུངས་པའི་ཕྱིར་དང་། འཇུག་པའི་འགྲེལ་བཤད་ལས། ཁོང་དུ་ཆུད་པའི་ཕྱིར་ཆོས་སྟོན་པ་ནི་གདམས་ངག་གོ་ཞེས་དང་། འདིར་ཡང་ལུང་འབོགས་པ་དཀོན་མཆོག་གསུམ་ལ་འདོམས་པ་དང་ཞེས་སོ། །ཡང་གདམས་ངག་གི་བརྗོད་བྱ་ཡིན་ན་གདམས་ངག་ཡིན་དགོས་པར་ཐལ། བརྗོད་བྱ་དོན་གྱི་གདམས་ངག་ཡིན་ན་གདམས་ངག་ཡིན་དགོས་པའི་ཕྱིར། འདོད་ན། ལུང་གི་བརྗོད་བྱ་ཡིན་ན་ལུང་ཡིན་དགོས་པར་ཐལ་ལོ། །གཉིས་པ་ལ་དགག་གཞག་གཉིས། དང་པོ་ནི། ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད་ལ། ཁ་ཅིག རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་སུ་གྱུར་པ་ཞེས་དང་། རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ངག་རྣམ་དག་ཅེས་དང་། གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་གཙོ་བོར་བྱས་ནས་དེ་ལ་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་སྟོན་པར་བྱེད་པའི་ངག་རྣམ་དག་ཅེས་པ་རྣམས་འཇོག་ན། དང་པོ་ལ་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། གཉིས་པ་ལ་ཐེག་དམན་གྱི་གདམས་ངག་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། ཐེག་དམན་གྱི་ཐེག་པ་དེ་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་སུ་གྱུར་པ་ཡིན་པའི་ཕྱིར་ཏེ། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པའི་ཕྱིར། གསུམ་པ་ལ། མ་ངེས་པའི་རིགས་ཅན་གཙོ་བོར་བྱས་ནས་དེ་ལ་མཐར་ཐུག་ཐེག་པ་གཅིག་ཏུ་སྟོན་པའི་མདོ་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། དེ་དེར་ཐལ། དེ་འདྲ་ཡོད་པའི་ཕྱིར་ཏེ། རྒྱན་ལས། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་སོ། །རྩ་བར་འདོད་ན། མ་ངེས་པའི་རིགས་ཅན་དེ་ཐེག་ཆེན་གྱི་རིགས་ཅན་དུ་ཐལ་ལོ། །གཉིས་པ་ནི། བྱང་ཆུབ་གསུམ་གྱི་ནང་ནས་གཙོ་བོར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ངག་རྣམ་དག དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། ཐེག་ཆེན་གྱི་བཀའ་དང་བསྟན་བཅོས་གཉིས། ཡུལ་གྱི་སྒོ་ནས་དབྱེ་ན་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་སོགས་བཅུ། བསྟན་ཚུལ་གྱི་སྒོ་ནས་དབྱེ་ན་གདམས་པའི་གདམས་ངག་དང་རྗེས་བསྟན་གྱི་གདམས་ངག་གཉིས། འདི་གཉིས་ཀྱི་ཁྱད་པར་ལ་ཉི་སྣང་ལས། ཡང་དག་པར་ཐོབ་པའི་ཡོན་ཏན་ཡོངས་སུ་བསྐྱང་བར་བྱ་བའི་ཕྱིར་ཡོངས་སུ་མི་ཉམས་པར་འཛིན་པ་ནི་ཡོངས་སུ་གདམས་པ་ཡིན་ལ། དེའི་རྗེས་ལ་ཡོན་ཏན་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་ཉེ་བར་འཛིན་པ་ནི་རྗེས་སུ་བསྟན་པ་ཡིན་ནོ་ཞེས་དང་། འགྲེལ་ཆེན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ལ་སོགས་པ་རྣམ་པ་བཅུ་པོ་གང་ལ་ཐོབ་པའི་ཡོན་ཏན་ཡོངས་སུ་བསྲུང་བའི་དོན་གྱིས་མི་ཉམས་པར་བྱ་བའི་ཕྱིར་བསླབ་པས་བསྡམ་པར་བགྱི་ཞིང་། དེ་ནས་ཕྱིས་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་རྗེས་སུ་བསྟན་པར་བགྱིས་ཏེ་ཞེས་གསུངས། གསུམ་པ་ནི། ཁ་ཅིག ཐེག་ཆེན་གྱི་གདམས་ངག་ཁྱད་པར་ཅན་ཉན་པ་ལ་ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ཐོབ་དགོས་ཏེ། དེ་ལ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་དགོས་པའི་ཕྱིར་ཏེ། རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེ་རྙེད་པར་འགྱུར། །ཞེས་ཟེར་རོ། །འོ་ན་ཐེག་ཆེན་ལམ་དུ་མ་ཞུགས་པའི་གང་ཟག་གིས་ལམ་ཤེས་ཀྱི་མདོ་ཉན་པ་མེད་པར་ཐལ། དེས་ཐེག་ཆེན་ཐུན་མོང་མིན་པའི་གདམས་ངག་ཉན་པ་མེད་པའི་ཕྱིར། འདོད་ན། བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་པའི་གང་ཟག་གིས་ལམ་ཤེས་ཀྱི་མདོ་ཉན་པ་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མདོ་ལས། ལྷའི་བུ་གང་དག་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་ནི་བྱང་ཆུབ་དུ་སེམས་བསྐྱེད་དོ་ཞེས་པ་དང་འགལ་ལོ། །ཡང་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ལ་གནས་པའི་བྱང་སེམས་དེས་ཐེག་ཆེན་ཐུན་མོང་མིན་པའི་གདམས་ངག་ཉན་པ་མེད་པར་ཐལ། རྩ་བའི་དམ་བཅའ་དེའི་ཕྱིར། འདོད་ན། དེ་ལྟར་བྱང་ཆུབ་ཀྱི་སེམས་དང་པོ་ལ་སོགས་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཞེས་སོགས་དང་འགལ་ལོ། །རང་ལུགས་ནི། མ་མཐའ་ལམ་མ་ཞུགས་ནས་ས་བཅུའི་བར་དུ་གདམས་ངག་ཉན་པ་ཡོད་ལ། ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་གནས་སྐབས་ན་མེད་དེ། སློབ་ལམ་ན་མཉམ་གཞག་ལས་མ་གཡོས་བཞིན་དུ་གདམས་ངག་ཉན་པ་ཡོད་ན། འཆད་པ་ཡང་ཡོད་དགོས་པས། དེས་གཞན་དོན་དངོས་སུ་བྱེད་པར་ཐལ་ལོ། །ཁ་ཅིག སྲིད་པ་ཐ་མ་པའི་བྱང་སེམས་གདམས་ངག་ཉན་པ་མེད་དེ། དེ་སློབ་དཔོན་གཞན་གྱི་གདམས་ངག་ལ་མ་ལྟོས་པར་རང་བྱུང་གི་བྱང་ཆུབ་མངོན་དུ་བྱེད་ནུས་པའི་ཕྱིར་ཞེས་སྨྲ་བ་ནི། བྱང་སེམས་དེ་དང་པོ་སྤྲུལ་སྐུར་སངས་རྒྱ་བ་ཡིན་ནམ་སྙམ་པའི་བློ་ཆུང་བ་འབའ་ཞིག་སྟེ། དང་པོར་ལོངས་སྐུར་སངས་རྒྱ་བ་ཡིན་ན་སྲིད་པ་ཐ་མ་པའི་རྟེན་ལ་འོད་ཟེར་ཆེན་པོའི་དབང་བསྐུར་དགོས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ། ཞེས་པའི་སྐབས་སུ། བདེན་གཉིས་ཀྱི་མཐའ་དཔྱད་པ་ལ། དབྱེ་གཞི། དབྱེ་ངོ་། ཕྱེ་བའི་དོན། སོ་སོའི་རྣམ་གཞག་དང་བཞི་ལས། དང་པོ་ནི། ཁ་ཅིག དབྱེ་གཞི་མེད་དེ། བདེན་པ་མི་སྲིད་པའི་ཕྱིར་ཞེས་སྨྲ་བ་ནི་མི་འཐད་དེ། དབྱེ་གཞི་མེད་པའི་དབྱེ་བ་མི་སྲིད་པའི་ཕྱིར་རོ། །ཁ་ཅིག ཤེས་བྱ་དབྱེ་གཞི་མིན་ཏེ། དོན་དམ་བདེན་པ་ཤེས་བྱ་མིན་པའི་ཕྱིར་ཞེས་ཟེར་བ་ནི་མི་འཐད་དེ། ཤེས་བྱ་མིན་ན་ཐོས་བསམ་གྱི་གཏན་ལ་ཕབ་ནས་རྟོགས་པར་བྱ་བ་མིན་པར་ཐལ་ལོ། །ཁ་ཅིག བདེན་པ་དབྱེ་གཞི་ཡིན་ཟེར་བ་མི་འཐད་དེ། ཀུན་རྫོབ་ཡིན་ན་བདེན་པ་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །དེས་ན་རྟེན་འབྲེལ་ཙམ་མམ། ཆོས་ཙམ་ཤེས་བྱ་ཙམ་དབྱེ་གཞིར་རིགས་ཏེ། དེ་ལ་མཐོང་ཚུལ་ཐ་དད་པ་གཉིས་ཡོད་པའི་ཕྱིར། གཉིས་པ་ནི། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པའོ། །གསུམ་པ་ནི། བདེན་གཉིས་གཅིག་དང་ཐ་དད་གང་ཡིན་ཞེ་ན། དགོངས་འགྲེལ་ལས། ཐ་དད་པ་ལ་སྐྱོན་བཞི། གཅིག་པ་ལ་སྐྱོན་བཞི་གསུངས་པའི། དང་པོ་ནི། དོན་དམ་སྣང་བའི་ཆོས་ཉིད་མིན་པར་ཐལ་བ་དང་། དོན་དམ་རྟོགས་པས་སྣང་བ་ལ་བདེན་འཛིན་གྱི་སྒྲོ་འདོགས་མི་ཆོད་པར་ཐལ་བ་དང་། ཀུན་རྫོབ་རིགས་པས་མ་རྙེད་པ་དེ་ཉིད་དོན་དམ་མིན་པར་ཐལ་བ་དང་། ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བ་གཉིས་དུས་གཅིག་ཏུ་འགྱུར་བར་ཐལ་བའོ། །དང་པོ་གསུམ་རྟོགས་སླ་ལ། ཕྱི་མའི་དོན་བདེན་གཉིས་སོ་སོ་ཡིན་ན། དོན་དམ་རྟོགས་ཀྱང་ཀུན་རྫོབ་ལ་སྒྲོ་འདོགས་མི་ཆོད་པས། ཀུན་རྫོབ་ལ་དམིགས་ནས་ཀུན་ནས་ཉོན་མོངས་པ་འཕེལ། དོན་དམ་ལ་དམིགས་ནས་རྣམ་བྱང་འཕེལ་བར་འགྱུར་བས། དེ་གཉིས་དུས་གཅིག་ཏུ་འཕེལ་བར་འགྱུར་ཞེས་པའི་དོན་ནོ། །གཅིག་པ་ལ་སྐྱོན་བཞི་ནི། ཀུན་རྫོབ་མཐོང་བས་དོན་དམ་མཐོང་བར་འགྱུར་བ་དང་། ཀུན་རྫོབ་ལ་དམིགས་ནས་ཀུན་ནས་ཉོན་མོངས་པ་འཕེལ་བ་ལྟར། དོན་དམ་ལ་དམིགས་ནས་ཀྱང་ཀུན་ནས་ཉོན་མོངས་པ་འཕེལ་བར་འགྱུར་བ་དང་། ཀུན་རྫོབ་ལས་ལོགས་སུ་དོན་དམ་ཐོས་བསམ་གྱི་བཙལ་དུ་མེད་པར་འགྱུར་བ་དང་། ཀུན་རྫོབ་རྣམ་པ་སྣ་ཚོགས་ཀྱི་སྤྲོས་བཅས་ཡིན་པ་བཞིན་དུ། དོན་དམ་ཡང་རྣམ་པ་སྣ་ཚོགས་ཀྱི་སྤྲོས་བཅས་སུ་འགྱུར་རོ། །འདི་དག་གི་དོན་ལ་བོད་ཁ་ཅིག ངོ་བོ་ཐ་དད་པ་དང་། ལྡོག་པ་གཅིག་ལ་སྐྱོན་བརྗོད་པ་ཡིན་པས། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཏེ། སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པ། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། མི་འཐད་དེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་རྟོག་གེ་བའི་བརྡ་ཆད་ཡིན་གྱི། ལུགས་འདིར་མི་རུང་ལ། བྱས་མི་རྟག་ལྟར་ངོ་བོ་གཅིག་པ་ཡིན་ན། ཀུན་རྫོབ་སྐྱེ་འགག་བྱེད་པའི་ཚེ། དོན་དམ་ཡང་སྐྱེ་འགག་བྱེད་པར་འགྱུར་བའི་ཕྱིར། དོན་དམ་ལ་ངོ་བོ་ཡོད་པ་ཡང་མིན་ཏེ། ཀུན་རྫོབ་རིགས་པས་བཙལ་ན་མི་རྙེད་པ་ཙམ། དོན་དམ་བདེན་པར་འཇོག་པའི་ཕྱིར། དེས་ན་དགོངས་འགྲེལ་གྱི་དགོངས་པ་ནི་གནས་ཚུལ་སེམས་པའི་རིགས་ངོར་གཅིག་པ་དང་ཐ་དད་པ་བཀག་པ་ཡིན་ལ། ཐ་སྙད་དུ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། སྣང་བའི་དངོས་པོ་རེ་རེའི་སྟེང་དུ་ཡང་སྣང་ཙམ་གྱི་ངོ་བོ་དང་། དེ་ཉིད་རིགས་པས་བཙལ་བ་ན་མི་རྙེད་པ་ཉིད་དེར་གཞག་པའི་ཕྱིར་རོ། །བཞི་པ་ལ། མཚན་ཉིད། དབྱེ་བ། སྒྲ་བཤད་པ་གསུམ། དང་པོ་ལ་དགག་གཞག་གཉིས། དང་པོ་ནི། ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པའི་མཚན་ཉིད་རིམ་བཞིན། ཐ་སྙད་པའི་ཚད་མས་རྙེད་པའི་རྙེད་དོན་གང་ཞིག ཐ་སྙད་པའི་ཚད་མ་དེ་ཁྱོད་ལ་ལྟོས་ཏེ་ཐ་སྙད་པའི་ཚད་མར་སོང་བ་དང་། རིག་ཤེས་ཚད་མས་རྙེད་པའི་རྙེད་དོན་གང་ཞིག རིག་ཤེས་ཚད་མ་དེ་ཁྱོད་ལ་ལྟོས་ཏེ་རིག་ཤེས་ཚད་མར་སོང་བར་འཇོག་ཅིང་། ཐ་སྙད་པའི་ཚད་མས་རྙེད་པའི་རྙེད་དོན་ཀུན་རྫོབ་བདེན་པའི་མཚན་ཉིད་མིན་ཏེ། བུམ་པ་བདེན་པས་སྟོང་པའི་སྟོང་ཉིད་དེ་ཤཱཀྱ་ཐུབ་པའི་ཐ་སྙད་པའི་ཚད་མས་རྙེད་པའི་རྙེད་དོན་ཡིན་པའི་ཕྱིར་ཏེ། དེའི་གཞལ་བྱ་ཡིན་པའི་ཕྱིར་ཞེས་སྨྲའོ། །འོ་ན་བུམ་པ་བདེན་པས་སྟོང་པའི་སྟོང་ཉིད་དེ་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། དེའི་མཚན་ཉིད་དེའི་ཕྱིར། ཕྱི་མ་མ་གྲུབ་ན། རེ་ཞིག་ཁས་བླངས་སོ། །འདོད་ན། དེ་ཆོས་ཅན། ཐ་སྙད་པའི་ཚད་མ་དེ་ཁྱོད་ལ་ལྟོས་ཏེ་ཚད་མར་སོང་བར་ཐལ། དེ་དེ་ཡིན་ན་དེ་ཁྱོད་ལ་ལྟོས་ཏེ་རིག་ཤེས་ཚད་མར་སོང་བ་གང་རུང་གང་ཞིག ཕྱི་མ་མིན་པའི་ཕྱིར། གང་ཞིག་ཁས་བླངས་ཏེ། དེར་ཐལ། ཁྱོད་དེའི་གཞལ་བྱ་ཡིན་པའི་ཕྱིར། ཐ་སྙད་པའི་ཚད་མ་ཆོས་ཅན། དོན་དམ་བདེན་པ་ཡིན་པར་ཐལ། དེའི་མཚན་ཉིད་དེའི་ཕྱིར། དང་པོ་ཁས་བླངས་ཏེ། བུམ་པ་བདེན་པས་སྟོང་པའི་སྟོང་ཉིད་དེ་ཐ་སྙད་པའི་ཚད་མས་རྙེད་པའི་རྙེད་དོན་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེར་ཐལ། མངོན་སུམ་དེ་རྗེས་དཔག་ལ་ལྟོས་ཏེ་མངོན་སུམ་སོང་བའི་ཕྱིར། ཡང་རིག་ཤེས་ཚད་མ་དེ་ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ་ཞེས་པའི་སྐབས་ཀྱི་མཐོང་བ་ཡང་དག་པ་དེ་ཡིན་པར་ཐལ། དོན་དམ་བདེན་པའི་མཚན་ཉིད་དེ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མིན་པར་ཐལ། ཁྱོད་རྟགས་ལ་བརྟེན་པའི་ཤེས་པ་གང་ཞིག དེའི་སྐབས་ཀྱི་མཐོང་བ་ཡང་དག་པ་དེ་འཕགས་རྒྱུད་ཀྱི་མཉམ་གཞག་ཡིན་པའི་ཕྱིར། ཡང་ཁ་ཅིག དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། རང་དངོས་རྟོགས་ཀྱི་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བའི་རིགས་སུ་གནས་པ་དང་། རང་དངོས་སུམ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་བྱ་གང་ཞིག་སྒྲུབ་པའི་རྣམ་པས་རྟོགས་བྱ་མིན་པ་ཞེ་ན། རྣམ་མཁྱེན་ཆོས་ཅན། མཚན་ཉིད་དེར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་དེས་རྣམ་མཁྱེན་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ་ལོ། །དོན་དམ་བདེན་པ་ཆོས་ཅན། ཟུར་ཕྱི་མར་ཐལ། དོན་དམ་བདེན་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲུབ་པ་མིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག རང་དངོས་རྟོགས་ཀྱི་ཚད་མས་སྣང་རུང་གི་སྤྲོས་པ་དང་བཅས་པའི་ཚུལ་གྱིས་རྙེད་པའི་རྙེད་དོན་དང་། རང་དངོས་རྟོགས་ཀྱི་ཚད་མས་སྣང་རུང་གི་སྤྲོས་པ་འགའ་ཡང་མ་མཐོང་བའི་ཚུལ་གྱིས་རྙེད་པའི་རྙེད་དོན་ཞེས་ཟེར་ན། རི་བོང་རྭ་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་རང་དངོས་རྟོགས་ཀྱི་ཚད་མས་སྣང་རུང་གི་སྤྲོས་པ་རི་བོང་གི་རྭ་འགའ་ཡང་མ་མཐོང་བའི་ཚུལ་གྱིས་རྙེད་པའི་རྙེད་དོན་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་བདེན་པས་སྟོང་པའི་སྟོང་ཉིད་མཚན་ཉིད་དེ་ཡིན་པར་སྒྲུབས་ཤིག ཁ་ཅིག དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། ཆོས་ཅན་གང་ཞིག ཀུན་རྫོབ་སེམས་པའི་རིགས་ངོར་མི་བསླུ་བ། ཆོས་ཉིད་གང་ཞིག དོན་དམ་སེམས་པའི་རིག་ངོར་མི་བསླུ་བ་ཞེས་ཟེར་ན། ལོག་པའི་ཀུན་རྫོབ་བདེན་པ་ཆོས་ཅན། ཟུར་ཕྱི་མར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འདོད་ན། དེ་མིན་པར་ཐལ། དེ་འཇིག་རྟེན་པའི་བློའི་ངོར་སླུ་བ་ཡིན་པའི་ཕྱིར། འཇུག་པ་ལས། ལྷག་མ་ནི། འཇིག་རྟེན་ཉིད་ལས་ལོགས་ཤིག་རྣམ་པར་གཞག །ཅེས་གསུངས་པའི་ཕྱིར། ཆོས་ཉིད་ཆོས་ཅན། ཟུར་ཕྱི་མར་ཐལ། དོན་དམ་བདེན་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ངོ་བོར་མ་གྲུབ་པའི་ཕྱིར་ཏེ། དེས་དཔྱད་བཟོད་དུ་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ལ། སློབ་དཔོན་ཟླ་བའི་བཞེད་པ་ནི། མཐོང་བ་ཡང་དག་པའི་འཛིན་སྟངས་ཀྱི་གཟུང་བྱ་དང་། མཐོང་བ་རྫུན་པའི་འཛིན་སྟངས་ཀྱི་གཟུང་བྱ་དེ། འཇུག་པར། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་གསུངས་པའི་ཕྱིར། འདིའི་མཐོང་བ་ཡང་དག་པ་བོད་ཁ་ཅིག རིག་ཤེས་ཚད་མ་ལ་འདོད་པ་ནི་ཤིན་ཏུ་འཁྲུལ་ཏེ། རིག་ཤེས་ཚད་མ་ནི་རང་རྒྱུད་པའི་བརྡ་ཆད་ཡིན་གྱི་ཐལ་འགྱུར་བའི་གཞུང་ལས་མ་བཤད་ཅིང་། ཁས་ལེན་ན་ཡང་དེ་ནི་རྟགས་ལ་བརྟེན་པའི་ཤེས་པ་ཡིན་ལ། འདི་ནི་འཕགས་པའི་མཉམ་གཞག་ཡིན་པའི་ཕྱིར་ཏེ། འཇུག་འགྲེལ་ལས། ཟག་པ་མེད་པའི་ཡེ་ཤེས་དང་བྲལ་བ་སོ་སོ་སྐྱེ་བོ་རྣམས་ཀྱི་ཤེས་པས་ཀྱང་གཟིགས་པ་ཟག་པ་མེད་པ་ལ་གནོད་པ་མིན་པས་ཞེས་གསུངས་པའི་ཕྱིར། ཞི་བ་ལྷའི་བཞེད་པ་ནི། འཇིག་རྟེན་པའི་བློའི་དངོས་ཀྱི་སྤྱོད་ཡུལ་དང་། དེ་ལས་འདས་པའི་དེ་བཞིན་ཉིད་དེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །སློབ་དཔོན་ཡེ་ཤེས་སྙིང་པོས་བཞེད་པ་ནི། འཇིག་རྟེན་པའི་ཐ་སྙད་ཀྱི་ཡུལ་དང་། དེ་ལས་འདས་པའི་དེ་བཞིན་ཉིད་དེ། མདོ་ལས། ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྙེད་འཇིག་རྟེན་གྱི་ཐ་སྙད་བཏགས་པ་དང་། ཡི་གེ་དང་། སྐད་དང་། བརྡ་བསྟན་པ་དག་གོ །དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ཁུངས་སུ་མཛད་ནས་བདེན་གཉིས་ཀྱི་རྣམ་གཞག་མཛད་པའི་ཕྱིར་རོ། །གཉིས་པ་ལ། ཀུན་རྫོབ་བདེན་པའི་དབྱེ་བ་དང་། དོན་དམ་བདེན་པའི་དབྱེ་བ་གཉིས། དང་པོ་ལ། སློབ་དཔོན་ཟླ་བས་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས། དེ་གཉིས་རེ་རེ་ལ་ཡུལ་ཡུལ་ཅན་གཉིས་ལས། གློ་བུར་གྱི་འཁྲུལ་རྒྱུས་མ་བསླད་པའི་འཇུག་ཤེས་དྲུག་ནི་ཡུལ་ཅན་ཡང་དག་ཀུན་རྫོབ་དང་། དེའི་དངོས་ཀྱི་གཟུང་བྱ་ནི་ཡུལ་ཡང་དག་ཀུན་རྫོབ་ཡིན་ཅིང་། གློ་བུར་གྱི་འཁྲུལ་རྒྱུས་བསླད་པའི་འཇུག་ཤེས་དྲུག་ནི་ཡུལ་ཅན་ལོག་པའི་ཀུན་རྫོབ་དང་། དེའི་དངོས་ཀྱི་གཟུང་བྱ་ནི་ཡུལ་ལོག་པའི་ཀུན་རྫོབ་ཏུ་བཞེད་དོ། །འདི་ལ་སྣང་ལོག་ཀུན་རྫོབ་དང་། རྟགས་ལོག་ཀུན་རྫོབ་གཉིས་ལས། དང་པོ་ནི། སྨིག་རྒྱུ་ལ་ཆུར་བཏགས་པ་དང་། གཉིས་པ་ནི། བདག་དང་གཙོ་བོ་ལ་སོགས་པར་བཏགས་པའོ། །ཡེ་ཤེས་སྙིང་པོ་ནི། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མིན་པ་ཡི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་པའི་སྒོ་ནས་དེ་གཉིས་ཀྱི་ཁྱད་པར་འཇོག་པར་མཛད་དོ། །གཉིས་པ་དོན་དམ་བདེན་པ་ནི། ནམ་མཁའ་ལྟ་བུར་ཀུན་ཏུ་རོ་གཅིག་པའི་རང་བཞིན་ཡིན་པས་རང་གི་ངོ་བོའི་སྒོ་ནས་དབྱེ་བ་མི་འཐད་ཀྱང་། ཆོས་ཅན་གྱི་སྒོ་ནས་སྟོང་ཉིད་ཉི་ཤུ་དང་དེ་ལས་བསྡུས་ཏེ་བཅུ་དྲུག་དང་། དེ་ལས་བསྡུས་ཏེ་རྣམ་པ་བཞིར་གསུངས་པ་ཡིན་ནོ། །གསུམ་པ་ལ། ཀུན་རྫོབ་བདེན་པ་ལ་ཡུལ་ཅན་གྱི་ཀུན་རྫོབ་ནི་གནས་ལུགས་ཀྱི་དོན་མཐོང་བ་ལ་སྒྲིབ་པས་ན་ཀུན་རྫོབ་སྟེ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་ནི། །ཞེས་གསུངས་པའི་ཕྱིར། བློ་དེའི་ངོར་བདེན་པར་སྣང་བས་ན་བདེན་པ་སྟེ། དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུང་སྟེ། །ཞེས་པ་ལྟར་རོ། །དོན་དམ་བདེན་པའི་སྒྲ་དོན་ནི། དོན་དང་། དམ་པ་དང་། བདེན་པ་གསུམ་ནི་གཞི་མཐུན་ཡིན་པས་ན་དོན་དམ་བདེན་པ་སྟེ། འཇུག་འགྲེལ་ལས། སངས་རྒྱས་རྣམས་ཀྱི་དོན་དམ་བདེན་པ་ནི་རང་བཞིན་ཉིད་ཡིན་ཅིང་། དེ་ཡང་སླུ་བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་དེ་རྣམས་ཀྱི་སོ་སོར་རང་གིས་རིག་པར་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཅིའི་ཕྱིར་དེ་བཞིན་ཉིད་ལ་བདེན་པ་ཞེས་བྱ་ཞེ་ན། བདེན་པའི་སྒྲ་ནི་མི་སླུ་བ་ལ་འཇུག་པ་དང་། གནས་ཚུལ་ལ་གྲུབ་པ་ལ་འཇུག་པ་གཉིས་ལས། འདི་ནི་དང་པོའི་དབང་དུ་བྱས་པ་ཡིན་ཏེ། མདོ་ལས། བདེན་པ་དམ་པ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པ་སྟེ་ཞེས་གསུངས་སོ། །ཡུལ་ཅན་གྱི་སྒོ་ནས་སྒྲ་བཤད་པ་ནི། རང་རྒྱུད་པའི་གཞུང་ལས་བཤད་དེ། མཐར་ཐུག་སྤྱོད་པའི་རིག་ཤེས་ཚད་མ་ནི་དོན་དམ་པ་ཡིན་ལ། དེས་ཇི་ལྟར་ངེས་པ་ལྟར་ཡིད་ལ་བྱས་པ་མཐར་ཐུག་པའི་ཡོན་ཏན་ཐོབ་པ་ལ་མི་སླུ་བའི་ཕྱིར་ན་བདེན་པར་བཞག་གོ །སྡུག་བསྔལ་ལ་གཟུགས་ལ་སོགས་པའི་འབྲས་བུར་གྱུར་པ། ཞེས་པའི་སྐབས་སུ། བདེན་བཞིའི་སྒྲ་བཤད་པ། མཚན་ཉིད། མཚན་གཞི་དང་གསུམ་ལས། དང་པོ་ནི། ཅིའི་ཕྱིར་བདེན་པ་བཞི་ལ་འཕགས་པའི་བདེན་པ་ཞེས་བྱ་ཞེ་ན། གསུང་རབ་ལས། མི་རྟག་པ་དང་། སྡུག་བསྔལ་ལ་སོགས་པ་གསུངས་པ་ལྟར། དེ་ལ་དམིགས་ཤིང་བསྒོམས་པས་རྣམ་པར་དག་པ་ཐོབ་པར་བྱེད་པའི་རྒྱུར་འགྱུར་བའི་ཕྱིར་དང་། འཕགས་པ་རྣམས་ཀྱིས་མི་རྟག་པ་སྡུག་བསྔལ་ལ་སོགས་པར་གཟིགས་པ་ལྟར་ཚད་མས་གྲུབ་ཅིང་། བྱིས་པ་རྣམས་ཀྱིས་གཙང་བ་དང་། བདེ་བ་ལ་སོགས་པར་འཛིན་པ་ལྟར་ཚད་མས་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ལ། དགག་གཞག་གཉིས་ལས། དང་པོ་ནི། སྡུག་བསྔལ་བདེན་པའི་མཚན་ཉིད་ལ། ཟག་བཅས་འབྲས་བསྡུས་ཀྱི་དངོས་པོ་ཞེས་དང་། རང་རྒྱུ་ཀུན་འབྱུང་གི་འབྲས་བུར་གྱུར་པའི་ཟག་བཅས་ཀྱི་དངོས་པོ་ཞེས་དང་། རང་རྒྱུ་ལས་ཉོན་གང་རུང་གི་འབྲས་བུར་གྱུར་པའི་ཟག་བཅས་ཀྱི་དངོས་པོ་ཞེས་དང་། མི་རྟག་པ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དང་། དོན་གཞན་གྱི་བདག་གིས་སྟོང་པ་དང་། ངོ་བོར་གྱུར་པའི་བདག་མེད་པ་བཞིའི་ཚོགས་པ་ཞེས་ཟེར་ན། དང་པོ་གསུམ་ལ། སོ་སོ་སྐྱེ་བོའི་ལུས་རྟེན་མ་དོར་བའི་བྱང་སེམས་མཐོང་ལམ་པའི་གཟུགས་ཕུང་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་གསུམ་པོ་དེའི་ཕྱིར། མ་གྲུབ་ན། དང་པོ་དེར་ཐལ། ཟག་བཅས་གང་ཞིག འབྲས་བུས་བསྡུས་པ་ཡིན་པའི་ཕྱིར། ཕྱི་མ་གཉིས་པོ་དེར་ཐལ། རང་རྒྱུ་ཀུན་འབྱུང་གི་འབྲས་བུ་གང་ཞིག་ཟག་བཅས་ཀྱི་དངོས་པོ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེར་ཐལ། དེ་འཕེན་བྱེད་ཀྱི་ལས་ཉོན་དེ་ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་མིན་པར་ཐལ། བྱང་སེམས་མཐོང་ལམ་པས་སྡུག་ཀུན་གཉིས་ཀ་ཟད་པར་སྤངས་པའི་ཕྱིར་ཏེ། དེས་འཁོར་བ་ཟད་པར་སྤངས་པའི་ཕྱིར། བཞི་པ་དེ་ཆོས་ཅན། དེའི་མཚན་ཉིད་མི་འཐད་པར་ཐལ། རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། དོན་གཞན་གྱིས་བདག་གིས་སྟོང་པ་དང་། ངོ་བོར་གྱུར་པའི་བདག་མེད་པ་རྟག་པ་ཡིན་པའི་ཕྱིར་རོ། །ཀུན་འབྱུང་བདེན་པའི་མཚན་ཉིད་ལ་ཟག་བཅས་རྒྱུས་བསྡུས་ཀྱི་དངོས་པོ་ཞེས་དང་། རང་འབྲས་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཟག་བཅས་ཀྱི་ལས་ཞེས་དང་། རང་འབྲས་སྡུག་བསྔལ་བདེན་པའི་རྒྱུར་གྱུར་པའི་ཟག་བཅས་ཀྱི་དངོས་པོ་ཞེས་དང་། རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞིའི་ཚོགས་དོན་ཞེས་ཟེར་ན། དང་པོ་དང་གསུམ་པ་ལ། མ་དག་པའི་སྣོད་ཀྱི་འཇིག་རྟེན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཕྱི་མ་དེར་ཐལ། རང་འབྲས་སུ་གྱུར་པའི་སྣོད་ཀྱི་འཇིག་རྟེན་སྐད་ཅིག་གཉིས་པ་དེ་སྡུག་བསྔལ་བདེན་པ་ཡིན་པའི་ཕྱིར། གཉིས་པ་ལ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཁམས་གོང་དུ་འཕེན་བྱེད་ཀྱི་ལས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། དེ་ཟག་བཅས་ཀྱི་ལས་ཡིན་པའི་ཕྱིར། འདོད་ན། དེ་མིན་པར་ཐལ། རང་འབྲས་བདེ་བའི་རྒྱུར་གྱུར་པའི་ཟག་བཅས་ཀྱི་ལས་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། གཞན་ཡང་དེའི་རྒྱུད་ཀྱི་བསམ་གཏན་བཞི་པར་འཕེན་བྱེད་ཀྱི་ལས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། ཟག་བཅས་ཀྱི་ལས་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། རང་འབྲས་བཏང་སྙོམས་ཀྱི་རྒྱུར་གྱུར་པའི་ཟག་བཅས་ཀྱི་ལས་ཡིན་པའི་ཕྱིར་ཏེ་ཆོས་ཅན་དེ་ཡིན་པའི་ཕྱིར་རོ། །བཞི་པ་ལ། དེ་ཆོས་ཅན། དེའི་མཚན་ཉིད་མིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེའི་གཞི་མཐུན་རྟག་པ་ཡིན་པའི་ཕྱིར་རོ། །འགོག་བདེན་གྱི་མཚན་ཉིད་ལ། ཟག་མེད་འབྲས་བསྡུས་དང་། རང་རྒྱུ་ཟག་མེད་བར་ཆད་མེད་ལམ་གྱི་བྲལ་འབྲས་སུ་གྱུར་པའི་སོ་སོར་བརྟགས་འགོག་ཞེས་དང་། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་བཞིའི་ཚོགས་དོན་ཞེས་གཞག་ནས། འགོག་པའི་སྒྲ་དོན་སྡུག་བསྔལ་སྤངས་པ། ཞི་བའི་དོན་ཉོན་མོངས་སྤངས་པ། གྱ་ནོམ་གྱི་དོན་འདི་ལས་ལྷག་པའི་འདོད་བྱ་གཞན་མེད་པ་ལ་བྱེད་ཟེར་རོ། །དང་པོ་ལ། རྟོགས་པ་ཡེ་ཤེས་ཆོས་སྐུ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། གཉིས་པ་ལ། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཐོབ་མ་ཐག་པའི་བྱང་སེམས་ཀྱི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་དེ་བར་ཆད་མེད་ལམ་དུ་ཐལ། འདོད་པ་དེའི་ཕྱིར། རྩ་བར་མ་གྲུབ་ན་དེར་ཐལ། དེའི་རྒྱུད་ལ་འགོག་བདེན་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་ཉོན་སྒྲིབ་སྤངས་པའི་སྤངས་པ་ཡོད་པའི་ཕྱིར། གཞན་ཡང་དེའི་རྒྱུད་ལ་དེ་ཡོད་པར་ཐལ། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱི་རྒྱུད་ཀྱི་ཉོན་སྒྲིབ་སྤངས་པའི་སྤངས་པ་ཡིན་ན། རང་རྒྱུ་བདག་མེད་སྔོན་དུ་འགྲོ་མི་དགོས་པའི་ཕྱིར་ཏེ། དེ་འདྲའི་བྱང་སེམས་ཀྱི་རྒྱུད་ལ་ཉོན་སྒྲིབ་སྤོང་བའི་བདག་མེད་གཞི་མ་གྲུབ་པའི་ཕྱིར། གསུམ་པ་ལ། ཉན་ཐོས་སྒོམ་ལམ་པའི་རྒྱུད་ཀྱི་འགོག་བདེན་དེ་ཆོས་ཅན། མཚོན་བྱ་དེ་མིན་པར་ཐལ། མཚན་ཉིད་དེ་མིན་པའི་ཕྱིར་ཏེ། འགོག་པ་ཡང་མིན། ཞི་བ་ཡང་མིན། གྱ་ནོམ་ཡང་མིན་པའི་ཕྱིར། རྟགས་ཁས་བླངས་ཏེ། སྡུག་བསྔལ་སྤངས་པ་ཡང་མིན། ཉོན་མོངས་སྤངས་པ་ཡང་མིན། འདི་ལས་ལྷག་པའི་འདོད་བྱ་གཞན་མེད་པ་ཡང་མིན་པའི་ཕྱིར། ཁྱབ་པ་ཁས་སོ། །ལམ་བདེན་གྱི་མཚན་ཉིད་ལ། ཁ་ཅིག