རྣམ་པར་བསྡུ་བའི་ཚེ་ཡང་མཁྱེན་གསུམ་གྱི་རྣམ་པ་གསུམ་དུ་བསྡུས། སྦྱོར་བས་སྒོམ་པའི་ཚེ་ཡང་མཁྱེན་གསུམ་གྱི་སྦྱོར་བས་བསྒོམས་པས་འབྲས་བུ་མཐར་ཐུག་པའི་ཚེ་མཁྱེན་གསུམ་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །འོ་ན་སྔར་རྣམ་པ་ཙམ་ལ་ཀུན་མཁྱེན་གསུམ་དུ་ཕྱེ་བའི་གཞི་ཤེས་ཀྱི་རྣམ་པ་དེ་ལ་ཉན་ཐོས་དང་། རང་རྒྱལ་གྱི་རྟོགས་རིགས་སོ་སོར་ཕྱེ་ནས་སྐབས་འདིར་བསྟན་གྱི་གཞི་ཤེས་ཀྱི་རྣམ་པ་ལ་སློབ་མ་ཉན་ཐོས་ཀྱི་སོ་བདུན་དང་རྗེས་མཐུན་པ་ཞེས་སྟོན་ནས་རང་སངས་རྒྱས་ཀྱི་རྟོགས་རིགས་དང་རྗེས་མཐུན་པ་ཞེས་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་སྙམ་ན་འདིར་ནི་སངས་རྒྱས་འཕགས་པས་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པ་སྟོན་པའི་སྐབས་ཡིན་པས་མཆོག་གི་སྤྲུལ་སྐུས་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བའི་ཚེ་རང་སངས་རྒྱས་ཀྱི་རིགས་ཅན་དང་། ཉན་ཐོས་ཀྱི་རིགས་ཅན་གཉིས་ཀ་ཡང་ཉན་ཐོས་ཀྱི་དགེ་འདུན་དུ་བསྡུས་ནས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་པར་མཛད་པའི་དབང་དུ་བྱས་པའོ། །འོ་ན་དེའི་ཚེ་རང་སངས་རྒྱས་ཀྱི་རིགས་ཅན་ལ་རང་སངས་རྒྱས་ཀྱི་རྟོགས་རིགས་མི་སྟོན་པ་ཡིན་ནམ་སྙམ་ན། དེའི་ཚེ་དེ་ལ་དེ་སྟོན་ཀྱང་ཉན་ཐོས་ཀྱི་རིགས་ཅན་ལ་གཞི་ཤེས་སྟོན་པའི་ཁོངས་སུ་འདུས་པའི་ཕྱིར། དོན་འདི་ལ་དགོངས་ནས་གླེང་གཞིའི་སྐབས་སུ་ཐེག་དམན་གྱི་དགེ་འདུན་རྣམས་ཉན་ཐོས་ཀྱི་དགེ་འདུན་དུ་བསྡུས་ནས་དེ་ཉིད་ཀུན་ཤེས་ཉིད་ཀྱིས་ཁྲིད་པར་མཛད་ཅེས་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་དག་གི་སྐབས་སུ་དཀའ་གནས་སོ་སོའི་དོན་ལ་བྱང་ཕྱོགས་སོ་བདུན་གྱི་ས་མཚམས་ལ་དཔྱད་པ། གཉེན་པོའི་ལམ་ལ་དཔྱད་པ། སྤྲུལ་པ་དང་མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ལ་དཔྱད་པ། སྤོང་བའི་ལམ་ལ་དཔྱད་པ་དང་བཞི་ལས། དང་པོ་ནི། མཛོད་ཀྱི་ལུགས་ལ་དྲན་པ་ཉེར་གཞག་བཞི་ཚོགས་ལམ། ཡང་དག་སྤོང་བ་བཞི་སྦྱོར་ལམ་དྲོད། རྫུ་འཕྲུལ་གྱི་རྐང་པ་བཞི་རྩེ་མོ། དབང་པོ་ལྔ་བཟོད་པ། སྟོབས་ལྔ་ཆོས་མཆོག འཕགས་ལམ་ཡན་ལག་བརྒྱད་མཐོང་ལམ། བྱང་ཆུབ་ཡན་ལག་བདུན་སྒོམ་ལམ་ནས་འཇོག་པར་བཤད་དེ། དེ་ཉིད་དུ། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང་། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །མཐོང་དང་སྒོམ་ལ་རབ་ཏུ་ཕྱེ། །ཞེས་སོ། །ཀུན་བཏུས་ཀྱི་ལུགས་ལ། དྲན་པ་ཉེར་བཞག་བཞི་ཚོགས་ལམ་ཆུང་ངུ་། ཡང་དག་སྤོང་བ་བཞི་འབྲིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ཆེན་པོ། དབང་པོ་ལྔ་དྲོད་རྩེ་གཉིས། སྟོབས་ལྔ་བཟོད་མཆོག་གཉིས། བྱང་ཆུབ་ཡན་ལག་བདུན་མཐོང་ལམ། འཕགས་ལམ་ཡན་ལག་བརྒྱད་སྒོམ་ལམ་ནས་ཡོད་པར་བཤད་ཅིང་། སྡེ་ཚན་བདུན་ལ་མིང་གི་ཐ་སྙད་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ། རྩོལ་བ་ལས་བྱུང་བའི་ལམ། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ། མངོན་པར་རྟོགས་པར་སྦྱོར་བའི་ལམ། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ། མངོན་པར་རྟོགས་པའི་ལམ། རྣམ་དག་ངེས་འབྱིན་གྱི་ལམ་ཞེས་པའི་ཐ་སྙད་མཛད་ཅིང་། འཕགས་སེང་གཉིས་ཀྱང་འདི་བཞིན་དུ་བཞེད་དོ། །གཉིས་པ་གཉེན་པོའི་ལམ་གྱི་སྐབས་སུ། ཉིར་སྣང་ལས་གཉེན་པོའི་ལམ་ནི་རྣམ་པ་གསུམ་སྟེ། ལྟ་བས་བྱས་པའི་གཉེན་པོ་སྟོང་པ་ཉིད་ནི་སྟོང་པ་ཉིད་ཀྱི་རྣམ་པས་ལྟ་བས་བྱས་པའི་གཉེན་པོ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །ལྟ་བའི་རྒྱུ་མཚན་གྱི་རྣམ་པར་རྟོག་པའི་གཉེན་པོ་མཚན་མ་མེད་པ་ནི་མཚན་མ་མེད་པའི་རྣམ་པས་རྟོག་པ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །ཁམས་གསུམ་པོ་ལ་སྨོན་པའི་གཉེན་པོ་སྨོན་པ་མེད་པ་ནི་སྨོན་པ་མེད་པའི་རྣམ་པས་སྨོན་པ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་སྟོང་པ་དང་བདག་མེད་པའི་རྣམ་པ་གཉིས་ཀྱིས་ནི་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དོ། །མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་གཉིས་དང་། ཀུན་འབྱུང་གི་རྣམ་པ་བཞི་པོ་རྣམས་ཀྱིས་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །འགོག་པ་དང་ལམ་གྱི་རྣམ་པ་རྣམས་ཀྱིས་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་ཏེ། མཚན་མ་མེད་པ་གང་ཡིན་པ་དེ་ནི་འགོག་པ་དང་། མཚན་མའི་རྣམ་པར་རྟོག་པ་གང་གིས་བསལ་བ་ནི་ལམ་ཡིན་པའི་ཕྱིར་རོ། །མཚན་མེད་ཞི་བའི་རྣམ་པ་ཡིས། །ཞེས་གསུངས་པ་ནི་དངོས་པོའི་མཚན་མ་དང་རྗེས་སུ་འབྲེལ་བ་ཉན་ཐོས་ཀྱི་ལམ་གྱི་དབང་དུ་མཛད་པ་ཡིན་པའི་ཕྱིར་རོ། །དེ་དང་འདི་ལ་འགལ་བ་མེད་དོ་ཅེས་སོ། །འདི་དག་གི་དོན་ལ་མདོ་ལས་བསྟན་པའི་ཚུལ། རྟོགས་བྱའི་ཡུལ། ཡུལ་ཅན་གྱི་རྣམ་པ། ཐོས་བསམ་སྒོམ་གསུམ་གྱི་ཁྱད་པར། རྣམ་པ་བསྡུ་ཚུལ། གནད་ཀྱི་དོན་ངོས་གཟུང་བ་དང་དྲུག་ལས། དང་པོ་ནི། ཤེར་ཕྱིན་གྱི་མདོར། སྟོང་པ་ཉིད་ཀྱི་རྣམ་པས་ལྟ་བས་བྱས་པའི་གཉེན་པོ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་པས་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་བསྟན། མཚན་མ་མེད་པའི་རྣམ་པས་རྟོག་པ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་པས་མཚན་མ་མེད་པ་བསྟན། སྨོན་པ་མེད་པའི་རྣམ་པས་སྨོན་ལམ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་པས་སྨོན་པ་མེད་པ་བསྟན་ཏོ། །གཉིས་པ་ནི། ཆོས་ཀྱི་སྡོམ་བཞི་ལས། ཆོས་ཐམས་ཅད་བདག་མེད་པ་ནི་སྟོང་པ་ཉིད་དང་། མྱ་ངན་ལས་འདས་པ་ཞི་བ་ནི་མཚན་མ་མེད་པ་དང་། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་སྡུག་བསྔལ་བ་གཉིས་ནི་སྨོན་པ་མེད་པའི་ཡུལ་དུ་བསྟན་ཏོ། །གསུམ་པ་ནི། བདེན་བཞིའི་རྣམ་པ་བཅུ་དྲུག་ལས་སྡུག་བདེན་གྱི་སྟོང་པ་དང་། བདག་མེད་ཀྱི་རྣམ་པ་གཉིས་ནི་རྣམ་པར་ཐར་པའི་སྒོ་དང་པོ་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ལ། འགོག་ལམ་གྱི་རྣམ་པ་བརྒྱད་ནི་རྣམ་པར་ཐར་པའི་སྒོ་གཉིས་པ་མཚན་མ་མེད་པའི་རྣམ་པ་ཡིན་ཏེ། མཛོད་དུ། མཚན་མེད་ཞི་བའི་རྣམ་པ་ཡིས། །ཞེས་འགོག་བདེན་གྱི་ཞི་བའི་རྣམ་པ་ཁོ་ན་བཤད་པ་ནི། དངོས་པོའི་མཚན་མ་དང་འབྲེལ་བ་ཉན་ཐོས་ཀྱི་ལམ་གྱི་དབང་དུ་མཛད་པས་མི་འགལ་ལོ། །སྡུག་བདེན་གྱི་མི་རྟག་སྡུག་བསྔལ་གཉིས་དང་། ཀུན་འབྱུང་བདེན་པའི་རྣམ་པ་བཞི་སྟེ། དྲུག་ནི་རྣམ་པར་ཐར་བའི་སྒོ་གསུམ་པ་སྨོན་པ་མེད་པའི་རྣམ་པ་ཡིན་ནོ། །གོ་རིམ་འདི་ནི་སློབ་དཔོན་གྱི་འགྲེལ་པ་ཆེ་ཆུང་གཉིས་ཀྱི་དབང་དུ་བྱས་པ་ཡིན་ལ། ཉིར་སྣང་དུ་ནི། སྨོན་པ་མེད་པ་ལ་གཉིས་པ་དང་། མཚན་མ་མེད་པ་ལ་གསུམ་པར་བཤད་ཅིང་། བདེན་བཞིའི་རྣམ་པ་སྦྱོར་ཚུལ་ལ་ནི་ཁྱད་པར་མི་སྣང་ངོ་། །བཞི་པ་ནི། བསྡུ་བར་ནི། གཞུང་གང་དུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞེས་འབྱུང་བ་ནི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་ཀ་སྤྱིར་གཟུང་བ་ཡིན་ལ། ཏིང་ངེ་འཛིན་གྱི་སྒྲས་གསུངས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་ཐུན་མོང་དུ་འཛིན་པ་ཡིན་ལ། རྣམ་པར་ཐར་པའི་སྒོ་ཞེས་བཤད་པ་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོ་ནའོ་ཞེས་བཤད་དོ། །ལྔ་པ་ནི། འདིར་བསྟན་རྣམ་པ་ཐམས་ཅད་གསུམ་དུ་འདུས་ཏེ། འགོག་ལམ་གྱི་རྣམ་པ་རྣམས་ནི་མཚན་མ་མེད་པ་དང་། སྡུག་ཀུན་གྱི་རྣམ་པ་རྣམས་ནི་སྟོང་པ་ཉིད་དང་སྨོན་པ་མེད་པའི་རྣམ་པས་བསྡུས་པའི་ཕྱིར་རོ། །གཉེན་པོར་འགྱུར་ཚུལ་ལ་ཡང་གསུམ་སྟེ། རྣམ་པར་ཐར་པའི་སྒོ་དང་པོ་ནི། བདག་དང་བདག་གིར་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་དང་། སྒོ་གཉིས་པ་ནི་དེའི་རྒྱུ་རྣམ་པར་རྟོགས་པའི་གཉེན་པོ་ཡིན་པའི་ཕྱིར་དང་། གསུམ་པ་ནི། ཁམས་གསུམ་པ་ལ་བླང་བྱར་སྨོན་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དྲུག་པ་ནི། སྤྱིར་ཐེག་པ་གསུམ་ཆར་གྱི་གང་ཟག་གི་རྒྱུད་ལ་རྣམ་ཐར་སྒོ་གསུམ་ཡོད་ཀྱང་སྐབས་འདིར་བསྟན་གྱི་མཐུན་ཡུལ་དུ་གྱུར་པའི་རྣམ་ཐར་སྒོ་གསུམ་ནི་བྱང་སེམས་འཕགས་པའི་རྒྱུད་ཀྱི་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་མཁྱེན་པ་ཡིན་ལ། མཐུན་ཆོས་རྣམ་མཁྱེན་གྱི་རྣམ་པའི་ཁོངས་སུ་བགྲང་བར་བྱ་བ་ནི། དེའི་རྟོགས་རིགས་སངས་རྒྱས་འཕགས་པའི་རྒྱུད་ལ་ཡོད་པའོ། །གསུམ་པ་སྤྲུལ་པ་དང་མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ལ་དཔྱད་པ་ལ། སྤྲུལ་པའི་ལམ་ནི་རྣམ་ཐར་དང་པོ་གསུམ་དང་། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ནི་རྣམ་ཐར་ཕྱི་མ་ལྔ་སྟེ་རྣམ་ཐར་བརྒྱད་དོ། །འདི་ལ་མཛོད་དུ། རྣམ་པར་ཐར་བརྒྱད་དང་པོ་གཉིས། །མི་སྡུག་བསམ་གཏན་གཉིས་ན་ཡོད། །གསུམ་པ་མཐའ་ན་དེ་མ་ཆགས། །གཟུགས་མེད་མཉམ་བཞག་དགེ་རྣམས་སོ། །ཞེས་དང་། འགོག་པའི་སྙོམས་པར་འཇུག་པའོ། །ཕྲ་བ་ཕྲ་བའི་མཇུག་ཐོག་ཏུ། །ཞེས་རྣམ་ཐར་དང་པོ་གཉིས་ནི། ངོ་བོ་མི་སྡུག་པ། ས་བསམ་གཏན་དང་པོ་གཉིས་ན་རིམ་པ་ལྟར་ཡོད། གསུམ་པ་ནི་ངོ་བོ་སེམས་བྱུང་མ་ཆགས་པ། ས་བསམ་གཏན་བཞི་པ་ན་ཡོད། གཟུགས་མེད་ཀྱི་རྣམ་ཐར་བཞི་ནི་གཟུགས་མེད་ཀྱི་སྙོམས་འཇུག་དག་པ་པ་དང་། ཟག་མེད་རྣམས་དང་། འགོག་པའི་རྣམ་པར་ཐར་པ་ནི། འགོག་པའི་སྙོམས་འཇུག་ཡིན་པར་བཤད་དོ། །ཀུན་བཏུས་སུ། ཏིང་ངེ་འཛིན་དང་། ཤེས་རབ་ནི་གཙོ་བོ་ཡིན་ལ། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་། སེམས་བྱུང་གི་ཆོས་ཐམས་ཅད་ནི་རྣམ་ཐར་དང་པོ་བདུན་གྱི་ངོ་བོ་དང་། འགོག་པའི་རྣམ་པར་ཐར་པ་ནི་ལྡན་མིན་འདུ་བྱེད་དུ་བཞེད་དོ། །ཅིའི་ཕྱིར་རྣམ་པར་ཐར་པ་ཞེས་བྱ་ཞེ་ན། རྣམ་ཐར་དང་པོ་གཉིས་ནི། སྤྲུལ་པའི་སྒྲིབ་པ་ལས་རྣམ་པར་ཐར་བའི་ཕྱིར་དང་། གསུམ་པ་ནི། གཟུགས་སྡུག་པ་དང་། མི་སྡུག་པ་སྤྲུལ་པར་འདོད་མི་འདོད་ཀྱི་སྒྲིབ་པ་ལས་ཐར་པའི་ཕྱིར་དང་། གཟུགས་མེད་ཀྱི་རྣམ་ཐར་བཞི་ནི་གཟུགས་མེད་ཞི་བའི་རོ་མྱང་གི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར་དང་། འགོག་པའི་རྣམ་པར་ཐར་པ་ནི་ཟག་བཅས་ཀྱི་ཚོར་འདུ་འགོག་པ་ལ་སྒྲིབ་པའི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར་རོ། །མདོར་བསྡུ་ན། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་གྱི་མཚན་ཉིད། ༼བསམ་གཏན་བཞི་པའི་༽དངོས་གཞིའི་སེམས་ལ་བརྟེན་ནས་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྣ་ཚོགས་སུ་སྤྲུལ་པ་ལ་གེགས་བྱེད་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་རྣམ་ཐར་རོ། །གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་གྱི་མཚན་ཉིད། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྣ་ཚོགས་སུ་སྤྲུལ་པ་ལ་གེགས་བྱེད་པའི་སྒྲིབ་པ་ལས་གྲོལ་བའི་རྣམ་ཐར་རོ། །སྡུག་པའི་རྣམ་ཐར་གྱི་མཚན་ཉིད་བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་གཟུགས་སྡུག་པར་རོ་གཅིག་ཏུ་སྤྲུལ་པ་ལ་གེགས་བྱེད་པའི་སྒྲིབ་ལས་གྲོལ་བའི་རྣམ་ཐར་རོ། །གཟུགས་མེད་ཀྱི་རྣམ་ཐར་བཞིའི་མཚན་ཉིད་རིམ་བཞིན། རང་རང་གི་དངོས་གཞིའི་དགེ་བ་གང་ཞིག རང་རང་གི་དངོས་གཞིའི་རོ་མྱང་བའི་སྒྲིབ་པ་ལས་གྲོལ་བའི་རྣམ་ཐར་རོ། །འགོག་པའི་རྣམ་ཐར་གྱི་མཚན་ཉིད། འགོག་པའི་སྙོམས་འཇུག་གང་ཞིག མི་མཐུན་ཕྱོགས་ཀྱིས་ཉམས་པ་ལས་གྲོལ་བའི་རྣམ་ཐར་རོ། །ཕྱི་མ་ལྔ་པོ་འདི་ལ་སྙོམས་འཇུག་དང་། རྣམ་ཐར་གྱི་ཁྱད་པར་ནི་སྙོམས་འཇུག་གཞིར་གཞག་པ་ལ་མི་མཐུན་ཕྱོགས་ཀྱིས་ཉམས་མི་སྲིད་པ་ནི་རྣམ་ཐར་དུ་འཇོག་པ་གནད་ཀྱི་དོན་ཏོ། །བཞི་པ་སྤོང་བའི་ལམ་ལ། མདོ་ལས་ཡུམ་འདི་ནི་བདེན་པ་བཞིའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དང་། འགྲེལ་ཆེན་དུ། བདེན་པ་བཞིས་བསྡུས་པ་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད། བར་ཆད་མེད་པའི་ལམ་བཞི་ནི་སྤོང་བའི་ལམ་ཡིན་ནོ། །ཞེས་གསུངས་སོ། །འདི་ལ་བུདྡྷ་ཤྲཱིས་བདེན་པ་བཞིའི་ཆོས་ཤེས་པ་ཉིད་ཀྱི་བཟོད་པས་རབ་ཏུ་བསྡུས་པ་རྣམ་པ་བཞིའོ། །ཞེས་མཐོང་ལམ་ཆོས་བཟོད་བཞི་ལ་བཞེད་པ་དང་། ཨ་བྷ་ཡས་མཐོང་བའི་ལམ་བར་ཆད་མེད་པའི་ལམ་བཞི་དང་། ཞེས་མཐོང་ལམ་བར་ཆད་མེད་ལམ་བཞི་ལ་བཞེད་པ་དང་། ཚིག་གསལ་ལས། སྤོང་བའི་ལམ་གྱི་རྣམ་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །ཅེས་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་བཞེད་པ་དང་། གཟད་པས་མཐོང་སྒོམ་གཉིས་ཀའི་བར་ཆད་མེད་ལམ་ལ་བཞེད་དོ། །གནད་ཀྱི་དོན་ནི་འདི་ཡིན་ཏེ། ཚོགས་སྒྲུབ་ཀྱི་སྐབས་སུ་ས་བཅུའི་མཉམ་གཞག་ལ་གཉེན་པོའི་ཚོགས་དང་། རྗེས་ཐོབ་ལ་སའི་ཚོགས་སུ་བཞག་པ་ལྟར། འདིར་ཡང་ས་བཅུའི་མཉམ་གཞག་སྤོང་བ་གཉེན་པོ་རྣམས་ལ་སྤོང་བའི་ལམ་དང་། རྗེས་ཐོབ་རྣམས་ལ་སངས་རྒྱས་ཉིད་ཀྱི་ལམ་དུ་གཞག་པའི་སྐབས་ཡིན་པས་འདིར་སྤོང་བའི་ལམ་ཡང་མཐོང་ལམ་བར་ཆད་མེད་ལམ་ནས་རྒྱུན་མཐའི་བར་ཆད་མེད་ལམ་གྱི་བར་བཅུ་པོ་རེ་རེ་ལ་ཡང་བཞི་བཞིར་ཕྱེ་ནས་བཞག་གོ །ཕྱེ་ཚུལ་གཉེན་པོའི་ཚོགས་སྒྲུབ་དང་མི་འདྲ་སྟེ། དེར་ནི་བར་ཆད་མེད་ལམ་གཅིག་ཉིད་ཀྱང་སྤང་བྱ་བཞི་སྤོང་བའི་ཆ་ནས་བཞིར་འཇོག་ལ། འདིར་ནི་ཡུལ་བདེན་བཞིའི་གནས་ལུགས་རྟོགས་པའི་ཆ་ནས་བཞིར་ཕྱེ་བའི་ཕྱིར་རོ། །དེས་ན་སྡུག་བསྔལ་ལ་ཆོས་བཟོད་ཀྱི་སྐད་ཅིག་མ་གཅིག་ལ་ཡང་སྤོང་ལམ་བཞི་ཚང་བ་ནས་རྒྱུན་མཐའི་ཡེ་ཤེས་གཅིག་ཉིད་ལ་ཡང་སྤོང་ལམ་བཞི་ཚང་བའི་བར་རོ། །རྣམ་པའི་དོན་བསྡུའི་སྐབས་སུ་འཕགས་སེང་གཉིས་ཆར་གྱིས་གཞི་ཤེས་ཀྱི་རྣམ་པ་ལ་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ་ཟག་མེད་དང་། བྱང་ཆུབ་སེམས་ཀྱི་རྒྱུད་ལ་ཡོད་པ་ཟག་བཅས་སུ་བཤད་ཅིང་། ལམ་ཤེས་ཀྱི་རྣམ་པ་ནི་ཉིར་སྣང་དུ། རྣམ་གྲངས་ཀྱི་ཟག་བཅས་སུ་བཤད། རྣམ་མཁྱེན་གྱི་རྣམ་པ་ནི་ཟག་མེད་ཁོ་ནར་བཤད་དོ། །འདིར་ཁ་ཅིག་རྣམ་མཁྱེན་གྱི་རྣམ་པ་ལ་མཁྱེན་པ་གསུམ་དུ་ཕྱེ་བའི་དོན་བསྡུར་འཆད་པ་ནི་ནོར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྣམ་པ་ནི་ཞེས་རྣམ་མཁྱེན་གྱི་རྣམ་པ་ལམ་བདེན་གྱི་རྣམ་པ་ཞེས་ལོགས་སུ་བཀར་ནས་གསུངས་པའི་ཤུགས་ཀྱིས་མཁྱེན་པ་གཞན་གཉིས་པོ་བདེན་པ་བཞི་ཆར་གྱི་རྣམ་པར་གྲུབ་པའི་ཕྱིར་ཏེ། གཞན་དུ་ན་འདིར་བསྟན་གྱི་མཁྱེན་པ་གསུམ་ཆར་ལམ་བདེན་གྱི་རྣམ་པར་ཁས་བླང་དགོས་པས་རྣམ་མཁྱེན་ལ་ལམ་བདེན་གྱི་རྣམ་པ་ཞེས་ལོགས་སུ་བཀར་བ་དོན་མེད་པའི་ཕྱིར་རོ། །འདིར་ཉན་ཐོས་ལ་སོགས་ཁོངས་སྦྱར་ནས་ཉན་རང་གི་རྒྱུད་ལ་ཡོད་པའི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ཟག་མེད་དུ་འཆད་པ་ནི་ཅུང་ཟད་རྩིང་སྟེ། རང་རྒྱལ་གྱི་སྒོམ་ལམ་རྗེས་ཐོབ་ཀྱིས་བསྡུས་པའི་ལམ་གཉིས་པའི་རྣམ་པ་ལྔ་ཟག་བཅས་སུ་བཤད་པ་དང་དངོས་སུ་འགལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན་མདོར་བསྟན་གྱི་སྐབས་སུ་ཐེག་དམན་གྱི་རྒྱུད་ལ་ཡོད་པའི་ལམ་བདེན་གྱི་རྣམ་པ་བཅོ་ལྔ་ལ་ཟག་བཅས་ཟག་མེད་ཀྱི་ཁྱད་པར་ཕྱེ་ཟིན་པས། དེའི་ལྷག་མ་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པའི་བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས་དང་། བྱང་སེམས་ཀྱི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་གྱི་ཟག་བཅས་ཟག་མེད་ཀྱི་ཁྱད་པར་འདིར་འཆད་པ་ཡིན་པས་ཉིར་སྣང་དང་། འགྲེལ་ཆུང་གཉིས་ཆར་ལས་ཉན་ཐོས་ལ་སོགས་ཁོངས་མ་སྦྱར་བའི་གནད་ཀྱང་འདི་ཉིད་ཡིན་ནོ། །འདིའི་ཟག་བཅས་ཟག་མེད་དང་། སྐབས་གཉིས་པའི་སྒོམ་ལམ་ཟག་བཅས་ཟག་མེད་ཀྱི་དོན་གནད་གཅིག་པས་མཚན་གཞི་འཕགས་རྒྱུད་ཀྱི་རྗེས་ཐོབ་དང་། མཉམ་གཞག་ལ་འཇོག་པ་འཐད་ཀྱང་ཟག་བཅས་ཟག་མེད་དུ་འཇོག་པའི་དོན་གཟུང་འཛིན་གཉིས་སུ་སྣང་བའི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་དང་བཅས་མ་བཅས་ལ་འཇོག་པ་ནི་ཀུན་མཁྱེན་ཆོས་རྗེའི་བཞེད་པའོ། །འོན་ཀྱང་ཉིར་སྣང་གི་དགོངས་པ་ལ་ཟག་པ་འདི་དང་བྱང་སེམས་ཀྱིས་ཆེད་དུ་གཉེར་ནས་མི་སྤོང་རྒྱུའི་ཉོན་མོངས་པ་དོན་གཅིག་ཏུ་བཞེད་པ་འདྲ་སྟེ། ངག་ལས་ཤེས་སོ། །རྣམ་པ་བསྟན་ཟིན་ནས་རྣམ་པ་སྒོམ་པའི་སྦྱོར་བ་ལ་འཇུག་པ་པོའི་རྟེན་གྱི་གང་ཟག་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་སོགས་ཏེ། ཁ་ཅིག་འདིར་བསྟན་གྱི་གང་ཟག་བཞི་པོ་འོག་ནས་འཆད་པར་འགྱུར་བའི་སྦྱོར་བ་ཉི་ཤུའི་རྟེན་གྱི་གང་ཟག་ལ་འདོད་པ་ནི་ཅུང་ཟད་མི་འཐད་དེ། འདིར་བསྟན་གང་ཟག་བཞི་པོ་ནི་ཐོས་བསམ་བྱེད་པའི་རྟེན་གྱི་གང་ཟག་ཡིན་ལ། སྦྱོར་བ་ཉི་ཤུའི་རྟེན་གྱི་གང་ཟག་ནི་སྒོམ་བྱུང་གི་རྟེན་གྱི་གང་ཟག་ཡིན་པའི་ཕྱིར་དང་། སློབ་དཔོན་གྱིས་ཀྱང་འདིར་བསྟན་གང་ཟག་བཞི་པོ་དེ་སྦྱོར་བ་སྒོམ་པ་ལ་སྦྱོར་བ་པོར་བཤད་པའི་ཕྱིར་ཏེ། དེ་དག་ཀྱང་སྦྱོར་བ་པོ་མེད་པར་བརྗོད་པར་མི་ནུས་པས་ཞེས་དང་། དེ་ལྟར་སྦྱོར་བ་པོ་བསྟན་ནས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གང་ཟག་གཅིག་ཉིད་ཀྱི་རྒྱུན་ལ་དང་པོར་ཡུམ་ཉན་པ་དང་། དེ་ནས་ཚིག་བློ་ལ་ལེན་པ་དང་། དེ་ནས་དོན་མི་བརྗེད་པར་འཛིན་པ་སྟེ། གསུམ་ནི་མཁྱེན་གསུམ་ལ་ཐོས་པ་བྱེད་པའི་གང་ཟག་ཡིན་ལ། དེ་ནས་ཚུལ་བཞིན་ཡིད་ལ་བྱེད་པ་ནི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་བསྡུས་ནས་སེམས་པར་བྱེད་པའི་བསམ་བྱུང་གི་གང་ཟག་ཡིན་པས་དེས་སྦྱོར་བ་སྒོམ་པ་ལ་འཇུག་པ་ཡིན་ནོ། །མདོར་ན་འདིར་བསྟན་གྱི་གང་ཟག་དང་པོ་གསུམ་ནི་སྐབས་དང་པོ་གསུམ་དུ་བསྟན་པའི་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་གནས་སྐབས་ཡིན་ལ། བཞི་པ་ནི། དེ་དག་རྣམ་པར་བསྡུ་བའི་གནས་སྐབས་ཡིན་པས་ད་དུང་སྦྱོར་བའི་ཡོན་ཏན་དང་། སྐྱོན་དང་མཚན་ཉིད་གཏན་ལ་དབབ་པ་ལ་འཇུག་པར་བྱ་དགོས་སོ། །འོ་ན་གང་ཟག་བཞི་པོ་དེ་ཐོས་བསམ་གྱིས་གཏན་ལ་དབབ་པའི་དོན་རྣམ་པར་བསྡུས་ནས་སྦྱོར་བ་སྒོམ་པ་ལ་འཇུག་དགོས་ན། ཡུལ་ཅན་སྦྱོར་བ་དེ་ལ་དབྱེ་ན་དུ་ཡོད་ཅེ་ན་ཉི་ཤུ་ཡོད་དོ་ཅེས་པ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་སོགས་ཀྱིས་སྟོན་ཏོ། །འདི་ལ་བུདྡྷ་ཤྲཱི་ལྟར་ན། དང་པོ་ལྔ་རང་བཞིན་གྱི་དང་། ཕྱི་མ་བཅོ་ལྔ་གནས་སྐབས་ཀྱི་སྦྱོར་བར་བཞེད། འབྲེས་དང་པོ་ལྔ་རང་བཞིན་གྱི། དེ་ནས་བཅུ་བཞི་གནས་སྐབས་ཀྱི། ཐ་མ་དེ་དག་འགྲུབ་པར་བྱེད་པ་ཐབས་ཀྱི་སྦྱོར་བར་བཞེད་དོ། །ཟབ་པའི་སྦྱོར་བ་སོགས་གསུམ་ལ་ཉིར་སྣང་དུ། དེ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་གོ་རིམ་བཞིན་དུ། སྦྱོར་བ་རྣམ་པ་གསུམ་ཡིན་ནོ་ཞེས་པ་དང་། ཡང་ན་ཟབ་མོར་མངོན་པར་བྱང་ཆུབ་པ་དང་། ཐུན་མོང་མ་ཡིན་པར་མངོན་པར་བྱང་ཆུབ་པ་དང་། བླ་ན་མེད་པར་མངོན་པར་བྱང་ཆུབ་པའི་དབང་དུ་མཛད་ནས་ཟབ་པ་ལ་སོགས་པའི་སྦྱོར་བ་གསུམ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་ལ། བོད་དག་གིས་ནི་མཁྱེན་གསུམ་གྱི་སྦྱོར་བ་ལ་གོ་རིམ་བཞིན་དུ་སྦྱོར་བར་མཛད་དོ། །ས་མཚམས་ལ་སློབ་དཔོན་གྱིས་དང་པོ་ལྔ་ཚོགས་ལམ་ནས་རྒྱུན་མཐའི་བར། ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ཐེག་ཆེན་གྱི་ཚོགས་ལམ། ལུང་བསྟན་ཐོབ་པ། ཕྱིར་མི་ལྡོག་པ། ངེས་པར་འབྱུང་བ། བར་ཆད་མེད་པའི་སྦྱོར་བ་བཞི། སྦྱོར་ལམ་བཞི་ལ་རིམ་པ་བཞིན། བྱང་ཆུབ་ལ་ཉེ་སྦྱོར་ས་དང་པོ། མྱུར་བར་བྱང་ཆུབ་པ་ས་གཉིས་པ་ནས་བདུན་པའི་བར། གཞན་དོན་གྱི་སྦྱོར་བ་སོགས་ལྔ་ས་བརྒྱད་པ། འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ་ས་དགུ་པ། རྣམ་པར་དག་པའི་སྦྱོར་བ་ས་བཅུ་པ། ས་མཚམས་ཀྱི་སྦྱོར་བ་ས་བདུན་པ་མན་ཆད་ན་ཡོད་པར་བཞེད་དོ། །ཤེར་འབྱུང་བློ་གྲོས་ཀྱིས་དང་པོ་ལྔ་སྦྱོར་ལམ། ཚེགས་ཆེན་མཐོང་ལམ། ལུང་བསྟན་སོགས་དགུ་སྒོམ་ལམ་ས་དགུ་ན། འདུ་ཤེས་འགོག་པ་ནས་འབྲས་བུ་སྦྱིན་པའི་བར་དག་པ་ས་གསུམ་ན། རྣམ་པར་དག་པ་དང་ས་མཚམས་ཀྱི་སྦྱོར་བ་གཉིས་ས་བཅུ་པའི་བར་ཆད་མེད་ལམ་ན་ཡོད་པར་བཞེད་དོ། །སྦྱོར་བ་ཉི་ཤུ་པོ་དེ་ལ་རྣམ་རྫོགས་སྦྱོར་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཉི་ཤུ་པོ་རེ་རེས་ཀྱང་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་རྫོགས་པར་སྒོམ་པར་བྱེད་པའི་ཕྱིར་རོ། །འོ་ན་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སྦྱོར་བས་མཁྱེན་གསུམ་གྱི་རྣམ་པ་ཇི་ལྟར་བསྒོམ་སྙམ་ན། མཚན་ཉིད་རྗེས་སུ་སྤྱོད་པ་དང་། སྨོན་ལམ་གྱི་རྣམ་པ་སོགས་ཀྱི་སྒོ་ནས་བསྒོམ་པར་ཤེས་པར་བྱའོ། །དེ་ལྟར་སྦྱོར་བ་བསྒོམ་པ་ལ་མ་འོངས་པ་ན་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པ་ཡོན་ཏན་བཅུ་བཞི་འབྱུང་ངོ་ཞེས་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་ཏེ། འདི་ནི་ད་ལྟར་སྦྱོར་བ་རང་ལ་ཡོད་པའི་ཡོན་ཏན་རྟགས་སུ་བཀོད་ནས། བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པ་མ་འོངས་པ་ན་འབྱུང་བར་འགྱུར་བའི་ཡོན་ཏན་དཔོག་པ་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་སྒྲུབ་པར་བྱེད་པ་རང་བཞིན་གྱི་རྟགས་ཡང་དག་གོ །མ་འོངས་པ་ན་འབྱུང་བར་འགྱུར་བ་འདིར་སྦྱོར་བའི་ཡོན་ཏན་དུ་བཤད་པ་ལ་དགོས་པ་ཅི་ཡོད་སྙམ་ན། བྱང་ཆུབ་སེམས་དཔའ་དེས་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པ་དང་། དེ་ཉིད་རྣམ་པར་བསྡུ་བ་དང་། དེ་ཉིད་སྦྱོར་བས་བསྒོམ་དགོས་པར་བསྟན་པ་ན་བྱང་སེམས་དབང་རྟུལ་འགའ་ཞིག་སེམས་ཞུམ་པར་འགྱུར་བས་དེ་བསལ་ནས་ཕན་ཡོན་གྱི་སྒོ་ནས་སྤྲོ་བ་བསྐྱེད་པའི་ཆེད་ཡིན་ཏེ། དཔེར་ན་སའི་ཡོངས་སྦྱོང་མང་པོ་བསྟན་ནས་ས་བཅུ་པ་འབྲས་བུའི་སྒོ་ནས་བཤད་པ་དང་། སྒོམ་ལམ་རྩེ་སྦྱོར་སྒོམ་སྤང་གི་གཉེན་པོའི་ལྡོག་པ་ནས་བསྟན་ནས། བར་ཆད་མེད་པའི་རྩེ་སྦྱོར་བསོད་ནམས་མང་པོའི་ལྡོག་པ་ནས་བསྟན་པ་བཞིན་ནོ། །དེ་ལྟར་སྦྱོར་བ་སྒོམ་པ་ལ་ཡོན་ཏན་འབྱུང་བར་ཤེས་ནས་སྤྲོ་བ་སྐྱེས་ཀྱང་གནས་སྐབས་སུ་བར་དུ་གཅོད་པར་བྱེད་པའི་སྐྱོན་ངོ་མ་ཤེས་ན་སྦྱོར་བ་མཐར་ཕྱིན་པར་མི་འགྱུར་བས་སྐྱོན་འདི་དང་འདི་དག་ནི་སྦྱོར་བ་བསྒོམ་པ་ལ་བར་དུ་གཅོད་པར་བྱེད་པ་ཡིན་པས་ཤེས་ནས་སྤོང་དགོས་སོ་ཞེས་པ་ནི། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་གསུངས་སོ། །དེ་ལྟར་ཡོན་ཏན་མཐོང་ནས་སྤྲོ་བ་སྐྱེ། སྐྱོན་ཤེས་ནས་སྤོང་བའི་སྒོ་ནས་བསྒོམ་པར་བྱ་དགོས་པའི་སྦྱོར་བའི་མཚན་ཉིད་གང་ཞེ་ན། མཚོན་པར་བྱེད་པ་བྱེད་སྒྲུབ་ཀྱི་དབང་དུ་བྱས་པ་གསུམ་དང་། མཚོན་པར་བྱ་བ་ལས་སྒྲུབ་ཀྱི་དབང་དུ་བྱས་པ་གཅིག་སྟེ་བཞིར་ཡོད་དོ། །ཞེས་སྤྱིར་བསྟན་པ་ནི། གང་གིས་མཚོན་དེ་མཚན་ཉིད་དུ། །ཞེས་སོགས་ཚིགས་བཅད་གཅིག་གོ །འོ་ན་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ལ་གསུམ་ཇི་ལྟར་དགོས་སྙམ་ན། ཐེག་ཆེན་གྱི་སྦྱོར་བར་མཚོན་པ་ལ་སྦྱོར་བའི་ངོ་བོ་ཤེས་རབ་རྟོགས་པའི་ཆ་དང་། ཐབས་ཕྲིན་ལས་ཀྱི་ཆ་ཟུང་དུ་འཇུག་པའི་སྒོ་ནས་སྦྱོར་བ་ཡིན་པས་ཤེས་རབ་རྟོགས་པའི་ཆ་མཚོན་པར་བྱེད་པ་ཤེས་མཚན་དང་། ཐབས་ཕྲིན་ལས་ཀྱི་ཆ་མཚོན་པར་བྱེད་པ་བྱེད་མཚན་ཡིན་ཞིང་། དེ་ཉིད་ཐེག་ཆེན་དུ་མཚོན་པར་བྱེད་པ་ཐེག་དམན་ལས་ཁྱད་པར་དུ་འཕགས་པར་མཚོན་དགོས་པས་དེ་ཉིད་ལ་ཁྱད་མཚན་དགོས་པའི་ཕྱིར་རོ། །མཚོན་པར་བྱ་བ་ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ངོ་བོ་ཉིད་མཚན་བཅུ་དྲུག་སྟེ། དེ་ཉིད་མཚན་གཞིར་བྱས་ནས་སྤྱིར་ཐེག་ཆེན་གྱི་སྦྱོར་བ་དང་། བྱེ་བྲག་མཁྱེན་གསུམ་གྱི་སྦྱོར་བར་མཚོན་དགོས་པའི་ཕྱིར་རོ། །ཞིབ་ཏུ་ཕྱེ་ན་མཚོན་བྱ་གང་། མཚོན་བྱེད་གང་གིས། མཚན་གཞི་གང་གི་སྟེང་དུ་མཚོན་པར་བྱེད་ཅེས་པ་གསུམ་ལས། མཚོན་བྱ་ནི་གོང་དུ་བཤད་པའི་སྦྱོར་བ་ཉི་ཤུ་པོ་རེ་རེའི་སྟེང་དུ་ཡང་རང་གི་ངོ་བོ་ཐེག་ཆེན་གྱི་སྦྱོར་བ་ཡིན་པ་དང་། བྱེ་བྲག་ཕྱེ་ན་མཁྱེན་པ་གསུམ་གྱི་སྦྱོར་བ་གསུམ་གསུམ་དུ་ཡོད་དེ། རང་གི་ངོ་བོ་རྣམ་རྫོགས་སྦྱོར་བ་ཡིན་པའི་ཕྱིར་དང་། རེ་རེས་ཀྱང་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་པོ་ཀུན་རྫོགས་པར་སྒོམ་པར་བྱེད་པའི་ཕྱིར་རོ། །དེས་ན་སྤྱིར་ཐེག་ཆེན་གྱི་སྦྱོར་བ་དང་། བྱེ་བྲག་མཁྱེན་གསུམ་གྱི་སྦྱོར་བ་གསུམ་ནི་མཚོན་པར་བྱ་བ་ཡིན་པར་ཤེས་པར་བྱའོ། །མཚོན་བྱེད་ལ་ཡང་སྦྱོར་བ་རང་གི་ངོ་བོ་མཚོན་པར་བྱེད་པ་དང་། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་མཚོན་པ་བྱེད་པ་གཉིས་ལས། དང་པོ་ནི། ཤེས་མཚན་དང་། བྱེད་མཚན་གཉིས་ཏེ། ཐབས་ཤེས་ཟུང་དུ་འཇུག་པའི་སེམས་དཔའི་རྣལ་འབྱོར་ཞེས་པའི་དོན་ནོ། །དེས་ནི་སྤྱིར་ཐེག་ཆེན་གྱི་སྦྱོར་བ་ཙམ་མཚོན་པར་བྱེད་པ་ཡིན་ལ། བྱེ་བྲག་ཕྱེ་ན་གཞི་ཤེས་སྦྱོར་བའི་ཤེས་མཚན་དང་། བྱེད་མཚན་གཉིས་ཀྱིས་ནི་ཐེག་ཆེན་གྱི་གཞི་ཤེས་ཀྱི་སྦྱོར་བ་མཚོན་པར་བྱེད། ལམ་ཤེས་སྦྱོར་བའི་ཤེས་མཚན་དང་། བྱེད་མཚན་གཉིས་ཀྱིས་ནི་ལམ་ཤེས་སྦྱོར་བ་མཚོན་པར་བྱེད། རྣམ་མཁྱེན་སྦྱོར་བའི་ཤེས་མཚན་དང་། བྱེད་མཚན་གཉིས་ཀྱིས་ནི་རྣམ་མཁྱེན་གྱི་སྦྱོར་བ་མཚོན་པར་བྱེད་དེ། ཤེས་མཚན་དང་། བྱེད་མཚན་སྟོན་པའི་གཞུང་རྣམས་ལས་མཁྱེན་པ་གསུམ་གྱི་ས་མཚམས་སོ་སོར་བཅད་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །གཉིས་པ་ནི། སྦྱོར་བ་གསུམ་པོ་དེ་དག་ཀྱང་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཆོས་ཀྱི་བདག་མེད་རྟོགས་པས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །ཞེས་པ་སྟེ། ཁྱད་མཚན་སྟོན་པའི་གཞུང་ལ་མཁྱེན་གསུམ་གྱི་ས་མཚམས་སོ་སོར་མ་བཅད་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །མཚན་གཞི་ནི། སྤྱིར་ཐེག་ཆེན་གྱི་སྦྱོར་བ་ཙམ་ནི་ངོ་བོ་ཉིད་མཚན་བཅུ་དྲུག་གི་སྟེང་དུ་མཚོན་པར་བྱེད། བྱེ་བྲག་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ནི་ཉོན་མོངས་ཀྱིས་དབེན་པའི་ངོ་བོ་ཉིད་ལ་སོགས་པ་བཞིའི་སྟེང་དུ་མཚོན་པར་བྱེད། ལམ་ཤེས་ཀྱི་སྦྱོར་བ་ནི་བྱ་དཀའ་བའི་ངོ་བོ་ཉིད་ལ་སོགས་པ་ལྔའི་སྟེང་དུ་མཚོན་པར་བྱེད། རྣམ་མཁྱེན་གྱི་སྦྱོར་བ་ནི་དམིགས་པའི་ངོ་བོ་ཉིད་ལ་སོགས་པ་བདུན་གྱི་སྟེང་དུ་མཚོན་པར་བྱེད་དོ། །མཚོན་ཚུལ་མདོར་བསྡུ་ན། ངོ་བོ་ཉིད་མཚན་བཅུ་དྲུག་མཚན་གཞི། ཐེག་ཆེན་གྱི་སྦྱོར་བ་ཡིན་པར་མཚོན། ཐབས་ཤེས་ཟུང་དུ་འཇུག་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། ཐེག་ཆེན་གྱི་སྦྱོར་བ་མཚན་གཞི། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་སྦྱོར་བ་ཡིན་པར་མཚོན། བསམ་གྱིས་མི་ཁྱབ་པ་སོགས་ཆོས་ཀྱི་བདག་མེད་རྟོགས་པས་ཁྱད་པར་དུ་བྱས་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། ཞེས་པ་ནི། སྤྱིའི་མཚོན་ཚུལ་ཡིན་ལ། བྱེ་བྲག་ཕྱེ་ན་ཉོན་མོངས་ཀྱིས་དབེན་པའི་ངོ་བོ་ཉིད་སོགས་བཞི་ནི་མཚན་གཞི། ཐེག་པ་ཆེན་པོའི་གཞི་ཤེས་ཀྱི་སྦྱོར་བ་ཡིན་པར་མཚོན། ཡུམ་ལ་བརྟེན་ནས་དེ་བཞིན་གཤེགས་པ་འབྱུང་བར་རྟོགས་པ་སོགས་གཞིའི་གནས་ལུགས་རྟོགས་པའི་རྟོགས་པ་དང་། ཕན་བདེ་སྐྱོབ་པའི་བྱེད་པ་གསུམ་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་མཚན་གཞི། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་སྦྱོར་བར་མཚོན། མཚན་ཉིད་སྔར་བཞིན་ནོ། །བྱ་དཀའ་བའི་ངོ་བོ་ཉིད་ལ་སོགས་པ་ལྔ་མཚན་གཞི། ལམ་ཤེས་ཀྱི་སྦྱོར་བ་ཡིན་པར་མཚོན། རྣམ་ཐར་སྒོ་གསུམ་ཤེས་པ་སོགས་ལམ་གྱི་གནས་ལུགས་རྟོགས་པའི་རྟོགས་པ་དང་། སྐྱབས་ལ་སོགས་པའི་བྱེད་པ་བདུན་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། ལམ་ཤེས་གྱི་སྦྱོར་བ་མཚན་གཞིར་བྱས་ནས་ཁྱད་མཚན་གྱིས་མཚོན་ཚུལ་སྔར་བཞིན་ནོ། །དམིགས་པའི་ངོ་བོ་ཉིད་ལ་སོགས་པ་བདུན་མཚན་གཞི། རྣམ་མཁྱེན་གྱི་སྦྱོར་བ་ཡིན་པར་མཚོན། མཐོང་ཆོས་ལ་བདེར་གནས་ཤེས་པ་སོགས་རྣམ་པའི་གནས་ལུགས་རྟོགས་པའི་རྟོགས་པ་དང་། རྟེན་གྱི་མཛད་པ་གཅིག་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། རྣམ་མཁྱེན་གྱི་སྦྱོར་བ་མཚན་གཞིར་བྱས་ནས་ཁྱད་མཚན་གྱིས་མཚོན་ཚུལ་སྔར་བཞིན་ནོ། །གནད་ཀྱི་དོན་ནི་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ཚེ། མཁྱེན་པ་གསུམ་གཏན་ལ་ཕབ། རྣམ་པར་བསྡུ་བའི་ཚེ་ཡང་མཁྱེན་གསུམ་གྱི་རྣམ་པར་བསྡུས། དེ་དག་སྦྱོར་བ་ཉི་ཤུས་བསྒོམ་དགོས་པར་བསྟན་པ་ན། ཉི་ཤུ་པོ་རེ་རེའི་སྟེང་དུ་ཡང་སྤྱིར་ཐེག་ཆེན་གྱི་སྦྱོར་བ་ཡིན་པ་དང་། བྱེ་བྲག་མཁྱེན་གསུམ་གྱི་སྦྱོར་བ་གསུམ་དུ་ཡོད་པར་ངེས་ནས་དེ་དག་མཚོན་བྱེད་གང་གིས། མཚན་གཞི་གང་གི་སྟེང་དུ་མཚོན་མ་ངེས་པ་ལ་སྐབས་འདིར་མཚན་ཉིད་ཀྱི་གཞུང་རྣམས་གསུངས་པ་ཡིན་པས་རང་གི་ངོ་བོ་མཚོན་པའི་ཚུལ་ལ་སྦྱར་བར་བྱ་བ་ཡིན་ནོ། །སྔ་རབས་པ་རྣམས་ཀྱིས་རྒྱུས་འབྲས་བུ་མཚོན་ཚུལ་དང་། འབྲས་བུས་རྒྱུ་མཚོན་ཚུལ་ལ་སྦྱར་བའི་བཤད་པ་མང་དུ་མཛད་པ་ནི་གཞུང་གི་ཟུར་རེ་རེ་ལ་བལྟས་ན་རུང་བར་འདྲ་བར་སྣང་ཡང་། མཚོན་ཚུལ་གྱི་ངོ་བོ་ཇི་ལྟ་བ་བཞིན་མི་རྟོགས་པས་གཞུང་གི་དགོངས་པ་ལ་སྒྲིབ་ཉན་ཡོད་དོ། །འོ་ན་ཉིར་སྣང་དུ། ད་ནི་ཇི་ལྟར་ལམ་ཤེས་པ་ཉིད་ཀྱི་ཤེས་པ་རྣམ་པ་བཅུ་དྲུག་གིས་དེ་བཞིན་གཤེགས་པ་བསྐྱེད་པ་གང་ཡིན་པ་དེའི་དབང་དུ་མཛད་ནས། ཞེས་གསུངས་པ་ཇི་ལྟར་དྲང་སྙམ་ན། དེའི་དོན་ནི་སྐྱོན་གྱི་སྐབས་སུ་སྦྱོར་བ་བསྒོམ་པ་ལ་སྐྱོན་མང་དུ་ཡོད་ཀྱང་། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སྲུང་སྐྱོབ་མཛད་པས་སྐྱོན་གྱི་དབང་དུ་མི་འགྲོ་སྟེ། ཐེག་ཆེན་གྱི་སྦྱོར་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པའི་ཡུམ་ཡིན་པའི་ཕྱིར་རོ། །དཔེར་ན་བུ་མང་དུ་ཡོད་པའི་མ་ན་བར་གྱུར་པའི་ཚེ་བུ་ཐམས་ཅད་ཀྱིས་མའི་རིམ་གྲོ་བྱེད་པ་བཞིན་ནོ། །ཞེས་བསྟན་པ་ན། དེ་བཞིན་གཤེགས་པ་བསྐྱེད་པར་བསྟན་པའི་ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད་ཇི་ལྟ་བུ་ཞེ་ན་དེ་གཏན་ལ་དབབ་པའི་དབང་དུ་བྱས་པ་ཡིན་གྱི། དེ་བཞིན་གཤེགས་པ་སྐྱེད་བྱེད་མཚོན་བྱར་བྱས་ནས་དེའི་མཚན་ཉིད་སྟོན་པ་ནི་སྐབས་ཀྱི་དོན་མ་ཡིན་ནོ། །ཇི་སྐད་དུ་མདོ་སྡུད་པར། མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་པ། །དེ་དག་ཡིད་མི་བདེ་ཞིང་དེ་ལ་རིམ་གྲོ་བྱེད། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང་། །ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པར་མཛད། །ཅེས་གསུངས་སོ། །འོ་ན་དེ་སྐྱེད་པར་བྱེད་པའི་ཐེག་ཆེན་སྦྱོར་བ་མཚོན་བྱར་བྱས་ནས་དེའི་མཚན་ཉིད་འཇོག་དགོས་སོ་སྙམ་ན། འདི་ལ་རིགས་པའི་གཞུང་ལུགས་ལས། ཡང་ན་དེ་རྟོགས་ནས་ལྡོག་ཕྱིར། །བསྒྲུབ་བྱའི་དུས་སུ་ཡན་ལག་མིན། །ཞེས་པའི་དོན་རྟོགས་དགོས་སོ། །དེ་དག་གི་སྐབས་སུ་དཀའ་བའི་གནས་ལ་དཔྱད་པ་ལ་ཤེས་པ་དེ། གཡོ་བ་ལ་སོགས་ཤེས་བྱ་དང་། །ཞེས་པའི་སྐབས་སུ་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལ་དཔྱད་པ། ཁྱད་མཚན་གྱི་སྐབས་སུ་གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་ཡོད་མེད་དཔྱད་པ། བྱེད་མཚན་གྱི་སྐབས་སུ་སངས་རྒྱས་དང་བྱང་སེམས་གང་གི་མཛད་པ་ཡིན་དཔྱད་པ་དང་གསུམ་ལས། དང་པོ་ལ་གཉིས་ཏེ། ལྟ་ངན་དྲུག་ཅུ་རྩ་གཉིས་ངོས་གཟུང་བ་དང་། དེ་བཅུ་བཞིར་བསྡུ་བའོ། །དང་པོ་ནི། ཕྱི་རོལ་མུ་སྟེགས་བྱེད་ཀྱི་ལྟ་བ་གང་ཇི་སྙེད་པ་ཐམས་ཅད་སྔོན་གྱི་མཐར་རྟོག་པའི་ལྟ་བ་བཅོ་བརྒྱད། ཕྱི་མའི་མཐར་རྟོག་པའི་ལྟ་བ་བཞི་བཅུ་རྩ་བཞི་སྟེ་དྲུག་ཅུ་རྩ་གཉིས་སུ་འདུས་པ་ལས། དང་པོ་ལ་སྡོམ་ནི། རྟག་དང་ཁ་ཅིག་རྒྱུ་མེད་དང་། །མཐའ་ལྡན་དེ་བཞིན་ལྷ་མི་སྤོང་། །ཞེས་པ་ལྟར་རྟག་པར་སྨྲ་བ་རྣམས་ཀྱི་བཞི། ཁ་ཅིག་རྟག་པར་སྨྲ་བ་རྣམས་ཀྱི་བཞི། རྒྱུ་མེད་པར་སྨྲ་བ་རྣམས་ཀྱི་གཉིས། མཐའ་དང་ལྡན་མི་ལྡན་དུ་སྨྲ་བ་རྣམས་ཀྱི་བཞི། ལྷ་མི་སྤོང་བར་སྨྲ་བ་རྣམས་ཀྱི་བཞི་རྣམས་སོ། །དེ་ལ་དང་པོ་བཞི་ནི། ཕྱི་རོལ་པའི་བསམ་གཏན་པ་འགའ་ཞིག་གིས་སྔོན་གྱིས་གནས་རྗེས་སུ་དྲན་པའི་མངོན་ཤེས་ཀྱིས་བར་གྱི་བསྐལ་པ་ཉི་ཤུ་དང་། བཞི་བཅུ་དང་བརྒྱད་ཅུ་དྲན་པ་དང་། ལྷའི་མིག་གི་མངོན་ཤེས་ཀྱིས་སེམས་ཅན་ཁ་དོག་བཟང་པོ་དང་། ངན་པ་ཤི་བ་རྣམས་དེ་དང་དེར་སྐྱེས་པར་མཐོང་ན་བདག་དང་འཇིག་རྟེན་མཐོང་བ་ལྟར་རྟག་གོ་ཞེས་སྨྲས་པའོ། །ཁ་ཅིག་རྟག་པར་སྨྲ་བ་རྣམས་ཀྱི་བཞི་ནི། ཚངས་ཆེན་གྱི་འཁོར་འགའ་ཞིག་ཤི་ནས་མིར་སྐྱེས་བསམ་གཏན་སྒྲུབ་སྟེ་མངོན་ཤེས་བསྐྱེད་ནས་བལྟས་པས་ཚངས་པ་ཆེན་པོ་མ་ཤི་བར་མཐོང་ནས་ཚངས་པ་ཆེན་པོ་ནི་རྟག་ལ། ལྷ་གཞན་རྣམས་ནི་མི་རྟག་གོ་ཞེས་སྨྲ་བ་དང་། ཚངས་ཆེན་གྱི་འབྱུང་བ་ཆེན་པོ་རྣམས་ནི་མི་རྟག་ཅིང་། སེམས་མི་འགག་པར་མཐོང་ནས་འབྱུང་བ་རྣམས་མི་རྟག་ལ་སེམས་རྟག་ཅེས་པ་དང་། འདོད་ལྷ་རྩེ་བས་རབ་ཏུ་བསླུས་པ་ཞིག་རྩད་མོས་དྲན་ཤེས་བཞིན་ཉམས་ཏེ་ཤི་བ་ན་མིར་སྐྱེས་ཏེ། མངོན་ཤེས་བསྐྱེད་དེ་བལྟས་པས་རང་གི་སྔར་གྱི་ཟླ་བོ་རྣམས་མ་ཤི་བར་མཐོང་སྟེ་ལྷ་རྩེ་བས་བསླུས་པ་རྣམས་མི་རྟག་ལ་གཞན་རྟག་ཅེས་པ་དང་། ལྷ་གྲོགས་ལ་ཡིད་འཁྲུགས་པ་ཁ་ཅིག་གི་དེའི་སྟོབས་ཀྱིས་ཤི་སྟེ་མིར་སྐྱེས་ནས་སྔ་མ་ལྟར་མངོན་ཤེས་བསྐྱེད་དེ་བལྟས་པས། གཞན་རྣམས་མ་ཤི་བར་མཐོང་ནས་ལྷ་ཡིད་འཁྲུགས་པ་དག་ནི་མི་རྟག་ལ་གཞན་རྣམས་རྟག་གོ་ཞེས་སྨྲའོ། །རྒྱུ་མེད་པར་སྨྲ་བ་ལ་གཉིས་ཀྱི་བསམ་གཏན་ལ་བརྟེན་ནས་རྒྱུ་མེད་པར་སྨྲ་བ་ནི། གཟུགས་མེད་ནས་ཤི་འཕོས་པའི་སེམས་ཅན་འགའ་ཞིག་འདོད་གཟུགས་སུ་སྐྱེས་པ་ན། མངོན་ཤེས་དང་ལྡན་པའི་དྲང་སྲོང་འགའ་ཞིག་གིས་དེའི་རྒྱུ་སྔ་མ་གང་ཡིན་བལྟས་པས་མ་མཐོང་ནས་ལུས་དང་སེམས་གློ་བུར་དུ་འབྱུང་བར་ལྟ་བ་དང་། རྟོག་གེ་ལ་བརྟེན་ནས་རྒྱུ་མེད་པར་སྨྲ་བ་ནི་ཆར་པ་དང་རླུང་སོགས་གློ་བུར་དུ་འབྱུང་ཞིང་། ཤིང་རྣམས་ལ་ཡང་རེས་འགའ་མེ་ཏོག་དང་འབྲས་བུ་གློ་བུར་དུ་འབྱུང་ཞིང་རེས་འགའ་མི་འབྱུང་བར་མཐོང་ནས་བདག་དང་འཇིག་རྟེན་རྒྱུ་མེད་པར་སྨྲའོ། །མཐའ་དང་ལྡན་མི་ལྡན་དུ་སྨྲ་བ་རྣམས་ཀྱི་བཞི་ནི་ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་འགའ་ཞིག་འཇིག་རྟེན་གྱི་མཐའ་ཆད་པར་འགྱུར་རམ། འོན་ཏེ་ཆད་པར་མ་གྱུར་སྙམ་དུ་ཡང་དག་པར་ཚོལ་བར་འདོད་པ་ན་གང་གི་ཚེ་འཇིག་པའི་བསྐལ་པ་དྲན་པ་དེའི་ཚེ་ནི་མཐའ་ཡོད་པའི་འདུ་ཤེས་འབྱུང་ངོ་། །གང་གི་ཚེ་ཆགས་པའི་བསྐལ་པ་དྲན་པ་དེའི་ཚེ་མཐའ་མེད་པའི་འདུ་ཤེས་འབྱུང་ངོ་། །ཡང་དེ་དག་ཡུལ་རྒྱ་ཆེ་བའི་མཐའ་ཡང་དག་པར་ཚོལ་བར་འདོད་པ་ན་གང་གི་ཚེ་འོག་ཏུ་མནར་མེད་པ་ཡན་ཆད་ལས་མ་མཐོང་ཞིང་སྟེང་དུ་བསམ་གཏན་བཞི་པ་མན་ཆད་ལས་མ་མཐོང་ལ་ཐད་ཀར་ཐམས་ཅད་ཀྱི་ཕ་རོལ་མ་མཐོང་བ་དེའི་ཚེ་འོག་དང་སྟེང་དུ་ནི་མཐའ་ཡོད་པའི་འདུ་ཤེས་འབྱུང་ལ། ཐད་ཀར་ནི་མཐའ་མེད་པའི་འདུ་ཤེས་འབྱུང་ངོ་། །དེ་ལ་སྔ་མ་ནི་སྔོན་གནས་རྗེས་སུ་དྲན་པའི་མངོན་ཤེས་ལ་བརྟེན་ནས་དུས་ཀྱི་མཐའ་ལ་རྟོག་པ་ཡིན་ནོ། །ཕྱི་མ་ནི་ལྷའི་མིག་གི་མངོན་ཤེས་ལ་བརྟེན་ནས་ཡུལ་གྱི་མཐའ་ལ་རྟོག་པ་ཡིན་ནོ། །ཕྱི་མ་དེ་དང་མི་མཐུན་པའི་ཕྱོགས་ཀྱང་ཡི་གེའི་ཁྱད་པར་ལ་མངོན་པར་ཞེན་ལ་དོན་གྱི་ཁྱད་པར་ལ་ནི་མ་ཡིན་ཏེ་མཐའ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་འདུ་ཤེས་འབྱུང་བ་མ་ཡིན་ནོ། །ལྷ་མི་སྤོང་བར་སྨྲ་བ་རྣམས་ཀྱི་བཞི་ནི་བློ་མ་བྱང་བ་དང་། རྟོགས་པ་ཡོད་པར་མངོན་པའི་ང་རྒྱལ་ཅན་དང་། བློ་བྱང་བ་རྣམ་པར་མ་ངེས་པ་དང་། ཤེས་པ་ཞེན་ཅིང་ཀུན་ཏུ་རྨོངས་པ་བཞི་ལ་མངོན་པར་མཐོ་བའི་ལམ་དགེ་བ་དང་། མི་དགེ་བ་དང་། ངེས་པར་ལེགས་པའི་ལམ་བདེན་པ་བཞི་ལས་བརྩམས་ཏེ་དྲིས་པ་ན་བདག་ནི་ལྷ་མི་སྤོང་བ་ཡིན་ནོ་སྙམ་དུ་དམ་བཅས་ནས་གང་དུ་འཆི་བ་མེད་པ་རྣམ་པར་དག་པའི་ལྷ་རྣམས་ཀྱི་གོ་འཕང་ཐོབ་པའི་རྒྱུ་ལས་བརྩམས་ཏེ། དྲི་བ་དྲིས་པ་སྤང་བར་བྱ་བ་མ་ཡིན་པ་དེར་ཚིག་གཞན་དང་གཞན་དུ་རླུང་ལ་བསྐུར་བ་དང་། ཕྱི་རོལ་པ་དང་མཐོན་པའི་ཚུལ་གྱིས་སྤོང་བར་བྱེད་པའོ། །དེ་དག་ནི་ཅི་རིགས་པར་འདས་པ་དང་། ད་ལྟར་གྱི་ཡུལ་ལ་རྟོག་པའི་ཕྱིར་སྔོན་གྱི་མཐའ་ལ་རྟོག་པ་ཞེས་བྱ་སྟེ། འདས་པ་དང་། ད་ལྟར་བ་དག་ནི་བྱུང་ཟིན་པའི་ཕྱིར་སྔོན་གྱི་མཐའ་ཡིན་པས་སོ། །གཉིས་པ་ལ་སྡོམ་ནི། འདུ་ཤེས་ཡོད་སྨྲའི་བཅུ་དྲུག་དང་། །མེད་དང་གཉིས་མིན་བརྒྱད་བརྒྱད་དང་། །ཆད་པར་སྨྲ་བ་རྣམས་ཀྱི་བདུན། །ཚེ་འདི་ཉིད་ལ་གྲོལ་ངེས་ལྔ། །ཞེས་པ་ལྟར་དང་པོ་བཅུ་དྲུག་ནི་བདག་གཟུགས་དང་ལྡན་འདུ་ཤེས་ཅན། མི་ལྡན་འདུ་ཤེས་ཅན། གཉིས་ཡིན་འདུ་ཤེས་ཅན། གཉིས་མིན་འདུ་ཤེས་ཅན་ཏེ་བཞི་དང་། བདག་མཐའ་དང་ལྡན་པ་དང་། མི་ལྡན་པ་དང་། གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པའི་འདུ་ཤེས་ཅན་ཏེ་བཞི་དང་། བདག་བདེ་བ་ཡིན་པ་དང་། སྡུག་བསྔལ་ཡིན་པ་དང་། གཉིས་ཡིན་དང་། གཉིས་མིན་གྱི་འདུ་ཤེས་ཅན་ཏེ་བཞི་དང་། བདག་གཅིག་པུ་ཡིན་པ་དང་། ཐ་དད་པ་དང་། ཆུང་ངུ་ཡིན་པ་དང་། ཚད་མེད་པའི་འདུ་ཤེས་ཅན་དུ་ལྟ་བ་རྣམས་སོ། །འདུ་ཤེས་མེད་པར་སྨྲ་བ་རྣམས་ཀྱི་བརྒྱད་ནི། བདག་གཟུགས་ཅན་ཡིན། འདུ་ཤེས་མེད་ཅེས་པ་ནས། བདག་མཐའ་དང་ལྡན་མི་ལྡན་གཉིས་ཀ་མ་ཡིན། འདུ་ཤེས་མེད་ཅེས་པའི་བར་བརྒྱད་རྣམས་སོ། །གཉིས་ཀ་མ་ཡིན་པར་སྨྲ་བ་རྣམས་ཀྱི་བརྒྱད་ནི་སྔ་མ་བརྒྱད་པོ་དེ་ཉིད་ལ་འདུ་ཤེས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་སྦྱོར་བ་བརྒྱད་རྣམས་སོ། །ཆད་པར་སྨྲ་བ་རྣམས་ཀྱི་བདུན་ནི་འདོད་པའི་མི་དང་། ལྷ་དང་། གཟུགས་ཁམས་པ་དང་། གཟུགས་མེད་སྐྱེ་མཆེད་བཞི་སྟེ། བདུན་པོ་རྣམས་མ་ཤི་བའི་བར་དུ་ནད་དང་། འབྲས་དང་། ཟུག་རྔུ་དང་བཅས་པ་ཡིན་ལ། ཤི་ནས་ཡེ་མེད་དུ་སྨྲ་བའོ། །ཚེ་འདི་ཉིད་ལ་གྲོལ་བར་སྨྲ་བ་རྣམས་ཀྱི་ལྔ་ནི་འདོད་པའི་ཡོན་ཏན་ལ་འཛེམ་མེད་དུ་སྤྱོད་པས་གྲོལ་བ་དང་། བསམ་གཏན་བཞི་ཐོབ་པས་གྲོལ་བར་སྨྲ་བ་རྣམས་སོ། །འདི་དག་ནི་ཕལ་ཆེར་མ་འོངས་པའི་ཆ་ལ་རྟོག་པའི་ཕྱིར། ཕྱི་མའི་མཐའ་ལ་རྟོག་པའི་ལྟ་བ་ཡིན་ནོ། །འོ་ན་འདི་དག་ལྟ་བ་ལྔ་པོ་གང་དུ་འདུ་སྙམ་ན་རང་གི་ངོ་བོའི་དབང་དུ་བྱས་ནས་མཐར་འཛིན་ལྟ་བ་དང་ལོག་ལྟ་གཉིས་ལས་བྱུང་བ་རྣམ་པར་བཞག་སྟེ། རྟག་པར་སྨྲ་བའི་བརྒྱད། མཐའ་དང་མི་ལྡན་པ་དང་། ཆད་ལྟ་བདུན་ནི་དང་པོ། ལས་དང་རྒྱུ་མེད་དུ་སྨྲ་བ་གཉིས་ནི་གཉིས་པ། ལས་དང་། ལྷག་མ་བཞི་བཅུ་རྩ་གཉིས་ནི་གཉིས་ཀའི་མཚན་ཉིད་ཅན་ཏེ། སྒྲོ་འདོགས་ཀྱི་ལོག་ལྟ་དང་། མཐར་འཛིན་ཡིན་པའི་ཕྱིར་རོ། །རྒྱུ་འབྲས་ངོ་བོ་མ་ལུས་པའི་དབང་དུ་བྱས་ན་ལྟ་བ་ལྔ་པོ་ཐམས་ཅད་ལས་རྣམ་པར་བཞག་སྟེ། འཇིག་ཚོགས་ལ་ལྟ་བ་ནི་དེ་དག་ཀུན་གྱི་རྒྱུ་ཡིན་པའི་ཕྱིར་དང་། མཆོག་འཛིན་གཉིས་ནི་འབྲས་བུ་ཡིན་པའི་ཕྱིར་རོ། །འདི་ལ་དགོངས་ནས་ཡུམ་གྱི་མདོར། འཇིག་ཚོགས་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་ལྟར། །དེ་བཞིན་ཕ་རོལ་ཕྱིན་པར་ཐམས་ཅད་འདུས་པར་གསུངས། །ཞེས་གསུངས་སོ། །གཉིས་པ་དེ་ལྟ་བ་བཅུ་བཞིར་བསྡུ་བ་ལ། ངོ་བོ། དབྱེ་བ། གང་ཟག་གང་གི གཡོ་སོགས་སུ་འདོགས་པའི་རྒྱུ་མཚན། ཡུལ་ལ་འཇུག་པའི་ཚུལ། གང་ལ་བརྟེན་ནས་སྐྱེ་བ། ལུང་མ་བསྟན་དུ་གཞག་པའི་རྒྱུ་མཚན་སྔོན་དང་ཕྱི་མཐའ་སོགས་ངོས་གཟུང་བ། གང་ལ་དགོངས་ནས་དབྱེ་བ་མཛད་པ་དང་དགུ་ལས། དང་པོ་ལུང་མ་བསྟན་གྱི་ལྟ་བའི་ངོ་བོ་ནི། ཕྱིན་ཅི་ལོག་གི་སེམས་ཀྱིས་བསྡུས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་དབྱེ་བ་ནི་དབུ་མ་རྩ་བར་འདས་ཕན་ཆད་དང་མཐའ་སོགས་དང་། རྟག་ལ་སོགས་པར་ལྟ་བ་དག །མྱ་ངན་འདས་དང་ཕྱི་མཐའ་དང་། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །ཞེས་པ་ལྟར་བདག་དང་འཇིག་རྟེན་རྟག་པར་དང་མི་རྟག་པ་དང་། གཉིས་ཀར་དང་། གཉིས་ཀ་མ་ཡིན་པར་ལྟ་བ་དང་བཞི་སྔོན་གྱི་མཐའ་ལ་བརྟེན་པ་དང་། བདག་དང་འཇིག་རྟེན་མཐའ་དང་ལྡན་པར་དང་། མི་ལྡན་པར་དང་། གཉིས་ཀར་དང་། གཉིས་ཀ་མ་ཡིན་པར་ལྟ་བ་དང་བཞི་ཕྱི་མའི་མཐའ་ལ་བརྟེན་པ་དང་། དེ་བཞིན་གཤེགས་པ་གྲོངས་ནས་འབྱུང་བར་དང་། མི་འབྱུང་བར་དང་། གཉིས་ཀར་དང་། གཉིས་ཀ་མ་ཡིན་པར་ལྟ་བ་བཞི་མྱང་འདས་ལ་བརྟེན་པ་དང་། ལུས་སྲོག་གཅིག་ཏུ་དང་། ལུས་སྲོག་ཐ་དད་དུ་ལྟ་བ་ནི་ལུས་སྲོག་ལ་བརྟེན་པ་སྟེ་བཅུ་བཞིའོ། །གསུམ་པ་གང་ཟག་གང་གི་ཡིན་པ་ནི། རྟག་མཐའ་དང་ལྡན། གྲོངས་ནས་འབྱུང་བར་ལྟ་བ་གསུམ་གྲངས་ཅན་གྱི་ལྟ་བ་མིང་གཡོ་བ་ཞེས་ཟེར། དེ་འོག་གསུམ་རྒྱང་འཕེན་གྱི་ལྟ་བ་མིང་འདུ་བ་ཞེས་ཟེར། དེ་འོག་གསུམ་གཅེར་བུ་པའི་ལྟ་བ་མིང་བཀྲམ་པ་ཞེས་ཟེར། དེ་འོག་གསུམ་གནས་མ་བུའི་ལྟ་བ་མིང་བཅུམ་པ་ཞེས་ཟེར། ལུས་སྲོག་གཅིག་ཏུ་ལྟ་བ་བྱེ་བྲག་པ་སོགས་ཀྱི་ཡིན། ལུས་སྲོག་ཐ་དད་ཟེར་ཡང་། ལུས་ཀྱང་སྲོག་མ་ཡིན། སྲོག་ཀྱང་ལུས་མ་ཡིན་པར་ལྟ་བ་གྲངས་ཅན་སོགས་ཀྱི་ཡིན་ནོ། །བཞི་པ་གཡོ་སོགས་སུ་འདོགས་པའི་རྒྱུ་མཚན་ཅན་ནི་གྲངས་ཅན་གྱིས་ཉེ་བར་ཞ་བའི་མི་རྟག་པ་འདོད་ཅིང་སེམས་ཅན་ཤི་བ་ན་ཉི་མ་རྒས་པའམ། ཕུར་པ་བཏབ་པ་ལྟར་རེ་ཞིག་ནུབ་པར་གྱུར་པའི་ཚུལ་དུ་གནས་པར་འདོད་པས་སམ། ཡོད་པ་ལ་མི་མཐོང་བའི་ཚུལ་གྱིས་གནས་པར་འདོད་པས་ཁོའི་ལྟ་བ་ལ་གཡོ་བ་ཞེས་བཏགས། རྒྱང་འཕེན་པ་སྐྱེ་བ་སྔ་ཕྱི་མེད་ཅིང་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ཚེ་འདིར་རྫོགས་པར་འདོད་པས་ཁོའི་ལྟ་བ་ལ་འདུ་བ་ཞེས་བཏགས། གཅེར་བུ་པས་སྦྲུལ་དང་སྦྲུལ་གྱི་འཁྱིལ་བ་བཞིན་རང་བཞིན་རྟག་གནས་སྐབས་མི་རྟག་ཅེས་སོགས་རང་བཞིན་དང་གནས་སྐབས་ལ་ལྟོས་ཏེ་གཉིས་སུ་འདོད་པས་ཁོའི་ལྟ་བ་ལ་བཀྲམ་པ་ཞེས་བྱ། གནས་མ་བུ་པ་རྟག་མི་རྟག་སོགས་གང་དུ་ཡང་བརྗོད་དུ་མེད་པར་འདོད་པས་ཁོའི་ལྟ་བ་ལ་བཅུམ་པ་ཞེས་བཏགས་སོ། །ལྔ་པ་ཡུལ་ལ་འཇུག་ཚུལ་ནི་གཡོ་བ། བཀྲམ་པ། ལུས་སྲོག་གཅིག་ཏུ་ལྟ་བ་རྣམས་ཡུལ་ལ་བསྒྲུབ་པའི་སྒོ་ནས་འཇུག འདུ་བ། བཅུམ་པ། ལུས་སྲོག་ཐ་དད་དུ་ལྟ་བ་རྣམས་ཡུལ་ལ་དགག་པའི་སྒོ་ནས་འཇུག་གོ །དྲུག་པ་གང་ལ་བརྟེན་ནས་སྐྱེ་བ་ནི་འཁྲུལ་གཞི་ཕུང་པོ་ལྔ་ལ་བརྟེན་ནས་སོ། །བདུན་པ་ལུང་མ་བསྟན་དུ་གཞག་པའི་རྒྱུ་མཚན་ནི་གྲངས་ཅན་སོགས་ཀྱིས་གང་ཟག་གི་བདག་ལས་བརྩམས་ཏེ། འཇིག་རྟེན་མཐའ་དང་ལྡན་ནམ་མི་ལྡན་ཞེས་སོགས་དེ་བཞིན་གཤེགས་པ་ལ་ཞུས་པས་མི་འདུལ་བ་ལ་དགོངས་ནས་ལན་ལུང་དུ་མ་བསྟན་པས་དེར་བཞག་སྟེ། རིན་ཆེན་ཕྲེང་བར། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། ཞུས་ནས་རྒྱལ་བ་མི་གསུངས་བཞུགས། །གང་ཕྱིར་དེ་ལྟར་ཟབ་མོའི་ཆོས། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་སོ། །ལན་ལུང་དུ་མ་བསྟན་པ་ནི་མཛོད་ལས། མགོ་གཅིག་པ་དང་རྣམ་ཕྱེ་དང་། །དྲི་དང་བཞག་པར་ལུང་བསྟན་པ། །འཆི་དང་སྐྱེ་དང་ཁྱད་པར་འཕགས། །བདག་གཞན་ལ་སོགས་ལྟ་བུ་ཡིན། །ཞེས་དྲི་བའི་ལན་འདེབས་པའི་ཚུལ་བཞི་གསུངས་པའི་ཕྱི་མ་དེ་ཉིད་ཡིན་ནོ། །བརྒྱད་པ་སྔོན་དང་ཕྱི་མཐའ་སོགས་ངོས་གཟུང་བ་ནི། ཚེ་སྔ་མའི་ཕུང་པོ་རྣམས་སྔོན་མཐའ་དང་། ཚེ་ཕྱི་མའི་ཕུང་པོ་རྣམས་ཕྱི་མཐའོ། །མྱ་ངན་ལས་འདས་པ་ནི་འདས་པའོ། །གང་ཟག་ནི་བདག་གོ །ཕུང་པོ་ལྔ་ནི་འཇིག་རྟེན་ནོ། །དེས་ན་བདག་དང་བཅས་པའི་འཇིག་རྟེན་རྟག་མི་རྟག མཐའ་དང་ལྡན་མི་ལྡན་ཞེས་སོགས་སོ། །སྲོག་ནི་བདག་ཡིན་ལ་ལུས་ནི་འཇིག་རྟེན་ཡིན་པས། གཅིག་དང་ཐ་དད་དུ་ལྟ་བའི་ཆ་ནས་བཞག་པ་ཡིན་གྱི་མཚན་གཞི་ཆ་སྔ་མ་དང་འདྲའོ། །དགུ་པ་གང་ལ་དགོངས་ནས་དབྱེ་བ་མཛད་པ་ནི། གོང་དུ་བཤད་པའི་བདག་ཏུ་ལྟ་བ་དང་ལྡན་པའི་གདུལ་བྱའི་སྐྱེ་བོ་ཉེ་བ་རྣམས་ཀྱི་བསམ་པའི་དབང་དུ་བྱས་ནས་བཅུ་བཞིར་དབྱེ་བ་ཡིན་གྱི་དངོས་པོ་ལ་གྲངས་མེད་དོ། །འོ་ན་ལྟ་བ་དྲུག་ཅུ་རྩ་གཉིས་དང་། བཅུ་བཞི་ལ་ཁྱད་པར་ཅི་ཡོད་ཅེ་ན། སྔོན་དེ་བཞིན་གཤེགས་པས་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་སྔ་རོལ་ན་ཕྱི་རོལ་པ་རྣམས་ཀྱི་རྟག་ཆད་དུ་ལྟ་བའི་རྣམ་གྲངས་ཇི་སྙེད་ཡོད་པ་ཐམས་ཅད་ནི་དྲུག་ཅུ་རྩ་གཉིས་པོ་དེ་ཙམ་དུ་ཟད་པའི་ཕྱིར་མདོ་ལས་ལྟ་བ་དྲུག་ཅུ་རྩ་གཉིས་སུ་རྣམ་པར་བཞག་ལ། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ཕྱི་རོལ་པའི་དྲང་སྲོང་འགའ་ཞིག་གིས་བཅོམ་ལྡན་འདས་ལ་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ཀྱི་དོན་རྣམས་མཐའ་བཅུ་བཞིར་བཅད་ནས་ཞུས་པ་ནི་ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞི་པོ་འདི་ཡིན་ནོ། །གཉིས་པ་གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་ཡོད་མེད་དཔྱད་པ་ནི། ཉིར་སྣང་དུ། གསལ་ཀ་གང་ཡང་མ་གསུངས་པར་ཐེག་ཆེན་གྱི་སྦྱོར་བའི་དབང་དུ་བྱས་ནས་ཁྱད་མཚན་བཅུ་དྲུག་བཤད་ལ། སློབ་དཔོན་གྱིས་ལམ་ཤེས་དང་། རྣམ་མཁྱེན་གྱི་སྦྱོར་བ་གཉིས་ཀྱི་ཁྱད་ཆོས་ཡིན་པར་བཤད་དོ། །དེའི་དགོངས་པ་ཡང་ཁྱད་མཚན་གྱིས་གཞན་ལྡན་རྣམ་གཅོད་ཀྱི་ཚུལ་ཀྱིས་མཚོན་པས་རང་གང་ལ་ལྡན་པའི་སྦྱོར་བ་དེ་གཞན་ཐེག་དམན་ལ་ལྡན་པ་རྣམ་པར་བཅད་དགོས་པས་སྦྱོར་བ་ཕྱི་མ་གཉིས་ལ་སྦྱར་བ་ཡིན་ཏེ། སྦྱོར་བ་ཕྱི་མ་གཉིས་ཐེག་དམན་ལ་མི་ལྡན་པའི་ཕྱིར་དང་། གཞི་ཤེས་ཀྱི་སྦྱོར་བ་ཙམ་ཐེག་དམན་ལ་ཡང་ཡོད་པས་དེ་ལ་ཁྱད་མཚན་སྦྱར་ན། ཐེག་དམན་ལ་ལྡན་པ་བཅད་དགོས་པ་ལས་དེ་གཅོད་མི་ནུས་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །འོན་ཀྱང་རྟོགས་རིགས་ཀྱི་དབང་དུ་བྱས་ན་གཞི་ཤེས་ཀྱི་སྦྱོར་བ་ལ་ཁྱད་མཚན་མེད་དེ། དེ་ནི་ཐེག་དམན་གྱི་རྟོགས་རིགས་ཡིན་པའི་ཕྱིར་རོ། །རང་གི་ངོ་བོའི་དབང་དུ་བྱས་ན་སྦྱོར་བ་གསུམ་ཆར་ལ་ཁྱད་མཚན་ཡོད་དེ། ཐེག་ཆེན་གྱི་སྦྱོར་བ་གཅིག་གི་ངོ་བོ་ཡིན་པའི་ཕྱིར་དང་། ཐེག་དམན་གྱི་རྟོགས་རིགས་དེ་ཡང་མི་དམིགས་པའི་རྣམ་པས་ཟིན་པའི་སྒོ་ནས་ཉམས་སུ་ལེན་དགོས་པའི་ཕྱིར་རོ། །གསུམ་པ་བྱེད་མཚན་གྱི་སྐབས་སུ་སངས་རྒྱས་དང་བྱང་སེམས་གང་གི་མཛད་པ་ཡིན་དཔྱད་པ་ནི། བརྒྱད་སྟོང་པར་དང་པོ་གཉིས་བྱང་སེམས་ཀྱི་དང་། ཕྱི་མ་དགུ་སངས་རྒྱས་ཀྱི་བྱེད་པར་བཤད། འབུམ་དང་ཉི་ཁྲི་ལེ་མང་ལས། དང་པོ་ལྔ་བྱང་སེམས་དང་། ཕྱི་མ་དྲུག་སངས་རྒྱས་ལ་སྦྱར། ཁྲི་བརྒྱད་སྟོང་པར་དང་པོ་དྲུག་སངས་རྒྱས་དང་། ཕྱི་མ་ལྔ་བྱང་སེམས་ལ་སྦྱར། ཤེས་རབ་ཁྲི་པར་ཐམས་ཅད་ཀྱང་བྱང་སེམས་ལ་བཤད་དོ། །འདི་དག་གི་དོན་ལ་ཊཱི་ཀར། བྱེད་པ་བཅུ་གཅིག་པོ་སངས་རྒྱས་དང་བྱང་སེམས་གཉིས་ཀ་ལ་ཡང་ཡོད་མོད་ཀྱི་མཚན་ཉིད་དུ་བཤད་པ་ནི་བྱང་སེམས་ལ་ཡོད་པའི་ཆ་གཟུང་ངོ་། །ཞེས་གསུངས་པ་ལྟར་ལེགས་སོ། །ཉིར་སྣང་དུ་སྦྱོར་བ་གསུམ་ལ་སོ་སོར་སྦྱར་བའི་གསལ་ཁ་མི་སྣང་ཡང་། སློབ་དཔོན་གྱིས་གསུམ་དང་། བདུན་དང་། གཅིག་རྣམས་མཁྱེན་གསུམ་གྱི་སྦྱོར་བ་ལ་སོ་སོར་སྦྱོར་བར་མཛད་དོ། །མཚན་ཉིད་ཀྱི་འོག་ཏུ་ཐར་པ་ཆ་མཐུན་འཆད་པའི་རྒྱུ་མཚན་ཡོད་དེ། སྔར་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྣམ་པར་བསྡུས་པ་ན། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་པའི་སྐབས་གྱི་རྟེན་གྱི་གང་ཟག་བཞི་བདེར་འགྱུར་ཞིང་། དེས་སྦྱོར་བའི་དབྱེ་བ་དང་། ཡོན་ཏན་དང་། སྐྱོན་དང་། མཚན་ཉིད་ལ་མཁས་པའི་ཚེ་འདིར་བསྟན་ཐར་པ་ཆ་མཐུན་སྐྱེས་པ་ཡིན་པའི་ཕྱིར་རོ། །འོ་ན་འདིར་བསྟན་ཐར་པ་ཆ་མཐུན་དེ་དེ་དག་ལ་མཁས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། འདིར་བསྟན་ཐར་པ་ཆ་མཐུན་དེ་ལྟ་བ་མཚན་མེད་རྟོགས་པའི་ཤེས་རབ་དང་། སྤྱོད་པ་སངས་རྒྱས་ལ་སོགས་པའི་ཡུལ་ལྔ་ལ་མཁས་པའི་སྤྱོད་པ་ཟུང་དུ་འཇུག་པ་ཡིན་པའི་ཕྱིར་ཏེ། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་བསྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་གསུངས་པའི་ཕྱིར་རོ། །ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཡིན་ན། སངས་རྒྱས་སོགས་ཀྱི་ཡུལ་ལྔ་ལ་མཁས་པས་ནི་མ་ཁྱབ་སྟེ། སངས་རྒྱས་སོགས་ཀྱི་ཡུལ་ལྔ་ལ་མཁས་པའི་ཆེད་དུ་ཐོས་བསམ་བྱེད་པའི་གནས་སྐབས་ཀྱི་ཐར་པ་ཆ་མཐུན་ཡང་ཡོད་པའི་ཕྱིར་རོ། །དེས་ན་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་འབེབས་པ་ནས་སྦྱོར་བའི་མཚན་ཉིད་ལ་མཁས་པར་མ་གྱུར་པའི་བར་གྱི་ཐོས་བསམ་གྱིས་བསྡུས་པའི་ཐར་པ་ཆ་མཐུན་ནི་ཆོས་བཤེས་ཀྱིས་ཚོགས་ལམ་ཕལ་པ་ཞེས་པའི་ཐ་སྙད་གསུངས་སོ། །སྦྱོར་བའི་མཚན་ཉིད་ལ་མཁས་པའི་ཚེ་སངས་རྒྱས་སོགས་ཀྱི་ཡུལ་ལྔ་ལ་མཁས་པ་ཡིན་ཞིང་། དེ་ནས་བཟུང་སྟེ་སྦྱོར་ལམ་དྲོད་མ་སྐྱེས་བར་གྱི་ཐར་པ་ཆ་མཐུན་ནི་བསྒོམས་པས་བསྡུས་པའི་ཐར་པ་ཆ་མཐུན་ཏེ། འདི་ལ་ཐར་པ་ཆ་མཐུན་ཁྱད་པར་ཅན་ཞེས་པའི་ཐ་སྙད་མཛད་དོ། །འདིར་བསྟན་གྱི་ཐར་པ་ཆ་མཐུན་རྒྱུད་ལ་སྐྱེས་ནས་དྲོད་མ་ཐོབ་ཀྱི་བར་དུ་ནི་ཐོས་བསམ་ལ་མི་ལྟོས་ཏེ། ཡུལ་ལྔ་ལ་མཁས་པའི་དད་སོགས་དེའི་རིགས་རྒྱུན་བསྒོམས་པས་བསྒོམ་བྱའི་དོན་ལ་གསལ་སྣང་ཐོབ་པའི་ཚེ་དད་སོགས་ལྔ་པོ་དེ་དབང་པོར་འགྱུར་ལ་དེའི་ཚེ་དྲོད་ཐོབ་པར་འཇོག་པའི་ཕྱིར་རོ། །དྲོད་མ་ཐོབ་བར་གྱི་དད་སོགས་ལྔ་ནི་རྣམ་པར་བྱང་བ་ཙམ་ལ་དབང་བྱེད་པའི་དབང་པོ་ཡིན་ཀྱང་བྱང་ཕྱོགས་སོ་བདུན་གྱི་ནང་ཚན་དུ་གྱུར་པའི་དབང་པོ་ནི་མ་ཡིན་ཏེ། བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་དབང་པོ་མ་ཐོབ་པའི་ཕྱིར་རོ། །འདི་ལ་དགོངས་ནས་ཉིར་སྣང་དུ། དད་པ་ལ་སོགས་པ་འདི་དག་ལ་དབང་པོར་ནི་བརྗོད་པར་མི་བྱ་སྟེ། དབང་པོའི་དོན་མེད་པའི་ཕྱིར་རོ་ཞེས་དང་། འགྲེལ་ཆུང་དུ་ཡང་དབང་པོའི་ངོ་བོ་ཉིད་མ་ཡིན་པ་ཞེས་སོགས་གསུངས་སོ། །འོ་ན་འདིར་བསྟན་ཐར་པ་ཆ་མཐུན་ལ་གནས་པའི་བྱང་སེམས་ཡིན་ན། གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པས་ཁྱབ་པར་འགྱུར་ཏེ། དེ་ཡིན་ན། སངས་རྒྱས་ལ་སོགས་པའི་ཡུལ་ལྔ་ལ་མཁས་པས་ཁྱབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། འདིར་བསྟན་ཐར་པ་ཆ་མཐུན་ལ་གནས་པའི་བྱང་སེམས་དབང་རྣོན་རྣམས་ཕལ་ཆེར་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་བས་ཕྱིར་མི་ལྡོག་ལ། དབང་རྟུལ་རྣམས་ཕལ་ཆེར་དེ་རྟོགས་པར་དཀའ་བ་ཡིན་པའི་ཕྱིར་ཞེས་པ་ནི། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