བདག་མེད་རྟོགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་དང་། ཟག་མེད་རྒྱུད་བསྡུ། ཞེས་དང་། འཕགས་རྒྱུད་ཀྱི་ལམ་རིགས་པ་བསྒྲུབ་པ་ངེས་འབྱིན་བཞིའི་ཚོགས་དོན་ཞེས་བཞག་ནས། ལམ་གྱི་དོན་ཐར་པའི་གྲོང་ཁྱེར་དུ་ཁྲིད་པར་བྱེད་པ་དང་། རིགས་པའི་དོན་མི་རིགས་པ་ཉོན་མོངས་པའི་གཉེན་པོ་བྱེད་པ་ལ་བྱེད་ཅེས་པའི་ལུགས་འདི་ལ། དང་པོ་ལ། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། གཉིས་པ་ལ། ཤཱཀྱ་ཐུབ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། གསུམ་པ་ལ། རྣམ་མཁྱེན་ཆོས་ཅན། མཚོན་བྱ་དེ་མིན་པར་ཐལ། མཚན་ཉིད་དེ་མི་འཐད་པའི་ཕྱིར་ཏེ། ལམ་ཡང་མིན་རིགས་པ་ཡང་མིན་པའི་ཕྱིར། རྟགས་ཁས་བླངས་ཏེ། ཐར་པའི་གྲོང་ཁྱེར་དུ་འཁྲིད་པར་བྱེད་པ་ཡང་མིན། མ་རིག་པ་ཉོན་མོངས་པའི་གཉེན་པོ་བྱེད་པ་ཡང་མིན་པའི་ཕྱིར། ཁྱབ་པ་ཁས་སོ། །གཉིས་པ་ནི། དེ་བཞིའི་མཚན་ཉིད་རིམ་བཞིན། རང་རྒྱུ་ལས་ཉོན་གང་རུང་གི་འབྲས་བུར་གྱུར་པའི་འཁོར་བས་བསྡུས་པའི་ཕུང་པོ་དང་། རང་འབྲས་སྡུག་བདེན་གྱི་རྒྱུའི་རིགས་སུ་གནས་པའི་ལས་ཉོན་གང་རུང་གིས་བསྡུས་པའི་ཟག་བཅས། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རང་གི་ངོས་སྐལ་གྱི་སྤང་བྱ་སྤངས་པའི་སྟོབས་ཀྱིས་ཐོབ་པའི་སོ་སོར་བརྟགས་འགོག་དང་། བདག་མེད་མངོན་སུམ་རྟོགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གསུམ་པ་མཚན་གཞི་ལ། མ་དག་པའི་སྣོད་ཀྱི་འཇིག་རྟེན་ནི་སྡུག་བསྔལ་བདེན་པའི་མཚན་གཞི་ཡིན་ཏེ། ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱི་ཀྱང་རིགས་པར་བྱའོ་ཞེས་སོ། །ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ཡང་སྡུག་བསྔལ་བདེན་པ་ཡིན་ཏེ། རྣམ་འགྲེལ་ལས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་སོ། །བདེ་བ་ཅན་ལ་སོགས་པའི་འཇིག་རྟེན་གྱི་ཁམས་རྣམས་ནི་སྡུག་བསྔལ་བདེན་པ་མིན་ཏེ། རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་བྱུང་བའི་དག་པའི་འཇིག་རྟེན་གྱི་ཁམས་ཡིན་པའི་ཕྱིར་རོ། །འོན་ཀྱང་དེར་གནས་པའི་སོ་སོ་སྐྱེ་བོ་རྣམས་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ནི་དེ་ཡིན་ཏེ། གང་ཟག་དེས་སྡུག་བདེན་མ་སྤངས་ཤིང་། ཕུང་པོ་དེ་འཕེན་བྱེད་ཀྱི་ལས་དེ་ཟག་བཅས་ཀྱི་ལས་ཡིན་པའི་ཕྱིར་རོ། །ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་གཉིས་ནི་ཀུན་འབྱུང་བདེན་པའི་མཚན་གཞི་ཡིན་ཏེ། ཀུན་བཏུས་ལས། ཀུན་འབྱུང་གི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ་ཞེས་སོ། །རྣམ་འགྲེལ་ལས། སྲེད་པ་དེའི་མཚན་གཞི་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ལས་ཉོན་གཉིས་ཀྱི་ནང་ནས་ཉོན་མོངས་གཙོ་ཆེ། ཉོན་མོངས་ལ་ཡང་སྲེད་ལེན་གཉིས་ཀྱི་ནང་ནས་སྲེད་པ་གཙོ་ཆེ་བའི་ཕྱིར། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་སྤང་བྱ་སྤངས་པའི་སྟོབས་ཀྱིས་ཐོབ་པའི་སོ་སོར་བརྟགས་འགོག་དེ་འགོག་བདེན་གྱི་མཚན་གཞི་ཡིན་ཏེ། མཛོད་ལས། སོ་སོར་བརྟགས་པའི་འགོག་པ་གང་། །བྲལ་བའོ་སོ་སོ་ཡིན། །ཞེས་གསུངས་པའི་ཕྱིར། ཀུན་བཏུས་ལས། བརྡའི་འགོག་པ་དང་། དོན་དམ་གྱི་འགོག་པ་གཉིས་དེའི་མཚན་གཞིར་བཤད་པ་དང་འགལ་ལོ་སྙམ་ན་སྐྱོན་མེད་དེ། དེ་ནི་དངོས་བརྟགས་མ་ཕྱེ་བའི་དབང་དུ་བྱས་པའི་ཕྱིར་རོ། །ཐེག་པ་གསུམ་གྱི་མཐོང་ལམ་སྒོམ་ལམ་མི་སློབ་ལམ་གསུམ་ནི་ལམ་བདེན་གྱི་མཚན་གཞི་ཡིན་ཏེ། ཀུན་བཏུས་ལས། ལམ་གྱི་བདེན་པ་གང་ཞེ་ན། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤོང་བ་དང་། འགོག་པ་མངོན་དུ་བྱེད་པ་དང་། ལམ་བསྒོམ་པ་དེ་ནི་ལམ་གྱི་མཚན་གཞི་མདོར་བསྡུས་པའོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན། དེ་ཉིད་ལས། ལམ་ལྔ་སྟེ། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། སྒོམ་པའི་ལམ་དང་། མཐར་ཕྱིན་པའི་ལམ་མོ་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་ལམ་བདེན་འཁོར་དང་བཅས་པའི་དབང་དུ་བྱས་པ་སྟེ། དེའི་འགྲེལ་པ་རྒྱལ་སྲས་མ་ལས། རབ་ཏུ་དབྱེ་བ་འདི་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་སྐབས་ཀྱི་རིགས་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །སངས་རྒྱས་ལ་སངས་རྒྱས་དང་བྱང་ཆུབ་དག །ཅེས་པའི་སྐབས་སུ། དཀོན་མཆོག་གསུམ་གྱི་མཐའ་དཔྱད་པ་ལ། སྐྱབས་གསུམ་གྱི་ངོ་བོ་ངོས་གཟུང་བ། གནས་སྐབས་སྐྱབས་གསུམ་དུ་གཞག་པ། མཐར་ཐུག་སྐྱབས་གཅིག་ཏུ་སྒྲུབ་པའོ། །དང་པོ་ལ་ཉན་ཐོས་སྡེ་པའི་ལུགས། ཐེག་པ་ཐུན་མོང་བའི་ལུགས། ཐེག་ཆེན་ཐུན་མོང་མིན་པའི་ལུགས་གསུམ་ལས། དང་པོ་ནི་སྐྱབས་འགྲོའི་ཡུལ་དུ་གྱུར་པའི་སངས་རྒྱས་དང་། སྤྱིར་སངས་རྒྱས་ལ་ཁྱད་པར་ཡོད་དེ། དང་པོ་ནི། ཐེག་དམན་མི་སློབ་པའི་ལམ་བདེན་ཁོ་ན་ལ་འཇོག་ལ། ཕྱི་མ་ལ་ཆོས་སྐུ་དང་གཟུགས་སྐུ་གཉིས་སུ་ཡོད་པའི་ཕྱིར། སྐྱབས་འགྲོའི་ཡུལ་དུ་གྱུར་པའི་ཆོས་དང་། ཆོས་ལ་ཁྱད་པར་ཡོད་དེ། སྔ་མ་ནི་མྱང་འདས་སོ་སོར་བརྟགས་འགོག་ཁོ་ན་ཡིན་ཞིང་། ཕྱི་མ་ནི་གསུང་རབ་ཡན་ལག་བཅུ་གཉིས་ལ་ཡང་འཇོག་པའི་ཕྱིར། ཡང་དེའི་ཡུལ་དུ་གྱུར་པའི་དགེ་འདུན་དང་། དགེ་འདུན་ལ་ཡང་ཁྱད་པར་ཡོད་དེ། སྔ་མ་ནི་ཐེག་དམན་སློབ་པ་འཕགས་པ་དང་། མི་སློབ་པའི་ལམ་བདེན་ཁོ་ན་ཡིན་ལ། ཕྱི་མ་ནི་ཟུང་བཞི་ཡ་བརྒྱད་ལ་ཡང་འདོད་པའི་ཕྱིར་ཏེ། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་གསུངས་སོ། །གཉིས་པ་ནི། སྐྱབས་འགྲོའི་ཡུལ་དུ་གྱུར་པའི་སངས་རྒྱས་དཀོན་མཆོག་ནི་སྐུ་གསུམ་དང་། ཆོས་ནི་སོ་སོར་བརྟགས་འགོག་དང་། དགེ་འདུན་ནི་ཟུང་བཞི་ཡ་བརྒྱད་ལ་འཇོག་སྟེ། སྐྱབས་གསུམ་བདུན་ཅུ་པ་ལས། ཐུབ་དབང་དག་གི་སྐུ་གསུམ་དང་། །མྱ་ངན་འདས་དང་གང་ཟག་བརྒྱད། །ཅེས་གསུངས་པའི་ཕྱིར། འོ་ན་བྱང་འཕགས་གང་དུ་གཏོགས་ཤེ་ན། སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་ཏེ། དཀོན་མཆོག་གསུམ་པོ་གང་རུང་གི་ཁོངས་སུ་གཏོགས་པ་གང་ཞིག ཆོས་དང་དགེ་འདུན་གྱི་ཁོངས་སུ་མ་གཏོགས་པའི་ཕྱིར། ཟུང་བཞི་ཡ་བརྒྱད་ཀྱི་མཐར་ཐུག་པ་ཉན་ཐོས་དགྲ་བཅོམ་པས་ཀྱང་དེ་ལ་ཕྱག་བྱ་དགོས་པའི་ཕྱིར། དེ་ཉིད་ལས། ཤཱ་རིའི་ལུང་ལས་དགྲ་བཅོམ་གྱིས། །བྱང་ཆུབ་སེམས་དཔར་ཕྱག་བྱས་ཕྱིར། །འདི་དག་དཀོན་མཆོག་གསུམ་གཞན་མིན། །སངས་རྒྱས་ཁོངས་སུ་གཏོགས་པར་འདོད། །ཅེས་གསུངས་པའི་ཕྱིར། གསུམ་པ་ལ། སངས་རྒྱས་དཀོན་མཆོག་གི་མཚན་ཉིད། བོད་ཕལ་ཆེར་ནི། ཡོན་ཏན་བརྒྱད་དང་ལྡན་པའི་མཐར་ཐུག་གི་སྐྱབས་གནས་ཞེས་འཇོག་ཅིང་། ཡོན་ཏན་བརྒྱད་ནི། རྒྱུད་བླར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་རང་དོན་གྱི་ཡོན་ཏན་གསུམ་དང་། གཞན་དོན་གྱི་ཡོན་ཏན་གསུམ་དབྱེ་གཞི་རང་དོན་དང་གཞན་དོན་གྱི་ཡོན་ཏན་གཉིས་དང་བརྒྱད་དོ་ཞེས་གསུངས། ཁོ་བོའི་རྟོག་པ་ལ། གཞུང་འདིའི་སྐབས་ནས་དངོས་སུ་བསྟན་པའི་སངས་རྒྱས་དཀོན་མཆོག་དང་། མངོན་རྟོགས་རྒྱན་ནས་བཤད་པའི་ངོ་བོ་ཉིད་སྐུ་དོན་གཅིག་པ་ཡིན་པས། དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་དང་། མཁྱེན་བརྩེ་ནུས་པའི་ཡོན་ཏན་དབྱེར་མེད་པའི་འདུས་མ་བྱས་ཀྱི་སྐུ་དེ་འདིར་དངོས་བསྟན་གྱི་སངས་རྒྱས་དཀོན་མཆོག་གི་མཚན་ཉིད་དོ། །འོ་ན་དེ་དང་ཇི་ལྟར་དོན་གཅིག་ཞེ་ན། འདུས་མ་བྱས་ནི་རང་བཞིན་རྣམ་དག་ཡིན་ལ། དེ་ནི། དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་པའི་དོན་ནོ། །ལྷུན་གྱི་གྲུབ་པ་ནི་གློ་བུར་རྣམ་དག་ཡིན་ལ། དེ་ནི་རྣམ་ཀུན་རྣམ་དག་པ་ཞེས་པའི་དོན་ནོ། །གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པ་ནི། དེ་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་མངོན་དུ་གྱུར་པ་ཙམ་མོ། །མཁྱེན་བརྩེ་ནུས་པ་གསུམ་ནི་ཟག་མེད་ཀྱི་ཡེ་ཤེས་ཡིན་ལ། དེ་ནི། ཟག་པ་མེད་པའི་ཆོས་གང་དག །ཅེས་པའི་དོན་ནོ། །དེ་དབྱེར་མེད་དུ་ལྡན་པའི་རྒྱུ་མཚན་གྱིས། རྒྱུད་བླར། ལྡན་ཞེས་དང་། རྒྱན་ལས་ཐོབ་གྱུར་ཅེས་པའི་སྒྲས་བསྟན་ནོ། །མདོར་ན། སངས་རྒྱས་ཀྱི་སར་འགོག་ལམ་དབྱེར་མེད་ལ་སངས་རྒྱས་དཀོན་མཆོག་ཏུ་གཞག་ཅིང་། ཐེག་ཆེན་གྱི་སློབ་ལམ་དུ་འགོག་ལམ་སོ་སོར་ཕྱེ་ནས་ཆོས་དཀོན་མཆོག་ཏུ་གཞག་པ་ནི། དབྱིངས་རིག་དབྱེར་མེད་མངོན་དུ་གྱུར་པ་དང་མ་གྱུར་པའི་གནད་ཀྱིས་ཡིན་ནོ། །ཆོས་དཀོན་མཆོག་གི་མཚན་ཉིད་ལ་ཁ་ཅིག བསམ་དུ་མེད་པ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་འགོག་ལམ་གང་རུང་གིས་བསྡུས་པའི་ཟག་མེད་རྣམ་བྱང་གི་བདེན་པ་ཞེ་ན། བྱང་འཕགས་ཀྱི་འགོག་བདེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། དག་གསལ་གཉེན་པོ་གསུམ་གྱི་ཡོན་ཏན་དང་མི་ལྡན་པའི་ཕྱིར་ཏེ། སློབ་པའི་འགོག་བདེན་ཡིན་པའི་ཕྱིར། ཁ་ཅིག འགོག་ལམ་གང་རུང་གིས་བསྡུས་པའི་ཟག་མེད་རྣམ་བྱང་གི་བདེན་པ་ཞེ་ན། རྣམ་མཁྱེན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། སྐབས་འདིར་བསྟན་གྱི་ཆོས་དཀོན་མཆོག་མིན་པར་ཐལ། མཐར་ཐུག་གི་སྐྱབས་གནས་ཡིན་པའི་ཕྱིར་ཏེ། འགོག་བདེན་དང་དབྱེར་མེད་པའི་ལམ་བདེན་ཡིན་པའི་ཕྱིར་རོ། །རང་ལུགས་ནི། འགོག་ལམ་གང་རུང་གིས་བསྡུས་པའི་བྱང་འཕགས་ཀྱི་རྒྱུད་ཀྱི་ཟག་མེད་རྣམ་བྱང་གི་བདེན་པ་སྟེ། རྒྱུད་བླར། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་སོ། །དེ་ལ་ཆོས་ཉིད་རྟོག་གེའི་བློས་མུ་བཞིར་རྟོག་པར་མི་ནུས་པས་ན། བསམ་དུ་མེད་པ་དང་། ལས་ཉོན་གཉིས་མེད་པ་དང་། དེའི་རྒྱུ་ཚུལ་བཞིན་མིན་པའི་ཡིད་བྱེད་ཀྱི་རྣམ་རྟོག་མེད་པ་སྟེ་འགོག་བདེན་གྱི་ཡོན་ཏན་གསུམ་དང་། རང་བཞིན་གྱིས་དག་པ། ཡུལ་གྱི་གནས་ཚུལ་གསལ་བ། སྒྲིབ་པའི་གཉེན་པོ་བྱེད་པ་སྟེ་ལམ་བདེན་གྱི་ཡོན་ཏན་གསུམ་དང་དབྱེ་གཞི་འགོག་ལམ་གཉིས་ཏེ་བརྒྱད་དོ། །དགེ་འདུན་དཀོན་མཆོག་གིས་མཚན་ཉིད། རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་རྒྱལ་སྲས་འཕགས་པ་སྟེ། རྒྱུད་བླར། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་སོ། །ཡོན་ཏན་བརྒྱད་ནི། ཇི་ལྟ་བ་རིག་པ། ཇི་སྙེད་པ་རིག་པ། སོ་སོ་རང་གིས་རིག་པ་སྟེ། རིག་པའི་ཡོན་ཏན་གསུམ་དང་། ཆགས་པའི་སྒྲིབ་པ། ཐོགས་པའི་སྒྲིབ་པ། དམན་པའི་སྒྲིབ་པ་ལས་གྲོལ་བ་སྟེ། གྲོལ་བའི་ཡོན་ཏན་གསུམ་དང་། དབྱེ་གཞི་རིག་གྲོལ་གཉིས་ཏེ་བརྒྱད་དོ། །ཅིའི་ཕྱིར། ཟུང་བཞི་ཡ་བརྒྱད་དགེ་འདུན་དཀོན་མཆོག་ཏུ་མི་འཆད་ཅེ་ན། འདི་ནི་ཐེག་ཆེན་ཐུན་མོང་མིན་པའི་དཀོན་མཆོག་འཆད་པའི་སྐབས་ཡིན་པའི་ཕྱིར། ཅིའི་ཕྱིར། ཐེག་ཆེན་དགྲ་བཅོམ་པ་དགེ་འདུན་དཀོན་མཆོག་ཏུ་མི་འཆད་ཅེ་ན། དེ་ནི་སྐྱབས་འགྲོའི་ཡུལ་དུ་གཞག་པའི་སངས་རྒྱས་དཀོན་མཆོག་གི་སྐབས་སུ་གཏོགས་པའི་ཕྱིར། དེའི་ཁོངས་སུ་གཏོགས་པ་ཙམ་གྱིས་དེ་ཡིན་པས་མ་ཁྱབ་སྟེ། ཡེ་ཤེས་ཆོས་སྐུ་དེ་ངོ་བོ་ཉིད་སྐུའི་ཁོངས་སུ་གཏོགས་པའི་ཕྱིར། འོ་ན་མངོན་རྟོགས་རྒྱན་ལས། བྱང་སེམས་སྦྱོར་ལམ་པ་ཡང་དགེ་འདུན་དུ་བཤད་ནས། རྒྱུད་བླར་ཅིའི་ཕྱིར་མི་འཆད་ཅེ་ན། རྒྱན་ལས་ནི། ཕྱིར་མི་ལྡོག་པའི་དགེ་འདུན་སྒྲུབ་པ་ཙམ་ཞིག་ཡིན་ལ། རྒྱུད་བླར་ནི། སྐྱབས་འགྲོའི་ཡུལ་དུ་གྱུར་པའི་དཀོན་མཆོག་འཆད་པའི་སྐབས་ཡིན་པས། དེ་མ་བཤད་དོ། །ཁ་ཅིག་ཤཱཀྱ་ཐུབ་པ་ཆོས་ཅན། འདིར་དངོས་བསྟན་གྱི་དགེ་འདུན་དཀོན་མཆོག་ཡིན་པར་ཐལ། རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་ཐེག་ཆེན་འཕགས་པ་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། གནས་སྐབས་སྐྱབས་གསུམ་དུ་གཞག་པའི་དགེ་འདུན་དཀོན་མཆོག་ཡིན་པར་ཐལ། དེའི་ཕྱིར། གཉིས་པ་གནས་སྐབས་སྐྱབས་གསུམ་དུ་གཞག་པ་ལ། ངེས་ལེགས་དོན་དུ་གཉེར་བའི་གང་ཟག་གི་དབང་དུ་བྱས་པ་དང་། མངོན་མཐོ་དོན་དུ་གཉེར་བའི་གང་ཟག་གི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། ཅིའི་ཕྱིར་སྐྱབས་འགྲོའི་ཡུལ་དེ་ལ་གསུམ་དུ་གཞག་ཅེ་ན། དེ་ལ་དེར་ངེས་ཏེ། ངེས་ལེགས་དོན་གཉེར་གྱི་གང་ཟག་གིས་ཐོབ་བྱའི་འབྲས་བུ་དེ་ལ་གསུམ་དུ་ངེས་ལ་གསུམ་པོ་དེ་སྐྱབས་གནས་སུ་གཞག་པའི་ཕྱིར། འདི་ཇི་ལྟར་ཤེས་ཞེ་ན། སངས་རྒྱས་ཀྱི་ཐེག་པའི་དབང་དུ་བྱས་ནས་སངས་རྒྱས་དཀོན་མཆོག་སྐྱབས་སུ་གཞག་སྟེ། དེ་དག་ནི་སངས་རྒྱས་ཀྱི་དངོས་པོ་དོན་དུ་གཉེར་བ་ཡིན་པའི་ཕྱིར། རང་སངས་རྒྱས་ཀྱི་ཐེག་པའི་དབང་དུ་བྱས་ནས་ཆོས་དཀོན་མཆོག་སྐྱབས་སུ་གཞག་སྟེ། དེ་དག་ནི་རྟེན་འབྲེལ་ཟབ་མོའི་ཆོས་རྟོག་པ་དོན་དུ་གཉེར་བའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པའི་དབང་དུ་བྱས་ནས་དགེ་འདུན་དཀོན་མཆོག་སྐྱབས་སུ་གཞག་སྟེ། དེ་དག་ནི་དགེ་འདུན་གྱི་དངོས་པོ་དགྲ་བཅོམ་འབྲས་གནས་དོན་དུ་གཉེར་བའི་ཕྱིར། གང་ཟག་གསུམ་པོས་རང་གི་ཐོབ་བྱའི་འབྲས་བུ་དེ་ཐོབ་པ་ན། ཐོབ་བྱའི་འབྲས་བུ་དེ་ཉིད་སྐྱབས་སུ་གཞག་པས་འདི་ལ་འབྲས་བུའི་སྐྱབས་འགྲོ་ཞེས་བྱའོ། །སྐྱབས་འགྲོའི་དོན་མི་གནས་པ་ཡང་མིན་ཏེ། དེའི་དོན་ནི་འཇིགས་པ་ལས་སྐྱོབ་པ་ཡིན་ལ། དེ་ཐོབ་པ་ན་རང་རང་གི་འཇིགས་པ་ལས་གྲོལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། གང་ཟག་རེ་རེ་ཡང་གསུམ་ཀ་ལ་སྐྱབས་སུ་འགྲོ་བ་མིན་ནམ། ཅིའི་ཕྱིར་སོ་སོར་གཞག་ཅེ་ན། སངས་རྒྱས་ལ་བྱ་བ་བྱེད་པར་མོས་པའི་དབང་དུ་བྱས་ནས་སངས་རྒྱས་དཀོན་མཆོག་སྐྱབས་སུ་གཞག་སྟེ། རྐང་གཉིས་རྣམས་ཀྱི་མཆོག་དེ་སངས་རྒྱས་ཡིན་པའི་ཕྱིར། ཆོས་ལ་བྱ་བ་བྱེད་པར་མོས་པའི་དབང་དུ་བྱས་ནས་ཆོས་དཀོན་མཆོག་སྐྱབས་སུ་གཞག་སྟེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དེ་ཆོས་དཀོན་མཆོག་ཡིན་པའི་ཕྱིར། དགེ་འདུན་ལ་བྱ་བ་བྱེད་པར་མོས་པའི་དབང་དུ་བྱས་ནས་དེ་སྐྱབས་སུ་གཞག་སྟེ། ཚོགས་རྣམས་ཀྱི་མཆོག་དེ་དགེ་འདུན་དུ་རྣམ་པར་གཞག་པའི་ཕྱིར། འདི་ནི་རང་ཉིད་འཇིག་པ་ལས་སྐྱོབ་པའི་ཕྱིར་དུ། གང་ཟག་གཞན་རྒྱུད་ལ་གྲུབ་ཟིན་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་རྒྱུའི་སྐྱབས་འགྲོ་ཞེས་བྱའོ། །འདི་ནི་མངོན་མཐོ་དོན་གཉེར་ཁོ་ནར་མ་ངེས་ཏེ། ངེས་ལེགས་དོན་དུ་གཉེར་བས་ཀྱང་དེ་ལྟར་བྱེད་པ་ཡོད་པའི་ཕྱིར། གསུམ་པ་མཐར་ཐུག་སྐྱབས་གཅིག་ཏུ་གཞག་པ་ལ། རྒྱུད་བླར། སྤངས་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་པའི་དོན་ནི། སྤངས་ཕྱིར་ཞེས་པ་ནི་གདུལ་བྱའི་སེམས་རྒྱུད་ལ་མིང་ཚིག་ཡི་གེའི་རྣམ་པར་སྣང་བའི་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཆོས་ཅན། མཐར་ཐུག་གི་སྐྱབས་གནས་མ་ཡིན་ཏེ། མཐར་ཐུག་གི་རྟོགས་པ་ཐོབ་པའི་ཐབས་ཙམ་ཡིན་པའི་ཕྱིར་ཏེ། དེ་ཐོབ་ཟིན་ནས་ཆུ་བརྒལ་ཟིན་པའི་གཟིངས་ལྟར་སྤང་བྱ་ཡིན་པའི་ཕྱིར། བསླུ་བའི་ཆོས་ཅན་ཕྱིར་ཞེས་པའི་དོན་ལ་ཁ་ཅིག སློབ་པའི་ལམ་བདེན་ཆོས་ཅན། དེ་མ་ཡིན་ཏེ། རང་གི་གཟིགས་ངོར་དྲི་མ་མཐའ་དག་དང་བྲལ་བར་སྣང་ཡང་། དོན་ལ་དྲི་མ་མཐའ་དག་དང་མ་བྲལ་བས། དེར་སྣང་དང་དེར་སྟོང་ཚོགས་པ་བརྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་ཟེར། འོ་ན་དེའི་དོན་སློབ་པའི་མཉམ་བཞག་ལ་དེར་སྣང་བ་ལ་བྱེད་དམ། རྗེས་ཐོབ་ལ་དེར་སྣང་བ་ལ་བྱེད། དང་པོ་ལྟར་ན། དེ་ཆོས་ཅན། དེ་མིན་པར་ཐལ། ཀུན་རྫོབ་བདེན་པ་སྣང་བ་མིན་པའི་ཕྱིར། རྟགས་ཁས། གཉིས་པ་ལྟར་ན། སློབ་པའི་རྗེས་ཐོབ་དེ་ཆོས་ཅན། དེ་ལྟར་སྣང་བ་མིན་པར་ཐལ། རང་ཉིད་དྲི་མ་དང་བཅས་པར་ཤེས་པའི་སྒོ་ནས་དྲི་མ་སྤོང་བ་ལ་འབད་པ་བྱེད་པའི་ལམ་ཡིན་པའི་ཕྱིར། ཡང་སངས་རྒྱས་ཀྱི་གཟིགས་ངོར་ཤིན་ཏུ་ལྐོག་གྱུར་དེ་ཤིན་ཏུ་ལྐོག་གྱུར་ཡིན་ནམ་མིན། དང་པོ་ལྟར་ན། དེ་མིན་པར་ཐལ། དེའི་ངོར་དེ་ཡིན་པ་མེད་པའི་ཕྱིར། ཕྱི་མ་ལྟར་ན་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། མཐར་ཐུག་གི་སྐྱབས་གནས་མིན་པར་ཐལ། རང་གི་གཟིགས་ངོར་ཤིན་དུ་ལྐོག་གྱུར་ཤིན་ཏུ་ལྐོག་གྱུར་མིན་པར་སྣང་ཡང་། དོན་ལ་དེ་དེ་ཡིན་པས་དེར་སྣང་དང་དེར་སྟོང་ཚོགས་པ་བརྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། གཞན་ཡང་། བསླུ་བའི་ཆོས་ཅན་ཕྱིར་ཞེས་པའི་དོན་དེ་ལྟར་འཆད་པ་ནི། ཐོགས་མེད་ཀྱི་འགྲེལ་པ་དང་འགལ་ཏེ། འགྲེལ་པར། དེ་ལ་ལམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་ལ། འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་གང་ཡིན་པ་དེ་ནི་བརྫུན་པ་བསླུ་བའི་ཆོས་ཅན། གང་བརྫུན་པ་བསླུ་བའི་ཆོས་ཅན་དེ་ནི་མི་བདེན་པ། གང་མི་བདེན་པ་དེ་ནི་མི་རྟག་པ། གང་མི་རྟག་པ་དེ་ནི་སྐྱབས་མིན་ནོ། །ཞེས་གསུངས་པའི་ཕྱིར། ཊཱི་ཀ་ལས། སློབ་པའི་ལམ་བདེན་ཆོས་ཅན། དེ་མིན་ཏེ། འདུས་བྱས་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། རྩ་ཤེར་ལས། འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་གསུངས་པ་ལ་ཁ་ཅིག གཟུགས་སྐུ་གཉིས་དང་ཡེ་ཤེས་ཆོས་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཞེས་བཀག་ནས། རང་ལུགས་ལ་སློབ་པའི་ལམ་བདེན་ཆོས་ཅན། དེ་མིན་ཏེ། མཐར་ཐུག་གི་དུས་སུ་མེད་པས། མཐར་ཐུག་གི་དུས་སུ་བསླུ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེའི་དུས་ན་མེད་པར་ཐལ། དེ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་མི་སྡོད་པའི་མི་རྟག་པ་ཡིན་པའི་ཕྱིར་ཞེས་སྨྲའོ། །འོ་ན་རྣམ་མཁྱེན་སྐད་ཅིག་དང་པོ་དེ་ཡང་མཐར་ཐུག་གི་སྐྱབས་མིན་པར་ཐལ། དེ་རྣམ་མཁྱེན་སྐད་ཅིག་གཉིས་པའི་དུས་སུ་མེད་པས་མཐར་ཐུག་གི་དུས་སུ་བསླུ་བ་ཡིན་པའི་ཕྱིར། མ་གྲུབ་ན། སྔ་མ་བཞིན་བསྒྲེའོ། །དེས་ན་རང་ལུགས་ནི། སློབ་པའི་ལམ་བདེན་ཆོས་ཅན། དེ་མིན་ཏེ། དག་པ་གཉིས་ལྡན་གྱི་འགོག་བདེན་དང་དབྱེར་མེད་པའི་ཡོན་ཏན་མ་ཐོབ་པས་འདུས་བྱས་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། ཡང་རྒྱུད་བླར། འདིར་འདུས་བྱས་མཚོན་པར་བྱེད་པའི་མཚན་ཉིད་སྐྱེ་རྒ་ན་འཆི་བཞི་ལ་གསུངས་པ་དེ་ལ་ཡང་། སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པ་དང་། བྱང་འཕགས་ཀྱི་རྒྱུད་ལ་ཡོད་པ་གཉིས་ལས། དང་པོ་ནི། བྱང་སེམས་འཕགས་པས་སྤངས་ལ། ཕྱི་མ་ནི་སངས་རྒྱས་ཀྱིས་སྤངས་པས་དེ་ལྟ་བུའི་འདུས་བྱས་མིན་པའི་དོན་དེ་རྟོགས་པར་འདོད་ན་ཁོ་བོ་ལ་དྲི་བར་བྱའོ། །མེད་ཕྱིར་ཞེས་པའི་དོན་ལ། སློབ་པའི་འགོག་བདེན་ཆོས་ཅན། དེ་མིན་ཏེ། ལམ་བདེན་དང་དབྱེར་མེད་པའི་ཡོན་ཏན་མ་ཐོབ་པས། རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་དྲི་མ་མེད་པས་རབ་ཏུ་ཕྱེ་བ་ཙམ་ཡིན་པའི་ཕྱིར། འཇིགས་དང་བཅས་པའི་ཕྱིར། ཞེས་པའི་དོན་ལ། བྱང་སེམས་འཕགས་པ་ཆོས་ཅན། མཐར་ཐུག་གི་སྐྱབས་གནས་མིན་ཏེ། ཤེས་སྒྲིབ་ཀྱི་འཇིགས་པ་དང་བཅས་པའི་ཕྱིར་རོ། །ཚིགས་སུ་བཅད་པ་ཕྱི་མའི་དོན་ནི་རྟོགས་པར་སླའོ། །ཤའི་དང་། རྣམ་པར་སྨིན་པ་ལས་བྱུང་བ་ལྷའི་དང་། ཞེས་པའི་སྐབས་སུ། སྤྱན་ལྔའི་རྒྱུ། ངོ་བོ། ས་མཚམས་གསུམ། དང་པོ་ལ་ཐུན་མོང་གི་རྒྱུ་ནི་ཕར་ཕྱིན་དྲུག་སྟེ། མདོ་ལས། མིག་ལྔ་ཐོབ་པར་འདོད་པ་དང་སྦྱང་བར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ་ཞེས་སོ། །སོ་སོའི་རྒྱུ་ལ། བསམ་གཏན་གྱི་རང་བཞིན་གྱིས་སྦྱངས་པའི་དབང་པོ་གཟུགས་ཅན་པ་ནི་ཤའི་སྤྱན་གྱི་རྒྱུ་དང་། མར་མེ་སོགས་སྦྱིན་པའི་དགེ་བའི་ལས་ནི་ལྷའི་སྤྱན་གྱི་རྒྱུ་དང་། རང་བཞིན་མེད་པར་རྟོགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ནི་ཤེས་རབ་ཀྱི་སྤྱན་གྱི་རྒྱུ་དང་ཆོས་ཀྱི་སྤྱན་གྱི་རྒྱུའོ། །ཡེ་ཤེས་ཀྱི་ཚོགས་ནི་སངས་རྒྱས་ཀྱི་སྤྱན་གྱི་རྒྱུའོ། །གཉིས་པ་ལ་དགག་གཞག་གཉིས་ལས། དང་པོ་ལ་ཁ་ཅིག བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་མཐོང་བའི་ཡུལ་ཅན། བདག་རྐྱེན་བསམ་གཏན་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཐོང་བའི་ཡུལ་ཅན་དང་། ཆོས་ཐམས་ཅད་ལ་བདག་གཉིས་ཀྱིས་མཚན་མར་རྣམ་པར་མི་རྟོག་པའི་ཡུལ་ཅན་དང་རང་དང་རྒྱུད་ཚོད་མཉམ་པ་མན་ཆད་ཀྱི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་རིགས་ཇི་ལྟ་བ་བཞིན་རྟོགས་པའི་ཡུལ་ཅན་དང་། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་ཞེ་ན། དང་པོ་གཉིས་ལ། ལམ་མ་ཞུགས་ཀྱི་གང་ཟག་གི་ལྷའི་མིག་གི་མངོན་ཤེས་ཆོས་ཅན། མཚོན་བྱ་དེ་གཉིས་སུ་ཐལ། མཚན་ཉིད་དེའི་གཉིས་ཀྱི་ཕྱིར། མ་གྲུབ་ན། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཤའི་སྤྱན་དང་། སྦྱོར་ལམ་པའི་རྒྱུད་ཀྱི་ལྷའི་སྤྱན་གཉིས་ཀྱིས་དེ་གཉིས་མི་མཐོང་བར་ཐལ་ལོ། །རྩ་བར་འདོད་ན། མིན་པར་ཐལ། ལམ་མ་ཞུགས་པའི་གང་ཟག་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར། གསུམ་པ་ལ། ས་གཉིས་པའི་མོས་པ་སྒོམ་ལམ་ཆོས་ཅན། མཚོན་བྱར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཆོས་ཀྱི་བདག་མེད་མངོན་སུམ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སློབ་པའི་རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར་རོ། །བཞི་པ་ལ་ཕྱིར་མི་འོང་བའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། མཚོན་བྱར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། འཕགས་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཐེག་དམན་གྱི་རྒྱུད་ལ་ཆོས་ཀྱི་སྤྱན་མེད་པའི་ཕྱིར་ཏེ། དེའི་རྒྱུད་ལ་ཤེས་རབ་ཀྱི་སྤྱན་མེད་པའི་ཕྱིར་ཏེ། དེའི་རྒྱུད་ལ་ཆོས་ཐམས་ཅད་བདག་གཉིས་སུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེད་པའི་ཕྱིར་རོ། །ལྔ་པ་ལ་ལོངས་སྐུ་ཆོས་ཅན། མཚོན་བྱར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་མངོན་སུམ་དུ་རྟོགས་པའི་ཕྱིར། གཉིས་པ་ནི། ལྔ་པོ་སོ་སོའི་མཚན་ཉིད་རིམ་བཞིན། བདག་རྐྱེན་ཚེ་འདིར་བསམ་གཏན་གྱི་རང་བཞིན་གྱིས་སྦྱངས་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་དཔག་ཚད་བརྒྱ་ལ་སོགས་པ་མངོན་སུམ་མཐོང་བའི་ཐེག་ཆེན་སྐྱེས་བུའི་རྒྱུད་ཀྱི་ཡོན་ཏན། བདག་རྐྱེན་སྔོན་གྱི་ལས་ཀྱི་དགེ་བའི་རྣམ་པར་སྨིན་པ་ལས་བྱུང་བའི་བསམ་གཏན་གྱི་སས་བསྡུས་ཀྱི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སེམས་ཅན་གཞན་གྱི་འཆི་འཕོ་བ་དང་། སྐྱེ་བ་མཐོང་བའི་ཐེག་ཆེན་སྐྱེས་བུའི་རྒྱུད་ཀྱི་སྦྱོར་ལམ་ཡན་ཆད་ཀྱི་ཡོན་ཏན་དང་། ཆོས་ཐམས་ཅད་ལ་བདག་གཉིས་ཀྱི་མཚན་མར་རྣམ་པར་མི་ཏོག་པའི་འཕགས་རྒྱུད་ཀྱི་མཉམ་གཞག་གིས་བསྡུས་པའི་ཡོན་ཏན་དང་། རང་དང་རྒྱུད་ཚོད་མཉམ་པ་མན་ཆད་ཀྱི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པའི་བྱེ་བྲག་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ཡོན་ཏན་དང་། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་སོ། །དེ་ལ་ཤའི་སྤྱན་ནི་ཤེར་ཕྱིན་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །དེ་བཞིན་དུ་དཔག་ཚད་ཉིས་བརྒྱ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ་ཞེས་གསུངས་པའི་དོན། ཉི་ཁྲི་སྣང་བ་ལས། དེ་ནི་རྣམ་པར་སྨིན་པ་ལས་བྱུང་བ་ཉིད་ཀྱིས་ཡུལ་སོ་སོར་ངེས་པ་ཡིན་པའི་ཕྱིར། ཤའི་མིག་གི་བདག་པོའི་འབྲས་བུའི་ཡུལ་ཅན་ཡིན་པ་དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པའི་ཕྱིར་ཞེས་གསུངས་སོ། །དེའི་དོན་སྟོང་གསུམ་གྱི་སེམས་ཅན་རྣམས་ཀྱི་ཐུན་མོང་གི་བདག་འབྲས་ལ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ལས་ལྷག་པ་མི་འགྲུབ་ཅིང་། ཤའི་སྤྱན་ནི་བདག་པོའི་འབྲས་བུའི་ཡུལ་ཅན་ཡིན་པས་བྱང་སེམས་ཀྱི་ཤའི་སྤྱན་གྱིས་སྟོང་གསུམ་ལས་ལྷག་པ་མི་མཐོང་ཞེས་པའི་དོན་ཡིན་གྱི་སངས་རྒྱས་ལ་ནི་མི་མཚུངས་སོ། །ལྷའི་སྤྱན་ནི་བདག་རྐྱེན་བསམ་གཏན་གྱི་སས་བསྡུས་པའི་དབང་པོ་ལ་འཇོག་པ་ནི་ཊཱི་ཀ་ལྟར་བྲིས་པ་ཡིན་གྱི། འདི་ནི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པར་གསུངས་པས་གཟུགས་ཀྱི་སས་བསྡུས་ཀྱི་དགེ་བའི་རྣམ་སྨིན་འདོད་པར་མི་སྨིན་ཅིང་། འདོད་པའི་སས་བསྡུས་ཀྱི་རྣམ་སྨིན་ལས་བསམ་གཏན་གྱི་སས་བསྡུས་པའི་དབང་པོ་གཟུགས་ཅན་མི་འབྱུང་བས་ན་ཤིན་ཏུ་དཔྱད་པའི་གཞིའོ། །ཁོ་བོ་ལ་ནི་གཞན་ཞིག་ཡོད་དོ། །གསུམ་པ་ལ། མངོན་པ་གོང་འོག་ལས་མངོན་ཤེས་དྲུག་བཤད་ཀྱི་སྤྱན་ལྔ་མ་བཤད་ལ། འདི་ནི་ཤེར་ཕྱིན་གྱི་མདོ་དང་མངོན་རྟོགས་རྒྱན་ཁོ་ན་ལས་བཤད་ཅིང་། རྟེན་གྱི་གང་ཟག་ཀྱང་ཐེག་ཆེན་ཁོ་ན་ལ་ཡོད་པས། དང་པོ་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་དང་། གཉིས་པ་ཐེག་ཆེན་གྱི་སྦྱོར་ལམ་ནས་དང་། གསུམ་པ་ཐེག་ཆེན་འཕགས་པའི་མཉམ་གཞག་ཁོ་ན་དང་། བཞི་པ་ཐེག་ཆེན་འཕགས་པའི་རྗེས་ཐོབ་ཁོ་ན་དང་། ལྔ་པ་རྗེས་མཐུན་པ་ས་བདུན་པ་ནས་ཐོབ་ཅིང་མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་དོ། །ཐུབ་པ་དགོངས་རྒྱན་ལས། ཇི་ལྟར་རིགས་པར་ཚོགས་ཀྱི་ས་དང་། གོང་མ་གོང་མའི་སེམས་ཀྱི་གནས་སྐབས་སུ་ཡང་མཆོག་དང་། རབ་མཆོག་ལ་སོགས་པའི་བྱེ་བྲག་གིས་སྤྱན་ལྔ་རྣམས་སོ་སོར་ཐོབ་ལ། མངོན་པར་ཤེས་པ་དྲུག་ཀྱང་སྟེ་ཞེས་གསུངས་པ་ཡིན་ནོ། །རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། ཞེས་པའི་སྐབས་སུ། མངོན་ཤེས་དྲུག་གི་རྟེན་དང་། ངོ་བོ་ས་མཚམས་གསུམ། དང་པོ་ནི། མངོན་ཤེས་དང་པོ་ལྔ་བསམ་གཏན་གྱི་དངོས་གཞི་དང་། དྲུག་པ་ཀུན་བཏུས་ལྟར་ན། བསམ་གཏན་བཞི་པའི་དངོས་གཞི་དང་། མཛོད་ལྟར་ན་འདོད་པ་ནས་སྲིད་རྩེའི་བར་གྱི་ས་བཅུ་གཅིག་ལ་བརྟེན་ཏེ། ཀུན་བཏུས་ལས། དག་པའི་བསམ་གཏན་བཞི་ལ་བསྟེན་ནས་ཚད་མེད་པ་རྣམས་མངོན་པར་འགྲུབ་བོ། །ཚད་མེད་པ་ཇི་ལྟ་བར་མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་ནོ། །ཡོན་ཏན་ལྷག་མ་རྣམས་ནི། ཉན་ཐོས་སམ་བྱང་ཆུབ་སེམས་དཔའ་འམ་དེ་བཞིན་གཤེགས་པ་ཡང་རུང་སྟེ་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་མངོན་པར་འགྲུབ་བོ་ཞེས་དང་། མཛོད་ལས། ཟག་ཟད་མངོན་ཤེས་སྟོབས་བཞིན་ནོ། །ཞེས་པའི་འགྲེལ་པར། དེ་བཞིན་དུ་འདི་ནི་ས་ཐམས་ཅད་པ་ཡིན་པར་ཡང་ཤེས་པར་ཡང་བྱའོ། །ཞེས་སོ། །རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །ཞེས་པ་ནི། འཕགས་ལམ་ཡན་ལག་བརྒྱད་པ་ཞེས་པ་ལྟར། བསམ་གཏན་བཞི་པོ་ལ་འཇུག་པ་ཡིན་གྱི་བཞི་པ་ཁོ་ན་ལ་འཇུག་པ་ནི་མིན་ནོ། །ཊཱི་ཀ་ལས། ཐ་མ་བསམ་གཏན་ས་དྲུག་ལ་བརྟེན་པར་བཤད་པ་ནི་ཟག་པ་ཟད་པའི་ཐབས་ཤེས་པ་ལ་ཟག་ཟད་མངོན་ཤེས་སུ་གཞག་པའི་དབང་དུ་བྱས་སོ། །གཉིས་པ་ནི། རྫུ་འཕྲུལ་གྱི་མངོན་ཤེས་དང་། ལྷའི་རྣ་བའི་དང་། གཞན་སེམས་ཤེས་པའི་དང་། སྔོན་གནས་རྗེས་སུ་དྲན་པའི་དང་། ལྷའི་མིག་དང་། ཟག་པ་ཟད་པའི་མངོན་ཤེས་དྲུག་གི་མཚན་ཉིད་རིམ་བཞིན། བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ས་གཡོ་བ་ལ་སོགས་པའི་རྫུ་འཕྲུལ་དུ་མ་ཡང་དག་པར་འབྱོར་བར་བྱེད་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། བདག་རྐྱེན་སྔར་བཞིན་ལ་སྟོང་གསུམ་གྱི་སྒྲ་ཕྲ་རགས་ཀུན་ཐོས་པ་ཡང་དག་པར་འབྱོར་པར་ཞེས་སོགས་དང་། གཞན་གྱི་སེམས་འདོད་ཆགས་དང་བཅས་པ་སོགས་མངོན་སུམ་དུ་ཤེས་པ་ཡང་དག་པར་ཞེས་སོགས་དང་། སྟོང་གསུམ་གྱིས་བསྐལ་པ་དང་མ་བསྐལ་པའི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ་དང་། རང་དང་གཞན་གྱི་ཚེ་རབས་སྔ་མ་དུ་མ་རྗེས་སུ་དྲན་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དང་། བདག་རྐྱེན་བསམ་གཏན་བཞི་པ་ལ་བརྟེན་ནས་ཟག་པ་ཟད་པ་མངོན་སུམ་དུ་ཤེས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའམ་ཟག་པ་ཟད་པའི་ཐབས་ཤེས་པ་འཇོག་ན་བདག་རྐྱེན་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་ཟག་པ་ཟད་པའི་ངོ་བོའམ་ཟག་པ་ཟད་པའི་ཐབས་གང་རུང་མངོན་སུམ་ཤེས་པ་ལ་སོགས་པའོ། །འདི་དག་ལ་སྐྱེས་ཐོབ་དང་ལས་ལས་སྐྱེས་པ་དང་སྔགས་དང་སྨན་གྱི་མཐུ་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བ་དུ་མ་ཡོད་པའི་ནང་ནས་མངོན་ཤེས་སུ་བགྲང་བ་ནི་ཕྱི་མ་ཁོ་ནའོ། །གསུམ་པ་ནི། དང་པོ་ལྔ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་མ་ཞུགས་ནས་སངས་རྒྱས་སའི་བར་དུ་ཡོད་ལ། ཐ་མ་ནི་ཟག་པ་ཟད་པའི་ཐབས་ཤེས་པ་ལ་འཇོག་ན་འཕགས་པ་ཐམས་ཅད་ལ་ཡོད་དེ། མཛོད་ལས། སློབ་ལ་འདོད་དེ་མ་རིག་དང་། །བཅས་རྒྱུད་ཕྱིར་ན་རིག་མ་བཤད། །ཅེས་སོ། །ཟག་པ་ཟད་པའི་ངོ་བོ་ཤེས་པ་ལ་འཇོག་ན། ཐེག་དམན་དགྲ་བཅོམ་པ་དང་ཐེག་ཆེན་གྱི་ས་དང་པོ་ནས་ཡོད་དེ། དེ་ནས་ཉོན་སྒྲིབ་སྤངས་པའི་ཕྱིར། ཁ་ཅིག མཛོད་ཀྱི་གཞུང་དེས་སློབ་པའི་རྒྱུད་ལ་ཟག་ཟད་མངོན་ཤེས་ཡོད་པར་མ་བསྟན་ཏེ། གཞུང་དེས་མི་སློབ་པའི་རྒྱུད་གྱི་མངོན་ཤེས་ཕྱི་མ་གསུམ་རིག་པ་གསུམ་དུ་གཞག་ན་སློབ་པ་ལ་རིག་པ་དང་པོ་ཡོད་པ་ཐལ། སྔོན་གནས་རྗེས་སུ་དྲན་པ་དང་ལྷའི་མིག་གི་མངོན་ཤེས་ཡོད་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། སློབ་པ་རྣམས་ནི་རྒྱུད་ཉོན་མོངས་པ་ཅན་གྱི་མ་རིག་པ་དང་བཅས་པའི་ཕྱིར་ཞེས་བསྟན་པ་ཡིན་ནོ་ཞེས་ཟེར། མི་འཐད་དེ། མཛོད་འགྲེལ་ལས། མངོན་པར་ཤེས་པ་འདི་དག་སློབ་པ་ལ་ཡོད་པར་མི་འདོད་དམ། གང་གི་ཕྱིར་སློབ་པའི་རིག་པ་དག་མི་བྱ་ཞེ་ན། སློབ་ལ་འདོད་དེ་མ་རིག་དང་། །བཅས་རྒྱུད་ཕྱིར་ན་རིག་མ་བཤད། །ཅེས་རྒྱུད་མ་རིག་པ་དང་བཅས་བཞིན་དུ་རིག་པར་གཞག་ཏུ་མི་རུང་སྟེ། མ་རིག་པས་ཟིལ་གྱིས་ནོན་པའི་ཕྱིར་རོ་ཞེས་སོ། །དམིགས་པ་དང་ནི་རྣམ་པ་དང་། །ཞེས་པའི་སྐབས་སུ། སྦྱོར་ལམ་གྱི་རྟེན། ངོ་བོ། བློ་རིག་ལ་དཔྱད་པ། གྲངས་ངེས་ལ་དཔྱད་པ་དང་བཞིའོ། །དང་པོ་ནི་སྐབས་གཉིས་པར་འཆད་དོ། །གཉིས་པ་ལ་མཚན་ཉིད། དབྱེ་བ། སོ་སོའི་དོན་དང་གསུམ། དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག སྦྱོར་ལམ་གྱི་མཚན་ཉིད་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་མཐོང་ལམ་མ་སྐྱེས་གོང་གི་མངོན་རྟོགས་ཞེས་དང་། ཡང་ཐེག་པ་རང་ལུགས་ཀྱི་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་སྔར་བཞིན་དང་གཉིས་ལས། དང་པོ་ལ། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་གྱི་སྦྱོར་ལམ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། མཐོང་ལམ་མ་སྐྱེས་གོང་གི་དེ་མིན་པའི་ཕྱིར་ཏེ། དེ་སྔོན་དུ་སོང་བའི་ཕྱིར། གཉིས་པ་ལ། ཉན་ཐོས་སྦྱོར་ལམ་པ་རང་རྒྱལ་གྱི་སྦྱོར་ལམ་དུ་ཞུགས་པའི་རང་རྒྱལ་གྱི་སྦྱོར་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱལ་གྱི་སྦྱོར་ལམ་གང་ཞིག རང་རྒྱལ་གྱི་ཚོགས་ལམ་རྫོགས་རྗེས་སུ་བྱུང་བ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེར་ཐལ། དེ་འདྲ་ཡོད་པའི་ཕྱིར་ཏེ། ཉན་ཐོས་སྦྱོར་ལམ་པ་རང་རྒྱལ་གྱི་ལམ་དུ་འཇུག་པ་ཡོད་པ་གང་ཞིག དེར་འཇུག་ན། དེའི་ཚོགས་ལམ་ནས་འཇུག་པས་མ་ཁྱབ་པའི་ཕྱིར། ཕྱི་མ་མ་གྲུབ་ན། ཅིག་ཆར་བའི་ཉན་ཐོས་སྔོན་སོང་གི་རང་རྒྱལ་མེད་པར་ཐལ་ལོ། །ཊཱི་ཀ་ལས། ཐར་པ་ཆ་མཐུན་རྫོགས་རྗེས་ཀྱི་བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་འཇིག་རྟེན་པའི་སྒོམ་བྱུང་གཙོ་བོར་གྱུར་པ་ཞེས་པ་ནི། ཐེག་པ་རང་ལུགས་ཀྱི་རྟོགས་རིགས་སྒོམ་པའི་སྦྱོར་ལམ་ལ་དགོངས་པ་ཡིན་གྱི། དེ་ཡིན་ན་དེ་ཡིན་པས་མ་ཁྱབ་སྟེ། སྦྱོར་ལམ་པའི་རྒྱུད་ཀྱི་རྗེས་ཐོབ་ཀྱི་མཁྱེན་པ་དང་། རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་སོང་གི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་གྱིས་མ་ངེས་སོ། །ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ལ་ཁ་ཅིག ཐེག་ཆེན་གྱི་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་ཐེག་ཆེན་མཐོང་ལམ་མ་སྐྱེས་གོང་གི་མངོན་རྟོགས་ཞེས་དང་། ཁ་ཅིག དེ་རྫོགས་རྗེས་སུ་བྱུང་བའི་ཐེག་ཆེན་གྱི་མངོན་རྟོགས་གང་ཞིག འཇིག་རྟེན་པའི་སྒོམ་བྱུང་གཙོ་བོར་གྱུར་པ་ཞེས་དང་། ཡང་སྟོང་ཉིད་རྟོགས་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་ཞེས་དང་། ཁ་ཅིག་དེ་ལ་རང་ལྡོག་རྫས་མ་གྲུབ་ཀྱི་སྐྱོན་བརྗོད་ནས། དམིགས་རྣམ་སོགས་ཀྱིས་ཁྱད་ཆོས་ལྔ་དང་ལྡན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དུ་ཚད་མས་དམིགས་པ་ཞེས་དང་། ཁ་ཅིག་དེ་ལ་ཐེག་དམན་གྱི་སྦྱོར་ལམ་ལ་ཡང་དམིགས་རྣམ་སོགས་ཡོད་པས་མ་ངེས་པའི་སྐྱོན་བཏགས་ནས། དམིགས་པ་དམིགས་ཚུལ་སོགས་ཁྱད་ཆོས་ལྔའི་སྒོ་ནས་ཐེག་དམན་སྦྱོར་ལམ་ལས་ཁྱད་པར་འཕགས་པའི་ཐེག་ཆེན་ངེས་འབྱེད་ཆ་མཐུན་ཞེས་པ་ལྔ་ལས། དང་པོ་ལ་ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ཐོབ་ནས་ཉན་ཐོས་ཀྱི་ལམ་དུ་ཞུགས་པའི་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཐེག་ཆེན་གྱི་ཚོགས་ལམ་རྫོགས་རྗེས་སུ་བྱུང་བ་གང་ཞིག ཐེག་ཆེན་མཐོང་ལམ་མ་སྐྱེས་གོང་གི་མངོན་རྟོགས་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཐེག་ཆེན་ཚོགས་ལམ་ཆེན་པོ་རྫོགས་རྗེས་སུ་བྱུང་བའི་སྦྱོར་ལམ་ཡིན་པའི་ཕྱིར་རོ། །གལ་ཏེ་མཚན་ཉིད་ལ་བྱང་སེམས་ཀྱི་མངོན་རྟོགས་ཞེས་སྦྱོར་ན། སྔར་གྱི་ཉན་ཐོས་དེ་ཐེག་ཆེན་ལམ་དུ་ཞུགས་པའི་ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་སྒྲུབ་ཚུལ་སྔར་བཞིན་ཤེས་པར་བྱའོ། །གཉིས་པ་ལ། རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། མཚན་ཉིད་ཀྱི་ཕྱིར་ཟུར་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་རོ། །གསུམ་པ་ལ། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། སྟོང་ཉིད་མ་རྟོགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྟོང་ཉིད་མངོན་སུམ་རྟོགས་པར་ཐལ། དེ་རྟོགས་པའི་མངོན་སུམ་ཡིན་པའི་ཕྱིར། བཞི་པ་ལ་དེ་ཆོས་ཅན། དེའི་མཚན་ཉིད་མིན་པར་ཐལ། དེ་ལ་ལྟོས་ཏེ་དོན་ལྡོག་གཞན་འགྱུར་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་ཏེ། དམིགས་རྣམ་སོགས་ཁྱད་ཆོས་ལྔ་དང་ལྡན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དུ་ཡོད་པའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁྱབ་གཞན་ལུགས་འགོག་པ་ལ་ཡང་སོང་ངོ་། །གཞན་ཡང་། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མངོན་ཞེན་མེད་པའི་རྣམ་པ་ཅན་ཡིན་པར་ཐལ་ལོ། །ལྔ་པ་ལ། དེ་དེའི་མཚན་ཉིད་མིན་པར་ཐལ། ཐེག་དམན་གྱི་སྦྱོར་ལམ་ལ་ཡང་དམིགས་པ་དམིགས་ཚུལ་སོགས་ཁྱད་ཆོས་ལྔ་པོ་དེ་ཡོད་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང་མ་གྲུབ་ན། ཐེག་དམན་གྱི་སྦྱོར་ལམ་ལ་དམིགས་རྣམ་སོགས་ཁྱད་ཆོས་ལྔ་ཡོད་པའི་སྒྲུབ་བྱེད་ཇི་སྙེད་བཀོད་པའི་མཚུངས་པ་ཤེས་པར་བྱའོ། །ཡང་བྱང་སེམས་ཀྱི་སྦྱོར་ལམ་ཡིན་ན། མཉམ་གཞག་ཡིན་དགོས་པར་ཐལ། དེ་ཡིན་ན་མཚན་ཉིད་དེ་ཡིན་དགོས་པའི་ཕྱིར། གཉིས་པ་ནི། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཐར་ལམ་གང་ཞིག ཐར་པ་ཆ་མཐུན་གྱི་གནས་སྐབས་ལས་འདས་པའོ། །གཉིས་པ་དབྱེ་བ་ལ། ཐེག་པའི་སྒོ་ནས་དབྱེ་ན། ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་སྦྱོར་ལམ་གསུམ། དེ་རེ་རེ་ལ་ཡང་། ངོ་བོའི་སྒོ་ནས་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི་བཞིའོ། །བསྟན་ཚུལ་གྱི་སྒོ་ནས་སྐབས་དང་པོ་ལྔ་ནས་བསྟན་པའི་སྦྱོར་ལམ་ལྔའོ། །དེ་རེ་རེ་ལ་ཡང་དངོས་བསྟན་བྱང་སེམས་ཀྱི་སྦྱོར་ལམ་དང་ཤུགས་བསྟན་ཐེག་དམན་གྱི་སྦྱོར་ལམ་གཉིས་གཉིས་སུ་ཡོད་དོ། །གསུམ་པ་དབྱེ་བ་སོ་སོའི་དོན་ལ། ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་སྦྱོར་ལམ་གསུམ་གྱི་མཚན་ཉིད་རིམ་བཞིན། ཉན་ཐོས་སོ་སྐྱེ་རང་རྒྱལ་གྱི་རིགས་ཅན་སོ་སྐྱེ་ཐེག་ཆེན་སོ་སྐྱེའི་རྒྱུད་ཀྱི་མངོན་རྟོགས་གང་ཞིག ཐར་པ་ཆ་མཐུན་གྱི་གནས་སྐབས་ལས་འདས་པའོ། །སྐབས་དང་པོ་ལྔ་ནས་བསྟན་པའི་ཐེག་ཆེན་གྱི་སྦྱོར་ལམ་ལྔའི་མཚན་ཉིད་རིམ་བཞིན། དམིགས་རྣམ་སོགས་ཁྱད་ཆོས་ལྔའི་སྒོ་ནས་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་འཕགས་པའི་མཉམ་གཞག་གིས་བསྡུས་པའི་ཐེག་ཆེན་ངེས་འབྱེད་ཆ་མཐུན་དང་། ཐེག་དམན་གྱི་རྟོགས་རིགས་རང་བཞིན་མེད་པར་བསྒོམ་པའི་མཉམ་གཞག་གིས་བསྡུས་པའི་ཐེག་ཆེན་ངེས་འབྱེད་ཆ་མཐུན་དང་། གཞི་ལམ་འབྲས་གསུམ་ལ་ཞེན་སྤྱོད་མངོན་འགྱུར་བ་བཀག་པར་བྱེད་པའི་ཐེག་ཆེན་ངེས་འབྱེད་ཆ་མཐུན་དང་། སེམས་ཅན་ལ་དམིགས་པའི་བསམ་སྦྱོར་དང་། ཕྱིར་མི་ལྡོག་པའི་རྟགས་གང་རུང་གིས་ཁྱད་པར་དུ་བྱས་པའི་ངེས་འབྱེད་ཆ་མཐུན་དང་། རྩེ་སྦྱོར་ཐོབ་པའི་རྟགས་ལ་སོགས་པ་བཞི་པོ་གང་རུང་གིས་མཚོན་ནས་བསྟན་པའི་ངེས་འབྱེད་ཆ་མཐུན་ནོ། །དེས་ན་ཐེག་ཆེན་གྱི་སྦྱོར་ལམ་དྲོད་རྩེ་མོ་སོགས་བཞི་པོ་ལ་སྐབས་སོ་སོ་ནས་བསྟན་པའི་མཚན་ཉིད་སོ་སོར་འཇོག་དགོས་ཏེ། རྣམ་མཁྱེན་དང་གཞི་ཤེས་ཀྱི་སྐབས་སུ་ཐེག་ཆེན་རང་གི་རྟོགས་རིགས་སྒོམ་པའི་སྒོ་ནས་བསྟན། ལམ་ཤེས་སྐབས་སུ་ཐེག་དམན་གྱི་རྟོག་རིགས་མི་དམིགས་པར་བསྒོམ་པའི་ལྡོག་པ་ནས་བསྟན། སྦྱོར་བ་དང་པོ་གཉིས་ཀྱི་སྐབས་སུ་གཙོ་བོར་རྗེས་ཐོབ་ཀྱི་སྒོ་ནས་བསྟན་པའི་ཕྱིར། འགྲེལ་ཆེན་ལས། གཟུང་བ་རང་བཞིན་མེད་པ་ལ་ཡེ་ཤེས་ཀྱི་གསལ་སྣང་ཅུང་ཟད་ཐོབ་པ་ལ་སོགས་པ་བཞིའི་སྒོ་ནས་དྲོད་སོགས་བཞིའི་ཁྱད་པར་འབྱེད་པ་ནི། མདོ་སྡེ་རྒྱན་དང་ཀུན་བཏུས་ཤེས་བྱེད་དུ་མཛད་པར་སྣང་མོད་ཀྱི་དེ་དག་ནི་སེམས་ཙམ་པའི་ལུགས་ཡིན་ནོ། །གསུམ་པ་བློ་རིགས་ལ་དཔྱད་པ་ནི། དགག་གཞག་གཉིས། དང་པོ་ལ་ཁ་ཅིག འདི་རྣལ་འབྱོར་མངོན་སུམ་ཡིན་ཏེ། ཡེ་ཤེས་ཀྱི་སྣང་བ་གསལ་བར་བཤད་པས་རྟོག་མེད་དང་། ཆོས་ཉིད་དོན་དམ་པ་སྣང་བས་མ་འཁྲུལ་པ་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཐེག་ཆེན་གྱི་སྦྱོར་ལམ་དེ་ཆོས་ཉིད་ལ་མོས་སྤྱོད་ཀྱི་ས་མིན་པར་ཐལ་བ་དང་། མཐོང་སྤངས་ཀྱི་ས་བོན་སྤོང་ནུས་པར་ཐལ་བ་དང་། ཐེག་ཆེན་གྱི་མཐོང་ལམ་དེས་ཆོས་ཉིད་མངོན་སུམ་མཐོང་ཟིན་གོམས་པར་བྱས་པར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་དེས་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར། ཁ་ཅིག དེ་སྒྲ་དོན་འདྲེས་འཛིན་གྱི་རྟོག་མེད་ཡིན་ཏེ། གསལ་སྣང་ཅན་དུ་བཤད་པའི་ཕྱིར། འོན་ཀྱང་རྣལ་འབྱོར་མངོན་སུམ་མ་ཡིན་ཏེ། གཟུང་འཛིན་གཉིས་སྣང་གི་རྟོག་བཅས་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། རྣལ་འབྱོར་མངོན་སུམ་དུ་ཐལ། ཆོས་ཉིད་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བྲལ་བའི་ཚུལ་གྱིས་རྟོགས་པའི་བློ་ཡིན་པའི་ཕྱིར། གཞན་ཡང་མངོན་སུམ་གྱི་བྲལ་བྱར་གྱུར་པའི་རྟོག་པ་དེ་གཟུང་འཛིན་གཉིས་སུ་སྣང་བ་ཙམ་གྱི་རྟོག་པ་ལ་འཇོག་རིགས་པར་ཐལ། གཟུང་འཛིན་གཉིས་སྣང་གི་རྟོག་བཅས་ཡིན་ན་རྣལ་འབྱོར་མངོན་སུམ་མིན་དགོས་པའི་ཕྱིར་རོ། །འདོད་ན། སོ་སོ་སྐྱེ་བོའི་མངོན་སུམ་ཆོས་ཅན། མངོན་སུམ་མ་ཡིན་པར་ཐལ། གཟུང་འཛིན་གཉིས་སྣང་གི་རྟོག་བཅས་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། ཁ་ཅིག དེ་ཡིད་ཀྱི་མངོན་སུམ་དང་། ཁ་ཅིག རང་རིག་མངོན་སུམ་དང་། ཁ་ཅིག རྗེས་དཔག་ཏུ་འདོད་པ་དང་། ཁ་ཅིག་འཁྲུལ་ཤེས་སུ་འདོད་པ་དང་བཞི་ལས། དང་པོ་གཉིས་ནི། སྔར་བཀག་ཟིན་པ་ལས་ཤེས་ལ། གསུམ་པ་ཡང་མི་འཐད་དེ། རྟགས་ལ་བརྟེན་ནས་བསྒྲུབ་བྱ་དང་པོར་རྟོགས་པའི་བློ་རྗེས་དཔག་ཡིན་ལ། དེ་སྐད་ཅིག་གཉིས་པ་ཕན་ཆད་ནས་བཅད་ཤེས་ཡིན་པའི་ཕྱིར། བཞི་པ་ཡང་མི་འཐད་དེ། བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ནི་མཐོང་ལམ་དང་དམིགས་རྣམ་རྗེས་སུ་མཐུན་པ་ཡིན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་རང་གི་རྟོགས་རིགས་སྒོམ་པའི་སྦྱོར་ལམ་མཉམ་གཞག་ནི་བཅད་ཤེས་ཡིན་ཏེ། གཅིག་དུ་བྲལ་ལ་སོགས་པའི་རྟགས་ལས་སྣང་བ་བདེན་མེད་དུ་རྟོགས་པའི་རིགས་རྒྱུན་སྒོམ་པར་བྱེད་པའི་བློ་ཡིན་ཅིང་། ཐེག་དམན་གྱི་རྟོགས་རིགས་སྒོམ་པར་བྱེད་པའི་བྱང་སེམས་ཀྱི་སྦྱོར་ལམ་དམན་ལམ་སྔོན་དུ་མ་སོང་བ་ནི་སྔར་དང་འདྲ་ལ། རྒྱུན་ཞུགས་སོགས་ཀྱི་རྟོག་པ་སྔོན་སོང་ནི། དེའི་རྟོགས་རིགས་ནམ་ཞིག་སྐྱེས་པའི་ཚེ་རྣལ་འབྱོར་མངོན་སུམ་དུ་སྐྱེའོ། །རྗེས་ཐོབ་ཀྱིས་བསྡུས་པ་ལ་མངོན་སུམ་ཡིན་པ་ཡང་ཡོད་དེ། དེ་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེ་སྦྱོར་ལམ་དུ་ཁས་ལེན་དགོས་པའི་ཕྱིར། འོན་ཀྱང་རྣལ་འབྱོར་མངོན་སུམ་མི་རུང་བར་ནི་གོང་དུ་བཤད་ཟིན་ཏོ། །གལ་ཏེ་རྟོག་པ་ཡིན་ན་རང་ཡུལ་གསལ་སྣང་ཅན་དུ་འགལ་ཏེ། རྣམ་འགྲེལ་ལས། རྣམ་པར་རྟོག་དང་རྗེས་འབྲེལ་ནི། །དོན་གསལ་སྣང་བ་ཅན་མ་ཡིན། །ཞེས་གསུངས་སོ་སྙམ་ན། བདག་མེད་གོམས་པ་ཤས་ཆེ་ཆུང་གི་ཁྱད་པར་ལས། བདག་མེད་གསལ་མི་གསལ་གྱི་ཁྱད་པར་མིན་པར་ཐལ། གོམས་པའི་དབང་གིས་རྟོག་པ་ལ་གསལ་སྣང་འབྱུང་བ་མེད་པའི་ཕྱིར། འདོད་ན། གོམས་པའི་དབང་གིས་འདོད་ཆགས་སོགས་གསལ་མི་གསལ་གྱི་ཁྱད་པར་མེད་པར་ཐལ་ལོ། །འདོད་ན། རྣམ་འགྲེལ་ལས། གོམས་པས་འདོད་ཆགས་སོགས་གསལ་བ། །ཞེས་པ་དང་འགལ་ལོ། །མདོར་ན་རྒྱུན་ཞུགས་སོགས་ཀྱི་རྟོག་པ་སྔོན་སོང་ལ་ནི། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་དང་། གཞན་སེམས་ཤེས་པའི་མངོན་ཤེས་སུ་གྱུར་པའི་སྦྱོར་ལམ་ཡང་ཡོད་དོ། །འོན་ཀྱང་དེས་ཆོས་ཉིད་མ་རྟོགས་ལ། ཆོས་ཉིད་རྟོགས་པའི་སྦྱོར་ལམ་མཉམ་གཞག་དང་། རྗེས་ཐོབ་ལ་མངོན་སུམ་མིན་པའི་ཁྱབ་པ་ཡོད་དོ། །བཞི་པ་གྲངས་ངེས་ནི། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་དེ་ལ་དྲོད་སོགས་བཞི་བཞིར་ངེས་པ་ཡིན་ཏེ། སྤང་བྱ་གཟུང་འཛིན་གྱི་རྣམ་པར་རྟོག་པ་དེ་ལ་བཞིར་ངེས་པའི་ཕྱིར་དང་། ཡུལ་གཟུང་བ་རང་བཞིན་མེད་པ་ལ་ངེས་པ་འདྲེན་ཚུལ་བཞིར་ངེས་པའི་ཕྱིར། ཡང་ཐེག་ཆེན་གྱི་སྦྱོར་ལམ་རྗེས་ཐོབ་དེ་ལ་ཡང་བཞིར་ངེས་ཏེ། སེམས་ཅན་ལ་དམིགས་པའི་བསམ་སྦྱོར་མི་འདྲ་བ་བཞིར་ངེས་པའི་ཕྱིར་དང་། ཕྱིར་མི་ལྡོག་པའི་རྟགས་ཐོབ་ཚུལ་བཞིར་ངེས་པའི་ཕྱིར་དང་། རྩེ་སྦྱོར་ཐོབ་ཚུལ་མི་འདྲ་བ་བཞིར་ངེས་པའི་ཕྱིར་རོ། །སེམས་མི་འགོད་པ་ཉིད་ལ་སོགས། །ཞེས་པའི་སྐབས་སུ། གཞུང་གི་བསྟན་ཚུལ་དང་། ངག་དོན་གཉིས། དང་པོ་ནི། འཕགས་པའི་ལུགས་ལ་ཚིགས་གི་རྐང་པ་དང་པོ་དང་། གསུམ་པ་གཉིས་ཀྱི་ནང་གི་ཡོངས་འཛིན་དང་། གཉིས་པ་དང་གསུམ་པ་གཉིས་ཀྱིས་ཕྱིའི་ཡོངས་འཛིན་དང་། བཞི་པས་ཐུན་མོང་གི་མིང་གི་ཐ་སྙད་བསྟན་པ་ཡིན་ནོ་ཞེས་བཞེད་དོ། །སློབ་དཔོན་གྱི་གཞུང་འདིས་ནི་ཕྱིའི་ཡོངས་འཛིན་ཁོ་ན་བསྟན་པ་ལས། ཚིག་རྐང་པ་དང་པོ་གསུམ་གྱིས་ཁྱད་པར་གྱི་ཆོས་གསུམ་བསྟན་པར་བཞེད་དོ། །གཉིས་པ་ལ་ཁ་ཅིག ཁྱད་པར་གསུམ་ལྡན་གྱི་མཆོག་གི་སྤྲུལ་སྐུ་ཆོས་ཅན། བྱང་སེམས་སྦྱོར་ལམ་པའི་ཡོངས་འཛིན་ཡིན་ཏེ། དེ་ལ་ཐེག་ཆེན་གྱི་ཆོས་བསྟན་པའི་སྒོ་ནས་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པར་བྱེད་པའི་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར་ཞེ་ན། དེའི་ཡོངས་འཛིན་ཡིན་ན་དེའི་ཕྱིའི་ཡོངས་འཛིན་ཡིན་དགོས་པར་ཐལ། སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། དེའི་ཐབས་སྙིང་རྗེ་ཆེན་པོ་དེས་མ་ངེས་སོ། །རང་ལུགས་ལ། བྱང་སེམས་སྦྱོར་ལམ་པ་ཆོས་ཅན། ཐེག་དམན་སྦྱོར་ལམ་པ་ལས་ཡོངས་འཛིན་གྱི་སྒོ་ནས་ཁྱད་པར་འཕགས་པ་ཡིན་ཏེ། མཆོག་གི་སྤྲུལ་པའི་སྐུ་དང་རང་རྒྱུད་ཀྱི་ཐབས་མཁས་ཁྱད་པར་ཅན་གཉིས་ཀྱིས་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པའི་སྦྱོར་ལམ་པ་ཡིན་པའི་ཕྱིར་རོ། །གཞི་དང་དེ་ཡི་གཉེན་པོ་ཡི། །ཞེས་པའི་སྐབས་སུ། རྟོག་པ་སྤྱིའི་རྣམ་གཞག་དང་། དེ་ལས་འདིར་བསྟན་རྟོགས་པ་ངོས་གཟུང་བ། ངོས་ཟིན་པའི་རྟོག་པ་གཏན་ལ་དབབ་པའོ། །དང་པོ་ནི། མདོ་སྡེ་རྒྱན་ལས། ཡོད་པར་འཛིན་པའི་རྟོག་པ་དང་མེད་པར་འཛིན་པའི་རྟོག་པ་ལ་སོགས་པ་རྣམ་གཡེང་གི་རྣམ་རྟོག་བཅུ་བཤད་པ་དང་། ཀུན་བཏུས་ལས། རྩ་བའི་རྣམ་པར་རྟོག་པ་བཅུ་བཤད་པ་དང་། མཛོད་ལས། ངེས་པར་རྟོག་པའི་རྣམ་པར་རྟོག་པ་དང་། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་གཉིས་བཤད་པ་ལས། འདིར་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་ལ་སོགས་པ་གསུང་རབ་ལས་རྟོག་པ་ཇི་སྙེད་གསུངས་པ་ཐམས་ཅད་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཏུ་འདུས་ཏེ། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཁམས་གསུམ་པའི་རྣམ་པ་ཅན་གྱི་སེམས་དང་སེམས་ལས་བྱུང་བས་བསྡུས་པའི་ཕྱིར། དེའི་མཚན་གཞི་སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཤེས་པ་ཐམས་ཅད་དང་། ཐེག་དམན་སློབ་མི་སློབ་ཀྱི་རྒྱུད་ཀྱི་རྗེས་ཐོབ་ཤེས་པ་དང་། ཐེག་ཆེན་སློབ་པའི་རྗེས་ཐོབ་ཀྱི་ཤེས་པ་རྣམས་སོ། །དེ་ལ་དབྱེ་ན། གཟུང་འཛིན་གཉིས་སུ་སྣང་བ་ཙམ་གྱི་རྟོག་པ་དང་། སེམས་རྩིང་བའི་རྣམ་པ་ཅན་གྱི་རྟོག་པ་དང་། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་གསུམ་ལས། དང་པོ་ནི། མངོན་ཞེན་མེད་པར་གཟུང་འཛིན་གཉིས་སུ་སྣང་བ་ཙམ་སྟེ། སོ་སྐྱེའི་རྒྱུད་ཀྱི་རྟོག་མེད་ཤེས་པ་ཐམས་ཅད་དང་། ཐེག་ཆེན་སློབ་པ་དང་། ཐེག་དམན་སློབ་མི་སློབ་ཀྱི་རྒྱུད་ཀྱི་རྗེས་ཐོབ་ཀྱི་ཤེས་པ་ཐམས་ཅད་དོ། །གཉིས་པ་ནི། ཡུལ་ལ་རྩིང་པོར་འཚོལ་བའི་རྣམ་པར་ཅན་གྱི་སེམས་བྱུང་སྟེ། ཀུན་བཏུས་ལས། རྟོག་པ་གང་ཞེ་ན། སེམས་དཔའི་ཤེས་སྒྲིབ་ལ་བརྟེན་ནས་ཀུན་དུ་འཚོལ་བའི་ཡིད་ཀྱི་བརྗོད་པ་སྟེ། དེ་ནི་སེམས་རྩིང་བའི་རྣམ་པར་ཅན་ནོ། །ཞེས་སོ། །གསུམ་པ་ནི། མིང་ལ་བརྟེན་ནས་དོན་ལ་མངོན་པར་ཞེན་པའི་བློ་སྟེ། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་སོ། །དེ་ལྟར་གསུམ་ལས། དང་པོ་ནི། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོ་མ་ཡིན་ཏེ། མངོན་པར་ཞེན་པ་མེད་པར་གཉིས་སུ་སྣང་བ་ཙམ་གྱི་ཉེས་པ་མི་སྐྱེད་པས་ཆེད་དུ་གཉེར་ནས་སྤོང་མི་དགོས་པའི་ཕྱིར་དང་། ཇི་སྲིད་གཉིས་སྣང་གི་བག་ཆགས་མ་སྤངས་པ་དེ་སྲིད་དུ་རང་གི་ངང་གིས་འབྱུང་བས་སྤོང་མི་ནུས་པའི་ཕྱིར་དང་། དེ་སྤངས་ན་རང་གི་ངང་གིས་ལྡོག་པས་ལོགས་སུ་སྤོང་མི་དགོས་པའི་ཕྱིར་དང་། མོས་བསྔོ་རྗེས་སུ་ཡི་རངས་གསུམ་པོ་དེ་དང་བཅས་པའི་ཕྱིར་རོ། །གཉིས་པ་ཡང་མིན་ཏེ། ཡང་དག་པའི་རྟོག་པ་དེ་ཡང་སེམས་རྩིང་བའི་རྣམ་པ་ཅན་དུ་དབྱིག་གཉེན་གྱིས་གསུངས་པའི་ཕྱིར། དེས་ན་བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་རྟོག་པ་དེ་རྟོག་པ་གསུམ་པ་ལ་འཇོག་སྟེ། མངོན་པར་ཞེན་པའི་བློ་དེ་ལ་གང་ཟག་གི་བདག་ཏུ་མངོན་པར་ཞེན་པའི་བློ་དང་། ཆོས་ཀྱི་བདག་ཏུ་མངོན་པར་ཞེན་པའི་བློ་དང་། བདག་གཉིས་ཀ་མེད་པར་མངོན་པར་ཞེན་པའི་བློ་དང་གསུམ་ཡོད་པ་ལས། དང་པོ་ཉན་རང་ལམ་གྱི་སྤང་བྱའི་གཙོ་བོ་དང་། གཉིས་པ་བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོ་དང་། ཐ་མ་སྤང་བྱ་མ་ཡིན་པའི་ཕྱིར་རོ། །རྟོག་པ་གསུམ་པ་དེ་ཡིན་ན་བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོ་ཡིན་པས་མ་ཁྱབ་སྟེ། བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་དང་། ཉོན་མོངས་མངོན་གྱུར་པ་རྣམས་ཀྱང་རྟོག་པ་གསུམ་པ་དེ་ཡིན་པའི་ཕྱིར། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོ་དེ་ཡིན་ན་རྟོག་པ་གསུམ་པ་དེ་ཡིན་པས་མ་ཁྱབ་སྟེ། ཤེས་སྒྲིབ་ཀྱི་ས་བོན་དེ་ཡང་དེའི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར། དེས་ན། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་རྟོག་པ་དེ་ཡིན་ན་སྒྲ་དོན་འདྲེས་འཛིན་གྱི་ཞེན་བློ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་མངོན་ཞེན་ཅན་གྱི་བློ་ཡིན་པས་ཁྱབ་པའི་ཕྱིར། གསུམ་པ་ལ་ལྔ་སྟེ། ངོ་བོ། དབྱེ་བ། ཕྱེ་བ་སོ་སོའི་དོན། གྲངས་ངེས། ལྡན་ཚུལ་ལོ། །དང་པོ་ལ། སྒྲུབ་རྟོག་དང་དགག་རྟོག་གང་ཡིན་དཔྱད། ངོ་བོ་དང་སྤང་བྱ་གང་ལྡན་དཔྱད། རང་བཞིན་གཏན་ལ་དབབ་པ་དང་གསུམ་མོ། །དང་པོ་ལ། དགག་རྟོག་ཁོ་ནར་འདོད་པ་དགག