པས་བསྟན་ཏོ། །དེ་ལྟར་བསྟན་པའི་དགོས་པ་ཡང་ཐེག་ཆེན་གྱི་སྦྱོར་ལམ་ཐོབ་པའི་བྱང་སེམས་དབང་པོ་རྣོ་རྟུལ་ཐམས་ཅད་ཀྱང་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པས་ཁྱབ་པ་འོག་ཏུ་སྟོན་པར་འགྱུར་བས་ན་བྱང་སེམས་ཚོགས་ལམ་པ་ཕྱིར་ལྡོག་མི་ལྡོག་གཉིས་ཡོད་དོ། །ཞེས་ཤེས་པའི་ཆེད་དུ་ཡིན་ནོ། །དེས་ན་སློབ་དཔོན་གྱི་དགོངས་པ་ནི། སྤྱིར་ཚོགས་ལམ་པའི་དད་སོགས་ལ་ཆེན་པོ་དང་། འབྲིང་དང་། ཆུང་ངུ་གསུམ་དུ་ཡོད་དེ། ཐེག་པ་གསུམ་གྱི་ཚོགས་ལམ་གསུམ་དུ་ཡོད་པའི་ཕྱིར་རོ། །སྐབས་འདིར་ཆེན་པོ་དངོས་སུ་བསྟན་ནས་གཞན་གཉིས་ཤུགས་ལ་བསྟན་ཏེ། ཐེག་ཆེན་གྱི་སྦྱོར་མཐོང་སྒོམ་གསུམ་དངོས་སུ་བསྟན་ནས་ཐེག་དམན་གྱི་སྦྱོར་མཐོང་སྒོམ་གསུམ་ཤུགས་ལ་བསྟན་པའི་རིགས་པས་འདིར་ཡང་ཐེག་ཆེན་གྱི་ཐར་པ་ཆ་མཐུན་དངོས་སུ་བསྟན་ནས་ཐེག་དམན་གྱི་ཐར་པ་ཆ་མཐུན་ཤུགས་ལ་བསྟན་པ་ཐོབ་པའི་ཕྱིར་རོ། །འདིར་བསྟན་གྱི་དད་སོགས་ཆེན་པོ་ཉིད་ལ་རྣོ་རྟུལ་གཉིས་སུ་བྱས་ནས་རྫོགས་པའི་བྱང་ཆུབ་རྟོགས་དཀའ་སླའི་ཁྱད་པར་ཕྱེ་བར་མཛད་པ་ནི་རྩ་བའི་དགོངས་པ་བླ་ན་མེད་པའོ། །འབྲེ་ཆེན་པོས་ཐེག་ཆེན་དུ་རིགས་ངེས་པ་རྣོན་པོ་དང་། མ་ངེས་པ་འབྲིང་པོ་དང་། དམན་པའི་རིགས་ཅན་རྟུལ་པོར་མཛད་ནས་རྩ་བར་རྣོ་རྟུལ་གཉིས་དངོས་སུ་བསྟན་པའི་ཤུགས་ལ་འབྲིང་པོ་འཕངས་པར་བཞེད་པ་ཡང་མི་འཐད་དེ། འདིའི་རྣོན་པོ་ལ་ཐེག་ཆེན་དུ་རིགས་ངེས་པས་མ་ཁྱབ་པའི་ཕྱིར་དང་། རྟུལ་པོ་དམན་པའི་རིགས་ཅན་ཡང་མ་ཡིན་པའི་ཕྱིར་རོ། །ཨར་གྱིས་ཐེག་ཆེན་དང་། རང་རྒྱལ་དང་། ཉན་ཐོས་ཀྱི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་གསུམ་དུ་མཛད་ནས། གསུམ་ཀ་ཡང་ད་ལྟ་ཐེག་ཆེན་གྱི་ཐར་པ་ཆ་མཐུན་ལ་གནས་པར་མཚུངས་ཀྱང་། སྔ་མས་བྱང་ཆུབ་རྟོགས་པར་སླ་ལ། ཕྱི་མ་གཉིས་རྟུལ་པོའི་སྒྲས་གསུངས་ནས་རྟོགས་པར་དཀའ་བ་དངོས་སུ་བསྟན། དེའི་ཤུགས་ཀྱིས་ཕྱི་མ་གཉིས་ཐེག་ཆེན་གྱི་ལམ་ལས་ལོག་ནས་འབྲིང་པོ་རང་རྒྱལ་གྱི་རིགས་ཅན་གྱིས་རང་རྒྱལ་གྱི་བྱང་ཆུབ་དང་། ཉན་ཐོས་ཀྱི་རིགས་ཅན་གྱིས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འཕངས་སོ། །ཞེས་འཆད་པ་ཡང་མི་འཐད་དེ། ཤུགས་ཀྱིས་ནི་འབྲིང་པོ་རྣམས་ཀྱི་ནི་ཞེས་པའི་སྐབས་ཀྱི་འབྲིང་པོ་དང་། ཆུང་ངུ་གཉིས་ད་ལྟ་ཐེག་ཆེན་གྱི་ཐར་པ་ཆ་མཐུན་ལ་གནས་པ་མ་ཡིན་པའི་ཕྱིར་རོ། །ཉིར་སྣང་དུ། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་ཞེས་པས་ནི་ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཆེན་པོ་ཁོ་ན་བསྟན་ཞིང་། རྟུལ་པོས་རྟོགས་དཀར་བཞེད་ཅེས་པས་ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཆུང་ངུ་འབྲིང་ཆེན་པོ་གསུམ་ཀར་བསྟན་པར་མཛད་ནས་འདི་དག་ཐམས་ཅད་ཀྱང་ཐོས་པ་དང་བསམ་པའི་རང་བཞིན་ཅན་ཡིན་པར་ཤེས་པར་བྱ་སྟེ། དེ་ཐོག་མ་ཁོ་ནར་བསྟན་པ་ལ་འཇུག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ན། གཞུང་སྔ་མས་སྐབས་འདིར་བསྟན་གྱི་ཐར་པ་ཆ་མཐུན་བསྟན་ཞིང་རྟུལ་པོས་རྟོགས་དཀར་བཞེད་ཅེས་པས་ཚོགས་ལམ་ཕལ་པ་བསྟན་པར་སྣང་སྟེ། ཚོགས་ལམ་ཕལ་པ་ནི་ཐོས་བསམ་གྱིས་བསྡུས་པ་ཁོ་ན་ཡིན་ཞིང་། དེ་ཉིད་ལ་ཡང་ཆུང་ངུ་འབྲིང་ཆེན་པོ་གསུམ་དུ་ཡོད་པའི་ཕྱིར་རོ། །ད་ནི་གཉིས་པ་སྒོམ་བྱུང་གཙོ་བོར་གྱུར་བའི་ཉམས་སྐྱེས་པའི་གནས་སྐབས་ཀྱི་སྒོམ་རིམ་ནི་ངེས་འབྱེད་ཆ་མཐུན་ནས་ཐབས་མཁས་སྦྱོར་བའི་བར་གྱིས་སྟོན་ཏེ། འདི་ལྟར་སངས་རྒྱས་ལ་སོགས་པའི་ཡུལ་ལྔ་ལ་མཁས་པའི་དད་སོགས་ལྔས་བསྡུས་པའི་ཐར་པ་ཆ་མཐུན་རྒྱུན་ལྡན་དུ་བསྒོམས་པས་སྒོམ་བྱུང་གཙོ་བོར་གྱུར་པའི་ཉམས་སྐྱེས་པ་ན། བྱང་སེམས་ཀྱི་སྦྱོར་ལམ་སྐྱེས་པར་འཇོག་པས་ཐར་པ་ཆ་མཐུན་གྱི་འོག་ཏུ་ངེས་འབྱེད་ཆ་མཐུན་སྟོན་པ་ནི། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་སོགས་སོ། །སྤྱིར་བྱང་སེམས་ཀྱི་སྦྱོར་ལམ་ལ་ཡོན་ཏན་གྱི་ལྡོག་པ་མི་འདྲ་བ་དུ་མ་ཡོད་པས་སྐབས་དང་པོར་བྱང་སེམས་ཀྱི་རྟོགས་རིགས་ཀྱི་ལྡོག་པ་ནས་བསྟན། སྐབས་གཉིས་པར་ཉན་རང་གི་རྟོགས་རིགས་ཀྱི་ལྡོག་པ་ནས་བསྟན། སྐབས་གསུམ་པར་དེ་དག་ལ་ཞེན་སྤྱོད་བཀག་པའི་ལྡོག་པ་ནས་བསྟན། འདིར་ནི་རྗེས་ཐོབ་ཀྱིས་བསྡུས་པའི་སེམས་ཅན་ལ་དམིགས་པའི་བསམ་སྦྱོར་ཕུན་སུམ་ཚོགས་པའི་ལྡོག་པ་ནས་བསྟན་པ་ཡིན་ལ། རྗེས་ཐོབ་ཏུ་སེམས་ཅན་ལ་དམིགས་ནས་ཕ་དང་། མའི་སེམས་ལ་སོགས་པའི་རྣམ་པ་ཅན་གྱི་བྱམས་པ་དང་སྙིང་རྗེ་སྒོམ་པ་ན་སྐབས་འགའ་ཞིག་ཏུ་མཉམ་གཞག་གི་ལྟ་བས་ཟིན་པའི་སེམས་ཅན་བརྟགས་ཡོད་ཙམ་ལ་དམིགས་པ་ཡང་ཡོད་ཅིང་། དེའི་ཚེ་བདེན་འཛིན་མ་ཡིན་པའི་གཟུང་རྟོག་གཉིས་དང་། བཏགས་འཛིན་རྟོག་པ་ཅི་རིགས་པ་ངོ་བོར་ལྡན་པ་ཡིན་ནོ། །སྐབས་འགའ་ཞིག་ཏུ་མཉམ་གཞག་གི་ལྟ་བས་མ་ཟིན་པར་སེམས་ཅན་ལ་དམིགས་ནས་དགེ་སྡིག་གི་བླང་དོར་ལ་འགོད་པ་སོགས་ཡོད་ཅིང་། དེའི་ཚེ་བདེན་འཛིན་གྱིས་བསྡུས་པའི་གཟུང་རྟོག་གཉིས་དང་། རྫས་འཛིན་རྟོག་པ་ངོ་བོར་ལྡན་ནོ། །འོ་ན་འདིར་རྗེས་ཐོབ་སེམས་ཅན་ལ་དམིགས་པའི་བསམ་སྦྱོར་གྱི་ལྡོག་པ་ནས་བསྟན་པའི་རྒྱུ་མཚན་ཅི་ཞེ་ན། འོག་ཏུ་སྦྱོར་ལམ་པ་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་གཏན་ཚིགས་རྗེས་ཐོབ་ལུས་ངག་གི་སྤྱོད་པ་འཆད་པར་འགྱུར་བས་དེ་གང་ལ་ལྡན་པའི་སྦྱོར་ལམ་སྟོན་དགོས་ཤིང་དེ་ཡང་སྦྱོར་ལམ་རྗེས་ཐོབ་ལ་ལྡན་པའི་ཕྱིར་རོ། །འདིར་སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་བསྟན་པ་ལ་ཟློས་པའི་སྐྱོན་ཡོད་ཅེས་པའི་དོགས་པ་བཀོད་ནས། དེའི་ལན་དུ་མཚན་བཏགས་ཀྱི་ཁྱད་པར་ཡོད་པ་བཀོད་པ་སོགས་འཕགས་པའི་ཡུལ་ན་ཡང་བར་སྐབས་སུ་བྱུང་འདུག་པ་ནི་དོན་མེད་དེ། ལམ་རེ་རེ་ཡང་ཡོན་ཏན་གྱི་ལྡོག་པ་མི་འདྲ་བའི་སྒོ་ནས་སྐབས་གོང་འོག་ཏུ་བསྟན་པས་དེ་ལྟ་བུའི་དོགས་པ་མི་སྐྱེ་ཞིང་། སྐྱེ་སྲིད་ན་ཡང་ཉིར་སྣང་དུ། ཡོན་ཏན་གྱི་ལྡོག་པ་མི་འདྲ་བའི་སྒོ་ནས་བསྟན་ཚུལ་བཤད་པ་ལྟར་ལན་གདབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་སྐབས་དང་པོར་སྦྱོར་ལམ་དྲོད་སོགས་བཞི་རང་རང་གི་བདག་ཉིད་ཇི་ལྟ་བ་བཞིན་དུ་རྣམ་རྟོག་བཞི་ལྡན་བསྟེན་ཞེས་གསུངས་ལ། རྣམ་རྟོག་བཞི་ལ་དངོས་བསྟན་སྒྲུབ་རྟོག་བཞི་དང་། ཤུགས་བསྟན་དགག་རྟོག་བཞི་ཡོད་པ་ལས་ཕྱི་མ་རང་གི་ངོ་བོར་ལྡན་ཚུལ་སྔར་བཤད་ཟིན་ཞིང་། དངོས་བསྟན་སྒྲུབ་རྟོག་བཞི་ནི་འདིར་བསྟན་གྱི་དྲོད་སོགས་བཞི་ལ་རང་གི་བདག་ཉིད་དུ་ལྡན་ཞིང་བརྟེན་པ་ཡིན་ཏེ། འདིར་བསྟན་དྲོད་སོགས་བཞི་དམིགས་པ་སེམས་ཅན་ལ་དམིགས་པར་མཚུངས་ཤིང་རྣམ་པ་དྲོད་ཀྱི་སྐབས་སུ་མཉམ་པ་དང་བྱམས་པ་སོགས་དང་། རྩེ་མོའི་སྐབས་སུ་རང་ཉིད་སྡིག་པ་ལས་བཟློག་ཅིང་དགེ་བ་ལ་གནས་པ་དང་། གཞན་དེ་ལ་སྦྱོར་བ་སོགས་དང་། བཟོད་པའི་སྐབས་སུ་རང་ཉིད་བདེན་པ་ཤེས་པ་ལ་གནས་ཤིང་གཞན་དེ་ལ་འགོད་པ་སོགས་དང་། ཆོས་མཆོག་གི་སྐབས་སུ་རང་ཉིད་སེམས་ཅན་སྨིན་གྲོལ་བྱེད་པ་ལ་གནས་ཤིང་གཞན་དེ་ལ་འགོད་པ་སོགས་སུ་བཤད་པས་དེ་དག་གི་སྐབས་སུ་ཡུལ་གྱི་ཕྱོགས་སུ་ཞེན་པ་དང་། ཡུལ་ཅན་གྱི་ཕྱོགས་སུ་ཞེན་པ་གཉིས་ལས་དང་པོ་ལ་དོར་བྱའི་ཕྱོགས་ཞེན་པའི་ཚེ་གཞིའི་རྟེན་ཅན་གྱི་རྟོག་པ་དང་། བླང་བྱའི་ཕྱོགས་སུ་ཞེན་པའི་ཚེ་དེའི་གཉེན་པོའི་ཕྱོགས་སུ་ཞེན་པའི་རྟོག་པ་གཉིས་ལྡན་ཞིང་བརྟེན་པ་ཡིན་ལ། དེ་རེ་རེ་ལ་ཡང་མཉམ་གཞག་གི་ལྟ་བས་མ་ཟིན་པ་དང་། ཟིན་པའི་བྱེ་བྲག་གིས་བདེན་འཛིན་ཡིན་མིན་གཉིས་གཉིས་ཡོད་དོ། །ཡུལ་ཅན་གྱི་ཕྱོགས་སུ་ཞེན་པ་ལ་ཡང་མཉམ་གཞག་གི་ལྟ་བས་མ་ཟིན་པའི་ཚེ་བདེན་འཛིན་དང་། ཟིན་པའི་ཚེ་བརྟགས་པ་ཙམ་དུ་འཛིན་པ་ཡིན་པས། རྫས་འཛིན་རྟོག་པ་དང་བརྟགས་འཛིན་རྟོག་པ་ལྡན་ཞིང་བརྟེན་པ་ཡིན་ནོ། །ཐེག་ཆེན་གྱི་སྦྱོར་ལམ་ཐོབ་ནས་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ངེས་པས་དེའི་འོག་ཏུ་ཕྱིར་མི་ལྡོག་པའི་དགེ་འདུན་སྟོན་ཏེ། འདི་ཡང་ལུས་རྣམ་གཞག་ཏུ། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །ཞེས་གསུངས་ལ། འདི་ལ་སློབ་པ་སྨོས་པའི་དགོས་པ། ཕྱིར་མི་ལྡོག་པ་སྨོས་པའི་དགོས་པ། ཚོགས་སྨོས་པའི་དགོས་པ། མཚན་གཞི་ངོས་གཟུང་བ་དང་བཞི་ལས། དང་པོ་ནི། རྣམ་རྫོགས་སྦྱོར་བ་འཆད་པའི་སྐབས་འདིར་སློབ་པ་ཕྱིར་མི་ལྡོག་པ་དང་། མི་སློབ་པ་ཕྱིར་མི་ལྡོག་པ་གཉིས་ལས། འདིར་སློབ་པ་ཕྱིར་མི་ལྡོག་པ་སྟོན་ཞེས་པའི་དོན་ཏོ། །སློབ་དཔོན་གྱིས་ནི་ས་བདུན་པ་མན་ཆད་ལ་སློབ་པར་བྱས་ནས་དེ་ཕྱིར་མི་ལྡོག་པར་བཞེད་དོ། །གཉིས་པ་ནི། དེ་ཡི་རྟགས་དང་ཞེས་པའི་སྐབས་ཀྱི་ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་ལ་མཁས་པ་དེ་སངས་རྒྱས་ཀྱི་ཡེ་ཤེས་ཉིད་ཡིན་པས་དེས་སྟོན་ཏོ། །གཉིས་པ་ནི། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པའི་སྐབས་སུ་བྱང་སེམས་ཚོགས་ལམ་པ་ལ་གནས་སྐབས་རྫོགས་བྱང་ལས་ཕྱིར་ལྡོག་མི་ལྡོག་གཉིས་སུ་ཡོད་པར་བཤད་པས་བྱང་སེམས་ཀྱི་སྦྱོར་ལམ་ཐོབ་ནས་ཀྱང་དེ་ལྟར་དུ་ཡོད་དམ་ཞེ་ན། དེ་ནི་མ་ཡིན་ཏེ་བྱང་སེམས་ཀྱི་སྦྱོར་ལམ་ཐོབ་ནས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་དམན་པའི་བྱང་ཆུབ་ཏུ་མི་འཇུག་པས་ཁྱབ་པའི་ཕྱིར། ཞེས་ཤེས་པའི་ཆེད་དུ་ཡིན་ནོ། །གསུམ་པ་ནི། ཉན་ཐོས་ཀྱི་སྡེ་སྣོད་དུ། ཚོགས་སམ་དགེ་འདུན་དུ་འགྱུར་བ་ལ་དགེ་སློང་བཞི་དགོས་པར་བཤད་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་རེ་རེ་ཡང་ཚོགས་སམ་དགེ་འདུན་ཡིན་ཞེས་བསྟན་པ་ཡིན་ནོ། །བཞི་པ་ནི། དེའི་མཚན་གཞི་གང་ཞེ་ན། སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་རྣམས་ཡིན་ནོ། །ཞེས་པ་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏོ། །གཞུང་འདིས་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཀྱི་མཚན་གཞི་ངོས་གཟུང་བ་ཙམ་ཡིན་གྱི་ཕྱིར་མི་ལྡོག་ཏུ་བསྒྲུབ་པའི་གཏན་ཚིགས་སྟོན་པ་ནི་མ་ཡིན་ཏེ། གཏན་ཚིགས་ནི་གཞུང་འདི་ལས་འཕྲོས་ནས་གཞུང་འོག་མ་རྣམས་ཀྱིས་སྟོན་དགོས་པའི་ཕྱིར་རོ། །ཇི་ལྟར་སྟོན་ཞེ་ན། སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་རྣམས་ཕྱིར་མི་ལྡོག་པའི་ཚོགས་ཡིན་ན། དེ་དག་ཕྱིར་མི་ལྡོག་པའི་སྒྲུབ་བྱེད་ཡོད་དམ་མེད། མེད་ན་དམ་བཅའ་ཙམ་གྱིས་རྒོལ་བ་རྟོགས་ལྡན་ལ་ངེས་ཤེས་བསྐྱེད་མི་ནུས་ཤིང་། ཡོད་ན་སྒྲུབ་པ་བྱེད་དེ་གང་ཞེ་ན། དེའི་ལན་ལ་སྦྱོར་ལམ་དང་། མཐོང་ལམ་དང་། སྒོམ་ལམ་ལ་གནས་པའི་བྱང་སེམས་རྣམས་ཕྱིར་མི་ལྡོག་པར་བསྒྲུབ་པའི་གཏན་ཚིགས་གསུམ་ལས། དང་པོ་ལ་ཉི་ཤུ་ཡོད་དོ། །ཞེས་མདོར་བསྡུས་ནས་སྟོན་པ་ནི། གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །དེ་ལ་ཡང་དྲོད་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པར་བསྒྲུབ་པའི་གཏན་ཚིགས་བཅུ་གཅིག་དང་། རྩེ་མོའི་རྟགས་དྲུག་དང་། བཟོད་པའི་རྟགས་གཉིས་དང་། ཆོས་མཆོག་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པར་བསྒྲུབ་པའི་གཏན་ཚིགས་གཅིག་སྟེ་ངོ་བོ་ངོས་གཟུང་བ་དང་བཅས་པ་ནི། གཟུགས་ལ་སོགས་ལ་ལྡོག་པ་དང་། །ཞེས་སོགས་ཀྱིས་བསྟན། དེ་དག་གི་རྟགས་ཆོས་དོན་གསུམ་གཞུང་གང་དང་གང་གིས་བསྟན་ཞེ་ན། གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ཞེས་པས་གཏན་ཚིགས་བསྟན། ངེས་འབྱེད་ཡན་ལག་ལ་གནས་པའི། །ཞེས་པས་ཤེས་འདོད་ཆོས་ཅན་བསྟན། ཕྱིར་མི་ལྡོག་ཅེས་པས་བསྒྲུབ་བྱའི་ཆོས་བསྟན། མཚན་ཉིད་འདི་ཞེས་པས་དངོས་སུ་བསྒྲུབ་བྱའི་དོན་བསྡུ་དང་། ཤུགས་ལ་ཁྱབ་པ་བསྟན། རྒྱས་བཤད་དུ། གཟུགས་ལ་སོགས་ལ་ལྡོག་པ་དང་། །ཞེས་པ་ནས། རྟགས་ནི་ཉི་ཤུ་དེ་དག་གིས། །ཞེས་པའི་བར་གྱིས་གཏན་ཚིགས། དྲོད་དང་རྩེ་མོ་བཟོད་བཅས་དང་། །ཆོས་མཆོག་རྣམས་ལ་གནས་པ་ནི། །ཞེས་པས་ཤེས་འདོད་ཆོས་ཅན། རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཅེས་པས་བསྒྲུབ་བྱའི་ཆོས་བསྟན་ཏོ། །གཉིས་པ་མཐོང་ལམ་ལ་གནས་པའི་སེམས་དཔའ་ཕྱིར་མི་ལྡོག་ཏུ་བསྒྲུབ་པའི་གཏན་ཚིགས་དེ་ལ་མཉམ་གཞག་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཡོད་དོ། །ཞེས་པ་ནི། མཐོང་བའི་ལམ་ལ་བཟོད་པ་དང་། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏོ། །འོ་ན་མཉམ་གཞག་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་དེ་ཉིད་དང་པོ་ནས་གཏན་ཚིགས་སུ་འགྱུར་རམ་སྙམ་ན་དེ་ནི་མ་ཡིན་གྱི་དེས་དྲངས་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་བཅུ་དྲུག་པོ་དེ་དང་པོར་རྟགས་ཡང་དག་ཏུ་འགྱུར་བ་ཡིན་ནོ། །ཞེས་པ་ནི། གཟུགས་སོགས་འདུ་ཤེས་ལྡོག་པ་དང་། །ཞེས་སོགས་ཀྱིས་བསྟན་ཏོ། །དེ་དག་གི་རྟགས་ཆོས་དོན་གསུམ་ནི་མདོར་བསྟན་དུ་བཟོད་པ་དང་། ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །ཞེས་པས་གཏན་ཚིགས། མཐོང་བའི་ལམ་ལ་ཞེས་དང་། བྱང་ཆུབ་སེམས་དཔའ་ཞེས་སྦྲེལ་བས་ཤེས་འདོད་ཆོས་ཅན། མི་ལྡོག་ཅེས་པས་སྒྲུབ་ཆོས། མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་པས་དངོས་སུ་དོན་བསྡུ་དང་། ཤུགས་ལ་ཁྱབ་པ་བསྟན་ཏོ། །རྒྱས་བཤད་དུ་གཟུགས་སོགས་འདུ་ཤེས་ལྡོག་པ་དང་། །ཞེས་པ་ནས། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །ཞེས་པའི་བར་གྱིས་གཏན་ཚིགས། བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཞེས་པས་ཤེས་འདོད་ཆོས་ཅན། ཕྱིར་མི་ལྡོག་ཅེས་པས་སྒྲུབ་ཆོས། །རྟགས་དག་ཡིན་ཞེས་པས་སྔར་བཞིན་ནོ། །གསུམ་པ་སྒོམ་ལམ་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་ཏུ་བསྒྲུབ་པའི་གཏན་ཚིགས་ལ། སློབ་དཔོན་གྱིས་ཇི་ལྟར་བཀྲལ་བའི་ཚུལ་དང་། གནད་ཀྱི་དོན་ཁ་བསྐང་བ་གཉིས་ལས། དང་པོ་ལ་སྒོམ་ལམ་གྱི་ཁྱད་པར་བྱེད་ཆོས། ཁྱད་གཞི་སྒོམ་ལམ་གྱི་ངོ་བོ། དེ་དག་ལ་རྩོད་པ་སྤོང་བ། གཏན་ཚིགས་དངོས་དང་བཞི་ལས། དང་པོ་ནི། སྒོམ་པོའི་ལམ་ནི་ཟབ་པ་སྟེ། །ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ལ་ངོ་བོ་ནི། ངེས་འབྱེད་ཡན་ལག་དང་མཐོང་བའི། །ཞེས་སོགས་ཚིགས་བཅད་གཅིག དེའི་དབྱེ་བ་ནི། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་སོགས་ཚིགས་བཅད་གཅིག་གོ །གསུམ་པ་དབྱེ་བ་ལ་རྩོད་པ་སྤོང་བ་ནི། གྲངས་མེད་ལ་སོགས་བསྟན་པ་རྣམས། །ཞེས་སོགས་ཚིགས་བཅད་གཅིག་དང་། མཐར་ཐུག་གི་བྱེད་ལས་ལ་རྩོད་པ་སྤོང་བ་ལ། རྩོད་པ་ནི། དངོས་པོ་བརྗོད་དུ་མེད་པ་ལ། །ཞེས་སོགས་ཚིགས་བཅད་གཅིག ལན་ནི། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་སོགས་ཚིགས་བཅད་གཅིག གནས་སྐབས་ཀྱི་བྱེད་ལས་ལ་རྩོད་པ་སྤོང་བ་ལ། རྩོད་པ་ནི། སེམས་ནི་སྔ་མས་བྱང་ཆུབ་བར། །ཞེས་སོགས་ཚིག་རྐང་གཉིས། ལན་ནི། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཞེས་སོགས་ཚིག་རྐང་གཉིས། གཏན་ཚིགས་དངོས་ནི། སྐྱེ་བ་དང་ནི་འགག་པ་དང་། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན། ཞེས་བཞེད་དོ། །གཉིས་པ་ནི། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་ལ་མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་སོགས་ཚིགས་བཅད་གཅིག་སྟེ། འདི་ཉིད་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་ལ་སྦྱར་བ་དང་། ཐེག་པ་འོག་མའི་སྒོམ་ལམ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཚུལ་ལ་སྦྱར་བ་དང་། གྲུབ་མཐའ་འོག་མའི་འདོད་པ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཚུལ་ལ་སྦྱར་བ་དང་གསུམ་ལས། དང་པོ་ནི། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་དེ་གང་ཞེ་ན། ཟབ་པ་ཡིན་ནོ། །ཞེས་པ་ནི། ཚིག་རྐང་དང་པོས་བསྟན། ཟབ་པ་དེ་ཡང་གང་ཞེ་ན་མཉམ་གཞག་ཏུ་ཟབ་མོ་མངོན་སུམ་དུ་རྟོགས་པས་དྲངས་པའི་སྒྲོ་སྐུར་དང་བྲལ་བའི་དོན་དཔོག་པར་བྱེད་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་དེ་གཏན་ཚིགས་སུ་གྱུར་པའི་ཟབ་པ་ཡིན་ནོ། །ཞེས་པ་ནི། ཚིག་རྐང་ཕྱི་མ་གསུམ་གྱིས་བསྟན། གཉིས་པ་ནི། ཐེག་ཆེན་གྱི་སྒོམ་ལམ་ནི་ཆོས་ཅན། ཐེག་དམན་གྱི་སྒོམ་ལམ་ལས་ཟབ་པ་ཡིན་ཏེ། མཉམ་གཞག་ཏུ་ཟབ་མོ་སྤྲོས་བྲལ་མངོན་སུམ་དུ་རྟོགས་ཤིང་རྗེས་ཐོབ་ཏུ་དེས་དྲངས་པའི་ངེས་ཤེས་ཀྱིས་ཟབ་མོའི་དོན་ལ་སྒྲོ་སྐུར་དང་བྲལ་བའི་ཕྱིར་ཞེས་པའོ། །གསུམ་པ་ནི། དབུ་མ་པའི་ལུགས་ཀྱི་སྒོམ་ལམ་གྱི་འདོད་ཚུལ་དེ་དངོས་སྨྲ་བའི་ལུགས་ཀྱི་སྒོམ་ལམ་གྱི་འདོད་ཚུལ་ལས་ཟབ་པ་ཡིན་ཏེ། དབུ་མ་པའི་ལུགས་ལ་སྒོམ་ལམ་དེ་དོན་དམ་པར་ཟབ་མོ་སྟོང་ཉིད་ཀྱི་ངོ་བོ་ཡིན་ཀྱང་། ཀུན་རྫོབ་ཏུ་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པ་མི་འགལ་བས་སྒྲོ་སྐུར་དང་བྲལ་བའི་ཕྱིར། ཞེས་པའོ། །དེ་ལྟར་གསུམ་ལས། དང་པོ་དེ་ཉིད་ཀྱང་གཞུང་གི་དོན་ལ་ཞུགས་ཏེ། གོང་དུ་སྦྱོར་ལམ་པ་དང་མཐོང་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་གཉིས་ལ་མདོར་བསྟན། རྒྱས་བཤད་གཉིས་གཉིས་གསུངས་པ་ལྟར། འདི་ལ་ཡང་བསྟན་བཤད་གཉིས་དགོས་ཤིང་དགོས་པ་ལྟར་གཞུང་ཉིད་ལ་གནས་པའི་ཕྱིར་ཏེ། མདོར་བསྟན་དུ། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་དེ་ཟབ་པ་ཡིན་པར་བསྟན་ཞིང་། རྒྱས་བཤད་དུ་ཟབ་པ་དེ་ཉིད་ལ་བརྒྱད་དུ་ཕྱེ་བའི་ཕྱིར་རོ། །གཉིས་པ་ཡང་དོན་ལ་ཞུགས་ཏེ། རྒྱན་འདིར་ཐེག་ཆེན་གྱི་སྦྱོར་མཐོང་སྒོམ་གསུམ་ཐེག་དམན་གྱི་སྦྱོར་མཐོང་སྒོམ་གསུམ་ལས་ཁྱད་པར་འཕགས་པའི་འཕགས་ཆོས་བསྟན་དགོས་པ་ལས་ཐེག་ཆེན་གྱི་སྦྱོར་ལམ་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་སྐབས་དང་པོར་བསྟན་ཟིན། ཐེག་ཆེན་གྱི་མཐོང་ལམ་ཐེག་དམན་གྱི་མཐོང་ལམ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་ཁྱད་མཚན་འཆད་པའི་སྐབས་སུ་བསྟན་ཟིན་པས་འདིར་ཐེག་ཆེན་གྱི་སྒོམ་ལམ་ཐེག་དམན་གྱི་སྒོམ་ལམ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་སྟོན་དགོས་པ་སྐབས་སུ་བབས་པའི་ཕྱིར་རོ། །གསུམ་པ་ཡང་དོན་ལ་ཞུགས་ཏེ། སྐབས་ལྔ་པར་དབུ་མ་པའི་ལུགས་ཀྱི་མཐོང་ལམ་གྱི་དྲི་མ་སྤོང་ཚུལ་དངོས་སྨྲ་བའི་ལུགས་ཀྱི་མཐོང་ལམ་གྱི་དྲི་མ་སྤོང་ཚུལ་ལས་ཟབ་པར་བསྟན་པ་དེ་སྒོམ་ལམ་གྱི་དྲི་མ་སྤོང་ཚུལ་ལ་ཡང་སྦྱར་བར་བྱ་བ་ཡིན་ཞིང་། འདིར་དབུ་མ་པའི་ལུགས་ཀྱི་སྒོམ་ལམ་གྱི་ངོ་བོའི་འདོད་ཚུལ་དངོས་སྨྲ་བའི་ལུགས་ཀྱི་སྒོམ་ལམ་གྱི་ངོ་བོའི་འདོད་ཚུལ་ལས་ཟབ་པར་བསྟན་པ་དེ་མཐོང་ལམ་གྱི་ངོ་བོའི་འདོད་ཚུལ་ལ་ཡང་སྦྱར་བར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། གཏན་ཚིགས་གང་ལ་ལྡན་པའི་གཞིར་གྱུར་པའི་སྒོམ་ལམ་ངོས་གཟུང་བ། དེ་ལ་རྩོད་པ་སྤངས་ཏེ་སྒྲོ་སྐུར་དང་བྲལ་བའི་ཚུལ་སྒྲུབ་པ། དེས་འགྲུབ་པའི་སྒྲོ་སྐུར་དང་བྲལ་བའི་གཏན་ཚིགས་ཀྱི་དབྱེ་བ་དང་གསུམ་ལས། དང་པོ་ལ་ངོ་བོ་ནི། ངེས་འབྱེད་ཡན་ལག་དང་མཐོང་བའི། །ཞེས་སོགས་ཚིགས་བཅད་གཅིག་དང་། དབྱེ་བ་ནི། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་ནོ། །དེ་ལ་འདིར་བསྟན་སྒོམ་ལམ་གྱི་ངོ་བོ་ནི། སྦྱོར་མཐོང་སྒོམ་གསུམ་མཉམ་གཞག་གི་གནས་སྐབས་སུ་མཐོང་ཟིན་གྱི་ཟབ་མོའི་དོན་ལ་སེམས་འཇལ་རྟོག་གསུམ་བྱེད་པའི་རྗེས་ཐོབ་ཀྱི་མཁྱེན་པ་ཡིན་ཞིང་། དེ་ལྟར་བསྟན་དགོས་པའི་རྒྱུ་མཚན་ཡང་སྐབས་འདིར་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་རྗེས་ཐོབ་ལུས་ངག་གི་སྤྱོད་པ་གང་ལ་ལྡན་པའི་སྒོམ་ལམ་སྟོན་པ་སྐབས་ཀྱི་དོན་ཡིན་ཞིང་། དེ་ལ་ཐེག་ཆེན་གྱི་སྦྱོར་མཐོང་མཉམ་གཞག་སྔོན་དུ་འགྲོ་དགོས་པར་མ་ཟད་ཐེག་ཆེན་གྱི་སྒོམ་ལམ་མཉམ་གཞག་གཅིག་ཀྱང་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་དེ་མཉམ་གཞག་ཏུ་ཟབ་མོ་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་གོམས་པས་དྲངས་པའི་སྒྲོ་སྐུར་དང་བྲལ་བའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ལ་བཤད་པའི་ཕྱིར་རོ། །དེ་ལྟ་བུའི་སྒོམ་ལམ་དེ་ལ་དབྱེ་ན་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུར་ཡོད་དེ། ཐེག་ཆེན་གྱི་སྒོམ་ལམ་མཉམ་གཞག་དེ་ལ་དྲི་མ་ཆེན་པོའི་ཆེན་པོ་ལ་སོགས་པ་དགུའི་གཉེན་པོར་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ་ཡོད་པའི་ཕྱིར་རོ། །ཁྱབ་སྟེ། ཐེག་ཆེན་གྱི་སྒོམ་ལམ་མཉམ་གཞག་རེའི་རྗེས་སུ་མཉམ་གཞག་ཏུ་མངོན་སུམ་དུ་རྟོགས་ཟིན་པའི་ཟབ་མོའི་དོན་ལ་སེམས་འཇལ་རྟོག་གསུམ་བྱེད་པའི་རྗེས་ཐོབ་ཀྱི་མཁྱེན་པ་རེ་རེ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་རོ། །ཉིར་སྣང་དུ། སྒོམ་པའི་ལམ་ལ་གནས་པ་དེ་ཉིད་ཇི་ལྟར་ཡུལ་ཡིན་ཞེ་ན། རྒྱུན་ཆགས་པ་ཡིན་པའི་ཕྱིར། ཕྱི་མ་ཕྱི་མའི་ཡུལ་སྔ་མ་སྔ་མ་ཡིན་པས་ཉེས་པ་མེད་དོ། །སྐབས་འདིར་བསྟན་གྱི་སྒོམ་ལམ་ལ་ངེས་འབྱེད་ཆ་མཐུན་བཞི་དང་། མཐོང་སྒོམ་གཉིས་ཏེ་དྲུག་སྔོན་དུ་འགྲོ་དགོས་པ་ཡང་མདོར་དེ་བཞིན་དུ་སྒྲུབ་པ་དང་། དེ་བཞིན་དུ་ངེས་པར་རྟོགས་པ་དང་། དེ་བཞིན་དུ་ཉེ་བར་རྟོག་པ་དང་། དེ་བཞིན་དུ་རྩོལ་བ་དང་། དེ་བཞིན་དུ་སྦྱོར་བ་དང་། དེ་བཞིན་དུ་འབད་པ་ཞེས་བྱ་བའི་ཚིག་དྲུག་གསུངས་པ་ཡིན་ནོ། །གཉིས་པ་ལ་སྒྲོ་འདོགས་པའི་རྩོད་པ་སྤོང་བ་དང་། སྐུར་པ་འདེབས་པའི་རྩོད་པ་སྤོང་བ་གཉིས་ལས། དང་པོ་ལ་གཉིས་ཏེ། བསོད་ནམས་གྲངས་མེད་སོགས་མི་སྐྱེད་པར་ཐལ་བའི་རྩོད་པ་སྤོང་བ་དང་། སྤང་གཉེན་ཉམས་འཕེལ་གྱི་བྱ་བ་མི་བྱེད་པར་ཐལ་བའི་རྩོད་པ་སྤོང་བའོ། །དང་པོ་ལ་གང་ལ་རྩོད་པའི་ཡུལ། དེ་ལ་སྒྲོ་འདོགས་པའི་རྩོད་པ། དེ་སྤངས་ནས་སྒྲོ་འདོགས་དང་བྲལ་བའི་ཚུལ་དང་གསུམ་ལས། དང་པོ་ནི། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཞེས་པའི་སྒྲ་ཇི་བཞིན་པ་ལའོ། །གཉིས་པ་ནི། གྲངས་མེད་ལ་སོགས་བསྟན་པ་རྣམས། །ཞེས་པའི་ཚིག་རྐང་གཉིས་ཏེ། ཐེག་ཆེན་ཀྱི་སྒོམ་ལམ་ཆོས་ཅན། འབྲས་བུ་བསོད་ནམས་གྲངས་མེད་སོགས་མི་སྐྱེད་པར་ཐལ། དོན་དམ་པར་དེ་མི་བསྐྱེད་པའི་ཕྱིར་ཏེ། དོན་དམ་པར་ཟབ་མོ་སྟོང་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། དེས་ན་སྒོམ་ལམ་དེས་འབྲས་བུ་བསོད་ནམས་གྲངས་མེད་སོགས་སྐྱེད་པར་གྲུབ་པས་དོན་དམ་པར་དེ་བསྐྱེད་པར་གྲུབ། དེ་གྲུབ་པས་སྒོམ་ལམ་དོན་དམ་པར་ཡོད་པར་གྲུབ་བོ། །ཞེས་པ་ནི་སྒྲོ་འདོགས་པའི་རྩོད་པའོ། །གསུམ་པ་ནི། ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །ཞེས་སོགས་ཚིག་རྐང་གཉིས་ཏེ། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། དོན་དམ་པར་ཟབ་མོ་སྟོང་ཉིད་ཀྱི་ངོ་བོ་ཡིན་ཡང་། ཀུན་རྫོབ་ཏུ་འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་སོགས་བསྐྱེད་པ་མི་འགལ་ཏེ། ཀུན་རྫོབ་ཏུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་བསྐྱེད་ཅིང་། བསོད་ནམས་གྲངས་མེད་གཞལ་མེད་སོགས་དེ་བཞིན་གཤེགས་པའི་ཐུགས་རྗེའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །དེས་ན་ཐེག་པ་ཆེན་པོའི་སྒོམ་ལམ་གྱི་འབྲས་བུ་བསོད་ནམས་གྲངས་མེད་སོགས་བསྐྱེད་པར་གྲུབ་པས་ཐེག་པ་ཆེན་པོའི་སྒོམ་ལམ་དེ་དོན་དམ་པར་ཡོད་པར་མི་འགྲུབ་བོ་ཞེས་པ་ནི་སྒྲོ་འདོགས་ལས་གྲོལ་བའི་ཚུལ་ལོ། །གཉིས་པ་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་གང་ལ་རྩོད་པའི་ཡུལ་ནི། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཞེས་སྒོམ་ལམ་གྱི་ངོ་བོ་དོན་དམ་པར་སྟོང་ཉིད་དུ་བསྟན་པ་དང་། ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཞེས་པའི་སྐབས་སུ་སྤང་བྱ་དགུའི་གཉེན་པོར་སྒོམ་ལམ་དགུའི་གྲངས་ངེས་པར་བསྟན་པ་ལའོ། །གཉིས་པ་ནི། དངོས་པོ་བརྗོད་དུ་མེད་པ་ལ། །ཞེས་སོགས་ཚིགས་བཅད་གཅིག་སྟེ། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། སྤང་གཉེན་ཉམས་འཕེལ་གྱི་བྱ་བ་མི་བྱེད་པར་ཐལ། དོན་དམ་པར་སྟོང་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཁྱབ་སྟེ། བདེན་གྲུབ་ཀྱི་དངོས་པོར་བརྗོད་དུ་མེད་ན་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པར་མི་རུང་བའི་ཕྱིར་རོ། །དེས་ན་ཐེག་ཆེན་གྱི་སྒོམ་ལམ་དེས་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པའི་རྒྱུ་མཚན་གྱིས་བདེན་པར་གྲུབ་པ་ཡིན་ནོ། །ཞེས་པ་ནི་སྒྲོ་འདོགས་པའི་རྩོད་པའོ། །གསུམ་པ་ནི། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་པས་དཔེ་བསྟན། དེ་ཡང་དེ་ཡི་མཚན་ཉིད་བཞེད། །འདི་ནི་འདོད་པའི་དོན་གྲུབ་བྱེད། །ཞེས་པས་དོན་བསྟན་ཏེ། ཐེག་ཆེན་གྱི་སྒོམ་ལམ་དོན་དམ་པར་ཟབ་མོ་སྟོང་ཉིད་ཀྱི་ངོ་བོ་ཡིན་ཡང་ཀུན་རྫོབ་ཏུ་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་དེ། བྱང་ཆུབ་སྐུ་གསུམ་པོ་དེ་དོན་དམ་པར་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་ཡིན་ཡང་ཀུན་རྫོབ་ཏུ་གཟུང་འཛིན་གྱི་སྤྲོས་པར་བསྟན་ནས་གདུལ་བྱའི་དོན་བྱེད་པའི་ཕྱིར་རོ། །དེས་ན་ཐེག་ཆེན་གྱི་སྒོམ་ལམ་དེས་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་ཀྱང་བདེན་པར་གྲུབ་པར་མི་འགྲུབ་བོ། །ཞེས་པ་ནི་སྒྲོ་འདོགས་ལས་གྲོལ་བའི་ཚུལ་ལོ། །གཉིས་པ་སྐུར་འདེབས་ཀྱི་རྩོད་པ་སྤོང་བ་ལ་གང་ལ་རྩོད་པའི་ཡུལ། དེ་ལ་སྐུར་པ་འདེབས་པའི་རྩོད་པ། དེ་སྤངས་ཏེ་སྐུར་འདེབས་ལས་གྲོལ་བའི་ཚུལ་དང་གསུམ་ལས། དང་པོ་ནི། འདི་ནི་འདོད་པའི་དོན་སྒྲུབ་བྱེད། །ཅེས་པ་ལའོ། །གཉིས་པ་ནི། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །ཞེས་པ་སྟེ། ཐེག་པ་ཆེན་པོའི་སྒོམ་ལམ་ཆོས་ཅན། ཁྱོད་ཀྱིས་བླ་ན་མེད་པའི་བྱང་ཆུབ་མི་སྐྱེད་པར་ཐལ། ཁྱོད་ཀྱིས་སྐད་ཅིག་སྔ་མས་ཀྱང་དེ་མི་སྐྱེད། ཁྱོད་ཀྱིས་སྐད་ཅིག་ཕྱི་མས་ཀྱང་དེ་མི་སྐྱེད་པའི་ཕྱིར། ཞེས་པ་ནི། སྐུར་འདེབས་ཀྱི་རྩོད་པའོ། །གཞུང་གི་དངོས་བསྟན་གྱི་རྩོད་པ་ནི་འདི་ཉིད་ཡིན་ལ། འགྲེལ་པར་དངོས་བསྟན་གྱི་རྩོད་པ་དེ་ཉིད་སྐད་ཅིག་སྔ་ཕྱི་རེ་རེ་ཁོ་ནས་བྱང་ཆུབ་མི་སྐྱེད་ཅེས་པའི་མཐའ་གཅིག་ཏུ་བྱས་ནས་ཅིག་ཅར་འབྱུང་བ་མང་པོས་ཀྱང་མི་སྐྱེད་པ་དང་། རིམ་གྱིས་འབྱུང་བ་མང་པོས་ཀྱང་མི་སྐྱེད་པར་བསྟན་ཏེ། མཐའ་གསུམ་དུ་བརྟག་པར་མཛད་དོ། །གསུམ་པ་ནི། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཞེས་སོགས་ཚིག་རྐང་གཉིས་ཏེ། མར་མེའི་དཔེའི་ཚུལ་གྱིས་འོག་ནས་འཆད་པར་འགྱུར་བའི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་མི་འགལ་བར་རྟོགས་པའི་ནང་ནས་དང་པོ་སྐྱེ་བ་ཟབ་པ་མི་འགལ་བར་རྟོགས་པ་དེ་ཉིད་ཀྱིས་འདིའི་རྩོད་པའི་ལན་དེ་རྟོགས་པར་འགྱུར་རོ། །ཇི་ལྟར་ཞེ་ན། ཐེག་ཆེན་གྱི་སྒོམ་ལམ་སྐད་ཅིག་སྔ་ཕྱི་རེ་རེ་ཁོ་ནས་ཀྱང་བླ་ན་མེད་པའི་བྱང་ཆུབ་མི་སྐྱེད། དེ་དག་མེད་པར་ཡང་བླ་ན་མེད་པའི་བྱང་ཆུབ་མི་སྐྱེད་ཀྱང་སྐད་ཅིག་སྔ་ཕྱི་ཕན་ཚུན་ལྟོས་ནས་བླ་ན་མེད་པའི་བྱང་ཆུབ་སྐྱེད་པ་ཡིན་ཏེ། མར་མེའི་སྐད་ཅིག་སྔ་ཕྱི་གང་རུང་རེ་རེ་ཁོ་ནས་སྡོང་བུ་སྣུམ་ལྡན་རྫོགས་པར་མི་བསྲེག དེ་དག་མེད་པར་ཡང་དེ་རྫོགས་པར་མི་བསྲེག་ཀྱང་སྐད་ཅིག་སྔ་ཕྱི་ཕན་ཚུན་ལྟོས་ནས་སྡོང་བུ་སྣུམ་ལྡན་རྫོགས་པར་བསྲེག་པའི་ཕྱིར། ཞེས་པ་ནི། སྐུར་འདེབས་ལས་གྲོལ་བའི་དོན་ནོ། །གསུམ་པ་སྒྲོ་སྐུར་དང་བྲལ་བའི་གཏན་ཚིགས་ཀྱི་དབྱེ་བ་ནི། སྐྱེ་བ་དང་ནི་འགག་པ་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། མདོར་བསྟན་དུ། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་དེ་ཟབ་པ་ཡིན་པ་དང་། ཟབ་པ་དེ་སྒྲོ་སྐུར་དང་བྲལ་བར་བསྟན་ན་གཏན་ཚིགས་ཟབ་པ་དེ་ལ་དབྱེ་ན་དུ་ཡོད་དེ་སྒྲོ་སྐུར་དང་བྲལ་བའི་ཚུལ་ཇི་ལྟར་ཞེ་ན་གཏན་ཚིགས་ཟབ་པ་དེ་ལ་སྐྱེ་བ་ཟབ་པ་སོགས་བརྒྱད་ཡོད་ཅིང་། སྒྲོ་སྐུར་དང་བྲལ་བའི་ཚུལ་སྐྱེ་བ་ཟབ་པ་ལ་མཚོན་ན། ཐེག་ཆེན་གྱི་སྒོམ་ལམ་སྐད་ཅིག་སྔ་ཕྱི་གང་རུང་རེ་རེ་ཁོ་ནས་བླ་ན་མེད་པའི་བྱང་ཆུབ་བསྐྱེད་པ་དང་། དེ་དག་མེད་པར་བླ་ན་མེད་པའི་བྱང་ཆུབ་བསྐྱེད་པ་ནི་སྒྲོ་འདོགས་ཡིན་ལ། སྤྱིར་བླ་ན་མེད་པའི་བྱང་ཆུབ་མི་བསྐྱེད་པ་ནི་སྐུར་འདེབས་ཡིན་པས། དེ་གཉིས་ལས་གྲོལ་བ་ནི་སྐྱེ་བ་སྒྲོ་སྐུར་ལས་གྲོལ་བའི་ཕྱིར་ན་ཟབ་པའི་དོན་ཏེ། འོག་མ་བདུན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །འོ་ན་དེ་དག་གི་རྟགས་ཆོས་དོན་གསུམ་གཞུང་གང་དང་གང་གིས་བསྟན་ཞེ་ན། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་སོགས་དང་། སྐྱེ་བ་དང་ནི་འགག་པ་དང་། །ཞེས་སོགས་ཀྱིས་གཏན་ཚིགས་བསྟན། བློ་ལྡན་སྒོམ་པའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་པས་ཤེས་འདོད་ཆོས་ཅན་དང་། བསྒྲུབ་བྱའི་ཆོས་དང་དོན་བསྡུ་བསྟན་ནོ། །གཞུང་དེ་འདིར་དངོས་སུ་མ་གསུངས་པའི་རྒྱུ་མཚན་ནི་ཚིགས་བཅད་མང་ཉུང་གི་ལྷག་ཆད་སྤོང་བའི་ཆེད་ཡིན་ལ། མི་རྟོགས་པ་ནི་མ་ཡིན་ཏེ། སྦྱོར་མཐོང་གཉིས་ཀྱི་གཞུང་གི་ཤུགས་ལ་ཤེས་ནུས་པའི་ཕྱིར་རོ། །དཔེར་ན་གཞི་ཤེས་དང་རྣམ་མཁྱེན་གྱི་རྣམ་པའི་སྐབས་སུ་རྣམ་པ་ཐོག་མཐའ་གཉིས་དངོས་སུ་བསྟན་ནས་ལམ་ཤེས་ཀྱི་རྣམ་པའི་སྐབས་སུ་མ་བསྟན་པ་བཞིན་ནོ། །འདིར་བསྟན་གཏན་ཚིགས་བཞི་བཅུ་ཞེ་བཞི་པོ་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་སེམས་དཔའ་ཙམ་གྱི་དབང་དུ་བྱས་སམ། དབང་པོའི་རིམ་པས་འཇོག གཏན་ཚིགས་རང་གི་ངོ་བོ་འབྲས་རང་མ་དམིགས་པའི་རྟགས་གསུམ་པོ་གང་ཡིན། གང་ཟག་རང་ངོར་གཏན་ཚིགས་སུ་འགྱུར་བ་ཡིན་ནམ་གདུལ་བྱ་གཞན་གྱི་ངོར་གཏན་ཚིགས་སུ་འགྱུར་བ་ཡིན་སྙམ་དུ་རྒོལ་བ་རྟོག་ལྡན་ལ་དོགས་པ་གསུམ་སྐྱེ་བར་འགྱུར་རོ། །དང་པོའི་ལན་ལ་ཁ་ཅིག སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་ལ་ཕྱིར་མི་ལྡོག་པས་ཁྱབ་ཀྱང་། ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་མ་ཁྱབ་པས་གཏན་ཚིགས་རྣམས་སྦྱོར་ལམ་པ་དབང་རྣོན་དང་། མཐོང་ལམ་པ་དབང་འབྲིང་ཡན་ཆད་དང་། སྒོམ་ལམ་པ་དབང་རྟུལ་ཡན་ཆད་ཀྱི་དབང་དུ་བྱས་པ་ཡིན་ནོ། །ཞེས་བཞེད་དོ། །འདི་ནི་འཐད་པར་མ་མཐོང་སྟེ། །སྦྱོར་ལམ་པ་དབང་འབྲིང་མན་ཆད་དང་། མཐོང་ལམ་པ་དབང་རྟུལ་ཕྱིར་མི་ལྡོག་པར་སྒྲུབ་པའི་སྒྲུབ་བྱེད་ཡོད་ན་རྟགས་མ་ཐོབ་པར་འགལ་ཞིང་། སྒྲུབ་བྱེད་མེད་ན་ཕྱིར་མི་ལྡོག་པར་དམ་བཅས་པའི་དམ་བཅའ་དེ་དམ་བཅར་ལྟར་སྣང་དུ་འགྱུར་བའི་ཕྱིར་དང་། ཕྱིར་མི་ལྡོག་པའི་གཏན་ཚིགས་ཐོབ་ན་སྐབས་དེ་དང་དེ་ནས་བཤད་པའི་གཏན་ཚིགས་ཐམས་ཅད་ཐོབ་པས་མ་ཁྱབ་ཅིང་། ཕྱིར་མི་ལྡོག་པའི་རྟགས་ཀྱི་གཙོ་བོ་ནི་སྙིང་རྗེ་ཆེན་པོ་དང་ཟུང་དུ་འཇུག་པའི་སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་མཉམ་གཞག་ཡིན་ལ། དེ་མ་ཐོབ་པའི་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་མི་སྲིད་པའི་ཕྱིར་རོ། །གལ་ཏེ་མཉམ་གཞག་ཏུ་རྟོགས་པ་དེ་ཐོབ་ཀྱང་དེས་དྲངས་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་མ་ཐོབ་པ་ཡོད་པས་སྐྱོན་མེད་དོ་སྙམ་ན། དེ་ལྟར་ན་རྣལ་འབྱོར་པ་རྣམས་ཀྱི་ཐ་སྙད་ནི། སེམས་ཅན་འདུལ་བའི་དགོས་པའི་དབང་མ་གཏོགས་པར་ཐམས་ཅད་དུ་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པ་དང་འགལ་བར་རྟོགས་སོ། །དེས་ན་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པའི་གཏན་ཚིགས་ཐོབ་སྟེ། སྐབས་འདིར་བསྟན་གྱི་གཏན་ཚིགས་གང་རུང་གཅིག་མ་ཐོབ་པའི་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་མེད་པ་གང་ཞིག རེ་རེས་ཀྱང་ཕྱིར་མི་ལྡོག་ཏུ་སྒྲུབ་ནུས་པའི་ཕྱིར་རོ། །ཁ་ཅིག་ཐེ་ཚོམ་ཟད་པ་དང་། མི་དལ་ཟད་པས་ཕྱིར་མི་ལྡོག་ཏུ་སྒྲུབ་ནུས་ན་ཉན་ཐོས་དགྲ་བཅོམ་པས་ཀྱང་ཕྱིར་མི་ལྡོག་གི་རྟགས་ཐོབ་པར་ཐལ་ལོ། །ཞེས་སྨྲ་བ་ནི་སེན་མོ་སྣུམ་པ་དཔེ་བྱད་ཡིན་ན། སེན་མོ་ལ་སྣུམ་བསྐུས་པས་དཔེ་བྱད་ཐོབ་པར་འགྱུར་རོ། །ཞེས་སྨྲ་བ་དང་མཚུངས་པས་བློ་གྲོས་རྩིང་པའི་རྟགས་མ་སྟོན་ཅིག དོགས་པ་གཉིས་པའི་ལན་ནི་བསྟན་བཅོས་རྩ་བར་ཕྱིར་མི་ལྡོག་པ་ཙམ་བསྒྲུབ་བྱའི་ཆོས་སུ་བྱས་ནས་གཏན་ཚིགས་འགོད་པར་གསུངས་པ་ལྟར་ན་མ་དམིགས་པའི་གཏན་ཚིགས་ཡིན་ཞིང་། མདོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་སེམས་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །ཞེས་པའི་འགྲེལ་པར་འགྲེལ་ཆེན་དུ། ནུས་པའི་རྒྱུ་ཡི་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བྱ་བའི་ཚུལ་གྱིས་རུང་བ་ཉིད་ཀྱི་རྗེས་སུ་དཔག་པས་གཟུང་བར་བྱའོ། །ཞེས་དང་། སྡུད་འགྲེལ་རྟོགས་པར་སླ་བ་ལས་ཀྱང་། ལུང་དེ་དྲངས་ནས་ཞེས་བྱ་བའི་རིགས་པས་འདིར་བསྟན་པའི་རྟགས་ཀྱང་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་ན། རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་སྒྲུབ་པར་བྱེད་པའི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །འགྲེལ་ཆུང་དུ། དེ་ལྟར་ན་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པ་འདི་རྣམས་ཡང་དག་པར་ཐོབ་པ་ན་དག་པ་འཇིག་རྟེན་པ་གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་རྣམ་པ་ཅན་རྗེས་ཀྱི་སེམས་ཀྱིས་བསྡུས་པ་དང་མཐུན་པའི་འབྲས་བུ་གཟུགས་ལ་སོགས་པའི་འདུ་ཤེས་ལྡོག་པ་ལ་སོགས་པ་སྐྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་དག་ཡིན་ནོ། །ཞེས་པ་ལྟར་ན་འབྲས་བུའི་གཏན་ཚིགས་ཡིན་ནོ། །འོ་ན་དེ་དག་ཇི་ལྟར་ངེས་པར་བྱ་ཞེ་ན། གཏན་ཚིགས་བཞི་བཅུ་ཞེ་བཞི་པོ་རེ་རེའི་སྟེང་དུ་ཡང་རྗེས་ཐོབ་ལུས་ངག་གི་སྤྱོད་པའི་རྟགས་ལས་མཉམ་གཞག་གི་རྟོགས་པ་དཔོག་པའི་ཚེ་ན་འབྲས་བུའི་གཏན་ཚིགས་ཡིན་ཏེ། འབྲས་བུ་རྟགས་སུ་བཀོད་ནས་རྒྱུ་སྔོན་དུ་སོང་བར་བསྒྲུབ་པའི་ཕྱིར་རོ། །སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་མཉམ་གཞག་གི་རྟགས་ལས་ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་པའི་བྱང་ཆུབ་འབྱུང་རུང་དཔོག་པའི་ཚེ་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། རྒྱུ་ཚོགས་གྲངས་ཚང་རྟགས་སུ་བཀོད་ནས་འབྲས་བུ་འབྱུང་རུང་སྒྲུབ་པའི་ཕྱིར་རོ། །དེ་ལྟ་བུའི་བསྒྲུབ་བྱའི་ཆོས་རྟགས་སུ་བཀོད་པ་ལས་གནས་སྐབས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སྒྲུབ་པའི་ཚེ་མ་དམིགས་པའི་གཏན་ཚིགས་ཡིན་ཏེ། ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པ་རྟགས་སུ་བཀོད་ནས་གནས་སྐབས་རྫོགས་བྱང་ལས་ཕྱིར་ལྡོག་པ་བཀག་པ་ཙམ་བསྒྲུབ་པའི་ཕྱིར་རོ། །འོ་ན་རྟགས་སྦྱོར་ཇི་ལྟར་སྙམ་ན། གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་པ་ལྡོག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའ་ཕ་རོལ་པོ་འདི་ཆོས་ཅན། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་མཉམ་གཞག་སྔོན་དུ་སོང་སྟེ། དེ་ལྟ་བུའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར། ཞེས་པ་ནི་འབྲས་རྟགས་སོ། །དེ་གྲུབ་ནས་གང་ཟག་དེ་ཆོས་ཅན། ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་པའི་བྱང་ཆུབ་འབྱུང་དུ་རུང་སྟེ། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་མཉམ་གཞག་གི་རྟོགས་པ་ཚང་བའི་ཕྱིར། ཞེས་པ་ནི་རང་བཞིན་གྱི་རྟགས་སོ། །དེ་གྲུབ་ནས་གང་ཟག་དེ་ཆོས་ཅན། གནས་སྐབས་བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་པའི་བྱང་ཆུབ་འབྱུང་དུ་རུང་བའི་ཕྱིར། ཞེས་པ་ནི་མ་དམིགས་པའི་གཏན་ཚིགས་སོ། །འོ་ན་དྲོད་དང་རྩེ་མོ་སོགས་ལ་གནས་པའི་སེམས་དཔའ་ཆོས་ཅན་དུ་འཛིན་མི་དགོས་སམ་སྙམ་ན། དྲོད་སོགས་ལ་གནས་པའི་རྟགས་སོ་སོར་བཤད་པ་ནི། རྗེས་ཐོབ་ཀྱི་གཏན་ཚིགས་འདི་དང་འདི་མཉམ་གཞག་གི་རྟོགས་པ་འདི་དང་འདིས་དྲངས་པ་ཡིན་ནོ། །ཞེས་ཤེས་པའི་ཆེད་དུ་ལམ་གསུམ་ལ་གཏན་ཚིགས་སོ་སོར་བཤད་པ་ཡིན་གྱི། གཏན་ཚིགས་འགོད་པའི་ཚེ་གཏན་ཚིགས་གང་ལ་ལྡན་པའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན་དུ་གཟུང་བར་བྱ་བ་ནི་རིགས་པའི་གཞུང་ལུགས་ཀྱི་སྲོལ་ལོ། །དཔེར་ན་གོང་བུ་རྭ་ཅན་དེ་དོན་ལ་བ་ལང་དང་གཡག་ལ་སོགས་པ་གང་ཡིན་ཀྱང་རུང་གོང་བུ་རྭ་ཅན་དེ་ཆོས་ཅན། རྟ་མ་ཡིན་ཏེ། རྭ་ཅན་ཡིན་པའི་ཕྱིར། ཞེས་བཀོད་པ་བཞིན་ནོ། །མདོ་དང་བསྟན་བཅོས་དང་འགྲེལ་པ་ཆེ་ཆུང་རྣམས་ཀྱི་དགོངས་པ་ནི། འདི་ཁོ་ན་ཡིན་པས་མི་ཤེས་པ་དག་གིས་ངོ་ཚ་བོར་ནས་ཅི་ཡང་མ་སྨྲ་ཤིག འདི་ནི་ཁོ་བོ་གཅིག་པུའི་སྤྱོད་ཡུལ་ཡིན་ནོ། །དོགས་པ་གསུམ་པའི་ལན་ནི། རྗེས་ཐོབ་ལུས་ངག་གི་སྤྱོད་པའི་རྟགས་ལས་མཉམ་གཞག་གི་རྟོགས་པ་དཔོག་པ་རྣམས་ནི་གཞན་ངོར་རྟགས་སུ་འགྱུར་བ་ཁོ་ན་སྟེ། རང་རྒྱུད་ལ་མཉམ་གཞག་མྱོང་བས་གྲུབ་པས་རྟགས་ཀྱིས་བསྒྲུབ་མི་དགོས་པའི་ཕྱིར་རོ། །གཏན་ཚིགས་ཕྱི་མ་གཉིས་ལ་རང་ངོར་རྟགས་སུ་འགྱུར་བ་དང་། གཞན་ངོར་རྟགས་སུ་འགྱུར་བ་གཉིས་གཉིས་ཡོད་དེ། རང་རྒྱུད་ལ་མཉམ་གཞག་སྐྱེས་ནས་རྗེས་ཐོབ་ཏུ་ཁྱབ་འབྲེལ་ངེས་པའི་ཚེ་རང་དོན་སྐབས་ཀྱི་རྟགས་ཡང་དག་ཏུ་འགྱུར་བའི་ཕྱིར་དང་། གཞན་ངོར་ནི་སྔར་གྱི་གཏན་ཚིགས་གསུམ་བརྒྱུད་བཀོད་པའི་རིགས་པས་ཤེས་པས་སོ། །དེ་ལྟར་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་བཤད་ཟིན་ནས་དེའི་འོག་ཏུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་སོགས་གསུམ་འཆད་པ་ལ་འཕགས་སེང་གཉིས་ཆར་གྱིས་ས་བདུན་པ་མན་ཆད་ཀྱི་བྱང་སེམས་ལ་སློབ་པའི་དགེ་འདུན་གྱི་ཐ་སྙད་མཛད་ནས་སྔར་གྱི་གཏན་ཚིགས་རྣམས་ས་བདུན་པ་མན་ཆད་ཀྱི་གཏན་ཚིགས་སུ་བཞེད་ཅིང་། དག་པ་ས་གསུམ་གྱི་བྱང་སེམས་ལ་མི་སློབ་པའི་དགེ་འདུན་གྱི་ཐ་སྙད་མཛད་ནས་སྦྱོར་བ་གསུམ་པོ་དེ་དག་གི་ཉམས་ལེན་དུ་བཞེད་དོ། །འོན་ཀྱང་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་རྣམས་དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། ཞེས་པའི་སྐབས་ཀྱི་སྒོམ་ལམ་དགུ་ཆར་ལ་ལྡན་པ་རྩ་བ་དང་། སློབ་དཔོན་གྱི་འགྲེལ་པ་གཉིས་ཀའི་དགོངས་པ་ཡིན་པས་ས་བདུན་པ་མན་ཆད་ཀྱི་བྱང་སེམས་ལ་སློབ་པ་ཕྱིར་མི་ལྡོག་པ་དང་། དག་པ་སའི་བྱང་སེམས་ལ་མི་སློབ་པའི་ཐ་སྙད་མཛད་པ་ཤིན་ཏུ་དཀའོ། །གཞན་དུ་ན་དག་པ་ས་ལ་གནས་པའི་བྱང་སེམས་ཆོས་ཅན། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །ཞེས་པའི་སྐབས་ཀྱི་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པར་ཐལ། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་པའི་སྐབས་སུ་འཆད་པར་འགྱུར་བའི་སྒོམ་ལམ་ལ་གནས་པའི་བྱང་སེམས་ཡིན་པའི་ཕྱིར། གསལ་བ་ནི་ས་བདུན་པ་མན་ཆད་ལ་སློབ་པ་དང་། ས་བརྒྱད་པ་ཡན་ཆད་ལ་དེའི་ཟླས་དྲངས་པའི་མི་སློབ་པའི་ཐ་སྙད་གསུངས་པ་ལ་གཟིགས་པ་ཞུ་ཞིང་། ཁྱབ་པ་ནི་མཐོང་བའི་ལམ་དང་སྒོམ་པའི་ལམ་འཆད་པར་འགྱུར་བ་ལ་དེ་དང་དེའི་རྟོགས་པའི་ཚུལ་གྱི་གནས་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཀྱི་དགེ་འདུན་ཡིན་ནོ། །ཞེས་གསུངས་པ་ལ་གཟིགས་ཤིག རྟགས་ནི་མུན་པ་ཤིན་ཏུ་ཆེན་པོ་ནི་སྣང་བ་ཆུང་ངུས་སེལ་ལ་ཆུང་ངུ་ནི་ཆེན་པོས་སེལ་ཏོ། །ཞེས་བྱ་བའི་དཔེས་ཞེས་སོགས་ཀྱི་ཐད་ལ་གཟིགས་ཤིག འོ་ན་ཕྱིར་མི་ལྡོག་པའི་གཏན་ཚིགས་ཀྱི་རྗེས་སུ་སྦྱོར་བ་གསུམ་འཆད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པའི་གཏན་ཚིགས་ཐོབ་ན་དེ་དག་ཉམས་ལེན་གྱི་རིམ་པ་ལ་མི་ལྟོས་པར་འགྱུར་རོ་ཞེ་ན་སྤྱིར་ས་བཅུའི་རྗེས་ཐོབ་ཡོངས་སྦྱོང་གི་ཉམས་ལེན་ནི་སྐབས་དང་པོར་བསྟན་ཟིན། མཉམ་གཞག་སྒྲིབ་པ་སྤོང་བའི་ཉམས་ལེན་ནི་སྐབས་ལྔ་པར་འཆད་པར་འགྱུར་བས་འདི་དག་ས་ལ་གནས་པའི་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་ལེན་སྦྱོར་བ་གསུམ་སྟོན་པ་ལ་དང་པོ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ལ་ཐུན་མོང་མ་ཡིན་པའི་ཉམས་ལེན་ཡིན་པའི་རྒྱུ་མཚན། རྒྱུ་མཚན་ཅན་གྱི་སྦྱོར་བའི་ངོ་བོ་ངོས་གཟུང་། དེ་ལ་ཀླན་ཀ་སྤོང་བ་དང་གསུམ་ལས། དང་པོ་ནི། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་དོན་རྗེས་ཐོབ་ཏུ་ཡང་འཁོར་འདས་ལ་བཟང་ངན་ཐ་དད་དུ་འཛིན་པའི་རྣམ་རྟོག་འབྱུང་མི་སྲིད་པ་ལ་འཇོག་དགོས་ཤིང་། ས་བདུན་པ་མན་ཆད་ཀྱི་རྗེས་ཐོབ་ཏུ་དེ་ལྟ་བུའི་རྣམ་རྟོགས་འབྱུང་སྲིད་པའི་ཕྱིར་ན་དག་སའི་ཐུན་མོང་མ་ཡིན་པའི་ཉམས་ལེན་དུ་གྲུབ་བོ། །གཉིས་པ་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་སོགས་ཚིགས་རྐང་གཉིས་ཏེ། མདོ་ལས། ཤཱ་རིའི་བུས་རབ་འབྱོར་ལ་སྨྲས་པ། རྨི་ལམ་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཅི་ཤེར་ཕྱིན་རྣམ་པར་འཕེལ་ལམ། རབ་འབྱོར་གྱིས་སྨྲས་པ། ཉིན་པར་བསྒོམ་པས་འཕེལ་ན་རྨི་ལམ་དུ་སྒོམ་པས་ཀྱང་འཕེལ་ལོ། །ཅིའི་ཕྱིར་ན། རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་པའོ། །ཞེས་སོ། །རྨི་ལམ་གྱིས་འཁོར་བ་བསྟན་ཏེ། མ་རིག་པའི་འཁྲུལ་སྣང་དང་བཅས་པ་ཡིན་པས་སོ། །ཉིན་པར་གྱིས་མྱང་འདས་བསྟན་ཏེ། མ་རིག་པའི་གཉིད་སད་པས་སོ། །རྟོག་པ་མེད་པས་ནི། དག་པ་སར་རྗེས་ཐོབ་ཏུ་ཡང་འཁོར་འདས་ཐ་དད་པར་འཛིན་པའི་རྟོག་པ་སྤངས་པར་བསྟན་ནས་ཤུགས་ལ་མཉམ་གཞག་བསྟན་ཏོ། །གསུམ་པ་ནི། ལས་མེད་ལ་སོགས་ཀླན་ཀ་ཡི། །ཞེས་སོགས་ཚིག་རྐང་གཉིས་ཏེ། ཉིར་སྣང་ལྟར་ན། ལས་མེད་པར་ཐལ་པའི་ཀླན་ཀའི་ལན་སོགས་ཀྱི་སྒྲས་བསྡུས་པ་དོན་དམ་དུ་འགལ་བའི་དང་། ཀུན་རྫོབ་ཏུ་མ་ངེས་པའི་དང་། ལུང་དང་འགལ་བའི་དང་། སྔ་ཕྱི་འགལ་བའི་ཀླན་ཀའི་ལན་དང་བཞི་ལས། དང་པོ་ལ་ཀླན་ཀ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་གསུངས་པ་ལ་འཁྲིས་ནས་རྨི་ལམ་དང་འདྲ་ན་ཉིན་པར་གྱི་ལས་ལ་ཡང་ལས་སོགས་པ་མེད་པར་འགྱུར་རོ། །ཞེས་པ་སྟེ། མདོར། ཤཱ་རིའི་བུས་སྨྲས་པ། རབ་འབྱོར་བྱང་སེམས་ཆེན་པོས་རྨི་ལམ་དུ་ལས་གང་ཞིག་བྱས་པའི་ལས་དེ་སོག་པའམ་འབྲི་བར་འགྱུར་བ་ཡོད་དམ་ཞེས་དང་། དེའི་དོན་ཉིར་སྣང་དུ་དེ་ལ་ལས་མེད་པར་བརྩད་པ་ནི་འདི་ཡིན་ཏེ་རྨི་ལམ་དང་འདྲ་བའི་ཆོས་ཡིན་ན། རྨི་ལམ་དང་འདྲ་བར་སྦྱོར་བ་དངོས་གཞི་དང་མཇུག་གིས་བསྡུས་པའི་ལས་ཉམས་པ་དང་འཕེལ་བ་མེད་པར་ཐལ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཞེས་སོ། །གཉིས་པ་ལན་ལ་དོན་དམ་དུ་འདོད་པའི་ལན་ནི། མདོ་ལས། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པ་དེ་ལྟར་ན་ལས་སོག་པའམ་ཉེ་བར་སོག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་གྱི་ཆོས་གང་ལ་ཡང་སོག་པའམ་འབྲི་བར་འགྱུར་བ་མི་དམིགས་པའི་ཕྱིར་རོ། །ཞེས་སོ། །ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པའི་ལན་ནི། མདོ་ལས། འོན་ཏེ་སད་ནས་རྣམ་པར་རྟོག་ན་ནི་དེ་ལས་སོག་པའམ་འབྲི་བར་འགྱུར་རོ། །ཞེས་དང་། ཉིར་སྣང་དུ། འོན་ཏེ་སད་ཀྱང་ཡོངས་སུ་ཤེས་པ་ཕྱི་ནས་རྣམ་པར་རྟོག་པར་བྱེད་ཀྱི་རྣམ་པར་རྟོག་པར་མི་བྱེད་པ་ནི་མ་ཡིན་ནོ། །ཞེས་བྱ་བས་ལས་དང་འབྲས་བུར་འབྲེལ་བ་བརྡ་ལས་བྱུང་བ་ཉིད་དུ་ཉེ་བར་བཀོད་པས་གང་གསུངས་པ་ཡིན་ནོ། །ཞེས་གསུངས་ཏེ། དོན་ནི་རྨི་ལམ་དང་འདྲ་བ་ཉིད་ཡིན་ན། ཐ་སྙད་དུ་ལས་མེད་མི་དགོས་ཏེ། རྨི་ལམ་དུ་ལས་སོག་པར་རྨིས་ཏེ་རྗེས་ཀྱི་རྟོག་པས་གསོས་བཏབ་ན་ལས་སོག་པར་འགྱུར་བའི་ཕྱིར། ཞེས་པའོ། །གཉིས་པ་ལ་ཀླན་ཀ་ནི་རྗེས་ཀྱི་རྟོག་པས་གསོས་བཏབ་ན་ལས་སོག་བྱས་པ་ལ་འཁྲིས་ནས་རྨི་ལམ་གྱི་ལས་བདེན་པར་མེད་ཀྱང་རྗེས་ཀྱི་རྟོག་པས་གསོས་བཏབ་པས་ལས་སོག་ན་རྗེས་ཀྱི་རྟོག་པས་ལས་དོན་དམ་པའི་དངོས་པོའོ། །ཞེས་གསོས་བཏབ་ན་ཡང་ལས་དོན་དམ་པའི་དངོས་པོར་ཐལ་ལོ་ཞེ་ན་ཞེས་པ་སྟེ། མདོ་ལས། རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུ་འདི་སྐད་དུ་ཉིན་པར་སྲོག་བཅད་པ་དང་། རྨི་ལམ་གྱི་ནང་དུ་སྲོག་བཅད་པ་དེ་ལ་འདི་སྙམ་དུ་དེ་བདག་གིས་བསད་དོ། །དེ་བདག་གིས་བསད་པས་ལེགས་སོ། །ཞེས་དེ་རྣམ་པར་རྟོག་པ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་དེ་ལ་ཁྱོད་ཇི་སྐད་སྨྲ་ཞེས་དང་། དེའི་དོན་ཉིར་སྣང་དུ། ཉིན་པར་སྲོག་གཅོད་པར་བྱས་པ་གང་ཡིན་པ་དང་། རྨི་ལམ་གྱི་ནང་དུ་སྲོག་བཅད་པ་ཞེས་བྱ་བ་ནི་རབ་ཏུ་གྲགས་པའི་མཚན་མོ་དང་ཉིན་མོ་ཉིད་མངོན་པར་བརྗོད་དོ། །ནང་ན་སྨོས་པས་ནི་འཁོར་བའི་རྨི་ལམ་ལས་ཁྱད་པར་དུ་བྱས་པའི་དོན་དུའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་དེ་ལ་ཁྱོད་ཇི་སྐད་སྨྲ། ཞེས་བྱ་བ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་རང་བཞིན་གྱིས་ཡོངས་སུ་དྲིས་པས་གཉེན་པོ་དང་འགལ་བ་ཡིན་ཡང་། རྣམ་པར་རྟོག་པ་རྗེས་སུ་འཇུག་པར་ཐལ་བས་དེ་དོན་དམ་པ་ཉིད་དུ་ཡང་དག་པར་སྟོན་པའི་དོན་གྱིས་དེ་ལྟར་བཅད་པ་ཡིན་ནོ། །ཞེས་སོ། །གཉིས་པ་ལན་ནི་མདོ་ལས། རབ་འབྱོར་གྱིས་ཤཱ་རིའི་བུ་ལ་དམིགས་པ་མེད་པར་ལས་མི་སྐྱེད་དམིགས་པ་མེད་པར་སེམས་པ་མི་སྐྱེའོ། །དམིགས་པ་དང་བཅས་པ་ལས་ལས་དང་སེམས་པ་འབྱུང་སྟེ་དམིགས་པ་མེད་པར་མ་ཡིན་ནོ། །ཞེས་པ་ནས་རྣམ་པར་བྱང་བ་ཡོངས་སུ་འཛིན་ཏེ་ཞེས་དང་། ཉིར་སྣང་ལས། འདིའི་ལན་ནི་དམིགས་པ་དང་བཅས་པ་ལས་ལས་སྐྱེ་བར་ཁས་བླངས་པའི་ཕྱིར་དང་། དམིགས་པ་མེད་པར་ལས་སྐྱེ་བ་བཀག་པའི་ཕྱིར་ན། སླར་དེ་བརྡ་ལས་བྱུང་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཞེས་གསུངས་ཏེ། དེ་དག་གི་དོན་ནི་རྗེས་ཀྱི་རྟོག་པས་གསོས་བཏབ་པས་ལས་སོག་ན་རྗེས་ཀྱི་རྟོག་པས་ལས་དོན་དམ་པའི་དངོས་པོ་ཞེས་གསོས་བཏབ་པས་ལས་དོན་དམ་པའི་དངོས་པོར་འགྱུར་དགོས་པ་དེ་མ་ཡིན་པར་ཐལ། ཐ་སྙད་དུ་ཟག་བཅས་ཀྱི་ལས་དང་སེམས་པ་རང་རྒྱུ་རྣམ་རྟོག་ལས་སྐྱེ་ཡི་དེ་མེད་པར་མི་སྐྱེ་བའི་ཕྱིར་ཞེས་པའོ། །གསུམ་པ་ལ་ཀླན་ཀ་ནི་རང་རྒྱུ་རྣམ་རྟོག་ལས་སེམས་སྐྱེ་བར་ཁས་བླང་པ་ལ་འཁྲིས་ནས་རང་རྒྱུ་རྣམ་རྟོག་ལས་སེམས་སྐྱེ་བ་མིན་པར་ཐལ། བཅོམ་ལྡན་འདས་ཀྱིས་ལས་དང་སེམས་པ་ཐམས་ཅད་ནི་དབེན་པར་གསུངས་པའི་ཕྱིར་ཞེ་ན། ཞེས་པ་སྟེ། མདོར། ཚེ་དང་ལྡན་པ་རབ་འབྱོར་ལས་དང་སེམས་པ་ཐམས་ཅད་དབེན་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན་དེ་ཇི་ལྟར་དམིགས་པ་དང་བཅས་པར་ལས་དང་སེམས་པ་འབྱུང་སྟེ། དམིགས་པ་མེད་པར་མ་ཡིན་ཞེས་དང་། ཉིར་སྣང་དུ། སེམས་པ་ཐམས་ཅད་དབེན་པ་ཡིན་པའི་ཕྱིར་ན་དེའི་དམིགས་པའི་དངོས་པོ་མེད་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་རྩོད་པ་ཡིན་ནོ། །ཞེས་སོ། །ལན་ནི་མདོར། ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་མར་བྱས་ན་དམིགས་པ་དང་བཅས་པར་ལས་དང་སེམས་པ་འབྱུང་སྟེ། དམིགས་པ་མེད་པར་མ་ཡིན་ནོ། །ཞེས་དང་། ཉིར་སྣང་དུ། སེམས་པ་ཐམས་ཅད་དབེན་པ་ཡིན་པའི་ཕྱིར་ན་དེའི་དམིགས་པའི་དངོས་པོ་མེད་པ་ཉིད་ཀྱིས་སོ་ཞེས་བྱ་བ་འདིའི་ལན་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་མར་བྱས་ནས་ཞེས་གང་གསུངས་པ་ཡིན་ནོ། །ཞེས་གསུངས་སོ། །དེའི་དོན་ནི་བཅོམ་ལྡན་འདས་ཀྱིས་ལས་དང་སེམས་པ་ཐམས་ཅད་དབེན་པར་གསུངས་པ་དང་། རང་རྒྱུ་རྣམ་རྟོག་ལས། ལས་དང་སེམས་པ་ཐམས་ཅད་སྐྱེ་བར་བཤད་པ་མི་འགལ་ཏེ། སྔ་མ་ནི་དོན་དམ་པ་ལ་དགོངས་ལ། ཕྱི་མ་ནི་ཀུན་རྫོབ་ལ་དགོངས་པའི་ཕྱིར། ཞེས་པའོ། །བཞི་པ་ལ་ཀླན་ཀ་ནི་རང་རྒྱུ་རྣམ་རྟོག་ལས། ལས་དང་སེམས་པ་སྐྱེ་བར་ཁས་བླངས་པ་ལ་འཁྲིས་ནས། འོ་ན་བྱང་སེམས་ཀྱིས་རྨི་ལམ་དུ་སྦྱིན་སོགས་དྲུག་བསྒོམས་ཏེ། དགེ་བ་བླ་མེད་བྱང་ཆུབ་ཏུ་བསྔོས་ན་དེ་བྱང་ཆུབ་ཏུ་བསྔོས་པར་འགྱུར་རམ་མི་འགྱུར། འགྱུར་ན་ལས་དང་སེམས་པ་སྒྲོ་བཏགས་པའི་དངོས་པོར་ཁས་བླངས་པ་དང་འགལ། མི་འགྱུར་ན་དམིགས་པ་དང་བཅས་པ་ལས། སེམས་སྐྱེ་བར་ཁས་བླངས་པ་དང་འགལ་ལོ་ཞེ་ན། ཞེས་པ་སྟེ། མདོ་ལས། ཚེ་དང་ལྡན་པ་རབ་འབྱོར་བྱང་སེམས་ཆེན་པོས་རྨི་ལམ་དུ་སྦྱིན་པ་བྱིན་པ་ནས་ཤེས་རབ་ཀྱི་བར་བསྒོམ་སྟེ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན་དེ་བྱང་ཆུབ་ཏུ་ཡང་དག་པར་ཡོངས་སུ་བསྔོས་པར་འགྱུར་རམ་ཞེ་ན། ཞེས་དང་། ཉི་ཁྲི་སྣང་བར། ཡོངས་སུ་བརྟགས་པའི་དམིགས་པའི་དངོས་པོ་ཁས་བླངས་པ་ན། རྨི་ལམ་གྱི་ནང་གི་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ན་ཡང་དག་པའམ་ཡང་དག་པ་མ་ཡིན་པར་བསྔོས་པ་ཡིན་ཞེས་དྲིས་པས་བརྩད་པ་ཡིན་ནོ། །ཞེས་གསུངས་སོ། །ལན་ནི་མདོ་ལས། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་སེམས་ཆེན་པོ་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པའི་དགེ་བའི་རྩ་བ་ལ་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཉིད་མངོན་དུ་གྱུར་ན་འདི་ལ་དྲིས་ཤིག་དང་འདིས་ལན་ལྡོན་པར་འགྱུར་རོ། །དེ་ནས་ཤཱ་རིའི་བུས་བྱང་སེམས་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་བྱམས་པ་གནས་བརྟན་རབ་འབྱོར་འདི་སྐད་དུ་བྱང་སེམས་ཆེན་པོ་བྱམས་པས་དོན་འདིའི་ལན་ལྡོན་པར་འགྱུར་གྱིས་འདི་ལ་དྲིས་ཤིག་ཅེས་སྨྲ་ན། ཚེ་དང་ལྡན་པ་མ་ཕམ་པ་ལན་ཇི་ལྟ་བུ། དེ་ནས་བྱང་སེམས་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་པའི་མིང་གིས་ལན་ལྡོན་ནམ། འོན་ཏེ་གཟུགས་ནས་རྣམ་པར་ཤེས་པས་ལན་ལྡོན་ནམ། འོན་ཏེ་ཁ་དོག་ལན་ལྡོན་ནམ། འོན་ཏེ་དབྱིབས་ལན་ལྡོན་ནམ། འོན་ཏེ་གཟུགས་ནས་རྣམ་པར་ཤེས་པའི་སྟོང་པ་ཉིད་ལན་ལྡོན་ནམ། ཞེས་པ་ནས་དེ་རྣམས་ལ་ནི་ལན་ལྡོན་པའི་མཐུ་མེད་དོ། །བདག་གིས་ནི་གང་ལན་ལྡོན་པ་དང་། གང་གིས་ལན་གླན་པ་དང་། གང་ལ་ལན་གླན་པའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་སོགས་ནས་ཤཱ་རིའི་བུས་ཚེ་དང་ལྡན་པ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་བྱམས་པ་ཆོས་དེ་དག་ཇི་སྐད་བཤད་པ་བཞིན་དུ་ཁྱོད་ཀྱིས་མངོན་སུམ་དུ་བྱས་སམ། བྱམས་པས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་དེ་དག་ཇི་ལྟར་བཤད་པ་དེ་ལྟར་ཁོ་བོས་མངོན་སུམ་དུ་མ་བྱས་མོད། ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་ལྟར་ཚིག་གིས་བརྗོད་པ་དང་། སེམས་ཀྱིས་སེམས་པའི་ཆོས་དེ་དག་ཀྱང་ཁོ་བོས་མི་ཤེས་མི་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཞེས་དང་། ཉིར་སྣང་དུ། འདིའི་ལན་ནི། འཕགས་པ་བྱམས་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མངོན་པར་རྟོགས་པ་མངོན་སུམ་དུ་བྱས་པ་ཡིན་པའི་ཕྱིར། སྐྱེ་བ་གཅིག་གིས་ཐོགས་པ་འདི་ཉིད་ཀྱིས་དྲི་བ་འདིའི་ལན་ལྡོན་པ་ལ་དབང་དུ་གྱུར་པ་ཡིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །དོན་ཅི་ཡིན་ཞེ་ན། དྲི་བ་དེའི་དབང་དུ་བྱས་པ་ཉིད་ཀྱིས་མ་འོངས་པའི་སངས་རྒྱས་བརྒྱུད་མར་འབྱུང་བ་དེས་ན། དྲི་བ་འདིའི་ལན་ཡོངས་སུ་མ་རྫོགས་པ་བསྟན་པ་ཡིན་ཏེ། དེ་ཡོངས་སུ་རྫོགས་པ་ཡིན་ན་ནི། མ་འོངས་པའི་སངས་རྒྱས་རྒྱུན་མར་འབྱུང་བ་དོན་མེད་པར་ཐལ་ལོ། ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ན་ཡོངས་སུ་མ་རྫོགས་པར་བསྟན་པ་ཡིན་ནོ་ཞེ་ན། མིང་ནས་བརྩམས་ཏེ། ཆོས་ཐམས་ཅད་ལ་ལན་ལྡོན་པར་བྱེད་པའི་དངོས་པོ་དམིགས་སུ་མེད་པས་སོ། །དེ་ལྟ་ན་ཡང་འདི་དག་རང་ཉིད་ཀྱིས་མངོན་སུམ་དུ་མ་བྱས་པར་སྨྲས་པ་ཡིན་ནོ། །དེ་མངོན་སུམ་དུ་མ་བྱས་པར་དམ་བཅས་པ་ནི། མངོན་དུ་མ་བྱས་པའི་དོན་ལ་དྲི་བ་དེའི་ལན་བཏབ་པ་ཡོངས་སུ་རྫོགས་པའི་ཉེས་པ་སྤོང་བའི་དོན་དུ་ཡིན་ཏེ། མ་འོངས་པའི་སངས་རྒྱས་ཀྱི་ཚུལ་ཡང་དག་པར་ཆད་པ་མེད་པར་འདོད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་དག་གི་དོན་ནི་རབ་འབྱོར་གྱིས་ལན་དངོས་སུ་མ་སྨོས་པར་བྱམས་པ་ལ་ཁ་འཕངས་ནས་བྱམས་པས་ལན་ལྡོན་བྱ་ལྡོན་བྱེད་ཡང་དག་པར་རྗེས་སུ་མ་མཐོང་བར་གསུངས་པས་ནི་དོན་དམ་ལ་དགོངས་ནས་གང་ཡང་མ་དམིགས་པར་དངོས་སུ་བསྟན་པས་ཤུགས་ལ་རྗེས་ཀྱི་རྟོགས་པས་གསོས་བཏབ་ན་བསྔོ་བར་འགྱུར་བར་བསྟན་ཏོ། །བྱམས་པ་ལ་ཁ་འཕངས་པའི་དགོས་པ་ནི་བསྟན་པ་འདི་ལ་དེ་ལྟ་བུའི་དྲིས་ལན་མི་རྫོགས་པར་ཤེས་པའི་ཆེད་ཡིན་ཏེ། བསྟན་པ་འདི་ལ་དེ་ལྟ་བུའི་དྲིས་ལན་རྫོགས་ན་མ་འོངས་པའི་སངས་རྒྱས་བརྒྱུད་མར་འབྱུང་བ་དོན་མེད་པའི་ཕྱིར་རོ། །བྱམས་པ་རང་ཉིད་ཀྱིས་དེ་ལྟ་བུའི་དོན་མངོན་སུམ་དུ་མ་བྱས་པར་དམ་བཅས་པའི་རྒྱུ་མཚན་ནི་མངོན་སུམ་དུ་བྱས་ཞེས་སྨྲས་ན་དྲི་བ་དེའི་ལན་རྫོགས་པའི་ཉེས་པ་འབྱུང་བས་དེ་སྤོང་བའི་དོན་དུ་མངོན་སུམ་དུ་མ་བྱས་ཞེས་དམ་བཅས་པ་ཡིན་པའི་ཕྱིར་རོ། །དེའི་དགོས་པ་ཡང་མ་འོངས་པའི་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་ཆད་པར་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །འདི་དག་ནི་ཉི་ཁྲི་དང་། ཉི་ཁྲི་སྣང་བ་སྦྱར་བའི་དགོངས་པ་ཡིན་ལ། བརྒྱད་སྟོང་པ་དང་། འགྲེལ་ཆེན་སྦྱར་བའི་དགོངས་པ་ནི་མངས་ཀྱིས་དོགས་པས་རེ་ཞིག་མ་སྤྲོས་སོ། །གཉིས་པ་ཞིང་དག་པའི་སྦྱོར་བ་དག་སའི་ཐུན་མོང་མ་ཡིན་པའི་ཉམས་ལེན་དུ་སྟོན་པ་ནི། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །ཞེས་སོགས་ཚིགས་བཅད་གཅིག་སྟེ། ཐུན་མོང་མ་ཡིན་པའི་རྒྱུ་མཚན་སྟོན་པ་ནི་ས་བདུན་པ་མན་ཆད་དུ་ཞིང་སྦྱོང་བར་གསུངས་པ་ནི། མ་འོངས་པ་ན་རང་ཉིད་འཚང་རྒྱ་བའི་ཞིང་དེ་ན་སྣོད་བཅུད་ཀྱི་སྐྱོན་མེད་པར་བྱའོ་སྙམ་པའི་སེམས་བསྐྱེད་པ་ཙམ་ཡིན་ཞིང་འདིར་ནི་རང་ཉིད་འཚང་རྒྱ་བའི་སྣོད་བཅུད་ཀྱི་ཞིང་དེའི་རྒྱུ་དགེ་རྩ་དངོས་སུ་བསྒྲུབ་པ་ཡིན་པས་དེ་ནི་དག་སའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །ས་གསུམ་པའི་ཡོངས་སྦྱོང་གིས་སྐབས་སུ་སྣོད་བཅུད་སོ་སོར་མ་ཕྱེ་བར་སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། ཞེས་དང་། ས་བརྒྱད་པའི་ཡོངས་སྦྱོང་གི་སྐབས་སུ། རྒྱལ་བ་ཡི། ཞིང་སྦྱོང་ཞེས་དང་། སངས་རྒྱས་ཞིང་བཟང་བསྒྲུབ། ཞེས་སོ་སོར་ཕྱེ་བ་དང་། འདིར་ཡང་། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །ཞེས་སོ་སོར་ཕྱེ་བ་དང་། ས་བརྒྱད་པའི་ཡོངས་སྦྱོང་དང་། སྐབས་འདི་གཉིས་ཆར་དུ་སྒྲུབ་ཅེས་པའི་ཚིག་གི་ཁྱད་པར་འབྱུང་བའི་གནད་ཀྱང་འདི་ཉིད་ཡིན་པར་ཤེས་པར་བྱའོ། །གསུམ་པ་ཐབས་མཁས་སྦྱོར་བ་དག་པ་སའི་ཐུན་མོང་མ་ཡིན་པའི་ཉམས་ལེན་དུ་སྟོན་པ་ནི། ཡུལ་དང་སྦྱོར་བ་ཅན་འདི་ནི། །ཞེས་སོགས་ཚིགས་བཅད་གཉིས་ཏེ། ཐུན་མོང་མ་ཡིན་པའི་ཉམས་ལེན་ཡིན་པའི་རྒྱུ་མཚན་ནི་མངོན་དུ་བྱ་རྒྱུའི་ཡུལ་ཐབས་མཁས་བཅུ་པོ་དེ་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ལ། དེ་མངོན་དུ་བྱེད་པའི་དུས་དང་དུས་མ་ཡིན་པར་ཤེས་པའི་སྦྱོར་བ་ནི་ཐབས་མཁས་སྦྱོར་བར་འཇོག་ཅིང་། དེ་ནི་དག་པ་སའི་ཐུན་མོང་མ་ཡིན་པའི་ཉམས་ལེན་ཡིན་པའི་ཕྱིར་རོ། །དཔེར་ན་མཐོང་ལམ་མངོན་དུ་བྱ་བའི་དུས་དང་དུས་མ་ཡིན་པ་ཤེས་པ་ནི་སྦྱོར་ལམ་ཁོ་ནར་ཡོད་ཀྱི་དེ་མན་ཆད་ན་མེད་པ་བཞིན་ནོ། །འདི་ལ་ཉི་ཁྲི་སྣང་བར། ཡུལ་དང་ཞེས་པས་སྦྱོར་བའི་ཡུལ་བསྟན། སྦྱོར་བ་ཅན་འདི་ནི་ཞེས་པས་སྦྱོར་བའི་ངོ་བོ་བསྟན། དགྲ་རྣམས་ལས་ནི་འདས་པ་དང་། །ཞེས་པ་མན་ཆད་ཀྱིས་ཡུལ་གྱི་དབྱེ་བ་ཐབས་མཁས་བཅུ་བསྟན་ཞིང་། དེ་ལ་འཇུག་པ་ནི་ཐབས་ལ་མཁས་པའི་སྦྱོར་བར་བཞེད་དོ། །སློབ་དཔོན་གྱིས། དགྲ་རྣམས་ལས་ནི་འདས་པ་དང་། །ཞེས་པ་ནས་ཚད་མེད་པ་ཞེས་པའི་བར་བཅུ་ནི་ཡུལ་ཡིན་ལ། ཡུལ་རྣམ་པ་བཅུ་མངོན་སུམ་དུ་བྱ་བ་ལ་དུས་དང་དུས་མ་ཡིན་པ་ཤེས་པའི་སྦྱོར་བ་ནི་ཐབས་མཁས་ཉིད་དུ་བཞེད་དོ། །སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ལས་སྐབས་བཞི་པའི་གཞུང་སོ་སོའི་འབྲེལ་དང་། དཀའ་བའི་གནས་རྣམས་ལེགས་པར་བཤད་ཟིན་ཏོ།། །།སྐབས་ལྔ་པའི་འབྲེལ་ལ་གཉིས་ཏེ། རྣམ་རྫོགས་སྦྱོར་བའི་འོག་ཏུ་རྩེ་སྦྱོར་འཆད་པའི་རྒྱུ་མཚན་དང་། རྒྱུ་མཚན་ཅན་གྱི་རྩེ་སྦྱོར་དངོས་སོ། །དང་པོ་ལ་དོན་གྱི་འབྲེལ་དང་། ཚིག་གི་འབྲེལ་གཉིས་ལས། དང་པོ་ནི། བྱང་སེམས་ཚོགས་ལམ་པས་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་རྫོགས་པར་བསྒོམས་པས་བསྒོམ་བྱའི་དོན་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཉམས་སྐྱེས་པའི་ཚེ། རྩེ་སྦྱོར་དུ་འཇོག་པའི་ཕྱིར་ན་རྣམ་རྫོགས་སྦྱོར་བའི་འོག་ཏུ་རྩེ་སྦྱོར་འཆད་དོ། །གཉིས་པ་ནི། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཞེས་པའི་སྐབས་སུ། སློབ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་དང་། དེའི་རྟགས་དང་། ཞེས་པའི་སྐབས་སུ་མི་སློབ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་བསྟན་པ་ན། རྣམ་རྫོགས་སྦྱོར་བ་སྒོམ་པ་ལས་རྩེ་སྦྱོར་ཐོབ་པའི་རྟགས་གང་ཡིན་ཞེ་ན། དེ་ནི་རྨི་ལམ་ན་ཡང་ཆོས་རྣམས་ཀུན། །ཞེས་སོགས་ཀྱིས་སྟོན་པས་རྣམ་རྫོགས་སྦྱོར་བའི་མཇུག་གི་གཞུང་གིས་རྩེ་སྦྱོར་གྱི་གཞུང་གི་ཐོག་མ་འདྲེན་པར་བྱེད་པ་སྟེ། དཔེར་ན། ལམ་གྱི་ཡུལ་ཅན་ངེས་འབྱུང་དང་། །ཞེས་པ་ལས་འཕྲོས་ནས་ཡུལ་ཅན་ལམ་ཤེས་ཀྱི་སྐྱེ་བར་རུང་བ་སོགས་ཡན་ལག་ལྔ་ནི་འོད་ཀྱིས་མོག་མོག་པོར་མཛད་དང་། ཞེས་སོགས་ཀྱིས་སྟོན་པ་དང་། ཁམས་གསུམ་པ་ཡི་རྣམ་པ་ཅན། །འཇལ་དང་གཞལ་བྱ་མཉམ་པ་ཉིད། །ཅེས་པ་ལས་འཕྲོས་ནས་ལམ་ཤེས་དེ་ཁམས་གསུམ་པའི་རྣམ་པ་ཅན་གྱི་ཤེས་པ་དང་། ཤེས་བྱ་མཉམ་པ་ཉིད་དུ་རྟོགས་པ་ཡིན་ན། རྟོགས་པ་དེ་ཙམ་དུ་ངེས་སམ་ཞེ་ན། དེར་མ་ཟད་འཁོར་འདས་བར་གསུམ་དང་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པ་ཡིན་ནོ། །ཞེས་པ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཀྱིས་སྟོན་པ་དང་། དེ་ལྟར་འདི་དང་ཡང་འདི་དང་། །ཞེས་སོགས་ཀྱི་སྐབས་སུ་མཁྱེན་གསུམ་བསྡུ་བར་གསུངས་པ་དེ་བསྡུ་ཚུལ་གང་ཞེ་ན། བཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་སོགས་ཀྱི་གཞུང་གིས་སྟོན་པ་བཞིན་ནོ། །གཉིས་པ་རྒྱུ་མཚན་ཅན་གྱི་རྩེ་སྦྱོར་དངོས་ལ་མཚོན་བྱེད་ཀྱི་ཆོས་རྣམ་པ་བརྒྱད་དེ། སྦྱོར་ལམ་རྩེ་སྦྱོར་བཞི། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར། བསལ་བྱ་ལོག་སྒྲུབ་རྣམས་སོ། །རྩེ་སྦྱོར་གྱི་གྲངས་ངེས་ལ་སྔ་རབས་པ་རྣམས་སྦྱོར་ལམ་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར་དང་བཞིར་གྲངས་ངེས་ཏེ། རྩེ་སྦྱོར་ནི་སྤང་བྱ་མི་མཐུན་ཕྱོགས་སྤོང་བའི་ལྡོག་པ་ནས་བསྟན་པ་ཡིན་ལ། སྤང་བྱ་དེ་ལ་མངོན་གྱུར་པ་དང་། ས་བོན་དང་། བག་ལ་ཉལ་གསུམ་ལས། དང་པོ་ནི། སྦྱོར་ལམ་རྩེ་སྦྱོར། གཉིས་པ་ནི་མཐོང་ལམ་རྩེ་སྦྱོར་དང་སྒོམ་ལམ་རྩེ་སྦྱོར། གསུམ་པ་ནི། བར་ཆད་མེད་པའི་རྩེ་སྦྱོར་གྱིས་སྤོང་བའི་ཕྱིར་ཞེས་བཞེད། དེ་མི་འཐད་དེ། མཐོང་ལམ་རྩེ་སྦྱོར་དང་། སྒོམ་ལམ་རྩེ་སྦྱོར། སྤང་བྱ་སྤོང་བའི་ལྡོག་པ་ནས་བསྟན་ཀྱང་། རྩེ་སྦྱོར་ཐོག་མཐའ་གཉིས། དེའི་སྒོ་ནས་མ་བསྟན་པའི་ཕྱིར་ཏེ། སྦྱོར་ལམ་རྩེ་སྦྱོར་ནི། རྟགས་དང་རྣམ་འཕེལ་སོགས་ཀྱི་སྒོ་ནས། བར་ཆད་མེད་པའི་རྩེ་སྦྱོར་ནི་བསོད་ནམས་མང་པོའི་ལྡོག་པ་ནས་བསྟན་པའི་ཕྱིར་དང་། སྦྱོར་ལམ་རྩེ་སྦྱོར་དེས་སྒོམ་སྤང་མངོན་གྱུར་པ་སྤོང་བ་མ་ཡིན་པའི་ཕྱིར་ཏེ། དེ་རྫོགས་པའི་རྗེས་སུ་ཡང་སྒོམ་སྤང་རྟོག་པ་མངོན་གྱུར་པ་འབྱུང་སྲིད་པའི་ཕྱིར། དེའི་ཕྱིར་སྐབས་དང་པོར་དངོས་སུ་བསྟན་པའི་གཟུང་འཛིན་གྱི་རྣམ་རྟོག་བཞི་ཡང་མཐོང་སྤང་ཡིན་ཏེ། དེར་གཟུང་རྟོག་དེ་ལ་དོར་བྱ་དང་། བླང་བྱར་འཛིན་པ་གཉིས་དང་། འཛིན་རྟོག་ལ་རྫས་འཛིན་རྟོག་པ་དང་། བརྟགས་འཛིན་རྟོག་པ་གཉིས་སུ་བཤད་ཅིང་། དེ་དག་འདིར་མཐོང་སྤང་དུ་བཤད་པའི་ཕྱིར་དང་། སྒོམ་ལམ་རྩེ་སྦྱོར་གྱི་སྤང་བྱ་ལས་ལོགས་སུ་གྱུར་པའི་བར་ཆད་མེད་པའི་རྩེ་སྦྱོར་གྱི་སྤང་བྱ་འདོད་པ་མི་འཐད་དེ། དེས་སྤང་བྱ་སྤོང་བའི་ལྡོག་པ་ནི་སྒོམ་ལམ་རྩེ་སྦྱོར་གྱི་སྐབས་སུ་བཤད་པ་ལ་དགོངས་ནས་རང་ཉིད་ཀྱི་སྐབས་སུ་བསོད་ནམས་མང་པོའི་ལྡོག་པ་ནས་བསྟན་པའི་ཕྱིར། དེས་ན་རང་ལུགས་ལ་སྤྱིར་རྩེ་སྦྱོར་ལ་སྦྱོར་ལམ་རྩེ་སྦྱོར་དང་། མཐོང་ལམ་རྩེ་སྦྱོར་དང་། སྒོམ་ལམ་རྩེ་སྦྱོར་གསུམ་དུ་གྲངས་ངེས་པ་ཡིན་ཏེ། རྩེ་སྦྱོར་གྱི་མ་མཐའི་ས་མཚམས་བྱང་སེམས་ཀྱི་སྦྱོར་ལམ་ནས་ཡ་མཐའ་རྒྱུན་མཐའི་བར་དུ་ཡོད་པའི་ཕྱིར། འོན་ཀྱང་འདིར་བར་ཆད་མེད་པའི་རྩེ་སྦྱོར་དང་བཞིར་ཕྱེ་བ་ལ་དགོས་པ་ཡོད་དེ། མཐོང་ལམ་དང་སྒོམ་ལམ་རྩེ་སྦྱོར་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་ཀྱི་གཉེན་པོར་བསྟན་པ་ན་བྱང་སེམས་དབང་རྟུལ་འགའ་ཞིག་སེམས་ཞུམ་པར་འགྱུར་བས་ཞུམ་པ་གཟེངས་བསྟོད་པའི་ཕྱིར་བར་ཆད་མེད་པའི་རྩེ་སྦྱོར་ཉིད་ཡོན་ཏན་གྱི་ལྡོག་པ་ནས་བསྟན་པའི་ཕྱིར་རོ། །དེ་ལྟར་བཞི་ལས་སྦྱོར་ལམ་རྩེ་སྦྱོར་རྟགས་སོགས་ཀྱི་སྒོ་ནས་བསྟན་པ་ནི། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །ཞེས་སོགས་ཚིགས་བཅད་བཞི་སྟེ། རྩ་བར་རྟགས་དང་། རྣམ་འཕེལ་དང་། བརྟན་པ་དང་། སེམས་ཀུན་ཏུ་གནས་པ། ཞེས་པ་ཙམ་ལས་མ་གསུངས་ལ་འཕགས་སེང་གཉིས་ཀྱིས། མཐོང་ལམ་རྩེ་སྦྱོར་གྱི་སྔར་བཤད་པས་སྦྱོར་ལམ་དུ་གྲུབ་ཅིང་རྟགས་སོགས་བཞིར་ཕྱེ་བས་སྦྱོར་ལམ་བཞིའི་ངོ་བོ་ཡིན་པར་བཞེད་དེ། ཉིར་སྣང་དུ། རྟགས་ལ་སོགས་པ་དེ་དག་ནི་རིམ་པ་ཇི་ལྟ་བ་བཞིན་དྲོ་བ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་རང་བཞིན་གྱི་མཚན་ཉིད་ཅན་ཡིན་པར་ཤེས་པར་བྱའོ། །ཞེས་དང་། འགྲེལ་ཆུང་ལས་ཀྱང་། དེ་དང་འདྲ་བར་གསུངས་པའི་ཕྱིར་རོ། །དཀའ་འགྲེལ་དུ། རྩེ་སྦྱོར་ཐོབ་པའི་རྟགས་དང་། རྩེ་སྦྱོར་གྱི་བསོད་ནམས་རྣམ་པར་འཕེལ་བ་དང་། རྩེ་སྦྱོར་གྱི་བརྟན་པ་དང་། རྩེ་སྦྱོར་གྱི་སེམས་ཀུན་ཏུ་གནས་པ་ཞེས་པའི་དོན་ཡིན་པས། བཞི་ཀ་ཡང་བྱང་སེམས་ཀྱི་སྦྱོར་ལམ་དྲོད་ནས་ཐོབ་པ་ཡིན་གྱི་དྲོད་སོགས་བཞི་དང་། རིམ་པ་བཞིན་སྦྱོར་བ་རྩ་བའི་དགོངས་པ་མ་ཡིན་ནོ། །ཞེས་གསུངས་ཀྱང་། དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཅེས་པ་དང་བསྟུན་ན། སེམས་ཀུན་གནས་མཐོང་ལམ་གྱི་དངོས་རྒྱུར་གྲུབ་སྟེ། བསོད་ནམས་མང་པོའི་མཚན་ཉིད་ཀྱིས། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཤུགས་ཀྱིས་དང་པོ་གསུམ། སྦྱོར་ལམ་དང་པོ་གསུམ་དུ་སྦྱོར་བར་གྲུབ་པས་འཕགས་སེང་གཉིས་ཀྱི་བཞེད་པ་དེ་ཉིད་རྩ་བའི་དགོངས་པ་སྣང་ངོ་། །དེའི་འོག་ཏུ་མཐོང་ལམ་རྩེ་སྦྱོར་ནི་ལུས་རྣམ་བཞག་ཏུ། མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིའི་གཉེན་པོའི་ལྡོག་པ་ནས་བསྟན་པས། འདིར་དེ་གཏན་ལ་དབབ་པ་ལ་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་ངོས་གཟུང་བ་དང་། གཉེན་པོ་མཐོང་ལམ་རྩེ་སྦྱོར་ངོས་གཟུང་བ་གཉིས་ལས། དང་པོ་ལ་གཟུང་རྟོག་དང་། འཛིན་རྟོག་གཉིས། དང་པོ་ལ་འཇུག་པ་གཟུང་རྟོག་དང་། ལྡོག་པ་གཟུང་རྟོག་གཉིས་ཀྱི་ངོ་བོ་ཡུལ་གྱི་སྒོ་ནས་དགུར་ཕྱེ་བ་དང་བཅས་པ་མདོར་བསྟན་པ་ནི། འཇུག་པ་དང་ནི་ལྡོག་པ་ལ། །ཞེས་སོགས་ཚིགས་བཅད་གཅིག་གོ །འབུམ་ཕྲག་གསུམ་པས། འདི་གཉིས་སྐབས་དང་པོར་བསྟན་པའི་རྣམ་བྱང་གཟུང་རྟོག་ཏུ་བཞེད་དེ། དེ་གཉིས་ཀྱི་ཡུལ་བྱང་སེམས་ཀྱི་ལམ་འབྲས་བུ་དང་བཅས་པ་དང་། ཐེག་དམན་གྱི་ལམ་འབྲས་བུ་དང་བཅས་པ་དེ་རྣམ་བྱང་གི་ཆོས་ཡིན་པའི་ཕྱིར་སྙམ་དུ་དགོངས་སོ། །དེ་ནི་མི་འཐད་དེ། སྐབས་དང་པོར་བསྟན་པའི་རྣམ་བྱང་གཟུང་རྟོག་ནི་རང་ཡུལ་ལ་བླང་བྱར་མངོན་པར་ཞེན་པའི་བློ་ཡིན་ལ་ལྡོག་པ་གཟུང་རྟོག་ནི་རང་ཡུལ་ལ་ལྡོག་བྱར་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར་རོ། །གནད་ཀྱི་དོན་ནི་འདི་ཡིན་ཏེ། སྐབས་དང་པོར་གཟུང་རྟོག་ལ་གཞིའི་རྟེན་ཅན་དང་། དེའི་གཉེན་པོའི་རྟེན་ཅན་གྱི་ཐ་སྙད་དངོས་སུ་གསུངས་ཤིང་གཞིའི་རྟེན་ཅན་གྱི་གཟུང་རྟོག་གི་དོན་ཡང་རང་ཡུལ་དེ་མ་རིག་པ་སོགས་ཀུན་ནས་ཉོན་མོངས་ཀྱི་ཆོས་དང་། ཐེག་དམན་གྱི་ལམ་ལ་སོགས་པ་རྣམ་བྱང་གི་ཆོས་ཡིན་ཀྱང་རུང་སྟེ། དེ་ལ་དམིགས་ནས་དོར་བྱའི་གཟུང་བར་མངོན་པར་ཞེན་པ་ཡིན་ལ། དེ་ལ་རང་རྒྱལ་ལམ་གྱི་སྤང་བྱའི་རིགས་སུ་གནས་པའི་གཞིའི་རྟེན་ཅན་དང་། བྱང་སེམས་ལམ་གྱི་སྤང་བྱའི་རིགས་སུ་གནས་པའི་གཞིའི་རྟེན་ཅན་གྱི་གཟུང་རྟོག་གཉིས་ལས། དང་པོ་ནི། མ་རིག་པ་སོགས་ཀུན་ནས་ཉོན་མོངས་པའི་ཆོས་ལ་དམིགས་ནས་དོར་བྱའི་གཟུང་བར་མངོན་པར་ཞེན་པ་འདི་ཡིན་ཏེ། ལམ་གསུམ་པའི་སྐབས་སུ་ཀུན་ནས་ཉོན་མོངས་པ་མེད་པ་དང་། ཞེས་ཀུན་ནས་ཉོན་མོངས་པའི་གཟུང་བ་རང་བཞིན་མེད་པར་རྟོགས་པའི་བློ་རང་རྒྱལ་ལམ་གྱི་རྟོགས་རིགས་སུ་བཤད་པའི་ཕྱིར། གཉིས་པ་ནི། ཐེག་དམན་གྱི་ལམ་འབྲས་བུ་དང་བཅས་པ་བཟློག་བྱར་མངོན་པར་ཞེན་པ་འདི་ཡིན་ཏེ། ཉན་ཐོས་དང་རང་རྒྱལ་གྱིས་དེ་ལྟར་ཞེན་པ་མེད། བྱང་སེམས་ཀྱིས་དེ་ལྟར་དུ་ཞེན་པ་ཡོད་པའི་ཕྱིར། དེ་ལྟར་གཉིས་ལས་ཕྱི་མ་ནི་འདིར་བསྟན་ལྡོག་པ་གཟུང་རྟོག་གིས་སྟོན་པ་ཡིན་ནོ། །གཉིས་པ་དེའི་གཉེན་པོའི་རྟེན་ཅན་གྱི་རྟོག་པའི་དོན་ནི། རྣམ་བྱང་གི་ཆོས་ལ་བླང་བྱའི་གཟུང་བར་མངོན་པར་ཞེན་པ་ཡིན་ལ། དེ་ལ་ཐེག་དམན་གྱི་རྣམ་བྱང་གི་ཆོས་ལ་དེར་ཞེན་པ་དང་། ཐེག་ཆེན་གྱི་རྣམ་བྱང་གི་ཆོས་ལ་དེར་ཞེན་པ་གཉིས་ལས། སྔ་མ་ནི་རང་རྒྱལ་ལམ་གྱི་སྤང་བྱའི་རིགས་སུ་གནས་པའི་གཟུང་རྟོག་ཡིན་ཏེ། ལམ་གསུམ་པའི་རྣམ་པའི་སྐབས་སུ་རྣམ་པར་བྱང་བ་མེད་པ་དང་། ཞེས་དང་། དེའི་སྤང་བྱར་རྣམ་བྱང་གི་གཟུང་བར་རྟོག་པ་གཟུང་བའི་ཕྱིར། གཉིས་པ་ནི། བྱང་སེམས་ལམ་གྱི་སྤང་བྱའི་རིགས་སུ་གནས་པའི་གཟུང་རྟོག་ཡིན་ཏེ། དེ་བྱང་སེམས་ཀྱི་རྒྱུད་ལ་ཡོད། ཐེག་དམན་གྱི་རྒྱུད་ལ་མེད་པའི་ཕྱིར། དེ་ལྟར་གཉིས་ལས་སྐབས་དང་པོར་དེ་གཉིས་སོ་སོར་མ་ཕྱེ་བར་དེའི་གཉེན་པོའི་རྟེན་ཅན་ཞེས་དེ་གཉིས་ཀྱི་སྤྱི་འཛིན་པར་བྱེད་ལ་ཕྱི་མ་དེ་ཉིད་སྐབས་འདིར་འཇུག་པ་གཟུང་རྟོག་ཏུ་བསྟན་ཏོ། །འཇུག་པ་གཟུང་རྟོག་ལ་ཡུལ་གྱི་སྒོ་ནས་དགུར་ཕྱེ་བ་ནི། ངོ་བོ་ཉིད་དང་རིགས་དང་ནི། །ཞེས་སོགས་ཚིགས་བཅད་གཉིས། ལྡོག་པ་གཟུང་རྟོག་ལ་ཡུལ་གྱི་སྒོ་ནས་དགུར་ཕྱེ་བ་ནི། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །ཞེས་སོགས་ཚིགས་བཅད་གསུམ་མོ། །འཛིན་རྟོག་ལ་གཉིས་ལས། རྫས་འཛིན་རྟོག་པ་ནི་བདེན་འཛིན་ཡིན་ལ། དེ་ལ་གང་ཟག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་དང་། ཆོས་ཀྱི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་གཉིས་ལས། སྔ་མ་ཉན་ཐོས་ཀྱི་དང་། ཕྱི་མ་ཐེག་ཆེན་གྱི་སྤང་བྱའི་རིགས་ཡིན་པ་སྔར་བཤད་ཟིན་ཅིང་། སྐབས་དང་པོར་དེ་གཉིས་སོ་སོར་མ་ཕྱེ་བར་རྫས་ཀྱི་རྟེན་ཅན་ཞེས་གསུངས་ལ། སྐབས་འདིར་ནི་མདོར་བསྟན་དུ་སྔ་མ་དངོས་སུ་བསྟན་ཏེ། སེམས་ཅན་རྫས་ཡོད་པ། རྣམ་རྟོག་འཛིན་པ་དག་ཏུ་འདོད། །ཅེས་གསུངས་པའི་ཕྱིར་རོ། །རྒྱས་བཤད་དུ་ཕྱི་མ་དངོས་སུ་བསྟན་ཏེ། དེའི་ཡུལ་དེ་ལ་འཛིན་འདོར་སོགས་ཆོས་དགུར་ཕྱེ་ནས་གསུངས་པའི་ཕྱིར་རོ། །གཉིས་པ་བཏགས་འཛིན་རྟོག་པ་ནི་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་སྤང་བྱ་ཡིན་ཏེ། ཐེག་དམན་གྱིས་ཡུལ་ལ་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་གློ་དེ་སྤོང་མི་ནུས་པའི་ཕྱིར་རོ། །དེ་ལ་ཡང་གང་ཟག་གི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་དང་། ཆོས་ཀྱི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་གཉིས་ལས། སྐབས་དང་པོར་དེ་གཉིས་སོ་སོར་མ་ཕྱེ་བར་བཏགས་པའི་རྟེན་ཅན་ཅེས་གསུངས་ལ། སྐབས་འདིར་མདོར་བསྟན་དུ་སྔ་མ་དངོས་སུ་བསྟན་པ་དང་། རྒྱས་བཤད་དུ་ཕྱི་མ་དངོས་སུ་བསྟན་པའི་ཚུལ་ནི་སྔར་དང་འདྲའོ། །དེ་ལྟར་འཛིན་རྟོག་གཉིས་ཀྱི་ངོ་བོ་དང་། དབྱེ་ན་དགུར་ཡོད་དོ། །ཅེས་མདོར་བསྡུས་ཏེ་སྟོན་པ་ནི། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་སོགས་ཚིགས་བཅད་གཉིས་སོ། །རྫས་འཛིན་རྟོག་པ་ལ་ཡུལ་གྱི་སྒོ་ནས་དགུར་ཕྱེ་བ་ནི། འཛིན་པ་དང་ནི་འདོར་བ་དང་། །ཞེས་སོགས་ཚིགས་བཅད་གཉིས་སོ། །བཏགས་འཛིན་རྟོག་པ་ལ་ཡུལ་གྱི་སྒོ་ནས་དགུར་དབྱེ་བ་ནི། ཆེད་བཞིན་ངེས་པར་མི་འབྱུང་དང་། །ཞེས་སོགས་ཚིགས་བཅད་གཉིས་སོ། །འདིར་མདོར་བསྟན་དུ་སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་འཛིན་རྟོག་གཉིས་པོ་སྐྱེ་འཕགས་གཉིས་ལ་སོ་སོར་བཤད་པའི་དོན་ལ། ཁ་ཅིག་སྒྲ་ཇི་བཞིན་དུ་རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོག་པ་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་འདོད་པ་དང་། ཁ་ཅིག་གཞུང་དེས་རྣམ་པར་གསལ་བའི་མཚན་གཞི་ངོས་གཟུང་བ་ཙམ་ཡིན་གྱི་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་མ་བསྟན་པར་འདོད་པ་དང་། གཞན་དག་ཡུལ་རྫས་འཛིན་དང་བཏགས་འཛིན་གཉིས་སོ་སོར་ངེས་པར་བསྟན་གྱི་ཡུལ་ཅན་རྫས་འཛིན་རྟོག་པ་དང་། བརྟགས་འཛིན་རྟོག་པ་གཉིས་སོ་སོར་ངེས་པར་མ་བསྟན་པར་འདོད་པ་རྣམས་ནི་གཞུང་གི་དགོངས་པ་མ་ཡིན་པར་གཞན་དུ་བཤད་ཟིན་ཏོ། །འོ་ན་ཅི་ཞེ་ན་སོ་སོ་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བརྟགས་ཡོད་པར། །ཞེས་པའི་གཞུང་གིས་དངོས་སུ་བསྟན་པའི་རྫས་འཛིན་རྟོག་པ་སོ་སྐྱེ་ཁོ་ནའི་རྒྱུད་ལ་ཡོད་དེ། དེ་གང་ཟག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་ཡིན་པ་གང་ཞིག འཕགས་རྒྱུད་ལ་དེ་མེད་པའི་ཕྱིར་རོ། །དངོས་བསྟན་གྱི་བཏགས་འཛིན་རྟོག་པ་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་དེ། དེ་གང་ཟག་གི་དབང་དུ་བྱས་པའི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཡིན་པ་གང་ཞིག སོ་སོ་སྐྱེ་བོའི་རྒྱུད་ལ་གང་ཟག་གི་དབང་དུ་བྱས་པའི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་ཉིར་སྣང་ལས། ཆོས་ཐམས་ཅད་བདག་མེད་པ་ཡིན་ནོ། །ཞེས་ཆོས་དེ་ལྟ་བུ་རྣམས་སོ་སོའི་སྐྱེ་བོས་ཀྱང་རྟོགས་པ་མ་ཡིན་ནམ། དེས་ན་འཛིན་པའི་རྣམ་པར་རྟོག་པ་དང་པོའི་རྣམ་པར་བཞག་པས་ནི་མ་ཁྱབ་པར་འགྱུར་རོ་ཞེ་ན། དེ་དག་གི་དེ་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ལ། འདིར་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་བརྗོད་པར་འདོད་པ་ཡིན་པས་སྙིང་པོ་མེད་དོ་ཞེས་དང་། འཕགས་པ་ལ་ཡང་འདི་ལྟ་བུ་ཡོད་པ་ཡིན་ཏེ། དགེ་སློང་དག་མཚན་མོ་འདས་ནས་ནངས་པར་གྱི་དུས་སུ་ངས་སྲོག་ཆགས་ལྕེ་སྤྱང་སྐད་འབྱིན་པའི་སྒྲ་ཐོས་སོ་ཞེས་བྱ་བ་དང་། དེ་བཞིན་དུ་ང་དེའི་ཚེ་དེའི་དུས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ཡན་ལག་མ་སྨད་པ་ཞེས་བྱ་བར་གྱུར་ཏོ། །ཞེས་གསུངས་པ་མ་ཡིན་ནམ་དེས་ན་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པར་བཞག་པས་མ་ཁྱབ་པར་འགྱུར་རོ་ཞེ་ན། དེའི་ཚིག་དེ་ནི་ཐ་སྙད་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་པ་དེས་ན་སྙིང་པོ་མེད་དོ། །ཞེས་གསུངས་སོ། །གཉིས་པ་གཉེན་པོ་མཐོང་ལམ་རྩེ་སྦྱོར་ངོས་གཟུང་བ་ལ། སློབ་དཔོན་གྱིས་མཐོང་ལམ་རྩེ་སྦྱོར་གྱི་རྒྱུ། དེའི་འབྲས་བུ་བྱང་ཆུབ་ཆེན་པོ། རྣལ་མ་མཐོང་ལམ་རྩེ་སྦྱོར་དང་གསུམ། དང་པོ་ནི། བྱང་ཆུབ་ལ་གཞན་སྟོན་པ་དང་། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན། གཉིས་པ་ལ། དབུ་མ་པའི་ལུགས་ཀྱི་བྱང་ཆུབ་ཆེན་པོའི་འདོད་ཚུལ། དངོས་སྨྲ་བའི་ལུགས་ཀྱི་བྱང་ཆུབ་ཆེན་པོའི་འདོད་ཚུལ་དགག་པ། གྲོལ་བ་འདོད་པས་སྟོང་ཉིད་ལ་འཇུག་པར་གདམས་པ་དང་གསུམ་ལས། དང་པོ་ནི། དྲི་མ་ཟད་དང་མི་སྐྱེ་བའི། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན། གཉིས་པ་ལ། དངོས་སྟོབས་རིགས་པས་དགག་པ་དང་། མཁས་བླང་འགལ་བས་དགག་པ་གཉིས། དང་པོ་ནི། འགོག་པ་མེད་པའི་རང་བཞིན་ལ། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན། གཉིས་པ་ནི། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན། གསུམ་པ་ནི། འདི་ལ་བསལ་བྱ་ཅི་ཡོད་མེད། །ཅེས་སོགས་ཚིགས་བཅད་གཅིག་གིས་སྟོན། རྣལ་མ་མཐོང་ལམ་རྩེ་སྦྱོར་རང་གི་ངོ་བོ་ནི། སྦྱིན་པ་ལ་སོགས་རེ་རེ་ནི། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན། དེའི་ཁྱད་པར་གྱི་ལམ་ནི། དེ་ནས་སེངྒེ་རྣམ་བསྒྱིངས་པའི། །ཞེས་སོགས་གྱིས་སྟོན། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་པའི་སྐབས་ཀྱི་བྱང་ཆུབ་དེ་སངས་རྒྱས་ཡིན་པར་བཞེད་དེ། འདིར་བྱང་ཆུབ་ཅེས་པའི་ཚིག་དངོས་སུ་གསུངས་པ་དང་། རྒྱུད་བླའི་བྱང་ཆུབ་ཀྱི་ལེའུའི་སྐབས་སུ་བྱང་ཆུབ་དེ་སངས་རྒྱས་སུ་བཤད་ཅིང་། དེ་ལ་དབྱེ་ན། སྐུ་གསུམ་དུ་དབྱེ་བ་མཛད་པ་དེ་དང་། དགོངས་པ་གཅིག་ཏུ་མཛད་པའི་ཕྱིར་རོ། །རྩ་བའི་དགོངས་པ་ནི་མཐོང་ལམ་གྱི་རྒྱུ། གཉེན་པོས་སྤང་བྱ་སྤོང་བའི་ཚུལ། གཉེན་པོ་མཐོང་ལམ་རྩེ་སྦྱོར་དངོས་དང་གསུམ་ལས། དང་པོ་ནི། བྱང་ཆུབ་ལ་གཞན། ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན། དེ་ཡང་སྤྱིར་མཐོང་ལམ་གྱི་རྒྱུ་དང་། སྒོམ་ལམ་གྱི་རྒྱུ་གཉིས་ལས། ཕྱི་མ་ནི་སྐབས་གཉིས་པར་བསྟན་ཟིན་ལ། འདིར་སྔ་མ་དེ་ཉིད་སྟོན་པ་ཡིན་པས། དེའི་བརྒྱུད་རྒྱུ་དང་དེའི་དངོས་རྒྱུ་གཉིས་ལས་སྔ་མ་ལ་ལྷན་ཅིག་བྱེད་རྐྱེན་དང་། ཉེར་ལེན་གྱི་རྒྱུ་གཉིས་ལས། སྔ་མ་ནི་ཚིག་རྐང་དང་པོས་སྟོན། ཕྱི་མ་ནི་ཚིག་རྐང་གཉིས་པས་སྟོན། གཉིས་པ་ནི། ཚིག་རྐང་ཕྱི་མ་གཉིས་ཀྱིས་སྟོན་ཏེ། བསོད་ནམས་མང་པོ་དེ་ཡང་། བསོད་ནམས་མང་པོ་ཉིད་ཀྱི་ནི། །ཞེས་པ་ལ་དགོངས་པར་སྣང་བའི་ཕྱིར་རོ། །གཉིས་པ་ལ། དབུ་མ་པའི་ལུགས་ཀྱི་དྲི་མ་སྤོང་ཚུལ་འཐད་པ་དངོས་སྨྲ་བའི་ལུགས་ཀྱི་དྲི་མ་སྤོང་ཚུལ་མི་འཐད་པ། ཤེས་བྱེད་ཀྱི་ལུང་དང་སྦྱར་བ་དང་གསུམ་ལས། དང་པོ་ནི། མཐོང་ལམ་རྩེ་སྦྱོར་དེས་སྔར་བཤད་པའི་སྤང་བྱ་རྣམ་རྟོག་སུམ་ཅུ་རྩ་དྲུག་སྤོང་བ་ཡིན་ན། གཉེན་པོས་སྤང་བྱ་སྤོང་བའི་ཚུལ་ཇི་ལྟ་བུ་ཞེ་ན། སྤྱིར་གཉེན་པོས་སྤང་བྱ་སྤང་ཚུལ་ནི། སྤང་བྱའི་དྲི་མ་གདོད་མ་ནས་ཟད་པ་ལ་ཟད་པ་དང་། མི་སྐྱེ་བ་ལ་མི་སྐྱེ་བར་རྟོགས་པས་སྤོང་བ་ཡིན་གྱི་སྔར་ཡོད་གཉེན་པོས་གསར་དུ་ཟད་པ་དང་སྔར་ཡོད་སྐྱེ་འཕྲོ་ཆོད་པའི་ཚུལ་གྱིས་སྤོང་བ་མ་ཡིན་ནོ། །ཞེས་པ་ནི། དྲི་མ་ཞེས་སོགས་ཚིག་རྐང་གཉིས་ཀྱི་སྟོན། དེའི་སྒྲུབ་བྱེད་སྔར་ཡོད་གཉེན་པོས་གསར་དུ་ཟད་པ་མེད་པ་དང་། སྔར་མེད་གསར་དུ་སྐྱེ་བ་མེད་པའི་ཕྱིར་ཞེས་པ་ནི། ཟད་མེད་ཅེས་སོགས་ཚིག་རྐང་གཉིས་ཀྱིས་སྟོན། རྒྱུ་མཚན་དེས་ན་མཐོང་ལམ་རྩེ་སྦྱོར་དེས་ཀྱང་མཐོང་སྤང་གི་རྣམ་རྟོག་གིས་རིགས་སྔར་ཡོད་གསར་དུ་ཟད་པ་མེད་པ་དང་། སྐྱེ་མེད་ཀྱི་རྣམ་པ་འགོག་བདེན་གསར་དུ་ཐོབ་པ་མེད་པ་ཡིན་ཏེ། མཐོང་སྤང་གི་དྲི་མའི་རིགས་རྣམས་གདོད་མ་ནས་འགོག་པའི་རང་བཞིན་ཡིན་པའི་ཕྱིར། ཞེས་པ་ནི། འགོག་པ་མེད་པའི་རང་བཞིན་ལ། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན། གཉིས་པ་ནི། དེ་ལྟར་མིན་པར་དྲི་མ་བདེན་པར་ཡོད་པ་ཕྱིས་གཉེན་པོས་བཅོམ་པར་བྱས་པ་ཡིན་ན། སྟོན་པ་སངས་རྒྱས་ཀྱིས་ཤེས་སྒྲིབ་སྤངས་པ་དང་། ཤེས་སྒྲིབ་བདེན་པར་ཡོད་པ་ཁས་བླངས་ནང་འགལ་བ་ཡིན་ནོ། །ཞེས་པ་ནི། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན། གསུམ་པ་ནི། དྲི་མ་རྣམས་སྔར་ཡོད་གཉེན་པོས་བསལ་བར་བྱ་རྒྱུ་ཡང་མེད། གཉེན་པོས་དྲི་མ་སྤངས་པའི་འགོག་བདེན་སྔར་མེད་གསར་དུ་གཞག་ཏུ་ཡང་མེད་ཅེས་པ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་ཚིགས་བཅད་གཅིག་གིས་བསྟན་ཏོ། །གསུམ་པ་གཉེན་པོ་མཐོང་ལམ་རྩེ་སྦྱོར་དངོས་ནི། སྦྱིན་པ་ལ་སོགས་རེ་རེ་ནི། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན། དེའི་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་དང་། སྦྱོར་བ་སེང་གེ་རྣམ་བསྒྱིངས་གཉིས་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་སོགས་ཚིག་རྐང་གཉིས་ཀྱིས་བསྟན། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ཞེས་སོགས་ཚིག་རྐང་གཉིས་ཀྱིས་ས་དང་པོའི་རྗེས་ཐོབ་ཀྱིས་ཉམས་ལེན་མ་ལུས་པ་མཚོན་ནས་སྟོན། ཅི་ལྟར་བསྟན་ཞེ་ན། གོང་དུ་མཐོང་ལམ་ཐམས་ཅད་སྐད་ཅིག་མ་བཅུ་དྲུག་གི་སྒོ་ནས་བཤད་པ་ཡིན་ན། སྐད་ཅིག་མ་བཅུ་དྲུག་པོ་ཐམས་ཅད་མཐོང་ལམ་རྩེ་སྦྱོར་ཡིན་ནམ་ཞེ་ན། གོང་དུ་རྗེས་ཐོབ་ཏུ་ངེས་ཤེས་འདྲེན་པའི་མཉམ་བཞག་ཙམ་གྱི་ལྡོག་པ་ནས་བསྟན་པ་ཡིན་ལ། འདིར་མཐོང་ལམ་རྩེ་སྦྱོར་ནི། མཐོང་སྤང་མ་ལུས་པ་ཅིག་ཅར་དུ་སྤོང་བའི་བར་ཆད་མེད་ལམ་ཡིན་པས་སྔར་བཤད་པའི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་ནང་ནས་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དེ་ཉིད་ཁོ་ན་མཐོང་ལམ་རྩེ་སྦྱོར་ཡིན་ནོ། །ཞེས་པ་ནི་ཚིག་རྐང་ཕྱི་མ་གཉིས་ཀྱིས་སྟོན། འོ་ན་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དེ་སྟོང་ཉིད་སྤྲོས་བྲལ་ལ་མཉམ་པར་གཞག་པ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་ལྟར་ན་དེ་ལ་ཕར་ཕྱིན་གཞན་རྣམས་མ་ཚང་བར་འགྱུར་རོ་ཞེ་ན། སྔར་གོ་སྒྲུབ་ཀྱི་སྐབས་སུ། སྦྱིན་སོགས་ཕར་ཕྱིན་རེ་རེའི་ནང་དུ་ཡང་ཕར་ཕྱིན་གཞན་རྣམས་ཚང་བ་ཉམས་སུ་ལེན་པའི་ཉམས་ལེན་དེ་ཉིད་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་གནས་སྐབས་སུ་མངོན་དུ་འགྱུར་བ་ཡིན་པས། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་ནང་དུ་ཕར་ཕྱིན་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་ཉམས་ལེན་དེ་ཚང་བ་ཡིན་ནོ། །ཞེས་པ་ནི་ཚིག་རྐང་དང་པོ་གཉིས་ཀྱིས་སྟོན། མཐོང་ལམ་སྐད་ཅིག་མ་གཅིག་ཏུ་ངེས་པ་ལྟར་ན་མཉམ་གཞག་སྐད་ཅིག་མ་གཅིག་པོ་དེའི་རྗེས་དེ་ནས་ཞེས་པའམ། སྐད་ཅིག་བཅུ་དྲུག་ཏུ་ངེས་པ་ལྟར་ན་བར་ཆད་མེད་ལམ་སྐད་ཅིག་མ་གཅིག་པོ་དེའི་རྗེས་སུ་སྔར་བཤད་པའི་རྣམ་གྲོལ་ལམ་སྐད་ཅིག་མ་བཅོ་ལྔ་པོ་དེ་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། མཉམ་གཞག་སྐད་ཅིག་མ་བཅུ་དྲུག་པོ་དེ་རྫོགས་པའི་རྗེས་དེ་ནས། རྗེས་ཐོབ་ཀྱིས་བར་མ་ཆོད་པར་ཐོག་མར་རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུ་ལ་ལུགས་མཐུན་དང་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའི་མཐོང་ལམ་གྱི་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་ཏིང་ངེ་འཛིན་སེང་གེ་རྣམ་བསྒྱིངས་སྒོམ་པར་བྱེད་དོ། །དགོས་པ་ཅིའི་ཕྱིར་དུ་ཞེ་ན། མཐོང་ལམ་རྩེ་སྦྱོར་གྱི་གནས་སྐབས་སུ་རྣམ་ཐར་བརྒྱད་དང་། སྙོམས་འཇུག་དགུ་ཐོབ་པ་དེ་ལ་དབང་ཐོབ་པའི་ཆེད་དུའོ། །ཅིའི་ཕྱིར་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་ཞེ་ན། མཐོང་སྤང་སྒྲིབ་གཉིས་ཀྱིས་འཇིགས་པ་མེད་པའི་ཕྱིར་རོ། །ཤེར་ཕྱིན་གྱི་མདོར། མཐོང་ལམ་རྩེ་སྦྱོར་གྱི་གནས་སྐབས་ཀྱི་ཤེར་ཕྱིན་གྱི་བསྡུ་བྱར་གྱུར་པའི་བསམ་གཏན་གྱི་ཕར་ཕྱིན་སྟོན་པའི་སྐབས་སུ་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་དང་། སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། དངོས་གཞི་ཐོད་རྒལ་རྣམས་བར་མ་ཆད་དུ་འབྱུང་བས་རྟེན་འབྲེལ་ལ་རྟོག་ཚུལ་གྱི་མདོ་ཚིག་མི་འབྱུང་བས་རྗེ་བཙུན་གྱིས་བར་སྐབས་འདིར་རྟེན་འབྲེལ་ལ་རྟོག་ཚུལ་གྱི་རྐང་པ་གཉིས་གསུངས་པ་དེ་དགོས་པའི་དབང་གིས་ཡིན་ལ་དགོས་པ་ཡང་མཐོང་ལམ་མཉམ་གཞག་དང་སྒོམ་ལམ་མཉམ་གཞག་གཉིས་བར་མ་ཆད་དུ་འབྱུང་ངམ་སྙམ་པའི་དོགས་པ་བཟློག་པའི་ཆེད་དུ་ཡིན་ནོ། །ཇི་ལྟར་ཞེ་ན། མཐོང་ལམ་མཉམ་གཞག་སྐད་ཅིག་མ་གཅིག་གམ་བཅུ་དྲུག་རྫོགས་པའི་རྗེས་དེ་མ་ཐག་ཏུ་ཁྱད་པར་ལམ་གྱི་ངོ་བོ་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་དེ་འབྱུང་ཞིང་། དེའི་རྗེས་སུ་རྟེན་འབྲེལ་ལ་རྟོག་པས་མཚོན་ནས་མདོ་སྡེ་ས་བཅུ་པར་བཤད་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། སྐབས་གཉིས་པ་དང་། གསུམ་པ་དང་། ཁྱད་མཚན་གྱི་སྐབས་སུ་བཤད་པའི་མཐོང་ལམ་མཉམ་གཞག་སྐད་ཅིག་མ་བཅུ་དྲུག་གིས་དྲངས་པའི་ངེས་ཤེས་བཅུ་དྲུག་པོ་རྣམས་དང་། ཕྱིར་མི་ལྡོག་གི་སྐབས་སུ་བཤད་པའི་མཐོང་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་རྣམས་དང་། ཡོངས་སྦྱོང་བཅུ་ལ་སོགས་པ་ས་དང་པོའི་རྗེས་ཐོབ་ཀྱི་ཡོན་ཏན་མ་ལུས་པ་འབྱུང་ལ། དེ་ནས་སྒོམ་སྤང་མི་མཐུན་ཕྱོགས་སྤོང་བ་ལ་ཏིང་ངེ་འཛིན་གྱི་རྩལ་སྦྱང་དགོས་པས་སྦྱོང་བ་སེང་གེ་རྣམ་བསྒྱིངས་དང་། དངོས་གཞི་ཐོད་རྒལ་རྣམས་འབྱུང་བར་ཤེས་པའི་ཆེད་དུ་ཡིན་ནོ་སྙམ་དུ་སེམས་སོ། །ཉིར་སྣང་དུ། དེ་ལ་ལུགས་དང་མཐུན་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པའོ། །ལུགས་དང་མི་མཐུན་པ་ནི་དེ་མེད་ན་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ་མི་འབྱུང་ངོ་། །ཞེས་བྱ་བ་ལ་སོགས་པའོ། །ཞེས་གསུངས་པ་འདི་མདོ་སྦྱོར་ཡིན་ན། འཕགས་པས་གཟིགས་པའི་མདོ་གཅིག་ན་ཡོད་པར་གསལ་ལོ། །སྒོམ་ལམ་རྩེ་སྦྱོར་ལ། གང་ལ་བརྟེན་ནས་སྐྱེ་བའི་རྟེན་དང་། དེ་ལ་བརྟེན་ནས་སྐྱེས་པའི་སྒོམ་ལམ་རྩེ་སྦྱོར། དེ་དག་གི་གནས་སྐབས་སུ་ཐོབ་པའི་ཡོན་ཏན་དང་གསུམ་ལས། དང་པོ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་སོགས་ཀྱིས་སྟོན། བསྟན་ཚུལ་ལ། འཕགས་སེང་གཉིས་ཀྱིས་ཚིག་རྐང་དང་པོ་གཉིས་ཀྱིས་སྦྱོར་བ་སེང་གེ་རྣམ་བསྒྱིངས། ལྷག་མ་རྣམས་ཀྱིས་དངོས་གཞི་ཐོད་རྒལ་སྟོན་པར་བཞེད། མཁས་པ་ཁ་ཅིག་རྩ་བའི་དགོངས་པ། དེ་ནས་སེང་གེ་རྣམ་བསྒྱིངས་པའི་ཞེས་པས་སྦྱོར་བ་སེང་གེ་རྣམ་བསྒྱིངས་བསྟན་ཟིན་པས་ཚིག་རྐང་དང་པོ་གཉིས་ཀྱིས་དངོས་གཞི་ཐོད་རྒལ་ཆུང་ངུ་འབྲིང་གཉིས་འོངས་ནས་ཞེས་པས། ཁྲི་བརྒྱད་སྟོང་པ་ནས་འབྱུང་བའི་ནུད་ཆུང་། དེ་ནས་རྐང་པ་གཉིས་ཀྱིས་ཆེ་འབྲིང་གཉིས་ཀྱི་མཚམས་འཛིན། དེ་ནས་རྐང་པ་གཅིག་གིས་མིང་། ལྷག་མ་རྣམས་ཀྱིས་ཆེན་པོ་བསྟན་ཞེས་གསུངས་སོ། །འདི་དག་གི་ས་མཚམས་ལ་བོད་ཕལ་ཆེར་ས་གཉིས་པའི་བར་ཆད་མེད་ལམ་ནས་ཡོད་ཅེས་པ་ནི་མི་འཐད་དེ། ཏིང་ངེ་འཛིན་འདི་དག་མཐོང་ལམ་རྩེ་སྦྱོར་གྱི་གནས་སྐབས་སུ་མངོན་དུ་བྱེད་པའི་ནུས་པ་ཐོབ་ནས། ས་དང་པོའི་རྗེས་ཐོབ་ཀྱི་གནས་སྐབས་སུ་ཡང་དང་ཡང་དུ་བསྒོམ་པར་བྱེད་པའི་ཕྱིར། འདི་དག་མཐོང་ལམ་དུ་ཕར་ཕྱིན་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་ཉམས་ལེན་ཁྱད་པར་ཅན་གྱི་ངོ་བོར་སྐྱེས་པའི་གནས་སྐབས་ཀྱི་ཤེས་རབ་ཀྱི་ཕར་ཕྱིན་གྱི་བསྡུ་བྱར་གྱུར་པའི་བསམ་གཏན་གྱི་ཕར་ཕྱིན་དེ་ཡིན་པའི་ཕྱིར། དེས་ན་འདི་དག་མངོན་དུ་བྱེད་པའི་ནུས་པ་མཐོང་ལམ་རྩེ་སྦྱོར་གྱི་གནས་སྐབས་སུ་ཐོབ་པ་ལ་དགོངས་ནས་ཤེར་ཕྱིན་གྱི་མདོར་མཐོང་ལམ་རྩེ་སྦྱོར་གྱི་ཁོངས་སུ་བསྡུ་བར་གསུངས་ཀྱི། ས་དང་པོའི་རྗེས་ཐོབ་ཏུ་མངོན་དུ་འགྱུར་བ་ལ་དགོངས་ནས་འཕགས་སེང་གཉིས་ཀྱིས་སྒོམ་ལམ་རྩེ་སྦྱོར་གྱི་ཁོངས་སུ་བསྡུ་བར་གསུངས་སོ། །འོན་ཀྱང་སྒོམ་ལམ་རྩེ་སྦྱོར་ནི་མ་ཡིན་ཏེ། སྒོམ་སྤང་ཤེས་སྒྲིབ་ཀྱི་སྤོང་གཉེན་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། སྤང་བྱ་རྣམ་རྟོག་དང་། སྤོང་བྱེད་ཀྱི་གཉེན་པོ་གཉིས་ལས། དང་པོ་ལ། གཟུང་རྟོག་དང་འཛིན་རྟོག་གཉིས་ལས། གཟུང་རྟོག་ནི། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི། །ཞེས་སོགས་དང་། གཉིས་པ་སེམས་དང་སེམས་བྱུང་རྣམས། །ཞེས་སོགས་དང་། འཛིན་རྟོག་ནི། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཞེས་སོགས་དང་། བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །ཞེས་སོགས་ཀྱིས་བསྟན། འདི་དག་ལ་སློབ་དཔོན་གྱིས་གཟུང་རྟོག་ལ་ཀུན་ནས་ཉོན་མོངས་གཟུང་རྟོག་དང་། རྣམ་བྱང་གཟུང་རྟོག་གཉིས། འཛིན་རྟོག་ལ་རྫས་འཛིན་རྟོག་པ་དང་། བརྟགས་འཛིན་རྟོག་པ་གཉིས་ཀྱི་རྣམ་གཞག་མཛད་པར་སྣང་སྟེ། སྐབས་དང་པོར་བཤད་ཟིན་པའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་དེས། མཐོང་སྤང་དང་སྒོམ་སྤང་གཉིས་ཀྱི་སྤྱི་འཛིན་པར་བཤད་ཅིང་། གཉེན་པོའི་ཚོགས་སྒྲུབ་ཀྱི་སྐབས་སུ་ཡང་དེ་ལྟར་དུ་བཤད་པའི་ཕྱིར་དང་། སྒོམ་སྤང་རྟོག་པ་དང་པོའི་སྐབས་སུ་སྦྱོར་བའི་ཡུལ་ཅན་ཞེས་དང་། གཉིས་པའི་སྐབས་སུ་འཇུག་པའི་ཡུལ་ཅན་ཞེས་པའི་སྦྱོར་འཇུག་གཉིས་ནི། གཉེན་པོ་ཡིན་པས་དེ་ཉིད་མཐོང་སྤང་རྟོག་པ་ལ་ཡར་སྦྱར་ཏེ་གཟུང་རྟོག་དང་པོ་དང་། འཛིན་རྟོག་དང་པོ་སྦྱོར་བའི་སྤང་བྱ། གཟུང་རྟོག་གཉིས་པ་དང་། འཛིན་རྟོག་གཉིས་པ་འཇུག་པའི་སྤང་བྱར་བཤད་དོ། །འཕགས་པས་སྒོམ་སྤང་རྟོག་པ་བཞི་ལ་སྐབས་འདིར་ཐ་སྙད་གསལ་བར་གསུངས་པ་མི་སྣང་ཞིང་། གཉེན་པོའི་ཚོགས་སྒྲུབ་ཀྱི་སྐབས་སུ་གསུངས་པ་ནི་སྔར་བཤད་ཟིན་ཏོ།། །།འདི་བསྟན་སྒོམ་སྤང་རྟོག་པ་བཞི་པོ་འདི་དག་བྱང་སེམས་ལམ་གྱི་སྤང་བྱའི་རིགས་སུ་གནས་པའི་ཤེས་སྒྲིབ་ཁོ་ན་ཡིན་གྱི་ཐེག་དམན་གྱི་སྤང་བྱའི་རིགས་ནི་མེད་དེ། ཐེག་དམན་གྱི་སྤང་བྱའི་རིགས་མ་ལུས་པ་ས་དང་པོ་ནས་སྤངས་ཟིན་པའི་ཕྱིར་རོ། །གཉིས་པ་སྤོང་བྱེད་གཉེན་པོ་ལ་རང་གི་ངོ་བོ་ནི་སྐབས་གཉིས་པར། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་པར་བསྟན་ཟིན་པ་ལ་དགོངས་ནས་འདིར་དངོས་སུ་མ་བསྟན་པ་ཡིན་ལ། སྤང་གཉེན་སྦྱོར་བའི་ཚིག་ནི་གཟུང་རྟོག་གི་སྐབས་སུ་སྒོམ་པའི་ལམ་ལ་ཤེས་པར་བྱ། ཞེས་དང་། འཛིན་རྟོག་གི་སྐབས་སུ་སྒོམ་པའི་ལམ་དང་འབྲེལ་པ་ཡི། ཞེས་པས་སྟོན་ཏོ། །འོ་ན་འདིར་བསྟན་སྒོམ་ལམ་རྩེ་སྦྱོར་དེ། །ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་པའི་སྐབས་ཀྱི་མཉམ་གཞག་བར་ཆད་མེད་ལམ་དགུ་པོ་ཡིན་ན། ལུས་རྣམ་གཞག་ཏུ་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་བཞིར་བཤད་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ་དགུར་ཕྱེ་བ་ནི། ཁམས་གསུམ་ས་དགུར་རེ་རེ་ལ་སྒོམ་སྤང་ཤེས་སྒྲིབ་ཆེན་པོའི་ཆེན་པོ་སོགས་དགུ་དགུ་ཡོད་པས་དེ་དག་རིམ་པ་བཞིན་སྤོང་བའི་དབང་དུ་བྱས་ནས་ས་མཚམས་ཀྱི་སྒོ་ནས་ཕྱེ་བ་ཡིན་ལ། བཞིར་ཕྱེ་བ་ནི། སྔར་བཤད་པའི་མཉམ་གཞག་བར་ཆད་མེད་ལམ་རེ་རེས་ཀྱང་རང་གི་ངོས་སྐལ་གྱི་སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིའི་ས་བོན་སྤོང་བའི་གཉེན་པོ་བྱེད་པས་ལྡོག་པའི་སྒོ་ནས་ཕྱེ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་ས་གཉིས་པའི་མཉམ་གཞག་སྤོང་བ་གཉེན་པོ་གཅིག་ཉིད་ལ་ཡང་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་བཞིའི་གཉེན་པོ་བྱེད་པའི་ཆ་ནས་བཞི་དང་། དེ་བཞི་ལ་ཡུལ་གྱི་སྒོ་ནས་སོ་དྲུག་ཡོད་པས་གཉེན་པོ་ཡང་སོ་དྲུག དེ་དག་ལ་ཁམས་ཀྱི་སྒོ་ནས་བརྒྱ་རྩ་བརྒྱད་ཡོད་པས་དེའི་གཉེན་པོ་ཡང་བརྒྱ་རྩ་བརྒྱད། སའི་སྒོ་ནས་སུམ་བརྒྱ་དང་ཉེར་བཞི་ཡོད་པས་དེའི་གཉེན་པོ་ཡང་སུམ་བརྒྱ་དང་ཉེར་བཞི། དེ་བཞིན་དུ་ས་བཅུ་པའི་བར་ཆད་མེད་ལམ་གྱི་བར་རྣམས་ལ་ཡང་དེ་ལྟར་དུ་ཡོད་པས་ཕྱོགས་གཅིག་ཏུ་བསྡོམས་ན་སྒོམ་ལམ་རྩེ་སྦྱོར་ཉིས་སྟོང་དང་དགུ་བརྒྱ་བཅུ་དྲུག་ཡོད་དོ། །དེ་བཞིན་དུ་མཐོང་ལམ་རྩེ་སྦྱོར་ལ་ཡང་སྤང་བྱ་མཐོང་སྤང་གཟུང་འཛིན་གྱི་རྣམ་རྟོག་བཞིའི་ས་བོན་གྱི་གཉེན་པོ་བྱེད་པའི་ཆ་ནས་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་གཅིག་པོ་དེ་ཉིད་ལ་བཞི་དང་། སོ་དྲུག་གི་གཉེན་པོའི་ཆ་ནས་སོ་དྲུག་དང་། བརྒྱ་རྩ་བརྒྱད་ཀྱི་གཉེན་པོའི་ཆ་ནས་བརྒྱ་རྩ་བརྒྱད་དང་། སུམ་བརྒྱ་དང་ཉེར་བཞིའི་གཉེན་པོ་བྱེད་པའི་ཆ་ནས་སུམ་བརྒྱ་དང་ཉེར་བཞི་ཡོད་པ་ཡང་ཤེས་པར་བྱའོ། །གསུམ་པ་དེ་དག་གི་སྐབས་སུ་ཐོབ་པའི་ཡོན་ཏན་ནི། ཡམས་ནད་འདི་རྣམས་ཟད་ནས་ནི། །ཞེས་སོགས་ཀྱིས་སྟོན། འདིའི་དོན་ལ་སློབ་དཔོན་གྱིས་རྒྱུན་མཐའི་བྱང་སེམས་ཆོས་ཅན། རང་གི་སྐད་ཅིག་ཕྱི་ལོགས་སུ་ཐེག་པ་གསུམ་གྱི་ཡོན་ཏན་གྱི་རིགས་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་འོང་བའི་རྣམ་པས་བརྟེན་པར་བྱེད་དེ། རང་གི་སྐད་ཅིག་ཕྱི་ལོགས་སུ་སྒོམ་སྤང་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་སྤངས་ཤིང་དེ་དག་གི་རྒྱུར་བསྡུས་པའི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤང་བའི་ཕྱིར། དེ་ལྟ་བུའི་སྤང་རྟོགས་ཀྱི་ཡོན་ཏན་དེ་དག་རྣམ་མཁྱེན་སྐད་ཅིག་མ་དང་པོའི་གནས་སྐབས་སུ་མངོན་དུ་འགྱུར་བ་ཡིན་ཀྱང་རྒྱུན་མཐའི་བྱང་སེམས་ཀྱི་ཡོན་ཏན་དུ་མི་འགྱུར་བ་མ་ཡིན་ཏེ། ཡོན་ཏན་དེ་དག་དེ་མ་ཐག་ཏུ་འདྲེན་པར་བྱེད་པའི་ལྡོག་པ་ནས་བཤད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །རང་ལུགས་ནི་སྐབས་བཞི་པར་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་རྣམས་ཕྱིར་མི་ལྡོག་པར་བསྟན་པ་ན་དེ་དག་ཉམས་ལེན་གྱི་རིམ་པ་ལ་མི་ལྟོས་པར་འགྱུར་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ་སྦྱོར་བ་གསུམ་ཆར་དག་སའི་བྱང་སེམས་ཀྱི་ཉམས་ལེན་ལ་སྦྱར་བ་ལྟར་དུ། སྔར་མཐོང་སྒོམ་གྱི་རྩེ་སྦྱོར་གཉེན་པོ་འབད་རྩོལ་གྱི་ལྡོག་པ་ནས་བསྟན་པ་ན་དེ་དག་ལ་འབད་རྩོལ་ལ་མི་ལྟོས་པའི་ཡོན་ཏན་མེད་པ་ཡིན་ནམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དག་སར་འབད་རྩོལ་ལ་མི་ལྟོས་པའི་ཡོན་ཏན་གྱི་ལྡོག་པ་སྟོན་པའི་ཕྱིར་གཞུང་འདི་དག་འབྱུང་བ་ཡིན་ནོ། །ཇི་ལྟར་ཞེ་ན། འབད་རྩོལ་ལ་མི་ལྟོས་པའི་རྟེན་གྱི་གང་ཟག འབད་རྩོལ་ལ་མི་ལྟོས་པའི་རྒྱུ། འབད་རྩོལ་ལ་མི་ལྟོས་པའི་ཡོན་ཏན། འབད་རྩོལ་ལ་མི་ལྟོས་པའི་ཚུལ་ལོ། །དང་པོ་ནི། འབྲས་བུ་མཆོག་གིས་སྤ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །ཞེས་པའི་རྐང་པ་གཉིས་ཀྱིས་སྟོན་ཏེ། དག་སའི་བྱང་སེམས་སོ། །གཉིས་པ་ནི། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །ཞེས་པས་སྟོན་ཏེ། ཡམས་ནད་ཟད་ནས་ཡུན་རིང་པོ་ལོན་ཏེ། ལུས་སྟོབས་རྒྱས་པར་བྱེད་པའི་གེགས་བྱེད་པ་མེད་པས། རང་གི་ངང་གིས་རྒྱས་པ་བཞིན་དུ་སྒོམ་སྤང་གཟུང་འཛིན་གྱི་རྣམ་རྟོག་ཟད་ནས་ཐེག་པ་གསུམ་གྱི་རྟོགས་རིགས་རང་གི་ངང་གིས་གེགས་མེད་པར་ཡར་ལྡན་དུ་འབྱུང་བ་ཡིན་ནོ། །གསུམ་པ་ནི། རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །ཞེས་པས་སྟོན་ཏེ། རིགས་ཅན་གསུམ་གྱི་དོན་སྒྲུབ་པའི་ཐེག་པ་གསུམ་གྱི་རྟོགས་རིགས་སོ། །བཞི་པ་ནི། རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །རྣམ་པ་ཀུན་ཏུ་བརྟེན་པར་བྱེད། །ཅེས་པས་སྟོན་ཏེ། རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞི་རྒྱུན་མི་ཆད་པར་འབྱུང་བ་བཞིན་དུ་ཐེག་པ་གསུམ་གྱི་རྟོགས་རིགས་རྣམས་རྒྱུན་མི་ཆད་པར་འབྱུང་བ་ཡིན་ནོ། །བར་ཆད་མེད་པའི་རྩེ་སྦྱོར་ལ་མདོ་ལས་གསུངས་ཚུལ། བསྟན་བཅོས་ལས་བསྟན་ཚུལ། དེ་ལྟར་བསྟན་པའི་དགོས་པ་དང་གསུམ། དང་པོ་ནི་མདོར། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་བཀོད་པ་དཔེར་བྱས་ནས་རྣམ་མཁྱེན་དེ་ལས་བསོད་ནམས་མང་བར་དངོས་སུ་བསྟན་ནས། སྦས་དོན་ལ་བར་ཆད་མེད་པའི་རྩེ་སྦྱོར་བསྟན་པ་ཡིན་ནོ། །གཉིས་པ་ནི་དཔེ་དེ་ཉིད་དང་། སྦས་དོན་བར་ཆད་མེད་པའི་རྩེ་སྦྱོར་སྦྱར་ནས་དེ་ཉིད་དེ་ལས་བསོད་ནམས་མང་བར་སྟོན་པ་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །ཞེས་སོགས་ཀྱིས་སྟོན། མདོ་ལས་རྣམ་མཁྱེན་བསོད་ནམས་མང་བར་དངོས་སུ་བསྟན་པས་བར་ཆད་མེད་པའི་རྩེ་སྦྱོར་བསོད་ནམས་མང་བར་ཤུགས་ལ་བསྟན་ནུས་པ་ཡིན་ཏེ། དངོས་འབྲས་རྣམ་མཁྱེན་བསོད་ནམས་མང་བར་དངོས་སུ་བསྟན་པས་དངོས་རྒྱུ་བར་ཆད་མེད་པའི་རྩེ་སྦྱོར་བསོད་ནམས་མང་བར་ཤུགས་ལ་སྟོན་ནུས་པའི་ཕྱིར་ཏེ། བར་ཆད་མེད་པའི་དོན་རང་གི་དངོས་འབྲས་རྣམ་མཁྱེན་བསྐྱེད་པ་ལ་ཆོས་གཞན་གྱིས་བར་མ་ཆོད་པ་ལ་འཇོག་པ་ཡིན་པའི་ཕྱིར་ཞེས་པ་ནི། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་པས་སྟོན། གསུམ་པ་ལ་དགོས་པ་གཉིས་ལས། དང་པོ་ནི། ཚོགས་སྒྲུབ་ཀྱི་སྐབས་སུ་ས་དགུ་པ་མན་ཆད་ཡོངས་སྦྱོང་གི་སྒོ་ནས་བསྟན་ཅིང་ས་བཅུ་པ་འབྲས་བུའི་སྒོ་ནས་བསྟན་པ་ལྟར་མཐོང་སྒོམ་ལམ་གྱི་རྩེ་སྦྱོར་གཉེན་པོའི་ལྡོག་པ་ནས་བསྟན་པ་ན་གདུལ་བྱ་འགའ་ཞིག་སེམས་ཞུམ་པར་འགྱུར་བས་དེ་བསལ་ནས་སྤྲོ་བ་བསྐྱེད་པའི་ཕྱིར་ཕན་ཡོན་གྱི་སྒོ་ནས་བར་ཆད་མེད་པའི་རྩེ་སྦྱོར་སྟོན་པ་ཡིན་ནོ། །གཉིས་པ་ནི། སྤྱིར་ཐེག་ཆེན་གྱི་བྱང་ཆུབ་དེ་ལ་རང་བཞིན་རྣམ་དག་གི་ཆོས་ཉིད་མཐའ་དག་མངོན་སུམ་དུ་མཐོང་བའི་བྱང་ཆུབ་དང་། གློ་བུར་དྲི་བྲལ་གྱི་ཆོས་ཉིད་མཐའ་དག་མངོན་སུམ་དུ་མཐོང་བའི་བྱང་ཆུབ་གཉིས་ལས། དང་པོ་ནི། ཐེག་ཆེན་གྱི་མཐོང་ལམ་ནས་ཡོད་དེ། དྲི་མ་ཟད་དང་མི་སྐྱེ་བའི། །ཞེས་པའི་སྐབས་སུ་བསྟན་པ་ལྟ་བུའོ། །ཕྱི་མ་ནི་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དེ། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་པའི་རྣམ་མཁྱེན་ལྟ་བུའོ། །དེ་གཉིས་ཀྱི་དངོས་རྒྱུ་བསོད་ནམས་མང་བར་སྟོན་པའི་གཞུང་ཡང་གཉིས་ལས། དང་པོ་ནི། བསོད་ནམས་མང་པོ་ཉིད་ཀྱི་ནི། །ཞེས་དང་། དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་པ་ལྟ་བུའོ། །ཕྱི་མ་ནི་གཞུང་འདི་ཉིད་དེ། བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །ཞེས་གསུངས་པའི་ཕྱིར་རོ། །དངོས་རྒྱུ་དེ་གཉིས་བསོད་ནམས་མང་པོའི་ལྡོག་པ་ནས་བསྟན་པའི་དགོས་པ་ཡང་དངོས་འབྲས་ཉིད་ལ་སྤྲོ་བ་བསྐྱེད་པའི་ཆེད་དུ་ཡིན་ནོ། །མདོར། རྣམ་མཁྱེན་བསོད་ནམས་མང་བར་དངོས་སུ་བསྟན་པས་དམིགས་རྐྱེན་སོགས་གསུམ་ཡང་རྣམ་མཁྱེན་ལ་སྦྱར་ཏེ། མདོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདིའི་དམིགས་པའི་རྐྱེན་ནི་དངོས་པོ་མེད་པའོ། །བདག་པོ་ནི་དྲན་པ་ཡིན་ནོ། །རྣམ་པ་ནི་ཞི་བ་སྟེ་མཚན་མ་མེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་སྟོབས་ཀྱིས་བསལ་བྱ་ལོག་སྒྲུབ་ཡང་རྣམ་མཁྱེན་གྱི་དམིགས་རྣམ་ལ་སྦྱོར་རོ། །བསྟན་བཅོས་རྩ་བའི་དགོངས་པ་ཡང་བར་ཆད་མེད་པའི་རྩེ་སྦྱོར་བསོད་ནམས་མང་བར་དངོས་སུ་བསྟན་ཀྱང་དམིགས་རྐྱེན་སོགས་དེ་དག་རྣམ་མཁྱེན་ལ་སྦྱོར་བར་སྣང་སྟེ། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །འདི་ཡི་དམིགས་པ་དངོས་མེད་དེ། །ཞེས་དང་། རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་གསུངས་པའི་ཕྱིར་རོ། །ཉིར་སྣང་གི་དགོངས་པ་ཡང་འདི་ཉིད་དུ་སྣང་སྟེ། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་པའི་དམིགས་པ་འཐད་པ་ལ་ལོག་པར་རྟོག་པ་ནི་འདི་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་གྱིས་ནི་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྐྱེན་སོགས་ལ་སྦྱོར་བར་མཛད་དེ། བར་ཆད་མེད་པའི་ཏིང་ངེ་འཛིན་འདིའི་དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྣམ་མཁྱེན་གྱི་དམིགས་རྐྱེན་སོགས་ལ་སྦྱོར་བ་དོན་ལ་ཡང་གནས་ཏེ། གོང་དུ་ཐེག་ཆེན་སྒྲུབ་པའི་དམིགས་པ་འདུས་བྱས་འདུས་མ་བྱས་ལ་སོགས་པའི་ཆོས་ཐམས་ཅད་ལ་བཤད་ཅིང་། འདིར་དངོས་པོ་མེད་པ་ཁོ་ན་དམིགས་པར་བཤད་པའི་ཕྱིར་རོ། །འོ་ན་རྣམ་མཁྱེན་གྱིས་ཀྱང་ཆོས་ཐམས་ཅད་ལ་དམིགས་པ་མ་ཡིན་ནམ། ཅིའི་ཕྱིར། རྣམ་མཁྱེན་གྱི་དམིགས་པ་དངོས་མེད་དུ་བཤད་ཅེ་ན། རྣམ་མཁྱེན་གྱིས་ནི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་རྟོགས་པས་རང་ངོར་ཆོས་དབྱིངས་སྤྲོས་བྲལ་ལས་གཞན་མེད་པའི་ཕྱིར་དང་། ཐེག་ཆེན་གྱི་སྒྲུབ་པས་ནི་ཆོས་ཅན་སྣ་ཚོགས་ལ་སྒྲོ་འདོགས་གཅོད་དགོས་པའི་ཕྱིར་རོ། །སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ལས་སྐབས་ལྔ་པའི་འབྲེལ་དང་། དཀའ་བའི་གནས་རྣམས་ལེགས་པར་བཤད་ཟིན་ཏོ།། ༈ །།མཐར་གྱིས་པའི་སྦྱོར་བ་ལ་རྩེ་སྦྱོར་གྱི་འོག་ཏུ་མཐར་གྱིས་པ་འཆད་པའི་རྒྱུ་མཚན་དང་། རྒྱུ་མཚན་ཅན་གྱི་མཐར་གྱིས་པ་གཉིས་ལས། དང་པོ་ལ། རྩེ་སྦྱོར་གྱིས་འོག་ཏུ་མཐར་གྱིས་པའི་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ། རྩེ་སྦྱོར་གྱིས་བྱང་སེམས་ལམ་གྱིས་མི་མཐུན་ཕྱོགས་མ་ལུས་པ་སྤངས་ཀྱང་མཐར་གྱིས་པའི་སྦྱོར་བས་ཡོན་ཏན་མངོན་པར་བསྒྲུབ་པ་མེད་ན་སངས་རྒྱས་ཀྱི་སར་སྤངས་པ་ཕྱོགས་གཅིག་པར་འགྱུར་གྱི་རྟོགས་པ་ཕུན་སུམ་ཚོགས་པ་མི་འགྲུབ་པས་དེ་འགྲུབ་པའི་ཕྱིར་དུ་མཐར་གྱིས་པའི་སྦྱོར་བ་བསྒོམ་དགོས་པའི་ཕྱིར་རོ། །སློབ་དཔོན་ལྟར་ན་རྩེ་སྦྱོར་གྱི་འོག་ཏུ་མཐར་གྱིས་པ་འཆད་པའི་རྒྱུ་མཚན་ཡོད་དེ། སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམ་བཞིན་དུ་བཀླགས་ནས་སྒོམ་པ་དེ་མཐར་གྱིས་པ་ཡིན་པ་གང་ཞིག དེ་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ཅིག་གིས་བསྒོམ་དགོས་པའི་ཕྱིར་རོ། །སོ་སོ་བ་དང་བསྡུས་པའི་དོན་ལ་ཆོས་བཤེས་ཀྱིས་སོ་སོ་བ་སྐབས་རེ་རེས་ཇི་ལྟར་བསྟན་པ་དང་། ཚོགས་ལམ་ལ་སོགས་པའི་གནས་སྐབས་རེ་རེ་ལ་ཡང་ཆོས་ཅན་ཇི་སྙེད་པ་རྗེས་ཐོབ་ཀྱི་རྟོགས་པ་རྣམས་ཡིན་ལ་བསྡུས་པ་ནི་སྙིང་པོའི་དོན་ཆོས་དབྱིངས་ཇི་ལྟ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་མཉམ་གཞག་ཏུ་རྟོགས་པ་རྣམས་ལ་བཞེད་དེ། ཚིག་གསལ་ལས། སོ་སོའི་དོན་རྣམས་ནི་སྐབས་རེ་རེས་ཇི་ལྟར་བསྟན་པ་དང་། ཚོགས་ལམ་ལ་སོགས་པའི་གནས་སྐབས་རེ་རེ་ལ་རང་བཞིན་ཇི་སྙེད་ཡོད་པ་མངོན་པར་རྟོགས་པའི་དོན་དེ་ནི་རྗེས་ཀྱི་ངོ་བོར་ཐོབ་པའི་ཡེ་ཤེས་ཀྱིས་རྟོགས་པའོ། །བསྡུས་པ་ཉིད་ཀྱི་དོན་ནི་སྙིང་པོའི་དོན་ཆོས་དབྱིངས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དོན་དེ་ནི་མཉམ་པར་གཞག་པའི་ཡེ་ཤེས་ཀྱིས་རྟོགས་པར་མཛད་ནས་སོ། །དེ་ལྟར་ན་གོ་རིམ་བཞིན་དུ་བཀླགས་ནས་ཞེས་བྱ་བ་ནི་ཡིད་ཀྱིས་བཀླགས་ནས་ཞེས་བྱ་བའི་དོན་ཡིན་ཏེ། བསྐལ་པ་གྲངས་མེད་དང་པོས་ནི། འཇིག་རྟེན་ཆོས་མཆོག་གི་བར་དུའོ། །གཉིས་པས་ནི་ས་མི་གཡོ་བའི་བར་དུའོ། །གསུམ་པས་ནི་ས་བཅུ་པའི་བར་དུའོ། །ཞེས་གསུངས་སོ། །གསེར་གླིང་པས་སོ་སོ་བ་མཁྱེན་པ་གསུམ་ལུགས་ཟློག་དུ་སྟོན་པ་སྐབས་དང་པོ་གསུམ་དང་། བསྡུས་པ་མཁྱེན་གསུམ་ལུགས་འབྱུང་དུ་སྟོན་པ་རྣམ་རྫོགས་སྦྱོར་བ་ལ་འཆད་དེ། རྟོགས་དཀའི་སྣང་བ་ལས། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ཞེས་བྱ་བ་ནི་སྔར་བཤད་པའི་རྩེ་མོའི་སྦྱོར་བ་ལ་ལྷུན་གྱིས་གྲུབ་པ་ཐོབ་པའོ། །སོ་སོ་བ་དང་བསྡུས་པ་ཉིད་དུ་ཞེས་བྱ་བ་ནི་ལུགས་ལས་ཟློག་པ་དང་། ལུགས་སུ་འབྱུང་བ་དག་གིས་སོ། །ཞེས་སོ། །ཁ་ཅིག་སོ་སོ་བ་ཕར་ཕྱིན་དྲུག་དང་། རྗེས་དྲན་དྲུག་བསྡུས་པ་དངོས་མེད་ངོ་བོ་ཉིད་དུ་རྟོགས་པ་ལ་འཆད་པ་དང་། སྔ་རབས་པ་ཁ་ཅིག