དགག་རྟོག་དང་སྒྲུབ་རྟོག་གཉིས་ཀ་ཡོད་པར་འདོད་པ་དགག རང་ལུགས་དང་གསུམ་མོ། །དང་པོ་ལ། བུ་ན་རེ། འདིར་བསྟན་རྟོག་པ་ཡིན་ན་དགག་རྟོག་ཡིན་པས་ཁྱབ་སྟེ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་དགག་རྟོག་ཏུ་བཤད་པའི་ཕྱིར་དང་། སྒྲུབ་རྟོག་ཡིན་ན་ཐེག་ཆེན་སྦྱོར་ལམ་གྱི་ཁྱད་ཆོས་སུ་མི་རུང་བའི་ཕྱིར་ཞེས་ཟེར་རོ། །འོ་ན་ཐེག་ཆེན་སྦྱོར་ལམ་མཉམ་གཞག་ཡེ་ཤེས་དང་འདིར་བསྟན་རྟོག་པ་གཉིས་འཛིན་སྟངས་དངོས་སུ་འགལ་བ་མིན་པར་ཐལ། འཛིན་སྟངས་དེ་གཉིས་ཀ་དགག་པའི་རྣམ་པ་ཅན་ཡིན་པའི་ཕྱིར། འདོད་ན། དེ་གཉིས་སྤང་གཉིས་མིན་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། གཉིས་ཀ་འཛིན་སྟངས་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། རྒྱུན་མཐའི་ཡེ་ཤེས་དང་། གནས་ངན་ལེན་གྱི་དྲི་མ་གཉིས་སྤང་གཉེན་མིན་པར་ཐལ། དེ་གཉིས་འཛིན་སྟངས་མི་འགལ་བའི་ཕྱིར། ཁྱབ་པ་བསྒྲིག་ཟེར་ན་སྒྲ་མི་རྟག་པར་རྟོག་པའི་རྗེས་དཔག་དང་། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་གཉིས་འཛིན་སྟངས་མི་འགལ་ན། དེ་གཉིས་གནོད་བྱ་གནོད་བྱེད་མིན་པས་མ་ཁྱབ་པར་ཐལ། ཚ་རེག་དང་གྲང་རེག་གཉིས་འཛིན་སྟངས་མི་འགལ་ན། དེ་གཉིས་གནོད་བྱ་གནོད་བྱེད་མིན་པས་མ་ཁྱབ་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། ཐེག་ཆེན་སྦྱོར་ལམ་པའི་རྣམ་པའི་ཁྱད་ཆོས་དང་། རྟོག་པའི་ཁྱད་ཆོས་དོན་གཅིག་པར་ཐལ། འདིར་བསྟན་རྟོག་པ་དེ་དགག་པའི་རྣམ་པ་ཅན་གྱི་སྒོ་ནས་ཐེག་ཆེན་གྱི་སྦྱོར་ལམ་གྱི་ཁྱད་ཆོས་སུ་ལྡན་པའི་ཕྱིར་རོ། །གཉིས་པ་ནི། དར་ཊཱིཀ་པ་ན་རེ། འདིར་བསྟན་རྟོག་པ་ཡིན་ན་སྒྲུབ་རྟོག་ཡིན་པས་མ་ཁྱབ་སྟེ། གཟུང་འཛིན་བདེན་སྟོང་བདེན་པར་མངོན་པར་ཞེན་པའི་བློ་དེ་སྒྲུབ་རྟོག་མིན་པའི་ཕྱིར། གཟུང་བར་མངོན་པར་ཞེན་པ་དང་འཛིན་པར་མངོན་པར་ཞེན་པ་ཞེས་གསུངས་པ་ནི་མཚོན་བྱེད་ཡིན་གྱི། འཛིན་པ་ཐམས་ཅད་དེར་ངེས་པ་ནི་མ་ཡིན་ཏེ། ཐེག་དམན་གྱི་ལམ་འབྲས་བུ་དང་བཅས་པ་ལ་དམིགས་ནས་ལྡོག་བྱར་མངོན་པར་ཞེན་པའི་བློ་དེ་འདིར་བསྟན་རྟོག་པ་ཡིན་པའི་ཕྱིར་ཏེ། འདིར་མངོན་པར་བསྡུས་པ་ཙམ་ཡིན་པས་སྐབས་ལྔ་པར་བཤད་པའི་རྟོག་པ་དང་དོན་གཅིག་པའི་ཕྱིར། དེས་ན་འདིར་བསྟན་རྟོག་པ་ལ་དགག་རྟོག་དང་སྒྲུབ་རྟོག་གཉིས་སུ་ཡོད་དེ། ཕུང་པོ་ལ་བདེན་པར་མངོན་པར་ཞེན་པའི་བློ་དང་། དེའི་ཞེན་ཡུལ་བཀག་པའི་བཀག་པ་ལ་མངོན་པར་ཞེན་པའི་བློ་གཉིས་ཀ་ཡང་འདིར་བསྟན་རྟོག་པ་ཡིན་པའི་ཕྱིར། གཟུང་རྟོག་དང་འཛིན་རྟོག་གི་མཚན་ཉིད་རིམ་བཞིན། ལོངས་སྤྱད་བྱར་བདེན་པར་མངོན་པར་ཞེན་པའི་བློ་དང་། ལོངས་སྤྱོད་བྱེད་དུ་བདེན་པར་མངོན་པར་ཞེན་པའི་བློ་ཟེར་བ་མི་འཐད་དེ། གཟུང་འཛིན་གྱི་བདེན་སྟོང་བདེན་པར་མངོན་པར་ཞེན་པའི་བློ་ཆོས་ཅན། སྒྲུབ་རྟོག་ཏུ་ཐལ། འཛིན་སྟངས་སྒྲུབ་པའི་རྣམ་པ་ཅན་གྱི་རྟོག་པ་ཡིན་པའི་ཕྱིར་ཏེ། འཛིན་སྟངས་བདེན་པའི་རྣམ་པ་ཅན་གྱི་རྟོག་པ་ཡིན་པའི་ཕྱིར། གཞན་ཡང་དམིགས་ཡུལ་དགག་པ་ལ་དམིགས་པའི་རྟོག་པ་ཡིན་ན་དགག་རྟོག་ཡིན་དགོས་པར་ཐལ། དེ་དགག་རྟོག་ཡིན་པའི་ཕྱིར། འདོད་ན། བུམ་མེད་ཤེས་བྱར་མངོན་པར་ཞེན་པའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། བུམ་མེད་ཤེས་བྱ་ཡིན་པ་དགག་པར་ཐལ་ལོ། །ཐེག་དམན་གྱི་ལམ་འབྲས་བུ་དང་བཅས་པ་ལ་དམིགས་ནས་ལྡོག་བྱར་མངོན་པར་ཞེན་པའི་བློ་ཆོས་ཅན། མཚན་ཉིད་དེར་ཐལ། གཟུང་རྟོག་ཡིན་པའི་ཕྱིར། འདོད་ན། གཟུང་བར་མངོན་པར་ཞེན་པའི་བློ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་པ་ཡང་ཁས་བླངས་ཏེ། གཟུང་འཛིན་གྱི་དོན་ལོངས་སྤྱད་བྱ་སྤྱོད་བྱེད་དུ་ཁས་བླངས་པའི་ཕྱིར། ཡང་དེ་ཆོས་ཅན། སྒྲུབ་རྟོག་ཏུ་ཐལ། ལོངས་སྤྱད་བྱར་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར། གསལ་བ་ཁས། ཡང་ཕུང་པོ་ལ་བདེན་པར་ཞེན་པའི་བློ་དང་དེའི་ཞེན་ཡུལ་བཀག་པའི་བཀག་པ་ལ་བདེན་པར་མངོན་པར་ཞེན་པའི་བློ་གཉིས་ལ། སྒྲུབ་རྟོག་དང་དགག་རྟོག་གི་ཁྱད་པར་མི་འཐད་པར་ཐལ། དེ་གཉིས་ཀ་ཡང་སྒྲུབ་པའི་རྣམ་པ་ཅན་དུ་མཚུངས་པའི་ཕྱིར། ཡང་ཁ་ཅིག གཟུང་འཛིན་བདེན་སྟོང་དུ་མངོན་པར་ཞེན་པའི་བློ་ཆོས་ཅན། སྒྲུབ་རྟོག་ཏུ་ཐལ། འདིར་བསྟན་རྟོག་པ་ཡིན་པའི་ཕྱིར། མ་གྲུབ་ན། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོ་མ་ཡིན་པར་ཐལ་ལོ་ཟེར་ན། ཤིན་ཏུ་འདོད་དེ། ཁྱོད་དང་བྱང་སེམས་སྦྱོར་ལམ་མཉམ་གཞག་གི་གཞི་མཐུན་ཡོད་པའི་ཕྱིར། གསུམ་པ་ནི། འདིར་བསྟན་རྟོག་པ་ཡིན་ན་སྒྲུབ་རྟོག་ཡིན་པས་ཁྱབ་སྟེ། འཛིན་སྟངས་དགག་པའི་རྣམ་པ་ཅན་གྱི་རྟོག་པ་ལ། ཀུན་རྫོབ་ཏུ་མེད་པར་འཛིན་པའི་རྣམ་པ་ཅན་དང་། དོན་དམ་པར་མེད་པར་འཛིན་པའི་རྣམ་པ་ཅན་གཉིས་ལས། དང་པོ་ནི། ལོག་ལྟ་ལྟ་བུ་ཡིན་པས་འདིར་བསྟན་རྟོག་པ་མ་ཡིན། གཉིས་པ་ནི། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོ་མ་ཡིན་པའི་ཕྱིར། ཡང་དེ་ལ་ཁྱབ་སྟེ། གཟུང་རྟོག་དང་པོ་དེ་ཡིན་ན་ཡུལ་གཟུང་བ་ལ་དམིགས་ནས་དོར་བྱའི་གཟུང་བར་མངོན་པར་ཞེན་པའི་བློ་ཡིན་པས་ཁྱབ། གཉིས་པ་དེ་ཡིན་ན་ཡུལ་གཟུང་བ་ལ་དམིགས་ནས་བླང་བྱའི་གཟུང་བར་མངོན་པར་ཞེན་པའི་བློ་ཡིན་པས་ཁྱབ། རྫས་འཛིན་རྟོག་པ་ཡིན་ན་ཡུལ་རྫས་ཡོད་ལ་དམིགས་ནས་བདེན་པར་མངོན་པར་ཞེན་པའི་བློ་ཡིན་པས་ཁྱབ། བཏགས་འཛིན་རྟོག་པ་ཡིན་ན་ཡུལ་བཏགས་ཡོད་ལ་དམིགས་ནས་བཏགས་པའི་དངོས་པོར་མངོན་པར་ཞེན་པའི་བློ་ཡིན་པས་ཁྱབ་པའི་ཕྱིར་རོ། །རྩ་བར། གཟུང་བར་རྟོག་པ་རྣམ་པ་གཉིས། །ཞེས་དང་། འཛིན་པའང་རྣམ་པ་གཉིས་སུ་འདོད། །ཅེས་དང་། དེའི་འགྲེལ་བ་དང་འགྲེལ་ཆེན་གཉིས་ལས་ཀྱང་འཛིན་སྟངས་དེ་ལྟར་གསུངས་པའི་ཕྱིར་དང་། དམིགས་ཡུལ་གྱི་སྒོ་ནས་དགག་རྟོག་གི་ཁྱད་པར་མི་འབྱེད་པའི་ཕྱིར་རོ། །མདོར་ན། རྟོག་པ་དང་པོ་གསུམ་ལ་དགག་རྟོག་ཡོད་སྙམ་པའི་དོགས་པའི་གཞི་མེད་ཅིང་། བཏགས་འཛིན་རྟོག་པ་ལ་དེའི་དོགས་པ་ཡོད་ཀྱང་དཔྱད་ན་དགག་རྟོག་ཡོད་པ་མི་སྲིད་པའི་ཕྱིར་ཏེ། ཡུལ་དེ་ལ་བདེན་འཛིན་གྱི་སྒྲོ་འདོགས་མ་ཆོད་པར་ཡུལ་དེ་བཏགས་འཛིན་རྟོག་པ་མི་རུང་ཞིང་། སྒྲོ་འདོགས་ཆོད་ནས་གང་ཟག་བདེན་མེད་དུ་མངོན་པར་ཞེན་པ་དང་། ཆོས་ལ་བདེན་མེད་དུ་མངོན་པར་ཞེན་པ་གཉིས་ལས། དེ་གཉིས་སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པ་ནི་ཐར་ལམ་གྱི་ངོ་བོ་ཡིན་པས་སྤང་བྱ་མིན་ལ། འཕགས་པའི་རྒྱུད་ལ་དེ་གཉིས་འབྱུང་མི་སྲིད་དེ། དེའི་རྒྱུད་ལ་འཛིན་སྟངས་དེ་གཉིས་ནམ་བྱུང་བའི་ཚེ་མངོན་སུམ་རྟོགས་པ་ཁོ་ན་ཡིན་པའི་ཕྱིར། འོ་ན་བཏགས་འཛིན་རྟོག་པའི་ཚུལ་ཇི་ལྟར་སྙམ་ན། བུམ་པ་ལྟ་བུ་གཅིག་ལ་ཐོག་མར་བདེན་འཛིན་གྱི་སྒྲོ་འདོགས་ཆོད་པའི་བློ་སྔོན་དུ་སོང་ནས་ད་ལྟར་བདེན་པར་ཡོད་མེད་ཀྱི་བློའི་འཛིན་སྟངས་གང་ཡང་མེད་པར་འདི་ནི་བུམ་པའོ་སྙམ་དུ་མངོན་པར་ཞེན་པའི་བློ་ཡིན་ལ། དེ་རྫས་འཛིན་རྟོག་པར་མི་སྲིད་དེ། བདེན་པར་འཛིན་པའི་འཛིན་པ་མེད་པའི་ཕྱིར། གནད་འདི་ཤེས་ན་བཏགས་འཛིན་རྟོག་པ་ལ་བཏགས་པའི་དངོས་པོར་མངོན་པར་ཞེན་པ་ཞེས་གསུངས་པའི་བཏགས་པ་དང་དངོས་པོ་གཉིས་ཆར་གྱི་ནུས་པ་ཐོན་ཞིང་། སྐབས་གསུམ་པ་ནས་བཤད་པའི་གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་དང་། རྒྱུད་བླ་དང་། འཇུག་པ་ནས་བཤད་པའི་འཁོར་གསུམ་དུ་རྣམ་པར་རྟོག་པའི་བློ་རྣམས་འདི་དང་དོན་གཅིག་ཏུ་ཤེས་པར་འགྱུར་ལ། དེས་ན་ཉན་རང་གི་ཆོས་ཀྱི་བདག་མེད་རྟོགས་མ་རྟོགས་ཀྱི་དོན་ལ་ཡང་། བྱམས་པ་དང་ཀླུ་སྒྲུབ་དགོངས་པ་མི་མཐུན་པ་མེད་པའི་དོན་ཡང་རྟོགས་པར་འགྱུར་ཏེ། ཤེས་པར་འདོད་ན་འབད་པའི་སྒོ་ནས་རོང་སྟོན་ཆེན་པོ་དང་ཁོ་བོ་ཅག་ལ་དྲི་བར་བྱའོ། །གཉིས་པ་ལ་ཁ་ཅིག བྱང་སེམས་ཀྱི་སྦྱོར་ལམ་འདིར་བསྟན་རྟོག་པའི་ངོ་བོ་ཡིན་ཏེ། ཉི་ཁྲི་སྣང་བར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་དག་ནི་གོ་རིམ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་འགྱུར་ལ། གསུམ་པ་དང་བཞི་པ་དག་ཀྱང་གོ་རིམ་བཞིན་དུ་འཛིན་པའི་རྣམ་པར་རྟོག་པ་གཉིས་ཡིན་ནོ་ཞེས་གསུངས་པས་སོ་ཞེ་ན། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། འདི་བསྟན་རྟོག་པ་མིན་པར་ཐལ། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་མ་ཡིན་པའི་ཕྱིར། ཁ་ཅིག འདིར་བསྟན་རྟོག་པ་བཞི་པོ་བྱང་སེམས་ཀྱི་སྦྱོར་ལམ་བཞིའི་ངོ་བོ་ཡིན་ནོ་ཞེ་ན། དེ་ཆོས་ཅན། རྣམ་མཁྱེན་ཐོབ་པའི་གེགས་ཀྱི་གཙོ་བོ་མིན་པར་ཐལ་བ་དང་། ལམ་མ་ཞུགས་ཀྱི་སོ་སྐྱེ་དང་ཉན་རང་གི་རྒྱུད་ལ་ཁྱོད་མེད་པར་ཐལ། ཁྱོད་བྱང་སེམས་ཀྱི་སྦྱོར་ལམ་གྱི་ངོ་བོ་ཡིན་པའི་ཕྱིར། དེས་ན་རང་ལུགས་ལ། འདིར་བསྟན་རྟོག་པ་བཞི་བྱང་སེམས་ཀྱི་སྦྱོར་ལམ་ལ་སྤང་བྱར་ལྡན་པ་ཡིན་ཏེ། མངོན་གྱུར་པ་བཞི་པོ་བྱང་སེམས་ཀྱི་སྦྱོར་ལམ་རང་ཉིད་ཀྱི་སྤོང་ནུས་ཤིང་། ས་བོན་བཞི་པོ་སྦྱོར་ལམ་དེས་དྲངས་པའི་མཐོང་སྒོམ་ལམ་གྱིས་སྤོང་ནུས་པའི་ཕྱིར་ཏེ། ཉི་ཁྲི་རྣམ་འགྲེལ་དང་། འཕགས་པའི་དགོངས་པ་སློབ་དཔོན་གྱིས་སྤང་བྱར་ལྡན་པའི་དོན་དུ་བཤད་པའི་ཕྱིར། ཁོ་བོའི་རྟོག་པ་ལ་ནི། མདོའི་དངོས་བསྟན་ལ་རྟོག་པ་རྒྱས་བཤད་ཀྱི་གོ་རིམ་ལྟར་ཡོངས་འཛིན་གྱི་སྔར་གསུངས་ཀྱང་། མདོར་བསྟན་གྱི་སྐབས་སུ། དམིགས་པ་དང་རྣམ་པ་དང་རྒྱུ་དང་ཡོངས་འཛིན་བཞི་པོ་ལ། ཡིས་ཞེས་བྱེད་ཚིག་དང་བཅས་ཏེ་ཁྱད་ཆོས་སུ་གསུངས་ཤིང་། རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཞེས་ཁྱད་གཞིའི་ཁོངས་སུ་གསུངས་པའི་དོན་ནི། ཁྱད་ཆོས་ལ་སྔར་གྱི་བཞི་པོ་དེར་གྲངས་ངེས་པས་རྟོག་པ་ཁྱད་ཆོས་མིན་ནོ་ཞེས་པའི་དོན་ཡིན་ལ། འོ་ན་རྟོག་པ་ཅིའི་ཕྱིར་སྟོན་སྙམ་ན། ཁྱད་ཆོས་བཞིའི་སྒོ་ནས་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་འཕགས་པར་བསྟན་པ་ལ། ཐེག་ཆེན་གྱི་མཐོང་ལམ་དང་སྒོམ་ལམ་དང་ཁྱད་པར་མེད་པར་འགྱུར་རོ་སྙམ་ན། ཁྱད་ཡོད་དེ། འདིར་བསྟན་རྟོག་པ་བཞི་པོ་དངོས་སུ་སྤོང་མི་ནུས་ཤིང་། རང་ཉིད་ཀྱང་རྣམ་པར་རྟོག་པའི་རང་བཞིན་ཡིན་པའི་ཕྱིར། ཞེས་པའི་དོན་ཏེ། ལྡན་བརྟེན་པ་ཞེས་པའི་ནུས་པ་ཐོན་ནོ། །འདི་ནི་རྒྱ་གར་གྱི་སྨ་ར་ཅན་དང་། བོད་ཀྱི་གདོང་དམར་བ་སུ་དང་ཡང་མི་མཐུན་ཡང་། དགའ་ལྡན་གྱི་ཁྲི་ཐོག་ན་བཞུགས་པའི་ལྷ་རྒན་པོ་གཅིག་དང་མཐུན་པས་དེས་མཆོག་སྙམ་མོ། །གསུམ་པ་རང་བཞིན་གཏན་ལ་དབབ་པ་ལ། གང་ལ་རྟོག་པའི་ཡུལ། གང་གིས་རྟོག་པའི་ངོ་བོ། ཇི་ལྟར་རྟོག་པའི་ཚུལ། དེ་ལྟར་རྟོག་པའི་མཚན་ཉིད། ཞར་བྱུང་ཐ་སྙད་བཤད་པ་དང་ལྔའོ། །དང་པོ་ནི། གཟུང་འཛིན་གཉིས་ཡིན། འདི་གཉིས་ཀྱི་ཁྱད་པར་ལོ་ཆེན་ན་རེ། སྐྱེ་མཆེད་ཀྱི་དབང་དུ་བྱས་ན་གཟུགས་སོགས་ཕྱིའི་སྐྱེ་མཆེད་གཟུང་བ། མིག་སོགས་ནང་གིས་སྐྱེ་མཆེད་འཛིན་པར་འདོད། ཡུལ་ཡུལ་ཅན་གྱི་དབང་དུ་བྱས་ན་བེམ་པོ་གཟུང་བ། ཤེས་པ་འཛིན་པར་འདོད། བདག་དང་བདག་གི་བའི་དབང་དུ་བྱས་ན་བདག་གི་བའི་ཡུལ་གཟུང་བ། བདག་འཛིན་པར་འདོད་ཅེས་གསུངས། འོན་ཀྱང་འདིར་བསྟན་གྱི་གཟུང་འཛིན་གཉིས་ནི། དང་པོའི་དབང་དུ་བྱས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཡང་གཟུང་བར་བཤད་པའི་ཕྱིར། གཉིས་པའི་དབང་དུ་བྱས་པ་ཡང་མ་ཡིན་ཏེ། མ་རིག་པ་ཡང་གཟུང་བར་བཤད་པའི་ཕྱིར། གསུམ་པའི་དབང་དུ་བྱས་པ་ཡང་མིན་ཏེ། མཐོང་ལམ་སྒོམ་ལམ་མི་སློབ་ལམ་གསུམ་ཡང་འཛིན་པར་བཤད་པའི་ཕྱིར་རོ། །རང་ལུགས་ནི། འདིའི་གཟུང་འཛིན་ཡུལ་རང་ངོས་ནས་འཇོག་པ་མིན་ལ། ཡུལ་ཅན་གྱི་བློའི་འཛིན་ཚུལ་གྱི་སྒོ་ནས་འཇོག་སྟེ། ཆོས་གཅིག་ཉིད་ཀྱང་ཡུལ་ཅན་གྱི་བློས་ལོངས་སྤྱད་བྱར་གཟུང་བའི་ཚེ་གཟུང་བ་དང་། ལོངས་སྤྱོད་བྱེད་དུ་གཟུང་བའི་ཚེ་འཛིན་པར་འགྱུར་བ་ཡིན་ཏེ། མཐོང་སྒོམ་མི་སློབ་ལམ་གསུམ་པོ་དེ་གཟུང་རྟོག་གི་སྐབས་སུ་གཟུང་བ་དང་། འཛིན་རྟོག་གི་སྐབས་སུ་འཛིན་པར་བཤད་པའི་ཕྱིར། གནད་འདི་ཤེས་ན་ཊཱི་ཀ་ལས། འདིར་བསྟན་གཟུང་བ་ལ་ཉོན་མོངས་ཀྱི་ཕྱོགས་དང་རྣམ་བྱང་གི་ཕྱོགས་གཉིས། འཛིན་པ་ལ་ཆོས་དང་གང་ཟག་གཉིས། ཆོས་ནི་སེམས་སེམས་བྱུང་ཡིན་ལ། གང་ཟག་ནི་བྱམས་པས་ཕུང་པོ་ལ་རིལ་པོའི་བདག་ཏུ་གཟུང་བས་གང་ཟག་རྫས་ཡོད་དང་། འཕགས་པས་བཏགས་པ་ཙམ་དུ་གཟུང་བས་སྐྱེས་བུ་བཏགས་ཡོད་དོ་ཞེས་གསུངས་པའི་དོན་ཡང་རྟོགས་པར་འགྱུར་ཞིང་། གཞན་དུ་ན་འདིའི་གཟུང་འཛིན་གྱི་ཁྱད་པར་ལན་བརྒྱར་བཙལ་ཡང་ངལ་བ་ཁོ་ནའོ། །གཉིས་པ་ནི། གཟུང་རྟོག་དང་འཛིན་རྟོག་ཡོད་དེ། ལོངས་སྤྱད་བྱའི་ཕྱོགས་སུ་མངོན་པར་ཞེན་པའི་ཤེས་སྒྲིབ་དང་། ལོངས་སྤྱོད་བྱེད་ཀྱི་ཕྱོགས་སུ་མངོན་པར་ཞེན་པའི་ཤེས་སྒྲིབ་བོ། །དང་པོ་ལ་བླང་བྱའི་ཕྱོགས་སུ་མངོན་པར་ཞེན་པ་དང་། དོར་བྱའི་ཕྱོགས་སུ་མངོན་པར་ཞེན་པ་གཉིས། ཕྱི་མ་ལ་བདེན་འཛིན་ཡོད་པ་དང་མེད་པ་གཉིས་སོ། །གསུམ་པ་ལ། གཟུང་བ་ལ་དམིགས་པ་ཙམ་གྱིས་གཟུང་རྟོག་ཏུ་འགྱུར་བ་མ་ཡིན་ཏེ། དེ་ལ་དམིགས་ནས་ལོངས་སྤྱོད་བྱར་མངོན་པར་ཞེན་པའི་ཚེ་དེར་འགྱུར་བའི་ཕྱིར། འཛིན་པ་ལ་དམིགས་པ་ཙམ་གྱིས་འཛིན་རྟོག་ཏུ་མི་འགྱུར་ཏེ། དེ་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན་པའི་ཚེ་དེར་འགྱུར་བའི་ཕྱིར་རོ། །གཟུང་རྟོག་ཡིན་ན་འདི་ནི་གཟུང་བའོ་སྙམ་པའི་འཛིན་སྟངས་ཅན་ཡིན་པས་མ་ཁྱབ་སྟེ། བུམ་པ་ཤེས་བྱར་མངོན་པར་ཞེན་པའི་བློ་དེ་ལ། བུམ་པ་འདི་ནི་གཟུང་བའོ་སྙམ་པའི་འཛིན་སྟངས་མེད་པའི་ཕྱིར། འཛིན་རྟོག་ཡིན་ན་འདི་ནི་འཛིན་པའོ་སྙམ་པའི་འཛིན་སྟངས་ཅན་ཡིན་པས་མ་ཁྱབ་སྟེ། སྐྱེས་བུ་ལོངས་སྤྱོད་པ་པོར་མངོན་པར་ཞེན་པའི་བློ་དེ་ལ་སྐྱེས་བུ་འདི་ནི་ལོངས་སྤྱོད་པ་པོའོ་སྙམ་པའི་འཛིན་སྟངས་མེད་པའི་ཕྱིར། དེས་ན་རང་ལུགས་ནི། གང་ལ་རྟོག་པའི་ཡུལ་དེ་ཉིད་ཡུལ་ཡུལ་ཅན་གཉིས་སུ་ཕྱེ་བའི་ཚེ། ཡུལ་གྱི་ཕྱོགས་སུ་འཛིན་པའི་འཛིན་སྟངས་ཅན་ནི་གཟུང་རྟོག་གི་རྟོག་ཚུལ་ཏེ་རང་ཡུལ་དེ་ཉིད་གཟུང་བའོ་སྙམ་པ་དང་ལོངས་སྤྱད་བྱ་དང་ཡུལ་དང་ཤེས་བྱར་འཛིན་པ་ལ་སོགས་པ་རྣམས་སོ། །གང་ལ་རྟོག་པའི་ཡུལ་དེ་ཉིད་ཡུལ་ཡུལ་ཅན་གཉིས་སུ་ཕྱེ་བའི་ཚེ་ཡུལ་ཅན་གྱི་ཕྱོགས་སུ་འཛིན་པའི་འཛིན་སྟངས་ཅན་ནི་འཛིན་རྟོག་གི་རྟོག་ཚུལ་ཏེ། རང་ཡུལ་དེ་ཉིད་འཛིན་པ་དང་ལོངས་སྤྱོད་བྱེད་དང་ཡུལ་ཅན་དང་ཤེས་བྱེད་དུ་འཛིན་པ་ལ་སོགས་པ་རྣམས་སོ། །གཟུང་རྟོག་ལ་ཡང་གཉིས་ཏེ། དང་པོས་རང་ཡུལ་དེ་དོར་བྱའི་གཟུང་བར་འཛིན་ལ། གཉིས་པས་བླང་བྱའི་གཟུང་བར་འཛིན་པའི་ཕྱིར། འཛིན་རྟོག་ལ་ཡང་གཉིས་ལས། དང་པོས་རང་ཡུལ་དེ་ཉིད་ལོངས་སྤྱོད་པ་པོར་བདེན་པར་འཛིན་ལ། གཉིས་པས་རང་ཡུལ་དེ་ཉིད་བདེན་འཛིན་མེད་པར་ལོངས་སྤྱོད་པ་པོ་ཙམ་དུ་འཛིན་པ་སྟེ། མདོར་ན་བཞི་ཀ་ཡང་འཛིན་སྟངས་ཀྱི་སྒོ་ནས་ཕྱེ་བ་ནི་གནད་ཀྱི་དོན་ཏོ། །བཞི་པ་ལ་འདིར་བསྟན་རྟོག་པའི་མཚན་ཉིད། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག འཛིན་སྟངས་སྒྲུབ་པའི་རྣམ་པ་ཅན་གྱི་ཞེན་བློའོ། །ལྔ་པ་ལ། ཡུལ་གཟུང་བ་ལ་རྟོག་པས་ན་གཟུང་རྟོག་དང་། ཡུལ་འཛིན་པ་ལ་རྟོག་པས་ན་འཛིན་རྟོག་གོ་ཞེས་ཡུལ་གྱི་སྒོ་ནས་འཇོག་གམ། བློས་བཟུང་བར་རྟོག་པས་ན་གཟུང་རྟོག་དང་། བློས་འཛིན་པར་རྟོག་པས་ན་འཛིན་རྟོག་གོ །ཞེས་འཛིན་སྟངས་ཀྱི་སྒོ་ནས་འཇོག་ཅེ་ན། ཊཱི་ཀ་ལས། ཡུལ་གཟུང་བ་ལ་དམིགས་ནས་བློས་ཀྱང་དེར་རྟོག་པས་ན་གཟུང་རྟོག་དང་། ཡུལ་འཛིན་པ་ལ་དམིགས་ནས་བློས་ཀྱང་དེར་རྟོག་པས་ན་འཛིན་རྟོག་གོ་ཞེས་དམིགས་ཡུལ་དང་འཛིན་སྟངས་གཉིས་ཀའི་སྒོ་ནས་འཇོག་པར་གསུངས་པ་ནི། བརྟགས་ཤིང་དཔྱད་པ་ན་ཤིན་ཏུ་འཐད་དེ། གཙོ་བོར་འཛིན་སྟངས་ཀྱི་སྒོ་ནས་འཇོག་པ་ཡིན་ཡང་། འདིའི་གཟུང་འཛིན་གྱི་ཁྱད་པར་ཉིད་ཀྱང་། བློའི་འཛིན་ཚུལ་གྱི་སྒོ་ནས་ཡིན་པར་བསྟན་ཟིན་པའི་ཕྱིར་རོ། །དར་ཊཱིཀ་པ་ན་རེ། ལོངས་སྤྱད་བྱར་བདེན་པར་མངོན་པར་ཞེས་པས་ན་གཟུང་རྟོག་དང་། ལོངས་སྤྱོད་པ་པོར་བདེན་པར་མངོན་པར་ཞེན་པས་ན་འཛིན་རྟོག་ཅེས་འཇོག་པ་ནི་རུལ་ཏེ། བཏགས་འཛིན་རྟོག་པ་དེ་བདེན་འཛིན་གྱི་འཛིན་སྟངས་ཅན་མིན་པའི་ཕྱིར། སྐབས་ཀྱི་དོན་ནི་འདི་ཡིན་ཏེ། གཙོ་བོར་འཛིན་སྟངས་ཀྱི་སྒོ་ནས་གཟུང་རྟོག་དང་འཛིན་རྟོག་གི་ཁྱད་པར་གསུངས་ཤིང་། དང་པོ་ལ་བསྟན་བཅོས་རྩ་བར། གཞིའི་རྟེན་ཅན་དང་དེའི་གཉེན་པོའི་རྟེན་ཅན་ཞེས་དངོས་སུ་གསུངས་པའི་དོན་ལ། འཕགས་པས་དངོས་པོ་ཙམ་གྱི་རྟེན་ཅན་དང་། རྣམ་པར་སྣང་བའི་རྟེན་ཅན་གྱི་རྟོག་པ་ཞེས་དང་། སློབ་དཔོན་གྱིས་ཀུན་ནས་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་ཅེས་པའི་ཐ་སྙད་མཛད་དོ། །སྐབས་ལྔ་པར་ནི། འཇུག་པ་གཟུང་རྟོག་དང་། ལྡོག་པ་གཟུང་རྟོག་གཉིས་སུ་གསུངས་ཤིང་། འདི་གཉིས་འབུམ་ཕྲག་གསུམ་པས་རྣམ་བྱང་གཟུང་རྟོག་གི་དབྱེ་བར་འདོད་པ་སྒྲུབ་བྱེད་དང་བཅས་པ་མི་འཐད་པའི་ཚུལ་ནི་སྐབས་ལྔ་པར་འཆད་དོ། །རྩ་བའི་དགོངས་པ་དེའི་གཉེན་པོ་ཞེས་པའི་ཚིག་གི་ནུས་པས་གཞི་དང་ཞེས་པ་མི་མཐུན་ཕྱོགས་སུ་བསྟན་ཞིང་། མི་མཐུན་ཕྱོགས་ལ་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་དང་། ཐེག་དམན་གྱི་ལམ་འབྲས་བུ་དང་བཅས་པ་གཉིས་ལས། དང་པོ་ལ་སྦྱོར་བའི་ཚེ་དེའི་གཉེན་པོ་རྣམ་བྱང་ཙམ་ལ་སྦྱར་ན། སློབ་དཔོན་གྱི་ཐ་སྙད་ལྟར་འབྱུང་ལ། གཉིས་པ་ལ་སྦྱར་བའི་ཚེ་དེའི་གཉེན་པོ་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ལ་སྦྱར་ན། ལྡོག་པ་གཟུང་རྟོག་དང་འཇུག་པ་གཟུང་རྟོག་གི་ཐ་སྙད་འབྱུང་ངོ་། དེ་ན་ཀུན་ནས་ཉོན་མོངས་གཟུང་རྟོག་དང་ལྡོག་པ་གཟུང་རྟོག་གཉིས་ཀ་ཡང་འདིའི་གཟུང་རྟོག་དང་པོ་ཡིན་ཅིང་། འཇུག་པ་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་གཉིས་ཀ་ཡང་གཉིས་པར་ཤེས་པར་བྱ་སྟེ། ཐེག་དམན་གྱི་ལམ་ལ་མི་མཐུན་ཕྱོགས་དང་བྱང་སེམས་ཀྱི་ལམ་ལ་གཉེན་པོའི་ཐ་སྙད་བྱེད་པ་ལ་ནི་སྐབས་གསུམ་པ་དཔང་པོར་ཡོད་དོ། །སྒོམ་སྤང་རྟོག་པའི་སྐབས་སུ་ནི་སྦྱོར་བའི་ཡུལ་ཅན་གྱི་རྟོག་པ་དང་འཇུག་པའི་ཡུལ་ཅན་གྱི་རྟོག་པ་ཞེས་པའི་ཐ་སྙད་གསུངས་ཏེ། འཛིན་རྟོག་ལ་འདི་དང་མཐོང་སྤང་རྟོག་པ་གཉིས་ཀའི་སྐབས་སུ་རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པའི་ཐ་སྙད་གསུངས་ལ། སྒོམ་སྤང་རྟོག་པའི་སྐབས་སུ་ནི། འཛིན་རྟོག་དང་པོ་དང་ཐ་མ་ཞེས་པ་ཙམ་མ་གཏོགས་རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོག་པའི་ཐ་སྙད་མ་གསུངས་པའི་ཕྱིར། ཊཱི་ཀ་ལས། དེ་གཉིས་ཆར་ཡང་འདིའི་བཏགས་འཛིན་རྟོག་པའི་དབྱེ་བར་བཞེད་དོ། །གཉིས་པ་དབྱེ་བ་ལ། འཛིན་སྟངས་ཀྱི་སྒོ་ནས་དབྱེ་ན་གཟུང་རྟོག་དང་འཛིན་རྟོག་གཉིས། དེ་རེ་རེ་ལ་སྔར་ལྟར་གཉིས་གཉིས་ཏེ་བཞིའོ། །ཡུལ་གྱི་སྒོ་ནས་བཞི་པོ་རེ་རེ་ལ་ཡང་དགུ་དགུ་སྟེ་སོ་དྲུག་གོ །ཁམས་ཀྱི་སྒོ་ནས་དབྱེ་ན་ཁམས་གསུམ་རེ་རེ་ལ་ཡང་སོ་དྲུག་སོ་དྲུག་སྟེ་བརྒྱ་དང་བརྒྱད་དོ། །གཉེན་པོའི་སྒོ་ནས་དབྱེ་ན་མཐོང་སྤང་དང་སྒོམ་སྤང་རྟོག་པ་གཉིས། དེ་རེ་རེ་ལ་ཡང་དབྱེ་བ་སྔར་བཞིན་ནོ། །རྒྱུའི་སྒོ་ནས་དབྱེ་ན་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཏེ་གོང་གི་དེ་གཉིས་དང་དོན་གཅིག་གོ །གསུམ་པ་ཕྱེ་བ་སོ་སོའི་དོན་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ལ་ཁ་ཅིག འདིར་བསྟན་རྟོག་པ་ནི་བདེན་འཛིན་རྟོག་པ་ཡིན་ལ། སྤྱིར་བདེན་འཛིན་ལ་གང་ཟག་དང་ཆོས་ལ་བདེན་པར་འཛིན་པ་གཉིས། དང་པོ་ནི། འདིར་བསྟན་རྟོག་པ་མིན་ནོ། །ཕྱི་མ་ལ་གཟུང་བ་ཕྱི་རོལ་དོན་ལ་བདེན་པར་འཛིན་པ་ལྟ་བུ་གཞི་མ་གྲུབ་པའི་ཆོས་ལ་བདེན་པར་འཛིན་པའི་བློ་དང་། གཞི་གྲུབ་པའི་ཆོས་ལ་བདེན་པར་འཛིན་པ་གཉིས་ལས། དང་པོ་འདིར་བསྟན་རྟོག་པ་མ་ཡིན་ཏེ། གཟུང་བ་ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། ཕྱི་མ་ལ་ལོངས་སྤྱད་བྱ་དང་། བཟའ་བྱར་བདེན་པར་འཛིན་པའི་བློ་གཟུང་རྟོག་དང་། ལོངས་སྤྱོད་བྱེད་དང་བཟའ་བ་པོར་བདེན་པར་འཛིན་པའི་བློ་འཛིན་རྟོག་ཡིན་ལ། འཛིན་རྟོག་ལ་ཡང་གདགས་གཞི་ཕུང་པོའི་སྟེང་དུ་དགག་བྱ་གཅིག་པུ་དང་རྒྱུ་དང་ལྟ་བ་པོ་ལ་སོགས་པའི་བདག་བཀག་པའི་བཀག་པ་ལ་བདེན་པར་མངོན་པར་འཛིན་པའི་བློ་ལྟ་བུ་རྫས་འཛིན་རྟོག་པ་དང་། བདག་བཏགས་པ་ཙམ་དུ་བདེན་པར་འཛིན་པའི་བློ་ལྟ་བུ་བཏགས་འཛིན་རྟོག་པ་ཡིན་ནོ། །འོ་ན་གང་ཟག་ལ་བདེན་པར་འཛིན་པའི་བློ་ཆོས་ཅན། འཛིན་རྟོག་མ་ཡིན་པར་ཐལ། འདིར་བསྟན་རྟོག་པ་མ་ཡིན་པའི་ཕྱིར། བསལ་བ་དངོས། རྟགས་ཁས། དེར་ཐལ། གང་ཟག་གི་བདེན་འཛིན་ཡིན་པས་ཉོན་སྒྲིབ་ཡིན་པའི་ཕྱིར། འཁོར་གསུམ། ཡང་རྫས་འཛིན་རྟོག་པ་ཆོས་ཅན། གདགས་གཞི་ཕུང་པོའི་སྟེང་དུ་དགག་བྱ་གཅིག་པུ་ལ་སོགས་པ་བཀག་པའི་བཀག་པ་ལ་བདེན་འཛིན་གྱི་བློ་མིན་པར་ཐལ། གང་ཟག་རྫས་ཡོད་འཛིན་པའི་གདགས་གཞི་བདེན་པར་འཛིན་པའི་འཛིན་སྟངས་ཡིན་པའི་ཕྱིར། རྟགས་གསལ་དངོས་སོ། །གང་ཟག་བཏགས་པ་བ་ཙམ་དུ་བདེན་པར་འཛིན་པའི་བློ་དེ་བཏགས་འཛིན་རྟོག་པ་ཡིན་ཞེས་པ་རང་ཚིག་དང་འགལ་ཏེ། གང་ཟག་བཏགས་པ་ཙམ་དུ་འཛིན་ན་དེ་བདེན་པར་འཛིན་པ་འགལ་བའི་ཕྱིར། འདི་ལྟ་བུའི་རྟུལ་གཏམ་ལ་རིགས་པ་ཞིབ་མོར་གྲགས་པ་ནི། ཀྱེ་མ་འཇིག་རྟེན་འདི་ན་འཁྲུལ་ལོ། །ཁ་ཅིག འདིར་བསྟན་གཟུང་རྟོག་དང་འཛིན་རྟོག་གི་མཚན་ཉིད་རིམ་བཞིན། དམིགས་ཡུལ་གཟུང་བ་ལ་དམིགས་ནས་དང་། དམིགས་ཡུལ་འཛིན་པ་ལ་དམིགས་ནས་འཛིན་སྟངས་དགག་སྒྲུབ་གང་རུང་གི་རྣམ་པ་ཅན་གྱི་ཞེན་བློ་ཞེས་དང་། ཀུན་ནས་ཉོན་མོངས་གཟུང་རྟོག་སོགས་བཞིའི་མཚན་ཉིད། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་ལ་དམིགས་ནས་སོགས་རིགས་བསྒྲེའོ་ཟེར་རོ། །འོ་ན་གཟུང་བ་རང་བཞིན་མེད་པར་རྟོགས་པའི་སྦྱོར་ལམ་ཆོས་ཅན། འདིར་བསྟན་གཟུང་རྟོག་ཏུ་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དམིགས་ཡུལ་གཟུང་བ་ལ་དམིགས་ནས་འཛིན་སྟངས་དགག་པའི་རྣམ་པ་ཅན་གྱི་ཞེན་བློ་ཡིན་པའི་ཕྱིར་ཏེ། དེ་ལ་དམིགས་ནས་རང་བཞིན་མེད་པར་རྟོགས་པའི་རྣམ་པ་ཅན་གྱི་ཞེན་བློ་ཡིན་པའི་ཕྱིར་རོ། །འཛིན་པ་རང་བཞིན་མེད་པར་རྟོགས་པའི་སྦྱོར་ལམ་ཆོས་ཅན། འཛིན་རྟོག་ཏུ་ཐལ། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པར་རྟོག་པའི་སྦྱོར་ལམ་ལ་སོགས་པ་ཆོས་ཅན་དུ་གཟུང་ནས་མཚན་ཉིད་ཕྱི་མ་བཞི་ལ་རིགས་འགྲེའོ། །ཁ་ཅིག གཟུང་རྟོག་དང་འཛིན་རྟོག་གི་མཚན་ཉིད་རིམ་བཞིན། དམིགས་ཡུལ་གཟུང་བ་ལ་དམིགས་ནས་དང་དམིགས་ཡུལ་འཛིན་པ་ལ་དམིགས་ནས་འཛིན་སྟངས་སྒྲུབ་པའི་རྣམ་པར་ཅན་གྱི་ཞེན་བློ། ཀུན་ནས་ཉོན་མོངས་གཟུང་རྟོག་ལ་སོགས་པ་རིགས་བསྒྲེའོ་ཟེར་རོ། །མཐོང་ལམ་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན་པའི་བློ་ཆོས་ཅན། གཟུང་རྟོག་ཏུ་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དམིགས་ཡུལ་གཟུང་བ་ལ་དམིགས་པ་གང་ཞིག ཕྱི་མ་དེའི་ཕྱིར། དང་པོ་དེར་ཐལ། མཐོང་ལམ་ལ་དམིགས་ནས་རྣམ་བྱང་གི་གཟུང་བར་མངོན་པར་ཞེན་པའི་བློ་དེས་དམིགས་ཡུལ་གཟུང་བ་ལ་དམིགས་པའི་ཕྱིར་ཏེ། མཐོང་ལམ་དེ་རྣམ་བྱང་གཟུང་རྟོག་གི་སྐབས་སུ་གཟུང་བར་བཤད་པའི་ཕྱིར་རོ། །ཡང་མཐོང་ལམ་ལ་དམིགས་ནས་རྣམ་བྱང་གི་གཟུང་བར་མངོན་པར་ཞེན་པའི་བློ་ཆོས་ཅན། འཛིན་རྟོག་ཏུ་ཐལ། མཚན་ཉིད་དེའི་ཕྱིར། རྟགས་སྒྲུབ་སྔ་མས་ཤེས་སོ། །གཉིས་པ་ནི། འདིར་བསྟན་རྟོག་པ་གཉིས་ཀྱི་མཚན་ཉིད་རིམ་བཞིན། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག གཟུང་བ་ལ་དམིགས་ནས་ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་གྱི་ཕྱོགས་ཀྱི་འཛིན་སྟངས་ཅན་དང་། དེ་གང་ཞིག འཛིན་པ་ལ་དམིགས་ནས་དེ་གཉིས་སུ་ཕྱེ་བའི་ཡུལ་ཅན་གྱི་ཕྱོགས་སུ་གཏོགས་པའི་འཛིན་སྟངས་ཅན་ནོ། །དང་པོ་ལ་གཞིའི་རྟེན་ཅན་གྱི་རྟོག་པ་དང་དེའི་གཉེན་པོའི་རྟེན་ཅན་གྱི་རྟོག་པ་གཉིས་ཀྱི་མཚན་ཉིད་རིམ་བཞིན། དེ་གང་ཞིག གཟུང་བ་ལ་དམིགས་ནས་བླང་དོར་གཉིས་སུ་ཕྱེ་བའི་དོར་བྱའི་ཕྱོགས་སུ་གཏོགས་པའི་འཛིན་སྟངས་ཅན་དང་། དེ་གང་ཞིག དེ་ལ་དམིགས་ནས་དེ་གཉིས་སུ་ཕྱེ་བའི་བླང་བྱའི་ཕྱོགས་སུ་གཏོགས་པའི་འཛིན་སྟངས་ཅན་ནོ། །དང་པོ་ལ། ཀུན་ནས་ཉོན་མོངས་གཟུང་རྟོག་དང་ལྡོག་པ་གཟུང་རྟོག་གཉིས། ཕྱི་མ་ལ་རྣམ་བྱང་གཟུང་རྟོག་དང་འཇུག་པ་གཟུང་རྟོག་གཉིས་ཡོད་དོ། །འཛིན་རྟོག་ལ་རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་གཉིས་ཀྱི་མཚན་ཉིད་རིམ་བཞིན། དེ་གང་ཞིག གང་ཟག་རྫས་ཡོད་ལ་དམིགས་ནས་བདེན་པར་འཛིན་པའི་འཛིན་སྟངས་ཅན་དང་། དེ་གང་ཞིག སྐྱེས་བུ་བཏགས་ཡོད་ལ་དམིགས་ནས་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་འཛིན་སྟངས་ཅན་ནོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཟུང་རྟོགས་གཉིས་དང་། འཛིན་རྟོག་གཉིས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འགྲེལ་ཆེན་ལས། ཁ་ཅིག གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི་གཞི་ཐམས་ཅད་པ་ཁོ་ན་ཡིན་ལ། གཉིས་པ་ནི་རྣམ་པར་བྱང་བ་ཁོ་ནའི་གཞི་ཅན་ཡིན་ཏེ། འདི་ནི་གཟུང་བའི་རྣམ་པར་རྟོག་པ་འདི་གཉིས་ཀྱི་ཁྱད་པར་རོ། །དེ་ལྟར་བྱས་ནས་བརྗོད་པ་ནི། རེ་ཞིག་གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་དེ་ནི་གཉིས་པ་ཡང་ཡིན་ཏེ། དཔེར་ན་གཟུང་བའི་རྣམ་པར་རྟོག་པ་གཞི་ཐམས་ཅད་པ་ཁོ་ན་བཞིན་ནོ། །གཉིས་པར་འགྱུར་གྱི་དང་པོ་མིན་པ་ནི། དཔེར་ན་རྣམ་པར་བྱང་བ་ཁོ་ནའི་རྟེན་ཅན་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་བཞིན་ནོ། །གཞན་དག་ན་རེ། ཀུན་ནས་ཉོན་མོངས་ཀྱི་གཞི་ལ་བརྟེན་པ་ནི་དང་པོ་ཡིན་ལ། རྣམ་པར་བྱང་བའི་གཞི་ལ་བརྟེན་པ་ནི་གཉིས་པ་ཡིན་པས་འདི་ནི་ཕན་ཚུན་རྣམ་པར་ཆད་པ་ཁོ་ན་ཡིན་པའི་ཕྱིར། འདི་ནི་ཐ་དད་པ་ཁོ་ན་ཡིན་ནོ་ཞེས་ལུགས་གཉིས་ལས། དང་པོ་ནི། འཕགས་གྲོལ་གྱི་བཞེད་པ་བཀོད་པ་ཡིན་ལ། ཕྱི་མ་ནི་སློབ་དཔོན་རང་གི་བཞེད་པའོ། །དེ་གཉིས་དོན་ལ་གང་གནས་སྙམ་ན། སེམས་རྣལ་དུ་མི་གནས་པ་ཁ་ཅིག་ན་རེ། འཕགས་པའི་དགོངས་པ་གཟུང་རྟོག་དང་པོ་ཡིན་ན་ཀུན་བྱང་ཐམས་ཅད་ལ་དམིགས་པས་ཁྱབ་པ་དང་། གཟུང་རྟོག་གཉིས་པ་ཡིན་ན་རྣམ་བྱང་ཙམ་ལ་དམིགས་པས་ཁྱབ་པ་དང་། ཡང་གཟུང་རྟོག་དང་པོ་ཡིན་ན་གཟུང་རྟོག་གཉིས་པ་ཡིན་པས་ཁྱབ་པ་དང་། དེ་གཉིས་པ་ཡིན་ན་དེ་དང་པོ་ཡིན་པས་ཁྱབ་པ་ལ་བསམས་ནས། ཀུན་བྱང་ཐམས་ཅད་ལ་དམིགས་པའི་གཟུང་རྟོག་དང་པོ་ཆོས་ཅན། ཀུན་བྱང་ཐམས་ཅད་ལ་དམིགས་པར་ཐལ། གཟུང་རྟོག་དང་པོ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། གཟུང་རྟོག་གཉིས་པ་ཡིན་པའི་ཕྱིར། འཁོར་གསུམ། མ་གྲུབ་ན། དེར་ཐལ། གཟུང་རྟོག་དང་པོ་ཡིན་པའི་ཕྱིར། ཡང་འཁོར་གསུམ། འཕགས་པ་ཡིན་ཡང་ཤེས་སྒྲིབ་མ་སྤངས་པས་ལེན་ནོ་ཞེས་སྨྲ་ནུས་པ་ཡང་འདུག་གོ །འོ་ན་གཞི་དང་དེ་ཡི་གཉེན་པོ་ཡིས་ཞེས་པའི་གཞུང་དེས་ཀུན་ནས་ཉོན་མོངས་རྣམ་རྟོག་ཡིན་ན་མ་རིག་པ་ལ་སོགས་པའི་ཡུལ་དགུ་ཆར་ལ་དམིགས་པས་ཁྱབ་པ་དང་། རྣམ་བྱང་གཟུང་རྟོག་ཡིན་ན། ཕུང་པོ་ལ་སོགས་པའི་ཡུལ་དགུ་ཆར་དམིགས་པས་ཁྱབ་པར་བསྟན་པར་ཐལ། འཕགས་པའི་ལུགས་དེས་སྨྱོན་པ་ཁྱོད་འདོད་པ་ལྟར་བསྟན་པའི་ཕྱིར། འདོད་ན། མ་རིག་པ་ཁོ་ན་ལ་དམིགས་པའི་ཀུན་ནས་ཉོན་མོངས་གཟུང་རྟོག་ཆོས་ཅན། དེར་ཐལ། དེའི་ཕྱིར། མཁས་པར་རློམ་ཡང་སྙིང་ལ་གཞན་ཞིག་གཞུག་པས་ལེན་གདའོ། །དེས་ན་འཕགས་པའི་དགོངས་པ་ནི། སྤྱིར་གཟུང་རྟོག་དང་པོ་དེས་གཟུང་རྟོག་གཉིས་པ་དེའི་ཡུལ་ལ་དམིགས་པ་ཡང་ཡིན་ལ། གཉིས་པས་ནི་དང་པོའི་ཡུལ་ལ་དམིགས་པ་མ་ཡིན་ཞེས་པའི་དོན་ནོ། །ཡང་ཁ་ཅིག འཕགས་པའི་ལུགས་ལྟར་འཐད་དེ། དམིགས་པ་དང་བདག་ལ་སོགས་པ་དང་། རྣམ་པར་དག་པ་བསྐྱེད་པ་ལ་སོགས་པ་དམིགས་པ་ཕྱི་མ་གསུམ་པོ་ཀུན་ནས་ཉོན་མོངས་ཀྱི་ཆོས་མིན་ནོ་ཟེར་རོ། །ཡང་ཁ་ཅིག སློབ་དཔོན་གྱི་ལུགས་ལྟར་འཐད་པ་ཡིན་ཏེ། རྩ་བར། དེའི་གཉེན་པོ་ཞེས་པའི་ཤུགས་ལ་གཞི་དེ་ཀུན་ནས་ཉོན་མོངས་ཀྱི་ཆོས་སུ་བསྟན་པའི་ཕྱིར་ཞེས་ཟེར་རོ། །འོ་ན་དམིགས་པ་ཕྱི་མ་གསུམ་པོ་ཀུན་ནས་ཉོན་མོངས་ཀྱི་ཆོས་སུ་ཇི་ལྟར་འཐད་ཅེ་ན། ལོ་ཆེན་ན་རེ། ཕྱི་མ་གསུམ་པོ་དེ་སྡུག་བསྔལ་གྱི་ཁྱད་པར་གྱི་ཆོས་ཡིན་པས། ཀུན་ནས་ཉོན་མོངས་ཀྱི་ཆོས་སུ་འགྱུར་ཏེ། ཚོར་བའི་ཡུལ་དམིགས་པ་དང་། རྟེན་བདག་དང་། རང་བཞིན་རྣམ་དག་སྐྱེད་བྱེད་ཡིན་པས་ཟག་བཅས་ཀྱི་ཚོར་བ་གང་ཅི་རུང་བ་ཐམས་ཅད་སྡུག་བསྔལ་ལོ་ཞེས་གསུངས་སོ། །ཊཱི་ཀ་ལས། ཀུན་ནས་ཉོན་མོངས་ཀྱི་ཆོས་གཙོ་ཆེ་བའམ། ཡང་ན་རང་བཞིན་རྣམ་དག་སྐྱེད་བྱེད་ནི་དྲི་མ་དང་བཅས་པའི་རིགས་ཡིན་ལ། དེ་གློ་བུར་གྱི་དྲི་མ་དང་བཅས་པས་ཀུན་ནས་ཉོན་མོངས་ཀྱི་རིགས་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ལ་ཁ་ཅིག་ན་རེ། རྫས་སུ་མངོན་པར་ཞེན་པའི་སྒྲུབ་རྟོག་རྫས་འཛིན་ཡིན་ལ། དེ་ལ་དམིགས་ནས་འཛིན་པ་པོར་མངོན་པར་ཞེན་པའི་བློ་རྫས་འཛིན་རྟོག་པ་དང་། བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ་བཏགས་འཛིན་ཡིན་ལ། དེ་ལ་དམིགས་ནས་འཛིན་པ་པོར་མངོན་པར་ཞེན་པའི་བློ་བཏགས་འཛིན་རྟོག་པ་ཡིན་ཟེར་རོ། །རྫས་འཛིན་རྟོག་པའི་ཡུལ་ཡིན་ན་རྫས་སུ་མངོན་པར་ཞེན་པའི་སྒྲུབ་རྟོག་ཡིན་པས་ཁྱབ་པ་དང་། བཏགས་འཛིན་རྟོག་པའི་ཡུལ་ཡིན་ན་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་སྒྲུབ་རྟོག་ཡིན་པས་ཁྱབ་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། བདག་རང་དབང་ཅན་ཆོས་ཅན། དང་པོ་དེར་ཐལ། དེའི་ཕྱིར། མཐོང་ལམ་དང་སྒོམ་ལམ་ཆོས་ཅན། ཕྱི་མ་དེར་ཐལ། དེའི་ཕྱིར། གལ་ཏེ་རྟོག་པ་འཕར་མ་བྱེད་དགོས་ཏེ། གཞན་དུ་ན་རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོག་པ་གཉིས་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་ཐལ། རྫས་འཛིན་དང་རྫས་འཛིན་རྟོག་པ་ལ་ཁྱད་པར་མེད་པ་གང་ཞིག སོ་སོ་སྐྱེ་བོ་འཕགས་དབྱེ་བས་ཞེས་པའི་གཞུང་དེས་རྫས་འཛིན་དང་བཏགས་འཛིན་གཉིས་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བསྟན་པའི་ཕྱིར་ཞེས་ཟེར་ཀྱང་། གཞུང་འདིའི་དོན་དཔྱིས་ཕྱིན་པར་སྐབས་ལྔ་པར་འཆད་དོ། །རང་ལུགས་རྟོག་པ་འཕར་མ་བྱེད་པ་ནི་གཞུང་གི་དགོངས་པ་མིན་ཏེ། རྫས་འཛིན་དང་རྟོག་པའི་གཞི་མཐུན་ཡིན་པས་རྫས་འཛིན་རྟོག་པར་འཇོག་གི རྫས་འཛིན་ཡུལ་དུ་བྱས་ནས་དེ་ལ་རྟོག་པའི་རྟོག་པ་ཡིན་པས་རྫས་འཛིན་རྟོག་པར་མི་འཇོག་པའི་ཕྱིར་དང་། དེས་བཏགས་འཛིན་རྟོག་པ་ལ་ཡང་འགྲེ། གཞན་དུ་ན་རྟོག་པ་འཕར་མ་འཐད་ན། རྟོག་པ་འདི་དག་གི་ཡུལ་ཡིན་ན་རྟོག་པ་ཡིན་དགོས་པར་ཐལ་ལོ། །འདོད་ན། ཤེས་སྒྲིབ་རྟོག་པའི་ཡུལ་ཡིན་ན་རྟོག་པ་ཡིན་དགོས་པས་ཧ་ཅང་ཐལ་ལོ། །བཞི་པ་གྲངས་ངེས་ལ། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་རྟོག་པ་དེ་ལ་ཡུལ་དུ་བདེན་པར་ཞེན་པའི་བློ་དང་། ཡུལ་ཅན་དུ་དེར་ཞེན་པའི་བློ་དང་། ཡུལ་དུ་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ་དང་། ཡུལ་ཅན་དུ་དེར་ཞེན་པའི་བློ་གཉིས་ཏེ་བཞི་ཡོད་པ་ལས། དང་པོ་ལ་དོར་བྱའི་ཕྱོགས་སུ་མངོན་པར་ཞེན་པའི་བློ་དང་བླང་བྱའི་ཕྱོགས་སུ་མངོན་པར་ཞེན་པའི་བློ་གཉིས། གཉིས་པ་ལ་ཡང་དེ་ལྟར་གཉིས། གསུམ་པ་དང་བཞི་པ་ལ་ཡང་དེ་ལྟར་གཉིས་གཉིས་ཏེ་བརྒྱད་དུ་འདུས་སོ། །དང་པོ་ནི། བདེན་འཛིན་གྱི་དབང་དུ་བྱས་པའི་གཟུང་རྟོག་གཉིས་སུ་འདུས། གཉིས་པ་གཉིས་རྫས་འཛིན་རྟོག་པར་འདུས། གསུམ་པ་གཉིས་བདེན་འཛིན་མིན་པའི་གཟུང་རྟོག་གཉིས་སུ་འདུས། བཞི་པ་གཉིས་ནི་བཏགས་འཛིན་རྟོག་པར་འདུས་སོ། །དེས་ན་གཟུང་རྟོག་ལ་བདེན་འཛིན་ཡིན་པ་དང་མིན་པ་གཉིས་སུ་ཡོད་དེ། ཡུལ་དུ་བདེན་པར་མངོན་པར་ཞེན་པའི་བློ་དང་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ་གཉིས་སུ་ཡོད་པའི་ཕྱིར། འཛིན་རྟོག་ལ་ཡང་དོར་བྱའི་ཕྱོགས་སུ་འཛིན་པ་དང་བླང་བྱའི་ཕྱོགས་སུ་འཛིན་པ་གཉིས་སུ་ཡོད་དེ། དོར་བྱ་དང་བླང་བྱ་གཉིས་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན་པའི་བློ་གཉིས་སུ་ཡོད་པའི་ཕྱིར། དེས་ན་གཟུང་རྟོག་གཉིས་བདེན་འཛིན་གྱི་འཛིན་སྟངས་ཡོད་མེད་ཀྱི་སྒོ་ནས་མ་ཕྱེ་བར་དོར་བྱ་དང་བླང་བྱར་འཛིན་པའི་སྒོ་ནས་ཕྱེ་བ་ལ་དགོས་པ་ཡོད་དེ། འཛིན་རྟོག་གཉིས་ལ་ཡང་དོར་བྱ་དང་བླང་བྱར་འཛིན་པ་གཉིས་གཉིས་ཡོད་དོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། འཛིན་རྟོག་གཉིས་དོར་བླང་དུ་འཛིན་པའི་སྒོ་ནས་མ་ཕྱེ་བར་བདེན་འཛིན་ཡོད་མེད་ཀྱི་སྒོ་ནས་ཕྱེ་བ་ལ་དགོས་པ་ཡོད་དེ། གཟུང་རྟོག་གཉིས་པོ་རེ་རེ་ལ་ཡང་བདེན་པར་འཛིན་པའི་འཛིན་སྟངས་ཅན་ཡིན་མིན་གཉིས་གཉིས་སུ་ཡོད་དོ་ཞེས་ཤེས་པའི་ཆེད་ཡོད་པའི་ཕྱིར། ལྔ་པ་ལྡན་ཚུལ་ལ། སོ་སྐྱེ་ལ་ལྡན་ཚུལ་དང་། ཐེག་ཆེན་འཕགས་པ་ལ་ལྡན་ཚུལ་དང་། ཐེག་དམན་འཕགས་པ་ལ་ལྡན་ཚུལ་གསུམ་ལས། དང་པོ་ནི། སོ་སྐྱེ་ལ་མངོན་གྱུར་དུ་ལྡན་ཏེ་ས་བོན་རྒྱུད་ལ་ཡོད་པས་རྐྱེན་དང་ཕྲད་པའི་ཚེ་མངོན་གྱུར་དུ་འབྱུང་སྲིད་པའི་ཕྱིར། བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་གི་གནས་སྐབས་ན་མངོན་གྱུར་དུ་མེད་དེ་འགལ་ཟླ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་སྐྱེས་པའི་ཕྱིར། ཁ་ཅིག དེའི་གནས་སྐབས་ན་འདིར་བསྟན་རྟོག་པའི་ས་བོན་ཡང་མེད་པར་ཐལ། དེ་གཉིས་འཛིན་སྟངས་དངོས་སུ་འགལ་བའི་ཕྱིར་ཞེས་ཟེར་ན། མ་གྲུབ་སྟེ། ས་བོན་དེས་དམིགས་རྣམ་མི་འཛིན་པའི་ཕྱིར། གཞན་ཡང་། རྟོག་དཔྱོད་རྗེས་ཐོབ་ཀྱི་སྐབས་ན་འདིར་བསྟན་རྟོག་པ་མེད་པར་ཐལ། དེའི་མཉམ་གཞག་གི་སྐབས་ན་ས་བོན་མེད་པའི་ཕྱིར། རྟགས་ཁས། ཡང་འདིར་བསྟན་རྟོག་པ་མངོན་གྱུར་པའི་གཉེན་པོ་དང་། དེའི་ས་བོན་གྱི་གཉེན་པོ་ལ་ཁྱད་པར་མེད་པར་ཐལ། དེའི་མཉམ་གཞག་གི་སྐབས་ན་དེའི་ས་བོན་མེད་པའི་ཕྱིར། མདོར་ན་བདག་མེད་མ་རྟོགས་པའི་སོ་སྐྱེ་རྣམས་ལ་རྫས་འཛིན་རྟོག་པ་དང་། གང་ཟག་གི་བདག་མེད་རྟོགས་པའི་སོ་སོ་སྐྱེ་བོ་རྣམས་ལ་གང་ཟག་གི་དབང་དུ་བྱས་པའི་མོས་པ་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ལྡན་ནོ། །ཆོས་ཀྱི་བདག་མེད་རྟོགས་པའི་སོ་སྐྱེ་རྣམས་ལ་ཆོས་ཀྱི་དབང་དུ་བྱས་པའི་མོས་པ་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ལྡན་ཞིང་། གཟུང་རྟོག་གཉིས་པོ་ཐུན་མོང་དུ་ལྡན་ནོ། །གཉིས་པ་ནི། མཐོང་སྤང་རྟོག་པ་བཞི་པོ་ནི་དེའི་རྒྱུད་ལ་མངོན་གྱུར་དུ་མི་ལྡན་ཏེ། ཐེག་ཆེན་གྱི་མཐོང་ལམ་རྒྱུད་ལ་སྐྱེས་པའི་ཕྱིར། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་སྐབས་ན་དེའི་ས་བོན་ལྡན་ཏེ། བར་ཆད་མེད་ལམ་དང་དེའི་ངོས་སྐལ་གྱི་ས་བོན་གཉིས། གང་ཟག་གཅིག་གི་རྒྱུད་ལ་ཅིག་ཅར་དུ་འབྱུང་བའི་ཕྱིར། སྒོམ་སྤང་རྟོག་པ་ལ་རྫས་འཛིན་རྟོག་པ་ཡོད་ན་དེ་ཐེག་ཆེན་འཕགས་པ་ལ་མི་ལྡན་ཅིང་། འདིའི་འཛིན་རྟོག་བཏགས་འཛིན་རྟོག་པའི་དབྱེ་བར་བཞེད་པ་ལྟར་ན་བཞི་ཀ་ཡང་ལྡན་ནོ། །དེ་ཡང་མ་དག་ས་བདུན་གྱི་སྐབས་སུ་མངོན་གྱུར་དུ་འབྱུང་ཞིང་། དེའི་ཚེ་ལམ་གྱི་དངོས་པོའི་རྒྱུན་དང་མི་ལྡན་པ་ལ་ཡིན་ལ། དག་ས་ལ་ནི་སྒོམ་སྤང་རྟོག་པ་བཞི་པོ་གང་ཡང་མངོན་གྱུར་དུ་མེད་དེ། ལམ་གྱི་དངོས་པོའི་རྒྱུན་དང་ལྡན་པའི་ཕྱིར་ཏེ། རྟོག་པ་འདི་དག་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཁོ་ན་ཡིན་པའི་ཕྱིར། ཟག་བཅས་སྒོམ་ལམ་གྱི་སྐབས་སུ་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་སྒྲིབ་ཀྱི་རྣམ་རྟོག་ཅེས་བཤད་པ་ནི་འདིར་བསྟན་རྟོག་པ་མིན་ཏེ། གཟུང་འཛིན་གཉིས་སུ་སྣང་བ་ཙམ་ཡིན་གྱི་མངོན་ཞེན་མེད་པའི་ཕྱིར། གནད་འདི་ནི་སྐབས་གཉིས་པར་རྒྱས་པར་འབྱུང་ངོ་། །གསུམ་པ་ཐེག་དམན་འཕགས་པ་ལ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་ཀ་ཡང་མངོན་གྱུར་དུ་ལྡན་ཏེ། དོར་བྱའི་གཟུང་བ་ལ་དམིགས་ནས་གཟུང་བར་མངོན་པར་ཞེན་པའི་བློ་དང་། བླང་བྱའི་གཟུང་བ་ལ་དམིགས་ནས་མངོན་པར་ཞེན་པའི་བློ་གཉིས་ལྡན་པའི་ཕྱིར་དང་། གང་ཟག་གི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་དང་། ཆོས་ཀྱི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་གཉིས་ཀ་ལྡན་པའི་ཕྱིར། གང་ཟག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་མི་ལྡན་ཏེ། གང་ཟག་བདག་མེད་དུ་མངོན་སུམ་རྟོགས་པའི་ཕྱིར། ཆོས་ཀྱི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་མི་ལྡན་ཏེ། ཆོས་ཀྱི་བདག་མེད་མ་རྟོགས་པའི་ཕྱིར། དེ་དག་ཀྱང་རྗེས་ཐོབ་ཀྱི་དབང་དུ་བྱས་པ་ཡིན་གྱི་བདག་མེད་མངོན་སུམ་རྟོགས་པའི་མཉམ་གཞག་གི་སྐབས་ན་རྟོག་པ་གང་ཡང་མི་ལྡན་ཏེ། དེ་ན་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མེད་པའི་ཕྱིར། མདོར་ན་གཟུང་རྟོག་གཉིས་ལ་བདེན་འཛིན་གྱི་དབང་དུ་བྱས་པའི་གཟུང་རྟོག་གཉིས་དང་། དེ་མ་ཡིན་པའི་དབང་དུ་བྱས་པའི་གཟུང་རྟོག་གཉིས་ཏེ་བཞི། རྫས་འཛིན་རྟོག་པ་ལ་གང་ཟག་དང་ཆོས་ཀྱི་དབང་དུ་བྱས་པའི་གཉིས། བཏགས་འཛིན་རྟོག་པ་ལ་གང་ཟག་དང་ཆོས་ཀྱི་དབང་དུ་བྱས་པ་གཉིས། དེ་རེ་རེ་ལ་ཡང་མོས་པ་ཡིད་བྱེད་དང་དེ་ཁོ་ན་ཉིད་ཡིད་བྱེད་གཉིས་གཉིས་ལས་བཅུ་སྟེ། སོ་སོ་སྐྱེ་བོ་ལ་གང་ཟག་དང་ཆོས་ཀྱི་དབང་དུ་བྱས་པའི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་མ་གཏོགས་གཞན་བརྒྱད་ལྡན་ནོ། །ཐེག་ཆེན་འཕགས་པ་ལ་བདེན་འཛིན་མ་ཡིན་པའི་དབང་དུ་བྱས་པའི་གཟུང་རྟོག་གཉིས་དང་། ཆོས་དང་གང་ཟག་གི་དབང་དུ་བྱས་པའི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་གཉིས་ཏེ་བཞི་ལྡན་གྱི་གཞན་དྲུག་མི་ལྡན་ནོ། །ཐེག་དམན་འཕགས་པ་ལ་བདེན་འཛིན་གྱིས་དབང་དུ་བྱས་པའི་གཟུང་རྟོག་གཉིས་དང་། ཆོས་ཀྱི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་དང་། གང་ཟག་གི་དབང་དུ་བྱས་པའི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་དང་བཞི་ལྡན། གཞན་དྲུག་མི་ལྡན་ནོ། །འདི་དག་ནི་ཊཱི་ཀའི་དགོངས་པ་གཞིར་བཞག་ནས་རང་གི་བློ་གྲོས་ཀྱི་ནུས་པས་རྩལ་ཐོན་པ་མང་དུ་ཡོད་པ་རྣམས་མ་སྦས་པར་བྲིས་པ་ཡིན་པས་སྐལ་ལྡན་གཅིག་དང་ཕྲད་པར་གྱུར་ཅིག་ཅེས་སོ། །རྟོག་པ་ཡི་ནི་ཆོས་དྲུག་དང་། །ཞེས་པའི་སྐབས་སུ་རིགས་ལ་བྱེ་བྲག་སྨྲ་བའི་ལུགས། མདོ་སྡེ་པའི་ལུགས། སེམས་ཙམ་པའི་ལུགས། དབུ་མ་པའི་ལུགས་དང་བཞིའོ། །དང་པོ་ནི། རིགས་ནི་སེམས་བྱུང་མ་ཆགས་པའི་རང་བཞིན་འདོད་པ་ཆུང་ཞིང་ཆོག་ཤེས་པ་ལ་འདོད་དེ། མཛོད་ལས། མ་ཆགས་འཕགས་རིགས་ཞེས་སོ། །དེ་ཡང་བསོད་སྙོམས། ཆོས་གོས། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་གསུམ་དང་། སྤོང་བ་དང་སྒྲུབ་པ་ལ་མངོན་པར་དགའ་བ་བཞི་ཡོད་ཅིང་། དང་པོ་གསུམ་གྱིས་ཚུལ་བསྟན། ཐ་མས་ལས་བསྟན་ཏེ། ཚུལ་འདི་ལ་བརྟེན་ནས་ལས་འདི་བྱས་ན་འཕགས་པའི་ཆོས་འཐོབ་པར་འགྱུར་བས་འཕགས་པའི་རིགས་ཞེས་བྱ་སྟེ། དེ་ཉིད་ལས། གསུམ་གྱིས་ཚུལ་བསྟན་ཐ་མས་ལས། །ཞེས་གསུངས་པའི་ཕྱིར། འོ་ན་འཕགས་པའི་རིགས་དེ་ལ་གསུམ་དུ་གྲངས་ངེས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེར་ངེས་ཏེ། སྲེད་པ་དེ་ལ་ལོངས་སྤྱོད་ལ་སྲེད་པ་དང་། ལུས་ལ་སྲེད་པ་གཉིས་ལས། དང་པོ་ཞི་བའི་ཕྱིར་རིགས་དང་པོ་གསུམ་དང་། ཕྱི་མ་ཞི་བའི་ཕྱིར་དུ་བཞི་པ་ལ་འཇོག་སྟེ། མཛོད་ལས། སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར། །ཞེས་གསུངས། བྱེད་ལས་ནི་དང་པོ་གསུམ་གྱིས་བདག་གིར་འཛིན་པ་དེའི་དུས་ཞི་བར་བྱེད། ཕྱི་མས་ནི་བདག་གིར་འཛིན་པ་དང་། བདག་ཏུ་འཛིན་པ་གཉིས་ཀ་གཏན་དུ་ཞི་བར་བྱེད་དེ། མཛོད་ལས། བདག་གིར་བདག་འཛིན་དངོས་འདོད་པ། །དེ་ཡི་དུས་དང་གཏན་ཞིའི་ཕྱིར། །ཞེས་གསུངས། ཁ་ཅིག གཞུང་འདིས་འཕགས་པའི་རིགས་ཙམ་ཞིག་བསྟན་གྱི། རང་བཞིན་གནས་རིགས་མ་བསྟན་ཏེ། རྩ་འགྲེལ་གཉིས་ཆར་ལས། འཕགས་པའི་རིགས་ཞེས་འབྱུང་གི རང་བཞིན་གནས་རིགས་ཞེས་མི་འབྱུང་བའི་ཕྱིར་ཞེས་ཟེར། འོ་ན་བྱེ་བྲག་སྨྲ་བའི་ལུགས་ཀྱིས་རང་བཞིན་གནས་རིགས་སྟོན་བྱེད་ཀྱི་གཞུང་མེད་པར་ཐལ། དེས་དེ་མ་བསྟན་པ་གང་ཞིག དེ་ལས་གཞན་མེད་པའི་ཕྱིར། འདོད་ན། དེའི་ལུགས་ཀྱིས་སངས་རྒྱས་ཀྱི་རིགས་སྟོན་བྱེད་ཀྱི་གཞུང་མེད་པར་ཐལ་ལོ། །གཉིས་པ་ནི། ཟག་མེད་ཀྱི་ས་བོན་རྐྱེན་དང་ཕྲད་ན་འབྲས་བུ་འབྱུང་རུང་གི་ནུས་པ་ལ་འདོད་དེ། རྒྱལ་པོ་སྲས་ལས་མདོ་སྡེ་པ་དག་གིས་རིགས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་ནུས་པ་ཡིན་ཏེ། སོ་སོ་སྐྱེ་བོ་དང་སློབ་པའི་གནས་སྐབས་ནའང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བརྗོད་དོ་ཞེས་གསུངས་པའི་ཕྱིར། གསུམ་པ་ལ། ཕྱོགས་གླང་གི་ལུགས་དང་། ཐོགས་མེད་སྐུ་མཆེད་ཀྱི་ལུགས། དེ་ཉིད་རྒྱན་ལས་གཏན་ལ་ཕབ་པའི་ཚུལ་དང་གསུམ་ལས། དང་པོ་ནི། རང་བཞིན་གནས་རིགས་ནི་ཐབས་ཤེས་མཚུངས་པར་ལྡན་པའི་རྣམ་པར་ཤེས་པའི་རང་བཞིན་ལ་འདོད་དེ། བརྒྱད་སྟོང་དོན་བསྡུས་ལས། འདི་ལྟར་རྣམ་ཤེས་རང་བཞིན་རིགས། །བརྩེ་དང་ཤེས་རབ་བདག་ཉིད་དོ། །ཞེས་གསུངས་པའི་ཕྱིར། གལ་ཏེ། འདིས་རྒྱས་འགྱུར་གྱི་རིགས་བསྟན་གྱི། རང་བཞིན་གནས་རིགས་ནི་སེམས་ཀྱི་རང་བཞིན་འོད་གསལ་ལ་འདོད་དོ་ཟེར་བ་ནི་མི་འཐད་དེ། སེམས་ཙམ་པའི་ལུགས་ལ་སེམས་ཅན་ཐམས་ཅད་ལ་རང་བཞིན་གནས་རིགས་ཀྱིས་མ་ཁྱབ་ལ། སེམས་རིག་ཅིང་གསལ་ཙམ་གྱིས་ཁྱབ་པའི་ཕྱིར། ཁ་ཅིག དེའི་ལུགས་ཀྱིས་རང་བཞིན་གནས་རིགས་འདུས་མ་བྱས་སུ་འདོད་དོ་ཞེས་ཟེར་བ་མི་འཐད་དེ། དེའི་ལུགས་ལ་རང་བཞིན་གནས་རིགས་དེ་རྐྱེན་གྱིས་སྒྱུར་དུ་རུང་བར་འདོད་དེ། ཆོས་དབྱིངས་འདུས་མ་བྱས་རྐྱེན་གྱིས་སྒྱུར་དུ་མི་རུང་བའི་ཕྱིར། གཉིས་པ་ལ། ངོ་བོ། མིང་གི་རྣམ་གྲངས། དབྱེ་བ་གསུམ་ལས། དང་པོ་ནི། བྱང་ས་ལས། དེ་ལ་རིགས་གང་ཞེ་ན། མདོར་བསྡུས་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་གནས་པ་དང་། ཡང་དག་པར་སྒྲུབ་པའོ། །དེ་ལ་རང་བཞིན་དུ་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ཏེ། དེ་ལ་ཡང་དག་པར་སྒྲུབ་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། ཞེས་ཐོག་མ་མེད་པ་ནས་སེམས་དང་ལྷན་ཅིག་འོངས་པ་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་ཐོབ་པ་སྐྱེ་མཆེད་དྲུག་ལ་གདགས་པའི་གང་ཟག་རྣམས་ཐེག་པ་གསུམ་གྱི་རིགས་ཅན་གསུམ་དུ་སོ་སོར་འབྱེད་པའི་ཟག་མེད་ཀྱི་ས་བོན་རྐྱེན་དང་ཕྲད་ན་ཡེ་ཤེས་སྐྱེ་རུང་གི་ནུས་པ་ལ་བྱེད་དོ། །གཉིས་པ་ནི། སྐྱེ་མཆེད་དྲུག་གི་ཁྱད་པར། ཟག་མེད་ཀྱི་ས་བོན། སྒྲིབ་པ་སྤང་རུང་། ཐོས་པའི་བག་ཆགས་རྣམས་མིང་གི་རྣམ་གྲངས་ཡིན་ཏེ། དེ་ལ་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐྱེ་མཆེད་དྲུག་ལ་གདགས་པའི་གང་ཟག་རྣམས་རང་བཞིན་སོ་སོར་འབྱེད་པར་བྱེད་པའི་ཕྱིར། ཟག་མེད་ཀྱི་ས་བོན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཟག་མེད་ཀྱི་ཡེ་ཤེས་སྐྱེ་རུང་ཡིན་པའི་ཕྱིར། སྒྲིབ་པ་སྤང་རུང་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྐྱེན་དང་འཕྲད་ན་དྲི་མ་དང་འབྲལ་དུ་རུང་བའི་ཕྱིར། ཐོས་པའི་བག་ཆགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གསུང་རབ་ཐོས་པའི་རྐྱེན་གྱིས་གོམས་པར་བྱ་བ་ཡིན་པའི་ཕྱིར། རྐྱེན་ཐོས་པས་གཞག་པས་ཐོས་པའི་བག་ཆགས་ཞེས་བརྗོད་པ་ནི་མིན་ཏེ། ཆོས་ཉིད་ཀྱིས་ཐོབ་པ་ཡིན་གྱི། ཐོས་པའི་རྐྱེན་གྱིས་མ་གཞག་པའི་ཕྱིར། གསུམ་པ་ལ། རིགས་ངེས་པ་དང་། མ་ངེས་པ་གཉིས་ལས། དང་པོ་ལ་ཉན་ཐོས། རང་རྒྱལ། ཐེག་ཆེན་དུ་རིགས་ངེས་པ་དང་གསུམ། དེ་དག་ཀྱང་རྐྱེན་དབང་གིས་བྱང་ཆུབ་གཞན་དུ་སྒྱུར་མི་ནུས་པ་སྟེ། དཔེར་ན་རིའི་ཕྱོགས་འགའ་ཞིག་ནས་ཟངས་འབའ་ཞིག་འབྱུང་། འགའ་ཞིག་ནས་དངུལ་འབའ་ཞིག་འབྱུང་། འགའ་ཞིག་ནས་གསེར་འབའ་ཞིག་འབྱུང་བ་ལྟ་བུའོ། །རིགས་མ་ངེས་པ་ནི་རྐྱེན་དབང་གིས་བྱང་ཆུབ་གསུམ་པོ་གང་རུང་དུ་སྒྱུར་ནུས་པ་སྟེ། དཔེར་ན་རིའི་ཕྱོགས་འགའ་ཞིག་ནས་ལ་ལ་ཟངས་ལ་ལ་དངུལ། ལ་ལ་གསེར་འབྱུང་བ་ལྟ་བུའོ། །རིགས་ཆད་པ་ནི་རིགས་མེད་པ་ཡིན་པས་རིགས་ཀྱི་དབྱེ་བར་མ་བཀོད་དོ། །དེས་ན་སེམས་ཅན་གྱི་རིགས་ལ་རིགས་ཡོད་པ་དང་མེད་པ་གཉིས། དང་པོ་ལའང་ངེས་པ་དང་མ་ངེས་པ་གཉིས་ལས། ངེས་པ་ལ་གསུམ་དུ་དབྱེ་བས་ལྔར་འགྱུར་རོ། །འོ་ན་རིགས་ཆད་པའི་སེམས་ཅན་ཡོད་པར་གང་གིས་འགྲུབ་ཅེ་ན། དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་པའི་འགྲེལ་པར། གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནི་རྒྱུ་དང་བྲལ་བའོ། །གང་ཡང་ཡོངས་སུ་མྱ་ངན་ལས་འདའ་བའི་རིགས་ཉིད་མེད་པའོ་ཞེས་པས་འགྲུབ་བོ། །དེ་རྒྱས་འགྱུར་གྱི་རིགས་ཆད་པ་ལ་དགོངས་སོ་སྙམ་ན། མིན་ཏེ། ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད་ཅེས་པ་དང་ཟློས་པའི་ཕྱིར་རོ། །གསུམ་པ་ནི། ཡོད་དང་མཆོག་དང་མཚན་ཉིད་དང་། །རྟག་དང་རིགས་རབ་དབྱེ་བ་དང་། །ཉེས་དམིགས་དང་ནི་ཕན་ཡོན་དང་། །དཔེ་རྣམ་གཉིས་ཏེ་རྣམ་པ་བཅུ། །ཞེས་གསུངས་པ་ལྟར། ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད་པར་བསྟན་པ། ཐེག་པ་ཆེན་པོའི་རིགས་མཆོག་ཏུ་སྒྲུབ་པ། རིགས་ཀྱི་མཚན་ཉིད། རིགས་སད་པའི་རྟགས། རིགས་ཀྱི་རབ་དབྱེ། རིགས་ཁྱད་པར་དུ་འགྱུར་བ་ལ་བར་དུ་གཅོད་པའི་ཉེས་དམིགས། རིགས་སད་པའི་ཕན་ཡོན། ཐུན་མོང་གི་ཡོན་ཏན་སྐྱེད་པར་གསེར་གྱི་དཔེས་བསྟན་པ། ཐུན་མོང་མིན་པའི་ཡོན་ཏན་སྐྱེད་པ་རིན་པོ་ཆེའི་དཔེས་བསྟན་པ་དང་དགུ་ལས། དེ་རེ་རེའང་དོན་ཚན་བཞི་བཞིའི་སྒོ་ནས་གཏན་ལ་དབབ་པའོ། །དེ་ལ་དང་པོ་ནི། སེམས་ཅན་རྣམས་ལ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་སོ་སོར་ཡོད་དེ། སེམས་ཅན་རྣམས་ཁམས་སྣ་ཚོགས་པ་ཅན་དུ་གསུངས་པའི་ཕྱིར་དང་། དང་པོར་ཐེག་པ་གསུམ་གྱི་མོས་པ་ཐ་དད། བར་དུ་སྒྲུབ་པ་ཐ་དད། ཐ་མར་འབྲས་བུ་ཐ་དད་དུ་དམིགས་པའི་ཕྱིར། གཉིས་པ་ནི། དེ་རྣམས་ཀྱི་ནང་ནས་ཐེག་པ་ཆེན་པོའི་རིགས་མཆོག་ཡིན་ཏེ། སྒྲིབ་གཉིས་སྤོང་བའི་དགེ་བའི་རྒྱུ་བྱེད་པ་དང་། སྟོབས་སོགས་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་བྱེད་པའི་ཕྱིར་དང་། རང་བཞིན་གྱི་དོན་ཆེན་པོའི་རྒྱུ་བྱེད་པ་དང་། ལྷག་མེད་ཀྱི་སྐབས་སུའང་དགེ་བའི་རྩ་བ་མི་ཟད་པའི་རྒྱུ་བྱེད་པའི་ཕྱིར། གསུམ་པ་ནི། རང་བཞིན་དང་ནི་རྒྱས་པ་དང་། །ཞེས་པས་མཚོན་བྱ་བསྟན། དེ་ནི་རྟེན་དང་བརྟེན་པ་དང་། །ཡོད་མེད་ཉིད། །ཅེས་པས་མཚན་ཉིད་བསྟན། ཡོན་ཏན་ནི། སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་པའི་སྒྲ་དོན་བསྟན་ནོ། །རང་བཞིན་གནས་རིགས་ཀྱི་མཚན་ཉིད། རང་ལ་བརྟེན་པའི་ཡོན་ཏན་གྱི་རྟེན་བྱེད་ཅིང་། རྒྱུའི་ངོ་བོར་ཡོད། འབྲས་བུའི་ངོ་བོར་མེད་པའི་རིགས། རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། རང་བཞིན་གནས་རིགས་ལ་བརྟེན་ནས་རྒྱུ་འབྲས་གཉིས་ཀའི་ངོ་བོར་ཡོད་པའི་རིགས། སྒྲ་དོན་ནི། རིགས་ཀྱི་སྐད་དོད་དུ་གུ་ཏྲ་ཞེས་འབྱུང་ལ། གུ་ལ་ཎ་སྦྱར་བས་གུ་ཎ་སྟེ་ཡོན་ཏན་དང་། །ཏ་དང་ར་ཕྲལ་བས་ཏ་ར་སྟེ་སྒྲོལ་བ་ལ་འཇུག་གོ །དེའང་ཡོན་ཏན་ལ་བརྟེན་ནས་སྲིད་པ་ལས་སྒྲོལ་བས་ན་ཡོན་ཏན་སྒྲོལ་ཞེས་བྱའོ། །བཞི་པ་ནི། ཐེག་ཆེན་གྱི་ལམ་ལ་སྦྱོར་བའི་སྔ་རོལ་དུ་ཡང་བསམ་པའི་ཡོན་ཏན་རང་བཞིན་གྱིས་སྙིང་རྗེ་ཆེ་བ། ཐེག་ཆེན་གྱི་ཆོས་ལ་མོས་པ། སྦྱོར་བའི་ཡོན་ཏན་གཞན་དོན་གྱི་དཀའ་སྤྱད་ལ་བསྲན་བཟོད་པ། སྦྱིན་སོགས་ཀྱི་དགེ་བ་ལ་ཡང་དག་པར་སྤྱོད་པའོ། །ལྔ་པ་ལ། རིགས་ངེས་པ་དང་མ་ངེས་པ་གཉིས། རྐྱེན་གྱིས་འཕྲོག་ནུས་པ་དང་མི་ནུས་པ་གཉིས་ཏེ། ཕྱི་མ་གཉིས་སྔ་མ་གཉིས་ཀྱི་དོན་ནོ། །དྲུག་པ་ནི། ཉོན་མོངས་པ་རྒྱུན་དུ་གོམས་པ་དང་། གྲོགས་ངན་པ་དང་འགྲོགས་པ་དང་། ལོངས་སྤྱོད་ཀྱིས་ཕོངས་པ་དང་། གཞན་གྱི་དབང་དུ་སོང་བའོ། །བདུན་པ་ནི། མི་དགེ་བ་ཅུང་ཟད་བྱས་པའི་སྟོབས་ཀྱི་ངན་སོང་དུ་འགྲོ་ནའང་རིང་མོ་ཞིག་ནས་འགྲོ་བ་དང་། དེ་ལས་མྱུར་དུ་ཐར་པ་དང་། དེར་སྡུག་བསྔལ་ཆུང་ངུ་མྱོང་བ་དང་། སྐྱོ་བ་དང་བཅས་པའི་སྒོ་ནས་སེམས་ཅན་སྨིན་པར་བྱེད་པའོ། །བརྒྱད་པ་ནི། ཐེག་ཆེན་གྱི་རིགས་དེ་གསེར་གྱི་འབྱུང་ཁུངས་དང་ཆོས་མཚུངས་ཏེ། དེ་ལས་གསེར་མང་པོ་དང་། འོད་གསལ་བ་དང་། གཡའ་ལ་སོགས་པའི་དྲི་མ་མེད་པ་དང་། ལས་སུ་རུང་བ་འབྱུང་བ་བཞིན་དུ། སྦྱིན་སོགས་ཀྱི་དགེ་བ་དཔག་དུ་མེད་པ་དང་། ཡེ་ཤེས་ཀྱི་རྟོག་པ་དང་། དྲི་མ་མེད་པའི་སྤངས་པ་དང་། མངོན་ཤེས་ལ་སོགས་པ་མཐུ་དཔག་ཏུ་མེད་པ་འབྱུང་བའི་གནས་ཡིན་པའི་ཕྱིར་རོ། །དགུ་པ་ནི། དེ་རིན་པོ་ཆེའི་འབྱུང་ཁུངས་དང་ཆོས་མཚུངས་ཏེ། དེ་ལས་རིན་པོ་ཆེའི་རིགས་དང་ལྡན་པ། ཁ་དོག་ཕུན་སུམ་ཚོགས་པ། དབྱིབས་ཕུན་སུམ་ཚོགས་པ། མཐུ་ཕུན་སུམ་ཚོགས་པ་འབྱུང་བ་བཞིན་དུ། བྱང་ཆུབ་ཆེན་པོ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཆེན་པོ་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་ཆེན་པོ་དང་། སེམས་ཅན་གྱི་དོན་མང་པོ་འབྱུང་བའི་གནས་ཡིན་པའི་ཕྱིར་རོ། །བཞི་པ་དབུ་མ་པའི་ལུགས་ལ། མཚན་གཞི། མཚན་ཉིད། དབྱེ་བ། རིགས་སུ་འགྱུར་ཚུལ་དང་བཞིའོ། །དང་པོ་ལ། ཁ་རག་པ་བྱང་ཆུབ་གཞོན་ནུ་ན་རེ། དྲི་མ་དང་བཅས་པའི་སེམས་རིག་ཅིང་གསལ་ཙམ་ཁོ་ན་རང་བཞིན་གནས་རིགས་ཡིན་གྱི། དེའི་ཆོས་ཉིད་ནི་དེ་མིན་ཏེ། གཞན་དུ་ན་ཆོས་ཉིད་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པས། བུམ་སྣམ་སོགས་ཀྱི་ཆོས་ཉིད་ཀྱང་རང་བཞིན་གནས་རིགས་སུ་ཐལ་ལོ་ཞེས་གསུངས་སོ། །དེའི་སློབ་མ་བློ་གྲོས་མཚུངས་མེད་ན་རེ། དྲི་བཅས་ཀྱི་སེམས་དེ་རང་བཞིན་གནས་རིགས་ཡིན་ཏེ། ཀླུ་སྒྲུབ་ཀྱིས། དགེ་ལེགས་སེམས་ལས་སངས་རྒྱས་འབྱུང་། །རང་སེམས་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། བྲམ་ཟེ་ཆེན་པོ་ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེའི་ཆོས་ཉིད་ཀྱང་རང་བཞིན་གནས་རིགས་ཡིན་ཏེ། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པར་བྱས་པ་ལས། །དག་པ་དེ་ཉིད་མྱང་ངན་འདས། །ཞེས་གསུངས་པའི་ཕྱིར། ཊཱི་ཀའི་བཞེད་པའང་འདི་དང་མཐུན་ཏེ། རིགས་པ་ནི། དྲི་བཅས་ཀྱི་སེམས་དེ་རང་བཞིན་གནས་རིགས་མིན་ན། དེའི་ཆོས་ཉིད་ཀྱང་རང་བཞིན་གནས་རིགས་མིན་པར་མཚུངས་ཏེ། དེ་གཉིས་དྲི་མེད་དུ་གནས་གྱུར་པ་ན། རང་དོན་ཆོས་སྐུར་འགྱུར་རུང་དུ་མཚུངས་པའི་ཕྱིར། ལུང་ནི། རྒྱུད་བླར། རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །ཞེས་དང་། དེའི་རྒྱས་བཤད་དུ། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་གསུངས་པའི་ཕྱིར་ཞེས་བཞེད་དོ། །ཡང་ཁ་ཅིག དྲི་བཅས་སེམས་ཀྱི་ཆོས་ཉིད་ཁོ་ན་དེ་ཡིན་ཏེ། མདོ་ལས། རབ་འབྱོར་ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་དང་། རྩ་བར། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །ཞེས་དང་། འགྲེལ་པར། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ལ་རིགས་ཞེས་བསྟན་ཏོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་ཟེར་རོ། །གཞོན་ནུ་བློ་གྲོས་ན་རེ། རྒྱུའི་དུས་སུ་རང་བཞིན་གནས་རིགས་རིགས་བཏགས་པ་བ་དང་། འབྲས་བུའི་དུས་སུ་ངོ་བོ་ཉིད་སྐུ་སྐུ་བཏགས་པ་བ་ཡིན་ཟེར། དེ་ལྟར་ལུགས་ལྔ་ལས། དང་པོ་ནི། རང་བཞིན་གནས་རིགས་སྟོན་པའི་གཞུང་ཕལ་ཆེར་ཆོས་དབྱིངས་ལ་བཤད་པས་དགག་སླ། གཉིས་པ་དང་གསུམ་པ་ནི་རང་ལུགས་ལའང་ཡིན་ལ། བཞི་པ་ནི་དེའི་སྟོབས་ཀྱིས་ཁེགས། ལྔ་པ་ཤིན་ཏུ་ཐ་ཆད་པར་གོ་སླ་བས། འདིར་འདི་འགོག་པའི་རྩོལ་བ་མ་བྱས་སོ། །དེ་ལ་ཁ་ཅིག་ན་རེ། དྲི་བཅས་ཀྱི་སེམས་རང་བཞིན་གནས་རིགས་མིན་ཏེ། དེ་ཡིན་པ་ལ་སེམས་ཙམ་པའི་རིགས་ཀྱི་འདོད་ཚུལ་ལ་འཕགས་གྲོལ་གྱི་སྐྱོན་བརྗོད་པ་རྣམས་མཚུངས་པའི་ཕྱིར། ཇི་ལྟར་མཚུངས་ཞེ་ན། ཉི་ཁྲི་སྣང་བ་ལས། གཞན་དག་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་ཏེ། དེའང་རྣམ་པ་གཉིས་ཏེ། རྐྱེན་གྱིས་ཡང་དག་པར་བླངས་པ་དང་། རང་བཞིན་དུ་གནས་པའོ་ཞེས་ཟེར་རོ། །དེ་དག་གིས་ནི་རང་བཞིན་དུ་གནས་པའི་རིགས་ལ་རང་བཞིན་དུ་བརྗོད་པའི་དོན་བརྗོད་དགོས་སོ། །རྒྱུའི་རྣམ་གྲངས་གཞན་ཡིན་ནོ་ཞེ་ན། རྐྱེན་གྱི་ཡང་དག་པར་བླངས་པ་ཡང་དེ་ཡིན་པས་དེ་ན་དོན་གྱི་ཁྱད་པར་ཅི་ཞིག་ཡོད། ཆོས་ཉིད་རྣམ་གྲངས་ཡིན་པ་ལ་ནི་ཉེས་པ་འདི་མེད་དོ། །ཡང་ན་དེ་དག་གི་རིགས་ནི་བཏགས་པ་བ་ཡིན་ལ། འདི་ནི་མཚན་ཉིད་པ་ཡིན་པས་དེས་ན་འདི་དང་དེ་འགྲིགས་པ་མིན་ནོ་ཞེས་གསུངས་ལ། དེའི་དོན། སྐྱེ་མཆེད་དྲུག་གི་ཁྱད་པར་ཟག་མེད་ཀྱི་ས་བོན་ཆོས་ཅན། རང་བཞིན་གནས་རིགས་མིན་པར་ཐལ། རང་བཞིན་དུ་གནས་པའི་དོན་མ་ཚང་བའི་ཕྱིར་ཏེ། རྒྱུ་རྐྱེན་གྱིས་གསར་དུ་བཅོས་མ་ཡིན་པའི་ཕྱིར་ཏེ། འདུས་བྱས་ཡིན་པའི་ཕྱིར་ཞེས་སྐྱོན་བརྗོད་པ་བཞིན་ནོ། །དྲི་བཅས་ཀྱི་སེམས་རིག་གསལ་ཆོས་ཅན། རང་བཞིན་གནས་རིགས་མིན་པར་ཐལ། ཞེས་སོགས་འདི་ལའང་མཚུངས་སོ་ཞེས་ཟེར་རོ། །འོ་ན། ཚ་བ་མེའི་རང་བཞིན་མ་ཡིན་པར་ཐལ། ཚ་བ་ལ་རང་བཞིན་གྱི་དོན་མ་ཚང་བའི་ཕྱིར་ཏེ། རྟགས་སྔ་མ་བཞིན་བསྒྲེའོ། །འོ་ན་ལུང་དེའི་དོན་གང་ཞེ་ན། སེམས་ཙམ་པ་ཆོས་དབྱིངས་རང་བཞིན་གནས་རིགས་སུ་མི་འདོད་པར་སྐྱེ་མཆེད་དྲུག་གི་ཁྱད་པར་ཁོ་ན་དེར་འདོད་པ་ལ་སྐྱོན་བརྗོད་པ་ཡིན་ལ། བརྗོད་ཚུལ་ནི། དེ་ལ་རང་བཞིན་དུ་གནས་པའི་དོན་མ་ཚང་བར་ཐལ། དེ་ལ་ཆོས་ཉིད་མེད་པའི་ཕྱིར་བྱས་པ་ལ་སྐྱོན་མེད་དེ། ཟག་མེད་ཀྱི་ཡེ་ཤེས་ཀྱི་རྒྱུ་དང་རང་བཞིན་དོན་གཅིག་པས་དེ་རྒྱུ་བྱེད་པའི་ཕྱིར་ཞེ་ན། སྐྱེ་མཆེད་དྲུག་གི་ཁྱད་པར་ལ་གཉིས་ཡོད་པའི་རྒྱས་འགྱུར་གྱི་རིགས་ཆོས་ཅན། རང་བཞིན་དུ་གནས་པའི་དོན་ཚང་བར་ཐལ། ཟག་མེད་ཀྱི་ཡེ་ཤེས་ཀྱི་རྒྱུ་བྱེད་པའི་ཕྱིར། འདོད་ན། རྒྱས་འགྱུར་གྱི་རིགས་དང་། རང་བཞིན་གནས་རིགས་ལ་ཁྱད་པར་མེད་པར་ཐལ་ལོ། །ངེད་ལ་ནི་སྐྱོན་འདི་དག་མེད་དེ། རང་བཞིན་གནས་རིགས་ལ་ཆོས་ཉིད་ཀྱི་རྣམ་གྲངས་ཡོད་པའི་ཕྱིར། དེས་ན་སེམས་ཙམ་པ་འདོད་པའི་རང་བཞིན་གནས་རིགས་དེ་ནི་བཏགས་པ་བ་དང་། དབུ་མ་པ་འདོད་པའི་རང་བཞིན་གནས་རིགས་དེ་ནི་དེ་མཚན་ཉིད་པ་ཡིན་པས་དེ་དང་འགྲིགས་པ་མིན་ནོ་ཞེས་པའི་དོན་ནོ། །ཁ་ཅིག དྲི་མ་དང་བཅས་པའི་སེམས་རིག་གསལ་ཆོས་ཅན། རང་བཞིན་གནས་རིགས་མིན་པར་ཐལ། རང་བཞིན་གྱི་དོན་མ་ཚང་བའི་ཕྱིར་ཏེ། རྒྱུ་རྐྱེན་གྱིས་བཅོས་མ་ཡིན་པའི་ཕྱིར། ཁྱབ་སྟེ། འཇུག་པ་ལས། རང་བཞིན་དང་ནི་བཅོས་མིན་དང་། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་ན། དེའི་ཆོས་ཉིད་ཆོས་ཅན། རང་བཞིན་གྱི་དོན་མ་ཚང་བར་ཐལ། གཞན་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཞན་ལ་ལྟོས་པ་མེད་པ་ཡིན་ཞེས་གསུངས་པའི་ཕྱིར། རྩ་བའི་རྟགས་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། ཁ་ཅིག དྲི་མ་དང་བཅས་པའི་སྐྱེས་བུ་དེའང་རང་བཞིན་གནས་རིགས་ཡིན་པར་ཐལ། དྲི་མ་དང་བཅས་པའི་སེམས་རིག་གསལ་དེ་དེ་ཡིན་པའི་ཕྱིར། རྟགས་ཁས་ཞེ་ན། དྲི་བཅས་ཀྱི་སྐྱེས་བུའི་གཟུགས་ཕུང་ཡིན་ན་རང་གི་རྒྱུན་སངས་རྒྱས་ཀྱི་གཟུགས་སུ་འགྱུར་བས་ཁྱབ་པར་ཐལ། དྲི་བཅས་ཀྱི་སེམས་ཡིན་ན། རང་གི་རྒྱུན་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་བས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ལམ་མ་ཞུགས་ཀྱི་སོ་སྐྱེའི་གཟུགས་ཀྱི་ཕུང་པོ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་འཆི་བ་མི་སྲིད་པར་ཐལ་ལོ། །འོ་ན་བྱང་སེམས་མཐོང་ལམ་པའི་ཆོས་ཅན། རང་བཞིན་གནས་རིགས་ཇི་ལྟ་བུ་ཞེ་ན། ཁ་ཅིག དེའི་རྒྱུད་ཀྱི་ཟག་མེད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་ཀྱི་གཞི་མཐུན་ཡིན་ཏེ། རང་བཞིན་གནས་རིགས་ཡིན་པར་རིགས་པས་གྲུབ་ཅིང་། དྲི་མེད་དུ་གནས་གྱུར་པ་ན་རང་དོན་ཆོས་སྐུར་འགྱུར་རུང་གི་འདུས་བྱས་ཀྱི་དགེ་རྩ་ཡིན་པས་རྒྱས་འགྱུར་གྱི་རིགས་ཀྱང་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོ་ན་དེ་ཆོས་ཅན། རང་གི་རིགས་རྒྱུན་སྔོན་དུ་སོང་བར་ཐལ། འདུས་བྱས་རང་བཞིན་གནས་རིགས་ཡིན་པའི་ཕྱིར། འདོད་ན། སོ་སྐྱེའི་རྒྱུད་ལ་ཟག་མེད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པར་ཐལ་ལོ། །རང་ལུགས་ནི། ཀུན་གཞི་རྣམ་པར་གཞག་པའི་ཚེ་དེ་རང་བཞིན་གནས་རིགས་ཡིན་ཏེ། དེ་ཐོག་མ་མེད་པ་ནས་ཡོད་པ་གང་ཞིག དེའི་ཚེ་སོ་སྐྱེའི་གནས་སྐབས་སུ་ཚོགས་དྲུག་རྒྱུན་ཆད་པར་སྲིད་པའི་ཕྱིར། ཀུན་གཞི་མ་གཞག་པའི་ཚེ་དེའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་གསལ་རིག་གི་ཆ་དེ་རང་བཞིན་གནས་རིགས་ཡིན་ཏེ། དེ་ཐོག་མ་མེད་པ་ནས་རང་གི་རིགས་འདྲ་རྒྱུན་མ་ཆད་པའི་ཕྱིར། གཉིས་པ་མཚན་ཉིད་ལ། དགག་གཞག་གཉིས་ལས། དང་པོ་ལ། རེད་མདའ་བ་ན་རེ། ཐེག་ཆེན་སྒྲུབ་པའི་རྟེན་རིགས་ཀྱི་མཚན་ཉིད། ཐེག་ཆེན་སྒྲུབ་པའི་རྟེན་གཞིར་གྱུར་པའི་ནང་གི་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཅེས་གསུངས། འོ་ན་ཐེག་ཆེན་སྒྲུབ་པའི་རྟེན་གཞིར་གྱུར་པའི་མིག་གི་ཆོས་ཉིད་ཡོད་པར་ཐལ། མཚན་ཉིད་དེ་ཡོད་པའི་ཕྱིར། འདོད་ན། ཐེག་ཆེན་མཐོང་ལམ་པའི་མིག་གི་ཆོས་ཉིད་དེ་ཐེག་ཆེན་སྒྲུབ་པའི་རྟེན་གཞི་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། བེམ་པོའི་ཆོས་ཉིད་ཡིན་པའི་ཕྱིར། ཡང་དེའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། མིག་གི་ཆོས་ཉིད་མིན་པའི་ཕྱིར་ཏེ། བེམ་པོའི་ཆོས་ཉིད་མིན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་སྒྲུབ་པའི་རྟེན་གཞི་གང་ཞིག ཐོག་མ་མེད་པ་ནས་རྒྱུན་མ་ཆད་པར་ཡོད་པའི་སེམས་ཀྱི་ཆོས་ཉིད་དམ་ཆོས་ཅན་གང་རུང་གིས་བསྡུས་པའོ། །རྒྱས་འགྱུར་གྱི་རིགས་ནི་ཐེག་ཆེན་སྒྲུབ་པའི་རྟེན་གཞི་མིན་ཏེ། སྒྲུབ་པ་དངོས་ཡིན་པའི་ཕྱིར། གསུམ་པ་དབྱེ་བ་ནི། སངས་རྒྱས་ཀྱི་རིགས་དེ་ལ་ཡོན་ཏན་གྱི་སྒོ་ནས་དབྱེ་ན། རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས། རྐྱེན་གྱིས་འགྱུར་མི་འགྱུར་གྱི་སྒོ་ནས་རིགས་ངེས་པ་དང་མ་ངེས་པ་གཉིས། ཐེག་པའི་སྒོ་ནས་ཐེག་པ་གསུམ་གྱི་རིགས་གསུམ། རྟེན་ཆོས་སྒྲུབ་པའི་སྒོ་ནས་བཅུ་གསུམ་མོ། །དེས་ན་རང་བཞིན་གནས་རིགས་ཀྱི་མཚན་ཉིད། ཐོག་མ་མེད་པ་ནས་རྒྱུན་མ་ཆད་པར་ཡོད་པའི་སེམས་ཀྱི་ཆོས་ཉིད་དང་ཆོས་ཅན་གང་རུང་གིས་བསྡུས་པ་གང་ཞིག དྲི་མ་དང་བྲལ་བའི་ཚེ་རང་དོན་ཆོས་སྐུར་འགྱུར་རུང་། དབྱེ་ན་འདུས་བྱས་རང་བཞིན་གནས་རིགས་དང་འདུས་མ་བྱས་རང་བཞིན་གནས་རིགས་དང་གཉིས་ཀྱི་མཚན་ཉིད་རིམ་བཞིན། ཐོག་མ་མེད་པ་ནས་རྒྱུན་མ་ཆད་པར་ཡོད་པའི་སེམས་ཀྱི་ཆོས་ཅན་གྱིས་བསྡུས་པ་གང་ཞིག དྲི་མ་དང་བྲལ་བའི་ཚེ་རྟོགས་པ་ཡེ་ཤེས་ཆོས་སྐུར་འགྱུར་རུང་དང་། གཞན་འདྲ་བ་ལས་སེམས་ཀྱི་ཆོས་ཉིད་ཀྱིས་བསྡུས་པ་གང་ཞིག དྲི་མ་དང་བྲལ་བའི་ཚེ་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་མཐར་ཐུག་ཏུ་འགྱུར་རུང་ངོ་། །རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། རྐྱེན་གྱིས་ཡང་དག་པར་བླངས་པ་ལས་བྱུང་བའི་སངས་རྒྱས་ཀྱི་རིག་གང་ཞིག དྲི་མ་དང་བྲལ་བའི་ཚེ། གཟུགས་སྐུར་བསྟན་ནས་སེམས་ཅན་གྱི་དོན་བྱེད་པར་འགྱུར་བའོ། །དེའི་མཚན་གཞི་ལ་དར་ཊཱིཀ་པ་ན་རེ། སེམས་ཀྱི་སྟེང་ན་དྲི་མ་དང་བྲལ་རུང་དང་། ཟག་མེད་ཀྱི་ཡེ་ཤེས་སྐྱེ་རུང་གང་ནུས་པ་ཡོད་པར་རིགས་པས་འགྲུབ་ཅིང་། དེ་གཉིས་ཐོས་པའི་རྐྱེན་གྱིས་གཞག་ལ་ཐོས་པའི་རྐྱེན་གྱིས་གསོ་རུང་བ་ཡིན་པས་ན། རྐྱེན་གྱི་ཡང་དག་པར་བླངས་པ་ལས་བྱུང་བའི་རིགས་ཞེས་བྱའོ། །དེ་ནི་སེམས་ཙམ་པས་རང་བཞིན་གནས་རིགས་མཚན་ཉིད་པར་འདོད་ཅིང་། དབུ་མ་པས་རང་བཞིན་གནས་རིགས་བཏགས་པ་བ་དང་། རྒྱས་འགྱུར་གྱི་རིགས་མཚན་ཉིད་པར་འདོད་པར་འཕགས་གྲོལ་བཞེད་དོ་ཟེར་རོ། །འོ་ན་ཟག་མེད་ཀྱི་ཡེ་ཤེས་སྐྱེ་རུང་གི་ནུས་པ་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་དམ། འགའ་ཞིག་གི་རྒྱུད་ལ་ཡོད། འགའ་ཞིག་གི་རྒྱུད་ལ་མེད་པ་གང་ཡིན། དང་པོ་ལྟར་ན་དེ་ཆོས་ཅན། འཁོར་བ་ཐོག་མེད་ནས་ཡོད་པར་ཐལ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཕྱིར། འདོད་ན། ཐོས་པའི་རྐྱེན་གྱིས་བཞག་པར་བྱས་པ་མིན་པར་ཐལ་ལོ། །ཡང་དེ་ཆོས་ཅན། གནས་སྐབས་དགེ་རྩ་ཆད་པའི་གང་ཟག་གི་རྒྱུད་ལ་ཁྱོད་མེད་པར་ཐལ། ཁྱོད་རྒྱས་འགྱུར་གྱི་རིགས་ཡིན་པའི་ཕྱིར། རྟགས་བསལ་ཁས། གཉིས་པ་ལྟར་ན། དེ་རྒྱུད་ལ་མི་ལྡན་པའི་གང་ཟག་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཟག་མེད་ཀྱི་ཡེ་ཤེས་སྐྱེ་མི་རུང་བར་ཐལ། ཁྱོད་ཀྱི་རྒྱུད་ལ་དེ་སྐྱེ་རུང་གི་ནུས་པ་མེད་པའི་ཕྱིར། འདོད་ན། དེ་འདྲའི་གང་ཟག་དེ་མེད་པར་ཐལ་ལོ། །གཞན་ཡང་། ཉི་ཁྲི་སྣང་བར། དེའི་རིགས་ནི་བཏགས་པ་བ་ཡིན་ལ། འདི་ནི་མཚན་ཉིད་པ་ཡིན་པས་ཞེས་པ་དེས་ཟག་མེད་ཀྱི་ཡེ་ཤེས་སྐྱེ་རུང་གི་ནུས་པ་དེ་རང་བཞིན་གནས་རིགས་བཏགས་པ་བ་དང་། རྒྱས་འགྱུར་གྱི་རིགས་མཚན་ཉིད་པར་བསྟན་པར་ཐལ། འཕགས་པ་གྲོལ་སྡེས་དེ་ལྟར་འདོད་པའི་ཕྱིར། རྟགས་ཁས། འདོད་ན། འདི་ནི་མཚན་ཉིད་པ་ཡིན་པས་ཞེས་པ་དེས། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཞེས་པའི་སྐབས་ཀྱི་རང་བཞིན་གནས་རིགས་མ་བསྟན་པར་ཐལ་ལོ། །འདོད་ན་ཆོས་དབྱིངས་རྣམ་གྲངས་སུ་འདོད་པ་ལ་ནི་ཉེས་པ་འདི་མེད་དོ་ཞེས་པ་དེས་དེ་མ་བསྟན་པར་ཐལ་ལོ། །བཞི་པ་རིགས་སུ་འགྱུར་ཚུལ་ནི། རྟེན་གྱི་སྒོ་ནས་རིགས་སུ་འགྱུར་ཚུལ་དང་། རྒྱུའི་སྒོ་ནས་དེར་འགྱུར་ཚུལ་གཉིས། དང་པོ་ནི། འཁོར་བའི་གནས་སྐབས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས་པ་ལ་བརྟེན། དེ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལ་བརྟེན། དེ་སེམས་ཀྱི་ཆོས་ཉིད་ལ་བརྟེན་པ་ལྟར་དུ། ཐེག་ཆེན་སྒྲུབ་པ་བྱང་ཆུབ་སེམས་དཔའ་ལ་བརྟེན། དེ་ནང་གི་སྐྱེ་མཆེད་ལ་བརྟེན། སྐྱེ་མཆེད་གཞན་ལྔ་ཡིད་ཀྱི་སྐྱེ་མཆེད་ལ་བརྟེན། དེ་སེམས་ཀྱི་ཆོས་ཉིད་ལ་བརྟེན་ནས། སེམས་ཀྱི་ཆོས་ཉིད་རྟེན་གྱི་སྒོ་ནས་རིགས་སུ་འཇོག་སྟེ། རྒྱུད་བླར། ཕུང་པོ་སྐྱེ་མཆེད་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་པར་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་དང་། རྩ་བར། རྟེན་ལ་རིགས་ཞེས་བྱ། ཞེས་དང་། འགྲེལ་པར། བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོ་ཇི་སྐད་བཤད་པའི་ཆོས་ཀྱི་གཞིར་གྱུར་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ལ་རིགས་ཞེས་བསྟན་ཏོ་ཞེས་སོ། །གཉིས་པ་ནི། རང་གི་སེམས་ཀྱི་ཆོས་ཉིད་ལ་དམིགས་ཏེ་བསྒོམ་པས་གནས་སྐབས་སུ་དྲི་མ་སེལ་བར་བྱེད་པའི་སྒྲུབ་པ་འབྱུང་། མཐར་ཐུག་དྲི་མ་དག་པ་ན་དབྱིངས་རིག་དབྱེར་མེད་ཀྱི་རང་དོན་ཆོས་སྐུར་འགྱུར་བས། ཆོས་ཉིད་རྒྱུའི་སྒོ་ནས་རིགས་སུ་འཇོག་སྟེ། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ་འཕགས་པའི་ཆོས་རྟོགས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར། ཆོས་དབྱིངས་རྒྱུའི་ངོ་བོར་རྣམ་པར་རྟོག་པའི་སྒོ་ནས་རིགས་ཉིད་དུ་ཐ་སྙད་འདོགས་ཞེས་གསུངས་སོ། །དེ་གཉིས་ཀའང་སེམས་བདེན་པས་སྟོང་པས་སྤང་བྱ་སྤོང་བ་དང་། གཉེན་པོ་སྐྱེད་པའི་བྱ་བྱེད་རུང་བའི་སྟོབས་ཀྱིས་ཡིན་ཏེ། ཀླུ་སྒྲུབ་ཀྱིས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཉིད། །ཅེས་སོ། །འདི་དག་ནི་ཀུན་མཁྱེན་ཆོས་རྗེའི་ལེགས་བཤད་གཞིར་བཞག་ནས་ལུང་རིགས་ཀྱིས་དཔྱད་པ་ཅུང་ཟད་རྒྱས་པ་དང་བཅས་པ་ཡིན་ལ། ཟབ་མོའི་དོན་འདི་ལ་ཁོ་བོའི་འདོད་པ་ནི་སྡོམ་གསུམ་རབ་དབྱེའི་རྣམ་བཤད་གསུང་རབ་དགོངས་གསལ་ན་ཡོད་པས་དེར་བལྟ་བར་བྱའོ། །དེའི་འོག་ཏུ་བསམ་པ་ཇི་ལྟ་བ་བཞིན། ཞེས་པའི་སྐབས་སུ། ལྡེམ་དགོངས་དང་། དགོངས་པ་དང་། དེ་གཉིས་ཀྱི་ཁྱད་པར་དང་། ཞར་ལ་དྲང་ངེས་ཀྱི་ཁྱད་པར་དཔྱད་པ་དང་བཞིའོ། །དང་པོ་ནི། རྒྱན་ལས། གཞུག་པ་ལྡེམ་པོར་དགོངས་པ་དང་། །མཚན་ཉིད་ལྡེམ་པོར་དགོངས་པ་དང་། །གཉེན་པོ་ལྡེམ་པོར་དགོངས་པ་དང་། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཉོན་མོངས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམ་བཞི། །ཞེས་གསུངས་ཏེ། གཞུག་པ་ལྡེམ་པོར་དགོངས་པ་ནི། ཉན་ཐོས་རིགས་ཅན་འགའ་ཞིག་བསྟན་པ་ལ་གཞུག་པའི་དོན་དུ་བདག་ཡོད་པར་གསུངས་པ་ལྟ་བུའོ། །མཚན་ཉིད་ལྡེམ་པོར་དགོངས་པ་ནི། སེམས་ཙམ་པས་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཉིད་མེད་པ། གཞན་དབང་བདག་ལས་སྐྱེས་པའི་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་གཞན་པའི་བདག་གི་ངོ་བོ་ཉིད་མེད་པ་ལ་དགོངས་ནས། ཆོས་ཉིད་ངོ་བོ་ཉིད་མེད་པར་སྟོན་པའི་མདོ་ལྟ་བུ་ལ་འདོད་ལ། དབུ་མ་པ་ནི་མངོན་པའི་མདོ་རྣམས་ལས་རང་སྤྱིའི་མཚན་ཉིད་གསུངས་པ་ལ་འདོད་དོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། སངས་རྒྱས་ལ་བརྙས་པ་སོགས་ཀྱི་གཉེན་པོར་འོག་ནས་འཆད་པའི་དགོངས་པ་ཅན་བཞིའོ། །བསྒྱུར་བ་ལྡེམ་པོར་དགོངས་པ་ནི། དངོས་སུ་བསྟན་པའི་དོན་དེ་ཉིད་གཞན་དུ་བསྒྱུར་ནས་འཆད་དགོས་པ་སྟེ་དཔེར་ན། སྙིང་པོ་མེད་ལ་སྙིང་པོ་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །ཞེས་པ་ལྟ་བུའོ། །དེ་ཇི་ལྟར་བསྒྱུར་ཞེ་ན། སྙིང་པོ་རྣམ་གཡེང་། དེ་མེད་པ་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ཕྱིན་ཅི་ལོག་ནི་རྟག་པ་སོགས་ལས་ཕྱིན་ཅི་ལོག་མི་རྟག་པ་སོགས་ལ་གནས་པ་སྟེ། ལྷག་པ་ཤེས་རབ་ཀྱི་བསླབ་པ། ཉོན་མོངས་པ་དཀའ་སྤྱད་དེ། དེས་ཉོན་མོངས་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །དེས་ན་བསླབ་པ་གསུམ་ལ་གནས་ན་བྱང་ཆུབ་དམ་པ་འཐོབ་ཅེས་པར་འགྱུར་རོ། །གཉིས་པ་ནི། རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞི་ཞེས་བྱ། །སངས་རྒྱས་ཆོས་ལ་བརྙས་པ་དང་། །ལེ་ལོ་ཅུང་ཟད་ཆོག་འཛིན་དང་། །ང་རྒྱལ་འདོད་ཆགས་སྤྱོད་པ་དང་། །འགྱོད་དང་མ་ངེས་ལྡོག་པ་དང་། །སེམས་ཅན་རྣམས་ཀྱི་ཉེས་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུངས། །ཞེས་ཏེ། མཉམ་པ་ཉིད་ལ་དགོངས་པ་ནི། །མཉམ་པ་ཉིད་གསུམ་ལ་དགོངས་ནས། །ང་ཉིད་སངས་རྒྱས་རྣམ་གཟིགས་སོ། །ཞེས་པ་ལྟ་བུའོ། །མཉམ་པ་ཉིད་གསུམ་ནི། མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་དང་སྐུ་བོང་ཚད་ཀྱིས་མིན། །ཞེས་པ་ལྟར་རོ། །དགོས་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་ལྟ་བུ་སངས་རྒྱས་རྣམ་གཟིགས་ལས་དམན་ནོ་སྙམ་དུ་བརྙས་པའི་གཉེན་པོའོ། །དོན་གཞན་ལ་དགོངས་པ་ནི། དངོས་སུ་གསུངས་པའི་སྒྲ་དེ་ཉིད་དོན་གཞན་ལ་དགོངས་ནས་གསུངས་པ་སྟེ། ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དོན་གང་ལ་དགོངས་ཞེ་ན། ལས་དང་སྲེད་པ་སྤང་བྱ་ཞིང་། །སྦྱོར་བའི་རྣམ་ཤེས་མཆོག་འཛིན་གཉིས། །སྐྱེ་མཆེད་སྤྱོད་ཡུལ་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་ལ་དགོངས་སོ། །དགོས་པ་ནི། ཆོས་ནི་རྟོགས་པར་སླ་བས་དམན་པ་ཡིན་ནོ་ཞེས་པའི་གཉེན་པོའོ། །དུས་གཞན་ལ་དགོངས་པ་ནི། དུས་གཞན་མ་འོངས་པ་ལས་སྐྱེ་བ་ལ་དགོངས་ནས། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ་ན་དེར་སྐྱེའོ་ཞེས་པ་ལྟ་བུ་ཡིན། དགོས་པ་ནི་ལེ་ལོའི་གཉེན་པོའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། སྦྱིན་པ་ལ་མཆོག་འཛིན་གྱི་གཉེན་པོར། དེ་ལ་སྨད་ནས་ཚུལ་ཁྲིམས་ལ་བསྔགས་པ་ལྟ་བུའོ། །དགོས་པ་ནི། སྦྱིན་པ་སོགས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོའོ། །འགྱོད་དང་མ་ངེས་ལྡོག་པ་ནི། །ཞེས་སོགས་ཀྱི་དགོངས་ལྡེམ་དགོངས་སྤྱིའི་དགོས་པ་བསྟན་ཏོ། །གསུམ་པ་དགོངས་ལྡེམ་དགོངས་ཀྱི་ཁྱད་པར་གང་ཞེ་ན། ལོ་ཙཱ་བ་ན་རེ། འཆད་པ་པོས་དོན་གང་ལ་དགོངས་ནས་བཤད་པའི་དགོངས་གཞི་ཉན་པ་པོས་མ་གོ་བའི་མདོ་སྡེ་དེ་དགོངས་པ་ཅན་གྱི་མདོ་དང་། དེ་ཉན་པ་པོས་ཀྱང་མདོ་དེའི་དགོངས་གཞིར་ཤེས་པའི་མདོ་དེ་ལྡེམ་དགོངས་ཀྱི་མདོ་ཡིན་ཞེས་གསུངས། འོ་ན། ཉན་ཐོས་ཀྱི་རིགས་ཅན་ཁ་ཅིག་བསྟན་པ་ལ་གཞུག་པའི་དོན་དུ་ཕྱི་དོན་བདེན་གྲུབ་དུ་ཡོད་པར་སྟོན་པའི་མདོ་དེ་ཆོས་ཅན། ལྡེམ་དགོངས་ཀྱི་མདོའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ལྟ་བུའི་ཉན་ཐོས་ཀྱི་རིགས་ཅན་དེས་མདོ་དེའི་དགོངས་གཞི་གཟུགས་སྒྲ་སོགས་ཚད་མས་གྲུབ་པ་ཡོད་པ་ལ་གོ་བར་ཐལ་ལོ། །གཞན་ཡང་། དགོངས་པ་ཅན་གྱི་མདོ་དང་ལྡེམ་དགོངས་ཀྱི་མདོ་གཉིས་འགལ་བར་ཐལ། དེ་གཉིས་ཀྱི་ཁྱད་པར་ཁྱེད་ཀྱིས་སྨྲས་པ་དེ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དགོངས་པ་ཅན་གཞིའང་གཉེན་པོ་ལ་ལྡེམ་དགོངས་ཡིན་པའི་ཕྱིར། ཕྱྭ་པ་ན་རེ། དགོངས་ལྡེམ་དགོངས་འཇོག་པའི་ཉན་པ་པོའི་གང་ཟག་དེ་ནི་འགལ་བ་ཞིག་དགོས་ཏེ། ཉན་པ་པོ་གང་ལ་དགོངས་ནས་མདོ་དེ་ལྡེམ་དགོངས་སུ་འཇོག་པའི་གང་ཟག་དེ་མདོ་དེའི་དགོངས་གཞི་མ་རྙེད་པར་མདོ་དེ་སྒྲ་ཇི་བཞིན་པར་འཛིན་པས་ཁྱབ། ཉན་པ་པོ་གང་ལ་ལྟོས་ནས་མདོ་དེ་དགོངས་པ་ཅན་དུ་འཇོག་དགོས་པའི་གང་ཟག་ཡིན་ན། མདོ་དེའི་དགོངས་གཞི་ཟབ་མོ་མ་རྙེད་པའི་སྒོ་ནས་མདོ་སྡེ་སྒྲ་ཇི་བཞིན་དུ་མི་འཛིན་པས་ཁྱབ་པའི་ཕྱིར་ཞེས་གསུངས། འོ་ན་སངས་རྒྱས་ཤཱཀྱ་ཐུབ་པ་ལ་བརྙས་པའི་གང་ཟག་ཆོས་ཅན། ང་ཉིད་སངས་རྒྱས་རྣམ་གཟིགས་སོ་ཞེས་པའི་མདོ་དེ་ཁྱོད་ལ་ལྟོས་ཏེ་ལྡེམ་དགོངས་ཀྱི་མདོ་མིན་པར་ཐལ། དེ་ཁྱོད་ལ་ལྟོས་ཏེ་དགོངས་པ་ཅན་གྱི་མདོ་ཡིན་པའི་ཕྱིར་ཏེ། མཉམ་པ་ཉིད་ལ་དགོངས་པའི་མདོ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ཁྱོད་ལ་ལྟོས་ཏེ་གཉེན་པོ་ལ་ལྡེམ་དགོངས་ཀྱི་མདོ་ཡིན་པའི་ཕྱིར། ཁ་ཅིག དེ་གཉིས་ཀྱི་ཁྱད་པར་དགོངས་གཞི་གཙོ་བོར་སྟོན་པའི་མདོ་དེ་དགོངས་པ་ཅན་དང་དགོས་པ་གཙོ་བོར་སྟོན་པའི་མདོ་དེ་ལྡེམ་དགོངས་ཀྱི་མདོ་ཡིན་ཞེས་སྨྲའོ། །འོ་ན་དགོངས་གཞི་གཙོ་བོར་སྟོན་ན་དགོས་པ་གཙོ་བོར་མི་སྟོན་པས་ཁྱབ་བམ་མ་ཁྱབ། དང་པོ་ལྟར་ན་དགོངས་ལྡེམ་དགོངས་ཀྱི་མདོ་གཉིས་འགལ་བར་ཐལ། དེའི་ཁྱད་པར་འཐད་པ་གང་ཞིག ཁས་བླངས་སྔ་མ་དེའི་ཕྱིར། གཉིས་པ་ལྟར་ན། གཙོ་བོར་ཞེས་སྨོས་པ་ལ་དགོས་པ་མེད་པར་ཐལ་ལོ། །རང་ལུགས་ནི། དགོངས་གཞི་ལ་ལྟོས་ནས་དགོངས་པ་ཅན་དང་། དགོས་པ་ལ་ལྟོས་ནས་ལྡེམ་དགོངས་སུ་བཤད་པ་ཡིན་གྱི། དེ་གཉིས་འགལ་བ་ནི་མིན་ཏེ། ང་ཉིད་སངས་རྒྱས་རྣམ་གཟིགས་སོ་ཞེས་པའི་མདོ་དེ་དགོངས་གཞི་མཉམ་པ་ཉིད་ལ་དགོངས་ནས་དགོངས་པ་ཅན་གྱི་མདོ་དང་། དགོས་པ་སངས་རྒྱས་ལ་བརྙས་པའི་གཉེན་པོ་ལ་ལྟོས་ནས་ལྡེམ་དགོངས་ཀྱི་མདོ་ཡིན་པའི་ཕྱིར་རོ། །བཞི་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག ངེས་དོན་དང་དྲང་དོན་གྱི་མདོའི་མཚན་ཉིད་རིམ་བཞིན། རང་གི་བརྗོད་དོན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་རུང་བའི་མདོ་དང་། དེ་མི་རུང་བའི་མདོ་ཞེས་དང་། ཁ་ཅིག ངེས་དོན་གྱི་མདོར་ཁས་བླངས་པ་ལ་ལུང་རིགས་ཀྱིས་གནོད་པ་མེད་པའི་མདོ་དང་། དྲང་དོན་གྱི་མདོར་ཁས་བླངས་པ་ལ་དེས་གནོད་པ་མེད་པའི་མདོ་ཞེས་དང་། ཁ་ཅིག དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་བརྗོད་བྱའི་གཙོ་བོ་སྟོན་པའི་མདོ་དེ་དེ་གཉིས་ཀྱི་མཚན་ཉིད་ཡིན་ཟེར། དང་པོ་ལ་གཟུགས་མེད། སྒྲ་མེད་ཅེས་པའི་ཤེར་ཕྱིན་གྱི་མདོ་ཆོས་ཅན། དེར་ཐལ། ངེས་དོན་གྱི་མདོ་ཡིན་པའི་ཕྱིར། འདོད་ན། གཟུགས་མེད་པར་ཐལ་ལོ། །གཟུགས་ཡོད་པར་སྟོན་པའི་མདོ་ཆོས་ཅན། དེར་ཐལ། དྲང་དོན་གྱི་མདོ་ཡིན་པའི་ཕྱིར་ཏེ། ཉི་ཤུ་པར། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། མཐར་ཐུག་ཐེག་གསུམ་སྟོན་པའི་མདོ་ཆོས་ཅན། ངེས་དོན་གྱི་མདོར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་ངེས་དོན་གྱི་མདོར་ཁས་བླངས་པ་ཆོས་ཅན། ཁྱོད་ལ་ལུང་རིགས་ཀྱི་གནོད་པ་མི་འབབ་པར་ཐལ། ཁྱོད་དེས་གྲུབ་པའི་ཕྱིར་ཏེ། བྱེ་བྲག་ཏུ་སྨྲ་བ་དེ་ཁྱོད་ཡིན་པའི་ཕྱིར། ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པའི་མདོ་ཆོས་ཅན། དྲང་དོན་གྱི་མདོར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་སྒྲུབ་ཚུལ་སྔ་མས་ཤེས་སོ། །གསུམ་པ་ལ། སངས་རྒྱས་ཀྱི་བཀའ་ཡིན་ན་ངེས་དོན་གྱི་མདོ་ཡིན་དགོས་པར་ཐལ། དེ་ཡིན་ན་མཚན་ཉིད་དེ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། གསང་བ་བསམ་གྱི་མི་ཁྱབ་པའི་མདོ་ཏིང་ངེ་འཛིན་རྒྱལ་པོར། འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །ང་ཡིས་མདོ་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲག་པར་ནུས་པ་མིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། དོན་དམ་བདེན་པ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་དང་། དོན་དམ་མ་རྟོགས་པའི་ཐབས་སུ་གྱུར་པའི་ཀུན་རྫོབ་ཀྱི་རྣམ་གཞག་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པར་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་པའི་ཕྱིར། དེས་ན་གྲུབ་མཐའ་སྨྲ་བ་བཞི་ཆར་གྱི་ལུགས་ལ། རང་རང་གི་དོན་དམ་བདེན་པ་ངེས་དོན་དང་། ཀུན་རྫོབ་བདེན་པ་དྲང་དོན་དུ་འདོད་པར་མཚུངས། དེ་གཉིས་མཚན་གཞི་ལ་མི་མཐུན་པས་མདོ་གཉིས་ཀྱི་མཚན་གཞི་ཡང་མི་མཐུན་ནོ། །དཔེར་ན་རྡུལ་ཕྲན་བདེན་གྲུབ་ཡོད་པར་སྟོན་པའི་མདོ་དེ་གྲུབ་མཐའ་གོང་མ་གཉིས་ཀྱིས་དྲང་དོན་གྱི་མདོ་དང་། འོག་མ་གཉིས་ཀྱིས་ངེས་དོན་གྱི་མདོར་འདོད་པ་བཞིན་ནོ། །གསུམ་པ་ནི། ཁ་ཅིག ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ཀ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་ཆོས་ཅན། མཚོན་བྱར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་གཉིས་ཀ་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཀ་ཆོས་ཅན། ཁྱོད་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་དེ། ཁྱོད་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པར་ཐལ། ཁྱོད་ཡོད་པའི་ཕྱིར་ཟེར་ན། ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཀ་གཙོ་བོར་སྤོང་བའི་བར་ཆད་མེད་ལམ་ཆོས་ཅན། ཉོན་སྒྲིབ་གཙོ་བོར་སྤོང་བའི་བར་ཆད་མེད་ལམ་ཡིན་པར་ཐལ། དེ་གཉིས་ཀ་གཙོ་བོར་སྤོང་བའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཀ་ཆོས་ཅན། ཁྱོད་གཙོ་བོར་སྤོང་བའི་བར་ཆད་མེད་ལམ་དེ་ཁྱོད་གཙོ་བོར་སྤོང་བའི་བར་ཆད་མེད་ལམ་ཡིན་པར་ཐལ། ཁྱོད་སྒྲིབ་པ་ཡིན་པའི་ཕྱིར། རིམ་བཞིན་ཁས་བླངས་སོ། །རྩ་བར་འདོད་ན། དེ་ཆོས་ཅན། ཐེག་དམན་གྱི་བར་ཆད་མེད་ལམ་དུ་ཐལ་ལོ། །ཁ་ཅིག མཐར་ཐུག་ཐེག་པ་གཅིག་ཏུ་སྟོན་པའི་མདོ་ཆོས་ཅན། དེར་ཐལ། ངེས་དོན་གྱི་མདོ་ཡིན་པའི་ཕྱིར། འདོད་ན། མཐར་ཐུག་ཐེག་པ་གཅིག་ཡིན་པ་དེ་དོན་དམ་བདེན་པར་ཐལ་ལོ་ཞེ་ན། འོ་ན་གཟུགས་མེད་པ་དེ་དོན་དམ་བདེན་པ་ཡིན་པར་ཐལ། གཟུགས་མེད་ཅེས་པའི་ཤེར་ཕྱིན་གྱི་མདོ་དེ་དོན་དམ་བདེན་པ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པའི་ཕྱིར། དྲང་ངེས་ཀྱི་རྣམ་གཞག་འདི་དག་ནི་ཞིབ་པར་ལོགས་སུ་བཤད་པར་འདོད་པས་འདིར་རྒྱས་པར་མ་སྤྲོས་སོ། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་པ་དང་། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །ཞེས་པའི་སྐབས་སུ། གང་ལ་རྩོད་པའི་ཡུལ། ཇི་ལྟར་རྩོད་པའི་ཚུལ། དེ་ལ་ལན་འདེབས་པའི་ཚུལ་དང་གསུམ་ལས། དང་པོ་ནི། ལུས་རྣམ་གཞག་ཏུ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །ཞེས་སེམས་ཅན་གྱི་སེམས་ཀྱི་ཆོས་དབྱིངས་སངས་རྒྱས་ཀྱི་རིགས་སུ་བསྟན་པ་ལ་རྩོད་དོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་དུ་ཐལ། སེམས་ཅན་ཐམས་ཅད་ལ་ཆོས་དབྱིངས་ཀྱིས་ཁྱབ་པའི་ཕྱིར། འདོད་ན། ཐེག་པ་གསུམ་གྱི་རིགས་ཐ་དད་པ་གསུམ་དུ་དབྱེ་མི་རུང་བར་ཐལ་ལོ་ཞེས་པའོ། །གསུམ་པ་ལ། ཆོས་དབྱིངས་རིགས་སུ་སྒྲུབ་པ་དང་། དེ་ལྟར་ནའང་རིགས་ཅན་གསུམ་དུ་དབྱེ་བ་འཐད་པའི་ཚུལ་གཉིས་ལས། དང་པོ་ནི། ཇི་ལྟར་ཞེས་སོགས་ཀྱི་བསྟན་ཏོ། །གཉིས་པ་ནི། བརྟེན་པའི་ཞེས་སོགས་ཀྱི་བསྟན་ཏོ། །ལུང་དང་པོའི་དོན་ནི། སེམས་ཅན་གྱི་སེམས་ཀྱི་ཆོས་དབྱིངས་རིགས་སུ་འཐད་དེ། ཐེག་པ་གསུམ་གྱི་སྒྲུབ་པ་ཇི་ལྟར་ཉམས་སུ་ལེན་པ་ལྟར་དུ་བྱང་ཆུབ་གསུམ་པོ་སོ་སོར་ཐོབ་པའི་རྒྱུ་བྱེད་པའི་ཕྱིར་ཏེ། ཉན་ཐོས་སློབ་པའི་སེམས་ཀྱི་ཆོས་དབྱིངས་དེ་གང་ཟག་གི་བདག་མེད་ལ་དམིགས་པའི་ཉན་ཐོས་ཀྱི་སྒྲུབ་པའི་རྟེན་གཞི་བྱེད་པའི་སྒོ་ནས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་དང་། དེ་བཞིན་དུ་རང་རྒྱལ་དང་། ཐེག་ཆེན་ལའང་འགྲེའོ། །ཁ་ཅིག ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པའི་བདག་མེད་གསུམ་རྟོགས་པའི་སེམས་ཀྱི་ཆོས་དབྱིངས་ལ་རིམ་གྱིས་དམིགས་པ་དེ་བཞིན་དུ་ཞེས་འཆད་པ་མི་འཐད་དེ། ཉན་ཐོས་ཀྱི་རྒྱུད་ཀྱི་སྒྲུབ་པ་དེས་དེའི་རྒྱུད་ཀྱི་ཆོས་དབྱིངས་ལ་མ་དམིགས་པའི་ཕྱིར་ཏེ། དེས་དེ་མ་རྟོགས་པའི་ཕྱིར། དེ་ལ་ཁོ་ན་རེ། དེས་དེ་ལ་དམིགས་པར་ཐལ། ཉན་ཐོས་ཀྱི་རྒྱུད་ཀྱི་སེམས་ཀྱི་ཆོས་དབྱིངས་དེས་ཉན་ཐོས་ཀྱི་སྒྲུབ་པའི་རྟེན་གཞི་བྱེད་པའི་ཕྱིར་ཟེར་རོ། །འོ་ན་སོ་སོ་སྐྱེ་བོའི་ལས་དང་ཉོན་མོངས་དེས་སོ་སྐྱེའི་རྒྱུད་ཀྱི་སེམས་ཀྱི་ཆོས་དབྱིངས་ལ་དམིགས་པར་ཐལ། དེའི་སེམས་ཀྱི་ཆོས་དབྱིངས་དེས་དེའི་ལས་དང་ཉོན་མོངས་པའི་རྟེན་གཞི་བྱེད་པའི་ཕྱིར་ཏེ། རྒྱུད་བླར། དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ཞེས་སོགས་གསུངས་པའི་ཕྱིར། རྩོད་ལན་གཉིས་པའི་དོན་ལ། ལོ་ཆེན་ན་རེ། ལུས་རྣམ་གཞག་ཏུ་རང་བཞིན་གནས་རིགས་ཆོས་དབྱིངས་སུ་བཤད་པ་དང་། རྟོགས་པ་ཡི་ནི་ཆོས་དྲུག་དང་། །ཞེས་པའི་སྐབས་སུ། རྟེན་ཆོས་སྒྲུབ་པ་ལ་བཅུ་གསུམ་གྱི་སྒོ་ནས་རྟེན་རིགས་དེ་ལ་བཅུ་གསུམ་དུ་དབྱེ་བ་མི་འཐད་པར་ཐལ། རང་བཞིན་གནས་རིགས་དེ་ཆོས་དབྱིངས་གང་ཞིག ཆོས་དབྱིངས་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར་ཞེས་པའི་ལན་སྟོན་པར་བྱེད་པ་ལ། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །ཞེས་པའི་གཞུང་བྱུང་བའི་ཕྱིར་ཞེས་གསུངས་སོ། །མི་འཐད་དེ། གཞུང་འདིས་རྟེན་ཆོས་སྒྲུབ་པ་ལ་བཅུ་གསུམ་ཡོད་པའི་རྒྱུ་མཚན་གྱི་རིགས་དེ་ལ་བཅུ་གསུམ་དུ་དབྱེ་རུང་བར་མ་བསྟན་པར་ཐལ། དེས་རྟེན་ཆོས་སྒྲུབ་པ་ལ་ཐེག་པ་གསུམ་གྱི་སྒྲུབ་པ་གསུམ་ཡོད་པའི་རྒྱུ་མཚན་གྱིས་རིགས་དེ་ལ་གསུམ་དུ་དབྱེ་རུང་བར་བསྟན་པའི་ཕྱིར་ཏེ། འགྲེལ་པར། རྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་རྟོགས་པར་བྱ་བ་ཐ་དད་པ་ཉིད་ཀྱིས་རྟེན་ཐ་དད་པ་ཉིད་དོ་ཞེས་གསུངས་པའི་ཕྱིར། གལ་ཏེ་རྩ་བའི་དགོངས་པ་ཡིན་ནོ་སྙམ་ན། དེའང་མིན་པར་ཐལ། རྟེན་ཆོས་སྒྲུབ་པའི་སྒོ་ནས་བཅུ་གསུམ་དུ་དབྱེ་བར་མི་རུང་བ་མི་འཐད་པའི་སྒྲུབ་བྱེད་དུ། རྟེན་ཆོས་སྒྲུབ་པའི་སྒོ་ནས་བཅུ་གསུམ་དུ་དབྱེ་རུང་བ་བཀོད་པ་ནི། བསྒྲུབ་བྱ་སྒྲུབ་བྱེད་མཚུངས་པས་མ་གྲུབ་པར་འགྱུར་བའི་ཕྱིར། དེས་ན་རིགས་དེ་ལ་རང་གི་ངོ་བོའི་སྒོ་ནས་དབྱེ་བ་མི་འཐད་ཀྱང་། ཐེག་པ་གསུམ་གྱི་རིགས་ཐ་དད་པ་གསུམ་དུ་དབྱེ་རུང་སྟེ། རྟེན་ཆོས་སྒྲུབ་པའི་སྒོ་ནས་དེ་ལྟར་རུང་བའི་ཕྱིར་ཞེས་པའོ། །ཁ་ཅིག དཔེའི་སྐབས་སུ། སྣོད་གཅིག་ཉིད་སྔ་ཕྱི་རིམ་བཞིན། བཅུད་ཀྱིས་བཀང་བའི་བྱེ་བྲག་གིས་ཐ་དད་པར་གཞག་པ་དེ་བཞིན་དུ། གང་ཟག་གཅིག་ཉིད་ཐེག་པ་གསུམ་ལ་རིམ་གྱིས་འཇུག་པའི་ཚེ་དེའི་ཆོས་ཉིད་ཐེག་པ་གསུམ་གྱི་བྱེ་བྲག་གིས་ཐ་དད་དུ་འབྱེད་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་འདིར་བསྟན་བྱང་སེམས་ཀྱི་རིགས་ཡིན་ན། ཐེག་དམན་གྱི་རིགས་སྔོན་སོང་ཡིན་དགོས་པར་ཐལ། དམ་བཅའ་བྱ་དེའི་ཕྱིར། འདོད་ན། དང་པོ་ཉིད་ནས་ཐེག་ཆེན་ལམ་དུ་ཞུགས་པའི་ཐེག་ཆེན་སྦྱོར་ལམ་པའི་རིགས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག དཔེ་དེ་ལྟར་ཡིན་ཡང་དོན་དེ་ལྟར་མི་འཐད་དོ་ཞེ་ན། མི་འཐད་དེ། དཔེ་དེ་ལྟར་འདོད་ན། དོན་ཡང་དེ་ལྟར་འདོད་དགོས་པའི་ཕྱིར་རོ། །ཁ་ཅིག འཇིམ་གོང་གཅིག་ལས་གྲུབ་པའི་རྫ་བུམ་གསུམ་ནང་བཅུད་ཀྱིས་བཀང་བའི་བྱེ་བྲག་གིས་ཐ་དད་དུ་འབྱེད་པ་དེ་བཞིན་དུ་ཞེས་བརྗོད་རིགས་ཀྱི། རྫའི་བུམ་པ། ལྷུང་བཟེད། ཁམ་པོར་གསུམ་ནང་བཅུད་ཀྱིས་བཀང་བའི་བྱེ་བྲག་གིས་ཐ་དད་དུ་འབྱེད་པ་མི་འཐད་པར་ཐལ། དེ་གསུམ་ག་ནང་བཅུད་ཀྱིས་མ་ཕྱེ་ཡང་རང་གི་ངོ་བོའི་སྒོ་ནས་ཐ་དད་དུ་དབྱེ་རིགས་པའི་ཕྱིར་ཏེ། གཅིག་རྫ་བུམ། གཅིག་ལྷུང་བཟེད། གཅིག་ཁམ་པོར་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོ་ན་འཇིམ་གོང་གཅིག་ལས་གྲུབ་ཅིང་རྫ་བུམ་གསུམ་གཡས་གཡོན་དབུས་དང་གསུམ་དུ་བསྒྲིགས་པའི་ཚེ་ནང་བཅུད་ཀྱི་སྒོ་ནས་མ་ཕྱེ་ཡང་རང་གི་ངོ་བོའི་སྒོ་ནས་དབྱེར་ཡོད་པར་ཐལ། གཅིག་གཡས་མ། གཅིག་གཡོན་མ། གཅིག་དབུ་མ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། སྐྱོན་མེད་དེ། དེ་གསུམ་ཀ་རྫ་བུམ་དུ་གཅིག་ཀྱང་ནང་བཅུད་ཀྱིས་བཀང་བའི་བྱེ་བྲག་གིས་ཞོའི་བུམ་པ་སོགས་ཀྱི་སྒོ་ནས་འབྱེད་པ་དཔེར་བྱས་པའི་ཕྱིར་ཞེ་ན། སྔ་མ་ལའང་སྐྱོན་མེད་དེ། དེ་གསུམ་རྫའི་སྣོད་དུ་གཅིག་ཀྱང་། ནང་བཅུད་ཀྱི་བྱེ་བྲག་གིས་ཞོའི་སྣོད་ཞེས་སོགས་སྣོད་ཀྱི་སྒོ་ནས་འབྱེད་པ་དཔེར་བྱས་པའི་ཕྱིར། འཁོར་གསུམ། མདོར་ན། འཇིམ་པ་གཅིག་ལས་གྲུབ་ཅིང་། མེ་ལྕེ་གཅིག་གིས་སོ་བཏང་བ་ཡིན་ན། བུམ་པ་གསུམ་ལྟ་བུ་དབྱིབས་འདྲ་བའམ། བུམ་པ་དང་ལྷུང་བཟེད་ལྟ་བུ་དབྱིབས་མི་འདྲའང་རུང་སྟེ། ནང་བཅུད་མ་བླུགས་པའི་ཚེ་ཞོའི་སྣོད་ལ་སོགས་པའི་དབྱེ་བ་མེད་ཀྱང་། བཅུད་བླུགས་པའི་ཚེ་དབྱེ་བ་ཡོད་པ་དཔེར་བྱས་པ་ཡིན་པས། གཉིས་ཀར་ཡང་འགལ་བ་མེད་པར་རྟོགས་པར་གྱིས་ཤིག་གོ །དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་པའི་སྐབས་སུ། ཐེག་ཆེན་སྒྲུབ་པའི་དམིགས་པའི་མཚན་ཉིད་ལ་དཔྱད་པ་དང་། མཚན་གཞི་ལ་དཔྱད་པ་གཉིས་ལས་དང་པོ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། དེའི་མཚན་ཉིད། ཁ་ཅིག དེའི་སྒྲོ་འདོགས་གཅོད་པར་བྱ་བ་ཞེ་ན། གང་ཟག་གི་བདག་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཐེག་ཆེན་སྒྲུབ་པས་ཁྱོད་དུ་འཛིན་པའི་སྒྲོ་འདོགས་གཅོད་པར་བྱ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གང་ཟག་གི་བདག་ཏུ་འཛིན་པའི་སྒྲོ་འདོགས་དེ་ཐེག་ཆེན་སྒྲུབ་པའི་སྤང་བྱ་ཡིན་པའི་ཕྱིར། ཁ་ཅིག ཐེག་ཆེན་སྒྲུབ་པས་རྟོགས་པར་བྱ་བ་ཟེར་ན། དེ་དེའི་མཚན་ཉིད་མིན་པར་ཐལ། དེ་དེའི་གཞལ་བྱའི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་སྒྲུབ་པས་སྒྲོ་འདོགས་གཅོད་པར་བྱ་བའི་གཞིའོ། །གསུམ་པ་ལ། ཁ་ཅིག དེ་ཆོས་ཅན། ཆོས་དེ་ཁྱོད་ཡིན་པ་ཡོད་ན། ཆོས་དེ་ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་པ་ཡོད་པར་ཐལ། ཁྱོད་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། གང་ཟག་གི་བདག་དེ་ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་པ་ཡོད་པར་ཐལ། དེ་དེའི་མཚན་ཉིད་ཡིན་པ་ཡོད་པའི་ཕྱིར། མ་གྲུབ་ན། གང་ཟག་གི་བདག་ཐེག་ཆེན་སྒྲུབ་པས་སྒྲོ་འདོགས་གཅད་པར་བྱ་བ་ཆོས་ཅན། ཁྱོད་ཀྱི་གཞི་ཡོད་པར་ཐལ། ཁྱོད་ཡོད་པའི་ཕྱིར་ཞེ་ན། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་ཆོས་ཅན། གང་ཟག་གི་བདག་དེ་ཁྱོད་ཡིན་པ་ཡོད་ན། དེ་སྤྱི་མཚན་ཡིན་པ་ཡོད་དགོས་པར་ཐལ། ཁྱོད་སྤྱི་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། གང་ཟག་གི་བདག་དེ་ཡིན་པ་ཡོད་པར་ཐལ། དེ་དེའི་མཚན་ཉིད་ཡིན་པ་ཡོད་པའི་ཕྱིར། མ་གྲུབ་ན། གང་ཟག་གི་བདག་དོན་དམ་པར་དོན་བྱེད་མི་ནུས་པ་ཆོས་ཅན། ཁྱོད་ཀྱི་ཆོས་ཡོད་པར་ཐལ། ཁྱོད་ཆོས་ཡིན་པའི་ཕྱིར། འཁོར་གསུམ། གལ་ཏེ་སྤྱི་མཚན་གྱི་མཚན་ཉིད་དུ་ཆོས་གང་དག་གི་དོན་དམ་པར་དོན་བྱེད་མི་ནུས་པར་འཇོག་པས་སྐྱོན་མེད་ཅེས་ཟེར་ན། དེ་ཆོས་ཅན། ཆོས་དེ་ཁྱོད་ཡིན་པ་ཡོད་ན། ཆོས་དེ་ཆོས་དེའི་སྤྱི་མཚན་ཡིན་པ་ཡོད་པར་ཐལ། ཁྱོད་སྤྱི་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། རྟག་པ་ཆོས་ཅན། བུམ་པ་སྤྱི་མཚན་ཡིན་པ་ཡོད་པར་ཐལ། བུམ་པ་ཆོས་གང་དག་གི་དོན་དམ་པར་དོན་བྱེད་མི་ནུས་པ་ཡིན་པ་ཡོད་པའི་ཕྱིར། རྟགས་སོ་སོར་སྒྲུབ་བོ། །གཉིས་པ་མཚན་གཞི་ལ། སེམས་ཙམ་པ་ན་རེ། ཐེག་ཆེན་སྒྲུབ་པས་ཟག་བཅས་ཟག་མེད་ཀྱི་ཆོས་སྣ་ཚོགས་ལ་དམིགས་པ་མེད་དེ། ཆོས་ཉིད་ཡོངས་གྲུབ་གཟུང་འཛིན་གཉིས་མེད་ཀྱི་དེ་བཞིན་ཉིད་ཁོ་ན་ལ་དམིགས་པའི་ཕྱིར་ཟེར་རོ། །འོ་ན། སྒྲོ་འདོགས་གཅིག་ཆོད་ན་སྒྲོ་འདོགས་ཐམས་ཅད་ཅིག་ཅར་དུ་ཆོད་པས་ཁྱབ་པར་ཐལ། ཐེག་ཆེན་སྒྲུབ་པས་ཆོས་ཉིད་ཁོ་ན་ལ་དམིགས་པ་གང་ཞིག ཆོས་ཉིད་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར། འདོད་ན། སྒྲོ་འདོགས་རིམ་གྱིས་གཅད་པའི་སྒོ་ནས་དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བ་མེད་པར་ཐལ། འདོད་པ་དེའི་ཕྱིར། གལ་ཏེ་ཡུལ་སྟོང་ཉིད་རང་བཞིན་གྱི་དྲི་མས་རྣམ་པར་དག་ཀྱང་། ཆོས་ལ་དྲི་མ་རིམ་བཞིན་དུ་བསལ་བའི་སྒོ་ནས་དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བ་ཡོད་དེ། དབུས་མཐའ་ལས། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་གསུངས་པའི་ཕྱིར་ཞེ་ན། འོ་ན་གཉེན་པོའི་ཕྱོགས་ལ་མངོན་ཞེན་གྱི་དྲི་མ་སྤང་དུ་མེད་པར་ཐལ། གཉེན་པོ་བདེན་པར་གྲུབ་པའི་ཕྱིར། འདོད་ན། མི་མཐུན་ཕྱོགས་ལ་མངོན་ཞེན་གྱི་དྲི་མ་སྤང་དུ་མེད་པར་ཐལ་ལོ། །ཁྱབ་སྟེ། གཉེན་པོ་ལ་མངོན་ཞེན་གྱི་དྲི་མ་ཡོད་ན། གཉེན་པོ་འདི་སྤང་བྱ་འདིའི་གཉེན་པོའོ་སྙམ་དུ་མི་མཐུན་ཕྱོགས་ལའང་མངོན་པར་ཞེན་པ་འབྱུང་བའི་ཕྱིར། གཞན་ཡང་སངས་རྒྱས་སའི་དག་པ་དེ་དག་པ་ཕྱོགས་གཅིག་ཡིན་པར་ཐལ། དེ་མི་མཐུན་ཕྱོགས་ལ་མངོན་པར་ཞེན་པའི་དྲི་མ་ཁོ་ན་སྤངས་པའི་རབ་ཏུ་ཕྱེ་བའི་དག་པ་ཡིན་པའི་ཕྱིར། དེ་ཡང་དགེ་ལ་སོགས་པ་ཡིན། །ཞེས་པའི་སྐབས་སུ། དགེ་སོགས་གསུམ་གྱི་མཚན་ཉིད་ལ་དཔྱད། མཚན་གཞི་ལ་དཔྱད་པ་གཉིས་ལས། དང་པོ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག རིམ་བཞིན་དུ་ལུང་དུ་བསྟན་པ་གང་ཞིག རང་གི་རྣམ་སྨིན་གྱི་འབྲས་བུ་ཡིད་དུ་འོང་བ་འབྱིན་བྱེད་དང་། ཡིད་དུ་མི་འོང་བ་འབྱིན་བྱེད་དང་། དགེ་མི་དགེ་གང་རུང་དུ་མ་གྲུབ་པའི་ཆོས་ཟེར་རོ། །རང་གི་སྐད་ཅིག་གཉིས་པར་ཁོང་ཁྲོས་འཇོམས་པར་ངེས་པའི་དགེ་བ་ཆོས་ཅན། ཕྱི་ཟུར་དེར་ཐལ། དགེ་བ་ཡིན་པའི་ཕྱིར། འདོད་ན། དེ་མིན་པར་ཐལ། ཆོས་ཅན་དེའི་ཕྱིར། ཡང་རང་གི་སྐད་ཅིག་གཉིས་པར་བཤགས་པས་འདག་པར་ངེས་པའི་མི་དགེ་བ་ཆོས་ཅན། ཕྱི་ཟུར་དེར་ཐལ། མི་དགེ་བ་ཡིན་པའི་ཕྱིར། འདོད་ན། མི་དགེ་བ་བཤགས་པ་ལ་དགོས་པ་མེད་པར་ཐལ་ལོ། །ཁ་ཅིག དང་པོ་གཉིས་ཀྱི་མཚན་ཉིད་རིམ་བཞིན། སྐྱེས་བུ་དམ་པས་བླང་བར་བྱ་བ་དང་། དེས་དོར་བར་བྱ་བ་ཞེས་ཟེར་ན། སངས་རྒྱས་འཕགས་པ་ཆོས་ཅན། དགེ་བར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། བྱང་སེམས་འཕགས་པ་རྣམས་ཀྱིས་བླང་བར་བྱ་བ་ཡིན་པའི་ཕྱིར་ཏེ། དེའི་ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར། བྱང་སེམས་འཕགས་པའི་རྒྱུད་ཀྱི་ཤེས་སྒྲིབ་ཆོས་ཅན། མི་དགེ་བར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། བྱང་འཕགས་རྣམས་ཀྱི་དོར་བྱ་ཡིན་པའི་ཕྱིར། ཁ་ཅིག སྐྱེས་བུ་དམ་པ་རྣམས་ཀྱིས་བསྔགས་པར་འོས་པ་དང་། དེས་སྨད་པར་འོས་པ་ཞེ་ན། མོས་པ་སྒོམ་ལམ་ལ་གནས་པའི་བྱང་སེམས་ཆོས་ཅན། དགེ་བར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། སངས་རྒྱས་འཕགས་པས་དེ་ལ་བསྟོད་བཀུར་བསྔགས་གསུམ་མཛད་པའི་ཕྱིར། ཕམ་པ་ཕོག་པའི་གང་ཟག་ཆོས་ཅན། མི་དགེ་བར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེར་ཐལ། སངས་རྒྱས་འཕགས་པས་དེ་ལ་རྣམ་གྲངས་དུ་མའི་སྒོ་ནས་སྨད་པའི་ཕྱིར། ཁ་ཅིག ལུང་དུ་བསྟན་པ་གང་ཞིག་ཅེས་པ་མཚན་ཉིད་ལ་བསྣོན་པ་ཡིན་ནོ་ཞེ་ན། ཐེག་དམན་གྱི་བསམས་པས་ཀུན་ནས་བསླངས་པའི་དགེ་བ་ཆོས་ཅན། མི་དགེ་བར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེར་ཐལ། མདོ་སྡུད་པ་ལས། གལ་ཏེ་བསྐལ་བ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་དུ་སེམས་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་འབྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། རིམ་བཞིན་ལུང་དུ་བསྟན་པ་གང་ཞིག རྣམ་པར་དཀར་བའི་ངོ་བོར་གནས་པ་དང་། དེ་གང་ཞིག་རྣམ་པར་གནག་པའི་ངོ་བོར་གནས་པ་དང་། དགེ་མི་དགེ་གང་རུང་དུ་མ་གྲུབ་པའི་ཆོས། གསུམ་པ་ལ། ཁ་ཅིག སངས་རྒྱས་འཕགས་པ་ཆོས་ཅན། དགེ་བར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་དེར་ཐལ། ལུང་རྣམ་དག་ཏུ་བསྟན་པའི་ཕྱིར་ཏེ། དེའི་བསྟན་དོན་ཡིན་པའི་ཕྱིར་ཞེ་ན། རྟགས་སྒྲུབ་སྔ་མ་ལ་ཟག་མེད་བར་ཆད་མེད་ལམ་གྱི་འབྲས་བུར་གྱུར་པའི་གང་ཟག་ཆོས་ཅན། དེ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པར་ཐལ། ཟག་མེད་བར་ཆད་མེད་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། གང་ཟག་ཡིན་པའི་ཕྱིར། གཉིས་པ་མཚན་གཞི་ལ། ཀུན་བཏུས་ལས། དགེ་བ་ལ་ངོ་བོ་ཉིད་ཀྱི་དགེ་བ་སོགས་བཅུ་གསུམ། མི་དགེ་བ་ལ་ངོ་བོ་ཉིད་ཀྱི་མི་དགེ་བ་སོགས་བཅུ་གཉིས། ལུང་མ་བསྟན་ལ་ངོ་བོ་ཉིད་ཀྱི་ལུང་མ་བསྟན་སོགས་བཅུར་ཡོད་དེ། མཛོད་ལས། གསུམ་པོ་དེ་རེ་རེ་ལའང་བཞི་བཞི་ཡོད་དེ། ཐར་པ་མྱ་ངན་ལས་འདས་པ་དོན་དམ་པའི་དགེ་བ། དགེ་བའི་རྩ་བ་གསུམ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ་ལྔ་ནི། བདག་ཉིད་ཀྱི་དགེ་བ། དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་ནི་མཚུངས་ལྡན་གྱི་དགེ་བ། དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་རྣམས་ནི་ཀུན་སློང་གི་དགེ་བའོ། །འཁོར་བ་ཐམས་ཅད་དོན་དམ་པའི་མི་དགེ་བ། མི་དགེ་བའི་རྩ་བ་གསུམ། ངོ་ཚ་མེད་པ། ཁྲེལ་མེད་པ་ལྔ་ནི་བདག་ཉིད་ཀྱི་མི་དགེ་བ། གཞན་གཉིས་འགྲེ། ནམ་མཁའ་དང་། སོ་སོར་བཏགས་མིན་གྱི་འགོག་པ་གཉིས་དོན་དམ་པའི་ལུང་མ་བསྟན། འཇིག་ལྟ་དང་། མཐར་འཛིན་གྱི་ལྟ་བ་གཉིས་ནི་བདག་ཉིད་ཀྱི་ལུང་མ་བསྟན་ཏོ། །གཞན་གཉིས་ལའང་འགྲེའོ། །དེ་དག་དངོས་བཏགས་གང་ཡིན་དཔྱད་ན། དོན་དམ་པའི་དགེ་མི་དགེ་གཉིས་བཏགས་པ་བ། གཞན་རྣམས་མཚན་ཉིད་པར་འདོད་དོ། །ཀུན་བཏུས་ལས་གསུངས་པའི་མཚན་ཉིད་ནི་འདིར་མ་སྤྲོས་སོ། །སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །ཞེས་པའི་སྐབས་སུ། མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ་ལས། དང་པོ་ལ་དགག་གཞག་གཉིས། དང་པོ་ནི། ཁ་ཅིག ཐེག་ཆེན་སྒྲུབ་པའི་ཐོབ་བྱ་མཐར་ཐུག་ཅེ་ན། ལོངས་སྐུ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན། དེ་མིན་པར་ཐལ། ཆེན་པོ་གསུམ་གང་རུང་མིན་པའི་ཕྱིར། ཁ་ཅིག ཐེག་ཆེན་སྒྲུབ་པ་ཉམས་སུ་ལེན་པའི་གང་ཟག་གི་རྒྱུད་ལ་འབྱུང་བར་འགྱུར་བའི་ཐོབ་བྱ་མཐར་ཐུག་ཅེ་ན། ཐེག་ཆེན་སྒྲུབ་པ་ཉམས་སུ་བླངས་པ་ལ་སྐྱེས་ཟིན་པའི་སེམས་ཆེན་པོ་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་ཡིན་པའི་ཕྱིར། གཉིས་པ་ནི། གང་གི་དབང་དུ་བྱས་ནས་ཐེག་ཆེན་གྱི་སྒྲུབ་པ་བྱེད་པར་འགྱུར་བའི་མཐར་ཐུག་གི་སྤངས་རྟོགས་གང་རུང་གིས་བསྡུས་པའོ། །གཉིས་པ་ལ། མཚན་ཉིད་དང་། མཚན་གཞི་གཉིས་ལས། དང་པོ་ལ་སེམས་ཆེན་པོ་སོགས་གསུམ་གྱི་མཚན་ཉིད་རིམ་བཞིན། རང་རྒྱུད་ལྡན་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་སེམས་བསྐྱེད། དེ་ལྟར་བྱེད་པའི་སྤངས་པ་དང་། དེ་ལྟར་བྱེད་པའི་རྟོགས་པའོ། །དེ་ལ་ཁ་ཅིག སངས་རྒྱས་སའི་སེམས་བསྐྱེད་ཆོས་ཅན། མཚན་ཉིད་སྔ་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་རྒྱུད་ལ་ལྡན་པའི་གང་ཟག་ཆོས་ཅན། ཁྱོད་སེམས་ཅན་ཡིན་པར་ཐལ། ཁྱོད་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། རྐང་གཉིས་ཡིན་པར་ཐལ། རྐང་གཉིས་ཀྱི་ནང་ནས་མཆོག་ཡིན་པའི་ཕྱིར། ཁོ་ན་རེ། སངས་རྒྱས་སའི་སེམས་བསྐྱེད་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡིན་ན། དེ་ཀུན་གྱི་ནང་ནས་མཆོག་ཡིན་དགོས་པར་ཐལ། ཁྱོད་སེམས་ཆེན་པོའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཁྱོད་གང་ཟག་གང་ཞིག དེ་ཁྱོད་ཀྱི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། རྩ་བ་ལ་མ་ཁྱབ་སྟེ། ཐེག་ཆེན་སྒྲུབ་པ་དེ་སངས་རྒྱས་འཐོབ་པར་བྱེད་པའི་ཐབས་མ་ཡིན་པར་ཐལ། དེ་རང་རྒྱུད་ལྡན་གྱི་གང་ཟག་སངས་རྒྱས་འཐོབ་པར་བྱེད་པའི་ཐབས་མིན་པའི་ཕྱིར། མ་གྲུབ་ན། རེ་ཞིག་ཁས་བླངས། ཐེག་ཆེན་སྒྲུབ་པ་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡིན་ན། སངས་རྒྱས་འཐོབ་པར་བྱེད་དགོས་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། རིམ་བཞིན་འཁོར་གསུམ་ཨེ་བྱུང་། གཉིས་པ་ནི། སངས་རྒྱས་སའི་སེམས་བསྐྱེད་དེ་སེམས་ཆེན་པོ་ཡིན་ཏེ། མདོ་ལས། རྡོ་རྗེ་ལྟ་བུའི་སེམས། རླབས་པོ་ཆེའི་སེམས། མི་སྒུལ་བའི་སེམས། ཕན་བདེའི། ཆོས་ལ་ཀུན་དགའ་བའི། རྣལ་འབྱོར་ལ་བརྩོན་པའི། རྣམ་པར་བྱང་བ་ཐམས་ཅད་ལ་དམིགས་ཏེ་སེམས་ཅན་ཀུན་གྱི་མཆོག་ཉིད་དུ་བྱེད་པའི་སེམས་བསྐྱེད་ཅེས་གསུངས་པའི་ཕྱིར། སངས་རྒྱས་སའི་སྒྲིབ་པ་སྤངས་པའི་སྤངས་པ་དེ་སྤོང་བ་ཆེན་པོ་ཡིན་ཏེ། མདོ་ལས། བདག་ཏུ་ལྟ་བ་དང་ཞེས་པ་ནས། ལྟ་བའི་རྣམ་པ་དེ་དག་སྤངས་པའི་ཕྱིར་ཆོས་སྟོན་ཏོ་ཞེས་དང་། དེའི་བདག་མེད་གཉིས་རྟོགས་པ་དེ་རྟོགས་པ་ཆེན་པོ་ཡིན་ཏེ། མདོར། ཐམས་ཅད་མཁྱེན་པའི་སེམས། བྱང་ཆུབ་ཀྱི་སེམས། ཟག་པ་མེད་པའི་སེམས། མཉམ་པ་མེད་པའི་སེམས། མི་མཉམ་པ་དང་མཉམ་པའི་སེམས། ཉན་ཐོས་དང་། རང་སངས་རྒྱས་དང་ཐུན་མོང་མིན་པའི་སེམས་ཞེས་གསུངས་པའི་ཕྱིར། དེ་ལ་དང་པོ་བྱང་ཆུབ་ཀྱི་རང་བཞིན། བར་པ་བཞི་ཡེ་ཤེས་བཞི། ཐ་མ་ཐམས་ཅད་ཀྱི་ཐུན་མོང་མིན་པར་འགྲེལ་ཆེན་ནས་གསུངས་སོ། །དེ་ལ་ཁ་ཅིག མདོ་ལས་དངོས་སུ་གསུངས་པའི་སེམས་བསྐྱེད་དྲུག་པོ་དེ། སེམས་ཆེན་པོའི་མཚན་གཞི་མིན་པར་ཐལ། དེ་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པའི་ཕྱིར་ཏེ། མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དེ་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་འགྱུར་རོ་ཞེས་དང་། དེའི་འགྲེལ་པར། ཉིར་སྣང་ལས། གང་དག་གི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་བྱེད་པར་འགྱུར་བའི་ཆོས་དེ་དག་ཀྱང་གང་ཞེ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དེ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་འགྱུར་བར་བྱའོ་ཞེས་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པར་བྱེད་པ་ཡིན་ན་དེ་རྒྱུད་ལྡན་ཡིན་དགོས་པར་ཐལ། མདོའི་བསྟན་དོན་གྲུབ་ན། བྱང་སེམས་ཀྱི་རྒྱུད་ལ་རྡོ་རྗེ་ལྟ་བུའི་སེམས་ཡོད་དགོས་པའི་ཕྱིར། འདོད་ན། བྱང་སེམས་སྦྱོར་ལམ་པ་ཆོས་ཅན། དོན་དམ་བྱང་ཆུབ་ཀྱི་སེམས་རྒྱུད་ལྡན་ཡིན་པར་ཐལ། དེ་སེམས་བསྐྱེད་པར་བྱེད་པ་ཡིན་པའི་ཕྱིར། ཡང་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པར་འགྱུར་བའི་སེམས་བསྐྱེད་ཡིན་ན་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་དགོས་པར་ཐལ། ཉིར་སྣང་གི་ལུང་དེའི་བསྟན་དོན་གྲུབ་ན། བྱང་སེམས་ཀྱི་རྒྱུད་ལ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་ཡོད་དགོས་པའི་ཕྱིར། འདོད་ན། སེམས་ཆེན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེས་ན་མདོ་འགྲེལ་དེ་དག་གི་དོན་ནི། བྱང་སེམས་ཀྱི་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་ལ་སོགས་པ་དྲུག་པོ་དེ་བསྐྱེད་དེ་ནམ་ཞིག་སྐྱེས་པ་ན་སེམས་དེ་དག་རང་རྒྱུད་ལྡན་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཏུ་བྱེད་པ་ཡིན་ནོ་ཞེས་པའི་དོན་ཏེ། རྩ་བར། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །ཞེས་པས་བསྟན་ཏོ། །གསུམ་པ་ས་མཚམས་ལ། འཕགས་གྲོལ་གྱིས། ཆེན་པོ་གསུམ་རེ་རེ་ལའང་གནས་སྐབས་དང་མཐར་ཐུག་གི་དབང་དུ་བྱས་པ་གཉིས་གཉིས་ཡོད་པའི་དང་པོ་ཐེག་ཆེན་གྱི་ཚོགས་ལམ་ན་ཡོད་ལ། ཕྱི་མ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ་ཞེས་གསུངས་སོ། །ཆེད་དུ་བྱ་བ་མཚན་ཉིད་པ་ནི་ཕྱི་མ་ཁོ་ན་སྟེ། ཆེན་པོ་གསུམ་གང་རུང་ཡིན་ན། རང་རྒྱུད་ལྡན་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་ཆོས་ཡིན་དགོས་པའི་ཕྱིར་རོ། །དེ་ལ་ཁ་ཅིག གཞན་དོན་ཆོས་ཅན། སངས་རྒྱས་ས་ཁོ་ནར་ཡོད་པར་ཐལ། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ཡིན་པའི་ཕྱིར་ཏེ། ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་བྱ་བ་ཡིན་པའི་ཕྱིར་ཏེ། དེའི་ཆེད་དུ་བྱ་བའི་དམིགས་པ་ཡིན་པའི་ཕྱིར་ཞེ་ན། རྟགས་སྒྲུབ་སྔ་མ་ལ། རྣམ་མཁྱེན་ཆོས་ཅན། ཚོགས་སྒྲུབ་ཀྱིས་བསྒྲུབ་པར་བྱ་བའི་ཚོགས་ཡིན་པར་ཐལ། འཇུག་སྒྲུབ་ཀྱིས་འཇུག་པར་བྱ་བའི་ཐེག་ཆེན་ཡིན་པའི་ཕྱིར། ཁྱབ་པ་ཁས། ཡང་རྣམ་མཁྱེན་རྗེས་མཐུན་པ་ཡིན་ན། རྣམ་མཁྱེན་ཡིན་དགོས་པར་ཐལ། ཐེག་ཆེན་སྒྲུབ་པའི་གནས་སྐབས་ཀྱི་ཆེད་དུ་བྱ་བ་ཡིན་ན། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ཡིན་དགོས་པའི་ཕྱིར། དེ་ལྟར་སྒྲུབ་པའི་རྟེན་དུ་གྱུར་པ། ཞེས་པའི་སྐབས་སུ། ཐེག་ཆེན་སྒྲུབ་པའི་མཐའ་དཔྱད་པ་ལ་མཚན་ཉིད། དབྱེ་བ། གྲངས་ངེས། སྒྲ་བཤད་པ་དང་བཞིའོ། །དང་པོ་ནི། ཐེག་ཆེན་སེམས་བསྐྱེད་ལ་གནས་ནས་རང་བཞིན་གྱི་དོན་ལ་བརྩོན་ཞིང་། རང་འབྲས་བྱང་ཆུབ་ཆེན་པོ་སྒྲུབ་པར་བྱེད་པའི་སེམས་དཔའི་ཉམས་ལེན་ཏེ། རྒྱན་ལས། གནས་རྩོམ་འབྲས་བུའི་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད། །རྟག་ཏུ་ལེན་པ་ཆེ་དང་བཟོད་པ་ཆེ། །དོན་ཆེན་ཡང་དག་སྒྲུབ་པའི་བྱ་བ་བྱེད། །ཅེས་སོ། །གཉིས་པ་ལ་གཉིས་སུ་ཕྱེ་བ་དང་། བཞིར་ཕྱེ་བ་གཉིས། དང་པོ་ནི། སྤྱིའི་སྒྲུབ་པ་དང་། བྱེ་བྲག་གི་སྒྲུབ་པ་ཞེས་པའམ། མཁྱེན་གསུམ་ཡུལ་གྱི་སྒྲུབ་པ་དང་། ཡུལ་ཅན་སྦྱོར་བཞིའི་སྒྲུབ་པ་གཉིས་སོ། །འདི་གཉིས་ཀྱི་ཁྱད་པར་ལ། ཨར་ན་རེ། རིམ་བཞིན་ཐེག་ཆེན་སྒྲུབ་པ་གང་ཞིག ཕྱིན་དྲུག་ལ་སྤྱོད་པའི་ཉམས་ལེན་གྱིས་མ་ཟིན་པ་དང་ཟིན་པ་དེ། སྤྱིའི་སྒྲུབ་པ་དང་བྱེ་བྲག་གི་སྒྲུབ་པའི་མཚན་ཉིད་ཡིན་ཟེར་རོ། །འོ་ན་ཚོགས་ལམ་པའི་རྒྱུད་ཀྱི་མཁྱེན་གསུམ་ཡུལ་གྱི་སྒྲུབ་པ་དེ་ཆོས་ཅན། ཟུར་ཕྱི་མར་ཐལ། སྤྱིའི་སྒྲུབ་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གོ་སྒྲུབ་ཡིན་པའི་ཕྱིར་ཏེ། ཐེག་ཆེན་སྒྲུབ་པ་ཡིན་པའི་ཕྱིར། དར་ཊཱིཀ་པ་ན་རེ། འདི་གཉིས་ངོ་བོ་གཅིག་ལ་བསྟན་ཚུལ་གྱི་སྒོ་ནས་ཕྱེ་བ་ཙམ་ཡིན་ཏེ། སྐབས་དང་པོ་གསུམ་དུ་བསྟན་པའི་ཐེག་ཆེན་སྒྲུབ་པ་ལ། སྤྱིའི་སྒྲུབ་པ་ཞེས་བྱ་སྟེ། དེ་ལ་ཕྱིན་དྲུག་ལ་སྤྱོད་པའི་ཉམས་ལེན་གྱི་ལྡོག་པ་ནས་མ་བསྟན་པར་སྤྱིའི་དགེ་བའི་ཆོས་ཀྱི་རྟེན་ཙམ་དུ་བསྟན་པའི་ཕྱིར་དང་། སྐབས་བར་པ་བཞི་ནས་བསྟན་པའི་སྒྲུབ་པ་ལ་བྱེ་བྲག་སྒྲུབ་པ་ཞེས་བྱ་སྟེ། དེ་ཕྱིན་དྲུག་ལ་སྤྱོད་པའི་ཉམས་ལེན་གྱི་ལྡོག་པ་ནས་བསྟན་པའི་ཕྱིར་ཏེ། སྐབས་བཞི་པར། སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ཞེས་དང་། ལྔ་པར། སྦྱིན་པ་ལ་སོགས་རེ་རེས་ནི། །ཞེས་དང་། དྲུག་པར། སྦྱིན་པ་ཤེས་རབ་བར་དག་དང་། །ཞེས་དང་། བདུན་པར། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་སྐབས་དང་པོ་གསུམ་ནས་བསྟན་པའི་ཐེག་ཆེན་གྱི་སྒྲུབ་པ་དེ་ཡང་ཕྱིན་དྲུག་ཉམས་སུ་ལེན་པའི་ལྡོག་པ་ནས་བསྟན་པར་ཐལ། སྐབས་དང་པོར། དེ་དག་སོ་སོར་སྦྱིན་ལ་སོགས། །ཞེས་དང་། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །ཞེས་དང་། གཉིས་པར། སངས་རྒྱས་བསྟན་དང་སྦྱིན་སོགས་དང་། །ཞེས་དང་། གསུམ་པར། སྦྱིན་ལ་སོགས་པ་ངར་འཛིན་མེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་རང་ལུགས་ནི་སྐབས་དང་པོ་གསུམ་ནས་བསྟན་པའི་བསྒྲུབ་པ་ལ་སྤྱིའི་སྒྲུབ་པ་དང་ཡུལ་གྱི་སྒྲུབ་པ་ཞེས་བྱ་སྟེ། དེ་ཐོས་བསམ་གྱིས་གཏན་ལ་ཕབ་པར་བྱ་བའི་ཡུལ་གྱི་ལྡོག་པ་ནས་བསྟན་པའི་ཕྱིར། སྐབས་བར་པ་གསུམ་ནས་བསྟན་པའི་སྒྲུབ་པ་ལ་བྱེ་བྲག་གི་སྒྲུབ་པ་དང་། ཡུལ་ཅན་གྱི་སྒྲུབ་པ་ཞེས་བྱ་སྟེ། དེ་ཉམས་ལེན་གྱི་སྦྱོར་བའི་ལྡོག་པ་ནས་བསྟན་པའི་ཕྱིར་ཏེ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཞེས་གསུངས་པའི་ཕྱིར། ཆོས་སྐུ་ལས་ནི་སྒྲུབ་པ་མ་བསྟན་ཏེ། དེ་འབྲས་བུའི་ལྡོག་པ་ནས་བསྟན་པའི་ཕྱིར། གཉིས་པ་ནི། གོ་སྒྲུབ་སོགས་བཞིའོ། །གསུམ་པ་ནི། དེ་ལ་བཞིར་གྲངས་ངེས་ཏེ། ངོ་བོ་བསམ་སྦྱོར་གཉིས་སུ་ངེས་པས་སྒྲུབ་པ་དང་པོ་གཉིས་གཞག ཐོབ་བྱ་གནས་སྐབས་མཐར་ཐུག་གཉིས་སུ་ངེས་པས་དེ་སྒྲུབ་པ་ལ་གཙོ་ཆེ་བའི་དབང་དུ་བྱས་ཏེ། ཕྱི་མ་གཉིས་གཞག་པའི་ཕྱིར། བཞི་པ་ནི། མི་མཐུན་ཕྱོགས་ལས་རྒྱལ་བའི་ཕྱིར་དུ་ཕར་ཕྱིན་དྲུག་ཉམས་སུ་ལེན་པའི་གོ་གྱོན་པའི་སྒྲུབ་པ་ཡིན་པས་ན་གོ་སྒྲུབ་བོ། །རྒྱུ་དང་འབྲས་བུའི་ཐེག་པ་ལ་འཇུག་པར་བྱེད་པའི་སྒྲུབ་པ་ཡིན་པས་ན་འཇུག་སྒྲུབ་བོ། །ཚོགས་གཉིས་ཀྱི་དཔུང་གསོག་པར་བྱེད་པས་ན་ཚོགས་སྒྲུབ་བོ། །འབྲས་བུ་མཐར་ཐུག་གི་གནས་སུ་ངེས་པར་འབྱིན་པར་བྱེད་པའི་སྒྲུབ་པ་ཡིན་པས་ན་ངེས་འབྱུང་སྒྲུབ་པའོ། །དེ་ལྟར་ཇི་ལྟ་བ་བཞིན་དུ། ཞེས་པའི་སྐབས་སུ། སྒྲུབ་པ་བཞིའི་ས་མཚམས་ལ། དགག་གཞག་གཉིས་ལས། དང་པོ་ནི། སྔ་རབས་པ་ཁ་ཅིག སྒྲུབ་པ་བཞིའི་མ་མཐའི་ས་མཚམས་ཐེག་ཆེན་སྦྱོར་ལམ། མཐོང་ལམ། སྒོམ་ལམ། ཁྱད་པར་ཅན་གྱི་ལམ་ནས་རིམ་བཞིན་འཇོག་ཟེར་རོ། །མི་འཐད་དེ། ཐེག་ཆེན་གྱི་ཚོགས་ལམ་ན་གོ་སྒྲུབ་ཡོད་པའི་ཕྱིར་དང་། སྦྱོར་ལམ་ན་འཇུག་སྒྲུབ་ཡོད་པའི་ཕྱིར་དང་། མཐོང་ལམ་ན་ཚོགས་སྒྲུབ་ཡོད་པའི་ཕྱིར་རོ། །གལ་ཏེ་རྟགས་དང་པོ་མ་གྲུབ་སྟེ། ཐེག་ཆེན་གྱི་ཚོགས་ལམ་ན་ཐེག་ཆེན་གྱི་སྦྱོར་ལམ་དུ་ཐོབ་པ་ཙམ་གྱི་གོ་སྒྲུབ་མེད་པའི་ཕྱིར་ཞེ་ན། འོ་ན་སྦྱོར་ལམ་ནའང་དེ་མེད་པར་ཐལ། མཐོང་ལམ་དུ་ཐོབ་པ་ལྟར་གྱི་གོ་སྒྲུབ་མེད་པའི་ཕྱིར། དར་ཊཱིཀ་པ་ན་རེ། གཞུང་འདིས་སྒྲུབ་པ་བཞིའི་ས་མཚམས་མ་བསྟན་ཏེ། དེ་བསྟན་ན་སྒྲུབ་པ་བཞི་དང་ལམ་བཞི་རིམ་བཞིན་སྦྱར་དགོས་པ་གང་ཞིག དེ་སྦྱོར་བ་མི་འཐད་པའི་ཕྱིར་ཞེ་ན། འོ་ན་རྣམ་པ་ཀུན་མངོན་པར་རྟོག་པ་ཞེས་སོགས་ཀྱི་གཞུང་དེས་སྒྲུབ་པ་བཞིའི་ངོ་བོ་མ་བསྟན་པར་ཐལ། དེས་དེ་བསྟན་ན། སྒྲུབ་པ་བཞི་དང་སྦྱོར་བ་བཞི་རིམ་བཞིན་སྦྱར་དགོས་པ་གང་ཞིག དེ་སྦྱོར་བ་མི་འཐད་པའི་ཕྱིར། ཁྱབ་བསལ་རྟགས་སྔ་ཟུར་རྣམས་ཁས་སོ། །ཕྱི་མ་མ་གྲུབ་ན། བྱང་སེམས་སྦྱོར་ལམ་རྩེ་མོའི་ཡེ་ཤེས་ཆོས་ཅན། ཚོགས་སྒྲུབ་ཡིན་པར་ཐལ། མཐར་གྱིས་པའི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་ནི། སྦྱོར་བ་དང་ཞེས་པས་གོ་སྒྲུབ། འཇུག་སྒྲུབ། ཚོགས་སྒྲུབ་དང་པོ་བཅོ་ལྔའི་ས་མཚམས་བསྟན་ཏེ། གོ་སྒྲུབ་དེ་ཐེག་ཆེན་མཐོང་ལམ་ལ་བརྒྱུད་ནས་སྦྱོར་བ་ཚོགས་ལམ་ནས་ཡོད། འཇུག་སྒྲུབ་དེ་ལ་དངོས་སུ་སྦྱོར་བ་སྦྱོར་ལམ་ནས་ཡོད། ཚོགས་སྒྲུབ་དང་པོ་བཅོ་ལྔ་དེ་ལ་མངོན་སུམ་སྦྱོར་བ་ཆོས་མཆོག་ཆེན་པོ་ནས་ཡོད་པའི་ཕྱིར། མཐོང་བ་དང་སྒོམ་པ་ཞེས་པས་ས་དང་གཉེན་པོའི་ཚོགས་ཀྱི་ས་མཚམས་བསྟན་ཏེ། སའི་ཚོགས་ལ་བཅུ་ཡོད་པའི་དང་པོ་མཐོང་བའི་ལམ་གྱི་རང་བཞིན་དང་། ཕྱི་མ་དགུ་སྒོམ་ལམ་གྱི་རང་བཞིན། གཉེན་པོ་ཚོགས་སྒྲུབ་ལ་མཐོང་སྤང་གཉེན་པོ་ཚོགས་སྒྲུབ་མཐོང་ལམ་གྱི་རང་བཞིན་དང་། སྒོམ་སྤང་གཉེན་པོ་ཚོགས་སྒྲུབ་ནི་སྒོམ་ལམ་གྱི་རང་བཞིན་ཡིན་པའི་ཕྱིར། ཁྱད་པར་གྱི་ལམ་དང་ཞེས་པས་ངེས་འབྱུང་སྒྲུབ་པའི་ས་མཚམས་བསྟན་ཏེ། དེ་ས་བཅུ་རྒྱུན་མཐའི་སྔ་ལོགས་ནས་འཇོག་པའི་ཕྱིར་ཏེ། འགྲེལ་ཆེན་ལས། དེ་ལ་འཕགས་པ་ཐོགས་མེད་ཀྱི་གོ་ཆ་དང་འཇུག་པ་དག་ནི་གོ་རིམ་བཞིན་དུ། བརྒྱུད་པ་དང་དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་ནས་བརྩམས་ཏེ། གཟུངས་ཀྱི་བར་ནི་མངོན་དུ་སྦྱོར་བའི་ལམ་གྱི་རང་བཞིན་ཆོས་ཀྱི་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་པའི་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཡིན་ལ། ས་གཉིས་པ་ལ་སོགས་པའི་རང་བཞིན་སྒོམ་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཅིང་། གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་ཚོགས་ཀྱི་སྒྲུབ་པ་ནི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ཏེ། ངེས་པར་འབྱུང་བའི་སྒྲུབ་པ་ནི་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་གསུངས་སོ། །དེ་དག་སོ་སོར་སྦྱིན་ལ་སོགས། །ཞེས་པའི་སྐབས་སུ། གོ་སྒྲུབ་ཀྱི་མཚན་ཉིད་དང་། ཕར་ཕྱིན་དྲུག་གི་མཐའ་དཔྱད་པ་གཉིས། དང་པོ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག ཕར་ཕྱིན་རེ་རེའི་ནང་དུ་ཕར་ཕྱིན་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་སེམས་དཔའི་བྱ་བ་ཞེས་དང་། ཡང་དེ་ལྟར་ཉམས་སུ་ལེན་པའི་བསམ་པའི་བརྩོན་འགྲུས་གཙོ་བོར་གྱུར་པའི་སེམས་དཔའི་བྱ་བ་ཞེས་དང་། ཡང་སྒྲུབ་པའི་ཁྱད་པར་བཞི་ལྡན་གང་ཞིག གོ་ཆའི་བརྩོན་འགྲུས་ཀྱིས་ཀུན་ནས་བསླངས་པའི་བྱ་བ་ཞེས་དང་། ཡང་དེ་གང་ཞིག གོ་ཆའི་བརྩོན་འགྲུས་གཙོ་བོར་གྱུར་པ་དང་། ཡང་སྦྱིན་སོགས་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་གོ་ཆའི་བརྩོན་འགྲུས་གཙོ་བོར་གྱུར་པ་ཞེས་ཟེར་རོ། །དང་པོ་ལ། ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་སེམས་དཔའི་ལུས་ཀྱི་བྱ་བ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གསལ་ཆོས་ཅན་གྱིས་བསྒྲུབ་བོ། །དེས་གཉིས་པའང་ཁེགས། གསུམ་པ་ལ། ཐེག་ཆེན་གྱི་ཚོགས་ལམ་ཐོབ་མ་ཐག་པའི་གོ་ཆའི་བརྩོན་འགྲུས་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཁྱོད་ཀྱི་སྔ་རོལ་དུ་གོ་ཆའི་བརྩོན་འགྲུས་སོང་བར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཆོས་ཅན་དེ་མིན་པར་ཐལ་ལོ། །ཕྱི་མ་གཉིས་ལ། སྦྱོར་བའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། གཉིས་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། ཐེག་ཆེན་སྒྲུབ་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཅན་དེ་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། ཕར་ཕྱིར་རེ་རེའང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་གོ་ཆས་ཟིན་པའི་སེམས་དཔའི་རྣལ་འབྱོར་རོ། །གསུམ་པ་ལ། ཁ་ཅིག ཐེག་ཆེན་གྱི་ཚོགས་ལམ་ན་གོ་སྒྲུབ་མེད་པར་ཐལ། དེ་ལ་མཚན་ཉིད་དེ་མེད་པའི་ཕྱིར་ཏེ། དེ་ན་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པ་མེད་པའི་ཕྱིར་ཏེ། དེ་ན་ཕར་ཕྱིན་དྲུག་མེད་པའི་ཕྱིར་ཟེར་ན། འོ་ན་དེ་ན་རྣམ་མཁྱེན་གྱི་རྣམ་པ་ཉམས་སུ་ལེན་པ་མེད་པར་ཐལ། དེ་ན་རྣམ་མཁྱེན་མེད་པའི་ཕྱིར། ཁ་ཅིག འཇུག་སྒྲུབ་ཡིན་ན་བསམ་གཏན་གཟུགས་མེད་ནས་རྣམ་མཁྱེན་གྱི་བར་དགུ་ཆར་ཉམས་སུ་ལེན་པའི་རྣལ་འབྱོར་ཡིན་དགོས་པར་ཐལ། གོ་སྒྲུབ་ཡིན་ན། མཚན་ཉིད་དེ་ཡིན་དགོས་པའི་ཕྱིར་ཞེ་ན། འོ་ན་འཇུག་སྒྲུབ་དེ་འཇུག་ཡུལ་ཐེག་ཆེན་དགུ་པོ་རེ་རེའང་དགུ་ལྡན་དུ་ཉམས་སུ་ལེན་པའི་སྒོ་ནས་བསྟན་པར་ཐལ། གོ་སྒྲུབ་དེ་ཕར་ཕྱིན་རེ་རེའང་དྲུག་ལྡན་དུ་ཉམས་སུ་ལེན་པའི་སྒོ་ནས་བསྟན་པའི་ཕྱིར་ཏེ། འདིའི་གཞུང་རྩ་འགྲེལ་གཉིས་པོ་ཞལ་མ་ཡོལ་བར་བཞུགས་པའི་ཕྱིར། གཉིས་པ་ནི། མདོ་སྡེ་རྒྱན་ལས། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང་། །ངེས་པའི་ཚིག་དང་ཡོན་ཏན་གོམས་བྱ་དང་། །དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཞེས་བྱ། །ཞེས་གསུངས་པ་ལྟར་དོན་ཚན་རྣམ་པ་བཅུ་ལས། དང་པོ་གྲངས་ངེས་ལ་ལྔ་ལས། དང་པོ་མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་དབང་དུ་བྱས་ནས་ཕར་ཕྱིན་དེ་ལ་དྲུག་ཏུ་ངེས་ཏེ། དང་པོ་བཞིས་མངོན་མཐོ་བསྒྲུབ། ཕྱི་མ་གཉིས་ཀྱི་ངེས་ལེགས་སྒྲུབ་པའི་ཕྱིར། གཉིས་པ་དོན་གཉིས་སྒྲུབ་པའི་དབང་དུ་བྱས་ནས་ཀྱང་དྲུག་ཏུ་ངེས་ཏེ། དང་པོ་གསུམ་གྱིས་གཞན་དོན་སྒྲུབ། ཕྱི་མ་གསུམ་གྱིས་རང་དོན་སྒྲུབ་པའི་ཕྱིར་དང་། དྲུག་ཆར་གྱིས་གཞན་དོན་སྒྲུབ་ཅིང་དེ་ཉིད་རང་དོན་ཡིན་པའི་ཕྱིར། གསུམ་པ་ཐེག་ཆེན་གྱི་ལམ་ཐམས་ཅད་སྒྲུབ་པའི་དབང་དུ་བྱས་ནས་དེར་ངེས་ཏེ། ཐེག་ཆེན་གྱི་ལམ་དེ་ལ་ལོངས་སྤྱོད་ལ་མངོན་པར་མི་དགའ་བ་དང་། བསླབ་པ་ལ་རབ་ཏུ་གུས་པ་དང་། སྡུག་བསྔལ་དང་དགེ་བ་གཉིས་ལ་མི་སྐྱོ་བ་དང་། ཞི་གནས་ཀྱི་རྣལ་འབྱོར་དང་། ལྷག་མཐོང་གི་རྣམ་པར་མི་རྟོག་པ་དྲུག་ཏུ་ངེས་པའི་ཕྱིར། བཞི་པ་ཐབས་མཁས་ཀྱི་རྣམ་པ་ཐམས་ཅད་སྒྲུབ་པའི་དབང་དུ་བྱས་ནས་དྲུག་ཏུ་ངེས་ཏེ། ཐབས་མཁས་ཀྱི་རྣམ་པ་དེ་ལ། འདོད་པའི་ཡུལ་ལ་མ་ཆགས་པ་དང་། ཡུལ་དེ་ཐོབ་པར་འདོད་པའི་རྣམ་གཡེང་སྡོམ་པ་དང་། སེམས་ཅན་མི་གཏོང་བར་རྗེས་སུ་འཛིན་པ་དང་། དགེ་བ་འཕེལ་བར་བྱེད་པ་དང་། ཉོན་སྒྲིབ་མགོ་གནོན་པ་དང་། ཤེས་སྒྲིབ་རྩ་བ་ནས་སྤོང་བ་རྣམས་སུ་ངེས་པའི་ཕྱིར། ལྔ་པ་བསླབ་པ་གསུམ་སྒྲུབ་པའི་དབང་དུ་བྱས་ནས་དྲུག་ཏུ་ངེས་ཏེ། དང་པོ་གསུམ་གྱིས་ཚུལ་ཁྲིམས་ཀྱི་བསླབ་པ་སྒྲུབ། ཕྱི་མ་གཉིས་ཀྱིས་སེམས་དང་ཤེས་རབ་གཉིས་ཀྱི་བསླབ་པ་སྒྲུབ། བརྩོན་འགྲུས་ཀྱིས་གསུམ་ཆར་སྒྲུབ་པའི་ཕྱིར། གཉིས་པ་མཚན་ཉིད་ལ་རིམ་བཞིན་དུ། གཏོང་བའི་སེམས་པ་ཆོས་བཞི་ལྡན་དང་། དེ་བཞིན་དུ་སྤོང་བའི་དང་། མི་འཁྲུགས་པའི་དང་། དགེ་བ་ལ་སྤྲོས་བའི་དང་། དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་པའི་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་སེམས་པ་ཆོས་བཞི་ལྡན་ནོ། །ཆོས་བཞི་ནི། མི་མཐུན་ཕྱོགས་སེར་སྣ་སོགས་ཉམས་པ། གྲོགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ། དངོས་སུ་སེམས་ཅན་གྱི་འདོད་པའི་དོན་ཡོངས་སུ་རྫོགས་པར་བྱེད་པ། དེས་འཁོར་དུ་བསྡུས་ནས་ཐེག་པ་གསུམ་གྱིས་སྐལ་བ་ཇི་ལྟ་བ་བཞིན་སྨིན་པར་བྱེད་པའོ། །གསུམ་པ་གོ་རིམ་ནི། སྔ་མ་ལ་བརྟེན་ཕྱི་མ་སྐྱེ་བའི་རིམ་པ་དང་། དམན་པ་དང་མཆོག་ཏུ་གནས་པའི་གོ་རིམ་དང་། རགས་པ་དང་ཕྲ་བའི་གོ་རིམ་མོ། །རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་སོ། །བཞི་པ་ངེས་པའི་ཚིག་ནི། དཱ་ན་འདོར་བ་ལ་འཇུག་པས་དབུལ་བ་འདོར་བས་ན་སྦྱིན་པ། ཤཱི་ལ་བསིལ་བ་ལ་འཇུག་ཅིང་ཉོན་མོངས་པའི་ཚ་གདུང་ལས་བསིལ་བར་བྱེད་པས་ཚུལ་ཁྲིམས། ཁྲོ་བ་བཟོད་པས་ན་བཟོད་པ། དགེ་བ་མཆོག་ལ་སྦྱོར་བས་བརྩོན་འགྲུས། ཡིད་དམིགས་པ་ལ་འཛིན་པས་བསམ་གཏན། དོན་དམ་པའི་ཡུལ་གྱི་གནས་ལུགས་ཤེས་པས་ན་ཤེས་རབ་བོ། །དེ་ཉིད་ལས། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་ཤེས་རབ། །ཅེས་སོ། །ལྔ་པ་ཡོན་ཏན་གོམས་པར་བྱ་བ་ལ། དངོས་པོ་ལ་བརྟེན་པ། ཡིད་ལ་བྱེད་པ་ལ། བསམ་པ་ལ། ཐབས་ལ། དབང་འབྱོར་བ་ལ་བསྟན་ནས་སྒོམ་པ་དང་ལྔ་ལས། དང་པོ་ལ་རྒྱུ་རིགས་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་རྒྱུ་ལ་བརྟེན་པ། ལུས་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་སྒྲུབ་པ་རྣམ་སྨིན་ལ་བརྟེན་པ། སྨོན་ལམ་གྱི་སྟོབས་ཀྱིས་སྒྲུབ་པ་སྨོན་ལམ་ལ་བརྟེན་པ། མི་མཐུན་ཕྱོགས་དང་གཉེན་པོའི་སྐྱོན་ཡོན་སོ་སོར་བརྟགས་ནས་སྒྲུབ་པ་སོ་སོར་བརྟགས་པའི་སྟོབས་ལ་བརྟེན་པ་དང་བཞིའོ། །གཉིས་པ་ཡིད་ལ་བྱེད་པ་ལ། མོས་པ་དང་། རོ་མྱོང་བ་དང་། རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་བ་ཡིད་ལ་བྱེད་པ་དང་བཞིའོ། །གསུམ་པ་བསམ་པ་ལ། ངོམ་མི་ཤེས་པའི་བསམ་པ་དང་། རྒྱ་ཆེ་བའི་བསམ་པ་དང་། དགའ་བའི་བསམ་པ་དང་། ཕན་པའི་བསམ་པ་དང་། མ་གོས་པའི་བསམ་པ་དང་། དགེ་བའི་བསམ་པ་སྟེ་ཕར་ཕྱིན་རེ་རེའང་བསམ་པ་དྲུག་དྲུག་གི་སྒོ་ནས་བསྒོམ་པའོ། །བཞི་པ་ཐབས་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྦྱིན་སོགས་རེ་རེའང་འཁོར་གསུམ་ཡོངས་སུ་དག་པར་སོ་སོར་རྟོགས་པར་བྱེད་པའོ། །ལྔ་པ་དབང་འབྱོར་པ་ལ། སྐུ་ལ་དབང་འབྱོར་པ་ནི་ཆོས་སྐུ་དང་ལོངས་སྐུ་ཐོབ་པ་དང་། སྤྱོད་པ་ལ་དབང་འབྱོར་པ་ནི་སྤྲུལ་སྐུ་ཐོབ་པ། སྟོན་པ་ལ་དབང་འབྱོར་པ་ནི་ཕར་ཕྱིན་དྲུག་ཐོབ་བྱེད་དུ་སྟོན་པའི་སྒོ་ནས་སྒྲུབ་པའོ། །དྲུག་པ་རབ་ཏུ་དབྱེ་བ་ནི། རེ་རེའང་ངོ་བོ། རྒྱུ། འབྲས་བུ། ལས། ལྡན་པ། འཇུག་པ་དྲུག་དྲུག་གི་སྒོ་ནས་གཏན་ལ་དབབ་པའོ། །བདུན་པ་བསྡུ་བ་ནི། སྦྱིན་སོགས་དྲུག་པོ་དེས་དཀར་པོའི་ཆོས་ཐམས་ཅད་བསྡུས་ཏེ། མཉམ་པར་མ་གཞག་པའི་དཀར་ཆོས་ཐམས་ཅད་ནི་དང་པོ་གཉིས་ཀྱིས་བསྡུས། གཞག་པ་དེ་རྣམས་ཕྱི་མ་གཉིས་ཀྱིས་བསྡུས། བར་པ་གཉིས་ཀྱིས་གཉིས་ཀ་བསྡུས་པའི་ཕྱིར། བརྒྱད་པ་མི་མཐུན་ཕྱོགས་སྤང་བའི་ཁྱད་པར་ནི། རེ་རེའང་ཆགས་པ་བདུན་བདུན་སྤང་བ་སྟེ། སྦྱིན་པ་ལ་མཚོན་ན་ལོངས་སྤྱོད་ལ་ཆགས་པ། ཕྱི་བཤོལ་ལ་ཆགས་པ། དེ་ཙམ་གྱིས་ཆོག་པར་འཛིན་པ་ལ་ཆགས་པ། ལན་ལ་ཆགས་པ། རྣམ་སྨིན་ལ་ཆགས་པ། སེར་སྣའི་བག་ཉལ་མ་སྤངས་པའི་ཕྱིར་མི་མཐུན་ཕྱོགས་ལ་ཆགས་པ། རྣམ་གཡེང་ལ་ཆགས་པ་སྤོང་བ་ཡིན་ལ། གཞན་རྣམས་ལའང་འགྲེ། དགུ་པ་ཡོན་ཏན་བསྔགས་པ་ལ། རྒྱ་ཆེ་བའི་ཡོན་ཏན། རྣམ་པར་དག་པའི་ཡོན་ཏན། མཆོག་ཏུ་གྱུར་པའི་ཡོན་ཏན་གསུམ་ལས། དེ་དག་རེ་རེའང་དངོས་པོ་རྒྱ་ཆེ་བ། ཀུན་སློང་ཟང་ཟིང་མེད་པ། འབྲས་བུ་དོན་ཆེ་བ། དུས་ཟད་མི་ཤེས་པ་བཞི་བཞི་ལས། དངོས་པོ་ལ་སྦྱིན་པ་ལ་ཟང་ཟིང་གི་ནང་ནས་རང་གི་སྲོག་གཏོང་བ་ལྟ་བུ་དང་། ཚུལ་ཁྲིམས་ལ་བྱང་ཆུབ་སེམས་པའི་ཚུལ་ཁྲིམས་རྣམ་པ་གསུམ་དང་། བཟོད་པ་ལ་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་། བརྩོན་འགྲུས་ལ་འཇིག་རྟེན་པ་དང་ཉན་རང་ལས་ལྷག་པའི་བརྩོན་འགྲུས་དང་། བསམ་གཏན་ལ་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དང་ལྡན་པའི་བསམ་གཏན་དང་། ཤེས་རབ་ལ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་སྟེ་དངོས་པོ་རྒྱ་ཆེ་བའོ། །ཀུན་སློང་ཟང་ཟིང་མེད་པ་ནི་ཚེ་འདིར་ལན་དང་། ཕྱི་མར་རྣམ་པར་སྨིན་པ་ལ་མི་རེ་བ་ཡིན་ནོ། །འབྲས་བུ་དོན་ཆེ་བ་ནི། དེ་དག་གིས་སྐྱེ་བོ་བྱང་ཆུབ་གསུམ་ལ་དགོད་པའོ། །དུས་ཟད་མི་ཤེས་པ་ནི་ཕར་ཕྱིན་དང་པོ་ལྔ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང་། ཕྱི་མ་ཐབས་སྙིང་རྗེ་ཆེན་པོ་དང་ལྡན་པས་ལྷག་མེད་དུའང་མི་ཟད་པའོ། །གཉིས་པ་ལ། སྦྱིན་པ་རྣམ་པར་དག་པ་ནི། སློང་བ་པོའི་འདོད་པ་ཐམས་ཅད་ཚིམས་པ་ལས། བྱང་ཆུབ་སེམས་དཔས་སློང་བ་པོ་ཚིམས་པ་མཐོང་བའི་དགའ་བ་ཁྱད་པར་དུ་འཕགས་པ་ལྟ་བུའོ། །ཚུལ་ཁྲིམས་རྣམ་པར་དག་པ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པས་མི་དགེ་བ་བཅུ་ལ་ངང་གིས་མི་འཇུག་པའོ། །བཟོད་པ་རྣམ་པར་དག་པ་ནི། གནོད་བྱེད་བྱང་ཆུབ་སྒྲུབ་པའི་གྲོགས་ཡིན་པས་ཕན་འདོགས་བྱེད་དུ་མཐོང་ནས་བཟོད་པར་བྱ་བའི་གཞི་མེད་པའོ། །བརྩོན་འགྲུས་རྣམ་པར་དག་པ་ནི། བདག་གཞན་མཉམ་པར་རྟོགས་པ་རྣམ་པར་དག་པས་གཞན་གཅེས་པར་རྟོགས་པའི་སྟོབས་ཀྱིས་གཞན་དོན་དུ་དཀའ་བ་སྤྱད་པའི་བརྩོན་འགྲུས་མི་དཀའ་བའོ། །བསམ་གཏན་རྣམ་པར་དག་པ་ནི། ཟག་མེད་ཀྱི་བདེ་བ་ཆེན་པོ་དང་ལྡན་པ་སོགས་ཀྱིས་འཇིག་རྟེན་པ་དང་ཉན་རང་གི་བསམ་གཏན་ལས་ལྷག་པའོ། །ཤེས་རབ་རྣམ་པར་དག་པ་ནི།         རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*