སོ་སོ་བ་སྦྱོར་ལམ། མཐོང་ལམ། སྒོམ་ལམ་གྱི་རྩེ་སྦྱོར་གསུམ། བསྡུས་པ་བར་ཆད་མེད་པའི་རྩེ་སྦྱོར་ལ་འཆད་དོ། །དེ་རྣམས་ཀྱི་ནང་ནས་གསེར་གླིང་པའི་ལུགས་དེ་ཁོ་ན་སློབ་དཔོན་གྱི་དགོངས་པ་ཡིན་གྱི་གཞན་རྣམས་ནི་དོན་མེད་དེ། སྐབས་དང་པོ་གསུམ་དུ་མཁྱེན་པ་གསུམ་པོ་ལུགས་ཟློག་གི་ཚུལ་དུ་སོ་སོར་བསྟན་པ་དེ་རྣམ་རྫོགས་སྦྱོར་བའི་སྐབས་སུ་ལུགས་འབྱུང་གི་ཚུལ་དུ་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་བསྡུས་ནས་མཐར་གྱིས་པས་གོ་རིམ་དུ་སྒོམ་པར་བྱེད་པའི་ཕྱིར། དེ་ནས་རྟོགས་པའི་དངོས་པོ་ངེས་པར་བྱ་བའི་ཕྱིར་སོ་སོ་བ་དང་མཐའ་དག་ཏུ་རྣམ་པར་བསྒོམ་པའི་དོན་གཞུང་སྲོང་བར་བྱེད་པས་མཐར་གྱིས་པའི་མངོན་པར་རྟོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་གོ་རིམ་གྱི་གནས་སྐབས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག་བསྡུས་པ་རྣམ་ཀུན་དང་། རྩེ་སྦྱོར་གཉིས་ཀ་ལ་འཆད་པ་ཡང་ཅུང་ཟད་ཐལ་བའི་སྐྱོན་ཏེ། རྩེ་སྦྱོར་གྱི་འོག་ཏུ་མཐར་གྱིས་པ་འཆད་པའི་རྒྱུ་མཚན་ནི་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ཞིག་གིས་མཐར་གྱིས་པ་བསྒོམ་དགོས་པའི་ཕྱིར་ཞེས་པའི་དོན་ཡིན་གྱི་རྩེ་སྦྱོར་བསྡུས་པའི་ནང་དུ་འཇུག་པ་ནི་སྐབས་ཀྱི་དོན་མ་ཡིན་པའི་ཕྱིར་རོ། །རྒྱུ་མཚན་ཅན་གྱི་མཐར་གྱིས་པ་ནི། སྦྱིན་པ་ཤེས་རབ་བར་དག་དང་། །ཞེས་སོགས་ཏེ། འདི་ལ་འཕགས་པས་ཇི་ལྟར་བཀྲལ་བའི་ཚུལ་དང་། སློབ་དཔོན་གྱིས་ཇི་ལྟར་འགྲེལ་བའི་ཚུལ་གཉིས་ལས། དང་པོ་ནི། མཐར་གྱིས་པ་ཐེག་ཆེན་གྱི་ཚོགས་ལམ་ནས་ཡོད་པར་བཞེད་དེ། མདོ་ལས། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་རྟོགས་པའི་ཆོས་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ལགས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པ་ན་མཐར་གྱིས་བགྱི་བ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་སྒྲུབ་པར་ཇི་ལྟར་གདགས་པར་འགྱུར། ཞེས་གསུངས་པའི་དོན་ལ་ཉིར་སྣང་དུ། བགྱི་བ་སྨོས་པས་ནི་སེམས་བསྐྱེད་པ་གཟུང་བའི་དོན་དུའོ། །བསླབ་པ་སྨོས་པས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཤེས་པར་བྱ་བའི་དོན་དུའོ། །སྒྲུབ་པ་སྨོས་པས་ནི་མཐོང་བའི་ལམ་དང་། སྒོམ་པའི་ལམ་ཤེས་པའི་དོན་དུའོ། །གསུམ་སྨོས་པས་ནི་མངོན་པར་རྟོགས་པའི་མཐར་གྱིས་པ་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །ཞེས་དང་། སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་པའི་སྐབས་སུ་དེ་བཞིན་གཤེགས་པ་ལ་གཟུགས་ལ་སོགས་པར་ཡིད་ལ་མི་བྱེད་པས་དེ་རྗེས་སུ་དྲན་པ་དང་། དེ་བཞིན་དུ་མཚན་དང་དཔེ་བྱད་ལ་སོགས་པར་ཡིད་ལ་མི་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པར་ཡིད་ལ་མི་བྱེད་པ་དང་། སྟོབས་བཅུ་ལ་སོགས་པར་ཡིད་ལ་མི་བྱེད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་ཡིད་ལ་མི་བྱེད་པས་སངས་རྒྱས་རྗེས་སུ་དྲན་པ་ལྔ་གསུངས་པའི་དང་པོས་སེམས་བསྐྱེད་པ་དང་། ཕྱི་མ་བཞིས་སྦྱོར་ལམ་བཞི་དང་། བྱང་ཕྱོགས་སོ་བདུན་ཡོངས་སུ་རྫོགས་པས་སངས་རྒྱས་རྗེས་སུ་དྲན་པ་ནི་མཐོང་ལམ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པའི་བར་གྱི་སངས་རྒྱས་རྗེས་སུ་དྲན་པ་ནི་སྒོམ་ལམ་ལ་སྦྱར་བར་མཛད་པའི་ཕྱིར་རོ། །དེ་ལྟར་མཛད་པའི་རྒྱུ་མཚན་ཡང་མདོ་ལས། བྱང་སེམས་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པས་ཞེས་པ་འདི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པ་ལ་དགོངས་སོ། །གཉིས་པ་ནི། སློབ་དཔོན་གྱིས་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ཞེས་མཐར་གྱིས་པ་ལ་རྩེ་སྦྱོར་ཐོབ་པ་སྔོན་དུ་འགྲོ་དགོས་པ་ཙམ་ཞིག་གསུངས་ཀྱི། རྩེ་སྦྱོར་ཐོབ་པའི་སྐད་ཅིག་ཕྱི་ལོགས་ནས་མཐར་གྱིས་པ་འབྱུང་བའི་གསལ་ཁ་མི་སྣང་ཡང་སངས་རྒྱས་རྗེས་སུ་དྲན་པའི་སྐབས་སུ་དྲན་པ་ཉེ་བར་གཞག་པ་ནས་སྟོབས་ལྔའི་བར་དོན་དམ་པར་དྲན་པ་མེད་པའི་མཚན་ཉིད་ཀྱིས་སངས་རྒྱས་རྗེས་སུ་དྲན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། བྱང་ཆུབ་ཡན་ལག་བདུན་གྱི་སྒོ་ནས་དྲན་པ་མཐོང་ལམ་དང་། འཕགས་ལམ་ཡན་ལག་བརྒྱད་ཀྱི་སྒོ་ནས་དྲན་པ་སྒོམ་ལམ་ལ་སྦྱོར་བས་སྦྱོར་ལམ་ནས་མཐར་ཕྱིན་གྱིས་པའི་སྦྱོར་བ་ཡོད་པར་བཞེད་པ་འདྲའོ། །འཕགས་པས་ནི་དེ་གསུམ་ཆར་ཡང་མཐོང་ལམ་ལ་སྦྱོར་ཏེ་སྔར་བཤད་ཟིན་ཏོ། །ཕ་རོལ་ཏུ་ཕྱིན་པ་ཕྱི་མ་བཞི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་རྣམ་པ་དྲུག་ཐམས་ཅད་དུ་ཡོངས་སུ་རྫོགས་པས་ས་བཅུ་ཡང་དག་པར་སྒྲུབ་པར་བྱེད་པ་དང་། ཞེས་པ་ལྟར་ན། ཕར་ཕྱིན་དྲུག་གི་མཐར་གྱིས་པའི་སྦྱོར་བ་ས་དང་པོ་ནས་འཇོག་པར་མངོན་ཏེ། ཚོགས་ལམ་དུ་རྣམ་རྫོགས་སྦྱོར་བ་བསྒོམ་པ་ལས་བསྒོམ་བྱའི་དོན་ལ་གསལ་སྣང་ཐོབ་པའི་སྦྱོར་ལམ་སྐྱེས་པ་ལ་རྩེ་སྦྱོར་དུ་འཇོག་ཅིང་། སྦྱོར་ལམ་དུ་རྩེ་སྦྱོར་བསྒོམ་པས་ས་དང་པོར་ཕར་ཕྱིན་དྲུག་ཐོབ་སྟེ། ཕར་ཕྱིན་དྲུག་གི་སྒོ་ནས་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་བསྒོམ་པ་ལ་ཕར་ཕྱིན་དྲུག་གི་མཐར་གྱིས་པར་འཇོག་པའི་ཕྱིར་སྙམ་དུ་སེམས་ཏེ་དཔྱད་དོ། །ཕ་རོལ་ཏུ་ཕྱིན་པ་ཕྱི་མ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་ཚུལ་ལ་ཆོས་ཀྱི་བཤེས་གཉེན་གྱིས་ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བཞི་པོ་འདི་རྣམས་ཡུམ་གྱི་ནང་དུ་འདུས་པར་གྱུར་པ་ནི་སྦྱིན་པ་ལ་སོགས་པ་རྣམས་བྱང་ཆུབ་ཆེན་པོར་བསྔོས་པའི་མཐུ་ཡིས་ཅུང་ཟད་ཡང་འཁོར་བ་ཇི་སྲིད་དུ་མི་ཟད་པར་བྱེད་པའི་ཐབས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ནི་ཤེས་རབ་ཀྱི་ཁྱད་པར་ཉིད་དོ། །ཡང་སྦྱིན་པ་ལ་སོགས་པའི་དངོས་པོ་ངན་པའམ་ཉུང་ངུ་ཞིག་ན་ཡང་འཕགས་པ་ནམ་མཁའི་མཛོད་ཀྱི་མདོ་ལ་སོགས་པའི་རྗེས་སུ་འབྲངས་ཏེ་མང་ཞིང་ཁྱད་པར་དུ་སྤྲུལ་ཏེ། དེ་ལ་ཕན་འདོགས་པས་འདི་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ཡང་ཡུམ་གྱི་བྱེ་བྲག་གོ །གང་བྱང་ཆུབ་སེམས་དཔའ་ལེགས་པར་སྤྱད་པ་རྣམས་བློས་གཅིག་ཏུ་བསྡུས་ཏེ་དངོས་པོ་དམན་པ་རྣམས་ཀྱང་ཁྱད་དུ་མི་གསོད་པར་བདག་དགེ་བའི་ལས་འདིས་སངས་རྒྱས་འཇིག་རྟེན་གྱི་འདྲེན་པར་གྱུར་ཅིག དེ་མ་ཐོབ་པའི་བར་དུ་ཡང་རིགས་དང་ལོངས་སྤྱོད་ལ་སོགས་པ་འདི་དང་འདི་ལྟར་གྱུར་ཅིག ཅེས་སྨོན་ལམ་འདེབས་པས། དེ་ཇི་ལྟར་སྨོན་པ་ལྟར་འགྲུབ་སྟེ། འདི་ཡང་ཡུམ་གྱི་བྱེ་བྲག་གོ །དེ་དེ་ལྟར་སྨོན་ལམ་གྱི་འབྲས་བུ་གྲུབ་པ་སྤྱོད་པ་ན་ཡང་ཚེ་གཞན་དང་གཞན་དག་ཏུ་དེ་ལྟ་བུའི་གོ་འཕང་ལས་མ་ཉམས་པའི་ཡེ་ཤེས་ཀྱི་སྤྱོད་པ་དང་། ཇི་ལྟར་ཐོབ་པའི་བདེ་བ་རྣམས་ལེགས་པར་སྤྱད་པའི་འབྲས་བུར་འདོད་ཀྱི་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུར་སྨྲ་བ་ལ་སོགས་པ་མི་འདོད་པ་འདི་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡང་ཡུམ་གྱི་བྱེ་བྲག་གོ །ཅེས་གསུངས་སོ། །སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ལས་སྐབས་དྲུག་པའི་གཞུང་གི་འབྲེལ་དང་། དཀའ་བའི་གནས་རྣམས་ལེགས་པར་བཤད་ཟིན་ཏོ།། ༈ །།སྐད་ཅིག་མའི་སྦྱོར་བ་ལ་མཐར་གྱིས་པའི་འོག་ཏུ་སྐད་ཅིག་མའི་སྦྱོར་བ་འཆད་པའི་རྒྱུ་མཚན་དང་། རྒྱུ་མཚན་ཅན་གྱི་སྐད་ཅིག་མའི་སྦྱོར་བ་དངོས་གཉིས་ལས། དང་པོ་ནི། མཐར་གྱིས་པའི་སྦྱོར་བ་བསྒོམ་པའི་དགོས་པ་ནི་བསྒོམ་བྱའི་མཁྱེན་གསུམ་གྱི་རྣམ་པ་ཅིག་མངོན་དུ་གྱུར་པ་ན་མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་མངོན་དུ་འགྱུར་བའི་ཆེད་ཡིན་ལ་དེ་བསྒོམ་པས་བརྟན་པ་ཐོབ་ནས་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་དུ་འགྱུར་བའི་གནས་སྐབས་ལ་སྐད་ཅིག་མའི་སྦྱོར་བར་འཇོག་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟ་བུའི་སྐད་ཅིག་མའི་སྦྱོར་བའི་ངོ་བོ་ནི་རྒྱུན་མཐའི་ཡེ་ཤེས་ཡིན་ལ་དེ་ལ་མཚན་ཉིད་དེ་དོན་ལྡོག་མི་འདྲ་བའི་སྒོ་ནས་བཞིར་བྱེད་པ་ཡིན་ཏེ། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་གྱུར་པའི་ཚེ་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་དུ་འགྱུར་བ་དང་། རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་གྱུར་པ་ན་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་དུ་གྱུར་པ་དང་། ཡེ་ཤེས་དེ་གཉིས་ཀྱིས་ཤེས་བྱ་རྟོགས་པའི་ཚུལ་ལ་ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་པ་དང་། གཟུང་འཛིན་གཉིས་སུ་མེད་པར་རྟོགས་པའི་ལྡོག་པ་ནས་སྐད་ཅིག་མའི་སྦྱོར་བ་བཞིའི་རིམ་པ་བཞིན་དུ་གཞག་པའི་ཕྱིར་རོ། །དེ་ལ་དང་པོ་ནི། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཞེས་སོགས་དང་། དེའི་དཔེ་ཡང་། ཇི་ལྟར་སྐྱེས་བུའི་ཟོ་ཆུན་རྒྱུད། །ཅེས་སོགས་དང་། གཉིས་པ་ནི། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །ཞེས་སོགས་དང་། གསུམ་པ་ནི། སྦྱིན་པ་ལ་སོགས་སྤྱོད་པ་ཡི། །ཞེས་སོགས་དང་། བཞི་པ་ནི། རྨི་ལམ་དང་ནི་དེ་མཐོང་ཉིད། །ཞེས་སོགས་ཀྱིས་སྟོན་ཏོ། །འོ་ན་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་པ་གང་། རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་པ་ནི་གང་། དེ་གཉིས་ཀྱི་རྟོགས་རིགས་ནི་ཇི་ལྟ་བུ་གཅིག་མངོན་དུ་བྱས་པ་ན་རིགས་མཐུན་ཐམས་ཅད་མངོན་དུ་བྱས་པའི་དཔེ་གང་ཞེ་ན། མ་དག་ས་བདུན་གྱི་ཟག་མེད་ཀྱི་ཡོན་ཏན་ལ་རྣམ་པར་སྨིན་པ་མ་ཡིན་པ་ཞེས་བརྗོད་དེ། མངོན་པ་བ་དག་གིས་རྣམ་པར་སྨིན་པ་མ་ཡིན་པའི་སྦྱོར་བྱུང་གི་ཡོན་ཏན་རྣམས་ཚེ་འདིར་འབད་རྩོལ་ལ་ལྟོས་པར་འདོད་པ་དང་འདྲ་བར་འདི་ཡང་མཚན་འཛིན་གྱིས་བར་ཆད་དང་བཅས་པས་འབད་རྩོལ་ལ་ལྟོས་པའི་ཕྱིར་རོ། །དག་པ་སའི་ཟག་མེད་ཀྱི་ཡོན་ཏན་རྣམས་ལ་རྣམ་པར་སྨིན་པ་ཞེས་བརྗོད་དེ། མངོན་པ་བ་དག་གིས་རྣམ་པར་སྨིན་པའི་འབྲས་བུ་དེ་སྔ་མའི་ལས་ཉོན་གྱིས་ཚེ་འདིར་འབད་རྩོལ་མེད་པར་གྲུབ་པར་འདོད་པ་ལྟར་འདིར་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར་ཐོབ་པས་འབད་རྩོལ་ལ་མི་ལྟོས་པའི་ཕྱིར་རོ། །ཡོན་ཏན་དེ་གཉིས་ཀྱི་རིགས་རྒྱུན་རྒྱུན་མཐའི་གནས་སྐབས་སུ་ཡོད་པ་ལ་དེ་གཉིས་ཀྱི་རྟོགས་པའི་རིགས་སུ་འཇོག་གོ །དཔེ་ནི་སྔར་བཤད་ཟིན་པ་ལས་ཤེས་སོ། །རྒྱུ་མཚན་འདིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཐར་གྱིས་པ་ས་དང་པོ་ནས་ཡོད་པར་གྲུབ་སྟེ། མཐར་གྱིས་པའི་སྦྱོར་བས་བསྒོམ་པར་བྱ་བའི་རྟོགས་པའི་རིགས་རྣམས་སྐད་ཅིག་མའི་སྦྱོར་བའི་གནས་སྐབས་སུ་མངོན་དུ་འགྱུར་བ་གང་ཞིག དེར་མངོན་དུ་འགྱུར་བའི་ཆོས་རྣམས་རྣམ་པར་སྨིན་པ་མ་ཡིན་པའི་ཟག་པ་མེད་པའི་རྟོགས་རིགས་དང་། རྣམ་པར་སྨིན་པའི་ཟག་པ་མེད་པའི་རྟོགས་རིགས་གཉིས་སུ་འདུས་པའི་ཕྱིར་སྙམ་དུ་སེམས་ཏེ་ལེགས་པར་དཔྱད་དགོས་སོ། །སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ལས་སྐབས་བདུན་པའི་འབྲེལ་དང་དཀའ་བའི་གནས་རྣམས་ལེགས་པར་བཤད་ཟིན་ཏོ།། ༈ །།འབྲས་བུ་ཆོས་སྐུ་ལ་སྐད་ཅིག་མའི་འོག་ཏུ་འབྲས་བུ་ཆོས་སྐུ་འཆད་པའི་རྒྱུ་མཚན་དང་། རྒྱུ་མཚན་ཅན་གྱི་འབྲས་བུ་ཆོས་སྐུ་དངོས་གཉིས་ལས། དང་པོ་ནི། སྐད་ཅིག་མའི་སྦྱོར་བ་དེས་རང་གི་སྐད་ཅིག་གཉིས་པར་སྦྱིན་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་ཆོས་ཐམས་ཅད་མངོན་སུམ་དུ་བྱས་པ་ལ་འབྲས་བུ་ཆོས་སྐུར་འཇོག་པའི་ཕྱིར་ན་དེའི་འོག་ཏུ་དེ་བཤད་དོ། །གཉིས་པ་ལ། སྤྱིར་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་སྐུའི་རྣམ་གཞག བྱེ་བྲག་ཏུ་གཞུང་འདིའི་དགོངས་པ་ངེས་པར་བྱ་བ། ཡོན་ཏན་གྱི་ཁྱད་པར་བྱེ་བྲག་ཏུ་བཤད་པ་དང་གསུམ་ལས། དང་པོ་ལ། སྐུ་གཅིག་ཏུ་བཞག་པ། གཉིས་སུ་བཞག་པ། གསུམ་དུ་བཞག་པ། བཞི་དང་ལྔར་རྟོག་པའི་ཚུལ་དང་། མཚན་བཏགས་ཀྱི་ཁྱད་པར། ལོངས་སྤྲུལ་གཉིས་ལ་མུ་བཞི་བརྩི་བ་དང་དྲུག་ལས། དང་པོ་ནི། གསེར་འོད་དམ་པར། ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བ་དགེ་བའི་ཆོས་ཐམས་ཅད་རྫོགས་པའི་ཕྱིར་དེ་ཁོ་ན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཉིད་ཙམ་དུ་གནས་པ་དེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །སྔ་མ་གཉིས་ནི་བཏགས་པ་ཙམ་མོ། །ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ་སྐུ་དེ་གཉིས་ཀྱི་གཞི་བྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དེ་བཞིན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་སངས་རྒྱས་རྣམས་ཀྱི་ཆོས་གང་ཡང་མེད་པའི་ཕྱིར་རོ། །ཞེས་དང་། གཞན་དོན་མོས་པ་ཆུང་ངུ་འབྲིང་གི་མདོར། དགེ་སློང་དག་འདི་ལ་ནི་སྐུ་དམ་པར་མ་འཛིན་པར་དགེ་སློང་དག་ང་ལ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་ལྟོས་ཤིག ཅེས་དང་། འགྱུར་འགའ་ཞིག་ལས་དགེ་སློང་དག་ང་ལ་ནི་འཇིག་ཚོགས་ཀྱི་སྐུར་མ་ལྟ་བར་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་ལྟོས་ཤིག ཅེས་འབྱུང་ལ། དེའི་དོན་འགྲེལ་ཆེན་དུ། མཚན་དང་དཔེ་བྱད་འབར་བ་རྣམ་པར་མཛེས་པའི་འཇིག་ཚོགས་ལ་སྐུར་མ་འཛིན་ཞེས་གཟུགས་སྐུ་གཉིས་སངས་རྒྱས་ཀྱི་སྐུ་བཏགས་པ་བ་ཡིན་པས་སྐུ་མཚན་ཉིད་པ་ཆོས་སྐུ་ཁོ་ནར་གསུངས་སོ། །གཉིས་པ་ནི་རྒྱུད་བླར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་སྐུ་ལ་རང་དོན་དོན་དམ་པའི་སྐུ་དང་། གཞན་དོན་ཀུན་རྫོབ་པའི་སྐུ་གཉིས་དང་། ཡོན་ཏན་ལ་བྲལ་བའི་ཡོན་ཏན་དང་། རྣམ་པར་སྨིན་པའི་ཡོན་ཏན་གཉིས་སུ་ཕྱེ་ནས་སྐུ་གཉིས་ལ་ཡོན་ཏན་གཉིས་པོ་སོ་སོར་བསྟེན་པར་བཤད་དོ། །གསུམ་པ་ནི། རྒྱུད་བླར། རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡི། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་དང་། རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །ཞེས་དང་། གཞུང་འདི་དང་ཐེག་བསྡུས་དང་། མངོན་པ་ཀུན་ལས་བཏུས་ལ་སོགས་པ། ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ཕལ་ཆེར་ལས་སྐུ་གསུམ་དུ་གསུངས་སོ། །བཞི་པ་ནི། མངོན་རྟོགས་རྒྱན་གྱི་འགྲེལ་བྱེད་ཁ་ཅིག སྐུ་གསུམ་གྱི་དང་པོ་ལ་ངོ་བོ་ཉིད་སྐུ་དང་། ཆོས་སྐུ་གཉིས་སུ་ཕྱེ་ནས་སྐུ་བཞིར་འདོད་པ་དང་། ཆོས་བཤེས་ཀྱིས། དེ་ལྟར་བཞིར་ཕྱེ་བའི་ལོངས་སྐུ་ལ་ཡང་ས་བཅུ་པའི་བྱང་སེམས་ཁོ་ན་ལ་སྣང་བའི་ལོངས་སྐུ་ཆེན་པོ་དང་། ས་དང་པོ་ཡན་ཆད་ལ་སྣང་བའི་ལོངས་སྐུ་ཕལ་པ་གཉིས་སུ་ཕྱེ་ནས་ལྔར་བྱེད་པ་དང་། ཁ་ཅིག སྤྲུལ་སྐུ་ལ་རྣམ་པར་སྨིན་པའི་སྤྲུལ་སྐུ་དང་། རྣམ་པར་སྨིན་པ་མ་ཡིན་པའི་སྤྲུལ་སྐུར་ཕྱེ་ནས་ལྔར་བྱེད་པ་དང་། གསེར་གླིང་པས་རྩ་བ་ཆོས་ཀྱི་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་སྐུ་ལྔའི་བདག་ཉིད་དུ་གྲུབ་ཅེས་པ་སོགས་རྣམ་རྟོག་གིས་སྤྲོ་བསྡུའི་སྐུ་བཞི་དང་ལྔའི་གྲངས་ངེས་བྱེད་པ་ནི་རིན་པོ་ཆེ་བསོད་ནམས་རྩེ་མོས་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ཡེ་ཤེས་བཞི་དང་སྐུ་གསུམ་བཤད་པ་ཡིན་གྱི་ཡེ་ཤེས་ལྔ་དང་སྐུ་བཞིར་བྱེད་པ་ནི་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པར་གསུངས་པ་ཉིད་ཀྱིས་བཀག་ཟིན་ཏོ། །ལྔ་པ་ནི། གཞུང་ལུགས་འགའ་ཞིག་ལས། སངས་རྒྱས་ཀྱི་སྐུ་ལ་གསུམ་དུ་གསུངས་པ་དང་། འགའ་ཞིག་ལས་གཟུགས་སྐུ་གཉིས་སྐུ་བཏགས་པ་བར་གསུངས་པས་ཇི་ལྟར་བྱ་སྙམ་ན། གནད་ཀྱི་དོན་ནི་འདི་ཡིན་ཏེ། སངས་རྒྱས་རང་སྣང་ལ་དབྱིངས་དང་ཡེ་ཤེས་རོ་གཅིག་པའི་ཆོས་ཀྱི་སྐུ་གཅིག་པུར་གནས་ཏེ། རང་སྣང་ལ་ཤེས་བྱ་ཐམས་ཅད་དབྱིངས་དང་ཡེ་ཤེས་རོ་གཅིག་པའི་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །འདི་ལ་དགོངས་ནས་གསེར་འོད་དུ། སྐུ་གཞན་གཉིས་བཏགས་པ་བར་གསུངས་ཤིང་། ཡང་དེ་ཉིད་ལས། སྐུ་གཉིས་ལ་ནི་མྱ་ངན་ལས་འདས་པ་ཞེས་མི་བྱ་སྟེ། ཆོས་ཀྱི་སྐུ་ལས་གཞན་པའི་སངས་རྒྱས་མེད་པའི་ཕྱིར་རོ། །ཅིའི་ཕྱིར། སྐུ་གཉིས་པོ་མྱ་ངན་ལས་འདས་པ་ཞེས་མི་བྱ་ཞེ་ན། སྐུ་དེ་གཉིས་ནི་ཡང་དག་པ་མ་ཡིན་པ་བཏགས་པ་ཙམ་པས་སྐད་ཅིག་ཏུ་སྐྱེ་ཞིང་འགག་པ་རྟག་པར་མི་གནས་པ་ཞེས་གསུངས་པ་དང་། རྡོ་རྗེ་གཅོད་པར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་མི་བྱའོ། །རབ་འབྱོར་གལ་ཏེ་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་འགྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་ཏེ། དེ་བས་ན་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་མི་བྱའོ། །ཞེས་དང་། དེ་རྣམས་ཀྱི་དོན་ཚིགས་སུ་བཅད་པ། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་ཡི། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །ཞེས་གསུངས་སོ། །གདུལ་བྱའི་གཞན་སྣང་གི་དབང་དུ་བྱས་ནས་གཟུགས་སྐུ་གཉིས་ཀྱང་སངས་རྒྱས་ཀྱི་སྐུ་མཚན་ཉིད་པ་ཡིན་ཏེ། གདུལ་བྱའི་ངོར་ཕྲིན་ལས་མཛད་པའི་སངས་རྒྱས་ཀྱི་སྐུ་མཚན་ཉིད་པ་གཅིག་ཡོད་དགོས་ཤིང་། དེ་ཡང་གདུལ་བྱའི་བློ་ལ་ཤར་བའི་གཟུགས་སྐུ་གཉིས་ལ་འཇོག་དགོས་པའི་ཕྱིར། འདི་ལ་དགོངས་ནས་རྒྱུད་བླར། རང་དོན་དོན་དམ་པའི་སྐུ་དང་། གཞན་དོན་ཀུན་རྫོབ་པའི་སྐུ་གཉིས་སུ་ཕྱེ་ནས་ཕྱི་མས་ཕྲིན་ལས་མཛད་པ་ན་སངས་རྒྱས་ཀྱི་ཕྲིན་ལས་སུ་འཇོག་ཅིང་དེ་ཡང་སྐུ་སྔ་མ་དེའི་གཟུགས་བརྙན་ཙམ་ཡིན་གྱི། སྐུ་སྔ་མ་ལྟར་མཚན་ཉིད་པ་མིན་པའི་ཚུལ་རྒྱས་པར་གསུངས་སོ། །དེང་སང་ཕལ་ཆེར། ཇི་ལྟར་བཻ་ཌཱུར་དག་པ་ཡི། །ཞེས་སོགས་ཀྱི་དོན། སྤྲུལ་སྐུ་དེ་ལོངས་སྐུའི་གཟུགས་བརྙན་ཡིན་པའི་དོན་ལ་འཆད་པ་ནི་རྒྱུད་བླའི་གཞུང་གོང་འོག་གི་བབ་སྒྲིག་མ་ཤེས་ཤིང་ཐུབ་པའི་དབང་པོའི་སྐུ་ཞེས་པ་རང་དོན་ཆོས་ཀྱི་སྐུ་ལ་འཇུག་པའི་དོན་མ་རྟོགས་པར་ཟད་དོ། །མངོན་པར་རྟོགས་པའི་རྒྱན་འདིར་ཡང་སྐུ་གསུམ་ལ་ཕྲིན་ལས་ཉི་ཤུ་རྩ་བདུན་སྦྱར་བའི་སྐབས་ཡིན་པས་གདུལ་བྱའི་གཞན་སྣང་གི་དབང་དུ་བྱས་ནས་གཟུགས་སྐུ་གཉིས་ཀྱང་སངས་རྒྱས་ཀྱི་སྐུ་མཚན་ཉིད་པར་བཤད་དེ། ཕྲིན་ལས་དངོས་སུ་མཛད་པའི་སངས་རྒྱས་ནི་གཟུགས་སྐུ་གཉིས་ལས་གཞན་མེད་པའི་ཕྱིར་རོ། །མདོར་ན་སངས་རྒྱས་རང་གི་གནས་ལུགས་འཆད་པའི་ཚེ་སངས་རྒྱས་ཀྱི་སྐུ་མཚན་ཉིད་པ་ཆོས་སྐུ་གཅིག་པུ་ཡིན་ཏེ། ལོངས་སྤྲུལ་གཉིས་ཀྱང་མཚན་དང་དཔེ་བྱད་ཀྱི་སྤྲས་པའི་གཟུགས་སྐུ་ལ་མི་འཇོག་པར་ཡེ་ཤེས་ཕྱི་མ་གསུམ་ལ་འཇོག་པའི་ཕྱིར་རོ། །གདུལ་བྱའི་ངོར་ཕྲིན་ལས་མཛད་ཚུལ་འཆད་པའི་ཚེ་མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་གཟུགས་སྐུ་གཉིས་ཀྱང་སངས་རྒྱས་ཀྱི་སྐུ་མཚན་ཉིད་པར་འཇོག་སྟེ། དེའི་ཚེ་གདུལ་བྱའི་བློ་ངོར་སྣང་ཚུལ་གྱི་རྣམ་གཞག་འཆད་པའི་སྐབས་ཡིན་ཞིང་། གདུལ་བྱའི་ངོར་གཟུགས་སྐུ་གཉིས་ཀྱང་སངས་རྒྱས་སུ་སྣང་བའི་ཕྱིར་རོ། །ཇི་སྐད་དུ། གཞན་དོན་མོས་པ་ཆུང་ངུ་འབྲིང་གི་སྐབས་སུ་འགྲེལ་ཆེན་དུ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་འབར་བ་དང་ལྡན་པ་སེམས་ཅན་སྐལ་བ་ཅན་རྣམས་ཀྱིས་ཉེ་བར་མཐོང་བ་འདི་ནི་སྟོན་པའི་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་སྐུ་མིན་མོད་ཀྱི་འོན་ཀྱང་མཆོག་ཏུ་དྲི་མ་མེད་པའི་ཡོན་ཏན་མཐའ་ཡས་པའི་ཚོགས་དང་ལྡན་པ་ཆོས་ཀྱི་སྐུའི་དབང་གིས་དེ་རྣམས་ཀྱིས་རང་གི་ཤེས་པ་དེ་ལྟ་བུའི་གཟུགས་ཀྱི་སྐུའི་རྣམ་པར་སོ་སོར་སྣང་སྟེ། ཞེས་དང་། གསེར་འོད་དུ་དཔེར་ན་སྟོང་པ་ལ་བརྟེན་ཏེ་གློག་འབྱུང་ངོ་། །གློག་ལ་བརྟེན་ཏེ་འོད་འབྱུང་ངོ་། །དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་ངོ་། །ལོངས་སྐུ་ལ་བརྟེན་ཏེ་སྤྲུལ་པའི་སྐུ་སྣང་ངོ་། །ཞེས་གསུངས་སོ། །དྲུག་པ་ནི། གསེར་འོད་ལས། རིགས་ཀྱི་བུ་གཞན་ཡང་སྐུ་འདི་གསུམ་དབྱེ་བ་ལ་ཡང་རྣམ་པ་བཞི་སྟེ། སྤྲུལ་པའི་སྐུ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་མ་ཡིན་པ་ཡང་ཡོད་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ་སྤྲུལ་པའི་སྐུ་མ་ཡིན་པ་ཡང་ཡོད། སྤྲུལ་པའི་སྐུ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་ཡང་ཡོད། སྤྲུལ་པའི་སྐུ་མ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་མ་ཡིན་པ་ཡང་ཡོད་དོ། །སྤྲུལ་པའི་སྐུ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་མ་ཡིན་པ་གང་ཞེ་ན། དེ་བཞིན་གཤེགས་པ་གནས་སམ་མྱ་ངན་ལས་འདས་སུ་ཟིན་ཡང་སྨོན་ལམ་གྱི་དབང་གིས་སྐལ་བ་ཇི་ལྟ་བ་བཞིན་ཕན་ཐོགས་པ་ནི་སྤྲུལ་པའི་སྐུ་ཞེས་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ་སྤྲུལ་པའི་སྐུ་མ་ཡིན་པ་གང་ཞེ་ན། སའི་སྔ་རོལ་པའི་སྐུའོ། །སྤྲུལ་པའི་སྐུ་ཡང་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན་པ་དེ་གང་ཞེ་ན། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་སྐུའོ། །སྤྲུལ་པའི་སྐུ་ཡང་མ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་མ་ཡིན་པ་དེ་ནི་ཆོས་ཀྱི་སྐུའོ། །ཞེས་མུ་བཞི་གསུངས་པའི་དང་པོ་ནི་མཆོག་གི་སྤྲུལ་སྐུ་ལས་གཞན་པའི་སྤྲུལ་པའི་སྐུ་རྣམས་སོ། །གཉིས་པ་ནི། སངས་རྒྱས་ཀྱི་ས་ཡིན་ལ། དེའི་སྔ་རོལ་པ་ནི་ས་བཅུ་པ་བ་ཡིན་པས། དེ་ལ་སྣང་བའི་གཟུགས་སྐུ་སྟེ། མདོ་འདིར་གཟུགས་ཀྱི་སྐུ་ནི་གདུལ་བྱའི་སྣང་བ་ཁོ་ན་ལ་འཇོག་པའི་སྐབས་ཡིན་པའི་ཕྱིར་རོ། །གསུམ་པ་ནི་མཆོག་གི་སྤྲུལ་སྐུ་ལྟ་བུའོ། །བཞི་པ་ནི་ངོ་བོ་ཉིད་ཀྱི་སྐུ་ལྟ་བུའོ། །གཉིས་པ་བྱེ་བྲག་ཏུ་གཞུང་འདིའི་དགོངས་པ་ངེས་པར་བྱ་བ་ལ་གཉིས་ཏེ། སྐུ་བཞིར་ཕྱེ་བའི་ལུགས་བརྗོད་ཅིང་། དེ་ལ་ལུང་རིགས་ཀྱིས་དཔྱད་པ་བྱ་བ་དང་། སྐུ་གསུམ་དུ་ཕྱེ་བའི་ལུགས་བརྗོད་ཅིང་དེ་ལུང་རིགས་ཀྱིས་གྲུབ་པའི་ཚུལ་ལོ། །དང་པོ་ནི། སློབ་དཔོན་གྱི་འགྲེལ་པ་འདིའི་དངོས་བསྟན་དང་གསེར་གླིང་པ། ཆོས་བཤེས། ཤེར་འབྱུང་བློ་གྲོས། བུདྡྷ་ཤྲཱི་རྣམས་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་ལ་སྐུ་བཞིར་གྲངས་ངེས་ཤིང་མཛད་པ་ནི་ཞར་བྱུང་ཡིན་པར་བཞེད་དོ། །ལུས་རྣམ་གཞག་ཏུ་ངོ་བོ་ཉིད་ལོངས་རྫོགས་བཅས་དང་། དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་པའི་ཆོས་སྐུ་ནི་དབྱེ་བའི་ཡ་གྱལ་གྱི་ཆོས་སྐུ་ཡིན་ཞིང་། མཇུག་ཏུ་སྨོས་པའི་དགོས་པ་ནི་ཡེ་ཤེས་ཆོས་སྐུ་ཁོ་ན་དང་མཛད་པ་སྦྱར་བའི་ཆེད་ཡིན་ལ། མཛད་པ་ཡེ་ཤེས་ཆོས་སྐུ་ཁོ་ནའི་ཡིན་པའི་རྒྱུ་མཚན་ཡང་ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་རྫོགས་སྐུར་སྣང་བ་སྐྱེད་དེ། དེ་ཉིད་སྤྲུལ་སྐུར་སྣང་བ་སྐྱེད་ནས་ཕྲིན་ལས་མཛད་པའི་ཕྱིར་རོ། །གཞན་དུ་ན་སངས་རྒྱས་ཀྱི་སའི་ཁྱད་པར་གསུམ་ལྡན་གྱི་ཡེ་ཤེས་གདོན་མི་ཟ་བར་ཁས་བླང་དགོས་པ་རྣམས་སངས་རྒྱས་ཀྱི་སྐུས་མ་བསྡུས་པར་འགྱུར་ཏེ། སྐུ་གསུམ་གང་རུང་གིས་མ་བསྡུས་པའི་ཕྱིར་ཞེས་བཞེད་དོ། །འདི་ནི་མངོན་པར་རྟོགས་པའི་རྒྱན་ཕར་ཕྱིན་ཐེག་པར་འཆད་པའི་ཚེ་གཞུང་གི་དགོངས་པ་མ་ཡིན་ཏེ། ཆོས་སྐུ་མཛད་པ་དང་བཅས་པ། ཞེས་པའི་ཆོས་སྐུ་དེ་དབྱེ་བའི་ཡ་གྱལ་གྱི་ཆོས་སྐུ་མ་ཡིན་གྱི། ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །ཅེས་པའི་སྐབས་ཀྱི་ཆོས་སྐུ་དང་སྦྱར་བའི་ཚིག་ཡིན་པའི་ཕྱིར། མངོན་པར་རྟོགས་པ་གཞན་བདུན་ལ་ལུས་དང་སྦྱར་བའི་ཚིག་རེ་རེ་ཡོད་པ་ལྟར། འདི་ལ་ཡང་ངེས་པར་དགོས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་མཛད་པ་ཕྲིན་ལས་མཚོན་བྱེད་ཀྱི་ཆོས་གཅིག་ཏུ་བགྲང་དགོས་པས། དེ་ལུས་དང་སྦྱར་བའི་ཚིག་གི་མཇུག་ཏུ་འབྱུང་བ་མི་འཐད་དོ་སྙམ་ན་འདིའི་དོགས་པ་སེལ་བའི་ཆེད་དུ། རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་པའི་གཞུང་གསུངས་པ་དེ་དྲན་པར་གྱིས་ཤིག གལ་ཏེ་ལུས་རྣམ་གཞག་ཏུ་ཆོས་སྐུ་ཐ་མར་སྨོས་པ་དེ་ཚིགས་བཅད་སྦྱར་བདེ་བའི་ཆེད་ཡིན་ནོ་སྙམ་ན། དེ་ལྟར་ན། དེ་བཞིན་གཞན་པ་སྤྲུལ་པ་ནི། །ཞེས་སྨོས་མི་རིགས་པར་སྤྲུལ་པ་དང་། ཞེས་སྨོས་རིགས་པར་འགྱུར་ཏེ། དེ་གཉིས་ཚིགས་བཅད་སྦྱར་བདེ་མི་བདེ་ཁྱད་པར་མེད་པ་གང་ཞིག་ནི་ཞེས་པའི་ཚིག་དེས་སྐུ་སྔ་མ་གསུམ་པོ་དེ་ཆོས་སྐུའི་མཚན་གཞིར་སྟོན་ཅིང་། དང་ཞེས་པས་སོ་སོར་འབྱེད་ནུས་པའི་ཕྱིར་རོ། །སྒྲུབ་བྱེད་ལ་ཁྱབ་པ་མ་ངེས་པའམ་ཡང་ན་འགལ་བའི་སྐྱོན་གནས་པར་སྣང་སྟེ། དང་པོ་ནི། ཆོས་འཁོར་རིམ་པ་གསུམ་བསྐོར་བ་པོ་དེ་རྣམ་མཁྱེན་ཁོ་ནར་འགྱུར་ཏེ། རྣམ་མཁྱེན་གྱིས་བདག་རྐྱེན་བྱས་ནས་སྤྲུལ་སྐུས་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་ཕྱིར་རོ། །གལ་ཏེ་ཁྱབ་པ་འགལ་ལོ་སྙམ་ན་བདེན་མོད་ཀྱི་དེ་ལྟར་ན་ཕྲིན་ལས་ཉེར་བདུན་པོ་ཡེ་ཤེས་ཆོས་སྐུ་ཁོ་ནའི་ཡིན་ཏེ། སྐུ་གསུམ་ཆར་གྱི་ཡིན་པའི་ཕྱིར་ཞེས་བཀོད་པར་སོང་བས། ཁྱབ་པ་འགལ་བར་དོགས་སོ། །གཞན་ལ་སྐྱོན་བརྗོད་པ་དེ་ཡང་མི་འཐད་དེ། སངས་རྒྱས་སའི་ཁྱད་པར་གསུམ་ལྡན་གྱི་ཡེ་ཤེས་དེ་ངོ་བོ་ཉིད་སྐུའི་ཁོངས་སུ་བསྡུ་བའི་སྐབས་ཡིན་པའི་ཕྱིར་རོ། །གཞན་དུ་ན་སྐུ་བཞིར་གྲངས་ངེས་པར་འདོད་ན་ཡང་མཚན་དཔེ་སྐུ་གང་གིས་བསྡུས། རྒྱུད་བླར་སྐུ་གཉིས་སུ་གྲངས་ངེས་པར་བཤད་པའི་སྐབས་སུ་ཡང་བྲལ་བའི་ཡོན་ཏན་དང་། རྣམ་སྨིན་གྱི་ཡོན་ཏན་རྣམས་སྐུ་གང་གིས་བསྡུས་ཞེས་ཁྱེད་ལ་འདྲི་སྟེ། དེའི་ལན་གང་གསུངས་པ་དེ་ཉིད་ཁོ་བོས་ཀྱང་སྨྲ་བ་ལ་དབང་ཕྱུག་གིས་ཅི་ཞིག་བྱར་ཡོད། ད་ནི་གཉིས་པ་སྐུ་གསུམ་དུ་འདོད་པའི་ལུགས་བརྗོད་ཅིང་ལུང་རིགས་ཀྱིས་ངེས་པའི་ཚུལ་བཤད་པར་བྱ་སྟེ། གྲོལ་སྡེ་རྣམ་གཉིས། སློབ་དཔོན་གྱི་འགྲེལ་ཆེན་གྱི་བསྔོ་བའི་སྐབས། ཨ་བྷ་ཡ། ཤཱནྟི་པ། རཏྣ་ཀཱིརྟི་རྣམས་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་ལ་སྐུ་གསུམ་མཛད་པ་ཕྲིན་ལས་དང་བཅས་པ་བཞིར་ངེས་པར་མཛད་དོ། །འདིར་སྐུ་གསུམ་གྱི་ངོ་བོ་མདོར་བསྟན་པ་དང་། ཡོན་ཏན་རྒྱས་པར་བཤད་པ་གཉིས་གཉིས་ལས། དང་པོ་ངོ་བོ་ཉིད་སྐུ་ལ་ངོ་བོ་མདོར་བསྟན་པ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་སོགས་ཚིགས་བཅད་གཅིག་དང་། འོག་གི་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཞེས་པ་སྟེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་འབྲེལ་ལོ། །ཆོས་ཀྱི་སྐུ་དེ་ཡང་དྷརྨཱ་ཏ་ཀ་ཡ་ཞེས་ཆོས་ཉིད་ཀྱི་སྐུ་ཡིན་པ་ལས། ངོ་བོ་ཉིད་ཀྱི་རྐྱེན་ཏ་མི་མངོན་པར་བྱས་ནས་དྷརྨཱ་ཀ་ཡ་ཞེས་ཆོས་ཀྱི་སྐུར་བཞག་པ་ཡིན་ནོ། །ཆོས་ཉིད་ཀྱི་སྐུ་དེ་གང་ཞེ་ན། ཟག་པ་མེད་པའི་ཆོས་དང་། གློ་བུར་དྲི་བྲལ་དང་། རང་བཞིན་རྣམ་དག་གསུམ་དབྱེར་མེད་པ་ཡིན་ནོ། །ཞེས་པ་ནི། ཟག་པ་མེད་པའི་ཆོས་གང་དག །ཞེས་སོགས་རྐང་པ་གསུམ་གྱིས་སྟོན། ཡོན་ཏན་རྒྱས་པར་བཤད་པ་ནི་དེ་གསུམ་གྱི་ནང་ནས་ཟག་མེད་ཀྱི་ཆོས་དེ་གང་ཞེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཞེས་པའི་བར་རོ། །གང་དག་དང་གི་སྒྲས་གཞི་ཤེས་དང་ལམ་ཤེས་སྡུད་པ་ནི་གཞུང་གི་དོན་མ་ཡིན་ཏེ། ཐེག་བསྡུས་དང་། ཀུན་བཏུས་སོགས་ལས་སྡེ་ཚན་འདི་དག་འཆད་པའི་སྐབས་སུ་རྣམ་མཁྱེན་ལས་ལོགས་སུ་དེ་གཉིས་མ་བགྲངས་ཤིང་། འདིར་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་ལ་རྣམ་མཁྱེན་དུ་འཇོག་པའི་སྐབས་ཡིན་པས་གཞན་གཉིས་ཀྱང་དེའི་ནང་དུ་འདུས་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ནི་ཞེས་སྨོས་ན་སྡེ་ཚན་ཉེར་གཅིག་པོ་མཚན་གཞིར་གཟུང་ནས་སྐབས་འདིའི་ཆོས་སྐུར་འགྱུར་ལ་དེ་ལྟར་ན་སྡེ་ཚན་ཉེར་གཅིག་པོ་ཆོས་ཉིད་ཀྱི་སྐུར་འགྱུར་བས་དེ་སྤོང་བའི་ཆེད་དུ་དང་ཞེས་འབྱེད་པའི་སྒྲ་གསུངས་པ་ནི་འཕགས་པས་དང་ཞེས་པ་འབྱེད་པ་ལ་འཆད་ཀྱི་སྡུད་པ་ལ་མི་འཆད་པའི་དོན་ཡིན་ནོ། །མདོར་བསྡུ་ན། སྐུ་བཞིར་འདོད་པ་མི་འཐད་དེ། ནི་ཞེས་པའི་ཚིག་དང་ཞེས་པའི་ཚིག་མ་ཡིན་པའི་ཕྱིར་དང་། དང་ཞེས་པ་ནི་ཞེས་པར་མི་རུང་བའི་ཕྱིར་རོ། །ལེགས་པར་དཔྱོད་ཅིག ཟག་མེད་ཀྱི་ཆོས་རྣམས་ཀྱི་ནང་ནས་ཉོན་མོངས་པ་མེད་པ་དང་། སྨོན་གནས་མཁྱེན་པ་གཉིས་ཉན་ཐོས་ཀྱི་དེ་གཉིས་ལས་ཁྱད་པར་འཕགས་པར་ཤེས་པའི་ཆེད་དུ་ཉན་ཐོས་ཉོན་མོངས་མེད་པའི་ལྟ། ཞེས་སོགས་དང་། སངས་རྒྱས་སྨོན་གནས་མཁྱེན་པ་ནི། །ཞེས་སོགས་གསུངས་སོ། །སྨོན་མཁྱེན་རྟག་ཏུ་གནས་པ་ལ་རྩོད་པ་སྤོང་བ་ནི། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །ཞེས་སོགས་ཚིགས་བཅད་གཉིས་སོ། །ཁྱབ་རྟགས་གཉིས་ཀ་ལ་རྩོད་པ་སྤོང་བ་ནི། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །ཞེས་སོགས་ཚིགས་བཅད་གཅིག་གོ །ལོངས་སྐུ་ལ་ངོ་བོ་མདོར་བསྟན་པ་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། མཚན་སོ་གཉིས་དང་། དཔེ་བྱད་བརྒྱད་ཅུས་སྤྲས་ཤིང་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་མཚན་ཉིད་གསུམ་ལྡན་དུ་བཤད་དོ། །ཡོན་ཏན་རྒྱས་པར་བཤད་པ་ལ་མཚན་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ། །ཞེས་སོགས་ཚིགས་བཅད་ལྔས་བསྟན། དེའི་རྒྱུ་ནི། འདི་ལ་མཚན་ནི་གང་གང་གིས། །ཞེས་སོགས་ཚིགས་བཅད་གསུམ་གྱིས་བསྟན། དཔེ་བྱད་ནི། ཐུབ་པའི་སེན་མོ་ཟངས་མདོག་དང་། །ཞེས་སོགས་ཚིགས་བཅད་བཅུ་གཉིས་ཀྱིས་བསྟན་ཏོ། །སྤྲུལ་སྐུ་ལ་ངོ་བོ་མདོར་བསྟན་པ་ནི། གང་གིས་སྲིད་པ་ཇི་སྲིད་བར། །ཞེས་སོགས་ཚིགས་བཅད་གཅིག་སྟེ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་ཡུལ་འགྲོ་བ་མཐའ་དག་ལ་གང་ལ་གང་འདུལ་གྱིས་ཕན་པ་སྣ་ཚོགས་པ་མཉམ་དུ་མཛད་པ་སྟེ་ཁྱད་པར་གསུམ་ལྡན་ནོ། །དེ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པས་བྱེ་བྲག་ཏུ་སྨྲ་བ་འདོད་པ་ལྟར་གྱི་དེ་རྒྱུན་ཆད་པ་སྲིད་དམ་སྙམ་པའི་དོགས་པ་ལྡོག་པའི་ཕྱིར་དུ་རྒྱུན་མི་ཆད་ཅེས་གསུངས་སོ། །ཡོན་ཏན་རྒྱས་པར་བཤད་པ་ནི། ཕན་པ་སྣ་ཚོགས་མཛད་པ་དེ་ཕྲིན་ལས་ཉེར་བདུན་དང་དོན་གཅིག་པར་དགོངས་ནས་ལོགས་སུ་མ་བསྟན་ཏོ། །མཛད་པ་ཕྲིན་ལས་ནི། དེ་བཞིན་འཁོར་བ་ཇི་སྲིད་འདི། །ཅེས་སོགས་ཏེ། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པ་ནས་མི་གནས་པའི་མྱང་འདས་ལ་འགོད་པར་བྱེད་པའི་བར་ཉེར་བདུན་ནི་སྐབས་འདིའི་ཕྲིན་ལས་དངོས་ཡིན་ལ་བྱ་བའི་ལས་ཉེར་བདུན་ཡང་དེར་བསྡུའོ། །འོ་ན་ཕྲིན་ལས་ཉེར་བདུན་པོ་དེ་མཚོན་བྱེད་ཀྱི་ཆོས་གཞན་དུ་བསྟན་པ་མི་འཐད་པར་འགྱུར་རོ་སྙམ་ན་སྐྱོན་མེད་དེ། སྤྲུལ་སྐུ་ཁོ་ནའི་ཕྲིན་ལས་མ་ཡིན་པར་སྐུ་གསུམ་ཆར་གྱི་ཕྲིན་ལས་ཡིན་ནོ། །ཞེས་ཤེས་པའི་ཆེད་དུ་ལོགས་སུ་བསྟན་པའི་ཕྱིར་རོ། །སྐུ་གསུམ་ཆར་གྱི་ཕྲིན་ལས་སུ་ཇི་ལྟར་འགྱུར་སྙམ་ན། སྦྱོར་བཞི་སྒོམ་པའི་རྣམ་སྨིན་དེ་སངས་རྒྱས་རང་སྣང་ལ་ངོ་བོ་ཉིད་སྐུར་འགྱུར་ཞིང་། དེ་ཉིད་བྱང་སེམས་འཕགས་པ་ལ་ལོངས་སྐུ་དང་། རིགས་ཅན་གསུམ་ལ་སྤྲུལ་སྐུར་སྣང་ཞིང་དེས་ཕྲིན་ལས་འདི་དག་མཛད་པའི་ཕྱིར་རོ། །འོ་ན་སྐུ་གསུམ་ཆར་གྱི་ཡོན་ཏན་རྒྱས་བཤད་དུ་འགྱུར་གྱི་སྤྲུལ་སྐུའི་ཡོན་ཏན་རྒྱས་བཤད་དུ་མི་འགྱུར་རོ་སྙམ་ན་ཉེར་བདུན་པོ་འདི་དག་དངོས་སུ་མཛད་པ་པོ་ནི་སྤྲུལ་སྐུ་ཡིན་པས་དེའི་དབང་དུ་བྱས་པའི་ཕྱིར་ན་སྐྱོན་མེད་དོ། །འདི་ལ་དགོངས་ནས་ཉིར་སྣང་ལས། དེ་བཞིན་འཁོར་བ་ཇི་སྲིད་འདི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་པའི་ཚིག་རྐང་གཉིས་སྤྲུལ་སྐུའི་ས་ཁོངས་ལ་སྦྱར་བ་མཛད་དོ། །གཞན་དག་གིས་ནི་མིག་གིས་མཐོང་ཡང་ཙིཏྟས་མ་ཟིན་པར་སྣང་ངོ་། །བསྟན་བཅོས་འདིའི་ཐོག་མར་གླེང་གཞིའི་འགྲེལ་པ་མཆོད་བརྗོད་ཀྱི་སྐབས་སུ་ཕྲིན་ལས་ཉེར་བདུན་ཚང་བས་དེ་དག་གི་དོན་མངོན་རྟོགས་བརྒྱད་དུ་འདུས་པ་དེ་ཉམས་སུ་བླངས་པས་འབྲས་བུ་སྐུ་གསུམ་འབྱུང་ཞིང་དེ་ལས་ཕྲིན་ལས་ཉེར་བདུན་འབྱུང་ལ་དེ་ཉིད་ཀྱང་གླེང་གཞིའི་ཚུལ་གྱི་མཛད་པ་ལས་མ་འདས་པས་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་མཚོན་པའི་ཆེད་དུ་ཐོག་མར་མཆོད་བརྗོད་དང་། མཇུག་ཏུ་ཕྲིན་ལས་སྨོས་པ་ཡིན་ནོ། །གསུམ་པ་ཡོན་ཏན་གྱི་ཁྱད་པར་བྱེ་བྲག་ཏུ་བཤད་པ་ལ། ཟད་པར་བཤད་པ་དང་། ཟིལ་གནོན་བཤད་པ་གཉིས་ལས། དང་པོ་ལ་བདུན་ཏེ། ངོ་བོ། དབྱེ་བ། གྲངས་ངེས། སྒྲ་དོན། བསྒོམ་པའི་ཚུལ། གྲུབ་པའི་རྟགས། བྱེད་ལས་སོ། །དང་པོ་ནི། ཟད་པར་གྱི་ཏིང་ངེ་འཛིན་གྱི་མཚན་ཉིད། བདག་རྐྱེན་བསམ་གཏན་ལ་བརྟེན་ནས་གང་གི་སྒོ་ནས་ཟད་པར་དུ་འཇོག་པའི་དམིགས་པའི་སྣང་བ་དེས་རང་ཡུལ་གྱི་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ནོ། །ཟད་པར་གྱི་སྐྱེ་མཆེད་ཀྱི་མཚན་ཉིད་འཇོག་ན་དེ་ལྟར་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་འཇོག་དགོས་ཏེ། ཀུན་བཏུས་ལས། ཟད་པར་རྒྱས་པར་བྱེད་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ནི་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ། །ཞེས་གསུངས་པས་སོ། །མཛོད་ལས་ནི། དང་པོ་བརྒྱད་སེམས་བྱུང་མ་ཆགས་པ་དང་། ཐ་མ་གཉིས་ལ་སེམས་སེམས་བྱུང་གཉིས་ཀ་ཡོད་པར་བཤད་དོ། །གཉིས་པ་ལ་ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་སྐྱེ་མཆེད་དེ་བཅུའོ། །མཚན་ཉིད་རིམ་པ་བཞིན་བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་དམིགས་པའི་སྣང་བ་ས་ནས་རྣམ་པར་ཤེས་པའི་བར་གྱི་རང་ཡུལ་དེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་སྟེ་སོ་སོར་སྦྱར་རོ། །མཛོད་ལྟར་ན། དང་པོ་བརྒྱད་ལ་དེ་ལྟར་སྤྲོ་ནུས་པའི་སེམས་བྱུང་མ་ཆགས་པའི་རང་བཞིན་ཞེས་དང་། ཕྱི་མ་གཉིས་ལ། བདག་རྐྱེན་གཟུགས་མེད་ཀྱི་དངོས་གཞི་ལ་བརྟེན་ནས་ཞེས་སྦྱར་རོ། །གསུམ་པ་ནི། རེག་བྱ་དང་། གཟུགས་ཀྱི་སྐྱེ་མཆེད་དང་། ཆོས་དང་། ཡིད་ཀྱི་སྐྱེ་མཆེད་བཞི་ལ་ཟད་པར་བཞག་ནས་ཅིའི་ཕྱིར་སྐྱེ་མཆེད་གཞན་བརྒྱད་ལ་མི་འཇོག་ཅེ་ན། རེག་བྱ་དང་གཟུགས་གཉིས་ནི། རང་གཞན་གཉིས་ཀ་དང་། གཟུགས་ཅན་གྱི་ཁམས་ཐམས་ཅད་ན་ཡོད་པས་ཁྱབ་པར་སྤྲོ་ནུས་པ་དང་། རྟེན་འབྱུང་བ་མེད་པར་བརྟེན་པ་འབྱུང་འགྱུར་སྤྲོ་མི་ནུས་པས་འབྱུང་བ་བཞིའི་ཟད་པར་བཞག་ལ། ནམ་མཁའ་ནི་ཀུན་ལ་ཁྱབ་ཅིང་རྣམ་པར་ཤེས་པ་ཡུལ་ཅན་ཡིན་པས་དེ་དག་ལ་བཞག་གོ །སྐྱེ་མཆེད་གཞན་རྣམས་ལ་མ་ཡིན་ཏེ། དབང་པོ་ལྔ་ཕྱི་རོལ་དུ་སྤྲོ་མི་ནུས་པའི་ཕྱིར་དང་། སྒྲ་ལ་རྒྱུན་མེད་པའི་ཕྱིར། དྲི་རོ་ནི་གཟུགས་ཁམས་སུ་སྤྲོ་མི་ནུས་པའི་ཕྱིར་རོ། །གཟུགས་མེད་ཀྱི་སྐྱེ་མཆེད་དང་པོ་གཉིས་ལ་ཟད་པར་གཞག་པས་ཕྱི་མ་གཉིས་ལ་ཡང་ཅིའི་ཕྱིར་མི་འཇོག་སྙམ་ན། འདི་ལ་མཁས་པ་དག་དེ་གཉིས་སེམས་ནང་དུ་སྡུད་ཅིང་མི་གསལ་བས་མ་གཞག་གོ །ཅེས་གསུངས་པ་ནི་མི་འཐད་དེ། སྲིད་རྩེའི་སེམས་མི་གསལ་བར་བཤད་ཀྱི་གཟུགས་མེད་དང་པོ་གསུམ་ལ་སེམས་གསལ་མི་གསལ་གྱི་ཁྱད་པར་བཤད་པ་མེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཟད་པར་འཇོག་པ་ལ་རང་ཡུལ་གྱི་དམིགས་པའི་གཙོ་བོ་དེ་མཐའ་ཡས་པའི་རྣམ་པ་ཅན་དགོས་པ་ལས་གཟུགས་མེད་དང་པོ་གཉིས་ལ་དེ་ཡོད་ཅིང་། ཕྱི་མ་གཉིས་ལ་དེ་མེད་པའི་ཕྱིར་རོ། །བཞི་པ་ནི། ཟད་པར་དང་། རྒྱས་པར་དང་། ཁྱབ་པར་དང་། མཐའ་དག་ཅེས་པ་རྣམས་མིང་གི་རྣམ་གྲངས་ཡིན་པས། དམིགས་ཡུལ་ས་ལ་སོགས་པ་དེས་ཡུལ་མཐའ་དག་ལ་ཟད་ཟད་ཀྱི་བར་དུ་རྒྱས་པར་བྱེད། ཁྱབ་པར་བྱེད་པའི་དོན་གྱིས་ན་ཟད་པར་ཞེས་བྱ་སྟེ། ཉིར་སྣང་ལས། རྒྱུན་མི་ཆད་པར་ཁྱབ་པར་སྤྲོ་བས་ན་ཟད་པར་གྱི་སྐྱེ་མཆེད་ཅེས་དང་། རྒྱལ་སྲས་མ་ལས། བར་ཆད་མེད་པར་ཟད་པར་ས་ལ་སོགས་པ་རྒྱས་ཤིང་ཁྱབ་པར་བྱེད་པས་དེའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་རྣམས་ཞེས་བྱའོ། །ཞེས་གསུངས་སོ། །ལྔ་པ་ལ་བཞི་སྟེ། ལུས་རྟེན། སེམས་རྟེན། དམིགས་པའི་རྟེན། སྦྱོར་དངོས་ཀྱི་ཡིད་ལ་བྱེད་ཚུལ་ལོ། །དང་པོ་ལ། སྔ་མ་བརྒྱད་ནི་འདོད་པའི་རྟེན་ཅན་ཏེ། ཐོས་བསམ་གྱི་མཐུས་རབ་ཏུ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཐ་མ་གཉིས་ནི་ཀུན་བཏུས་ལྟར་ན་འདོད་གཟུགས་ཀྱི་རྟེན་ཅན་ཡིན་ལ། མཛོད་ལྟར་ན། ཁམས་གསུམ་ཆར་གྱི་རྟེན་ཅན་ཡིན་ཏེ། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེ། །ཞེས་སོ། །གཉིས་པ་ནི། ཀུན་ལས་བཏུས་ལས། ཐམས་ཅད་ཀྱང་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པར་བཤད་ལ། མཛོད་ལས། ཐ་མ་གཉིས་གཟུགས་མེད་ཀྱི་དངོས་གཞི་དག་པ་བར་བཤད་དོ། །གསུམ་པ་ལ་སྔར་སྦྱང་བར་བྱས་པའི་དམིགས་རྟེན་དང་། སྔར་སྦྱང་བར་མ་བྱས་པའི་དམིགས་རྟེན་གཉིས་ལས། དང་པོ་ནི། ཆུ་ཀླུང་དང་། ནགས་ཀྱི་མེ་འབར་བ་དང་། རླུང་གིས་བསྐྱོད་པའི་འོད་མ་དང་། མེ་ཏོག་ལ་སོགས་པ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། དངུལ་དང་། ཟླ་བའི་དཀྱིལ་འཁོར་ལ་སོགས་པ་དང་། ཉི་མ་དང་ཟླ་བའི་འོད་ཀྱིས་ཕོག་པའི་རྩིག་པ་དང་། སྐར་ཁུང་གི་ནང་དང་། བུ་ག་ལ་སོགས་པ་རྣམས་མཐོང་བ་ཙམ་གྱིས་རིམ་པ་ལྟར་ཟད་པར་ཆུ་ནས་ནམ་མཁའི་བར་གྱི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །གཉིས་པ་ནི། ཟད་པར་སའི་དམིགས་རྟེན་ནི་ཉིར་སྣང་ལས་མ་བཤད་ལ། གཞན་རྣམས་ཀྱི་རིམ་པ་ལྟར་ལྷུང་བཟེད་ལ་སོགས་པའི་སྣོད་དྲི་མ་མེད་པ་ཆུ་གཙང་མས་བཀང་བ་དང་། ཐབ་ཁུང་གྲུ་བཞི་པར་འོག་ཏུ་བུད་ཤིང་དང་། བར་དུ་མེ་དང་། སྟེང་དུ་དུ་བ་འཐུལ་བ་དང་། ཡན་ལག་གི་ཕྱོགས་གང་དུ་རླུང་གིས་རེག་པར་འགྱུར་བའི་སྐར་ཁུང་སོགས་ལས་བྱུང་བའི་རླུང་དང་། མཚོན་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཀྱིས་ཟླུམ་པོར་བྱས་ཏེ། ཁ་དོག་གཞན་གྱིས་བཅད་པར་བྱས་པ་དང་། མཐོ་གང་སོར་བཞི་ཙམ་གྱི་བུ་ག་ནམ་མཁའི་མཐོངས་བཏོད་པ་དང་། བུམ་པའི་ནང་གི་མར་མེའི་འོད་བུ་གའི་ངོས་ནས་རྩིག་པ་ལ་ཕོག་པ་རྣམས་སོ། །བཞི་པ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་གང་ཟག་གིས་དམིགས་རྟེན་དེ་དག་ལ་རྩེ་གཅིག་ཏུ་དམིགས་ནས་སྦྱོར་བའི་དུས་སུ་དམིགས་རྟེན་འདིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བྱའོ་སྙམ་པའི་མོས་པ་ཡིད་བྱེད་སྔོན་དུ་བཏང་སྟེ་དངོས་གཞི་དུས་སུ་ཡང་། ས་ས། ཆུ་ཆུ། ཞེས་པའི་མིང་ཙམ་ལ་དམིགས་ཏེ། རྩེ་གཅིག་ཏུ་བསྒོམ་མོ། །དྲུག་པ་ལ་འཛིན་པའི་མཚན་མ་དང་། སྣང་བའི་མཚན་མ་གཉིས་ལས། དང་པོ་ནི། ས་ལ་མ་བཤད་ཅིང་། གཞན་རྣམས་ལ་རིམ་པ་ལྟར་ཆུའི་སྦུ་བ་དང་། ཆུ་བུར་འདྲེས་པའི་ཆུ་གཡོ་བའི་རྣམ་པ་ཅན་དང་། མེ་ལྕེ་མཆེད་ཅིང་ལྷུང་བ་ལྟ་བུར་གཡོ་བ་དང་། འོ་མ་བསྐོལ་བ་ས་ལ་ཕོག་མ་ཐག་པའི་རླངས་པ་འཐུལ་བ་ལྟ་བུ་དང་། སྔོན་པོ་ལ་སོགས་པ་བཞི་ལ་མེ་ཏོག་གེ་སར་དང་། སྡོང་བུ་མེད་པ་ལྟ་བུ་དང་། ཐ་མ་གཉིས་ལ་རྩིག་པའི་བུ་ག་དང་འདྲ་བར་གྱུར་ཏེ། བསྐྱེད་ཀྱང་མི་འཕེལ་བ་དང་། ས་ལས་བྱས་པའི་དཀྱིལ་འཁོར་དང་འདྲ་བར་ཐོག་བཅས་སུ་སྣང་བ་སྟེ་འཛིན་པའི་མཚན་མའི་དོན་ནི་མ་འབྱོངས་པའི་རྟགས་ཡིན་ནོ། །གཉིས་པ་ཡང་ས་ལ་མ་བཤད་ལ། ཆུ་ལ་སོགས་པ་གསུམ་ལ་ནམ་མཁའ་ལ་གནས་པའི་ནོར་བུའི་རླུང་གཡབ་ལྟར་མི་གཡོ་བའི་རྣམ་པ་ཅན་དུ་སྣང་བ་དང་། ནམ་མཁར་གནས་པའི་ཟླ་བ་དམར་པོ་ཟླུམ་པོ་ལྟར་ཉེ་བར་གནས་པ་དང་འདུག་པ་ལྟར་མི་གཡོ་བ་དང་། སྔོན་པོ་ལ་སོགས་པ་བཞི་ལ་དམིགས་པའི་རྟེན་ནམ་མཁར་འཕགས་ནས་ནོར་བུའི་རླུང་གཡབ་ལྟར་གནས་པ་དང་། ཐ་མ་གཉིས་ལ་སྣང་བའི་ཚོགས་སྟུག་པོ་རབ་ཏུ་དྭངས་པ་དང་འདྲ་བར་ཐམས་ཅད་གསལ་བ་དང་། ནམ་མཁའི་དཀྱིལ་འཁོར་ལྟར་གྱུར་ནས་བསྐྱེད་ནས་འཕེལ་བར་གྱུར་པ་རྣམས་སོ། །སྣང་བའི་མཚན་མའི་དོན་ནི་འབྱོངས་པའི་རྟགས་སོ། །བདུན་པ་ནི། རིམ་པ་ལྟར་གཅིག་ཏུ་གྱུར་ནས་མང་པོར་གྱུར་བ་དང་། ནམ་མཁའ་དང་ཆུ་ལ་ཡང་གོམ་པ་དོར་ནས་འགྲོ་བ་དང་། ས་ལ་ཡང་ཆུ་ལ་འཇུག་པ་ལྟར་བྱེད་པ་དང་། བདུད་ཀྱི་གཞལ་ཡས་ཁང་བསྲེགས་པའི་མེ་འབར་ཞིང་མེ་མདག་གི་ཆར་འབེབས་པ་སོགས་དང་། རླུང་ལྟར་མགྱོགས་པར་འགྲོ་བ་དང་། གཟུགས་སོགས་སྔོན་པོར་སྤྲུལ་ཞིང་མུན་པར་བྱེད་པ་དང་། སེར་པོར་སྤྲུལ་ཞིང་གསེར་དུ་བསྒྱུར་བ་དང་། གཟུགས་དམར་པོར་སྤྲུལ་པ་དང་། དཀར་པོར་སྤྲུལ་པ་དང་། རྩིག་པ་སོགས་ལ་ཐོགས་མེད་དུ་འགྲོ་བ་དང་། གཟུགས་གསལ་བར་བྱེད་པ་དང་། གཉིད་དང་རྨུགས་པ་རྒྱང་རིང་དུ་བྱེད་པའོ། །གཉིས་པ་ཟིལ་གནོན་ལ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ། དེའི་དོན་བཤད་པ། སྐབས་ཀྱི་དོན་ངོས་གཟུང་བ་དང་གསུམ་ལས། དང་པོ་ནི། མདོ་ལས། ནང་གཟུགས་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་། ཁོ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟར་འདུ་ཤེས་པར་གྱུར་པ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །དེ་བཞིན་དུ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ལ་སྦྱར་བ་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་དང་ཆེན་པོ་ལ་སྦྱར་བ་གཉིས་ཏེ་བཞི་གསུངས་སོ། །ནང་གཟུགས་མེད་པར་འདུ་ཤེས་པ་ཁོ་ནས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན། ཟར་མའི་མེ་ཏོག་གམ་ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བའི་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །དེ་བཞིན་དུ། སེར་པོ་ལ་དོང་ཀའི་མེ་ཏོག་ལྟ་བུ་དང་། དམར་པོ་ལ་མཉྫུ་ཛཱི་བ་ཀའི་མེ་ཏོག་ལྟ་བུ་དང་། དཀར་པོ་ལ་སྐར་མ་པ་བ་སངས་དང་སྦྱར་ནས་གསུངས་སོ། །གཉིས་པ་ནི། ཆུང་ངུ་ནི་སེམས་ཅན་གྱི་གཟུགས། ཆེན་པོ་ནི་སྣོད་ཀྱི་འཇིག་རྟེན་གྱི་གཟུགས། བཟང་པོ་དང་། ངན་པ་ནི་སོ་སོར་སྦྱར་རོ། །སྔོན་པོ་ཞེས་སོགས་ཀྱིས་ནི་མདོར་བསྟན། ཁ་དོག་སྔོན་པོ། ཞེས་སོགས་ཀྱིས་ནི་ལྷན་སྐྱེས་དང་། སྔོན་པོ་ལྟ་བུར་སྟོན་པ་ཞེས་སོགས་ཀྱིས་ནི་སྦྱར་བྱུང་དང་། འོད་སྔོན་པོ་འབྱུང་བ་ཞེས་སོགས་ཀྱིས་ནི་གཉིས་ཀ་ལ་སྔོན་པོ་སོགས་ཀྱི་མདངས་ཡོད་པར་སྟོན་ཏོ། །མེ་ཏོག་ནི་ལྷན་སྐྱེས་ཀྱི་དཔེ། རས་ནི་སྦྱར་བྱུང་གི་དཔེ། ཡུལ་བཱ་རཱ་ཎ་སཱིའི་རས་གསུངས་པ་ནི་ཁ་དོག་ཆེས་གསལ་བའི་དཔེའོ། །ཟིལ་གྱིས་གནོན་པ་ནི། ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བའོ། །ཤེས་པ་ནི་ཞི་གནས་ཀྱིས་ཤེས་པའོ། །མཐོང་བ་ནི་ལྷག་མཐོང་གིས་མཐོང་བའོ། །གསུམ་པ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི་མཚན་ཉིད། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས། རང་ཡུལ་གྱི་གཟུགས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བའི་སྒོ་ནས་ཟིལ་གྱིས་གནོན་པར་ནུས་པའི་ཞི་ལྷག་ཟུང་འཇུག་གོ །དེ་ལ་དབྱེ་ན་བརྒྱད་ཡོད་པ་ལ། གཟུགས་ཅན་གཟུགས་ཆུང་ངུ་ལ་ལྟ་བའི་ཟིལ་གནོན་གྱི་མཚན་ཉིད། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་ལ་གཟུགས་སྣང་མི་དོར་བའི་སྒོ་ནས། རང་ཡུལ་དུ་གྱུར་པའི་སེམས་ཅན་གྱི་གཟུགས་བཟང་ངན་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བའི་སྒོ་ནས་ཟིལ་གྱི་གནོན་ནུས་པའི་ཞི་ལྷག་ཟུང་འཇུག་གོ །གཟུགས་ཅན་གཟུགས་ཆེན་པོ་ལ་ལྟ་བའི་ཟིལ་གནོན་གྱི་མཚན་ཉིད། གཞན་སྔ་མ་དང་འདྲ་བ་ལས། རང་ཡུལ་དུ་གྱུར་པའི་སྣོད་ཀྱི་གཟུགས་བཟང་ངན་ཐམས་ཅད་ཅེས་སྦྱར་རོ། །གཟུགས་མེད་གཟུགས་ཆུང་ངུ་ལ་བལྟ་བའི་ཟིལ་གནོན་གྱི་མཚན་ཉིད། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ཏེ། རང་ལ་གཟུགས་སྣང་དོར་བའི་སྒོ་ནས། སེམས་ཅན་གྱི་གཟུགས་བཟང་ངན་ཐམས་ཅད་ཅེས་སོགས་དང་། གཟུགས་མེད་གཟུགས་ཆེན་པོ་ལ་བལྟ་བའི་ཟིལ་གནོན་གྱི་མཚན་ཉིད། གཞན་འདྲ་བ་ལས་རང་ཡུལ་དུ་གྱུར་པའི་སྣོད་ཀྱི་གཟུགས་བཟང་ངན་ཐམས་ཅད་ཞེས་སོགས་སྦྱར་རོ། །གཟུགས་མེད་གཟུགས་སྔོན་པོ་ལ་བལྟ་བའི་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ལ་བལྟ་བའི་ཟིལ་གནོན་བཞིའི་མཚན་ཉིད་རིམ་བཞིན། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས། རང་ལ་གཟུགས་སྣང་དོར་བའི་སྒོ་ནས། ཕྱི་རོལ་གྱི་གཟུགས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བའི་སྒོ་ནས། ཟིལ་གྱིས་གནོན་ནུས་པའི་ཞི་ལྷག་ཟུང་འཇུག་གོ །དང་པོ་གཉིས་རྣམ་ཐར་དང་པོ་དང་། དེ་ནས་གཉིས་རྣམ་ཐར་གཉིས་པ་དང་། ཕྱི་མ་བཞི་སྡུག་པའི་རྣམ་ཐར་གྱི་རྒྱུ་ལས་བྱུང་བར་བཤད་དོ། །དེ་དག་གིས་རྒྱས་པ་ལ་དད་པ་ལ་བརྒྱད་དུ་ཕྱེ་བའམ་ཚིག་གི་དོན་བཤད་ཟིན་ནས་བར་པ་ལ་དད་པ་ལ་དྲུག་ཏུ་བསྟན་པའམ། བཤད་ཐབས་ཀྱི་མན་ངག་ལྔའི་ནང་ནས་མཚམས་སྦྱར་བ་ནི། མཚན་ཉིད་དེ་ཡི་སྦྱོར་བ་དང་། །ཞེས་སོགས་ཚིགས་བཅད་གཅིག་སྟེ། ཉིར་སྣང་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི། མཚན་ཉིད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བའོ། །རྩེ་མོའི་མངོན་པར་རྟོགས་པ་ནི་རབ་ཏུ་གྱུར་པ་དང་ལྡན་པའོ། །མཐར་གྱིས་པའི་མངོན་པར་རྟོགས་པ་ནི་གོ་རིམ་དང་ལྡན་པའོ། །སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མཐར་ཐུག་པའོ། །ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་རྣམ་པར་སྨིན་པ་སྟེ། དེ་ལྟར་ན་འདི་ནི་བཤད་པའི་རྣམ་གྲངས་གཞན་ཡིན་ནོ། །ཞེས་གསུངས་སོ། །འདིར་འདས་པ་ལ་སྙེགས་པས་དེ་ལྔ་པོ་སྔ་མ་སྔ་མ་ལ་སྙེགས་པ་དང་། མཁྱེན་གསུམ་ལ་སྙེགས་པ་གང་གི་ཡང་གསལ་ཁ་མི་སྣང་ཡང་། སློབ་དཔོན་གྱིས་དེའི་དགོངས་པ་མཁྱེན་གསུམ་ལ་སྙེགས་པར་མཛད་དོ། །འདི་དག་མཚམས་སྦྱར་དུ་འགྲོ་བའི་རྒྱུ་མཚན་ནི་སྔར་བཤད་ཟིན་ཅིང་། འདིར་མཁྱེན་གསུམ་གཅིག་ཏུ་བསྡུ་བའི་དགོས་པ་དང་། དེ་ལྔ་པོ་མཁྱེན་གསུམ་ལ་སྙེགས་ཀྱང་སྔ་ཕྱི་མཚམས་སྦྱོར་བའི་ཚིག་ཏུ་འགྲོ་ཚུལ་རྣམས་ནི་ཞིབ་ཏུ་ངག་ལས་ཤེས་པར་བྱའོ། །དེའི་འོག་ཏུ་བསྡུས་པ་ལ་དད་པ་ལ་གསུམ་དུ་བསྡུ་བའམ། བཤད་ཐབས་ཀྱི་མན་ངག་ལྔའི་ནང་ནས་བརྒལ་ལན་ནི། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏོ། །འདི་ལ་དགོས་པ་གཉིས་ལས། གདུལ་བྱ་བརྗོད་བྱའི་རྐང་གྲངས་ཉུང་བ་ལ་དགའ་བ་རྣམས་ལ་བརྗོད་བྱའི་གཙོ་བོ་དངོས་པོ་གསུམ་དུ་བསྡུས་ནས་སྟོན་པ་དང་། མངོན་པར་རྟོགས་པ་བརྒྱད་དུ་བསྟན་པ་དང་། དྲུག་ཏུ་བསྟན་པ་ལ་འགལ་བར་རྒོལ་བ་ལ་དེ་ནི་མི་འགལ་ཏེ། ཕྱེ་ན་བརྒྱད་དུ་ཡོད་ཀྱང་མཁྱེན་པ་གསུམ་པོ་ཐོབ་བྱའི་འབྲས་བུ་ཤེར་ཕྱིན་མཚན་ཉིད་པ་གཅིག་ཏུ་བསྡུ་བའི་ཚེ་ན་དྲུག་ཏུ་འགྱུར་ཞིང་། སྦྱོར་བ་བཞི་པོ་ཡང་ཐོབ་བྱེད་ཀྱི་རྒྱུ་ཞེས་པ་གཅིག་ཏུ་བསྡུ་བའི་ཚེ་ན། མངོན་པར་རྟོགས་པ་གསུམ་དུ་འགྱུར་བའི་ཕྱིར། ཞེས་པ་བརྒལ་ལན་གྱི་དགོས་པ་ཡང་ཡོད་དོ། །འདིར་འཕགས་གྲོལ་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཡུལ་དང་། རྒྱུ་དང་། འབྲས་བུ་གསུམ་དུ་མཛད་ནས། དང་པོ་ནི། ཡུལ་ནི་རྣམ་པ་གསུམ་པོ་ཞེས་དང་། གཉིས་པ་ནི། རྒྱུ་སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཞེས་དང་། གསུམ་པ་ནི། ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །ཞེས་པས་སྟོན་པར་བཞེད་དོ། །སློབ་དཔོན་གྱིས་ནི་འཇུག་པའི་ཡུལ་གྱི་རྒྱུ། ཉམས་ལེན་གྱི་སྦྱོར་བ། ཉམས་སུ་བླངས་པའི་འབྲས་བུ་དང་གསུམ་དུ་མཛད་ནས། ཚིག་རྐང་དང་པོ་གསུམ་རེ་རེས་སྟོན་པར་མཛད་དོ། །དེ་དག་ཀྱང་མངོན་པར་རྟོགས་པ་བརྒྱད་ཆར་གང་ཟག་ཅིག་འཚང་རྒྱ་བའི་ལམ་གྱི་རིམ་པར་སྒྲིག་པའི་དབང་དུ་བྱས་པ་ཡིན་གྱི། ཡང་དག་པར་ན་མངོན་པར་རྟོགས་པ་བརྒྱད་པོ་རེ་རེའི་སྐབས་སུ་ཡང་འཚང་རྒྱ་བའི་ལམ་རིམ་རེ་རེ་ཚང་བར་ཡོད་ཅིང་། སེམས་བསྐྱེད་དང་། གདམས་ངག་ལ་སོགས་པ་མཚོན་བྱེད་ཀྱི་ཆོས་རེ་རེ་ལ་ཡང་འཚང་རྒྱ་བའི་ལམ་རིམ་ཚང་བར་ཡོད་ལ། ཕྲིན་ལས་ཉི་ཤུ་རྩ་བདུན་ཉིད་ལ་ཡང་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་ཀྱི་བརྗོད་བྱ་མ་ལུས་པ་ཚང་བ་སོགས་ཟབ་ཅིང་རྒྱ་ཆེ་བའི་བློ་གྲོས་ཀྱིས་ཁྱབ་པར་སྤྲོ་བར་བྱ་བ་ཡིན་ནོ།། །།གཤེགས་དང་གཤེགས་བཞིན་གཤེགས་པར་འགྱུར་བའི་བདེ་གཤེགས་སྲས་བཅས་ཀྱིས། །བགྲོད་དང་བགྲོད་བཞིན་བགྲོད་པར་འགྱུར་བའི་ལམ་འདི་མཁས་རྣམས་ཀྱིས། །ཕྱེ་དང་ཕྱེ་བཞིན་ཕྱེ་བར་འགྱུར་ལས་གཞན་དུ་བདག་བློ་ཡིས། །འཆད་དང་འཆད་བཞིན་འཆད་པར་འགྱུར་བ་མེད་མོད་དེ་ལྟ་ནའང་། །སྐྱེ་དང་སྐྱེ་བར་ལུས་བཟང་རྟེན་ལ་ལུགས་བཟང་གོམས་པ་དང་། །ཡང་དང་ཡང་དུ་ལྷ་མཆོག་དེ་ལ་སེམས་མཆོག་དད་བྱས་ཤིང་། །མཁས་དང་མཁས་པའི་གསུང་རབ་ཚོགས་ལ་ཡིད་རབ་བརྩོན་པའི་མཐུས། །རྒྱལ་དང་རྒྱལ་སྲས་ཇི་བཞིན་དགོངས་པ་ཚུལ་བཞིན་ཕྱེ་བ་འདི། །རྒྱ་ཆེན་བསོྃད་ནམྃས་ལུས་སྟོབས་རབ་རྒྱས་ཏེ། །བདེ་གཤེགས་གསུང་རབ་སེྃང་གེྃའི་ང་རོ་ཡིས། །ལོག་སྨྲའི་རི་དྭགས་མཐའ་དག་སྐྲག་བྱེད་ཅིང་། །ཐུབ་བསྟན་གངས་རི་སྐྱོང་བ་དེ་ཡིས་སྦྱར། །བརྗོད་བྱ་དོན་ལྡན་རྗོད་བྱེད་ཆོས་དང་འབྲེལ། །བྱེད་ལས་ཁམས་གསུམ་ཉོན་མོངས་སྤོང་བྱེད་ཅིང་། །ཞི་བའི་ཕན་ཡོན་སྟོན་པ་རྒྱལ་བ་ཡི། །བཀའ་ཡིན་དེ་ལས་བཟློག་པ་གཞན་དུ་གསུངས། །རྒྱལ་བའི་བསྟན་པ་འབའ་ཞིག་དབང་བྱས་ཤིང་། །རྣམ་གཡེང་མེད་པས་ཐར་པའི་ཆེད་དུ་བཤད། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོ་ཡིས། །བླང་བྱ་ཡིན་པར་ཚད་ལྡན་གཞུང་ལས་གསུངས། །ཚུ་རོལ་མཐོང་བས་བླ་མའི་མན་ངག་དང་། །ཡིད་ཆེས་ལུང་དང་རིགས་པ་རྣམ་བཞི་ལ། །བརྟེན་ནས་གསུང་རབ་དགོངས་པ་འགྲེལ་པ་ནི། །འཇིག་རྟེན་སོ་སོའི་ལེགས་བཤད་ཡིན་པར་གསུངས། །དེ་སླད་འཕགས་མཆོག་མཁའ་ལྡིང་བགྲོད་པ་ཡི། །གསུང་རབ་བྱ་ལམ་ཡངས་པར་བྱིས་པའི་བློ། །སྦྲང་རྩི་འཛིན་པ་རྐང་དྲུག་ལྡན་པ་ཡང་། །རྗེས་སུ་བརྩོན་པ་ཅུང་ཟད་བྱས་པ་ལགས། །དེ་ལས་བྱུང་བའི་རྣམ་དཀར་དགེ་བའི་ཚོགས། །ཉི་མའི་འོད་ལྟར་གསལ་བ་གང་ཐོབ་དེས། །མཁའ་མཉམ་འགྲོ་བའི་སྙིང་མུན་ཀུན་བསལ་ནས། །ཐེག་མཆོག་ལམ་གྱི་སྣང་བ་རྒྱས་པར་ཤོག །བདག་ཀྱང་ཚེ་འདིའི་སྣང་བ་ནུབ་མ་ཐག །མི་ཕམ་ཆོས་རྗེའི་ཞལ་མཆོག་མཐོང་གྱུར་ཏེ། །བསྟན་བཅོས་འདི་ཡི་ཚིག་དང་དོན་རྣམས་ཀུན། །ཐོས་ནས་སྒྲོ་འདོགས་མ་ལུས་ཆོད་པར་ཤོག །ཚེ་རབས་ཀུན་ཏུ་སྒོ་གསུམ་བྱ་བ་རྣམས། །མཐའ་དག་འགྲོ་ལ་ཕན་པའི་རྒྱུར་གྱུར་ནས། །རླབས་ཆེན་བྱང་ཆུབ་སྤྱོད་པ་མཐར་ཕྱིན་ཏེ། །སྐུ་གསུམ་ཕྲིན་ལས་བཅས་པ་མྱུར་ཐོབ་ཤོག །དམ་ཆོས་སྒྲུབ་ལ་བར་དུ་གཅོད་པ་ཡི། །རླུང་མཁྲིས་བད་ཀན་ལ་སོགས་ཉེར་འཚེ་དང་། །མི་དང་མི་མིན་འབྱུང་པོའི་གནོད་པ་སོགས། །རྣམ་རྟོག་མ་ལུས་དབྱིངས་སུ་དག་གྱུར་ཅིག །བདག་གི་གདུལ་བྱར་གྱུར་པ་ཐམས་ཅད་ཀྱང་། །ཚུལ་ཁྲིམས་དག་ཅིང་བྱང་ཆུབ་སེམས་དང་ལྡན། །རབ་འབྱམས་གཞུང་གི་དོན་ལ་མཁས་གྱུར་ཏེ། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་གཞུང་སྔ་ཕྱིའི་འབྲེལ་དང་། དཀའ་བའི་གནས་ལ་དཔྱད་པ་སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ཅེས་བྱ་བ་འདི་ནི། རྗེ་བཙུན་དམ་པ་སངས་རྒྱས་ཀྱི་སྤྲུལ་པ་རོང་སྟོན་ཆོས་ཀྱི་རྒྱལ་པོ་དང་། སྨྲ་བའི་ཟླ་བ་མཚུངས་པ་མེད་པ་ཀུན་མཁྱེན་སངས་རྒྱས་འཕེལ་ལ་སོགས་པ། མཁས་པའི་མཁས་པ་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་པ་ལ་བརྟེན་ནས། སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་ཐོབ་ཅིང་། ཁྱད་པར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལུགས་ལ། ངེས་པའི་ཤེས་པ་གཏིང་ནས་སྐྱེས་པ་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་དོན་གཉེར་དུ་མས་ཡང་ཡང་བསྐུལ་ཞིང་། ལ་སྟོད་མདོག་གི་སའི་ཆ་ལ་སྐྱེས་པ་སྙོམ་ལས་པ་གཞོན་ནུ་བཟང་པོས་འཕྲལ་དུ་བསྐུལ་ཏེ་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས། ལྕགས་ཕོ་སྟག་གི་ལོ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ལ། རྟ་ནག་གསེར་གླིང་གི་དགོན་པར་སྦྱར་བའོ།། །།འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་གྱུར་ཅིག། །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply