སྦས་དོན་རབ་གསལ་ལ།

༼ཉ༽༄༅། །གུཔྟརྠཔྲཤཱཀཔྲཛྙཱཔཱརམིཏེཔདེཤཤཱསཏྲམབྷིསམཡཱལཾཀརསྱལཀྵཎཡེདྷརྨཱངྒསྥུཊབིབྷཱཥཱསྟི།།

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་མཚོན་བྱེད་ཀྱི་ཆོས་རྣམས་ཀྱི་ཡན་ལག་རྒྱས་པར་བཤད་པ་སྦས་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ།།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་མཚོན་བྱེད་ཀྱི་ཆོས་རྣམས་ཀྱི་ཡན་ལག་རྒྱས་པར་བཤད་པ་སྦས་དོན་རབ་གསལ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དབྱིངས་དང་ཡེ་ཤེས་རོ་གཅིག་གྱུར་ཀྱང་རྣམ་དག་དབྱིངས་ཉིད་མིག་གིས་རིག །ཐབས་དང་ཤེས་རབ་དབྱེར་མེད་གྱུར་ཀྱང་ཐབས་ཀྱིས་ཞི་དང་ཤེས་པས་སྲིད་མཐའ་གནོན། །སྲིད་དང་ཞི་བ་མཉམ་ཉིད་གྱུར་ཀྱང་སྲིད་པའི་སྐྱོན་སྤངས་ཞི་བའི་ཡོན་ཏན་བརྙེས། །རྒྱལ་བ་ཀུན་གྱི་ཡབ་གཅིག་གྱུར་ཀྱང་རྒྱལ་བའི་རྒྱལ་ཚབ་ཀུན་ཏུ་འཛིན་ལ་འདུད། །གང་གི་མཁྱེན་པ་ཆུ་ཐགས་རྫིང་བུ་ལས་བྱུང་མངོན་པར་རྟོགས་པ་པདྨོའི་ཚལ། །ཤཱཀྱའི་རྒྱལ་མཚན་གསུང་གི་ཉིན་བྱེད་འོད་ཀྱིས་རྣམ་ཕྱེ་ངེས་དོན་སྦྲང་རྩིའི་བཅུད། །བདག་བློའི་བུང་བས་རྣམ་དཔྱོད་མཆུ་ཡིས་གཞིབ་སྟེ་ལེགས་བཤད་དར་དིར་དང་བཅས་པ། །དོན་གཉེར་སྐྱེ་བོའི་ཚོགས་ལ་སྦྱིན་གྱིས་བློ་གྲོས་རོ་འཛིན་ཀུན་ཏུ་ཚིམ་པར་མཛོད། །འདི་ལ་དོན་གསུམ་སྟེ། བརྗོད་བྱ་ཤེར་ཕྱིན་ལ་འཇུག་པའི་ཡན་ལག་མཆོད་བརྗོད་དང་། རྗོད་བྱེད་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ། བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པའོ། །དང་པོ་ལ་དངོས་དང་། འཕྲོས་དོན་གཉིས་ལས་དང་པོ་ནི། མཆོད་བརྗོད་ཀྱི་ཡུལ་དུ་གྱུར་པའི་ཡུམ་གྱི་མཚན་ཉིད། རང་སྲས་འཕགས་པ་སྐྱེད་བྱེད་དང་དེའི་བཞེད་དོན་སྒྲུབ་བྱེད་གང་རུང་དུ་གྱུར་པའི་བདག་མེད་རྟོགས་པའི་མཁྱེན་པ། དེ་ལ་སྐྱེད་བྱེད་ཀྱི་དང་། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས་ལས། དང་པོའི་མཚན་ཉིད། བདག་མེད་གསུམ་གང་རུང་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་སྲས་འཕགས་པ་སྐྱེད་པར་བྱེད་པའི་མཁྱེན་པ། དེ་ལ་དབྱེ་ན་རང་སྲས་ཉན་ཐོས་འཕགས་པ། རང་སྲས་རང་རྒྱལ་འཕགས་པ། རང་སྲས་བྱང་སེམས་འཕགས་པ། རང་སྲས་སངས་རྒྱས་འཕགས་པའི་སྐྱེད་བྱེད་ཀྱི་ཡུམ་དང་བཞི་ལས་དང་པོའི་མཚན་ཉིད། གཞི་གང་ཟག་གཾི་བདག་གི་སྐྱེ་མེད་དུ་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་ཉན་ཐོས་འཕགས་པ་སྐྱེད་པར་བྱེད་པའི་མཁྱེན་པ། དེ་ལ་དབྱེ་ན་གཞི་གང་ཟག་གི་བདག་གི་སྐྱེ་མེད་དུ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་དང་། མངོན་སུམ་དུ་རྟོགས་པའི་སྐྱེད་བྱེད་ཀྱི་ཡུམ་གཉིས་ལས། སྔ་མ་ནི་ཉན་ཐོས་ཀྱི་ཚོགས་སྦྱོར་ན་ཡོད། ཕྱི་མ་ནི་ཉན་ཐོས་ཀྱི་མཐོང་ལམ་ནས་ཐེག་ཆེན་ལམ་དུ་འཇུག་ཁ་མའི་སྔ་ལོགས་ཀྱི་བར་ན་ཡོད། གཉིས་པའི་མཚན་ཉིད། གཞི་གཟུང་བ་ཆོས་ཀྱི་བདག་གཾི་སྐྱེ་མེད་དུ་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་རང་རྒྱལ་འཕགས་པ་སྐྱེད་པར་བྱེད་པའི་མཁྱེན་པ། དབྱེ་བ་དང་ས་མཚམས་སྔ་མ་ལ་དཔགས་ཏེ་ཤེས་པར་བྱའོ། །གསུམ་པའི་མཚན་ཉིད། ལམ་འཛིན་པ་ཆོས་ཀྱི་བདག་གིཾ་སྐྱེ་མེད་དུ་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་བྱང་སེམས་འཕགས་པ་སྐྱེད་པར་བྱེད་པའི་མཁྱེན་པའོ། །དབྱེ་ན་ལམ་སྐྱེ་མེད་དུ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་དང་། མངོན་སུམ་དུ་རྟོགས་པའི་སྐྱེད་བྱེད་ཀྱི་ཡུམ་གཉིས་ལསཾ་སྔ་མ་ནི་ཐེག་ཆེན་གྱི་ཚོགས་སྦྱོར་ན་ཡོད། ཕྱི་མ་ནི་ས་དང་པོ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད་དོ། །བཞི་པའི་མཚན་ཉིད་རྣམ་པ་སྐྱེ་མེད་དུ་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་སངས་རྒྱས་འཕགས་པ་སྐྱེད་པར་བྱེད་པའི་མཁྱེན་པ། དབྱེ་ན་རྣམ་པ་སྐྱེ་མེད་དུ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་མཁྱེན་པ་དང་། མངོན་སུམ་དུ་རྟོགས་པའི་སྐྱེད་བྱེད་ཀྱི་ཡུམ་གཉིས་ལས་སྔ་མ་ནི་ཐེག་ཆེན་གྱི་ཚོགས་སྦྱོར་ན་ཡོད། ཕྱི་མ་ནི་ས་དང་པོ་ནས་སངས་རྒྱས་སའི་བར་ན་ཡོད། གཉིས་པ་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གྱི་མཚན་ཉིད། བདག་མེད་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་འཕགས་པའི་བཞེད་དོན་གྱི་གཙོ་བོ་སྒྲུབ་པའི་རིགས་སུ་གནས་པའི་མཁྱེན་པ། དབྱེ་ན་མཆོད་བརྗོད་ཀྱི་ཡུལ་དུ་གྱུར་པའི་ཡུམ་གཞི་ཤེས། ལམ་ཤེས། རྣམ་མཁྱེན་གསུམ། དང་པོའི་མཚན་ཉིད། གཞི་གང་ཟག་གི་བདག་གིཾ་དང་གཟུང་བ་ཆོས་ཀྱི་བདག་གིཾ་སྐྱེ་མེད་གང་རུང་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་ཐེག་དམན་འཕགས་པ་ཉེར་ཞི་གཉིས་སུ་འཁྲིད་པར་བྱེད་པའི་མཁྱེན་པ། ས་མཚམས་ཐེག་དམན་གྱི་མཐོང་ལམ་ནས་ཐེག་ཆེན་ལམ་དུ་འཇུག་ཁ་མའི་བར་ན་ཡོད། གཉིས་པའི་མཚན་ཉིད། ལམ་སྐྱེ་མེད་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་བྱང་སེམས་འཕགས་པའི་འཇིག་རྟེན་གྱི་དོན་སྒྲུབ་པར་བྱེད་པའི་མཁྱེན་པ། ས་མཚམས་ས་དང་པོ་ནས་རྒྱུན་མཐའི་བར་ན་ཡོད། གསུམ་པའི་མཚན་ཉིད། རྣམ་པ་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་སྒོ་ནས་རང་རྒྱུད་ལྡན་གྱི་སངས་རྒྱས་འཕགས་པས་ཆོས་འཁོར་བསྐོར་བའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པ། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད། གཉིས་པ་འཕྲོས་དོན་ལ་གསུམ་སྟེ། བསྡུས་ཚུལ་ལས་འཕྲོས་པ། ཚིག་དོན་ལས་འཕྲོས་པ། བརྒལ་ལན་ལས་འཕྲོས་པའོ། །དང་པོ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་པའི་ཚུལ་ཇི་ལྟ་བུ་སྙམ་ན། སྡུད་བྱེད་ཀྱི་མཁྱེན་གསུམ་ནི། གཞི་སྐྱེ་མེད་དུ་རྟོགས་པ་དང་། ལམ་སྐྱེ་མེད་དུ་རྟོགས་པ་དང་། རྣམ་པ་སྐྱེ་མེད་དུ་རྟོགས་པ་ཙམ་ཡིན་ལ། དང་པོས་ཐེག་དམན་འཕགས་པའི་མངོན་པར་རྟོགས་པ་ལ་གཞི་ཤེས་སུ་བཞག་པ་དེ་བསྡུས། གཉིས་པས་བྱང་སེམས་འཕགས་པའི་མངོན་པར་རྟོགས་པ་ལ་ལམ་ཤེས་སུ་བཞག་པ་དང་སྦྱོར་བ་བཞི་པོ་བསྡུས། གསུམ་པས་སངས་རྒྱས་འཕགས་པའི་མངོན་པར་རྟོགས་པ་ལ་རྣམ་མཁྱེན་དུ་བཞག་པ་དང་འབྲས་བུ་ཆོས་སྐུ་བསྡུས་སོ། །ངེས་པའི་དོན་ནི་གཞན་ཞིག་ན་སྣང་ངོ་། །གཉིས་པ་ལ་གཞི་ཤེས་ཀྱི་ཚིག་དོན་གྱི་སྐབས་སུ་དམན་པའི་མྱང་འདས་ཀྱི་མཚན་ཉིད། ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤངས་པའི་དམན་པའི་སོ་སོར་བརྟགས་འགོག དེ་ལ་བསྟན་ཚུལ་གྱི་སྒོ་ནས་དབྱེ་ན་དམན་པའི་ལྷག་བཅས་མྱང་འདས་དང་དམན་པའི་ལྷག་མེད་མྱང་འདས་གཉིས་ལས་མཚན་ཉིད་རིམ་བཞིན། ཉོན་མོངས་པའི་ཀུན་འབྱུང་ཟད་པར་སྤངས་ཤིང་དགྲ་བཅོམ་དང་པོར་ཐོབ་པའི་ལུས་རྟེན་དང་བཅས་པའི་དང་། དེ་དང་བྲལ་བའི་དམན་པའི་སོ་སོར་བརྟགས་འགོག ཐེག་པའི་སྒོ་ནས་དབྱེ་ན་ཉན་ཐོས་ཀྱི་མྱང་འདས་དང་། རང་རྒྱལ་གྱི་མྱང་འདས་གཉིས་ལས་ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤངས་པའི་ཉན་ཐོས་ཀྱི་རྒྱུད་ཀྱི་སོ་སོར་བརྟགས་འགོག་དང་། དེ་མ་ལུས་པར་སྤངས་པའི་རང་རྒྱལ་གྱི་རྒྱུད་ཀྱི་སོ་སོར་བརྟགས་འགོག རྣམ་མཁྱེན་གྱི་ཚིག་དོན་གྱི་སྐབས་སུ་ཆོས་འཁོར་གྱི་མཚན་ཉིད། ལུང་རྟོགས་གང་རུང་གིས་བསྡུས་པའི་སྟོན་པའི་དམ་ཆོས། དབྱེ་ན་ལུང་གི་ཆོས་འཁོར་དང་། རྟོགས་པའི་ཆོས་འཁོར་གཉིས་ལས་དང་པོའི་མཚན་ཉིད། རྟོགས་པའི་ཆོས་འཁོར་བརྗོད་བྱར་སྟོན་པའི་སྟོན་པའི་དམ་ཆོས། དབྱེ་ན་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་སོགས་གསུམ་ཡོད་ཅིང་དེ་རེ་རེ་ལ་ཡང་ཆོས་འཁོར་དང་པོའི་དང་པོ་སོགས་གསུམ་གསུམ་ཡོད་དོ། །གཉིས་པའི་མཚན་ཉིད། འགོག་ལམ་གང་རུང་གིས་བསྡུས་པའི་བསྟན་པའི་དམ་ཆོས། དབྱེ་ན་འགོག་ལམ་གཉིས་ལས། དང་པོ་ལ་ཉན་ཐོས་ཀྱི་འགོག་པ། རང་རྒྱལ་གྱི་འགོག་པ། ཐེག་ཆེན་གྱི་འགོག་པ་དང་གསུམ་མོ། །ཕྱི་མ་ལ་ཐེག་པ་གསུམ་གྱི་ལམ་ལྔ་གསུམ་བཅོ་ལྔ་ཡོད་དོ། །གསུམ་པ་ལ་བརྒལ་ལན་གྱི་ལམ་ཤེས་ཀྱི་མདོའི་སྐབས་སུ་ཉན་རང་གི་སྤངས་རྟོགས་ཀྱི་རིགས་ཐེག་ཆེན་གྱི་ལམ་གང་དུ་རྫོགས་པ། རྫོགས་སྨིན་སྦྱང་གསུམ་གྱི་ཚད། ཡང་དག་མཐའ་ངོས་གཟུང་ཞིང་དེ་མངོན་དུ་བྱས་པའི་ཚད་དང་གསུམ་ལས། དང་པོ་ནི། ཉན་རང་དགྲ་བཅོམ་གྱི་སྤངས་རྟོགས་ཀྱི་རིགས་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ནས་རྫོགས་ཏེ། དེས་ཉན་རང་དགྲ་བཅོམ་གྱིས་ཇི་ཙམ་སྤངས་པ་དེ་སྤངས། ཇི་ཙམ་རྟོགས་པ་དེ་རྟོགས་པའི་ཕྱིར་དང་། དེས་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་མ་ལུས་པར་སྤངས་ཤིང་། གང་ཟག་གི་བདག་མེད་དང་གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་དགོས་པ་མཐར་ཐུག་ཐོབ་པའི་ཕྱིར་རོ། །ཉོན་ཡིད་ཁས་ལེན་ན་འདིའི་རྣམ་བཞག་བྱེད་པ་དཀའོ། །གཉིས་པ་ལ། སྨོན་ལམ་རྫོགས་པའི་ཚད་ནི་སྨོན་ལམ་གྱི་གཙོ་བོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་སྨོན་པ་དེ་རྫོགས་པའོ། །སེམས་ཅན་སྨིན་པར་བྱས་པའི་ཚད་ནི། རང་ཉིད་སྤྲུལ་སྐུར་སངས་རྒྱས་པའི་ཚེ་ཆོས་འཁོར་དང་པོའི་གདུལ་བྱའི་གཙོ་བོ་དེ། མཐོང་སྤངས་གི་སྒྲིབ་པ་དངོས་སུ་སྤོང་རུང་དང་། གཉེན་པོ་མཐོང་ལམ་དངོས་སུ་སྐྱེ་རུང་དུ་བྱས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་ཚད་ནི། རང་སྣང་ལ་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་ཏུ་ཤར་བའོ། །གསུམ་པ་ལ། ཡང་དག་མཐའི་ངོ་བོ་ནི་ཆོས་ཉིད་དེ་བཞིན་ཉིད་དེ། མདོ་སྡེ་ས་བཅུ་པ་ལས་བཤད་པའི་སྤྲོས་པ་མཐའ་དག་བཀག་པའི་འགོག་པ་དང་དོན་གཅིག་གོ །དེ་མངོན་དུ་བྱས་པའི་ཚད་ལ་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་དེ་མངོན་དུ་བྱས་པ་དང་། རྫོགས་སྨིན་སྦྱངས་གསུམ་བྱས་ཏེ་མངོན་དུ་བྱས་པ་གཉིས་ལས། དང་པོ་ནི། དག་སར་ཆོས་ཉིད་དེ་བཞིན་ཉིད་ལ་རྩོལ་མེད་དུ་ཡུན་རིང་དུ་མཉམ་པར་གཞག་པས་རེ་ཞིག་གཞན་དོན་རྒྱུན་ཆད་པའི་ཉེས་པ་དང་བཅས་པའོ། །ཕྱི་མ་ནི་སངས་རྒྱས་ཀྱི་སར་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བཞིན་དུ་ཆོས་ཉིད་ལ་དུས་རྟག་ཏུ་མཉམ་པར་གཞག་པ་ལས་མ་གཡོས་པའོ། །གཉིས་པ་རྗོད་བྱེད་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་སོགས་ཆོས་བཞི་བཤད་པ་ལ། དགོས་འབྲེལ་ངག་ལ་ཡོད་པའི་དགོས་སོགས་ཆོས་བཞི་བཤད་པ་དང་། བསྟན་བཅོས་ལུས་ལ་ཡོད་པའི་དགོས་སོགས་ཆོས་བཞི་བཤད་པ་ལ་གཉིས་ལས། དང་པོ་ནི། བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་པོ་དེ་དགོས་འབྲེལ་ངག་གི་བརྗོད་བྱ། དགོས་འབྲེལ་ངག་ལ་བརྟེན་ནས་རྒྱན་ལ་དགོས་སོགས་ཆོས་བཞི་ཡོད་པར་ངེས་པས། རྒྱན་ལ་དགོས་སོགས་ཆོས་བཞི་མེད་པར་འཛིན་པའི་དོགས་པ་བསལ་ནས་རྩེ་གཉིས་སུ་འཛིན་པའི་ཐེ་ཚོམ་བསྐྱེད་པའམ་རྩེ་གཉིས་སུ་འཛིན་པའི་དོགས་པ་བསལ་ནས་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པ་ནི་དགོས་འབྲེལ་ངག་གི་དགོས་པ། དགོས་འབྲེལ་ངག་ལ་བརྟེན་ནས་རྒྱན་ལ་དགོས་སོགས་ཆོས་བཞི་ཡོད་པར་ངེས་ཏེ། རྒྱན་ལ་ཐོས་སོགས་ཀྱིས་འཇུག་པ་ནི་དགོས་འབྲེལ་ངག་གི་ཉིང་དགོས། དེ་གསུམ་ཐབས་ལས་བྱུང་བའི་འབྲེལ་པ་ནི་དགོས་འབྲེལ་ངག་གི་འབྲེལ་པ་ཡིན་ནོ། །གཉིས་པ་ནི། བརྗོད་བྱ་དངོས་པོ་བརྒྱད་དོན་བདུན་ཅུ་རྗོད་བྱེད་ཤེར་ཕྱིན་དང་བཅས་པ་ནི་བརྗོད་བྱ། རྒྱན་ལ་བརྟེན་ནས་མདོ་དོན་བདེ་བླག་ཏུ་རྟོགས་པ་ནི་རྒྱན་གྱི་དགོས་པ། རྒྱན་ལ་བརྟེན་ནས་འབྲས་བུ་ཆོས་སྐུ་མངོན་དུ་བྱས་པ་ནི་རྒྱན་གྱི་ཉིང་དགོས། དེ་གསུམ་ཐབས་ལས་བྱུང་བའི་ཚུལ་གྱིས་འབྲེལ་པ་ནི་རྒྱན་གྱི་འབྲེལ་པ་ཡིན་ནོ། །གསུམ་པ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པ་ལ་གཉིས་ཏེ། བསྡུས་དོན་ལུས་རྣམ་གཞག་དང་། ཚིག་དོན་ཡན་ལག་རྒྱས་བཤད་དོ། །དང་པོ་ལ་གཉིས་ཏེ། ལུས་མདོར་བསྟན་པ་དང་། ཅུང་ཟད་ཕྱེ་སྟེ་བཤད་པའོ། །དང་པོ་ལ་ཇི་ལྟར་བཤད་པའི་ཚུལ་དང་། དངོས་པོ་བརྒྱད་དུ་ཕྱེ་བ་གཉིས་ལས། དང་པོ་ནི། དངོས་པོ་བརྒྱད་དུ་ཕྱེ་བའི་ཤེར་ཕྱིན་དེ་མངོན་རྟོགས་བརྒྱད་ཀྱི་སྒོ་ནས་བཤད་པའོ། །དེ་ལ་ཤེར་ཕྱིན་མཚན་ཉིད་པ་ནི་འབྲས་བུ་ཤེར་ཕྱིན་ཡིན་ལ། དེའི་མཚན་ཉིད་ནི། ཆོས་རབ་རྣམ་འབྱེད་ཀྱི་བློ་གང་ཞིག་སྲིད་ཞིའི་ཕ་རོལ་ཏུ་སོན་པའོ། །གཞུང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་སོགས་པ་གཞུང་གི་ཚོགས་རྣམས་སོ། །ལམ་ཤེར་ཕྱིན་ནི་ཆོས་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྟེ། ཐེག་པ་ཆེན་པོའི་མཐོང་ལམ་དང་སྒོམ་ལམ་གྱིས་བསྡུས་པའོ། །དེ་གཉིས་ནི་ཤེར་ཕྱིན་བཏགས་པ་བ་ཡིན་ཏེ། འདོགས་པའི་རྒྱུ་མཚན་ནི་གཞུང་ཤེར་ཕྱིན་ནི་ཤེར་ཕྱིན་བརྗོད་བྱར་སྟོན་བྱེད་ཙམ་ཡིན་པའི་ཕྱིར་དང་། ལམ་ཤེར་ཕྱིན་ནི་ཤེར་ཕྱིན་འཐོབ་བྱེད་ཡིན་པའི་ཕྱིར་རོ། །བཏགས་པའི་དགོས་པ་ནི། ཤེར་ཕྱིན་དོན་དུ་གཉེར་བས་གཞུང་ཤེར་ཕྱིན་ལ་ཐོས་སོགས་ཀྱིས་འཇུག་ཅིང་། ལམ་ཤེར་ཕྱིན་ནི་བསྒོམ་བྱར་བསྟན་པའི་དོན་དུ་ཡིན་ནོ། །དངོས་ལ་གནོད་བྱེད་ནི། དེ་གཉིས་ལ་དེའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །གཉིས་པ་ནི། ཅིའི་ཕྱིར་ཤེར་ཕྱིན་གྱི་ལུས་དེ་ལ་དངོས་པོ་བརྒྱད་དུ་གྲངས་ངེས་ཤེ་ན། དོན་དུ་གཉེར་བྱའི་འབྲས་བུ་ཤེར་ཕྱིན་དེ་ཐོབ་པ་ལ། གཏན་ལ་དབབ་པར་བྱ་བའི་ཡུལ་གསུམ། ཉམས་ལེན་སྦྱོར་བ་བཞི། ཐོབ་བྱའི་འབྲས་བུ་ཆོས་སྐུ་རྣམས་ཀྱིས་མཐར་ཕྱིན་པར་བྱ་དགོས་པའི་ཕྱིར་རོ། །ཅིའི་ཕྱིར་གཏན་ལ་དབབ་པར་བྱ་བའི་ཡུལ་ལ་གསུམ་དུ་གྲངས་ངེས་ཤེ་ན། འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཆེད་དུ་རྣམ་མཁྱེན། འཐོབ་བྱེད་ཀྱི་རྒྱུ་ཤེས་པའི་ཆེད་དུ་ལམ་ཤེས། དེ་དག་གི་གོལ་ས་གཅོད་པའི་ཡན་ལག་དུ་གཞི་ཤེས་རྣམས་ལ་སྒྲོ་འདོགས་གཅད་དགོས་པའི་ཕྱིར་རོ། །ཅིའི་ཕྱིར་ཉམས་ལེན་གྱི་སྦྱོར་བ་དེ་ལ་བཞིར་གྲངས་ངེས་ཞེ་ན། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་དེ་རྣམ་པར་བསྡུས་ནས་སྒོམ་དགོས་པས་རྣམ་རྫོགས་སྦྱོར་བ། དེ་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་སྒོ་ནས་དབང་ཐོབ་པ་རྩེ་མོའི་སྦྱོར་བ། དེ་ཉིད་ལ་བློའི་ནུས་པ་ཕུལ་དུ་བྱུང་བར་བྱ་བའི་ཕྱིར་གོ་རིམ་དུ་བསྒོམ་པ་མཐར་གྱིས་པའི་སྦྱོར་བ། དེ་ཉིད་ལ་བརྟན་པ་ཐོབ་ནས་ཅིག་ཅར་དུ་བསྒོམ་པ་སྐད་ཅིག་མའི་སྦྱོར་བ་རྣམས་སུ་གྲངས་ངེས་པའི་ཕྱིར། གཉིས་པ་ཅུང་ཟད་ཕྱེ་སྟེ་བཤད་པ་ལ་གསུམ་སྟེ། ཡུལ་དང་། སྦྱོར་བ་དང་། འབྲས་བུའོ། །དང་པོ་ལ་རྣམ་མཁྱེན། ལམ་ཤེས། གཞི་ཤེས་གསུམ་ལས། དང་པོ་རྣམ་མཁྱེན་ལ་གསུམ་སྟེ། མཚོན་བྱེད་ཆོས་ཀྱི་གྲངས་ངེས། ཇི་ལྟར་མཚོན་པའི་ཚུལ། དེ་ཉིད་ལུས་དང་སྦྱར་བའོ། །དང་པོ་ནི། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་དེ་ལ་བཅུར་གྲངས་ངེས་ཏེ། དེ་ལ་བསམ་པ་དང་སྦྱོར་བ་གཉིས་ལས། དང་པོ་ནི་སེམས་བསྐྱེད། གཉིས་པ་ལ་སྒྲུབ་པའི་རྒྱུ། འབྲས་བུ་སྒྲུབ་པ། སྒྲུབ་པའི་ཡན་ལག་གི་ཆོས་དང་གསུམ་ལས། དང་པོ་ནི་གདམས་ངག གཉིས་པ་ནི་ངེས་འབྱེད་ཡན་ལག གསུམ་པ་ལ་སྒྲུབ་པའི་རྟེན། སྒྲུབ་པའི་དམིགས་པ། སྒྲུབ་པའི་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་དང་བཞི་ལས། དང་པོ་ནི་སྒྲུབ་པའི་རྟེན་དུ་གྱུར་པའི་ཆོས་དབྱིངས། གཉིས་པ་ནི་སྒྲོ་འདོགས་གཅད་པར་བྱ་བའི་དམིགས་པ། གསུམ་པ་ནི་ཆེད་དུ་བྱ་བ་ཆེན་པོ་གསུམ། བཞི་པ་ལ་འཁོར་གསུམ་མི་དམིགས་པས་གོ་བགོས་པ་དང་། གོ་བགོས་པ་ལྟར་ཐེག་ཆེན་ལ་སྦྱོར་བའི་བརྩོན་འགྲུས་ལ་ཞུགས་པ་དང་། ཞུགས་པའི་འོག་ཏུ་མི་མཐུན་ཕྱོགས་ལས་ངེས་པར་འབྱུང་བའི་ཆེད་དུ་ཚོགས་གཉིས་གསག་པ་དང་། ཚོགས་ཀྱི་དཔུང་སོགས་པས་མི་མཐུན་ཕྱོགས་ལས་རྒྱལ་བ་དང་བཞི་ལས། དང་པོ་ནི་གོ་སྒྲུབ། གཉིས་པ་ནི་འཇུག་སྒྲུབ། གསུམ་པ་ནི་ཚོགས་སྒྲུབ། བཞི་པ་ནི་ངེས་འབྱུང་སྒྲུབ་པ་ཡིན་པའི་ཕྱིང་རོ། །གཉིས་པ་ནི། ཡུལ་གྱིས་ཡུལ་ཅན་མཚོན་པའི་ཚུལ་གྱིས་མཚོན་ཏེ། ཆོས་བཅུ་པོ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ནི་རྣམ་མཁྱེན་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་པ་སྟེ་རྣམ་ཀུན་མཁྱེན་ཉིད་ཅེས་པའི་རྣམ་མཁྱེན་ངོས་གཟུང་བའོ། །ལམ་ཤེས་ལ་ཡང་སྔ་མ་ལྟར་གསུམ་ལས། དང་པོ་ནི། ལམ་ཤེས་མཚོན་བྱེད་ཀྱི་ཆོས་དེ་ལ་བཅུ་གཅིག་ཏུ་གྲངས་ངེས་ཏེ། དེ་ལ་ལམ་ཤེས་བསྐྱེད་པའི་ཆོས། རང་བཞིན། བྱེད་ལས། ཤེས་བྱ་ལམ་གྱི་ངོ་བོ་དང་བཞི་ལས། དང་པོ་གསུམ་པོ་ལམ་ཤེས་ཀྱི་ཡན་ལག་ཅེས་གཅིག་ཏུ་བགྲང་། ཕྱི་མ་ལ་གཞན་རྗེས་སུ་འཛིན་པའི་ལམ་དང་། རང་མངོན་དུ་བྱ་བའི་ལམ་གཉིས། དང་པོ་ལ་ཉན་ཐོས་ཀྱི་རིགས་ཅན་ལ་བསྟན་པར་བྱ་བ་དང་། རང་རྒྱལ་གྱི་རིགས་ཅན་ལ་བསྟན་པར་བྱ་བ་གཉིས་ལས། དང་པོ་ནི་ཤེས་བྱ་ཉན་ཐོས་ཀྱི་ལམ། གཉིས་པ་ནི་ཤེས་བྱ་རང་རྒྱལ་གྱི་ལམ། རང་མངོན་དུ་བྱ་བའི་ལམ་ལ་ཡང་སྒྲིབ་པ་ཕྱོགས་གཅིག་སྤང་བའི་གཉེན་པོ་དང་། མཐའ་དག་སྤང་བའི་གཉེན་པོ་གཉིས་ལས། དང་པོ་ནི་མཐོང་བའི་ལམ། གཉིས་པ་ལ་སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་གཉིས་ལས། དང་པོ་ནི་བྱེད་པ་དྲུག གཉིས་པ་ལ་རྗེས་ཐོབ་དག་པ་འཇིག་རྟེན་པའི་རང་བཞིན་དང་། མཉམ་གཞག་རྣམ་པར་མི་རྟོག་པའི་རང་བཞིན་གཉིས། དང་པོ་ལ་བསོད་ནམས་མ་སྐྱེས་པ་སྐྱེད་པར་བྱེད་པ་དང་། སྐྱེས་པ་བྱང་ཆུབ་ཀྱི་རྒྱུར་བསྒྱུར་བར་བྱེད་པ་དང་། བསོད་ནམས་ཀྱི་ཚོགས་ཡོངས་སུ་སྤེལ་བར་བྱེད་པ་དང་གསུམ་ལས། དང་པོ་ལ་མོས་པ་དངོས་དང་། མོས་པའི་ཕན་ཡོན་གཉིས། གཉིས་པ་ནི་བསྔོ་བ་སྒོམ་ལམ། གསུམ་པ་ནི་རྗེས་སུ་ཡི་རང་སྒོམ་ལམ། མཉམ་གཞག་རྣམ་པར་མི་རྟོག་པའི་རང་བཞིན་ལ་ཡོན་ཏན་མངོན་པར་སྒྲུབ་པར་བྱེད་པ་དང་། མི་མཐུན་ཕྱོགས་དག་པར་བྱེད་པ་གཉིས་ལས། དང་པོ་ནི་སྒྲུབ་པ་སྒོམ་ལམ། གཉིས་པ་ནི་རྣམ་དག་སྒོམ་ལམ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རང་གི་ངོ་བོའི་སྒོ་ནས་མཚོན་ཏེ། ཕལ་ཆེར་བའི་དབང་དུ་བྱས་ནས་ཆོས་བཅུ་གཅིག་པོ་འདི་ལམ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་པ་སྟེ་ལམ་ཤེས་ཉིད་ཅེས་པའི་ལམ་ཤེས་ངོས་གཟུང་བའོ། །གཞི་ཤེས་ལ་ཡང་སྔར་ལྟར་གསུམ་ལས། གཞི་ཤེས་མཚོན་བྱེད་ཀྱི་ཆོས་དེ་ལ་དགུར་གྲངས་ངེས་ཏེ། དེ་ལ་འཇུག་ཡུལ་གཞི་ཤེས། འཇུག་པ་སྦྱོར་བ། ཞུགས་འབྲས་མཐོང་ལམ་དང་གསུམ། དང་པོ་ལ་གཞི་ཤེས་ཀྱི་ངོ་བོ་དང་། ཉེ་རིང་གི་རྒྱུ་མཚན་དང་མི་མཐུན་ཕྱོགས་དང་གཉེན་པོའི་ཁྱད་པར་དང་གསུམ། དང་པོ་ལ་ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་དང་། སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས། གཉིས་པ་ལ་འབྲས་ཡུམ་ལ་རིང་བའི་གཞི་ཤེས་དང་། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་གཉིས། གསུམ་པ་ལ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། གཉེན་པོ་གཞི་ཤེས་གཉིས། འཇུག་པ་སྦྱོར་བ་ལ་སྦྱོར་བའི་དབྱེ་བ་དང་། དེའི་མཉམ་ཉིད་གཉིས་སུ་ངེས་པའི་ཕྱིར་རོ། །གཉིས་པ་ནི། ངོ་བོའི་སྒོ་ནས་མཚོན་ཏེ། ཕལ་ཆེར་བའི་དབང་དུ་བྱས་ནས་ཆོས་དགུ་པོ་ནི་གཞི་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཉན་ཐོས་ལ་སོགས་པའི། དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་པ་སྟེ། དེ་ནས་ཐམས་ཅད་ཤེས་པ་ཉིད། །ཅེས་པའི་སྐབས་ཀྱི་གཞི་ཤེས་ངོས་གཟུང་བའོ། །མཁྱེན་པ་གསུམ་ལུས་དང་སྦྱར་བའི་སྐབས་སུ་ཐུབ་པའི་ཞེས་སོགས་རྟེན་གྱི་གང་ཟག་ཀྱང་སྨོས་པ་ནི། མཆོད་བརྗོད་ཀྱི་མཁྱེན་པ་གསུམ་དང་སྦྱར་བའི་ཆེད་ཡིན་ནོ། །གཉིས་པ་སྦྱོར་བ་ལ་བཞི་ལས། དང་པོ་རྣམ་རྫོགས་སྦྱོར་བ་ལ་གསུམ་སྟེ། མཚོན་བྱེད་ཀྱི་ཆོས་ཀྱི་གྲངས་ངེས། ཇི་ལྟར་མཚོན་པའི་ཚུལ། ལུས་དང་སྦྱར་བའོ། །དང་པོ་ནི། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་དེ་ལ་བཅུ་གཅིག་ཏུ་གྲངས་ངེས་ཏེ། དེ་ལ་སྦྱོར་བ་སྒོམ་པ་ལ་འཇུག་པའི་ཚུལ། ཞུགས་པའི་རྟེན་གྱི་གང་ཟག བསྒོམ་བྱ་སྦྱོར་བའི་ངོ་བོ་དང་གསུམ། དང་པོ་ལ་བསྒོམ་བྱ་དང་། སྒོམ་པའི་རྣལ་འབྱོར་དང་། སྔོན་འགྲོའི་ཆོས་དང་། ཉེ་རྒྱུ་དང་བཞི། དང་པོ་ནི་རྣམ་པ། གཉིས་པ་ནི་སྦྱོར་བ། གསུམ་པ་ལ་ཡོན་ཏན། སྐྱོན། མཚན་ཉིད་དང་གསུམ། བཞི་པ་ནི་ཐར་པ་ཆ་མཐུན། ཞུགས་པའི་རྟེན་གྱི་གང་ཟག་ལ་སྦྱོར་བ་སྐྱེས་པའི་གནས་སྐབས་དང་། རྟེན་གྱི་གང་ཟག་དངོས་གཉིས་ལས། དང་པོ་ནི་ངེས་འབྱེད་ཆ་མཐུན། གཉིས་པ་ནི་སློབ་པ་ཕྱིར་མི་ལྡོག་པའི་ཚོགས། བསྒོམ་བྱ་སྦྱོར་བའི་ངོ་བོ་ལ་ཆོས་སྐུའི་རྒྱུ་དང་། གཟུགས་སྐུའི་རྒྱུ་དང་། ཕྲིན་ལས་ཀྱི་རྒྱུ་གསུམ། དང་པོ་ནི་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། གཉིས་པ་ནི་ཞིང་དག་པའི་སྦྱོར་བ། གསུམ་པ་ནི་ཐབས་ལ་མཁས་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ངོ་བོའི་སྒོ་ནས་མཚོན་ཏེ། ཕལ་ཆེར་བའི་དབང་དུ་བྱས་ནས་ཆོས་བཅུ་གཅིག་པོ་འདི་རྣམ་རྫོགས་སྦྱོར་བའི་ངོ་བོ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །ཞེས་པ་སྟེ། རྣམ་ཀུན་མངོན་རྫོགས་རྟོགས་པ་དང་ཞེས་པའི་རྣམ་རྫོགས་སྦྱོར་བ་ངོས་འཛིན་པའོ། །རྩེ་སྦྱོར་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་དེ་ལ་ཡང་བརྒྱད་དུ་གྲངས་ངེས་ཏེ། དེ་ལ་སྦྱོར་ལམ། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་སྦྱོར་དང་བཞི་ལས། དང་པོ་ལ་རྟགས་དང་། རྣམ་འཕེལ་དང་། བརྟན་པ་དང་། སེམས་ཀུན་ཏུ་གནས་པས་མཚོན་པའི་རྩེ་སྦྱོར་བཞི། གཉིས་པ་ནི་མཐོང་སྤང་བཞིའི་གཉེན་པོ་བར་ཆད་མེད་ལམ། གསུམ་པ་ནི་སྒོམ་སྤང་བཞིའི་གཉེན་པོ་བར་ཆད་མེད་ལམ། བཞི་པ་ལ་དངོས་དང་། བསལ་བྱ་གཉིས་ལས། དང་པོ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན། གཉིས་པ་ནི་བསལ་བྱ་ལོག་སྒྲུབ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ངོ་བོའི་སྒོ་ནས་མཚོན་ཏེ། ཕལ་ཆེར་བའི་དབང་དུ་བྱས་ནས་ཆོས་བརྒྱད་པོ་འདི་རྩེ་སྦྱོར་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །ལམ་ཤེས་སོགས་ལ་ཕལ་ཆེར་བ་སྨོས་པའི་དོན་ནི། ལམ་ཤེས་ཀྱི་ཡན་ལག་དང་པོ་གསུམ་དང་། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་གཞི་ཤེས་ཀྱི་སྦྱོར་བ་དང་། ཡོན་ཏན་དང་། སྐྱོན་དང་། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་དང་། བསལ་བྱ་ལོག་སྒྲུབ་རྣམས་དེ་དང་དེའི་ངོ་བོ་ཡིན་པ་བསལ་བའི་ཆེད་ཡིན་པའི་ཕྱིར་རོ། །གསུམ་པ་ནི། རྩེ་མོའི་མངོན་རྟོགས་ཞེས་པ་སྟེ། རྩེ་སྦྱོར་ཕྱིན་དང་ཞེས་པའི་རྩེ་སྦྱོར་ངོས་འཛིན་པའོ། །མཐར་གྱིས་པ་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་དེ་ལ་བཅུ་གསུམ་དུ་གྲངས་ངེས་ཏེ། དེ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། དེ་གཉིས་རྣམ་པར་དག་བྱེད་ཀྱི་ཆོས་གསུམ་ལས། དང་པོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག གཉིས་པ་ལ་ལམ་གྱི་རྟེན་དང་། དེའི་གཞི་དང་། དེ་ཉམས་སུ་ལེན་པའི་དཔང་པོ་རྗེས་སུ་དྲན་པ་གསུམ་ལས། དང་པོ་ལ་དཀོན་མཆོག་གསུམ་རྗེས་སུ་དྲན་པ་གསུམ། གཉིས་པ་ལ་ཚུལ་ཁྲིམས་དང་གཏོང་བ་རྗེས་སུ་དྲན་པ་གཉིས། གསུམ་པ་ནི་ལྷ་རྗེས་སུ་དྲན་པ། དེ་གཉིས་རྣམ་པར་དག་བྱེད་ཀྱི་ཆོས་ནི་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ངོ་བོའི་སྒོ་ནས་མཚོན་ཏེ། ཆོས་བཅུ་གསུམ་པོ་ནི་མཐར་གྱིས་པའི་སྦྱོར་བའི་ངོ་བོ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། མཐར་གྱིས་པ་ཞེས་པ་སྟེ། ལུས་ཀྱི་ཚིག་དང་ཁྱད་པར་མི་སྣང་ངོ་། །སྐད་ཅིག་མའི་སྦྱོར་བ་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞིར་གྲངས་ངེས་ཏེ། དེ་ལ་རྟོགས་རིགས་མངོན་དུ་བྱེད་པའི་ཚུལ་དང་། ཤེས་བྱ་རྟོགས་པའི་ཚུལ་གཉིས་ལས། དང་པོ་ལ་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་རིགས་མངོན་དུ་བྱེད་པ་དང་། རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་མངོན་དུ་བྱེད་པ་གཉིས་ལས། དང་པོ་ནི། རྣམ་པར་སྨིན་པ་མིན་པའི་སྐད་ཅིག་མའི་སྦྱོར་བ། ཕྱི་མ་ནི་རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ། གཉིས་པ་ལ་ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་པ་དང་། ཆོས་ཐམས་ཅད་གཉིས་སུ་མེད་པར་རྟོགས་པ་གཉིས་ལས་དང་པོ་ནི་མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ། ཕྱི་མ་ནི་གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་སྟེ་རྒྱུན་མཐའི་ཡེ་ཤེས་ཉིད་ལ་མཚན་ཉིད་དོན་ལྡོག་མི་འདྲ་བ་བཞིར་ཕྱེ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ངོ་བོའི་སྒོ་ནས་མཚོན་ཏེ། ཆོས་བཞི་པོ་ནི་སྐད་ཅིག་མའི་སྦྱོར་བའི་ངོ་བོ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། སྐད་ཅིག་གཅིག་གིས་མངོན་རྫོགས་བྱང་ཆུབ། །ཅེས་པ་སྟེ། སྐད་ཅིག་གཅིག་གིས་མངོན་རྫོགས་བྱང་ཆུབ། །ཅེས་པའི་སྐད་ཅིག་མའི་སྦྱོར་བ་ངོས་འཛིན་པའོ། །གསུམ་པ་འབྲས་བུ་ཆོས་སྐུ་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། ཆོས་སྐུ་མཚོན་བྱེད་ཀྱི་ཆོས་དེ་ལ་བཞིར་གྲངས་ངེས་ཏེ། དེ་ལ་ཆོས་སྐུ་དངོས་དང་། དེའི་མཛད་པ་གཉིས་ལས། དང་པོ་ལ་ངོ་བོ་ཉིད་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུ་དང་གསུམ་དུ་ངེས་པའི་ཕྱིར། གཉིས་པ་ནི། ངོ་བོའི་སྒོ་ནས་མཚོན་ཏེ། སྐུ་གསུམ་དང་བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་ནི་ཆོས་སྐུའི་ངོ་བོ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཆོས་སྐུ་ཞེས་པ་སྟེ། ཆོས་ཀྱི་སྐུ་དང་ཞེས་པའི་ཆོས་སྐུ་དངོས་ངོས་འཛིན་པའོ། །གཉིས་པ་ཚིག་དོན་ཡན་ལག་རྒྱས་པར་བཤད་པ་ལ་གསུམ་སྟེ། རྒྱས་པ་ལ་དད་པ་ལ་བརྒྱད་དུ་ཕྱེ། བར་པ་ལ་དད་པ་ལ་དྲུག་ཏུ་བསྟན། བསྡུས་པ་ལ་དད་པ་ལ་གསུམ་དུ་བསྡུ་བའོ། །དང་པོ་ལ་བརྒྱད་ལས། དང་པོ་རྣམ་མཁྱེན་ལ་མཚན་ཉིད་ནི། བདེན་པ་གཉིས་རྣམ་པ་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་གོ །དེ་ལ་དབྱེ་ན་ཡུལ་གྱི་སྒོ་ནས་དང་། བསྟན་ཚུལ་གྱི་སྒོ་ནས་དང་། མཚོན་བྱེད་ཆོས་ཀྱི་སྒོ་ནས་དབྱེ་བ་དང་གསུམ་ལས། དང་པོ་ལ་ཇི་ལྟ་བ་མཁྱེན་པའི་དང་། ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་གཉིས། མཚན་ཉིད་རིམ་པ་བཞིན། ཆོས་དབྱིངས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་དང་། ཆོས་ཅན་ཇི་སྙེད་པའི་དབྱེ་བ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་གོ །གཉིས་པ་ལ་ཤེས་བྱ་མ་ལུས་པ་མཁྱེན་པའི་རྣམ་མཁྱེན་དང་། རྒྱུ་འབྲས་ཀྱི་གཙོ་བོ་མཁྱེན་པ་གཉིས། མཚན་ཉིད་རིམ་བཞིན། རྣམ་རྟགས་མཚན་མས་བསྡུས་པའི་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་གོ །གསུམ་པ་ལ་བཅུ་ལས། དང་པོ་ཐེག་ཆེན་སེམས་བསྐྱེད་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདོད་པ་དང་། མཚུངས་ལྡན་དུ་འབྱུང་བའི་གཙོ་བོ་རྣམ་རིག་གོ །གཉིས་པ་ལ་ངོ་བོའི་སྒོ་ནས། ཡུལ་གྱི་སྒོ་ནས། ས་མཚམས་ཀྱི་སྒོ་ནས། དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་དབྱེ་བ་དང་བཞི་ལས། དང་པོ་ལ་ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་གཉིས། དང་པོའི་མཚན་ཉིད། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་གང་ཞིག ཐེག་ཆེན་གྱི་བསླབ་པའི་གྲོགས་ཀྱིས་མ་ཟིན་པ། ས་མཚམས་ཐེག་ཆེན་ལམ་དུ་འཇུག་ཁ་མའི་གནས་སྐབས་དང་། བྱང་སེམས་ཀྱི་བསླབ་པ་ལས་ཉམས་པའི་ཚེ་ཐེག་ཆེན་གྱི་ཚོགས་ལམ་ན་ཡང་ཡོད་དོ། །གཉིས་པའི་མཚན་ཉིད། ཐེག་ཆེན་གྱི་བསླབ་པའི་གྲོགས་ཀྱིས་ཟིན་པ། དེང་སང་གི་ལུགས་དང་བསྟུན་ན་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་གང་ཞིག་ཅེས་བརྗོད་དགོས་པར་མངོན་ནོ། །ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ནས་རྒྱུན་མཐའི་བར་ན་ཡོད་དོ། །གཉིས་པ་ལ་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་དང་། ཐེག་ཆེན་གྱི་དོན་དམ་སེམས་བསྐྱེད་གཉིས། དང་པོའི་མཚན་ཉིད། ཐེག་ཆེན་སེམས་བསྐྱེད་གང་ཞིག རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མ་བསྡུས་པ། ས་མཚམས་ཚོགས་སྦྱོར་གྱི་མཉམ་རྗེས་གཉིས་ཀ་དང་། ས་བཅུའི་རྗེས་ཐོབ་རྣམས་ན་ཡོད། ཕྱི་མའི་མཚན་ཉིད། ཐེག་ཆེན་སེམས་བསྐྱེད་གང་ཞིག་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ། ས་མཚམས་ས་བཅུའི་མཉམ་གཞག་དང་སངས་རྒྱས་ཀྱི་ས་ན་ཡོད། གསུམ་པ་ལ་མོས་པས་སྤྱོད་པའི་སེམས་བསྐྱེད། ལྷག་བསམ་རྣམ་པར་དག་པའི་སེམས་བསྐྱེད། རྣམ་པར་སྨིན་པའི་སེམས་བསྐྱེད། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཞི་ལས། དང་པོ་ནི་ཚོགས་སྦྱོར་གྱི་གནས་སྐབས་ཀྱི་སེམས་བསྐྱེད་དང་། གཉིས་པ་ནི་མ་དག་པ་ས་བདུན་གྱི་དང་། གསུམ་པ་ནི་དག་པ་ས་གསུམ་གྱི་སེམས་བསྐྱེད་དང་། བཞི་པ་ནི་སངས་རྒྱས་ཀྱི་སའི་སེམས་བསྐྱེད་ལ་འཇོག་གོ །བཞི་པ་ལ་དཔེའི་སྒོ་ནས་དབྱེ་ན་ས་ལྟ་བུའི་སེམས་བསྐྱེད་ལ་སོགས་པ་ཉེར་གཉིས། གྲོགས་ཀྱི་སྒོ་ནས་དབྱེ་ན་འདུན་པ་དང་ལྡན་པའི་སེམས་བསྐྱེད་ལ་སོགས་པ་ཉེར་གཉིས། ཆོས་མཐུན་གྱི་སྒོ་ནས་དབྱེ་ན་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིར་གྱུར་པའི་སེམས་བསྐྱེད་ལ་སོགས་པ་ཉེར་གཉིས་ཏེ་དོན་གཅིག་གོ །གཉིས་པ་གདམས་ངག་ལ། སྤྱིར་གདམས་ངག་ཙམ་གྱི་མཚན་ཉིད། འབྲས་བུ་བདེ་བླག་ཏུ་ཐོབ་པའི་ཐབས་སྟོན་པར་བྱེད་པའི་གདམས་ངག དེ་ལ་དབྱེ་ན་མངོན་མཐོའི་གདམས་ངག ངེས་ལེགས་ཀྱི་གདམས་ངག་གཉིས། དང་པོའི་མཚན་ཉིད། འཁོར་བའི་བདེ་འབྲས་ཙམ་བདེ་བླག་ཏུ་ཐོབ་པའི་ཐབས་སྟོན་པར་བྱེད་པའི་ངག གཉིས་པའི་མཚན་ཉིད། བྱང་ཆུབ་གསུམ་པོ་གང་རུང་བདེ་བླག་ཏུ་ཐོབ་པའི་ཐབས་སྟོན་པར་བྱེད་པའི་ངག དེ་ལ་དབྱེ་ན་ཐེག་དམན་གྱི་གདམས་ངག་དང་། ཐེག་ཆེན་གྱི་གདམས་ངག་གཉིས་ལས། དང་པོའི་མཚན་ཉིད། གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་ཐེག་དམན་གྱི་བྱང་ཆུབ་བདེ་བླག་ཏུ་ཐོབ་པའི་ཐབས་སྟོན་པར་བྱེད་པའི་ངག ཕྱི་མའི་མཚན་ཉིད། གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་ཐེག་ཆེན་གྱི་བྱང་ཆུབ་བདེ་བླག་ཏུ་ཐོབ་པའི་ཐབས་སྟོན་པར་བྱེད་པའི་ངག སྐབས་འདིར་བསྟན་གྱི་གདམས་ངག་ལ། མཚན་ཉིད་དང་། དབྱེ་བ་དང་། གདམས་བྱ་ཡུལ་གྱི་རྣམ་གཞག་དང་གསུམ་ལས། དང་པོ་ནི། གདུལ་བྱ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་གང་ཟག་ལ་རྣམ་མཁྱེན་བསྒྲུབ་པའི་ཆེད་དུ་ཡུལ་བཅུ་པོ་གང་རུང་ཉམས་སུ་ལེན་ཚུལ་སྟོན་པར་བྱེད་པའི་ཤེར་ཕྱིན་གྱི་མདོ་ཚིག གཉིས་པ་ལ་བཅུ་ལས། དང་པོ་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒྲུབ་པ་རང་གི་ངོ་བོ་ཡུལ་བདེན་གཉིས་ལས་མི་འདའ་བར་ཡུལ་ཅན་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག གཉིས་པ་དམིགས་ཡུལ་འཕགས་པའི་བདེན་པ་ལ་འདོམས་པ་ལ་བཞི་ལས། སྡུག་བསྔལ་བདེན་པ་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། ཡུལ་བདེན་གཉིས་ལས་མི་འདའ་བར་ཡུལ་ཅན་ཐབས་ཤེས་ཟུང་འཇུག་གི་སྒོ་ནས་སྡུག་བསྔལ་བདེན་པའི་སྟོང་ཉིད་དང་ཡུལ་ཅན་ཤེར་ཕྱིན་གཉིས་དེ་བཞིན་ཉིད་ཀྱི་ངོ་བོ་རང་བཞིན་གཅིག་པ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག སྒོ་ནས་ཞེས་པ་ཡན་ཆད་ཀུན་ལ་གསལ་བྱེད་དུ་སྦྱར་ལ། ཀུན་འབྱུང་བདེན་པ་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་ཀུན་འབྱུང་བདེན་པ་སྔར་མེད་གསར་དུ་ཀུན་འབྱུང་བ་སོགས་ཀྱི་སྤྲོས་པ་དང་བྲལ་བ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག འགོག་བདེན་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་གློ་བུར་དྲི་བྲལ་གྱི་སྟོང་ཉིད་གཟུགས་ནས་བྱང་ཆུབ་ཀྱི་བར་གྱི་སྤྲོས་པ་དང་བྲལ་བ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག ལམ་བདེན་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་དོན་ཕན་ཚུན་བསྒོམ་བྱ་སྒོམ་བྱེད་སོགས་ཀྱི་སྤྲོས་པ་དང་བྲལ་བ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་གོ །གསུམ་པ་སྒྲུབ་པའི་རྟེན་ལ་འདོམས་པ་ལ་གསུམ་ལས། སངས་རྒྱས་དཀོན་མཆོག་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་སངས་རྒྱས་དང་བྱང་ཆུབ་དབྱིངས་དང་ཡེ་ཤེས་སུ་ཞེན་པ་བཀག་པ་སོགས་ཀྱི་སྒོ་ནས་སངས་རྒྱས་དཀོན་མཆོག་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག ཆོས་དཀོན་མཆོག་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་གཞི་གཉེན་རྣམ་གསུམ་གྱིས་བསྡུས་པའི་ཆོས་རྣམས་ངོ་བོ་ཉིད་མེད་པར་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག དགེ་འདུན་དཀོན་མཆོག་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་སྐྱེ་བ་མེད་པ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག བཞི་པ་མ་ཞེན་པའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་བྱ་བ་ཞེན་དོན་གྱི་ལེ་ལོའི་གཉེན་པོ་ལུས་སོགས་ངོ་བོ་ཉིད་མེད་པར་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག ལྔ་པ་ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་སྒྱིད་ལུག་པའི་ལེ་ལོའི་གཉེན་པོར་གཟུགས་ནས་རྣམ་མཁྱེན་གྱི་བར་བདེན་པར་རློམ་པ་མེད་པ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག དྲུག་པ་ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་སེམས་ཞུམ་པའི་ལེ་ལོའི་གཉེན་པོར་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག བདུན་པ་སྤྱན་ལྔ་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་སྤྱན་ལྔ་ལཾ་ཡུལ་ཡུལ་ཅན་རྣམས་དེ་བཞིན་ཉིད་དུ་གཅིག་པ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག བརྒྱད་པ་མངོན་ཤེས་དྲུག་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་མངོན་ཤེས་དྲུག་པོ་གཟོད་མ་ནས་ཞི་བ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག དགུ་པ་མཐོང་ལམ་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་མཐོང་སྤང་གི་གཉེན་པོ་ཐེག་ཆེན་གྱི་མཐོང་ལམ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག བཅུ་པ་སྒོམ་ལམ་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྒོ་ནས་སྒོམ་སྤང་གི་གཉེན་པོར་ཐེག་ཆེན་གྱི་སྒོམ་ལམ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་གོ །གསུམ་པ་གདམས་བྱ་ཡུལ་གྱི་རྣམ་གཞག་ལ་གཉིས་ཏེ། ཡུལ་བཅུར་སྤྱིར་བསྟན་པ་དང་། རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཅུ་ལས། སྒྲུབ་པ་རང་གི་ངོ་བོའི་མཚན་ཉིད། ཡུལ་བདེན་གཉིས་ལས་མི་འདའ་བར་ཡུལ་ཅན་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་སེམས་བསྐྱེད་ཀྱི་དབྱེ་བས་འཕངས་པའི་ཉམཾས་ལཾེན་སྒྲུབ་པར་བྱེད་པའི་ཉམས་ལེན་གང་ཞིག མི་དམིགས་པའི་སྒོ་ནས་ཉན་རང་དང་ཐུན་མོང་མིན་པར་གྱུར་པ། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་ས་བཅུ་རྒྱུན་མཐའི་བར་ན་ཡོད། དམིགས་ཡུལ་འཕགས་པའི་བདེན་པ་བཞི་ལས་སྡུག་བསྔལ་བདེན་པའི་མཚན་ཉིད། རང་རྒྱུ་ལས་ཉོན་གྱི་འབྲས་བུར་གྱུར་པའི་ཟག་བཅས་ཀྱི་དངོས་པོ། དབྱེ་ན་ལས་ཉོན་གྱི་བདག་པོའི་འབྲས་བུ་ཉེར་ལེན་གྱི་ཕུང་པོ། རྒྱུ་མཐུན་གྱི་འབྲས་བུ་ལས་ཉོན་ཕྱི་མ་རྣམས་སོ། །ཀུན་འབྱུང་བདེན་པའི་མཚན་ཉིད། རང་འབྲས་སྡུག་བསྔལ་བདེན་པ་བསྐྱེད་པའི་རིགས་སུ་གནས་པའི་ལས་ཉོན་གང་རུང་གིས་བསྡུས་པའི་ཟག་བཅས། དབྱེ་ན་ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་གཉིས་ལས། དང་པོ་ལ་དགེ་བའི་ལས། མི་དགེ་བའི་ལས། ལུང་མ་བསྟན་གྱི་ལས་གསུམ་མོ། །ཡང་ན་ཕན་བྱེད་ཀྱི་ལས་དང་། རྫོགས་བྱེད་ཀྱི་ལས་གཉིས། ཡང་ན་བསོད་ནམས་ཀྱི་ལས་དང་། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་དང་གསུམ། ཡང་ན་གཅིག་ཏུ་དཀར་བའི་ལས། གཅིག་ཏུ་གནག་པའི་ལས། འདྲེས་མའི་ལས་དང་གསུམ་མོ། །གཉིས་པ་ཉོན་མོངས་པ་ལ་དབྱེ་ན། རྩ་ཉོན་དྲུག་དང་། ཉེ་ཉོན་ཉི་ཤུའོ། །འགོག་བདེན་གྱི་མཚན་ཉིད། རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མ་ལས་གྲོལ་བའི་སོ་སོར་བརྟགས་འགོག དབྱེ་ན་ཐེག་པ་གསུམ་གྱི་མྱང་འདས། ཡང་ན་ཉོན་སྒྲིབ་སྤངས་པའི་སོ་སོར་བརྟགས་འགོག་དང་། ཤེས་སྒྲིབ་སྤངས་པའི་སོསོར་བརྟགས་འགོག་གཉིས་སམ། ཡང་ན་མཐོང་སྤང་སྤངས་པའི་སོ་སོར་བརྟགས་འགོག་དང་། སྒོམ་སྤང་སྤངས་པའི་སོ་སོར་བརྟགས་འགོག་གཉིས་སོ། །ཉི་སྣང་ལས། མྱང་འདས་ཙམ་ལ་དབྱེ་ན། དགེ་རྩ་ཆད་པ་ཡོངས་སུ་མྱ་ངན་ལས་འདས་པ་དང་། ངན་འགྲོ་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཡན་ལག་ཡོངས་སུ་མྱ་ངན་ལས་འདས་པ་དང་། སྲིད་པ་བརྒྱད་པ་ཡོངས་སུ་མྱ་ངན་ལས་འདས་པ་དང་། སྲིད་པ་གཉིས་པ་ཡོངས་སུ་མྱ་ངན་ལས་འདས་པ་དང་། འདོད་པའི་ཁམས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཕུང་པོ་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དང་། དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་དང་བརྒྱད་ཡོད་པར་གསུངས་སོ། །ལམ་བདེན་གྱི་མཚན་ཉིད། བདག་མེད་མངོན་སུམ་རྟོགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པ། དེ་ལ་ཐེག་པའི་སྒོ་ནས་དབྱེ་ན་ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་ལམ་བདེན་གསུམ། དེ་རེ་རེ་ལ་ཡང་ལམ་གྱི་སྒོ་ནས་དབྱེ་ན་མཐོང་ལམ་སྒོམ་ལམ་མི་སློབ་པའི་ལམ་གསུམ་གསུམ་མོ། །ངོ་བོའི་སྒོ་ནས་དབྱེ་ན་མཉམ་གཞག་དང་རྗེས་ཐོབ་གཉིས། དང་པོ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་སོ། །འཁོར་དང་བཅས་པའི་དབང་དུ་བྱས་ནས་ལམ་ལྔ་ཡོད་པར་ཀུན་ལས་བཏུས་ལས་གསུངས་སོ། །སྒྲུབ་པའི་རྟེན་ལ་གསུམ་ལས། སངས་རྒྱས་དཀོན་མཆོག་གི་མཚན་ཉིད། འདུས་མ་བྱས་པ་ལ་སོགས་པ་ཡོན་ཏན་བརྒྱད་དང་ལྡན་པའི་མཐར་ཐུག་གི་སྐྱབས་གནས། ཡོན་ཏན་བརྒྱད་ནི། འདུས་མ་བྱས་པ། ལྷུན་གྱིས་གྲུབ་པ། གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པ་སྟེ་རང་དོན་གྱི་ཡོན་ཏན་གསུམ། མཁྱེན་པ་དང་། བརྩེ་བ་དང་། ནུས་པ་སྟེ་གཞན་དོན་གྱི་ཡོན་ཏན་གསུམ། དབྱེ་གཞི་རང་དོན་གཞན་དོན་གཉིས་ཏེ་བརྒྱད་དོ། །ཆོས་དཀོན་མཆོག་གི་མཚན་ཉིད། འགོག་ལམ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་རྣམ་བྱང་གི་བདེན་པ། ཡོན་ཏན་བརྒྱད་ནི། རྟོག་གེའི་བློས་བསམ་དུ་མེད་པ། ལས་ཉོན་གཉིས་མེད་པ། རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་མེད་པ་སྟེ་འགོག་བདེན་གྱི་ཡོན་ཏན་གསུམ། དག་པ། གསལ་བ། གཉེན་པོ་བྱེད་པ་སྟེ་ལམ་བདེན་གྱི་ཡོན་ཏན་གསུམ། དབྱེ་གཞི་འགོག་ལམ་གཉིས་ཏེ་བརྒྱད་དོ། །དགེ་འདུན་དཀོན་མཆོག་གི་མཚན་ཉིད། རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་རྒྱལ་སྲས་འཕགས་པ། ཡོན་ཏན་བརྒྱད་ནི། ཇི་ལྟ་བ་རིག་པ། ཇི་སྙེད་པ་རིག་པ། སོ་སོར་རང་གིས་རིག་པ་སྟེ་རིག་པའི་ཡོན་ཏན་གསུམ། ཆགས་པའི་སྒྲིབ་པ། ཐོགས་པའི་སྒྲིབ་པ། དམན་པའི་སྒྲིབ་པ་ལས་སྒྲོལ་བ་སྟེ་གྲོལ་བའི་ཡོན་ཏན་གསུམ། དབྱེ་གཞི་རིག་གྲོལ་གཉིས་ཏེ་བརྒྱད་དོ། །མཚན་ཉིད་འཇོག་པའི་ཚེ། སྐབས་འདིར་དངོས་བསྟན་གྱི་སངས་རྒྱས་དཀོན་མཆོག་ཅེས་སོགས་སྦྱར་རོ། །མ་ཞེན་པའི་བརྩོན་འགྲུས་ཀྱི་མཚན་ཉིད། ལུས་ལ་སོགས་པ་ངོ་བོ་ཉིད་མེད་པར་རྟོགས་པའི་སྒོ་ནས་བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོར་གྱུར་པའི་སེམས་བྱུང་། ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ཀྱི་མཚན་ཉིད། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བདེན་པར་རློམ་པ་མེད་པའི་སྒོ་ནས་སྒྱིད་ལུག་པའི་ལེ་ལོའི་གཉེན་པོར་གྱུར་པའི་སེམས་བྱུང་། ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ཀྱི་མཚན་ཉིད། ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་རྟོགས་པའི་སྒོ་ནས་སེམས་ཞུམ་པའི་ལེ་ལོའི་གཉེན་པོར་གྱུར་པའི་སེམས་བྱུང་། འདིར་ཡང་མཚོན་བྱ་རྣམས་ལ་སྐབས་འདིར་དངོས་བསྟན་ཞེས་སྦྱར་རོ། །སྤྱན་ལྔ་ལས་ཤའི་སྤྱན་གྱི་མཚན་ཉིད། ཕར་ཕྱིན་དྲུག་གི་ཉམས་ལེན་ལ་བརྟེན་ནས་དཔག་ཚད་བརྒྱ་ལ་སོགས་པ་མངོན་སུམ་དུ་མཐོང་བའི་ཡུལ་ཅན། ལྷའི་སྤྱན་གྱི་མཚན་ཉིད། ཕར་ཕྱིན་དྲུག་གི་ཉམས་ལེན་ལ་བརྟེན་ནས་དགེ་བའི་ལས་ཀྱི་རྣམ་སྨིན་ལས་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་། སྐྱེ་བ་མངོན་སུམ་དུ་མཐོང་བའི་ཡུལ་ཅན། ཤེས་རབ་ཀྱི་སྤྱན་གྱི་མཚན་ཉིད། ཕར་ཕྱིན་དྲུག་གི་ཉམས་ལེན་ལ་བརྟེན་ནས་ཆོས་ཐམས་ཅད་ལ་བདག་གཉིས་སུ་རྣམ་པར་མི་རྟོག་པའི་ཡུལ་ཅན་དང་། ཆོས་ཀྱི་སྤྱན་གྱི་མཚན་ཉིད། ཕར་ཕྱིན་དྲུག་གི་ཉམས་ལེན་ལ་བརྟེན་ནས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་རིགས་མངོན་སུམ་དུ་རྟོགས་པའི་ཡུལ་ཅན། སངས་རྒྱས་ཀྱི་སྤྱན་གྱི་མཚན་ཉིད། ཕྱིན་དྲུག་ལ་བརྟེན་ནས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་ནོ། །ས་མཚམས་ལ་དང་པོ་ཐེག་ཆེན་གྱི་ཚོགས་ལམ་ནས་དང་། གཉིས་པ་ཐེག་ཆེན་གྱི་སྦྱོར་ལམ་ནས་དང་། གསུམ་པ་ཐེག་ཆེན་འཕགས་པའི་མཉམ་གཞག་ནས་དང་། བཞི་པ་ཐེག་ཆེན་གྱི་འཕགས་པའི་རྗེས་ཐོབ་ནས་སངས་རྒྱས་སའི་བར་ན་ཡོད། ལྔ་པ་རྗེས་མཐུན་པ་ས་བདུན་པ་ན་ཡོད་ཅིང་། མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །མངོན་ཤེས་ཀྱི་མཚན་ཉིད། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་ཡུལ་ལ་ཇི་ལྟར་འདོད་པ་བཞིན་དུ་མངོན་དུ་གྱུར་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན་དྲུག་ལས། རྫུ་འཕྲུལ་གྱི་མངོན་པར་ཤེས་པའི་མཚན་ཉིད། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་ས་གཡོ་བ་ལ་སོགས་པའི་རྫུ་འཕྲུལ་དུ་མ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། ལྷའི་རྣ་བའི་མངོན་ཤེས་ཀྱི་མཚན་ཉིད། ཐུན་མོང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་དང་། ཐུན་མོང་མ་ཡིན་པའི་བདག་རྐྱེན་བསམ་གཏན་གྱི་སས་བསྡུས་ཀྱི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྒྲ་ཕྲ་རགས་ཐོས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་སོགས་དང་། གཞན་གྱི་སེམས་ཤེས་པའི་མངོན་ཤེས་ཀྱི་མཚན་ཉིད། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གཞན་གྱི་སེམས་འདོད་ཆགས་ཡོད་མེད་སོགས་མངོན་སུམ་དུ་ཤེས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་སོགས་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ཀྱི་མཚན་ཉིད། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་གཞན་གྱི་ཚེ་རབས་སྔ་མ་རྗེས་སུ་དྲན་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་སོགས་དང་། ལྷའི་མིག་གི་མངོན་ཤེས་ཀྱི་མཚན་ཉིད། ཐུན་མོང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་དང་། ཐུན་མོང་མིན་པའི་བདག་རྐྱེན་བསམ་གཏན་གྱི་སས་བསྡུས་ཀྱི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་བསྐལ་བ་དང་མ་བསྐལ་བའི་གཟུགས་ཕྲ་རགས་ཀུན་མཐོང་བ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་སོགས་དང་། ཟག་པ་ཟད་པ་ཤེས་པའི་མངོན་ཤེས་ཀྱི་མཚན་ཉིད། བདག་རྐྱེན་མཉམ་གཞག་གི་སེམས་ལ་བརྟེན་ནས་ཟག་པ་ཟད་པའི་ངོ་བོའམ་ཐབས་མངོན་དུ་ཤེས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ས་མཚམས་ལ་དང་པོ་ལྔ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་མ་ཞུགས་པ་དང་། ཉན་ཐོས་ཕྱིར་མི་འོང་དང་། དགྲ་བཅོམ་གཉིས་དང་། རང་རྒྱལ་དགྲ་བཅོམ་པ་དང་། ཐེག་ཆེན་གྱི་ཚོགས་ལམ་ནས་སངས་རྒྱས་སའི་བར་དུ་ཡོད། དྲུག་པ་ལ་ཟག་པ་ཟད་པའི་ཐབས་ཤེས་པ་ནི་ཐེག་པ་གསུམ་ཆར་གྱི་མཐོང་ལམ་ནས་ཡོད་དེ། འདིར་ཟག་པ་ཟད་པའི་ཐབས་ནི་ཟག་མེད་བར་ཆད་མེད་ལམ་ལ་འཇོག་པའི་ཕྱིར་རོ། །ཟག་ཟད་རང་གི་ངོ་བོ་ཤེས་པ་ནི་ཐེག་དམན་གྱི་མི་སློབ་ལམ་དང་། ཐེག་ཆེན་གྱི་མཐོང་ལམ་ནས་ཡོད་དོ། །དགུ་པ་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད་དང་། བཅུ་པ་ཐེག་ཆེན་གྱི་སྒོམ་ལམ་གྱི་མཚན་ཉིད་ནི་འོག་ཏུ་འཆད་དོ། །གཉིས་པ་རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། མཚོན་བྱེད་དཔེའི་དགེ་འདུན་དང་། མཚོན་བྱ་དོན་གྱི་དགེ་འདུན་ནོ། །དང་པོ་ལ་གཉིས། ཉན་ཐོས་ཀྱི་དགེ་འདུན་དང་། རང་རྒྱལ་གྱི་དགེ་འདུན་ནོ། །དང་པོ་ལ་ཟུང་བཞི་ལས། དང་པོ་རྒྱུན་ཞུགས་ཀྱི་སྐོར་ལ། རྒྱུན་ཞུགས་ཞུགས་པ་དང་། འབྲས་གནས་གཉིས། དང་པོའི་མཚན་ཉིད། སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་ལ་བཅུ་དྲུག་པའི་རྟོགས་པ་མ་ཐོབ་པའི་ཉན་ཐོས་གང་ཞིག བཅུ་དྲུག་པའི་རྟོགས་པ་ཐོབ་པའི་ཚེ་རྒྱུན་ཞུགས་སུ་འགྱུར་བའོ། །དབྱེ་ན་རྒྱུན་ཞུགས་ཞུགས་པ་དད་པའི་རྗེས་འབྲང་དང་། ཆོས་ཀྱི་རྗེས་འབྲང་གཉིས། མཚན་ཉིད་རིམ་བཞིན། རྒྱུན་ཞུགས་ཞུགས་པ་གང་ཞིག དད་པ་ལྷག་པས་གཞན་གྱིས་བསྟན་པའི་ལམ་གྱི་རྗེས་སུ་འབྲང་སྟེ་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བ་དང་། གང་ཞིག ཤེས་རབ་ལྷག་པས་རང་ཉིད་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་ཀྱི་རྗེས་སུ་འབྲང་སྟེ་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བའོ། །རིམ་གྱིས་པ་དང་། ཅིག་ཆར་བའི་རྒྱུན་ཞུགས་ཞུགས་པ་ལ་ཡང་མཚན་ཉིད་དང་། དབྱེ་བ་རིགས་བསྒྲེས་ཏེ་ཤེས་པར་བྱའོ། །རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཉན་ཐོས། དབྱེ་ན་ཅིག་ཅར་བའི་འབྲས་གནས་དང་། རིམ་གྱིས་པའི་འབྲས་གནས་གཉིས། མཚན་ཉིད་རིམ་བཞིན། རྒྱུན་ཞུགས་འབྲས་གནས་གང་ཞིག ཁམས་གསུམ་གྱི་ཉོན་མོངས་པ་རྣམ་པས་ཅིག་ཅར་སྤོང་བར་འགྱུར་བ་དང་། གང་ཞིག འབྲས་བུ་ཕྱི་མ་གསུམ་མངོན་དུ་བྱེད་པའི་རིགས་ཅན་ནོ། །འདི་ལ་དབང་པོའི་སྒོ་ནས་དབྱེ་ན། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་དད་པས་མོས་པ་དང་། མཐོང་བས་ཐོབ་པ་གཉིས་ལས། མཚན་ཉིད་རིམ་བཞིན། རྒྱུན་ཞུགས་འབྲས་གནས་གང་ཞིག དད་པ་ལྷག་པས་བདེན་པ་མངོན་པར་རྟོགས་པར་བྱས་པ་དང་། གང་ཞིག་ཤེས་རབ་ལྷག་པས་བདེན་པ་མངོན་པར་རྟོགས་པར་བྱས་པའོ། །སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་དབྱེ་ན། རྒྱུན་ཞུགས་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སྐྱེས་གཉིས། མཚན་ཉིད་རིམ་བཞིན། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིག འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་བདུན་བླངས་ནས་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དང་། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གང་ཞིག འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་གཉིས་སམ་གསུམ་བླངས་ནས་མྱང་འདས་མངོན་སུམ་དུ་བྱེད་པའི་རིགས་ཅན་ནོ། །གཉིས་པ་ཕྱིར་འོང་གི་སྐོར་ལ། ཞུགས་གནས་གཉིས། དང་པོའི་མཚན་ཉིད། འབྲས་བུ་བཞིའི་ནང་ནས་ཕྱིར་འོང་གི་འབྲས་བུ་འཐོབ་པར་བྱེད་པའི་ལམ་གྱི་སྦྱོར་བ་རང་རྒྱུད་ལ་ཐོབ་ཅིང་། ཕྱིར་འོང་གི་འབྲས་བུ་མངོན་དུ་བྱེད་པའི་རིགས་ཅན་གྱི་ཉན་ཐོས། དབྱེ་ན་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་དང་། རིམ་གྱིས་པའི་ཕྱིར་འོང་ཞུགས་པ་གཉིས། དང་པོའི་མཚན་ཉིད། སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་ཅིང་བཅུ་དྲུག་པའི་རྟོགས་པ་མ་ཐོབ་པའི་ཉན་ཐོས་གང་ཞིག བཅུ་དྲུག་པའི་རྟོགས་པ་ཐོབ་བའི་ཚེ་ཕྱིར་འོང་དུ་འགྱུར་བའོ། །གཉིས་པའི་མཚན་ཉིད། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག མཐོང་ལམ་ཐོབ་རྗེས་སུ་འདོད་པའི་སྒོམ་སྤང་ཉོན་མོངས་སྤོང་བའི་སྦྱོར་བ་རང་རྒྱུད་ལ་ཐོབ་ངེས་པའོ། །ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། གང་ཞིག འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཉན་ཐོས། དབྱེ་ན་ཆགས་བྲལ་སྔོན་སོང་དང་། རིམ་གྱིས་པའི་ཕྱིར་འོང་འབྲས་གནས་གཉིས། དང་པོའི་མཚན་ཉིད། ཕྱིར་འོང་འབྲས་གནས་གང་ཞིག མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས་པ། གཉིས་པའི་མཚན་ཉིད་གང་ཞིག མཐོང་ལམ་ཐོབ་རྗེས་སུ་འདོད་ཉོན་དྲུག་པ་སྤངས་པའོ། །ཕྱིར་འོང་འབྲས་གནས་ཚེ་གཅིག་བར་ཆད་གཅིག་པའི་མཚན་ཉིད། འདོད་ཉོན་བདུན་པ་སྤོང་བའི་གཉེན་པོ་ཟག་མེད་ཀྱི་དབང་པོ་དང་། བརྒྱད་པ་སྤོང་བའི་གཉེན་པོ་ཟག་མེད་ཀྱི་དབང་པོ་གང་རུང་ཐོབ་ཅིང་། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་ཕྱིར་འོང་འབྲས་གནས་གང་ཞིག འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་གཅིག་བླངས་ནས་མྱང་འདས་མངོན་དུ་བྱེད་པའོ། །གསུམ་པ་ཕྱིར་མི་འོང་གི་སྐོར་ལ། ཞུགས་གནས་གཉིས། དང་པོའི་མཚན་ཉིད། འབྲས་བུ་བཞིའི་ནང་ནས་ཕྱིར་མི་འོང་གི་འབྲས་བུ་འཐོབ་པར་བྱེད་པའི་ལམ་གྱི་སྦྱོར་བ་རང་རྒྱུད་ལ་ཐོབ་ཅིང་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱེད་པའི་རིགས་ཅན་གྱི་ཉན་ཐོས། དབྱེ་ན་ཆགས་བྲལ་སྔོན་སོང་དང་། རིམ་གྱིས་པའི་ཕྱིར་མི་འོང་ཞུགས་པ་གཉིས། དང་པོའི་མཚན་ཉིད། སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་ཅིང་། བཅུ་དྲུག་པའི་རྟོགས་པ་མ་ཐོབ་པའི་ཉན་ཐོས་གང་ཞིག བཅུ་དྲུག་པའི་རྟོགས་པ་ཐོབ་པ་དང་དུས་མཉམ་དུ་ཕྱིར་མི་འོང་དུ་འགྱུར་བའོ། །གཉིས་པའི་མཚན་ཉིད། ཕྱིར་འོང་འབྲས་གནས་གང་ཞིག ཕྱིར་མི་འོང་གི་འབྲས་བུ་ཐོབ་རྗེས་སུ་སྒོམ་སྤང་ཉོན་མོངས་སྤང་བའི་སྦྱོར་བ་རང་རྒྱུད་ལ་ཐོབ་པའོ། །ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད། འདོད་ཉོན་དགུ་པ་སྤངས་པའི་ཉན་ཐོས་སློབ་པ་འབྲས་གནས། དེ་ལ་འབྲས་བུ་ཐོབ་ཚུལ་གྱི་སྒོ་ནས་དབྱེ་ན་ཆགས་བྲལ་སྔོན་སོང་དང་། རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་གཉིས་ལས། མཚན་ཉིད་རིམ་བཞིན། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་སྤངས་པ་དང་། མཐོང་ལམ་ཐོབ་རྗེས་སུ་འདོད་ཉོན་དགུ་པ་སྤངས་པའི་ཉན་ཐོས་སློབ་པ་འབྲས་གནས་སོ། །རིགས་ཀྱི་སྒོ་ནས་དབྱེ་ན་ལྔ། གཟུགས་སུ་ཉེར་འགྲོ། གཟུགས་མེད་ཉེར་འགྲོ། མཐོང་ཆོས་ཞི། ཚེ་ཡོངས་གྱུར་འཕགས་པ། ལུས་མངོན་བྱེད་དོ། །དང་པོའི་མཚན་ཉིད། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གང་ཞིག གཟུགས་སུ་སྐྱེ་བ་བླངས་ནས་མྱང་འདས་མངོན་དུ་བྱེད་པའོ། །དབྱེ་ན་བར་འདའ་བ། སྐྱེས་འདའ་བ། གོང་འཕོ་དང་གསུམ། དང་པོའི་མཚན་ཉིད། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག གཟུགས་ཀྱི་བར་སྲིད་གཅིག་ཁོ་ནར་བླངས་ནས་བར་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ། དབྱེ་ན་མྱུར་བར་འདའ་བ་དང་། མྱུར་བར་མིན་པར་འདའ་བ་དང་། དུས་རིང་མོ་ཞིག་ནས་འདའ་བ་དང་གསུམ་མོ། །གཟུགས་སུ་ཉེར་འགྲོའི་སྐྱེས་འདའ་བའི་མཚན་ཉིད། གཟུགས་སུ་སྐྱེས་ནས་མྱོང་འགྱུར་གྱི་ལས་ཅན་གྱི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག གཟུགས་སུ་སྐྱེ་སྲིད་གཅིག་ཁོ་ནར་བླངས་ནས་དེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །དབྱེ་ན་སྐྱེས་ཙམ་ན་འདའ་བ་དང་། མངོན་པར་འདུ་བྱེད་མེད་པར་འདའ་བ་དང་། མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ་དང་གསུམ་མོ། །གཟུགས་སུ་ཉེར་འགྲོའི་གོང་འཕོའི་མཚན་ཉིད། གཟུགས་ཀྱི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་གྱི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག གཟུགས་སུ་སྐྱེ་བ་བརྒྱུད་མར་བླངས་ནས་ཁམས་གོང་གི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །དབྱེ་ན་འོག་མིན་མཐར་ཐུག་འགྲོ་དང་། སྲིད་རྩེའི་མཐར་ཐུག་འགྲོའི་གོང་འཕོ་གཉིས། དང་པོའི་མཚན་ཉིད། གཟུགས་སུ་ཉེར་འགྲོའི་གོང་འཕོ་གང་ཞིག བསམ་གཏན་སྤེལ་སྒོམ་ལས་ཉམས་ཏེ། གཟུགས་སུ་སྐྱེ་བ་བརྒྱུད་མར་བླངས་ཏེ། འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན། དབྱེ་ན་འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ། མཚན་ཉིད་རིམ་བཞིན། འོག་མིན་མཐར་ཐུག་འགྲོའི་གོང་འཕོ་གང་ཞིག བསམ་གཏན་སྤེལ་སྒོམ་ལས་ཉམས་ཏེ། ཕྱི་མ་ཚངས་རིས་སུ་སྐྱེས་ནས་འཕར་ཐེབས་གཅིག་གིས་འོག་མིན་དུ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ནོ། །དེ་གང་ཞིག བསམ་གཏན་སྤེལ་སྒོམ་ལས་ཉམས་ཏེ། ཕྱི་མ་ཚངས་རིས་སུ་སྐྱེས་ཏེ། འཕར་ཐེབས་གཉིས་ཀྱིས་འོག་མིན་དུ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དང་། དེ་གང་ཞིག བསམ་གཏན་སྤེལ་སྒོམ་ལས་ཉམས་ནས་གཟུགས་ཁམས་གནས་རིགས་བཅུ་བདུན་དུ་རིམ་གྱིས་སྐྱེ་བ་བླངས་ཏེ། འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ནོ། །སྲིད་རྩེའི་མཐར་ཐུག་འགྲོའི་གོང་འཕོའི་མཚན་ཉིད། རྒྱུའི་དུས་སུ་བསམ་གཏན་སྤེལ་སྒོམ་མ་སྤྱད་པས་ཚངས་རིས་ནས་འབྲས་བུ་ཆེ་བའི་བར་དུ་རིམ་གྱིས་སྐྱེས་ཏེ་གནས་གཙང་མར་མི་འགྲོ་བར་གཟུགས་མེད་བཞིར་སྐྱེ་བ་བླངས་ནས་སྲིད་རྩེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ནོ། །གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གི་མཚན་ཉིད། གཟུགས་ལ་འདོད་ཆགས་དང་བྲལ་བའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གང་ཞིག གཟུགས་མེད་ཁོ་ནར་སྐྱེ་བ་བླངས་ནས་གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ། དབྱེ་ན་གཟུགས་མེད་ཉེར་འགྲོའི་སྐྱེས་ཙམ་ནས་འདའ་བ། འདུ་བྱེད་མེད་པར་འདའ་བ། དེ་དང་བཅས་ཏེ་འདའ་བ། གོང་འཕོ་དང་བཞིའོ། །མཐོང་ཆོས་ཞིའི་མཚན་ཉིད། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གང་ཞིག རྟེན་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པའོ། །ཚེ་ཡོངས་གྱུར་འཕགས་པའི་མཚན་ཉིད། ཕྱིར་མི་འོང་འབྲས་གནས་གང་ཞིག མཐོང་ལམ་ཐོབ་པའི་ལུས་རྟེན་དོར་བའོ། །ལུས་མངོན་བྱེད་ཀྱི་མཚན་ཉིད། ཕྱིར་མི་འོང་འབྲས་གནས་གང་ཞིག འགོག་པའི་སྙོམས་འཇུག་ཐོབ་པའོ། །བཞི་པ་དགྲ་བཅོམ་གྱི་སྐོར་ལ། ཞུགས་གནས་གཉིས། དང་པོའི་མཚན་ཉིད། འབྲས་བུ་བཞིའི་ནང་ནས་དགྲ་བཅོམ་གྱི་འབྲས་བུ་འཐོབ་པར་བྱེད་པའི་ལམ་གྱི་སྦྱོར་བ་རང་རྒྱུད་ལ་ཐོབ་ཅིང་། དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་པའི་རིགས་ཅན་གྱི་ཉན་ཐོས། དབྱེ་ན་ཅིག་ཅར་བ་དང་། རིམ་གྱིས་པའི་དགྲ་བཅོམ་ཞུགས་པ་གཉིས། དང་པོའི་མཚན་ཉིད། རྒྱུན་ཞུགས་འབྲས་གནས་གང་ཞིག འདོད་ཉོན་དང་པོ་དང་སྲིད་ཉོན་དང་པོ་ཅིག་ཅར་སྤངས་པའི་སྦྱོར་བ་རང་རྒྱུད་ལ་ཐོབ་པ། གཉིས་པའི་མཚན་ཉིད། ཕྱིར་མི་འོང་གི་འབྲས་བུ་ཐོབ་རྗེས་སུ་སྒོམ་སྤང་ཉོན་མོངས་སྤོང་བའི་སྦྱོར་བ་རང་རྒྱུད་ལ་ཐོབ་པའོ། །དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། ཁམས་གསུམ་གྱི་ཉོན་མོངས་མ་ལུས་པ་སྤངས་པའི་ཉན་ཐོས། དབྱེ་ན་ཅིགཅར་བ་དང་རིམ་གྱིས་པའི་དགྲ་བཅོམ་འབྲས་གནས་གཉིས། དང་པོའི་མཚན་ཉིད། འདོད་ཉོན་དགུ་པ་དང་སྲིད་ཉོན་དགུ་པ་ཅིག་ཅར་སྤོང་བའི་ཉན་ཐོས། གཉིས་པའི་མཚན་ཉིད། ཁམས་གསུམ་གྱི་ཉོན་མོངས་པ་རྣམས་རིམ་གྱིས་སྤངས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཉན་ཐོས། དེ་ལ་དབང་པོའི་སྒོ་ནས་དབྱེ་ན། དུས་སྦྱོར་དང་། དུས་མི་སྦྱོར་གཉིས། རིགས་ཀྱི་སྒོ་ནས་དབྱེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་བསྐྱོད་པའི་ཆོས་ཅན་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་དང་དྲུག་གོ །འདིར་དགྲ་བཅོམ་འབྲས་གནས་མཚོན་བྱེད་དཔེའི་དགེ་འདུན་མིན་ཡང་བཤད་པའི་སྐབས་བདེ་བས་ཕྱོགས་གཅིག་ཏུ་བཤད་དོ། །གཉིས་པ་རང་སངས་རྒྱས་ཀྱི་མཚན་ཉིད། འདོད་པའི་ཁམས་སུ་སྲིད་པ་ཐ་མ་པའི་རྟེན་ལ་སློབ་དཔོན་གཞན་གྱི་གདམས་ངག་ལ་མ་ལྟོས་པར་རང་བྱུང་གི་བྱང་ཆུབ་མངོན་དུ་བྱེད་པའི་ཐེག་དམན་གྱི་གང་ཟག་གོ །དེ་ལ་དབྱེ་ན་ཉན་ཐོས་ཅིག་ཅར་བའི་རྟོགས་པ་སྔོན་དུ་སོང་བའི་རང་སངས་རྒྱས་དང་། རང་རྒྱལ་གྱི་ཚོགས་སྦྱོར་སྔོན་དུ་སོང་བའི་རང་སངས་རྒྱས་སོ། །ཕྱི་མ་ལ་སེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས། ཕྱི་མ་ལ་ཡང་སྐྱེ་བ་གཅིག་ཐོག་གི་རྟེན་ལ་བཟོད་འབྲིང་མན་སྔོན་དུ་སོང་བ་སོ་སྐྱེ་སྔོན་སོང་དང་། འབྲས་བུ་དང་པོ་གཉིས་གང་རུང་སྔོན་དུ་སོང་བ་ཉན་ཐོས་སྔོན་སོང་གཉིས་སོ། །གཉིས་པ་མཚོན་བྱ་དོན་གྱི་དགེ་འདུན་ནི། ས་དང་པོ་ནས་བཅུ་པའི་བར་ལ་གནས་པའི་རྒྱལ་སྲས་འཕགས་པ་སྟེ། རྒྱས་པར་གཞན་དུ་ཤེས་པར་བྱའོ། །གསུམ་པ་ངེས་འབྱེད་ཡན་ལག་ལ། མཚན་ཉིད། མིང་གི་རྣམ་གྲངས། དབྱེ་བ། སྐབས་སུ་བབ་པ་བྱེ་བྲག་ཏུ་བཤད་པ་དང་བཞི་ལས། དང་པོ་ནི། ཐེག་པ་རང་ལུགས་ཀྱི་ཚོགས་རྫོགས་རྗེས་སུ་བྱུང་ཞིང་ཐེག་པ་རང་ལུགས་ཀྱི་མཐོང་ལམ་མ་སྐྱེས་གོང་གི་ལམ་ཞུགས་ཀྱི་རྟོགས་པ། གཉིས་པ་ནི། ངེས་འབྱེད་ཡན་ལག ངེས་འབྱེད་ཆ་མཐུན། སྦྱོར་ལམ་ཞེས་པ་རྣམས་མཚན་ཉིད་གཅིག་གིས་མཚོན་པར་བྱའོ། །དེང་སང་མཚོན་བྱ་མི་འདྲ་བ་ཙམ་ལ་མཚན་ཉིད་སོ་སོར་འཇོག་དགོས་པར་འདོད་པ་ནི་གསུང་རབ་ཀྱི་བརྡ་ཆད་མ་གོ་བའོ། །གསུམ་པ་ལ་ཐེག་པའི་སྒོ་ནས་དབྱེ་ན། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་སྦྱོར་ལམ་གསུམ། དེ་རེ་རེ་ལ་ཡང་ངོ་བོའི་སྒོ་ནས་དབྱེ་ན་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི་བཞིའོ། །མངོན་རྟོགས་རྒྱན་གྱི་དགོངས་པ་ཐེག་པ་གསུམ་ཆར་གྱི་དྲོད་སོགས་རེ་རེ་བཞི་པོ་ལ་ཡང་ཆུང་ངུ་འབྲིང་ཆེན་པོ་གསུམ་གསུམ་ཡོད་པར་བཞེད་ལ། མངོན་པ་གོང་འོག་ལས་ཐེག་པ་གསུམ་ཆར་གྱི་དྲོད་སོགས་དང་པོ་གསུམ་ལ་ཆུང་ངུ་འབྲིང་ཆེན་པོ་གསུམ་གསུམ་ཡོད་ཀྱི་བཟོད་ཆེན་དང་ཆོས་མཆོག་སྐད་ཅིག་མ་རེ་རེ་ངེས་པར་བཞེད་དོ། །འདི་ལས་གཞན་དུ་སྨྲ་བ་ནི་གྲུབ་མཐའ་དང་། ཐེག་པའི་ཁྱད་པར་མ་ཕྱེད་པའི་ཅལ་ཅོལ་དུ་ཤེས་པར་མཛོད་ཅིག བཞི་པ་ལ་གཉིས་ཏེ། ཁྱད་གཞི་མདོར་བསྟན་པ་དང་། ཁྱད་ཆོས་རྒྱས་པར་བཤད་པའོ། །དང་པོ་ནི། སྐབས་འདིར་དངོས་བསྟན་གྱི་སྦྱོར་ལམ་གྱི་མཚན་ཉིད། དམིགས་རྣམ་སོགས་ཁྱད་ཆོས་ལྔའི་སྒོ་ནས་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པའི་འཇིག་རྟེན་པའི་སྒོམ་བྱུང་གཙོ་བོར་གྱུར་པའི་ཡེ་ཤེས་སོ། །གཉིས་པ་ལ། དམིགས་རྣམ་རྒྱུ་གསུམ་རྒྱས་པར་བཤད། ལྡན་པ་རྣམ་རྟོག་རྒྱས་པར་བཤད། ཡོངས་འཛིན་དགེ་བཤེས་རྒྱས་པར་བཤད་པ་དང་གསུམ་ལས། དང་པོ་ལ་དམིགས་པའི་ཁྱད་པར་ནི། དྲོད་ཆུང་ངུའི་སྐབས་སུ་བདེན་བཞིའི་སྟེང་གི་མི་རྟག་ལ་སོགས་བཅུ་དྲུག་དམིགས་པར་བྱེད་པ་སོགས་བཅུ་གཉིས་སོ། །རྣམ་པའི་ཁྱད་པར་ནི། དྲོད་ཆུང་ངུའི་སྐབས་སུ་མི་རྟག་ལ་སོགས་བཅུ་དྲུག་ལ་ཡང་མངོན་ཞེན་བཀག་པ་སོགས་བཅུ་གཉིས་སོ། །རྒྱུའི་ཁྱད་པར་ནི། བཅུ་གཉིས་པོ་རེ་རེ་ལ་ཡང་ད་ལྟ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བས་ཐེག་པ་གསུམ་གྱི་རྟོགས་རིགས་མངོན་སུམ་དུ་རྟོགས་པའི་མཐོང་ལམ་གྱི་རྒྱུ་བྱེད་པའོ། །གཉིས་པ་ནི། སྐབས་འདིར་དངོས་བསྟན་གྱི་རྟོག་པའི་མཚན་ཉིད། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག གཟུང་འཛིན་གང་རུང་དུ་མངོན་པར་ཞེན་པའི་བློ། དབྱེ་ན་གཟུང་རྟོག་དང་། འཛིན་རྟོག་གཉིས། དང་པོའི་མཚན་ཉིད། གང་ཞིག་འགྲེ། རང་ཡུལ་གཟུང་བ་ལ་དམིགས་ནས་ལོངས་སྤྱད་བྱར་མངོན་པར་ཞེན་པའི་བློ་དང་། དབྱེ་ན་ཀུན་ནས་ཉོན་མོངས་གཟུང་རྟོག་དང་། རྣམ་བྱང་གཟུང་རྟོག་གཉིས། དང་པོའི་མཚན་ཉིད། གང་ཞིག རང་ཡུལ་དོར་བྱའི་ཆོས་ལ་དམིགས་ནས་དོར་བྱའི་གཟུང་བར་མངོན་པར་ཞེན་པའི་བློ། དབྱེ་ན་མ་རིག་པའི་གཟུང་བའི་རྣམ་རྟོག དེ་བཞིན་དུ་གཟུགས་སོགས་ཕུང་པོ་དང་། མིང་གཟུགས་ལ་མངོན་པར་ཞེན་པ་དང་། མཐའ་གཉིས་ལ་ཆགས་པ་དང་། ཀུན་བྱང་མི་ཤེས་པ་དང་། འཕགས་པའི་ལམ་ལ་མི་གནས་པ་དང་། བདག་དང་། གཞན་དང་། རྣམ་དག་སྐྱེད་པའི་གཟུང་བའི་རྣམ་རྟོག་དགུ། དང་པོའི་མཚན་ཉིད། གང་ཞིག རང་ཡུལ་མ་རིག་པ་ལ་དམིགས་ནས་དོར་བྱའི་གཟུང་བར་མངོན་པར་ཞེན་པའི་བློ། དེས་གཞན་རྣམས་ལ་འགྲེའོ། །རྣམ་བྱང་གཟུང་རྟོག་གི་མཚན་ཉིད། གང་ཞིག རང་ཡུལ་རྣམ་བྱང་གི་ཆོས་ལ་དམིགས་ནས་བླང་བྱའི་གཟུང་བར་མངོན་པར་ཞེན་པའི་བློ། དབྱེ་ན་རྣམ་བྱང་གི་ཕུང་པོ་གཟུང་བའི་རྣམ་རྟོག་དང་། དེ་བཞིན་དུ་རྣམ་བྱང་གི་སྐྱེ་མཆེད་དང་། རྣམ་བྱང་གི་རིགས་དང་། རྣམ་བྱང་གི་སྐྱེ་བ་དང་། སྟོང་ཉིད་རྟོགས་པའི་ཡེ་ཤེས་དང་། ཕ་རོལ་ཏུ་ཕྱིན་པའི་དོན་དང་། མཐོང་བ་དང་། སྒོམ་པ་དང་། མི་སློབ་པའི་ལམ་གྱི་གཟུང་བའི་རྣམ་རྟོག་དགུ་ལས། དང་པོའི་མཚན་ཉིད། གང་ཞིག རང་ཡུལ་རྣམ་བྱང་གི་ཕུང་པོ་ལ་དམིགས་ནས་བླང་བྱའི་གཟུང་བར་མངོན་པར་ཞེན་པའི་བློ། དེས་གཞན་རྣམས་ལ་འགྲེའོ། །འཛིན་རྟོག་གི་མཚན་ཉིད། གང་ཞིག རང་ཡུལ་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན་པའི་བློ། དབྱེ་ན་རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོག་པ་གཉིས། རྫས་འཛིན་རྟོག་པའི་མཚན་ཉིད། གང་ཞིག རང་ཡུལ་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་མངོན་པར་ཞེན་པའི་བློ། དབྱེ་ན་གང་ཟག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་དང་། ཆོས་ཀྱི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་གཉིས། དང་པོའི་མཚན་ཉིད། གང་ཞིག རང་ཡུལ་གང་ཟག་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་མངོན་པར་ཞེན་པའི་བློ། དབྱེ་ན་བདག་རང་དབང་ཅན་དུ་འཛིན་པའི་རྣམ་རྟོག དེ་བཞིན་དུ་གཅིག་པུའི་བདག་དང་། རྒྱུའི་བདག་དང་། ལྟ་བ་པོ་ལ་སོགས་པའི་བདག་དང་། ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་དང་། རྣམ་བྱང་གི་རྟེན་གྱི་བདག་དང་། མཐོང་ལམ་གྱི་རྟེན་གྱི་བདག་དང་། སྒོམ་ལམ་གྱི་རྟེན་གྱི་བདག་དང་། མི་སློབ་ལམ་གྱི་རྟེན་གྱི་བདག་འཛིན་པའི་རྣམ་པར་རྟོག་པ་དགུ་ལས། དང་པོའི་མཚན་ཉིད། གང་ཞིག རང་ཡུལ་བདག་རང་དབང་ཅན་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་མངོན་པར་ཞེན་པའི་བློ། དེས་གཞན་རྣམས་ལ་འགྲེའོ། །ཆོས་ཀྱི་དབང་དུ་བྱས་པའི་རྫས་འཛིན་རྟོག་པའི་མཚན་ཉིད། གང་ཞིག རང་ཡུལ་ཕུང་སོགས་ཆོས་ཙམ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་མངོན་པར་ཞེན་པའི་བློ། དབྱེ་བ་སྐབས་ལྔ་པར་འཆད་དོ། །བཏགས་འཛིན་རྟོག་པའི་མཚན་ཉིད། གང་ཞིག རང་ཡུལ་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ། དབྱེ་ན། གང་ཟག་གི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་དང་། ཆོས་ཀྱི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་གཉིས། དང་པོའི་མཚན་ཉིད། གང་ཞིག རང་ཡུལ་གང་ཟག་ལ་དམིགས་ནས་ལོངས་སྤྱོད་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ། འདི་ལ་དབྱེ་བ་མི་སྣང་ངོ་། །གཉིས་པའི་མཚན་ཉིད། གང་ཞིག རང་ཡུལ་ཕུང་སོགས་ཆོས་ཙམ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ། དབྱེ་ན་ཕུང་པོའི་རྟེན་ཅན་གྱི་བཏགས་འཛིན་རྟོག་པ། དེ་བཞིན་དུ་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྣམ་བྱང་དང་། མཐོང་ལམ་དང་། སྒོམ་ལམ་དང་། ཁྱད་པར་གྱི་ལམ་དང་། མི་སློབ་པའི་ལམ་གྱི་རྟེན་ཅན་གྱི་བཏགས་འཛིན་རྟོག་པ་དགུ་ལས། དང་པོའི་མཚན་ཉིད། གང་ཞིག རང་ཡུལ་ཕུང་པོ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ། དེས་གཞན་རྣམས་ལ་འགྲེའོ། །གསུམ་པ་ནི་འདིར་བསྟན་ཡོངས་འཛིན་གྱི་མཚན་ཉིད། འཕགས་པ་ལྟར་ན་བྱང་སེམས་སྦྱོར་ལམ་པ་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པར་བྱེད་པའི་ཁྱད་ཆོས། དབྱེ་ན་བྱང་སེམས་སྦྱོར་ལམ་པའི་ནང་གི་ཡོངས་འཛིན་ཐབས་ལ་མཁས་པ་དང་། དེའི་ཕྱིའི་ཡོངས་འཛིན་དགེ་བཤེས་གཉིས། དང་པོའི་མཚན་ཉིད། བྱང་སེམས་སྦྱོར་ལམ་པ་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པར་བྱེད་པའི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ཐབས་ཁྱད་པར་ཅན། གཉིས་པའི་མཚན་ཉིད། བྱང་སེམས་སྦྱོར་ལམ་པ་ལ་ངོ་བོ་ཉིད་མེད་པ་ལ་སོགས་ཀྱི་ཆོས་སྟོན་པའི་སྒོ་ནས་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པར་བྱེད་པའི་དགེ་བའི་བཤེས་གཉེན། སློབ་དཔོན་ལྟར་ན་འདིར་བསྟན་ཡོངས་འཛིན་གྱི་མཚན་ཉིད། བྱང་སེམས་སྦྱོར་ལམ་པ་ལ་ཆོས་སྟོན་པའི་སྒོ་ནས་ཐེག་ཆེན་དུ་ཡོངས་སུ་འཛིན་པར་བྱེད་པའི་ཁྱད་པར་གསུམ་ལྡན་གྱི་དགེ་བའི་བཤེས་གཉེན། ཁྱད་པར་གསུམ་ནི་ཤེས་རབ་ཀྱི། ཆོས་སྟོན་པའི། མི་མཐུན་ཕྱོགས་སྤངས་པའི་ཁྱད་པར་རོ། །བཞི་པ་སྒྲུབ་པའི་རྟེན་རིགས་ལ་རིགས་སྤྱིའི་རྣམ་གཞག་དང་། སྐབས་སུ་བབ་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་སངས་རྒྱས་ཀྱི་རིགས་ཀྱི་མཚན་ཉིད། སེམས་ཅན་གྱིས་བསྡུས་པའི་སངས་རྒྱས་ཀྱི་རྒྱུ་གང་ཞིག དྲི་མས་རྣམ་པར་དག་པ་ན་རང་དོན་ཆོས་སྐུ་འགྱུར་རུང་། དབྱེ་བ་ལ་ངོ་བོའི་སྒོ་ནས། ཐེག་པའི་སྒོ་ནས། གནས་སྐབས་ཀྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ་རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས། དང་པོའི་མཚན་ཉིད། དྲི་མ་དང་བཅས་པའི་སེམས་ཀྱི་གསལ་སྟོང་གང་རུང་གི་ཆ་གང་ཞིག དྲི་མས་རྣམ་པར་དག་པ་ན་ངོ་བོ་ཉིད་ཀྱི་སྐུའི་ཁྱད་ཆོས་གསུམ་གང་རུང་དུ་འགྱུར་དུ་རུང་བ། དབྱེ་ན་འདུས་བྱས་རང་བཞིན་དང་འདུས་མ་བྱས་རང་བཞིན་གནས་རིགས་གཉིས། དང་པོའི་མཚན་ཉིད། དྲི་མ་དང་བཅས་པའི་སེམས་ཀྱི་གསལ་བའི་ཆ་གང་ཞིག ཟག་མེད་ཀྱི་ཡེ་ཤེས་སུ་འགྱུར་དུ་རུང་བ། གཉིས་པའི་མཚན་ཉིད། དྲི་མ་དང་བཅས་པའི་སེམས་ཀྱི་སྟོང་པའི་ཆ་གང་ཞིག དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་ཏུ་འགྱུར་དུ་རུང་བ། འདི་བཞིན་བྱས་ན་རང་བཞིན་གནས་རིགས་དང་ངོ་བོ་ཉིད་སྐུ་ལ་འབྲེལ་པ་ཅུང་ཟད་གཅིག་གྲུབ་འདྲ་ལགས་སོ། །རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། རིགས་སད་པའི་སྟོབས་ཀྱིས་བྱུང་བའི་འདུས་བྱས་ཀྱི་དགེ་རྩ་གང་ཞིག དྲི་མས་རྣམ་པར་དག་པ་ན་ཡེ་ཤེས་ཕྱི་མ་གསུམ་གང་རུང་དུ་འགྱུར་དུ་རུང་བའོ། །རྒྱུད་བླར། རྒྱས་འགྱུར་གྱི་རིགས་གཟུགས་སྐུ་གཉིས་སུ་འགྱུར་དུ་རུང་བར་གསུངས་པའི་དོན་འདི་ཡིན་ནོ། །གཉིས་པ་ལ། གནས་སྐབས་ཉན་ཐོས་ཀྱི། གནས་སྐབས་རང་རྒྱལ་གྱི། གནས་སྐབས་ཐེག་ཆེན་གྱི་རིགས་གསུམ་ལས། དང་པོའི་མཚན་ཉིད། རིགས་གང་ཞིག གནས་སྐབས་ཉན་ཐོས་ཀྱི་བྱང་ཆུབ་འཐོབ་པར་འགྱུར་བ་དེས་གཞན་གཉིས་ལ་འགྲེའོ། །གསུམ་པ་ལ། ངེས་པའི་རིགས་དང་། མ་ངེས་པའི་རིགས་གཉིས། དང་པོའི་མཚན་ཉིད། རིགས་གང་ཞིག གནས་སྐབས་ཐེག་པ་གཞན་དུ་བསྒྱུར་དུ་མི་རུང་བ། གཉིས་པའི་མཚན་ཉིད། རིགས་གང་ཞིག གནས་སྐབས་ཐེག་པ་གཞན་དུ་བསྒྱུར་དུ་རུང་བའོ། །གཉིས་པ་ལ་མཚན་ཉིད། དབྱེ་བ། རྩོད་པ་སྤང་བ་གསུམ། དང་པོ་ནི། སྐབས་འདིར་དངོས་བསྟན་གྱི་སྒྲུབ་པའི་རྟེན་རིགས་ཀྱི་མཚན་ཉིད། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་གང་ཞིག རང་གི་རྟེན་ཆོས་བྱང་སེམས་ཀྱི་དྲོད་ཡན་ཆད་ཀྱི་སྒྲུབ་པའི་རྟེན་གཞི་བྱེད་པ། གཉིས་པ་ལ། བྱང་སེམས་ཀྱི་དྲོད་ཀྱི་སྒྲུབ་པའི་རྟེན་རིགས། དེ་བཞིན་དུ་བྱང་སེམས་ཀྱི་རྩེ་མོ་དང་། བཟོད་པ་དང་། ཆོས་མཆོག་དང་། མཐོང་ལམ་དང་། ས་བདུན་པ་མན་ཆད་ཀྱི་སྒོམ་ལམ་དང་། གཉེན་པོ་དང་། སྤོང་བ་དང་། ས་བརྒྱད་པའི་རྣམ་གྲོལ་ལམ་དང་། དེའི་ཁྱད་པར་གྱི་ལམ་དང་། ས་དགུ་པའི་ཐུན་མོང་མིན་པའི་ལམ་དང་། ས་བཅུ་པའི་གཞན་དོན་གོ་རིམ་དུ་བྱེད་པ་དང་། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པའི་རྟེན་རིགས་ཏེ་བཅུ་གསུམ་མོ། །དང་པོའི་མཚན་ཉིད། གང་ཞིག རང་གི་རྟེན་ཆོས་བྱང་སེམས་ཀྱི་དྲོད་ཀྱི་སྒྲུབ་པའི་རྟེན་གཞི་བྱེད་པ། དེས་གཞན་རྣམས་ལ་འགྲེའོ། །གསུམ་པ་ལ་རྩོད་ལན་གཉིས། དང་པོ་ནི། དངོས་སྨྲ་བ་ན་རེ། ཆོས་དབྱིངས་སངས་རྒྱས་ཀྱི་རིགས་ཡིན་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་སུ་གནས་པར་ཐལ། ཆོས་དབྱིངས་སེམས་ཅན་ཐམས་ཅད་ལ་སྤྱིར་གནས་པ་ཡིན་པའི་ཕྱིར། འདོད་ན། རིགས་དེ་ལ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་གསུམ་དུ་དབྱེར་མི་རུང་བར་ཐལ་ལོ་ཞེ་ན། གཉིས་པ་ལ་རྒྱུའི་སྒོ་ནས་རིགས་སུ་འཇོག་པ་དང་། དཔེའི་སྒོ་ནས་དབྱེ་བ་འཐད་པའི་ཚུལ་གཉིས་ལས། དང་པོ་ནི། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་ཁོ་ནར་རིགས་སུ་འཐད་དེ། ཐེག་པ་གསུམ་གྱི་སྒྲུབ་པས་བདག་མེད་གསུམ་ལ་ཇི་ལྟར་དམིགས་པ་བཞིན་བྱང་ཆུབ་གསུམ་པོ་སོ་སོར་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ཆོས་དབྱིངས་རང་གི་ངོ་བོ་ལ་དབྱེ་བ་མེད་ཀྱང་ཐེག་པ་གསུམ་གྱི་རིགས་ཐ་དད་དུ་དབྱེར་རུང་སྟེ། རྟེན་ཆོས་སྒྲུབ་པ་དང་། དཔེའི་སྒོ་ནས་རྟེན་གཞི་རིགས་དེ་ལ་ཐེག་པ་གསུམ་གྱི་རིགས་གསུམ་དུ་ཕྱེ་བའི་ཕྱིར་རོ། །ལྔ་པ་སྒྲུབ་པའི་དམིགས་པ་ལ། མཚན་ཉིད་དབྱེ་བ་གཉིས། དང་པོ་ནི། ཐེག་ཆེན་སྒྲུབ་པའི་དམིགས་པའི་མཚན་ཉིད། ཐེག་ཆེན་སྒྲུབ་པས་སྒྲོ་འདོགས་གཅད་པར་བྱ་བའི་གཞི། གཉིས་པ་ལ་གསུམ་དུ་དང་བརྒྱད་དུ་དབྱེ་བ་ལ་གཉིས་ལས། དང་པོ་ལ་དགེ་མི་དགེ་ལུང་མ་བསྟན་པ་གསུམ། མཚན་ཉིད་རིམ་བཞིན། ལུང་དུ་བསྟན་པ་དང་མ་བསྟན་པ་གང་ཞིག འདོད་པ་དང་མི་འདོད་པའི་འབྲས་བུ་འབྱིན་པ་དང་། རྣམ་སྨིན་འཕེན་མི་ནུས་པའི་ཆོས་སོ། །གཉིས་པ་ལ་ལམ་གྱི་སྒོ་ནས་འཇིག་རྟེན་པའི་དང་འཇིག་རྟེན་ལས་འདས་པའི་རྟོགས་པ་གཉིས། སྤང་གཉེན་གྱི་སྒོ་ནས་ཟག་བཅས་ཟག་མེད་གཉིས། བདེན་གཉིས་ཀྱི་སྒོ་ནས་འདུས་བྱས་འདུས་མ་བྱས་གཉིས། འབྲས་བུའི་སྒོ་ནས་ཐུན་མོང་བའི་དང་ཐུན་མོང་མིན་པའི་ཡོན་ཏན་གཉིས། འཇིག་རྟེན་པའི་མཚན་ཉིད། ཁམས་གསུམ་གྱི་སྲེད་པས་འཕངས་པའི་ཆོས། འཇིག་རྟེན་ལས་འདས་པའི་མཚན་ཉིད། ཟག་མེད་ཀྱི་ཡེ་ཤེས་ཀྱི་སྟོབས་ཀྱིས་བྱུང་བའི་ཆོས། ཟག་བཅས་ཀྱི་མཚན་ཉིད། ཟག་པའི་སྒོ་དྲུག་གང་རུང་གིས་བསྡུས་པ། ཟག་མེད་ཀྱི་མཚན་ཉིད། ཟག་པའི་སྒོ་དྲུག་གང་རུང་གིས་མ་བསྡུས་པ། འདུས་བྱས་ཀྱི་མཚན་ཉིད། རང་གི་རྒྱུ་རྐྱེན་ལས་སྐྱེས་པ། འདུས་མ་བྱས་ཀྱི་མཚན་ཉིད། རང་གི་རྒྱུ་རྐྱེན་ལས་མ་སྐྱེས་པ། ཆོས་ཐུན་མོང་བའི་ཡོན་ཏན་གྱི་མཚན་ཉིད། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ལ་འབྱུང་བའི་ཡོན་ཏན་གྱི་རིགས། ཐུན་མོང་མིན་པའི་ཡོན་ཏན་གྱི་མཚན་ཉིད། སངས་རྒྱས་ཁོ་ནའི་རྒྱུད་ལ་འབྱུང་བའི་ཡོན་ཏན་གྱི་རིགས་སོ། །དྲུག་པ་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད། གང་གི་དབང་དུ་བྱས་ནས་ཐེག་ཆེན་གྱི་སྒྲུབ་པ་བྱེད་པར་འགྱུར་བའི་ཐེག་ཆེན་སྒྲུབ་པའི་ཐོབ་བྱ་མཐར་ཐུག་གང་ཞིག་སྤངས་རྟོགས་གང་རུང་གིས་བསྡུས་པ། དབྱེ་ན་སེམས་སྤངས་པ་རྟོགས་པ་ཆེན་པོ་གསུམ། མཚན་ཉིད་རིམ་བཞིན། རང་རྒྱུད་ལྡན་གྱི་གང་ཟག་དེ་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་སངས་རྒྱས་སའི་སེམས་བསྐྱེད། དེ་ལྟར་བྱེད་པའི་སངས་རྒྱས་སའི་སྤངས་པ་དང་། དེ་ལྟར་བྱེད་པའི་སངས་རྒྱས་སའི་རྟོགས་པའོ། །སྒྲུབ་པ་རང་གིཾ་ངོ་བོ་ལ་མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། ཐེག་ཆེན་སྒྲུབ་པའི་མཚན་ཉིད། ཐེག་ཆེན་སེམས་བསྐྱེད་ལ་གནས་ནས་རང་གཞན་གྱི་དོན་ལ་བརྩོན་ཞིང་བྱང་ཆུབ་ཆེན་པོ་སྒྲུབ་པར་བྱེད་པའི་ཉམས་ལེན་ནོ། །གཉིས་པ་ལ། བསྟཾན་ཚཾུལ་དཾང་ངཾོ་བོཾའི་སྒོཾ་ནཾས་དབྱཾེ་བཾ་གཉིས། དང་པོ་ལ། ཡུལ་དང་ཡུལ་ཅན་གྱི་སྒྲུབ་པ་གཉིས། དང་པོའི་མཚན་ཉིད། མཁྱེན་གསུམ་ལ་ཐོབ་བྱ་འཐོབ་བྱེད་བླང་དོར་བྱ་བའི་ཡན་ལག་ཏུ་ཐོས་བསམ་གྱིས་གཏན་ལ་ཕབ་ནས། སྒྲོ་འདོགས་གཅོད་པར་བྱེད་པའི་བྱང་སེམས་ཚོགས་ལམ་པའི་ཤེས་རབ་མཚུངས་ལྡན་དང་བཅས་པ། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ཕལ་པའི་གནས་སྐབས་ན་ཡོད། གཉིས་པའི་མཚན་ཉིད། ཕ་རོལ་ཏུ་ཕྱིན་པ་རེ་རེ་ཞིང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པ་ལ་མཁས་པའི་བརྩོན་འགྲུས་མཚུངས་ལྡན་དང་བཅས་པ། ས་མཚམས་ཐར་པ་ཆ་མཐུན་ཁྱད་པར་ཅན་ནས་རྒྱུན་མཐའི་བར་ན་ཡོད། མི་ཤེས་པ་དག་སྨྲ་བ་ཉུང་ན་མཛེས་སོ། །གཉིས་པ་ལ། གོ་སྒྲུབ། འཇུག་སྒྲུབ། ཚོགས་སྒྲུབ། ངེས་འབྱུང་གི་སྒྲུབ་པ་དང་བཞི། མཚོན་བྱེད་ཀྱི་ཆོས་བདུན་པ་གོ་སྒྲུབ་ཀྱི་མཚན་ཉིད། ཕར་ཕྱིན་རེ་རེ་ཞིང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པ་ལ་འཁོར་གསུམ་མི་དམིགས་པའི་བསམ་པས་གོ་བགོས་པའི་བྱང་སེམས་ཀྱི་བསམ་པ་ཁྱད་པར་ཅན། དབྱེ་ན་སྦྱིན་པའི་གོ་སྒྲུབ་ནས་ཤེས་རབ་ཀྱི་གོ་སྒྲུབ་ཀྱི་བར་དྲུག དང་པོའི་མཚན་ཉིད། སྦྱིན་པའི་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པ་ལ་འཁོར་གསུམ་མི་དམིགས་པའི་བསམ་པས་གོ་བགོས་པའི་བྱང་སེམས་ཀྱི་བསམ་པ་ཁྱད་པར་ཅན། དེས་གཞན་རྣམས་ལ་འགྲེ། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ནས་རྒྱུན་མཐའི་བར་ན་ཡོད། བརྒྱད་པ་འཇུག་སྒྲུབ་ཀྱི་མཚན་ཉིད། རྒྱུ་དང་འབྲས་བུས་བསྡུས་པའི་ཐེག་ཆེན་ལ་སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་བརྩོན་འགྲུས་ཀྱིས་འཛེགས་པར་གྱུར་པའི་བྱང་སེམས་ཀྱི་སྦྱོར་བ་ཁྱད་པར་ཅན། དབྱེ་ན་བསམ་གཏན་གཟུགས་མེད་ལ་འཇུག་པའི་སྒྲུབ་པ། དེ་བཞིན་དུ་སྦྱིན་སོགས་དང་། ལམ་དང་། ཚད་མེད་བཞི་དང་། མི་དམིགས་པའི་ཤེས་རབ་དང་། འཁོར་གསུམ་དག་པ་དང་། ཆེད་དུ་བྱ་བ་དང་། མངོན་པར་ཤེས་པ་དང་། རྣམ་མཁྱེན་ལ་འཇུག་པའི་སྒྲུབ་པ་སྟེ་དགུའོ། །དང་པོའི་མཚན་ཉིད། འཇུག་ཡུལ་བསམ་གཏན་གཟུགས་མེད་ལ་སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་སྦྱོར་བའི་བརྩོན་འགྲུས་ཀྱི་འཛེགས་པར་བྱེད་པའི་བྱང་སེམས་ཀྱི་སྦྱོར་བ་ཁྱད་པར་ཅན། དེས་གཞན་རྣམས་ལ་འགྲེ། འདིར་འཇུག་ཡུལ་བསམ་གཏན་གཟུགས་མེད་དང་། ཚད་མེད་བཞི་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལ། ཉེར་བསྡོགས་དང་། དངོས་གཞི་གཉིས། དང་པོའི་མཚན་ཉིད། སྙོམས་འཇུག་གི་དངོས་གཞི་ཐོབ་དོན་དུ་དམིགས་རྣམ་ཡོངས་སུ་སྦྱོང་བར་བྱེད་པའི་ཐབས་ཀྱི་དགེ་བས་བསྡུས་པ། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་བསམ་གཏན་དང་པོའི་ཉེར་བསྡོགས་ནས་སྲིད་རྩེའི་ཉེར་བསྡོགས་ཀྱི་བར་བརྒྱད། དེ་རེ་རེ་ལ་ཡང་ཡིད་བྱེད་ཀྱི་སྒོ་ནས་དབྱེ་ན། མཚན་ཉིད་རབ་ཏུ་རིག་པའི། མོས་པའི་རབ་ཏུ་དབེན་པའི། དགའ་བ་སྡུད་པའི། དཔྱོད་པའི། སྦྱོར་མཐའི། སྦྱོར་མཐའི་འབྲས་བུའི་ཡིད་བྱེད་དང་བདུན་བདུན་ལས། དང་པོ་དྲུག་ནི་ཉེར་བསྡོགས་ཡིན་ལ། བདུན་པ་ནི་དེ་དང་དེའི་དངོས་གཞིར་གཏོགས་སོ། །གཉིས་པ་དངོས་གཞི་ལ་བསམ་གཏན་གྱི་དངོས་གཞི་དང་། གཟུགས་མེད་ཀྱི་དངོས་གཞི་གཉིས། དང་པོ་ལ་བཞི་ལས། བསམ་གཏན་དང་པོའི་དངོས་གཞིའི་མཚན་ཉིད། གཉེན་པོའི་ཡན་ལག་རྟོག་དཔྱོད་གང་རུང་གིས། འོག་ས་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །འདི་ལ་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་དང་ཁྱད་པར་ཅན་གཉིས་ལས། མཚན་ཉིད་རིམ་བཞིན། བསམ་གཏན་དང་པོའི་དངོས་གཞི་གང་ཞིག རྟོག་དཔྱོད་གཉིས་ཀ་ལྡན་པ་དང་། དེ་གང་ཞིག རྟོག་པ་ལ་འདོད་ཆགས་དང་བྲལ་ཞིང་དཔྱོད་པ་ཙམ་དང་ལྡན་པའོ། །བསམ་གཏན་གཉིས་པའི་དངོས་གཞིའི་མཚན་ཉིད། ནང་རབ་ཏུ་དྭངས་པ་གཉེན་པོའི་ཡན་ལག་གིས་དཔྱོད་པ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །བསམ་གཏན་གསུམ་པའི་དངོས་གཞིའི་མཚན་ཉིད། གཉེན་པོའི་ཡན་ལག་དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱིས་དགའ་བ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག དགའ་བས་དབེན་པའི་སེམས་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ། བསམ་གཏན་བཞི་པའི་དངོས་གཞིའི་མཚན་ཉིད། གཉེན་པོའི་ཡན་ལག་དྲན་པ་དང་བཏང་སྙོམས་ཡོངས་སུ་དག་པས་བདེ་བ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །རྩོད་ངོར་ནི་མཚོན་བྱ་རྣམས་ལ་སོ་སོའི་སྐྱེ་བོའི་རྒྱུད་ཀྱི་བསམ་གཏན་དང་པོའི་ཞེས་སོགས་དང་། མཚན་ཉིད་རྣམས་ལ་སོ་སོའི་སྐྱེ་བོའི་རྒྱུད་ཀྱི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག་ཅེས་གཞི་ལ་སྦྱར་ནས་འཇོག་གོ །དེ་ལ་བསམ་གཏན་དང་པོའི་རྟོག་དཔྱོད་གཉིས། གཉིས་པའི་ནང་རབ་ཏུ་དྭངས་པ་དང་། གསུམ་པའི་དྲན་ཤེས་བཞིན་བཏང་སྙོམས་གསུམ། བཞི་པའི་དྲན་པ་ཡོངས་སུ་དག་པ་དང་། བཏང་སྙོམས་ཡང་དག་རྣམས་ནི་གཉེན་པོའི་ཡན་ལག་ཡིན་ཏེ། འོག་ས་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་རྟོགས་རིགས་ཡིན་པའི་ཕྱིར་རོ། །བསམ་གཏན་དང་པོའི་དང་གཉིས་པའི་དགའ་བདེ་གཉིས། གསུམ་པའི་བདེ་བ། བཞི་པའི་ཚོར་བ་བཏང་སྙོམས་རྣམས་ནི་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། བསམ་གཏན་ལ་གནས་པ་རྣམས་ཀྱི་ལུས་སེམས་ལ་ཕན་འདོགས་པར་བྱེད་པའི་ཕྱིར་རོ། །བཞི་ཆར་གྱི་སེམས་རྩེ་གཅིག་པ་རྣམས་ནི་གནས་ཀྱི་ཡན་ལག་ཡིན་ཏེ། ཡན་ལག་གཞན་རྣམས་ཀྱང་འདི་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །གཉིས་པ་གཟུགས་མེད་ཀྱི་དངོས་གཞི་ལ་བཞི་ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་མཚན་ཉིད། སྦྱོར་བའི་དུས་སུ་གཟུགས་དང་ཐོགས་པའི་འདུ་ཤེས་རྣམ་པར་བཤིག་ནས་ནམ་མཁའ་མཐའ་ཡས་སོ་སྙམ་དུ་ཡིད་ལ་བྱས་པས་དངོས་གཞིའི་དུས་སུ་དེ་ཉིད་མངོན་དུ་གྱུར་པའི་ཏིང་ངེ་འཛིན་མཾཚུངས་ལྡན་དང་བཅས་པ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་མཚན་ཉིད། སྦྱོར་བའི་དུས་སུ་ཡུལ་ནམ་མཁའི་འདུ་ཤེས་བསལ་ནས་ཡུལ་ཅན་རྣམ་པར་ཤེས་པ་དེ་ཉིད་མཐའ་ཡས་སོ་སྙམ་དུ་ཡིད་ལ་བྱས་པས་དངོས་གཞིའི་དུས་སུ་དེ་ཉིད་སོགས་སོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་མཚན་ཉིད། སྦྱོར་བའི་དུས་སུ་གཟུང་བྱ་ཅི་ཡང་མེད་དོ་སྙམ་དུ་ཡིད་ལ་བྱས་པས་དངོས་གཞིའི་དུས་སུ་དེ་ཉིད་སོགས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་མཚན་ཉིད། སྦྱོར་བའི་དུས་སུ་འདུ་ཤེས་རགས་པ་ནི་ནད་དང་། འབྲས་དང་། ཟུག་རྔུའོ། །འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ། །འདུ་ཤེས་ཡོད་མིན་མེད་མིན་ནི་ཞི་བའོ་སྙམ་དུ་ཡིད་ལ་བྱས་པས། དངོས་གཞིའི་དུས་སུ་དེ་ཉིད་མངོན་དུ་གྱུར་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པའོ། །འདི་ལ་ཡང་རྩོད་ངོར་མཚན་མཚོན་གཉིས་ཀ་གཞི་སྦྱར་བྱའོ། །གཉིས་པ་ཚད་མེད་བཞི་ལ་མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ་ལས། དང་པོ་ལ་བྱམས་པ་ཚད་མེད་ཀྱི་མཚན་ཉིད། བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ཏེ་དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་ནས། རྣམ་པ་བདེ་བ་དང་འཕྲད་པར་འདོད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་ནོ། །སྙིང་རྗེ་ཚད་མེད་ཀྱི་མཚན་ཉིད། དམིགས་ནས་ཞེས་པ་ཡན་ཆད་འགྲེ། རྣམ་པ་སྡུག་བསྔལ་དང་བྲལ་བར་འདོད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་ནོ། །དགའ་བ་ཚད་མེད་ཀྱི་མཚན་ཉིད། དམིགས་ནས་རྣམ་པ་བདེ་བ་དང་མི་འབྲལ་བར་འདོད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་ནོ། །བཏང་སྙོམས་ཚད་མེད་ཀྱི་མཚན་ཉིད། དམིགས་ནས་ཆགས་སྡང་གི་ཉོན་མོངས་པ་དང་བྲལ་བར་འདོད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་ནོ། །གཉིས་པ་ནི། བཞི་པོ་རེ་རེ་ལ་ཡང་སེམས་ཅན་ལ་དང་། ཆོས་ལ་དང་། དམིགས་པ་མེད་པ་ལ་དམིགས་པ་གསུམ་གསུམ་ལས། དང་པོ་ནི་སེམས་ཅན་སྡུག་བསྔལ་བ་ལ་དམིགས། གཉིས་པ་ནི་སེམས་ཅན་སྐད་ཅིག་གིས་གཡོ་བ་ལ་དམིགས། གསུམ་པ་ནི་སེམས་ཅན་སྒྱུ་མ་ལྟ་བུ་ལ་དམིགས་པ་སྟེ། མཚན་མཚོན་བཅུ་གཉིས་ཀྱི་སྦྱོར་ཚུལ་ཤེས་པར་བྱའོ། །གསུམ་པ་ནི། སེམས་ཅན་ལ་དམིགས་པའི་ཚད་མེད་བཞི་ནི་མུ་སྟེགས་བྱེད་དང་ཐུན་མོང་བ། ཆོས་ལ་དམིགས་པ་བཞི་ནི་ཉན་རང་དང་ཐུན་མོང་བ། དམིགས་པ་མེད་པ་ལ་དམིགས་པ་བཞི་ནི་བྱང་སེམས་ཀྱི་ཐུན་མོང་མིན་པར་བྱང་ས་ལས་བཤད་དོ། །དགུ་པ་ཚོགས་སྒྲུབ་ལ་མཚན་ཉིད། དབྱེ་བ་སྤྱིར་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གསུམ་ལས། དང་པོ་ནི། མཐར་ཐུག་གི་བྱང་ཆེན་སྒྲུབ་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པའི་བྱང་སེམས་ཀྱི་ཆོས་མཆོག་སྐད་ཅིག་ཐ་མ་ཡན་ཆད་ཀྱི་ཉམས་ལེན་ནོ། །གཉིས་པ་ལ། སྙིང་རྗེ་ཆེན་པོའི་ཚོགས་སྒྲུབ་ནས། གཉེན་པོའི་ཚོགས་སྒྲུབ་ཀྱི་བར་བཅུ་བདུན་ལས། དང་པོའི་མཚན་ཉིད། མཐར་ཐུག་གི་བྱང་ཆེན་འབྱིན་པ་ལ་ཡང་ནུས་པ་མཐུ་ཅན་དུ་གྱུར་པའི་བྱང་སེམས་ཀྱི་ཆོས་མཆོག་སྐད་ཅིག་ཐ་མ་ཡན་ཆད་ཀྱི་སྙིང་རྗེའོ། །དེས་བར་གྱི་བཅུ་བཞི་ལ་འགྲེ་ཞིང་སོ་སོའི་རྐང་གྲངས་གཞུང་ལས་ཤེས། སའི་ཚོགས་སྒྲུབ་ཀྱི་མཚན་ཉིད། མཐར་ཐུག་གི་བྱང་ཆེན་འབྱིན་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པའི་བྱང་སེམས་འཕགས་པའི་རྗེས་ཐོབ་ཀྱི་མཁྱེན་པ། གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད། མཐར་ཐུག་གི་བྱང་ཆེན་འབྱིན་པ་ལ་མཐུ་ཅན་དུ་གྱུར་པའི་བྱང་འཕགས་ཀྱི་རྒྱུད་ཀྱི་སྤོང་བ་གཉེན་པོའོ། །ས་མཚམས་ལ་དང་པོ་བཅོ་ལྔ་བྱང་སེམས་ཀྱི་ཆོས་མཆོག་སྐད་ཅིག་ཐ་མ་ནས་རྒྱུན་མཐའི་བར་ན་ཡོད། སའི་ཚོགས་སྒྲུབ་ས་བཅུའི་རྗེས་ཐོབ་དང་། གཉེན་པོའི་ཚོགས་སྒྲུབ་ས་བཅུའི་མཉམ་གཞག་ན་ཡོད། གསུམ་པ་ལ་ཡེ་ཤེས་ཀྱི་ཚོགས་བྱེ་བྲག་ཏུ་བཤད་པ། གཟུངས་ཀྱི་ཚོགས་དང་། སའི་ཚོགས་དང་། གཉེན་པོའི་ཚོགས་བྱེ་བྲག་ཏུ་བཤད་པ་བཞི། དང་པོ་ལ་ཡེ་ཤེས་ཀྱི་ཚོགས་སྒྲུབ་ཀྱི་མཚན་ཉིད། ས་མཚམས་སྔར་བཤད་པ་ཉིད་ཡིན་ལ། ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་མཁྱེན་པའོ། །དབྱེ་ན་ཉི་ཤུ་ལས། ནང་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཀྱི་མཚན་ཉིད། ནང་སྟོང་པ་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པས་ནང་སྟོང་པ་ཉིད་ལ་སྒྲོ་འདོགས་གཅོད་ནུས་ཀྱི་མཁྱེན་པའོ། །དེས་གཞན་རྣམས་ལ་འགྲེའོ། །ས་མཚམས་ལ་ནང་དང་། ཕྱི་དང་། གཉིས་ཀ་དང་། སྟོང་པ་ཉིད་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་བཞི་ནི་མོས་སྤྱོད་བཞི་ན་རིམ་པ་བཞིན་ཡོད། ཆེན་པོ་དང་། དོན་དམ་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། མཐའ་ལས་འདས་པ་དང་། ཐོག་མཐའ་མེད་པ་དང་། དོར་བ་མེད་པ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་བདུན་ནི། ས་དང་པོ་ནས་བདུན་པའི་བར་ལ་རིམ་པ་བཞིན་ཡོད། རང་བཞིན་དང་། ཆོས་ཐམས་ཅད་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་གཉིས་ནི་ས་བརྒྱད་པ་དང་། རང་གི་མཚན་ཉིད་དང་མི་དམིགས་པ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་གཉིས་ནི་ས་དགུ་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། དངོས་པོ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་གཉིས་ནི་ས་བཅུ་པ་དང་། དངོས་པོ་མེད་པ་དང་། རང་གི་ངོ་བོ་དང་། གཞན་གྱི་ངོ་བོ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་གསུམ་ནི་སངས་རྒྱས་ཀྱི་སར་ཡོད་དོ། །གཉིས་པ་ལ་མཚན་ཉིད་དང་། དབྱེ་བ། ས་མཚམས་གསུམ་ལས། དང་པོ་ནི། གཟུངས་ཀྱི་མཚན་ཉིད། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་དམ་པའི་ཆོས་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་ནོ། །གཉིས་པ་ལ། ཚིག་གི དོན་གྱི། བཟོད་པའི། གསང་སྔགས་ཀྱི་གཟུངས་དང་བཞི་ལས། དང་པོའི་མཚན་ཉིད། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས་རྒྱ་ཆེན་པོ་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་ནོ། །གཉིས་པའི་མཚན་ཉིད། བརྟེན་ནས་སངས་རྒྱས་རྣམས་ཀྱིས་གསུངས་པའི་དོན་རྒྱ་ཆེན་པོ་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་ནོ། །གསུམ་པ་ལ། བཟོད་པའི་རྒྱུར་གྱུར་གྱི་གཟུངས་དང་། བཟོད་པ་དངོས་ཀྱི་གཟུངས་གཉིས་ལས། དང་པོའི་མཚན་ཉིད། བརྟེན་ནས་རང་བཞིན་སྐྱེ་མེད་ཀྱི་དོན་ལ་འཇིག་རྟེན་པའི་སྒོམ་བྱུང་གི་གསལ་སྣང་ཐོབ་པའི་དྲན་པ་ཤེས་རབ་མཚུངས་ལྡན་ནོ། །ཕྱི་མའི་མཚན་ཉིད། གང་ཞིག ཆོས་ཉིད་མངོན་སུམ་དུ་མཐོང་བའི་དྲན་པ་ཤེས་རབ་མཚུངས་ལྡན་ནོ། །བཞི་པའི་མཚན་ཉིད། བརྟེན་ནས་གཞན་ལ་ཕན་པའི་དོན་དུ་སྔགས་རྣམས་ཀྱིས་རང་གི་འབྲས་བུ་འགྲུབ་པར་བྱིན་གྱིས་རློབ་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་ནོ། །གསུམ་པ་ལ་སྨོན་ལམ་དང་བསམ་གཏན་གྱི་དབང་གིས་ཐོབ་པའི་གཟུངས་བཞི་ཆར་ཡང་ཐེག་ཆེན་གྱི་ཚོགས་ལམ་ནས་ཡོད། བརྟན་པ་དང་། རྒྱ་ཆེ་བའི་གཟུངས་བཞི་ཆར་ས་དང་པོ་ནས་ཡོཾད་པར་གསལ་ལོ། །གཞན་དག་ཐེག་པ་གསུམ་གྱི་ཚོགས་ལམ་ཆེན་པོ་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་ཁྱབ་པར་སྨྲ་ཞིང་། གསུང་རབ་མཐའ་དག་གི་དགོངས་འགྲེལ་རྩོམ་པ་ནི། རྒྱུན་ཞུགས་དང་། ཕྱིར་འོང་གཉིས་འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་རྣམ་གཞག་ཙམ་ཡང་བློ་ལ་མ་ཤར་བཞིན་དུ་གདུལ་བྱ་བསླུ་བར་བྱེད་པར་སྣང་བས་བག་ཡོད་པར་གྱིས་ཤིག གསུམ་པ་ལ། རྒྱུའི་སའི་ཡོངས་སྦྱོང་དང་། འབྲས་བུའི་སའི་ངོ་བོ་གཉིས། དང་པོའི་མཚན་ཉིད། མཉམ་གཞག་ཏུ་ཐོབ་པའི་སའི་སྐྱོན་ཟད་ཅིང་ཡོན་ཏན་སྦྱོང་བའི་ཆེད་དུ་མཉམ་གཞག་གི་རྟོགས་པ་དང་མཐུན་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་བྱང་སེམས་འཕགས་པའི་རྗེས་ཐོབ་ཀྱི་མཁྱེན་པའོ། །དབྱེ་ན་ས་དང་པོའི་ཡོངས་སྦྱོང་ནས་དགུ་པའི་ཡོངས་སྦྱོང་གི་བར་དགུ། དང་པོའི་མཚན་ཉིད། ས་དང་པོའི་མཉམ་གཞག་ཏུ་ཐོབ་པའི་སྐྱོན་ཟད་ཅིང་ཡོན་ཏན་ཡོངས་སུ་སྦྱོང་བའི་ཆེད་དུ་ས་དང་པོའི་རྟོགས་པ་དང་མཐུན་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ས་དང་པོའི་རྗེས་ཐོབ་ཀྱི་མཁྱེན་པའོ། །དབྱེ་ན་རང་དོན་ཡིད་བྱེད་ཀྱིས་དབེན་པའི་བསམ་པ་ལ་སོགས་པ་བཅུའོ། །ས་གཉིས་པའི་ཡོངས་སྦྱོང་ལ་མཚན་ཉིད་འགྲེ། དབྱེ་ན་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སོགས་བརྒྱད་དོ། །ས་གསུམ་པའི་ཡོངས་སྦྱོང་ལ་མཚན་ཉིད་འགྲེ། དབྱེ་ན་ཐོས་པས་མི་ངོམས་པ་ལ་སོགས་པ་ལྔའོ། །ས་བཞི་པའི་ཡོངས་སྦྱོང་ལ་མཚན་ཉིད་འགྲེ། དབྱེ་ན་དགོན་པར་གནས་པ་ལ་སོགས་པ་བཅུའོ། །ས་ལྔ་པའི་ཡོངས་སྦྱོང་ལ་མཚན་ཉིད་འགྲེ། དབྱེ་ན་རྙེད་བཀུར་གྱི་དོན་དུ་རབཾ་བྱུཾང་དང་འགྲོགས་པ་ལ་སོགས་སྤོང་བ་བཅུའོ། །ས་དྲུག་པའི་ཡོངས་སྦྱོང་ལ་མཚན་ཉིད་འགྲེ། དབྱེ་ན་སྦྱིན་པའི་ཕར་ཕྱིན་སོགས་བཅུ་གཉིས་སོ། །ས་བདུན་པའི་ཡོངས་སྦྱོང་ལ་མཚན་ཉིད་འགྲེ། དབྱེ་ན་སྤང་བྱ་བདག་ཏུ་ལྟ་བ་སོགས་ཉི་ཤུ་སྤོང་བར་བྱེད་པའི་གཉེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཡང་དག་པར་ཤེས་པ་སོགས་ཉི་ཤུའོ། །ས་བརྒྱད་པའི་ཡོངས་སྦྱོང་ལ་མཚན་ཉིད་འགྲེ། དབྱེ་ན་སེམས་ཅན་ཀུན་ཡིད་ཤེས་ནས་ལ་སོགས་པ་བརྒྱད་དོ། །ས་དགུ་པའི་ཡོངས་སྦྱོང་ལ་མཚན་ཉིད་འགྲེ། དབྱེ་ན་སྨོན་ལམ་མཐའ་ཡས་པ་བཅུ་གཉིས་སོ། །གཉིས་པ་འབྲས་བུའི་སའི་ངོ་བོ་ལ། མཚན་ཉིད་དང་། འདའ་ས་ས་དགུ་ངོས་གཟུང་བ་གཉིས། དང་པོ་ནི། འདའ་ས་ས་དགུ་ལས་འདས་ནས་དེ་པའི་མིང་གིས་གདགས་སུ་རུང་བའི་བྱང་སེམས་ཀྱི་ས་བཅུ་པའོ། །གཉིས་པ་ནི། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། སྲབ་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་དགུའོ། །དང་པོ་ནི། ངེས་པའི་ཉན་རང་གི་སྦྱོར་ལམ་བཞི། གཉིས་པ་ནི། རྒྱུན་ཞུགས་ཞུགས་པའི་མངོན་རྟོགས། གསུམ་པ་ནི། རྒྱུན་ཞུགས་འབྲས་གནས་ཙམ་པོའི་མངོན་རྟོགས། བཞི་པ་ནི། ཕྱིར་འོང་འབྲས་གནས་ཙམ་པོའི་མངོན་རྟོགས། ལྔ་པ་ནི། ཕྱིར་མི་འོང་འབྲས་གནས་ཙམ་པོའི། དྲུག་པ་ནི། དགྲ་བཅོམ་འབྲས་གནས་ཀྱི། བདུན་པ་ནི། ཞུགས་པ་ཕྱི་མ་གསུམ་གྱི། བརྒྱད་པ་ནི། རང་རྒྱལ་དགྲ་བཅོམ་པའི་མངོན་རྟོགས། དགུ་པ་ནི། ཇི་སྐད་བཤད་པའི་བྱང་སེམས་ཀྱི་ས་དགུའོ། །བཞི་པ་ལ་གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད་བཤད་ཟིན། དབྱེ་ན་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་དང་། སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་གཉིས། དང་པོའི་མཚན་ཉིད། མཐར་ཐུག་གི་བྱང་ཆེན་སྒྲུབ་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་མཐོང་སྤང་གི་སྤོང་བ་གཉེན་པོའོ། །དབྱེ་ན་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་བཞི་ཡོད་པ་ལས། གཉེན་པོ་ཡང་དེ་ལྟར་རོ། །གཉིས་པའི་མཚན་ཉིད། མཐར་ཐུག་གི་བྱང་ཆེན་སྒྲུབ་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་སྒོམ་སྤང་གི་སྤོང་བ་གཉེན་པོ། དབྱེ་ན་ས་གཉིས་པ་ནས་བཅུ་པའི་སྤོང་བ་གཉེན་པོའི་བར་དགུ་ཡོད་ཅིང་། དེ་རེ་རེ་ལ་ཡང་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་བཞི་བཞི་ཡོད་པས་གཉེན་པོའི་ཚོགས་སྒྲུབ་ཀྱང་རྣམ་པ་བཞི་བཞིའོ། །བཅུ་པ་ངེས་འབྱུང་སྒྲུབ་པའི་མཚན་ཉིད། རང་གི་ངེས་པར་འབྱུང་ས་བརྒྱད་པོ་གང་རུང་དུ་མཚན་འཛིན་གྱི་བར་ཆད་མེད་པར་ངེས་པར་འབྱུང་བར་འགྱུར་བའི་དག་སའི་ཡེ་ཤེས། དབྱེ་ན་ཆེད་དུ་བྱ་བའི་ངེས་འབྱུང་སྒྲུབ་པ་ནས་ལམ་གྱི་ཡུལ་ཅན་གྱི་ངེས་འབྱུང་སྒྲུབ་པའི་བར་བརྒྱད། དང་པོའི་མཚན་ཉིད། རང་གི་ངེས་པར་འབྱུང་ས་ཆེན་པོ་གསུམ་དུ་མཚན་འཛིན་གྱི་བར་ཆད་མེད་པར་ངེས་པར་འབྱུང་བར་འགྱུར་བའི་དག་སའི་ཡེ་ཤེས། དེས་གཞན་རྣམས་ལ་ཡང་འགྲེ་ཞིང་། ས་མཚམས་ཡང་དེ་ཉིད་ཀྱིས་རྟོགས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་མཚོན་བྱེད་ཀྱི་ཆོས་རྣམས་ཀྱི་ཡན་ལག་རྒྱས་པར་བཤད་པ་སྦས་དོན་རབ་གསལ་ཞེས་བྱ་བ་ལས་སྐབས་དང་པོའོ།།  །།གཉིས་པ་ལམ་ཤེས་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། ལམ་གསུམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པའོ། །གཉིས་པ་ལ་ཡུལ་གྱི་སྒོ་ནས་དབྱེ་བ། རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་བ། མཉམ་རྗེས་ཀྱི་སྒོ་ནས་དབྱེ་བ། ངོ་བོའི་སྒོ་ནས་དབྱེ་བ་དང་བཞི་ལས། དང་པོ་ལ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ། མཚན་ཉིད་འོག་ཏུ་འབྱུང་ངོ་། །གཉིས་པ་ལ་རྒྱུའི་དང་། འབྲས་བུའི་ལམ་ཤེས་གཉིས། མཚན་ཉིད་གཞན་སྔར་དང་འདྲ་བ་ལས། བྱང་སེམས་འཕགས་པའི་རྒྱུད་ཀྱི་མཁྱེན་པ་ཞེས་དང་། སངས་རྒྱས་འཕགས་པའི་རྒྱུད་ཀྱི་མཁྱེན་པ་ཞེས་སོགས་སྦྱར་རོ། །གསུམ་པ་ལ་ཐེག་ཆེན་འཕགས་པའི་མཉམ་རྗེས་གཉིས་སོ། །བཞི་པ་ལ་བཅུ་གཅིག་ལས། དང་པོ་ལམ་ཤེས་ཀྱི་ཡན་ལག་ལ་མཚན་ཉིད། དབྱེ་བ། འཕྲོས་པའི་དོན་དང་གསུམ། དང་པོ་ནི་ཆོས་ལྔ་གང་རུང་གིས་བསྡུས་པའི་ལམ་ཤེས་ཀྱི་ཁྱད་ཆོས་སོ། །གཉིས་པ་ལ་རྟེན་གྱི་ཡན་ལག རང་བཞིན་གྱི་ཡན་ལག བྱེད་ལས་ཀྱི་ཡན་ལག་དང་གསུམ། དང་པོ་ལ་དངོས་སུ་དང་། བརྒྱུད་ནས་སྐྱེ་བའི་རྟེན་གཉིས། དང་པོ་ལ་ལམ་ཤེས་དངོས་སུ་སྐྱེ་བར་རུང་བ་དང་། ལམ་ཤེས་དངོས་སུ་སྐྱེ་བའི་ཡུལ་ངེས་པ་གཉིས། དང་པོ་ནི་ང་རྒྱལ་གྱིས་མཚོན་པའི་ཉོན་མོངས་པ་མངོན་གྱུར་བ་དང་བྲལ་བའོ། །གཉིས་པ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །བརྒྱུད་ནས་སྐྱེ་བའི་རྟེན་ནི་ལམ་ཤེས་དངོས་སུ་མི་སྐྱེ་བའི་སེམས་ཅན་ཐམས་ཅད་ལ་ཡང་ལམ་ཤེས་བརྒྱུད་ནས་སྐྱེ་བས་ཁྱབ་པའོ། །གཉིས་པ་རང་བཞིན་གྱི་ཡན་ལག་ནི། གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་ཀྱི་མིང་ཅན་ཆེད་དུ་གཉེར་ནས་མི་སྤོང་བའོ། །གསུམ་པ་བྱེད་ལས་ཀྱི་ཡན་ལག་ནི་སེམས་ཅན་འཁོར་དུ་མ་འདུས་པ་བསྡུད་པ་དང་། བསྡུས་པ་སྨིན་པ་ལ་སོགས་པའོ། །གསུམ་པ་ལ་ཁྱབ་པ་ལས་འཕྲོས་པ་དང་། རང་བཞིན་ལས་འཕྲོས་པ་གཉིས། དང་པོ་ལ། མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པ་ཡིན་ཏེ། ཉན་རང་དགྲ་བཅོམ་ལྷག་མེད་དུ་མྱ་ངན་ལས་འདས་པ་རྣམས་ཀྱང་མཐར་ཐེག་ཆེན་གྱི་ལམ་དུ་ཞུགས་ནས་སངས་རྒྱ་བ་ཡིན་པའི་ཕྱིར་རོ། །འོ་ན་དེ་དག་དང་པོར་ཐེག་ཆེན་གྱི་ལམ་གྱི་ས་མཚམས་གང་ནས་ཞུགས་ཞེ་ན། ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ནས་འཇུག་སྟེ། ཐེག་ཆེན་གྱི་ལམ་དུ་ཐོག་མར་འཇུག་པའི་སྒོ་ནི་འདུན་ལྡན་སེམས་བསྐྱེད་ཡིན་པའི་ཕྱིར་དང་། ཆོས་ཀྱི་བདག་མེད་ཐོས་བསམ་གྱིས་གཏན་ལ་དབབ་དགོས་པའི་ཕྱིར་རོ། །འོ་ན་ཉན་རང་ཐེག་ཆེན་གྱི་ལམ་དུ་ཞུགས་ནས། ཐེག་ཆེན་གྱི་ཚོགས་སྦྱོར་གྱི་གནས་སྐབས་སུ་སྔར་གྱི་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་དེ་ཇི་ལྟར་ལྡན་ཞེ་ན། དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བ་ལ་ནི་ཕལ་ཆེར་དབང་ལྡན་གྱི་ཚུལ་དུ་ལྡན་ཅིང་རེས་འགའ་མངོན་དུ་གྱུར་པ་སྲིད་དེ། ཉོན་སྒྲིབ་སྤངས་ཟིན་པས་དགོས་པ་མེད་པའི་ཕྱིར་དང་། སེམས་ཅན་གྱི་ལོག་སྒྲུབ་ཀྱིས་ཡིད་སྐྱོ་བའི་ཚེ་ན་སྔར་གྱི་རྟོགས་པ་ལ་གནས་སྲིད་པའི་ཕྱིར་རོ། །རྒྱུན་ཞུགས་སོགས་ཀྱི་རྟོགས་པ་སྔོན་དུ་སོང་བ་ལ་ནི་ཉོན་མོངས་ཀྱི་ལྷག་མ་སྤང་དགོས་པས་དེའི་གཉེན་པོ་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་སྒོམ་པའི་ཚེ་མངོན་དུ་འགྱུར་ཏེ། སྔར་གང་ཟག་གི་བདག་མེད་མངོན་སུམ་རྟོགས་པའི་མཐོང་ལམ་སྔོན་དུ་སོང་བས་དེ་ནམ་ཞིག་སྒོམ་པའི་ཚེ་མངོན་སུམ་དུ་རྟོགས་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེའི་ཚེ་ཆོས་ཀྱི་བདག་མེད་རྟོགས་པའི་ཚོགས་སྦྱོར་ནི་མངོན་དུ་མི་འགྱུར་ཏེ། དེ་ནི་ཆོས་ཀྱི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ཡིན་ལ། ཅིག་ཤོས་ནི་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་སངས་རྒྱ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྒྱུ་རིགས་ཡོད། འགལ་རྐྱེན་སྒྲིབ་པ་སྤོང་དུ་རུང་། མཐུན་རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་འཇུག་ཏུ་རུང་། ཉེར་ལེན་གྱི་རྒྱུ་རྒྱུན་ཆད་པ་མི་སྲིད་པའི་ཕྱིར་རོ། །འོ་ན་འཁོར་བ་ལ་མཐའ་ཡོད་པར་འགྱུར་རོ་ཞེ་ན། འཁོར་བ་ལ་མཐའ་མེད་དེ། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་མི་སྲིད་པའི་ཕྱིར་ཏེ། སངས་རྒྱས་རེ་རེས་སེམས་ཅན་དཔག་ཏུ་མེད་པ་མྱ་ངན་ལས་བཟླ་ཡང་སེམས་ཅན་གྱི་གྲངས་ཉུང་བ་མི་སྲིད་པའི་ཕྱིར་དང་། སེམས་ཅན་ལ་གྲངས་མེད་པའི་ཕྱིར་རོ། །གཉིས་པ་ནི། བྱང་སེམས་འཕགས་པས་ཆེད་དུ་གཉེར་ནས་མི་སྤོང་རྒྱུའི་ཉོན་མོངས་དེ་དག་གང་ཡིན་ཞེ་ན། འདི་ལ་ཉོན་མོངས་མཚན་ཉིད་པ་ལ་འདོད་པ་དང་། ཉོན་མོངས་བཏགས་པ་བ་ལ་འདོད་པ་དང་། ཉོན་མོངས་པའི་བག་ཆགས་ལ་འདོད་པ་དང་གསུམ་ལས། ཕྱི་མ་དེ་ཉིད་འཐད་དེ། རྒྱུད་བླའི་འགྲེལ་པར་ཉན་རང་དགྲ་བཅོམ་པ་དང་བྱང་སེམས་འཕགས་པ་རྣམས་མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པར་གསུངས་པའི་ཕྱིར་རོ། །གཉིས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ལ་ཤེས་བྱ་ཉན་ཐོས་ཀྱི་ལམ། ཡུལ་ཅན་དེ་ཤེས་པའི་ལམ་ཤེས། རྒྱུ་ངེས་འབྱེད་ཆ་མཐུན་དང་གསུམ་ལས། དང་པོའི་མཚན་ཉིད། རྟོགས་རིགས་གསུམ་གྱི་ནང་ནས་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་སུ་གྱུར་པའི་སྒོ་ནས་ཉོན་སྒྲིབ་ཀྱི་གཉེན་པོའི་རིགས་སུ་གནས་པ། དབྱེ་ན་གང་ཟག་གི་སྒོ་ནས་དང་། རྣམ་པའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ་ཉན་ཐོས་ཀྱི་རྒྱུད་ཀྱི་ཤེས་བྱ་ཉན་ཐོས་ཀྱི་ལམ། རང་རྒྱལ་གྱི་རྒྱུད་ཀྱི་ཤེས་བྱ་ཉན་ཐོས་ཀྱི་ལམ། བྱང་སེམས་ཀྱི་རྒྱུད་ཀྱི་ཤེས་བྱ་ཉན་ཐོས་ཀྱི་ལམ་དང་གསུམ། གཉིས་པ་ལ། ཤེར་ཕྱིན་གྱི་མདོ་ལས་བདེན་པ་བཞིའི་སྟེང་གི་མི་རྟག་ལ་སོགས་པའི་རྣམ་པ་ཉེར་དྲུག་གསུངས་ཏེ། སྡུག་བདེན་གྱི་མི་རྟག སྡུག་བསྔལ། སྟོང་པ། བདག་མེད་པའི་རྣམ་པ་སྟེ་བཞི། ཀུན་བདེན་པའི་ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པའི་རྣམ་པ་སྟེ་བཞི། སྡུག་ཀུན་ཐུན་མོང་བའི་ཕ་རོལ་དང་། འཇིག་པའི་ཆོས་ཅན་དང་། གཡོ་བ་དང་། རབ་ཏུ་འཇིག་པ་དང་། འཇིགས་པ་དང་ནད་འགོ་བ་དང་། འཚེ་བའི་རྣམ་པ་སྟེ་བདུན། འགོག་བདེན་གྱི་བདཾག་མེད་པ་དང་། ཞི་བ་དང་། དབེན་པ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་རྣམ་པ་སྟེ་བདུན། ལམ་བདེན་གྱི་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའི་རྣམ་པ་སྟེ་བཞི་རྣམས་སོ། །འདི་དག་འཕགས་སེང་གཉིས་ཀས་མངོན་པ་ནས་གསུངས་པའི་མི་རྟག་སོགས་བཅུ་དྲུག་དང་སྦྱོར་བར་ཡང་མཛད་དོ། །གཉིས་པ་ཡུལ་ཅན་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་ཉན་ཐོས་ཀྱི་ལམ་གྱི་དམིགས་རྣམ་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་འཕགས་པའི་མཁྱེན་པའོ། །གསུམ་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། ཉན་ཐོས་ཀྱི་ལམ་མངོན་སུམ་ཤེས་པའི་ཆེད་དུ་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས། འཇིག་རྟེན་པའི་སྒོམ་བྱུང་གཙོ་བོར་གྱུར་པའི་བྱང་སེམས་སོ་སྐྱེའི་མཁྱེན་པ། དབྱེ་ན་བྱང་སེམས་ཀྱི་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞིའོ། །གསུམ་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ། ལམ་གྱི་ཁྱད་པར་བྱེད་ཆོས། ཁྱད་གཞི་ལམ་གྱི་ངོ་བོ། རྒྱུ་ངེས་འབྱེད་ཆ་མཐུན་དང་གསུམ་ལས། འདིར་བསྟན་ལམ་གྱི་ཁྱད་པར་བྱེད་ཆོས་ཀྱི་མཚན་ཉིད། ཁྱད་ཆོས་གང་གིས་ཉན་ཐོས་དགྲ་བཅོམ་ལས་ཁྱད་པར་དུ་བྱེད་པའི་ཐེག་པ་འབྲིང་གི་དགྲ་བཅོམ་པའི་རྒྱུད་ཀྱི་ཡེ་ཤེས། དབྱེ་ན་འདིར་བསྟན་ལམ་བགྲོད་ཚུལ་གྱི་ཁྱད་པར་དང་། ཆོས་སྟོན་ཚུལ་གྱི་ཁྱད་པར་གཉིས། དང་པོའི་མཚན་ཉིད། སངས་རྒྱས་དང་ཉན་ཐོས་མེད་པའི་འདོད་ཁམས་སུ་རང་བྱུང་གི་བྱང་ཆུབ་མངོན་དུ་བྱེད་པའི་ཐེག་འབྲིང་སྐྱེས་བུའི་རྒྱུད་ཀྱི་མཁྱེན་པ། གཉིས་པའི་མཚན་ཉིད། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་ཁམས་སུ་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པའི་བདག་རྐྱེན་བྱེད་པའི་ཐེག་འབྲིང་སྐྱེས་བུའི་རྒྱུད་ཀྱི་མཁྱེན་པའོ། །གཉིས་པ་ལ་ཤེས་བྱ་རང་རྒྱལ་གྱི་ལམ་དང་། ཡུལ་ཅན་དེ་ཤེས་པའི་ལམ་ཤེས་གཉིས་ལས། དང་པོའི་མཚན་ཉིད། རྟོགས་རིགས་གསུམ་གྱི་ནང་ནས་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རིགས་སུ་གྱུར་པའི་སྒོ་ནས་ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོའི་རིགས་སུ་གནས་པའམ། ཡང་ན་རྟོགས་རིགས་རང་ངོས་ནས་གཟུང་རྟོག་སྤོང་བ་དང་། འཛིན་རྟོགས་མི་སྤོང་བ་དང་། རྟེན་གྱི་ཁྱད་པར་གསུམ་དང་ལྡན་པའི་རྟོགས་རིགས་སོ། །དབྱེ་ན་གང་ཟག་གི་སྒོ་ནས་དང་། རྣམ་པའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ་རང་རྒྱལ་གྱི་རིགས་ཅན་གྱི་རྒྱུད་ཀྱི་ཤེས་བྱ་རང་རྒྱལ་གྱི་ལམ། བྱང་སེམས་ཀྱི་རྒྱུད་ཀྱི་ཤེས་བྱ་རང་རྒྱལ་གྱི་ལམ་གཉིས་སོ། །གཉིས་པ་ལ་རྗེས་ཐོབ་ཀྱི་རྣམ་པ་ལྔ། མཉམ་གཞག་གི་རྣམ་པ་དྲུག་སྟེ་སྐབས་བཞི་པར་འཆད་དོ། །གཉིས་པ་ཡུལ་ཅན་རང་རྒྱལ་གྱི་ལམ་ཤེས་ཀྱི་མཚན་ཉིད། གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་རང་རྒྱལ་ལམ་གྱི་དམིགས་རྣམ་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་འཕགས་པའི་མཁྱེན་པའོ། །གསུམ་པ་རང་རྒྱལ་གྱི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། རང་རྒྱལ་གྱི་ལམ་མངོན་སུམ་དུ་ཤེས་པའི་ཆེད་དུ་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ལ་འཇིག་རྟེན་པའི་སྒོམ་བྱུང་གཙོ་བོར་གྱུར་པའི་བྱང་སེམས་སོ་སྐྱེའི་མཁྱེན་པའོ། །དབྱེ་ན་བྱང་སེམས་ཀྱི་སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞིའོ། །བཞི་པ་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ནི། གདུལ་བྱ་བྱང་སེམས་ཀྱི་རིགས་ཅན་རྗེས་སུ་གཟུང་བ་དང་། རང་ཉིད་རྣམ་མཁྱེན་ཐོབ་པའི་ཆེད་དུ་བྱང་སེམས་ཀྱི་ལམ་གྱི་དམིགས་རྣམ་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་མཁྱེན་པ། དབྱེ་ན་ཐེག་ཆེན་གྱི་མཐོང་ལམ་དང་། སྒོམ་ལམ་གཉིས་ལས། དང་པོའི་མཚན་ཉིད། རང་བཞིན་རྣམ་དག་གི་ཆོས་དབྱིངས་དང་པོར་མངོན་སུམ་དུ་མཐོང་བའི་མཉམ་གཞག་གི་རྒྱུན་གྱི་ཁོངས་སུ་གཏོགས་པའི་མཁྱེན་པ་གང་ཞིག འདི་ཕྱིའི་ཕན་ཡོན་གཉིས་དང་ལྡན་པ། དབྱེ་ན་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ནས་ལམ་ལ་རྗེས་ཤེས་ཀྱི་བར་བཅུ་དྲུག འདིར་བསྟན་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཀྱི་མཚན་ཉིད། བྱང་སེམས་ཀྱི་མཐོང་ལམ་གང་ཞིག དེ་བཞིན་ཉིད་དང་སངས་རྒྱས་ཕན་ཚུན་རྣམ་གྲངས་ཀྱིས་གནས་པར་ཁས་མི་ལེན་པ་ལ་ངེས་ཤེས་གཙོ་བོར་འདྲེན་ནུས། དེས་གཞན་རྣམས་ལ་ཡང་འགྲེའོ། །གཉིས་པ་སྒོམ་ལམ་ལ། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་གཉིས། དང་པོའི་མཚན་ཉིད། ཐེག་ཆེན་སྒོམ་ལམ་གྱི་སྟོབས་ཀྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན། དབྱེ་ན་སྐྱེ་བུས་བྱེད་པའི་འབྲས་བུ་དང་། རྣམ་སྨིན་གྱི་དང་། བདག་པོའི་གསུམ། དང་པོ་ལ་ནང་གི་ཉེར་འཚེ་ཞི་བ་དང་ཕྱིའི་ཉེར་འཚེ་ཞི་བ་གཉིས། དང་པོ་ལ་གནས་སྐབས་ཀྱི་དང་མཐར་ཐུག་གི་འབྲས་བུ་གཉིས། དང་པོ་ལ་སེམས་ལ་རང་དབང་ཉིད་དུ་བྱེད་པ་དང་དགེ་བའི་བཤེས་གཉེན་སོགས་ལ་འདུད་པ་གཉིས། མཐར་ཐུག་གི་འབྲས་བུ་ནི་སྒོམ་སྤང་ཉོན་མོངས་སྤངས་པའོ། །ཕྱིའི་ཉེར་འཚེ་ཞི་བ་ནི་གཞན་གྱི་གནོད་པས་མི་བརྫི་བའོ། །རྣམ་སྨིན་གྱི་འབྲས་བུ་ནི་རྫོགས་པའི་བྱང་ཆུབ་སྒྲུབ་པའོ། །བདག་པོའི་འབྲས་བུ་ནི་རྟེན་གྱི་བྱང་སེམས་བཞུགས་པའི་ས་ཕྱོགས་ཀྱང་མཆོད་པར་བྱ་བ་ཉིད་དུ་བྱེད་པའོ། །གཉིས་པ་ཐེག་ཆེན་གྱི་སྒོམ་ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་རྫོགས་རྗེས་སུ་བྱུང་ཞིང་ཐེག་ཆེན་གྱི་མི་སློབ་ལམ་མ་སྐྱེས་གོང་གི་ཐེག་ཆེན་སྐྱེས་བུའི་རྒྱུད་ཀྱི་མངོན་པར་རྟོགས་པ། དེ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན་ས་དང་པོས་བསྡུས་པའི་ཐེག་ཆེན་གྱི་སྒོམ་ལམ་དང་། ས་དགུས་བསྡུས་པའི་ཐེག་ཆེན་གྱི་སྒོམ་ལམ་གཉིས། དང་པོ་ལ་མཐོང་ལམ་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་དང་། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པའི་གནས་སྐབས་ཀྱི་མཁྱེན་པ་དང་། མཐོང་ལམ་མཉམ་གཞག་གིས་དྲངས་པའི་ངེས་ཤེས་དང་། སངས་རྒྱས་བརྒྱ་ལས་ཆོས་མཉན་པའི་གནས་སྐབས་ཀྱི་ཐོས་བསམ་གྱིས་བསྡུས་པའི་མཁྱེན་པ་དང་། གདུལ་བྱ་བརྒྱ་ལ་ཆོས་འཆད་པའི་གནས་སྐབས་ཀྱི་ལྷག་བསམ་གྱི་མཁྱེན་པ་དང་། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་སྙོམས་འཇུག་ལ་སོགས་དཔག་ཏུ་མེད་པ་ཡོད་པས་ཐུགས་རྩོལ་ཆེ་བར་མཛོད་ཅིག གཉིས་པ་ནི་གཞུང་ནས་བཤད་པའི་སྒོམ་ལམ་རྣམས་ཡིན་ལ། དེ་ཉིད་ངོ་བོའི་སྒོ་ནས་དབྱེ་ན་རྗེས་ཐོབ་དང་མཉམ་གཞག་གཉིས། འདི་ལ་འཕགས་སེང་གཉིས་ཀྱིས་ཟག་བཅས་སྒོམ་ལམ་དང་། ཟག་མེད་སྒོམ་ལམ་གྱི་ཐ་སྙད་མཛད་པ་ལྟར་ན། དང་པོའི་མཚན་ཉིད། ཐེག་ཆེན་གྱི་སྒོམ་ལམ་གང་ཞིག གཟུང་འཛིན་ཐ་དད་དུ་སྣང་བའི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་དང་བཅས་པ། དབྱེ་ན་མོས་པ་བསྔོ་བ་རྗེས་སུ་ཡི་རང་སྒོམ་ལམ་གསུམ། དང་པོ་ལ་དངོས་དང་། མོས་པའི་ཕན་ཡོན་གཉིས་ལས། མོས་པ་སྒོམ་ལམ་གྱི་མཚན་ཉིད། ལུང་རིགས་ཀྱི་རྒྱུ་ལས་ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་མཐའ་གཅིག་ཏུ་ངེས་པར་འཛིན་པའི་དད་པ་མཚུངས་ལྡན་དང་བཅས་པ། དབྱེ་ན་རང་དོན། གཉིས་དོན། གཞན་དོན་མོས་པ་སྒོམ་ལམ་གསུམ། དང་པོའི་མཚན་ཉིད། མོས་པ་སྒོམ་ལམ་གང་ཞིག བསམ་པས་གཞན་དོན་སྒྲུབ་ཅིང་སྦྱོར་བས་རང་དོན་གཙོ་བོར་སྒྲུབ་པ། དབྱེ་ན་རང་དོན་མོས་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ། ས་མཚམས་མ་དག་ས་བདུན་ན་ཡོད། གཉིས་པའི་མཚན་ཉིད། གང་ཞིག བསམ་པས་གཞན་དོན་སྒྲུབ་ཅིང་སྦྱོར་བས་རང་གཞན་གྱི་དོན་ཆ་མཉམ་དུ་སྒྲུབ་པ། དབྱེ་ན་གཉིས་དོན་མོས་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ། ས་མཚམས་ས་བརྒྱད་པ་དང་དགུ་པ་ན་ཡོད། གསུམ་པའི་མཚན་ཉིད། གང་ཞིག བསམ་སྦྱོར་གཉིས་ཀས་གཞན་དོན་གཙོ་བོར་སྒྲུབ་པ། དབྱེ་ན་གཞན་དོན་མོས་པ་ཆུང་ངུའི་ཆུང་ངུ་སོགས་དགུ། ས་མཚམས་ས་བཅུ་པ་ན་ཡོད། མོས་པའི་ཕན་ཡོན་གྱི་མཚན་ཉིད། མོས་པ་སྒོམ་པའི་བྱང་སེམས་སྤྲོ་བ་བསྐྱེད་པའི་ཆེད་དུ་མོས་པའི་གནས་སྐབས་གསུམ་གྱི་རིམ་པ་དང་མཐུན་པར་ཡོན་ཏན་བརྗོད་པའི་དེ་བཞིན་གཤེགས་པའི་གསུང་། དབྱེ་ན་རང་དོན་མོས་པའི་གནས་སྐབས་དགུ་ལ་བསྟོད་པ་རྣམ་པ་དགུ། གཉིས་དོན་མོས་པའི་གནས་སྐབས་དགུ་ལ་བཀུར་བ་རྣམ་པ་དགུ། གཞན་དོན་མོས་པའི་གནས་སྐབས་དགུ་ལ་བསྔགས་པ་རྣམ་པ་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །བསྔོ་བ་སྒོམ་ལམ་གྱི་མཚན་ཉིད། ཟག་བཅས་སྒོམ་ལམ་གང་ཞིག དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་ཡོངས་སུ་སྒྱུར་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ། སྤྱིར་བསྔོ་བ་ཙམ་ལ་དབྱེ་ན། མངོན་མཐོའི་བསྔོ་བ་དང་། ངེས་ལེགས་ཀྱི་བསྔོ་བ་གཉིས། ཕྱི་མ་ལ་བྱང་ཆུབ་གསུམ་ཡོད་ཀྱང་འདིར་ནི་ཐ་མ་ཁོ་ནའོ། །ས་མཚམས་ཀྱི་སྒོ་ནས་དབྱེ་ན་ས་དང་པོས་བསྡུས་པའི་བསྔོ་བ་སྒོམ་ལམ་དང་། ས་དགུ་པོས་བསྡུས་པའི་བསྔོ་བ་སྒོམ་ལམ་གཉིས། དང་པོ་ནི་ས་དང་པོའི་རྗེས་ཐོབ་ན་ཡོད། ཕྱི་མ་ནི་ས་གཉིས་པའི་རྗེས་ཐོབ་ནས་བཅུ་པའི་རྗེས་ཐོབ་ཀྱི་བར་ན་ཡོད། ཁྱད་ཆོས་ཀྱི་སྒོ་ནས་དབྱེ་ན་བཅུ་གཉིས་ཡོད་པ་ལྔར་འདུས་ཏེ། སྤྱིའི་རང་བཞིན་དང་། མངོན་ཞེན་འགོག་པ་དང་། ཟུང་འཇུག་གི་རྣམ་པ་དང་། མི་མཐུན་ཕྱོགས་དང་བྲལ་བ་དང་། རྣམ་པའི་རབ་ཏུ་དབྱེ་བའོ། །དང་པོ་ནི། ཉན་རང་ལས་ཁྱད་པར་ཅན་གྱི་བསྔོ་བའོ། །གཉིས་པ་ལ་དངོས་པོར་མངོན་ཞེན་འགོག་པ་དང་། དངོས་མེད་དུ་མངོན་ཞེན་འགོག་པ་གཉིས་ལས། དང་པོ་ལ་བསྔོ་བྱའི་རྫས་དང་། བསྔོ་བྱེད་ཀྱི་སེམས་དང་། བསྔོ་བར་བྱེད་པ་པོ་དང་། བདག་དང་སངས་རྒྱས་ཀྱི་དགེ་རྩ་ཐམས་ཅད་དང་། ཕྱིན་དྲུག་ལ་བཟང་ངན་དུ་ཞེན་པ་འགོག་པ་ལྔ་ནི། རིམ་པ་ལྟར། མི་དམིགས་པའི་མིང་ཅན་དང་། ཕྱིན་ཅི་མ་ལོག་པའི་མིང་ཅན་དང་། དབེན་པའི་མིང་ཅན་དང་། སངས་རྒྱས་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་རང་བཞིན་དྲན་པའི་མིང་ཅན་དང་། ཐབས་ལ་མཁས་པ་དང་བཅས་པའི་མིང་ཅན་གྱི་བསྔོ་བ་རྣམས་སོ། །དངོས་མེད་དུ་ཞེན་པ་འགོག་པ་གཅིག་ནི་མཚན་མ་མེད་པའི་མིང་ཅན་གྱི་བསྔོ་བའོ། །ཟུང་འཇུག་གི་རྣམ་པ་ནི་སངས་རྒྱས་ཀྱིས་གནང་བའི་མིང་ཅན་གྱི་བསྔོ་བའོ། །མི་མཐུན་ཕྱོགས་དང་བྲལ་བ་ནི་ཁམས་གསུམ་པར་མ་གཏོགས་པའི་མིང་ཅན་གྱི་བསྔོ་བའོ། །རྣམ་པའི་རབ་དབྱེ་ལ་བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་མིང་ཅན་གྱི་བསྔོ་བ་གསུམ་མོ། །རྗེས་སུ་ཡི་རང་སྒོམ་ལམ་གྱི་མཚན་ཉིད། ཟག་བཅས་སྒོམ་ལམ་གང་ཞིག ཐབས་ཤེས་ཟུང་འཇུག་གི་སྒོ་ནས་རང་གཞན་གྱི་དགེ་བ་ལ་དགའ་བ་སྒོམ་པར་བྱེད་པའི་དད་པ་མཚུངས་ལྡན་དང་བཅས་པ། ས་མཚམས་ཀྱི་སྒོ་ནས་དབྱེ་ན་སྔར་བཞིན་ནོ། །ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་སྒོམ་ལམ་གང་ཞིག གཟུང་འཛིན་ཐ་དད་དུ་སྣང་བའི་ཡང་དག་པ་མིན་པའི་ཀུན་རྟོག་དང་བྲལ་བའི་སྒོ་ནས་ཆོས་ཉིད་མཐོང་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་མཁྱེན་པ། དབྱེ་ན་སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་གཉིས། དང་པོའི་ངོ་བོ། ཁྱད་པར། རྣམ་པ། བྱེད་པ་དང་བཞི་ལས། ངོ་བོ་ནི་གཟུགས་སོགས་ཀྱི་གནས་ཚུལ་མཐོང་ཟིན་སྒོམ་པར་བྱེད་པའོ། །ཁྱད་པར་ནི་སྦྱིན་སོགས་གཞན་ལས་མཆོག་ཏུ་གྱུར་པའོ། །རྣམ་པ་ནི་ཡུལ་ཀུན་ལ་མངོན་ཞེན་མེད་པའོ། །མཚན་ཉིད། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག་རང་གི་ངོས་སྐལ་གྱི་ཤེས་སྒྲིབ་ཀྱི་སྤོང་བ་གཉེན་པོར་གྱུར་པ། ས་མཚམས་ཀྱི་སྒོ་ནས་དབྱེ་ན། ས་གཉིས་པའི་ཟག་མེད་སྒོམ་ལམ་ནས་ས་བཅུ་པའི་ཟག་མེད་སྒོམ་ལམ་གྱི་བར་དགུ། དེ་རེ་རེ་ལའང་སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་གཉིས་གཉིས་སུ་འབྱེད་དགོས་སོ། །ཁྱད་ཆོས་ཀྱི་སྒོ་ནས་བྱེད་པ་ལ་གཉིས་ལས། གནས་སྐབས་ཀྱི་བྱེད་པ་ནི་རྣལ་འབྱོར་པའི་རྒྱུད་ལ་ཆོས་རྣམས་མི་དམིགས་པ་ཉིད་དུ་རྟོགས་པ་བསྐྱེད་པའོ། །མཐར་ཐུག་གི་བྱེད་པ་ནི་དོན་ཆེན་པོ་སངས་རྒྱས་ཉིད་དུ་བྱེད་པའོ། །གཉིས་པ་རྣམ་དག་སྒོམ་ལམ་ལ་རྒྱུ་དང་རྒྱུ་མ་ཡིན་པའི་རབ་དབྱེ་དང་། འབྲས་བུ་རྣམ་དག་སྒོམ་ལམ་དངོས་གཉིས་ལས། དང་པོ་རྣམ་དག་སྒོམ་ལམ་གྱི་རྒྱུའི་མཚན་ཉིད། རྣམ་དག་སྒོམ་ལམ་སྐྱེད་པར་བྱེད་པའི་མཐུན་རྐྱེན། དབྱེ་ན་མཉེས་པར་བྱེད་པ་དང་། སྦྱིན་སོགས་རྫོགས་པར་བྱེད་པ་དང་། ཞི་གནས་ཀྱི་ཐབས་ལ་མཁས་པ་གསུམ་མོ། །གཉིས་པ་རྣམ་དག་སྒོམ་ལམ་གྱིས་འཕངས་པའི་རྒྱུ་མ་ཡིན་པའི་མཚན་ཉིད། རྣམ་དག་སྒོམ་ལམ་སྐྱེ་བ་ལ་བར་དུ་གཅོད་པར་བྱེད་པའི་འགལ་རྐྱེན། དབྱེ་ན་བདུད་ཀྱིས་གནོད་པ་བྱས་པ་དང་། མི་དགེ་བའི་གྲོགས་པོ་དང་འགྲོགས་པ་དང་། ཆོས་ཟབ་མོ་ལ་མ་མོས་པ་དང་། དངོས་པོར་མངོན་པར་ཞེན་པ་དང་བཞིའོ། །གཉིས་པ་འབྲས་བུ་རྣམ་དག་དངོས་ལ། རྣམ་དག་སྒོམ་ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་ཤེས་སྒྲིབ་ལས་གྲོལ་བའི་རྣམ་དག དེ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན་ས་གཉིས་པའི་རྣམ་གྲོལ་ལམ་ནས། ས་བཅུ་པའི་རྣམ་གྲོལ་ལམ་གྱི་བར་དུ་དགུ་ཡོད་དོ། །འདི་ཉིད་ངེས་པར་བྱ་བ་འཕགས་བཞིའི་རྣམ་དག་སྤྱིར་བསྟན་པ་དང་། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་སྒྲུབ་པ། སྒྲུབ་བྱེད་ལ་ཀླན་ཀ་སྤང་བ་དང་གསུམ་ལས། དང་པོ་ལ་ཉན་ཐོས་ཀྱི་རྣམ་དག་གི་མཚན་ཉིད། རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་ཉོན་སྒྲིབ་ལས་གྲོལ་བའི་ཉན་ཐོས་ཀྱི་རྒྱུད་ཀྱི་ཟག་མེད་ཀྱི་རྣམ་གྲོལ་ལམ། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་འདུས་བྱས་རྣམ་གྲོལ་ལམ་དང་། འདུས་མ་བྱས་སོ་སོར་བཏགས་འགོག་གཉིས། ས་མཚམས་ཀྱི་སྒོ་ནས་དབྱེ་ན་རྒྱུན་ཞུགས། ཕྱིར་འོང་གི ཕྱིར་མི་འོང་གི དགྲ་བཅོམ་གྱི་འབྲས་བུ་དང་བཞི། སྤང་བྱའི་སྒོ་ནས་དབྱེ་ན་མཐོང་སྤང་ཉོན་མོངས་སྤངས་པའི་རྣམ་དག་དང་། སྒོམ་སྤང་ཉོན་མོངས་སྤངས་པའི་རྣམ་དག་གཉིས། ཕྱི་མ་ལ་དབྱེ་ན་གྱ་གཅིག་གོ །རང་རྒྱལ་གྱི་རྣམ་དག་གི་མཚན་ཉིད། རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་ཉོན་སྒྲིབ་དང་ཤེས་སྒྲིབ་གཟུང་རྟོག་ལས་གྲོལ་བའི་ཐེག་འབྲིང་གི་རྒྱུད་ཀྱི་ཟག་མེད་ཀྱི་རྣམ་གྲོལ་ལམ། དབྱེ་བ་རྣམས་ནི་སྔ་མ་ཇི་ལྟ་བ་བཞིན་དུ་འབྱུང་སྟེ། ཊཱི་ཀ་ལས། མདོ་ལས་ཀྱང་རྒྱུན་ཞུགས་ཀྱི་འགྲེས་ཉན་ཐོས་ཁོ་ན་ལ་སྦྱར་གྱི། རང་རྒྱལ་ལ་རྒྱུན་ཞུགས་སོགས་མ་གསུངས་པས་མི་གཟུང་ངོ་། །ཞེས་གསུངས་པ་ནི། རང་རྒྱལ་ཡིན་པར་གྱུར་པའི་རྒྱུན་ཞུགས་དང་། ཕྱིར་འོང་དང་། ཕྱིར་མི་འོང་མེད་ཅེས་པའི་དོན་ཡིན་ཏེ། རང་རྒྱལ་གྱི་ལམ་ལ་གནས་པའི་རྒྱུན་ཞུགས་དང་། ཕྱིར་འོང་དང་། ཕྱིར་མི་འོང་གསུམ་པོ་ཉན་ཐོས་ཡིན་པའི་ཕྱིར་དང་། རང་ས་ལས་རང་སངས་རྒྱས་ཀྱི་ལམ་བསྒྲོད་ཚུལ་གསུམ་པའི་སྐབས་སུ་འདི་ན་ལ་ལ་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱས་ནས་ཚེ་འདིར་རྒྱུན་ཞུགས་སམ། ཕྱིར་འོང་གི་འབྲས་བུ་ཐོབ་ནས་ཚེ་འདི་ཉིད་ལ་དགྲ་བཅོམ་གྱི་འབྲས་བུ་ཐོབ་པར་མ་ནུས་པས་ཕྱི་མ་ལ་ཕྱིར་མི་འོང་དང་། དགྲ་བཅོམ་གྱི་འབྲས་བུ་ཐོབ་པའི་ཕྱིར་དུ་ཕུང་པོ་སོགས་དྲུག་ལ་མཁས་པར་བྱེད་པར་གསུངས་ཤིང་། དེ་ཉིད་ཊཱི་ཀ་ལས་ཇི་ལྟ་བ་བཞིན་དུ་རྣམ་གཞག་མཛད་པའི་ཕྱིར་རོ། །དེས་ན་རྒྱུན་ཞུགས་ཡིན་ན་ཉན་ཐོས་ཡིན་དགོས་ཀྱང་། རྒྱུན་ཞུགས་ཀྱི་འབྲས་བུ་ཡིན་ན་ཉན་ཐོས་ཀྱི་རྣམ་དག་ཡིན་པས་མ་ཁྱབ་པར་རང་རྒྱལ་གྱི་རིགས་ཅན་གྱི་སློབ་པ་ཐམས་ཅད་ཉན་ཐོས་སུ་ཁས་ལེན་བྱས་པའི་ལུགས་འདི་ལ་འཐད་པ་ཡིན་ནོ། །བྱང་སེམས་ཀྱི་རྣམ་དག་གི་མཚན་ཉིད། རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱིས་ཐེག་པ་གསུམ་གྱི་སྤང་བྱའི་རིགས་ལས་གྲོལ་བས་བྱང་སེམས་ཀྱི་རྒྱུད་ཀྱི་རྣམ་གྲོལ་ལམ། འདི་ལ་ཡང་ངོ་བོའི་སྒོ་ནས་དབྱེ་ན་ནི་སྔར་བཞིན་ཡིན་ལ། སྤང་བྱའི་སྒོ་ནས་དབྱེ་ན་མཐོང་སྤང་སྤངས་པའི་དང་། སྒོམ་སྤང་གི་ཆ་ཤས་སྤངས་པའི་རྣམ་དག་གཉིས། ཕྱི་མ་ལ་ས་གཉིས་པའི་དྲི་མ་སྤངས་པའི་ན་ས་དགུ་པའི་དྲི་མ་སྤངས་པའི་རྣམ་དག་གི་བར་ཏེ་བརྒྱད་ཡོད་ཅིང་། ས་བཅུ་པ་ལ་རྣམ་གྲོལ་ལམ་ཡོད་པ་ལྟར་ན་དགུ་ཡོད་དོ། །སངས་རྒྱས་ཀྱི་རྣམ་དག་གི་མཚན་ཉིད། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་རབ་ཏུ་ཕྱེ་བའི་ཟག་མེད་རྣམ་བྱང་གི་བདེན་པ། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་འདུས་བྱས་རྣམ་གྲོལ་ལམ་དང་འདུས་མ་བྱས་སོ་སོར་བཏགས་འགོག་གོ །དང་པོ་ལ་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཏུ་དབྱེར་རུང་ངོ་། །གཉིས་པ་ཤིན་ཏུ་བར་སྒྲུབ་པ་ནི། དེའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དགུ་པོ་དེ་ཁམས་གསུམ་ས་དགུའི་སྒོམ་སྤང་ཤེས་སྒྲིབ་མཐའ་དག་གི་གཉེན་པོ་ཡིན་པའི་ཕྱིར་ཏེ། འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཤེས་སྒྲིབ་རྣམས་ཆེ་འབྲིང་ཆུང་གསུམ་དུ་བསྡུས་ནས་ས་གཉིས་པ་གསུམ་པ་བཞི་པ་གསུམ་གྱིས་རིམ་བཞིན་དུ་སྤང་ངོ་། །གཟུགས་ཀྱི་དེ་རྣམས་དེར་བསྡུས་ནས་ས་ལྔ་པ་དྲུག་པ་བདུན་པ་གསུམ་གྱིས་རིམ་བཞིན་དུ་སྤོང་། གཟུགས་མེད་ཀྱི་དེ་རྣམས་དེར་བསྡུས་ནས་ས་བརྒྱད་པ་དགུ་པ་བཅུ་པ་གསུམ་གྱིས་རིམ་པ་བཞིན་དུ་སྤོང་བའི་ཕྱིར་རོ། །གསུམ་པ་ཀླན་ཀ་སྤང་བ་ནི་གཉེན་པོ་ཆུང་རིམ་ནས་སྐྱེ་ཞིང་སྤང་བྱ་ཆེ་རིམ་ནས་འགག་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། གོས་ལ་ཆགས་པའི་དྲི་མ་རགས་པ་འབད་པ་ཆུང་ངུས་ནི་སེལ་ཞིང་ཕྲ་མོ་སེལ་བ་ལ་འབད་པ་ཆེན་པོ་དགོས་པའི་དཔེས་འཐད་པ་གྲུབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་མཚོན་བྱེད་ཀྱི་ཆོས་རྣམས་ཀྱི་ཡན་ལག་རྒྱས་པར་བཤད་པ་སྦས་དོན་རབ་གསལ་ཞེས་བྱ་བ་ལས་སྐབས་གཉིས་པའོ།།  །།གསུམ་པ་གཞི་ཤེས་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། གཞི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་འཕགས་རྒྱུད་ཀྱི་མཁྱེན་པ། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། གཉེན་པོ་གཞི་ཤེས་དང་གཉིས། གང་ཟག་གི་སྒོ་ནས་དབྱེ་ན་ཉན་ཐོས་ཀྱི། རང་རྒྱལ་གྱི། བྱང་སེམས་ཀྱི། སངས་རྒྱས་ཀྱི་གཞི་ཤེས་དང་བཞི་ལས། དང་པོ་གཉིས་ནི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། གསུམ་པ་ནི་གཉེན་པོ་གཞི་ཤེས་ཡིན་ལ། བཞི་པ་ནི་དེ་གཉིས་གང་ཡང་མ་ཡིན་ནོ། །ལམ་གྱི་སྒོ་ནས་དབྱེ་ན་མཐོང་ལམསྒོམ་ལམ་མི་སློབ་པའི་ལམ་གསུམ་མོ། །མཚོན་བྱེད་ཀྱི་ཆོས་ཀྱི་སྒོ་ནས་དབྱེ་ན་ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས། སྙིང་རྗེས་ཞི་ལ་མི་གནས་པའི། འབྲས་བུ་ལ་ཉེ་བའི། དེ་ལ་རིང་བའི། མི་མཐུན་ཕྱོགས་ཀྱི། གཉེན་པོ་གཞི་ཤེས། གཞི་ཤེས་ཀྱི་སྦྱོར་བ། སྦྱོར་བའི་མཉམ་ཉིད། ཞུགས་འབྲས་མཐོང་ལམ་དང་དགུ་ལས། དང་པོའི་མཚན་ཉིད། དུས་གསུམ་རང་བཞིན་མེད་པར་མཉམ་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྲིད་མཐའ་གནོན་ནུས་ཀྱི་བྱང་སེམས་ཀྱི་མཁྱེན་པ། གཉིས་པའི་མཚན་ཉིད། དམིགས་པ་མེད་པའི་སྙིང་རྗེས་ཞི་མཐའ་གནོན་ནུས་ཀྱི་བྱང་འཕགས་ཀྱི་མཁྱེན་པ། འདི་གཉིས་ཡན་ལག་རྒྱས་བཤད་དུ་ཕྱོགས་གཅིག་ཏུ་གཞི་ཤེས་ཀྱི་ངོ་བོར་བསྟན་པས་དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། ཐབས་ཤེས་ཁྱད་པར་ཅན་གྱིས་སྲིད་ཞིའི་མཐའ་གནོན་ནུས་པའི་བྱང་འཕགས་ཀྱི་མཁྱེན་པ། ཤུགས་བསྟན་ཐེག་དམན་གྱི་མཚན་ཉིད། ཐབས་ཤེས་ཁྱད་པར་ཅན་དང་བྲལ་བའི་སྲིད་ཞིས་མཐའ་གནོན་ནུས་མིན་པའི་ཐེག་དམན་འཕགས་པའི་མངོན་རྟོགས། གསུམ་པའི་མཚན་ཉིད། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མཁས་པའི་བྱང་འཕགས་ཀྱི་མཁྱེན་པ། བཞི་པའི་མཚན་ཉིད། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མི་མཁས་པའི་ཐེག་དམན་འཕགས་པའི་མངོན་རྟོགས། ལྔ་པའི་མཚན་ཉིད། གཞི་ལམ་འབྲས་གསུམ་གང་རུང་ལ་མཚན་མར་འཛིན་པའི་མཚན་འཛིན་གྱིས་བཅིངས་པའི་ཐེག་དམན་འཕགས་པའི་མངོན་རྟོགས། དྲུག་པའི་མཚན་ཉིད། གཞི་ལམ་འབྲས་གསུམ་གང་རུང་ལ་མཚན་མར་འཛིན་པའི་མཚན་འཛིན་གྱིས་མ་བཅིངས་པའི་བྱང་འཕགས་ཀྱི་མཁྱེན་པ། ཞར་ལ་གཞི་ལ་མཚན་འཛིན་གྱི་མཚན་ཉིད། གཞི་ལ་དམིགས་ཡུལ་དུ་མངོན་པར་ཞེན་པའི་བློ། དབྱེ་ན་གཞིའི་ཆོས་ཉིད་ལ་མཚན་མར་འཛིན་པ་དང་། གཞིའི་ཆོས་ཅན་ལ་མཚན་མར་འཛིན་པ་གཉིས་སོ། །ལམ་ལ་མཚན་འཛིན་གྱི་མཚན་ཉིད། ལམ་ཉམས་ལེན་དུ་མངོན་པར་ཞེན་པའི་བློ། དབྱེ་ན་སྦྱིན་སོགས་ལ་དང་། བྱང་ཆུབ་ཕྱོགས་མཐུན་ལ་ཉམས་ལེན་དུ་མངོན་པ་ཞེན་པའི་བློ་གཉིས་སོ། །འབྲས་བུ་ལ་མཚན་འཛིན་གྱི་མཚན་ཉིད། འབྲས་བུ་ཐོབ་བྱར་མངོན་པར་ཞེན་པའི་བློ། འདི་མི་མཐུན་ཕྱོགས་སུ་སྒྲུབ་པ་ལ་ཡུལ་ཟབ་པར་བསྟན་པ་དང་། དེ་སྒྲུབ་པ་ལ་རྟོགས་དཀའ་བར་བཤད་པ་དང་། དེ་སྒྲུབ་པ་ལ་བསམ་གྱིས་མི་ཁྱབ་པར་བཤད་པ་གསུམ་མོ། །དེ་དག་གི་གཉེན་པོ་གསུམ་ལས། གཞི་ལ་མཚན་འཛིན་གྱི་གཉེན་པོའི་མཚན་ཉིད། གཞི་ལ་མཚན་འཛིན་མངོན་གྱུར་འགོག་པའམ་ས་བོན་སྤོང་ནུས་པའི་བྱང་སེམས་ཀྱི་མཁྱེན་པ། དེ་ལ་མངོན་གྱུར་འགོག་པ་ནི་བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་དང་། མ་དག་ས་བདུན་གྱི་རྗེས་ཐོབ་ན་ཡོད་ཅིང་། ས་བོན་སྤོང་བ་ནི་ས་བཅུ་ཀའི་མཉམ་གཞག་ན་ཡོད་ལ། དེས་གཞན་གཉིས་ལ་ཡང་འགྲེའོ། །བདུན་པའི་མཚན་ཉིད། གཞི་བདག་མེད་པར་རྟོགས་པའི་སློབ་རྒྱུད་ཀྱི་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན་དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་སྦྱོར་བ་དང་། ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་སྦྱོར་བ་གཉིས། དང་པོའི་མཚན་ཉིད། གཞི་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་གཞི་ལ་ཞེན་སྤྱོད་མངོན་གྱུར་བཀག་ནས་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན་རང་བཞིན་གྱི་སྦྱོར་བ་བཞི་དང་། གནས་སྐབས་ཀྱི་སྦྱོར་བ་དྲུག་གོ །དང་པོ་ནི་གཞིའི་ངོ་བོ་དང་། གཞིའི་ཁྱད་པར་དང་། གཟུགས་སོགས་རྫོགས་མ་རྫོགས་དང་། སྤང་གཉེན་གྱི་དབྱེ་བ་ལ་སྤྱོད་པ་བཀག་པའི་སྦྱོར་བ་བཞིའོ། །གཉིས་པ་ནི་མི་འགྱུར་བ་དང་། བྱེད་པ་པོ་མེད་པ་དང་། བྱ་དཀའ་རྣམ་གསུམ་དང་། འབྲས་བུ་མི་སྟོང་པ་དང་། སྲུང་བྱེད་གཞན་ལ་རག་མ་ལས་པ་དང་། སྣང་བ་རྣམ་བདུན་ལ་སྤྱོད་པ་བཀག་པའི་སྦྱོར་བའོ། །ས་མཚམས་ལ་མངོན་ཞེན་རགས་པའི་གཉེན་པོ་ས་བདུན་པ་མན་ཆད་དུ་ཡོད་ཅིང་། སྦྱོར་བ་ཙམ་ནི་ས་བཅུ་པའི་བར་དུ་ཡོད། གཉིས་པའི་མཚན་ཉིད། གཞིའི་གནས་ལུགས་ལ་ཞེན་སྤྱོད་དགག་མི་ནུས་པར་གཞི་བདག་མེད་པར་སྒོམ་པའི་ཐེག་དམན་སློབ་ལམ་པའི་མཁྱེན་པའོ། །བརྒྱད་པའི་མཚན་ཉིད། གཞི་ཤེས་སྦྱོར་བའི་ཡུལ་ཡུལ་ཅན་ལ་རློམ་པ་མི་དམིགས་པར་མཉམ་པ་ཉིད་དུ་རྟོགས་ནས་སྒོམ་པའི་བྱང་སེམས་ཀྱི་རྣལ་འབྱོར་རོ། །དགུ་པ་ལ་དངོས་བསྟན་གྱི་བྱང་སེམས་ཀྱི་དང་ཤུགས་བསྟན་ཐེག་དམན་གྱི་མཐོང་ལམ་གཉིས། དང་པོའི་མཚན་ཉིད། གཞི་ཤེས་ཀྱི་སྦྱོར་བ་བསྒོམས་པས་གཞིའི་གནས་ལུགས་དང་པོར་མངོན་སུམ་དུ་མཐོང་བའི་མཉམ་གཞག་གི་རྒྱུན་གྱིས་བསྡུས་པ་གང་ཞིག གཞིའི་གནས་ལུགས་ལ་མཐའ་གཉིས་ཀྱི་སྤྲོས་པ་དང་བྲལ་བའི་ངེས་ཤེས་གཙོ་བོར་འདྲེན་ནུས་པ། དབྱེ་ན་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ནས་ལམ་ལ་རྗེས་ཤེས་ཀྱི་བར་བཅུ་དྲུག དང་པོའི་མཚན་ཉིད། བྱང་སེམས་ཀྱི་མཐོང་ལམ་མཉམ་གཞག་གང་ཞིག སྡུག་བསྔལ་བདེན་པ་རྟག་མི་རྟག་གི་སྤྲོས་བྲལ་ལ་གཙོ་བོར་ངེས་པ་འདྲེན་ནུས། དེས་གཞན་རྣམས་ལ་ཡང་འགྲེའོ། །ཤུགས་བསྟན་ཐེག་དམན་གྱི་མཐོང་ལམ་གྱི་མཚན་ཉིད། གཞི་གང་ཟག་གི་བདག་མེད་པར་གསར་དུ་མངོན་སུམ་དུ་མཐོང་བའི་མཉམ་གཞག་གི་རྒྱུན་གྱིས་བསྡུས་པ་གང་ཞིག སྤྲོས་བྲལ་ལ་ངེས་པ་འདྲེན་མི་ནུས་པའོ། །ཞར་ལ་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ནི་སྐབས་གཉིས་པར་མཐོང་ལམ་གྱི་རྗེས་སུ་སྒོམ་ལམ་བཤད་པ་ལྟར། འདིར་ཡང་ཅིའི་ཕྱིར་མ་བཤད་ཅེ་ན། འདིར་བསྟན་པའི་མཐོང་ལམ་ནི་ཐེག་དམན་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་ཐེག་ཆེན་གྱི་མཐོང་ལམ་ཡིན་ལ་དེའི་རྗེས་སུ་སྒོམ་ལམ་འཆད་ན་ཐེག་དམན་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་འཆད་དགོས་པ་ལས་དེ་མེད་པའི་ཕྱིར་རོ། །མཁྱེན་གསུམ་གྱི་མཇུག་བསྡུ་བ་ནི་རབ་འབྱོར་ཡུམ་འདི་ནི་ཆོས་གང་སྟོན་པའོ་ཞེས་སོགས་དོན་བསྡུ་བའི་མདོ་ཚིགས་གསུམ་ཡོད་པའི་དོན་འདིར། དེ་ལྟར་འདི་དང་ཡང་འདི་དང་། །ཡང་འདི་ཡིན་ཏེ་རྣམ་གསུམ་མོ། །ཞེས་གསུངས་པ་འདི་གསུམ་གྱི་གོ་རིམ་ལ་སློབ་དཔོན་གྱིས་རྒྱས་བཤད་དང་མཐུན་པར་བཤད་དགོངས་ནས། རྣམ་མཁྱེན་དང་པོར་མཛད་ཀྱང་། མདོ་དང་ཉི་སྣང་གི་དགོངས་པ་ནི་གཞི་ཤེས་དང་པོར་བྱེད་པ་ཉིད་ཡིན་ཞིང་། ཆོས་ཀྱི་རྗེའི་དཀའ་འགྲེལ་ལས་ཀྱང་དེ་ལྟར་དུ་མཛད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་མཚོན་བྱེད་ཀྱི་ཆོས་རྣམས་ཀྱི་ཡན་ལག་རྒྱས་པར་བཤད་པ་སྦས་དོན་རབ་གསལ་ཞེས་བྱ་བ་ལས་སྐབས་གསུམ་པའོ།།  །།བཞི་པ་རྣམ་རྫོགས་སྦྱོར་བ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྣམ་པར་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་ས་བཅུ་རྒྱུན་མཐའི་བར་ན་ཡོད། གཉིས་པ་ལ། བསྒོམ་བྱའི་སྒོ་ནས་དབྱེ་ན་ཐེག་ཆེན་གཞི་ཤེས་ཀྱི་སྦྱོར་བ། ལམ་ཤེས་ཀྱི་སྦྱོར་བ། རྣམ་མཁྱེན་གྱི་སྦྱོར་བ་དང་གསུམ། ཡུལ་ལ་སྤྲོས་པ་གཅོད་ཚུལ་དང་ཡོན་ཏན་གྱི་སྒོ་ནས་དབྱེ་ན་མི་གནས་པའི་སྦྱོར་བ་སོགས་ཉི་ཤུ། རྟོགས་པ་བསྐྱེད་ཚུལ་གྱི་སྒོ་ནས་དབྱེ་ན་རྣམ་རྫོགས་སྦྱོར་བ། རྩེ་མོའི་སྦྱོར་བ། མཐར་གྱིས་པའི་སྦྱོར་བ། སྐད་ཅིག་མའི་སྦྱོར་བ་དང་བཞི། མཚོན་བྱེད་ཆོས་ཀྱི་སྒོ་ནས་དབྱེ་ན་བསྒོམ་བྱའི་རྣམ་པ། ཞར་བྱུང་སྒོམ་པ་པོའི་གང་ཟག ཡུལ་ཅན་སྦྱོར་བ། སྦྱོར་བའི་ཡོན་ཏན། སྦྱོར་བའི་སྐྱོན། སྦྱོར་བའི་མཚན་ཉིད། ཐར་པ་ཆ་མཐུན། ངེས་འབྱེད་ཆ་མཐུན། རྟེན་ཕྱིར་མི་ལྡོག་པའི་གང་ཟག སྲིད་ཞི་མཉམ་ཉིད། ཞིང་དག་སྦྱོར། ཐབས་ལ་མཁས་པའི་སྦྱོར་བ་དང་བཅུ་གཅིག་ལས། དང་པོའི་མཚན་ཉིད། གཞིའི་གནས་ལུགས་རྟོགས་པའི་འཛིན་སྟངས་ཀྱི་ཁྱད་པར། འདི་ནི་གཞི་ལམ་འབྲས་གསུམ་གྱི་གཞི་མིན་གྱི། འཕགས་པའི་བདེན་པ་བཞིའོ། །དབྱེ་ན་གཞི་ཤེས་ཀྱི། ལམ་ཤེས་ཀྱི། རྣམ་མཁྱེན་གྱི་ཤེས་པའི་རྣམ་པ་གསུམ། དང་པོའི་མཚན་ཉིད། གཞི་འཕགས་པའི་བདེན་བཞིའི་སྟེང་གི་གང་ཟག་གི་བདག་མེད་དང་། གཟུང་བ་ཆོས་ཀྱི་བདག་མེད་གང་རུང་རྟོགས་པའི་རྟོགས་རིགས་སུ་གྱུར་པ། དབྱེ་ན་བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས། ལམ་བདེན་གྱི་རྣམ་པ་བཅོ་ལྔ་སྟེ་ཉེར་བདུན་ནོ། །དང་པོ་ལ་སྡུག་བསྔལ་བདེན་པ་རྟག་པར་མེད་པ་དང་། དོན་དམ་པར་སྡུག་བསྔལ་མི་སྐྱེ་བ་དང་། དོན་གཞན་གྱི་བདག་གིས་དབེན་པ་དང་། བདག་ཏུ་ལྟ་བས་མི་བརྫི་བར་རྟོགས་པའི་རྣམ་པ་སྟེ་སྡུག་བསྔལ་བདེན་པའི་རྣམ་པ་བཞི། དོན་དམ་པར་སྡུག་བསྔལ་སྐྱེད་པའི་གནས་མེད་པ་དང་། ནམ་མཁའ་ལྟར་སྐྱེ་འགག་མེད་པ་དང་། བརྗོད་རྒྱུའི་རྟོག་དཔྱོད་མེད་པ་དང་། མིང་གཞི་ཕུང་པོ་མེད་པར་རྟོགས་པ་སྟེ་ཀུན་འབྱུང་བདེན་པའི་རྣམ་པ་བཞི། འགྲོ་འོང་སོགས་ཀྱིས་ཐོབ་པར་བྱར་མེད་པ་དང་། སྔོན་པོ་སོགས་ཀྱི་རྣམ་པའི་སྒོ་ནས་མི་འཕྲོག་པ་དང་། དོན་དམ་པར་དྲི་མ་མི་ཟད་པ་དང་། དོན་དམ་པར་སྐྱེ་བ་མེད་པར་རྟོགས་པ་སྟེ་འགོག་བདེན་གྱི་རྣམ་པ་བཞིའོ། །གཉིས་པ་ལ་ལམ་དང་པོའི། ལམ་གཉིས་པའི། ལམ་གསུམ་པའི་རྣམ་པ་དང་གསུམ། དང་པོ་ལ་བྱེད་པ་པོའི་བདག་མེད་པ་དང་། ཤེས་པ་པོའི་བདག་མེད་པ་དང་། དོན་དམ་པར་འཕོ་བ་མེད་པ་དང་། དོན་དམ་པར་འབྲི་བ་མེད་པར་རྟོགས་པའི་རྣམ་པ་སྟེ་བཞིའོ། །གཉིས་པ་ལ་གཟུང་བ་ཕྱི་རོལ་གྱི་དོན་རྨི་ལམ་ལྟར་ངོ་བོ་ཉིད་མེད་པ་དང་། སྒྲ་བརྙན་ལྟར་མ་སྐྱེས་པ་དང་། མིག་ཡོར་ལྟར་མ་འགགས་པ་དང་། སྨིག་རྒྱུའི་ཆུ་ལྟར་གཟོད་མ་ནས་ཞི་བ་དང་། སྒྱུ་མའི་མཚན་ཉིད་ཅན་ཏེ་རང་བཞིན་གྱིས་མྱ་ངན་ལས་འདས་པར་རྟོགས་པ་སྟེ་ལྔའོ། །གསུམ་པ་ལ་ཀུན་ནས་ཉོན་མོངས་ཀྱི་དང་། རྣམ་བྱང་གི་གཟུང་བ་རང་བཞིན་མེད་པར་རྟོགས་པ་དང་། ཀུན་ནས་ཉོན་མོངས་ཀྱིས་གོས་པ་མེད་པར་རྟོགས་པ་དང་། དབྱེ་བའི་སྤྲོས་པ་མེད་པར་རྟོགས་པ་དང་། རང་གི་རྟོགས་པ་ལ་བརླམ་བྱའི་གཟུང་བ་མེད་པར་རྟོགས་པ་དང་། རྟོགས་པ་ཐོབ་ཟིན་མི་གཡོ་བར་རྟོགས་པ་རྣམས་ཏེ་དྲུག་གོ །འདི་དག་ལ་ཉན་ཐོས་ཀྱི་རྒྱུད་ཀྱི་བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས་དང་། ལམ་བདེན་གྱི་ལམ་དང་པོའི་རྣམ་པ་བཞི་སྟེ་བཅུ་དྲུག་དང་། རང་རྒྱལ་གྱི་སྒོམ་ལམ་རྗེས་ཐོབ་ཀྱི་ལམ་གཉིས་པའི་རྣམ་པ་ལྔ་དང་། མཉམ་གཞག་གི་ལམ་གསུམ་པའི་རྣམ་པ་དྲུག་པོ་རྣམས་ནི་གང་གི་རྟོགས་རིགས་སུ་འཇོག་པའི་ཡུལ་གྱི་རྟོགས་པ་དངོས་ཡིན་ལ། བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་ཉེར་བདུན་ནི་དེ་དག་གི་རྟོགས་རིགས་ཡིན་ཞིང་། འདིར་བསྟན་བྱའི་གཙོ་བོ་ནི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་སྟེ། རྣམ་རྫོགས་སྦྱོར་བའི་བསྒོམ་བྱར་གྱུར་པའི་རྣམ་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལམ་ཤེས་ཀྱི་མཚན་ཉིད། གཞི་བདེན་བཞིའི་སྟེང་གི་ལམ་གྱི་གནས་ལུགས་མངོན་སུམ་དུ་རྟོགས་པའི་འཛིན་སྟངས་ཀྱི་ཁྱད་པར། དབྱེ་ན་ཀུན་འབྱུང་བདེན་པའི་རྣམ་པ་བརྒྱད། ལམ་བདེན་གྱི་རྣམ་པ་བདུན། སྡུག་བསྔལ་བདེན་པའི་རྣམ་པ་ལྔ། འགོག་བདེན་གྱི་རྣམ་པ་བཅུ་དྲུག་སྟེ་སོ་དྲུག་གོ །དང་པོ་ལ་ལམ་ཤེས་ཀྱི་འདོད་ཆགས་དང་བྲལ་བར་རྟོགས་པའི་རྣམ་པ་དང་། དེ་བཞིན་དུ་ལམ་ཤེས་ཀྱི་མི་གནས་པ་དང་། ཞི་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་དང་། སེམས་ཅན་མེད་པར་རྟོགས་པའི་རྣམ་པ་བརྒྱད་དེ། དང་པོ་གསུམ་རྒྱུའི་རྣམ་པ། དེ་ནས་གསུམ་ཀུན་འབྱུང་གི་རྣམ་པ། དེ་ནས་གཅིག་རབ་སྐྱེའི་རྣམ་པ། དེ་ནས་གཅིག་རྐྱེན་གྱི་རྣམ་པའོ། །གཉིས་པ་ནི་ཚད་མེད་པ་དང་། མཐའ་གཉིས་དང་མ་འབྲེལ་བ་སྟེ་ལམ་གྱི་རྣམ་པ་གཉིས་དང་། ཐ་མི་དད་པ་དང་། མཆོག་ཏུ་འཛིན་པ་མེད་པ་སྟེ་རིགས་པའི་རྣམ་པ་གཉིས་དང་། རྣམ་པར་མི་རྟོག་པ་དང་། གཞལ་དུ་མེད་པ་སྟེ་སྒྲུབ་པའི་རྣམ་པ་གཉིས་དང་། ཆད་པ་མེད་པ་སྟེ་ངེས་འབྱིན་གྱི་རྣམ་པ་གཅིག་རྣམས་སོ། །གསུམ་པ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་སྟེ་རང་མཚན་གྱི་རྣམ་པ་བཞི་དང་། དེ་ཐམས་ཅད་རང་བཞིན་མེད་པ་སྤྱི་མཚན་གྱི་རྣམ་པ་གཅིག་རྣམས་སོ། །བཞི་པ་ལ་ནང་དང་། ཕྱི་དང་། གཉིས་ཀའི་སྟོང་ཉིད་ཀྱི་རྣམ་པ་སྟེ་འགོག་པའི་རྣམ་པ་གསུམ་དང་། སྟོང་པ་དང་། ཆེན་པོ་དང་། དོན་དམ་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། མཐའ་ལས་འདས་པ་དང་། ཐོག་མཐའ་མེད་པ་དང་། དོར་བ་མེད་པ་སྟོང་པ་ཉིད་དེ་ཞི་བའི་རྣམ་པ་བརྒྱད་དང་། རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་གྱ་ནོམ་གྱི་རྣམ་པ་གཅིག་དང་། ཆོས་ཐམས་ཅད་དང་། རང་གི་མཚན་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་ངེས་འབྱུང་གི་རྣམ་པ་བཞིའོ། །འདིར་རྣམ་པ་ཞེས་པ་རྣམས་ནི་དེ་དང་དེ་རྟོགས་པའི་འཛིན་སྟངས་ཀྱི་ཁྱད་པར་ལ་འཇོག་པ་ནི་སྐབས་ཀྱི་དོན་ནོ། །གསུམ་པ་རྣམ་མཁྱེན་གྱི་ཤེས་རྣམ་གྱི་མཚན་ཉིད། གཞི་ལམ་གྱི་སྟེང་དུ་རྣམ་པའི་གནས་ལུགས་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་འཛིན་སྟངས་ཀྱི་ཁྱད་པར། དབྱེ་ན་ཉན་ཐོས་ཀྱི་གཞི་ཤེས་དང་རྗེས་མཐུན་གྱི་རྣམ་མཁྱེན་གྱི་རྣམ་པ། བྱང་སེམས་ཀྱི་ལམ་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ། སངས་རྒྱས་ཀྱི་ཐུན་མོང་མིན་པའི་རྣམ་མཁྱེན་གྱི་རྣམ་པ་དང་གསུམ། དང་པོའི་མཚན་ཉིད། རྣམ་མཁྱེན་གྱི་རྣམ་པ་གང་ཞིག ཉན་ཐོས་ཀྱི་རྟོགས་རིགས་སུ་གྱུར་པ། འདི་ལ་མཐུན་ཡུལ་ཉན་ཐོས་ཀྱི་རྟོགས་རིགས་དང་། མཐུན་ཆོས་རྣམ་མཁྱེན་གྱི་རྣམ་པ་ངོས་གཟུང་བ་གཉིས། དང་པོ་ལ་སྡེ་ཚན་བདུན་ཏེ། དྲན་པ་ཉེར་གཞག ཡང་དག་སྤོང་བ། རྫུ་འཕྲུལ་གྱི་རྐང་པ། དབང་པོ། སྟོབས། བྱང་ཆུབ་ཀྱི་ཡན་ལག འཕགས་པའི་ལམ་གྱི་ཡན་ལག་གོ །དང་པོའི་མཚན་ཉིད། དམིགས་པ་ལུས་སོགས་ལ་དམིགས་ནས་རྣམ་པ་རང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་བརྟགས་ཏེ་དཔྱོད་པར་བྱེད་པའི་རིགས་སུ་གནས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན་ལུས། ཚོར་བ། སེམས། ཆོས་དྲན་པ་ཉེ་བར་གཞག་པ་བཞི། མཚན་ཉིད་རིམ་བཞིན། དམིགས་པ་ལུས་ལ་དམིགས་ནས་ཞེས་སོགས་འགྲེའོ། །ས་མཚམས་ཉན་ཐོས་ཀྱི་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། ཚོགས་ལམ་ཆུང་ངུའི་གནས་སྐབས་སུ་ནི་དངོས་པོ་ལ་ཡོངས་རྟོག་གི་ལམ་དང་ཁྱད་པར་མེད་དོ། །གཉིས་པའི་མཚན་ཉིད། དགེ་སྡིག་གི་བླང་དོར་ཚུལ་བཞིན་བྱེད་པའི་རིགས་སུ་གནས་པའི་བརྩོན་འགྲུས་མཚུངས་ལྡན་དང་བཅས་པ་གང་ཞིག ཚོགས་ལམ་འབྲིང་པོ་ཡན་གྱིས་བསྡུས་པ། དབྱེ་ན་མི་དགེ་བ་སྐྱེས་པ་ཡང་དག་པར་སྤོང་བའི། མི་དགེ་བ་མ་སྐྱེས་པ་མི་སྐྱེད་པའི། དགེ་བ་སྐྱེས་པ་ཡང་དག་པར་སྤེལ་བའི། དགེ་བ་མ་སྐྱེས་པ་སྐྱེད་པའི་ཡང་དག་སྤོང་བ་དང་བཞི། མཚན་ཉིད་རིམ་བཞིན། མི་དགེ་བ་སྐྱེས་པ་ཡང་དག་པར་སྤོང་བ་ལ་འདུན་པ་བསྐྱེད་པ་སོགས་ལྔའི་ཚུལ་གྱིས་སྒོམ་པའི་རིགས་སུ་གནས་པའི་བརྩོན་འགྲུས་མཚུངས་ལྡན་དང་བཅས་པ་གང་ཞིག ཞེས་སོགས་འགྲེའོ། །ཚོགས་ལམ་འབྲིང་པོའི་གནས་སྐབས་སུ་ནི་རྩོལ་བ་ལས་བྱུང་བའི་ལམ་དུ་འཇོག་པའོ། །གསུམ་པའི་མཚན་ཉིད། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམས་པ་ལས་བྱུང་བའི་རིགས་སུ་གནས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག ཚོགས་ལམ་ཆེན་པོ་ཡན་ཆད་ཀྱིས་བསྡུས་པ། དབྱེ་ན་འདུན་པའི། བརྩོན་འགྲུས་ཀྱི། སེམས་པའི། ཤེས་རབ་ཀྱི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་བཞི། མཚན་ཉིད་རིམ་བཞིན། རྫུ་འཕྲལ་རྐང་པ་གང་ཞིག གུས་པར་སྦྱོར་བའི་འདུན་པ་དང་མཚུངས་པར་ལྡན་པ། གང་ཞིག རྒྱུན་དུ་སྦྱོར་བའི་བརྩོན་འགྲུས་དང་མཚུངས་པར་ལྡན་པ། གང་ཞིག སྔོན་གྱི་ཏིང་ངེ་འཛིན་གྱི་བག་ཆགས་དང་ལྡན་པའི་སེམས་དང་མཚུངས་པར་ལྡན་པ། གང་ཞིག དམིགས་པ་རྣམ་པར་འབྱེད་པའི་ཤེས་རབ་དང་མཚུངས་པར་ལྡན་པའོ། །ཚོགས་ལམ་ཆེན་པོའི་གནས་སྐབས་སུ་ནི་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་དུ་འཇོག་གོ །བཞི་པའི་མཚན་ཉིད། སྒོམ་བྱུང་གཙོ་བོར་གྱུར་པའི་སྒོ་ནས་བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་སེམས་བྱུང་གང་ཞིག དྲོད་རྩེ་ཡན་ཆད་ཀྱིས་བསྡུས་པ། དབྱེ་ན་དད་པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་ཀྱི་དབང་པོ་ལྔ། མཚན་ཉིད་རིམ་པ་བཞིན། བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་དབང་པོ་གང་ཞིག བདེན་པ་ལ་ཡིད་ཆེས་པའི་སེམས་བྱུང་། གང་ཞིག བདེན་པ་ལ་སྤྲོ་བའི་སེམས་བྱུང་། གང་ཞིག བདེན་པའི་དམིགས་རྣམ་མི་བརྗེད་པའི་སེམས་བྱུང་། གང་ཞིག བདེན་པ་ལ་རྩེ་གཅིག་པའི་སེམས་བྱུང་། གང་ཞིག བདེན་པའི་ཁྱད་ཆོས་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་ངོ་། །དྲོད་རྩེ་གཉིས་ཀྱི་སྐབས་སུ་ནི་མངོན་པར་རྟོགས་པར་སྦྱོར་བའི་ལམ་དུ་འཇོག་གོ །ལྔ་པའི་མཚན་ཉིད། བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་དབང་པོ་གང་ཞིག མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པ། དབྱེ་ན་དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ་ཀྱི་སྟོབས་དང་རྣམ་པ་ལྔ། མཚན་ཉིད་རིམ་བཞིན། དད་པའི་དབང་པོ་གང་ཞིག མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པ་ཞེས་སོགས་འགྲེའོ། །ས་མཚམས་ཉན་ཐོས་ཀྱི་སྦྱོར་ལམ་བཟོད་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་ཅིང་། བཟོད་པ་དང་ཆོས་མཆོག་གཉིས་ཀྱི་སྐབས་སུ་ནི་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་དུ་འཇོག་གོ །དྲུག་པའི་མཚན་ཉིད། མཐོང་ལམ་དུ་གསར་དུ་མངོན་དུ་གྱུར་པའི་ཡོན་ཏན་གྱི་རིགས་གང་ཞིག བྱང་ཆུབ་ཀྱི་ཆ་ཤས་སུ་གྱུར་པ། དབྱེ་ན་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག དེ་བཞིན་དུ། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བདུན། མཚན་ཉིད་རིམ་བཞིན། བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་གང་ཞིག ཤེས་བྱ་མ་རྟོགས་པ་རྟོགས་པར་བྱེད་པའི་སེམས་བྱུང་དང་། བྱང་ཆུབ་ཀྱི་ངོ་བོའི་ཡན་ལག་གང་ཞིག གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་རྟོག་པ་འཇོམས་པར་བྱེད་པའི་སེམས་བྱུང་དང་། བྱང་ཆུབ་ཀྱི་ངེས་པར་འབྱུང་བའི་ཡན་ལག་གང་ཞིག མངོན་ཤེས་ལ་སོགས་པའི་ཡོན་ཏན་བདེ་བླག་ཏུ་འཐོབ་པར་བྱེད་པའི་སེམས་བྱུང་དང་། བྱང་ཆུབ་ཀྱི་ཕན་ཡོན་གྱི་ཡན་ལག་གང་ཞིག ཆོས་ཀྱི་སྣང་བས་ལུས་སེམས་ཚིམ་པར་བྱེད་པའི་སེམས་བྱུང་དང་། བྱང་ཆུབ་ཀྱི་གང་གིས་ཉོན་མོངས་པ་མི་འགྱུར་བར་བྱེད་པའི་ཡན་ལག་གང་ཞིག སེམས་ལས་སུ་རུང་བར་བྱེད་པའི་སེམས་བྱུང་དང་། བྱང་ཆུབ་ཀྱི་གང་དུ་ཀུན་ནས་ཉོན་མོངས་པ་མི་འགྱུར་བའི་ཡན་ལག་གང་ཞིག བསམ་པའི་དོན་ཐམས་ཅད་འབྱོར་པར་བྱེད་པའི་སེམས་བྱུང་དང་། བྱང་ཆུབ་ཀྱི་ཉོན་མོངས་པ་མེད་པའི་ངོ་བོའི་ཡན་ལག་གང་ཞིག མི་མཐུན་ཕྱོགས་དང་གཉེན་པོ་འདོར་ལེན་བྱེད་པའི་སེམས་བྱུང་ངོ་། །ས་མཚམས་ཉན་ཐོས་ཀྱི་མཐོང་ལམ་དང་སྒོམ་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་ཅིང་། མཐོང་ལམ་གྱི་གནས་སྐབས་སུ་ནི་མངོན་པར་རྟོགས་པའི་ལམ་དུ་འཇོག་གོ །བདུན་པའི་མཚན་ཉིད། སྒོམ་ལམ་དུ་གསར་དུ་མངོན་དུ་གྱུར་པའི་ཡོན་ཏན་གྱི་རིགས་གང་ཞིག འཕགས་ལམ་གྱི་ཆ་ཤས་སུ་གྱུར་པ། དབྱེ་ན་ཡང་དག་པའི་ལྟ་བ་དང་། རྟོགས་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་བརྒྱད། མཚན་ཉིད་རིམ་བཞིན། འཕགས་པའི་ཡན་ལག་གང་ཞིག མཉམ་གཞག་ཏུ་རྟོགས་པའི་དེ་ཁོ་ན་ཉིད་ངེས་པར་འཛིན་པ་དང་། གང་ཞིག མཉམ་གཞག་ཏུ་རྟོགས་པའི་དོན་སྟོན་པའི་ངག་ཀུན་ནས་སློང་བའི་རྒྱུ་དུས་ཀྱི་ཀུན་སློང་དང་། གང་ཞིག གཞན་གྱིས་དྲིས་པའི་ལན་ལུང་སྟོན་པའི་དེ་དུས་ཀྱི་ཀུན་སློང་དང་། གང་ཞིག སྤྱོད་པ་ཕུན་སུམ་ཚོགས་པ། གང་ཞིག ལོག་འཚོ་སྤངས་ཏེ་དེ་བཞིན་གཤེགས་པས་ཇི་ལྟར་གནང་བ་བཞིན་དུ་ལོངས་སྤྱོད་པར་བྱེད་པ་དང་། གང་ཞིག ཀུན་སྦྱོར་ལྷག་མ་རྣམས་ཀྱི་གཉེན་པོའི་རིགས་སུ་གནས་པ་དང་། གང་ཞིག ཞི་གནས་ཀྱི་མཚན་མ་མ་བརྗེད་པས་བྱིང་རྒོད་སོགས་ཀྱིས་གོ་སྐབས་མི་འབྱེད་པའི་སེམས་བྱུང་དང་། གང་ཞིག མངོན་ཤེས་ལ་སོགས་པའི་ཡོན་ཏན་མངོན་པར་འགྲུབ་པར་བྱེད་པའི་སེམས་བྱུང་ངོ་། །ས་མཚམས་ཉན་ཐོས་ཀྱི་སྒོམ་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་ཅིང་། སྒོམ་ལམ་གྱི་སྐབས་སུ་ནི་རྣམ་དག་ངེས་འབྱིན་གྱི་ལམ་དུ་འཇོག་གོ །གཉིས་པ་མཐུན་ཆོས་རྣམ་མཁྱེན་གྱི་རྣམ་པ་ངོས་གཟུང་བ་ནི། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་བྱང་ཕྱོགས་སོ་བདུན་ཏེ། སྐབས་འདིར་བསྟན་གྱི་གཙོ་བོ་དེ་ཉིད་དོ། །གཉིས་པ་བྱང་སེམས་ཀྱི་ལམ་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད། རྣམ་མཁྱེན་གྱི་རྣམ་པ་གང་ཞིག བྱང་སེམས་འཕགས་པའི་རྟོགས་རིགས་སུ་གྱུར་པ། འདི་ལ་མཐུན་ཡུལ་ལམ་ཤེས་ཀྱི་རྣམ་པ་ངོས་གཟུང་བ། མཐུན་ཆོས་རྣམ་མཁྱེན་གྱི་རྣམ་པ་ངོས་གཟུང་བ་གཉིས་ལས། དང་པོ་ལ་སྡེ་ཚན་དྲུག་སྟེ། གཉེན་པོའི་ལམ། སྤྲུལ་པའི་ལམ། མཐོང་ཆོས་ལ་བདེར་གནས་ཀྱི་ལམ། འདས་པའི་ལམ། སྤོང་བའི་ལམ། སངས་རྒྱས་ཉིད་ཀྱི་ལམ་མོ། །འདིར་མཚོན་བྱ་དྲུག་ཆར་གྱི་ཐོག་མར་ལམ་ཤེས་ཀྱི་རྣམ་པའི་ནང་ཚན་དུ་གྱུར་པའི་ཞེས་སྦྱར་ཏེ། དང་པོའི་མཚན་ཉིད། བདེན་པའི་ཁྱད་ཆོས་མངོན་སུམ་དུ་རྟོགས་པའི་སྒོ་ནས་ལྟ་བས་བྱས་པ་སོགས་གསུམ་པོ་གང་རུང་གི་གཉེན་པོའི་རིགས་སུ་གནས་པའི་བྱང་སེམས་འཕགས་པའི་མངོན་པར་རྟོགས་པ། དབྱེ་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ། དང་པོའི་མཚན་ཉིད། སྡུག་བསྔལ་བདེན་པའི་སྟོང་པ་བདག་མེད་གཉིས་མངོན་དུ་གྱུར་པའི་སྒོ་ནས་ལྟ་བས་བྱས་པའི་གཉེན་པོའི་རིགས་སུ་གནས་པ། གཉིས་པའི་མཚན་ཉིད་འགོག་ལམ་གྱི་རྣམ་པ་བརྒྱད་མངོན་སུམ་དུ་རྟོགས་པའི་སྒོ་ནས་ལྟ་བའི་རྒྱུ་རྣམ་རྟོག་གི་གཉེན་པོའི་རིགས་སུ་གནས་པ། གསུམ་པའི་མཚན་ཉིད། སྡུག་བསྔལ་བདེན་པའི་མི་རྟག་སྡུག་བསྔལ་གཉིས་དང་ཀུན་འབྱུང་བདེན་པའི་རྣམ་པ་བཞི་མངོན་སུམ་རྟོགས་པའི་སྒོ་ནས་ཁམས་གསུམ་པོ་བླང་བྱར་སྨོན་པའི་གཉེན་པོའི་རིགས་སུ་གནས་པའོ། །གཉིས་པའི་མཚན་ཉིད། གཞན་དོན་དུ་སྤྲུལ་པ་སྣ་ཚོགས་སྤྲུལ་པ་ལ་དབང་འབྱོར་བའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར་དང་གསུམ། དང་པོའི་མཚན་ཉིད། བསམ་གཏན་དང་པོའི་སེམས་ལ་རྟེན་ནས་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྣ་ཚོགས་སུ་སྤྲུལ་པ་ལ་གེགས་བྱེད་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་རྣམ་ཐར་རོ། །གཉིས་པའི་མཚན་ཉིད། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམ་པ་སྣ་ཚོགས་སུ་སྤྲུལ་པ་ལ་གེགས་བྱེད་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་རྣམ་ཐར་རོ། །གསུམ་པའི་མཚན་ཉིད། བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་གཟུགས་ཐམས་ཅད་སྡུག་པར་རོ་གཅིག་ཏུ་སྤྲུལ་པ་ལ་གེགས་བྱེད་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་རྣམ་ཐར་རོ། །གསུམ་པའི་མཚན་ཉིད། ཞི་བར་གནས་པའི་རང་བཞིན་དང་། ཐར་པ་དང་མཐུན་པར་གནས་པའི་རང་བཞིན་གང་རུང་གིས་བསྡུས་པའི་བྱང་འཕགས་ཀྱི་མཁྱེན་པ། དབྱེ་ན་གཟུགས་མེད་ཀྱི་རྣམ་ཐར་བཞི། འགོག་པའི་རྣམ་ཐར་དང་ལྔ། དང་པོ་བཞི་ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར་གྱི་མཚན་ཉིད། གཟུགས་མེད་སྙོམས་འཇུག་དང་པོ་གང་ཞིག གཟུགས་མེད་ཞི་བའི་རོ་མྱོང་གི་སྒྲིབ་པ་ལས་གྲོལ་བ། དེས་གཞན་རྣམས་ལ་ཡང་འགྲེའོ། །འགོག་པའི་རྣམ་མཐར་གྱི་མཚན་ཉིད། འགོག་པའི་སྙོམས་འཇུག་གང་ཞིག མི་མཐུན་ཕྱོགས་ཀྱི་ཉོན་མོངས་པ་ལས་གྲོལ་བའོ། །བཞི་པའི་མཚན་ཉིད། ཟག་མེད་ལམ་གྱི་རྟེན་བྱེད་པའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་སྙོམས་འཇུག དབྱེ་ན་མཐར་གནས་ཀྱི་སྙོམས་འཇུག་དགུ། དང་པོ་བརྒྱད་སྔར་བཤད་ཟིན། འགོག་པའི་སྙོམས་འཇུག་གི་མཚན་ཉིད། དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་དགག་བྱ་ཟག་བཅས་ཀྱི་ཚོར་འདུ་བཀག་ནས་བདག་མེད་པའི་དོན་ལ་སེམས་རྩེ་གཅིག་པ་བྱང་སེམས་འཕགས་པའི་རྒྱུད་ཀྱི་མཁྱེན་པའོ། །སྡེ་ཚན་བཞི་པོ་འདི་དག་གི་དབྱེ་བའི་ཡ་གྱལ་རྣམས་ལ་ཡང་མཚོན་བྱ་རྣམས་ལ་ལམ་ཤེས་ཀྱི་རྣམ་པའི་ནང་ཚན་སྦྱར་བའི་ཚེ། མཚན་ཉིད་རྣམས་ལ་བྱང་འཕགས་ཀྱི་མངོན་རྟོགས་སྦྱར་བར་བྱའོ། །ལྔ་པའི་མཚན་ཉིད། ཡུལ་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་ངོས་སྐལ་གྱི་ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པ། ཡུལ་གྱི་སྒོ་ནས་དབྱེ་ན་བཞི། ས་མཚམས་ས་དང་པོ་ནས་རྒྱུན་མཐའི་བར་ན་ཡོད། དྲུག་པའི་མཚན་ཉིད། རྫོགས་པའི་བྱང་ཆུབ་ཏུ་བགྲོད་པར་བྱེད་པའི་གོ་སྐབས་ཕྱེ་ཤུལ་དུ་གྱུར་པའི་བྱང་སེམས་འཕགས་པའི་མཁྱེན་པ། དབྱེ་ན་སྦྱིན་སོགས་ཕར་ཕྱིན་བཅུའོ། །གཉིས་པ་མཐུན་ཆོས་རྣམ་མཁྱེན་གྱི་རྣམ་པ་ངོས་གཟུང་བ་ནི། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་ཐར་སྒོ་གསུམ་ལ་སོགས་པ་སོ་བཞི་སྟེ། སྐབས་འདིའི་བརྗོད་བྱའི་གཙོ་བོ་ནི་དེ་ཉིད་དོ། །གསུམ་པ་སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་ཐུན་མོང་མིན་པའི་རྣམ་མཁྱེན་གྱི་མཚན་ཉིད། ས་བཅུ་པ་མན་ཆད་ལས་རྟོགས་རིགས་ཕུལ་དུ་བྱུང་བའི་མཐར་ཐུག་གི་མཁྱེན་པ། དབྱེ་ན་སྟོབས། མི་འཇིགས་པ། སོ་སོ་ཡང་དག་པར་རིག་པ། མ་འདྲེས་པ། དེ་བཞིན་ཉིད། རང་བྱུང་། སངས་རྒྱས་ཉིད་ཀྱི་རྣམ་པ་དང་བདུན། དང་པོའི་མཚན་ཉིད། ཤེས་བྱ་མཐའ་ཡས་པ་ལ་ཆགས་ཐོགས་མེད་པར་འཇུག་པའི་མཐར་ཐུག་གི་མཁྱེན་པ། དབྱེ་ན་གནས་དང་གནས་མ་ཡིན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། མོས་པ་སྣ་ཚོགས་དང་། འཇིག་རྟེན་གྱི་ཁམས་མ་ལུས་པ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་། སྔོན་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་བ་དང་སྐྱེ་བ་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་བཅུའི་མཚན་ཉིད་རིམ་བཞིན། རྒྱུ་འབྲས་ཀྱི་རབ་དབྱེ་མ་ལུས་པ་དང་། ཟག་བཅས་ཀྱི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་མ་ལུས་པ་དང་། སེམས་ཅན་རྣམས་ཀྱི་བསམ་སྦྱོར་འཇུག་པའི་ཚུལ་མ་ལུས་པ་དང་། འཇིག་རྟེན་གྱི་འཇིག་ཆགས་དང་རིགས་ལ་སོགས་པ་མ་ལུས་པ་དང་། དབང་པོ་རྣོ་རྟུལ་སོགས་ཀྱི་རབ་དབྱེ་མ་ལུས་པ་དང་། བྱང་ཆུབ་གསུམ་དུ་བགྲོད་པའི་ལམ་མ་ལུས་པ་དང་། བསམ་གཏན་དང་སྙོམས་འཇུག་གི་རབ་དབྱེ་མ་ལུས་པ་དང་། ཚེ་རབས་སྔ་མ་རྣམས་ཀྱི་གནས་ཚུལ་མ་ལུས་པ་དང་། སེམས་ཅན་ཐམས་ཅད་ཀྱི་གནས་ཚུལ་མ་ལུས་དང་། ཟག་པ་ཟད་པའི་ངོ་བོ་དང་ཐབས་མ་ལུས་པར་མཁྱེན་པའོ། །གཉིས་པའི་མཚན་ཉིད། འཁོར་གྱི་དབུས་སུ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དམ་བཅས་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་ཅིང་མི་མཐུན་པའི་རྒོལ་བས་མི་བརྫི་བའི་མཁྱེན་པ། དབྱེ་ན་རང་དོན་རྟོགས་པ་ཕུན་སུམ་ཚོགས་པ་དང་། རང་དོན་སྤངས་པ་ཕུན་སུམ་ཚོགས་པ་དང་། གཞན་དོན་སྤང་བྱ་དང་། གཞན་དོན་ངེས་འབྱུང་གི་ལམ་དམ་བཅས་པ་ལ་མི་འཇིགས་པའི་རྣམ་པ་བཞིའི་མཚན་ཉིད་རིམ་བཞིན། འཁོར་གྱི་དབུས་སུ་ང་ནི་སངས་རྒྱས་སོ་ཞེས་ཞལ་གྱིས་བཞེས་པ་དང་། བདག་ཉིད་ཀྱི་ཟག་པ་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་དང་། འདོད་ཆགས་སོགས་སྤང་བར་བྱ་བ་ཉིད་དང་། ཐམས་ཅད་ཤེས་པ་ཉིད་ལ་སོགས་པའི་ལམ་བྱང་ཆུབ་ཏུ་ངེས་པར་འབྱུང་བ་ཉིད་དུ་རབ་ཏུ་སྟོན་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་ཅིང་ཞེས་སོགས་སྦྱར། གསུམ་པའི་མཚན་ཉིད། བཤད་བྱ་དང་འཆད་བྱེད་ཐོགས་མེད་དུ་མཁྱེན་པས་འདྲི་བ་ཀུན་ལ་ལན་འདེབས་པའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པ། དབྱེ་ན་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞིའི་མཚན་ཉིད་རིམ་བཞིན། ཆོས་རྣམས་ཀྱི་མིང་གི་རྣམ་གྲངས་དང་། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་དང་། བཤད་བྱ་ཡུལ་སོ་སོའི་སྐད་དང་། རྫས་ཡོད་བཏགས་ཡོད་སོགས་ཀྱི་རབ་ཏུ་དབྱེ་བ་ཐོགས་མེད་མཁྱེན་པས་འདྲི་བ་ཀུན་ལ་ལན་འདེབས་པའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པའོ། །བཞི་པའི་མཚན་ཉིད། འཕགས་པ་གཞན་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་སྒོ་ནས་འགྲོ་བའི་བླ་མར་བྱེད་པའི་མཁྱེན་པ། དབྱེ་ན་སྤྱོད་པ་མ་འདྲེས་པ་དྲུག རྟོགས་པ་མ་འདྲེས་པ་དྲུག ཕྲིན་ལས་མ་འདྲེས་པ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་སྟེ་བཅོ་བརྒྱད་དོ། །ལྔ་པའི་མཚན་ཉིད། ཆོས་ཉིད་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག དྲུག་པའི་མཚན་ཉིད། ཆོས་ཅན་ཇི་སྙེད་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག བདུན་པའི་མཚན་ཉིད། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས། ཞར་བྱུང་སྦྱོར་བ་སྒོམ་པའི་གང་ཟག་གི་མཚན་ཉིད། ཕྱི་ནང་གི་མཐུན་རྐྱེན་ཁྱད་པར་ཅན་གྱིས་ཡུམ་ལ་ཐོས་སོགས་ཀྱིས་འཇུག་པའི་སྣོད་དུ་གྱུར་པ། དབྱེ་ན་ཡུམ་ཉན་པའི་སྣོད། ཡུམ་གྱི་ཚིག་བློ་ལ་འཛིན་པའི་སྣོད། ཡུམ་གྱི་དོན་མི་བརྗེད་པར་འཛིན་པའི་སྣོད། ཡུམ་གྱི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སྣོད་དང་བཞིའོ། །གཉིས་པ་ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད། ཤེས་ཁྱད་བྱེད་གསུམ་དང་ལྡན་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན་རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་ལས། དང་པོ་ནི། མི་གནས་པའི་སྦྱོར་བ་དང་། ཞེན་སྤྱོད་འགོག་པའི་སྦྱོར་བ་དང་། ཟབ་པའི་དང་། གཏིང་དཔག་དཀའ་བའི་དང་། ཚད་མེད་པའི་སྦྱོར་བ་རྣམས་སོ། །གཉིས་པ་ནི། ཚེགས་ཆེན་ཡུན་རིང་དུ་རྟོགས་པའི་དང་། ལུང་བསྟན་ཐོབ་པ་དང་། ཕྱིར་མི་ལྡོག་པ་དང་། ངེས་པར་འབྱུང་བའི་དང་། བར་ཆད་མེད་པའི་དང་། བྱང་ཆུབ་ལ་ཉེ་བའི་དང་། མྱུར་བར་བྱང་ཆུབ་པའི་དང་། གཞན་དོན་གྱི་དང་། འཕེལ་འགྲིབ་མེད་པའི་དང་། ཆོས་དང་ཆོས་མིན་སོགས་མི་དམིགས་པའི་དང་། གཟུགས་སོགས་བསམ་གྱིས་མི་ཁྱབ་པའི་རྣམ་པ་འགོག་པའི་དང་། གཟུགས་ལ་སོགས་པའི་དངོས་པོར་རྣམ་པར་མི་རྟོགས་པའི་དང་། འབྲས་བུ་རིན་པོ་ཆེ་སྦྱིན་པའི་དང་། རྣམ་པར་དག་པའི་དང་། ས་མཚམས་ཀྱི་སྦྱོར་བ་རྣམས་ཏེ། རང་བཞིན་གྱི་སྦྱོར་བ་ལྔ་ནི་ཐེག་ཆེན་གྱི་ཚོགས་ལམ་ནས་ས་བཅུ་རྒྱུན་མཐའི་བར་ན་ཡོད། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་ནི། དང་པོ་ཐེག་ཆེན་གྱི་ཚོགས་ལམ། དེ་ནས་བཞི་ཐེག་ཆེན་དྲོད་སོགས་བཞི་ལ་རིམ་བཞིན་དུ། དེ་ནས་གཅིག་ས་དང་པོ། དེ་ནས་གཅིག་ས་གཉིས་པ་ནས་ས་བདུན་པའི་བར། དེ་ནས་ལྔ་ས་བརྒྱད་པ། དེ་ནས་གཉིས་ས་དགུ་པ་དང་བཅུ་པ་གཉིས་ལ་རིམ་བཞིན། ཐ་མ་ནི་ས་བདུན་མན་ཆད་ན་ཡོད། གསུམ་པ་ཐེག་ཆེན་སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་བ་སྒོམ་སྟོབས་ཀྱིས་ཐེག་ཆེན་སྦྱོར་བའི་གནས་སྐབས་སུ་ཐོབ་པའི་ཡོན་ཏན། དབྱེ་ན་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་བཅུ་བཞིའོ། །བཞི་པ་ཐེག་ཆེན་སྦྱོར་བའི་སྐྱོན་གྱི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པའི་བདུད་ལས། དབྱེ་ན་རང་ལ་བརྟེན་པའི་འགལ་རྐྱེན་ཉི་ཤུ། མཐུན་རྐྱེན་མ་ཚང་བ་ཉེར་གསུམ། གཞན་ལ་བརྟེན་པའི་འགལ་རྐྱེན་གསུམ་སྟེ་ཞེ་དྲུག་གོ །ལྔ་པ་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་བ་མཚོན་པའི་ཆེད་དུ་བཀོད་པའི་བྱེད་སྒྲུབ་དང་ལས་སྒྲུབ་གང་རུང་གིས་བསྡུས་པའི། དབྱེ་ན་ཐེག་ཆེན་སྦྱོར་བའི་ཤེས་མཚན། དེའི་ཁྱད་མཚན། དེའི་བྱེད་མཚན། དེའི་ངོ་བོ་ཉིད་མཚན་དང་བཞི་ལས། དང་པོའི་མཚན་ཉིད། ཐེག་ཆེན་སྦྱོར་བས་གཞི་ལམ་རྣམ་པ་གང་རུང་གི་གནས་ལུགས་རྟོགས་པའི་ཁྱད་པར། དབྱེ་ན་གཞི་ཤེས། ལམ་ཤེས་རྣམ་མཁྱེན་སྦྱོར་བའི་ཤེས་མཚན་དང་གསུམ། དང་པོའི་མཚན་ཉིད། གཞི་ཤེས་སྦྱོར་བས་གཞིའི་གནས་ལུགས་རྟོགས་པའི་ཁྱད་པར། དབྱེ་ན་གཞི་ཤེས་སྦྱོར་བའི་ཡུམ་ལ་བརྟེན་ནས་དེ་བཞིན་གཤེགས་པ་འབྱུང་བར་ཤེས་པ་ལ་སོགས་པའི་ཤེས་པ་བཅུ་དྲུག གཉིས་པའི་མཚན་ཉིད། ལམ་ཤེས་སྦྱོར་བས་ལམ་གྱི་གནས་ལུགས་རྟོགས་པའི་ཁྱད་པར། དབྱེ་ན་ལམ་ཤེས་སྦྱོར་བའི་ཡུམ་ལ་བརྟེན་ནས་རྣམ་ཐར་སྒོ་གསུམ་རྟོགས་པ་ལ་སོགས་པའི་ཤེས་པ་བཅུ་དྲུག གསུམ་པའི་མཚན་ཉིད། རྣམ་མཁྱེན་སྦྱོར་བས་རྣམ་པའི་གནས་ལུགས་རྟོགས་པའི་ཁྱད་པར། དབྱེ་ན་རྣམ་མཁྱེན་སྦྱོར་བའི་ཡུམ་ལ་བརྟེན་ནས་མཐོང་ཆོས་ལ་བདེར་གནས་ཤེས་པ་ལ་སོགས་པའི་ཤེས་པ་བཅུ་དྲུག ཁྱད་མཚན་གྱི་མཚན་ཉིད། རང་གང་ལ་ལྡན་པའི་ཐེག་ཆེན་གྱི་སྦྱོར་བ་དེ་ཐེག་དམན་གྱི་ལམ་ལས་ཁྱད་པར་དུ་འཕགས་པར་མཚོན་ནུས་པའི་ཐེག་ཆེན་སྦྱོར་བའི་ཁྱད་པར་བྱེད་ཆོས། དབྱེ་ན་ཆོས་ཉིད་རྟོག་གེའི་བློས་བསམ་དུ་མེད་པ་ལ་སོགས་པའི་ཁྱད་པར་བཅུ་དྲུག བྱེད་མཚན་གྱི་མཚན་ཉིད། ཐེག་ཆེན་སྦྱོར་བས་གཞན་དོན་བྱེད་པའི་ཆར་གྱུར་པའི་མཛད་པ་ཕྲིན་ལས། དབྱེ་ན་གཞི་ཤེས་ལམ་ཤེས་རྣམ་མཁྱེན་སྦྱོར་བའི་བྱེད་མཚན་དང་གསུམ། མཚན་ཉིད་རིམ་བཞིན། དེ་དང་དེས་གཞན་དོན་སྒྲུབ་པའི་ཆར་གྱུར་པའི་མཛད་པ་ཕྲིན་ལས། དབྱེ་ན་དང་པོ་ལ་གཞི་ཤེས་སྦྱོར་བས་གདུལ་བྱ་ལ་ཕན་པར་སྒྲུབ་པ་སོགས་བྱེད་པ་གསུམ། གཉིས་པ་ལ་ལམ་ཤེས་སྦྱོར་བས་གདུལ་བྱའི་སྐྱབས་མགོན་མཛད་པ་ལ་སོགས་པའི་བྱེད་པ་བདུན། གསུམ་པ་ལ་རྣམ་མཁྱེན་སྦྱོར་བས་རྟེན་གྱི་མཛད་པ་སྟེ་གཅིག་ཏུ་ངེས་སོ། །ངོ་བོ་ཉིད་མཚན་གྱི་མཚན་ཉིད། ཤེས་ཁྱད་བྱེད་གསུམ་གྱིས་མཚོན་པར་བྱ་བའི་གཞིར་གྱུར་པའི་ཐེག་ཆེན་གྱི་སྦྱོར་བའི་ལས་སྒྲུབ། དབྱེ་ན་གཞི་ཤེས་ལམ་ཤེས་རྣམ་མཁྱེན་གྱི་སྦྱོར་བའི་ངོ་བོ་ཉིད་མཚན་དང་གསུམ། མཚན་ཉིད་རིམ་བཞིན། དེ་དང་དེའི་ཤེས་ཁྱད་བྱེད་གསུམ་གྱིས་མཚོན་པར་བྱ་བའི་གཞིར་གྱུར་པའི་དེ་དང་དེའི་ལས་སྒྲུབ། དབྱེ་ན་དང་པོ་ལ་ཉོན་མོངས་པས་དབེན་པའི་ངོ་བོ་ཉིད་སོགས་བཞི། གཉིས་པ་ལ་བྱ་དཀའ་བའི་ངོ་བོ་ཉིད་སོགས་ལྔ། གསུམ་པ་ལ་དམིགས་པའི་ངོ་བོ་ཉིད་སོགས་བདུན་ནོ། །དྲུག་པ་སྐབས་འདིར་དངོས་བསྟན་གྱི་ཐེག་ཆེན་གྱི་ཐར་པ་ཆ་མཐུན་གྱི་མཚན་ཉིད། མཚན་མེད་རྟོགས་པའི་ཤེས་རབ་ཀྱི་སྒོ་ནས་རྣམ་མཁྱེན་སྒྲུབ་པའི་ཐབས་ལ་མཁས་པའི་ཐར་པ་ཆ་མཐུན། དབྱེ་ན་གཉིས་ཏེ། ཡུལ་གྱི་སྒོ་ནས་དབྱེ་ན་བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་དད་སོགས་དབང་པོ་མཾ་ཡིཾན་པ་རྣམ་པར་བྱང་བ་ཙམ་ལ་དབང་བྱེད་པའི་དད་པའི། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་ཀྱི་དབང་པོ་དང་ལྔ། དང་པོ་ནི་སངས་རྒྱས་སོགས་ཀྱི་ཡུལ་ལ་མཁས་པའི་སེམས་བྱུང་། གཉིས་པ་ནི་སྦྱིན་སོགས་ཀྱི་ཡུལ་ལ་མཁས་པའི་སེམས་བྱུང་། གསུམ་པ་ནི་བསམ་པ་ཕུན་སུམ་ཚོགས་པ་སེམས་བསྐྱེད་ལ་མཁས་པའི་སེམས་བྱུང་། བཞི་པ་ནི་རྣམ་པར་མི་རྟོག་པ་ལ་མཁས་པའི་སེམས་བྱུང་། ལྔ་པ་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་ལ་མཁས་པའི་སེམས་བྱུང་ངོ་། །དབང་པོའི་སྒོ་ནས་དབྱེ་ན་དད་སོགས་དབང་རྣོན་དང་དབང་རྟུལ་གཉིས། དང་པོ་ནི་ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་པའི་བྱང་ཆུབ་ཐོབ་སླ་བའི་དད་སོགས་སོ། །གཉིས་པ་ནི་དེ་དཀའ་བའི་དད་སོགས་སོ། །ཤུགས་བསྟན་རང་རྒྱལ་གྱི་ཐར་པ་ཆ་མཐུན་གྱི་མཚན་ཉིད། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྒོ་ནས་རང་རྒྱུད་ལ་རང་རྒྱལ་གྱི་བྱང་ཆུབ་སྒྲུབ་པའི་ཐབས་ལ་མཁས་པའི་ཐར་པ་ཆ་མཐུན། ཤུགས་བསྟན་ཉན་ཐོས་ཀྱི་ཐར་པ་ཆ་མཐུན་གྱི་མཚན་ཉིད། གང་ཟག་གི་བདག་མེད་རྟོགས་པའི་སྒོ་ནས་རང་རྒྱུད་ལ་ཉན་ཐོས་ཀྱི་བྱང་ཆུབ་སྒྲུབ་པའི་ཐབས་ལ་མཁས་པའི་ཐར་པ་ཆ་མཐུན། བདུན་པ་འདིར་བསྟན་གྱི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་རང་གཞན་གྱི་དོན་སྒྲུབ་པའི་རྗེས་ཐོབ་ཀྱིས་བསྡུས་པའི་སྒོམ་བྱུང་གཙོ་བོར་གྱུར་པའི་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་མཁྱེན་པ། དབྱེ་ན་འདིར་བསྟན་ཐེག་ཆེན་གྱི་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི། དང་པོའི་མཚན་ཉིད། དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་སེམས་མཉམ་པ་ཉིད་སོགས་བཅུ་པོ་གང་རུང་གིས་བསྡུས་པའི་ངེས་འབྱེད་ཆ་མཐུན། དབྱེ་ན་དྲོད་ཆུང་འབྲིང་ཆེན་པོ་གསུམ། དམིགས་པ་འདྲ་བ་ལས་རྣམ་པ་དང་པོ་ནི། མཉམ་པ་དང་། བྱམས་པའི་སེམས་གཉིས། གཉིས་པ་ནི་ཕན་པའི་སེམས་ལ་སོགས་པ་གསུམ། གསུམ་པ་ནི་ཕ་དང་མའི་སེམས་ལ་སོགས་པ་ལྔ། གཉིས་པའི་མཚན་ཉིད། དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་རང་གཞན་དགེ་སྡིག་གི་བླང་དོར་ལ་སྦྱོར་བ་སོགས་གསུམ་གྱིས་བསྡུས་པའི་ངེས་འབྱེད་ཆ་མཐུན། དབྱེ་ན་རྩེ་མོ་ཆུང་འབྲིང་ཆེན་པོ་གསུམ། དམིགས་པ་གསུམ་འདྲ་བ་ལས་རྣམ་པ་དང་པོ་ནི། རང་གཞན་མི་དགེ་བ་སྤོང་བ་ལ་སྦྱོར་བ། གཉིས་པ་ནི་རང་གཞན་དགེ་བ་སྒྲུབ་པ་ལ་སྦྱོར་བ། གསུམ་པ་ནི་རང་གཞན་སྟོངཾ་ཉིདཾ་སྒོཾམ་པ་ལ་སྦྱོར་བ། གསུམ་པའི་མཚན་ཉིད། དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་རང་གཞན་བདེན་པ་ཤེས་པ་ལ་སྦྱོར་བ་སོགས་གསུམ་གྱིས་བསྡུས་པའི་ངེས་བྱེད་ཆ་མཐུན། དབྱེ་ན་བཟོད་པ་ཆུང་འབྲིང་ཆེན་པོ་གསུམ། དམིགས་པ་འདྲ་བ་ལས་རྣམ་པ་དང་པོ་ནི་རང་གཞན་བདེན་པ་ཤེས་པ་ལ་སྦྱོར་བ། གཉིས་པ་ནི་རང་གཞན་རྒྱུན་ཞུགས་ཀྱི་འབྲས་བུ་ཤེས་པ་ལ་མངོན་དུ་བྱ་བའི་ཕྱིར་སྦྱོར་བ། གསུམ་པ་ནི་རང་གཞན་བྱང་སེམས་སྐྱོན་མེད་པ་ལ་སྦྱོར་བའོ། །བཞི་པའི་མཚན་ཉིད། དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་རང་གཞན་སྨིན་གྲོལ་སོགས་ལ་སྦྱོར་བ་སོགས་གསུམ་གྱིས་བསྡུས་པའི་ངེས་འབྱེད་ཆ་མཐུན། དབྱེ་ན་ཆོས་མཆོག་ཆུང་འབྲིང་ཆེན་པོ་གསུམ། དམིགས་པ་འདྲ་བ་ལས་རྣམ་པ་དང་པོ་ནི་རང་གཞན་དགེ་རྩ་སྨིན་གྲོལ་ལ་སྦྱོར་བ། གཉིས་པ་ནི། རང་གཞན་མངོན་ཤེས་ཁྱད་པར་ཅན་ལ་སྦྱོར་བ། གསུམ་པ་ནི་རང་གཞན་རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པ་ལ་སྦྱོར་བའོ། །བརྒྱད་པ་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཀྱི་མཚན་ཉིད། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཡེ་ཤེས་སྐྱེས་པའི་སྟོབས་ཀྱིས་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་བྱང་སེམས། དབྱེ་ན་སྦྱོར་ལམ། མཐོང་ལམ། སྒོམ་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་དགེ་འདུན་གསུམ། མཚན་ཉིད་རིམ་བཞིན་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་གང་ཟག་གང་ཞིག གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའོ། །ཕྱིར་མི་ལྡོག་པའི་གཏན་ཚིགས་ཀྱི་མཚན་ཉིད། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་གང་ཞིག རང་གང་ལ་ལྡན་པའི་བྱང་སེམས་གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་སྒྲུབ་ནུས་པ། དབྱེ་ན་སྦྱོར་ལམ། མཐོང་ལམ། སྒོམ་ལམ་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པའི་གཏན་ཚིགས་གསུམ། དང་པོའི་མཚན་ཉིད། གང་ཞིག རང་གང་ལ་ལྡན་པའི་སྦྱོར་ལམ་ལ་གནས་པའི་བྱང་སེམས་གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་སྒྲུབ་ནུས་པ། དབྱེ་ན་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པའི་གཏན་ཚིགས་བཞི་མཚན་ཉིད་སྔ་མས་འགྲེ། དབྱེ་ན་དང་པོ་ལ་བཅུ་གཅིག གཉིས་པ་ལ་དྲུག གསུམ་པ་ལ་གཉིས། བཞི་པ་ལ་གཅིག་སྟེ་ཉི་ཤུའོ། །གཉིས་པའི་མཚན་ཉིད། གང་ཞིག རང་གང་ལ་ལྡན་པའི་མཐོང་ལམ་ལ་གནས་པའི་བྱང་སེམས་གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་སྒྲུབ་ནུས་པ། དབྱེ་ན་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་མིང་ཅན་གྱི་གཏན་ཚིགས་བཅུ་དྲུག་གོ །གསུམ་པའི་མཚན་ཉིད། གང་ཞིག རང་གང་ལ་ལྡན་པའི་སྒོམ་ལམ་ལ་གནས་པའི་བྱང་སེམས་གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་སྒྲུབ་ནུས་པའོ། །འདི་ལ་སྒོམ་ལམ་གཏན་ལ་དབབ་པ་དང་། རྟགས་ཀྱི་དོན་དངོས་གཉིས་ལས། དང་པོ་ལ་སྒོམ་ལམ་གྱི་ཁྱད་པར་བྱེད་ཆོས། ཁྱད་གཞི་སྒོམ་ལམ་གྱི་ངོ་བོ། སྒོམ་ལམ་གྱི་དབྱེ་བ་དང་གསུམ། དང་པོའི་མཚན་ཉིད། ཟབ་མོའི་སྟོང་པ་ཉིད་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་གོམས་པའི་སྒོ་ནས་ཐེག་དམན་གྱི་སྒོམ་ལམ་ལས་ཁྱད་པར་བྱེད་ཆོས་སུ་གྱུར་པ། གཉིས་པའི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་ལམ་མཐོང་ལམ་སྒོམ་ལམ་གསུམ་མཉམ་གཞག་གི་གནས་སྐབས་སུ་མཐོང་ཟིན་གྱི་དོན་ལ་སེམས་འཇལ་རྟོག་གསུམ་བྱེད་པའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་མཁྱེན་པ། མཚོན་བྱ་གཉིས་ལ་སྐབས་འདིར་བསྟན་དང་། ཐེག་ཆེན་སྦྱར་ཞིང་། གོང་གི་སྦྱོར་མཐོང་སྒོམ་གསུཾམ་གྱི་དང་ཕྱིར་མི་ལྡོག་པའི་གཏན་ཚིགས་གསུམ་གྱི་གང་ཞིག་གསུམ་ལ་ཐེག་ཆེན་སྦྱོར་ལམ་པའི་རྒྱུད་ཀྱི་ཡོན་ཏན་ཞེས་སོགས་སྦྱར་རོ། །གསུམ་པ་ལ་དངོས་དང་རྩོད་པ་སྤོང་བ་གཉིས། དང་པོ་ལ་ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་དགུའོ། །གཉིས་པ་ལ་གྲངས་ངེས་པ་དང་། བྱེད་ལས་ལ་རྩོད་པ་སྤང་བ་གཉིས། དང་པོ་ལ་རྩོད་པ་ནི། ཐེག་ཆེན་སྒོམ་ལམ་ཆོས་ཅན། དགུར་གྲངས་མ་ངེས་པར་ཐལ། འབྲས་བུ་དགུ་ལས་མང་བ་ཡོད་པའི་ཕྱིར་ཏེ། འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་སོགས་སྐྱེད་པའི་ཕྱིར་ཞེ་ན། ལན་ལ་གཉིས། དོན་དམ་གྱི་ལན་ནི་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། དོན་དམ་པར་དགུ་ལས་མང་བར་ཐལ། དོན་དམ་པར་འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་སོགས་སྐྱེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་དབུ་མ་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མ་ཡིན་པར་ཐལ། དབུ་མ་པས་ཁྱོད་ལ་རྟགས་མ་གྲུབ་ཀྱི་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། ཀུན་རྫོབ་ཀྱི་ལན་ནི་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། ཀུན་རྫོབ་ཏུ་དགུ་ལས་མང་བར་ཐལ། ཀུན་རྫོབ་ཏུ་འབྲས་བུ་བསོད་ནམས་གྲངས་མེད་སོགས་སྐྱེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་དབུ་མ་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མིན་པར་ཐལ། དབུ་མ་པས་ཁྱོད་ལ་ཁྱབ་པ་མ་ངེས་པའི་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། གནས་སྐབས་ཀྱི་བྱེད་ལས་ལ་རྩོད་པ་སྤང་བ་དང་། མཐར་ཐུག་གི་བྱེད་ལས་ལ་རྩོད་པ་སྤང་བའོ། །དང་པོ་ལ་རྩོད་པ་ནི་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། སྤང་གཉེན་ཉམས་འཕེལ་གྱི་བྱ་བ་མི་བྱེད་པར་ཐལ། དོན་དམ་པར་ཟབ་མོ་སྟོང་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཞེ་ན། ལན་ནི། དེ་ཆོས་ཅན། དོན་དམ་པར་ཟབ་མོ་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་ཀྱང་ཀུན་རྫོབ་ཏུ་སྤང་གཉེན་ཉམས་འཕེལ་སོགས་ཀྱི་བྱ་བ་བྱེད་པ་འཐད་དེ། དེ་ལྟར་བྱེད་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་སྐུ་གསུམ་པོ་དེ་དོན་དམ་པར་གཟུང་འཛིན་སྤྲོས་པ་དང་བྲལ་ཡང་ཀུན་རྫོབ་ཏུ་གཟུང་འཛིན་སྤྲོས་པར་བསྟན་པའི་སྒོ་ནས་གདུལ་བྱའི་དོན་མཛད་པ་བཞིན་ནོ། །གཉིས་པ་ལ་རྩོད་པ་ནི། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་སེམས་བསྐྱེད་ཆོས་ཅན། ཁྱོད་ཀྱིས་བླ་ན་མེད་པའི་བྱང་ཆུབ་མི་སྐྱེད་པར་ཐལ། ཁྱོད་ཀྱི་སྐད་ཅིག་རེ་རེ་ཁོ་ནས་བླ་ན་མེད་པའི་བྱང་ཆུབ་མི་སྐྱེད། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་ལྷན་ཅིག་ཚོགས་པ་དང་རིམ་གྱིས་འབྱུང་བས་ཀྱང་མི་སྐྱེད་པའི་ཕྱིར། གཏན་ཚིགས་ཕྱི་མ་གྲུབ་སྟེ། ཁྱོད་ཀྱི་སྐད་ཅིག་ཕྱི་མ་དེ་བྱུང་མ་ཐག་ཏུ་སྔ་མ་དེ་རྗེས་སུ་འབྱུང་བ་མེད་པ་ཉིད་དུ་འཇིག་པའི་ཕྱིར་ཞེ་ན། ལན་ནི། དེ་ཆོས་ཅན། ཁྱོད་ཀྱི་སྐད་ཅིག་ཕྱི་མ་དེ་བྱུང་མ་ཐག་ཏུ་སྔ་མ་དེ་རྗེས་སུ་འབྱུང་བ་མེད་པ་ཉིད་དུ་འཇིག་ཀྱང་ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་རིམ་གྱིས་འབྱུང་བས་བླ་ན་མེད་པའི་བྱང་ཆུབ་བསྐྱེད་པ་འཐད་དེ། དེ་ལྟར་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་མར་མེའི་སྐད་ཅིག་ཕྱི་མ་དེ་བྱུང་མ་ཐག་ཏུ་སྔ་མ་དེ་རྗེས་སུ་འགྲོ་བ་མེད་པ་ཉིད་དུ་འཇིག་ཀྱང་སྐད་ཅིག་སྔ་ཕྱི་ཕན་ཚུན་ལྟོས་ནས་སྡོང་བུ་སྣུམ་ལྡན་བསྲེག་པ་འཐད་པ་བཞིན་ནོ། །གཉིས་པ་རྟགས་ཀྱི་དོན་དངོས་ལ་བརྒྱད་དེ། སྐྱེ་བ་ཟབ་པ་དང་། དེ་བཞིན་དུ་འགག་པ་དང་། དེ་བཞིན་ཉིད་དང་། ཤེས་བྱ་དང་། ཤེས་པ་དང་། སྤྱོད་པ་དང་། གཉིས་སུ་མེད་པ་དང་། ཐབས་ལ་མཁས་པ་ཟབ་པ་རྣམས་སོ། །འདི་དག་ལ་ཡང་རྗེས་ཐོབ་ལུས་ངག་གི་སྤྱོད་པ་དང་། མཉམ་གཞག་གི་རྟོགས་པ་གཉིས་གཉིས་ཡོད་དོ། །དགུ་པ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ལ་མཚན་ཉིད་དང་ཀླན་ཀ་སྤང་བ་གཉིས། དང་པོ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་སྒྱུར་ཐོབ་པའི་སྒོ་ནས་སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར། ས་མཚམས་དག་པ་ས་གསུམ་ན་ཡོད་དོ། །གཉིས་པ་ལ་རྩ་འགྲེལ་གཉིས་ཀར་དངོས་སུ་བསྟན་པའི་ལས་མེད་པར་ཐལ་བའི་ཀླན་ཀ་སྤང་བ་སོགས་ཀྱི་སྒྲས་བསྟན་པ་ལན་མ་ངེས་པར་ཐལ་བའི་ཀླན་ཀ་སྤང་བ། ལུང་དང་འགལ་བའི་ཀླན་ཀ་སྤང་བ། ཧ་ཅང་ཐལ་བའི་ཀླན་ཀ་སྤང་བ་དང་བཞིའོ། །བཅུ་པ་ཞིང་དག་པའི་སྦྱོར་བའི་མཚན་ཉིད། རང་སྣང་ལ་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་ཏུ་འཆར་བའི་ཆེད་དུ་མ་དག་པའི་སྣོད་བཅུད་ཀྱི་ཞིང་སྦྱོང་བར་བྱེད་པའི་དག་སའི་རྣལ་འབྱོར། དབྱེ་ན་བཅུད་ཀྱི་ཞིང་དག་པའི་སྦྱོར་བ་དང་། སྣོད་ཀྱི་ཞིང་དག་པའི་སྦྱོར་བ་གཉིས། དང་པོའི་མཚན་ཉིད། རང་སྣང་ལ་བཅུད་ཀྱི་ཞིང་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་ཏུ་འཆར་བའི་ཆེད་དུ་མ་དག་པའི་བཅུད་ཀྱི་ཞིང་སྦྱོང་བར་བྱེད་པའི་དག་སའི་རྣལ་འབྱོར། དེས་ཕྱི་མ་ལ་རིགས་འགྲེའོ། །ས་མཚམས་སྔ་མ་དང་འདྲ། བཅུ་གཅིག་པ་ཐབས་མཁས་སྦྱོར་བའི་མཚན་ཉིད། ཤེར་ཕྱིན་གྱི་དོན་བཅུ་པོ་མངོན་དུ་བྱ་བའི་དུས་དང་དུས་མིན་པ་ཤེས་ནས་དུས་ལ་མ་བབས་ན་མངོན་དུ་མི་བྱེད་ཅིང་། དུས་ལ་བབས་ན་མངོན་དུ་བྱེད་པའི་དག་སའི་རྣལ་འབྱོར། དབྱེ་ན་བར་ཆད་ཀྱི་ཆོས་ལས་བརྒལ་བའི། མི་གནས་པར་གནས་པའི། གཞན་དོན་སྔོན་གྱི་སྨོན་ལམ་གྱིས་འཕངས་པའི། ཐུན་མོང་མིན་པའི། མ་ཆགས་པའི། མི་དམིགས་པའི། མཚན་མ་མེད་པའི། སྨོན་པ་མེད་པའི། ཕྱིར་མི་ལྡོག་པའི་རྟགས་ཀྱི། ཚད་མེད་པའི་ཐབས་ལ་མཁས་པའི་སྦྱོར་བ་དང་བཅུ། དང་པོའི་མཚན་ཉིད། བར་ཆད་ཀྱི་ཆོས་ལས་བརྒལ་བའི་ཤེར་ཕྱིན་མངོན་དུ་བྱ་བའི་དུས་དང་དུས་མིན་པ་ཤེས་ནས་དུས་ལ་མ་བབས་པ་ན་མངོན་དུ་མི་བྱེད་ཅིང་། དུས་ལ་བབས་པ་ན་མངོན་དུ་བྱེད་པའི་དག་སའི་རྣལ་འབྱོར། དེས་ཕྱི་མ་རྣམས་ལ་རིགས་འགྲེ། ས་མཚམས་སྔ་མ་དང་འདྲ། ཐབས་མཁས་དང་པོའི་སྐབས་སུ་ལྷའི་བུའི་བདུད། ཉོན་མོངས་པའི་བདུད། ཕུང་པོའི་བདུད། འཆི་བདག་གི་བདུད་བཞིའི་མཚན་ཉིད་རིམ་པ་བཞིན། བདུད་གཞན་གསུམ་ལས་འདས་པའི་དགེ་བ་ལ་བར་དུ་གཅོད་པར་བྱེད་པའི་འདོད་ལྷའི་རིགས་སུ་གཏོགས་པ་དང་། སེམས་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་པ་དང་། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་གཟུགས་ཀྱི་ཕུང་པོ་དང་། རང་དབང་མེད་པར་སྲོག་འགག་པར་བྱེད་པའི་ལས་རྣམས་སོ། །བཅོམ་པའི་ས་མཚམས་ལ་ཐེག་དམན་གྱི་དབང་དུ་བྱས་ན་མཐོང་ལམ་ནས་ལྷའི་བུའི་བདུད་བཅོམ། ལྷག་བཅས་མྱང་འདས་ཐོབ་ནས་ཉོན་མོངས་པའི་བདུད་བཅོམ། ལྷག་མེད་མྱང་འདས་ཐོབ་ནས་ཕུང་པོའི་བདུད་བཅོམ། བསམ་གཏན་བཞི་པའི་རབ་མཐའ་ཐོབ་ནས་འཆི་བདག་གི་བདུད་བཅོམ། ཐེག་ཆེན་གྱི་དབང་དུ་བྱས་ནས་ས་མཚམས་སྦྱོར་ལམ་ནས་ལྷའི་བུའི་བདུད་བཅོམ། ས་དང་པོ་ནས་ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད། ས་བརྒྱད་པ་ནས་ཕུང་པོའི་བདུད་བཅོམ། སྦས་དོན་རབ་གསལ་ལས་སྐབས་བཞི་པའི་ཡན་ལག་རྒྱས་པར་བཤད་པའོ།།  །།ལྔ་པ་རྩེ་སྦྱོར་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་སྦྱོར་ལམ་མཐོང་ལམ་སྒོམ་ལམ་རྩེ་སྦྱོར་དང་གསུམ། མཚོན་བྱེད་ཆོས་ཀྱི་སྒོ་ནས་དབྱེ་ན། རྟགས་ཀྱི། རྣམ་འཕེལ་གྱི། བརྟན་པའི། སེམས་ཀུན་གནས་ཀྱི། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་སྦྱོར། བསལ་བྱ་ལོག་སྒྲུབ་དང་བརྒྱད། དང་པོའི་མཚན་ཉིད། རྩེ་སྦྱོར་གྱི་རྟགས་བཅུ་གཉིས་གང་རུང་ཐོབ་པའི་སེམས་དཔའི་རྣལ་འབྱོར། ས་མཚམས་ཐེག་ཆེན་གྱི་དྲོད་ནས་ས་བཅུའི་རྒྱུན་མཐའི་བར་དུ་ཡོད། དེས་གཞན་རྣམས་ལ་འགྲེའོ། །དྲོད་ཀྱི་རྩེ་སྦྱོར་གྱི་མཚན་ཉིད། དྲོད་ཀྱི་ངོ་བོར་གྱུར་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར། གཉིས་པའི་མཚན་ཉིད། རྩེ་སྦྱོར་གྱི་བསོད་ནམས་རྣམ་པར་འཕེལ་ཚུལ་བཅུ་དྲུག་པོ་གང་རུང་ཐོབ་པའི་སེམས་དཔའི་རྣལ་འབྱོར། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ་ནས་ས་བཅུའི་རྒྱུན་མཐའི་བར་ན་ཡོད། གསུམ་པའི་མཚན་ཉིད། རྩེ་སྦྱོར་གྱི་དོན་གཉིས་བརྟན་པ་ཐོབ་པའི་སེམས་དཔའི་རྣལ་འབྱོར། ས་མཚམས་ཐེག་ཆེན་གྱི་བཟོད་པ་ནས་རྒྱུན་མཐའི་བར་ན་ཡོད། བཞི་པའི་མཚན་ཉིད། བསོད་ནམས་མང་པོས་མཚོན་ནས་བསྟན་པའི་རྩེ་སྦྱོར་གྱི་ཏིང་ངེ་འཛིན་ཐོབ་པའི་སེམས་དཔའི་རྣལ་འབྱོར། ས་མཚམས་ཐེག་ཆེན་གྱི་ཆོས་མཆོག་ནས་རྒྱུན་མཐའི་བར་ན་ཡོད། ལྔ་པ་ལ་སྤང་བྱ་རྟོག་པ་དང་། གཉེན་པོ་མཐོང་ལམ་རྩེ་སྦྱོར་གཉིས། དང་པོ་ལ་སྐབས་འདིར་དངོས་བསྟན་གྱི་མཐོང་སྤང་འཇུག་པ་གཟུང་རྟོག ལྡོག་པ་གཟུང་རྟོག རྫས་འཛིན་རྟོག་པ། བཏགས་འཛིན་རྟོག་པ་དང་བཞི། དང་པོའི་མཚན་ཉིད། མཐོང་སྤང་དུ་གྱུར་པའི་ཤེས་སྒྲིབ་གང་ཞིག རང་ཡུལ་ཐེག་ཆེན་གྱི་ཆོས་ལ་དམིགས་ནས་བླང་བྱའི་གཟུང་བར་མངོན་པར་ཞེན་པའི་བློ། དབྱེ་ན་བྱང་སེམས་ལམ་གྱི་ངོ་བོ་སོགས་ལ་བླང་བྱའི་གཟུང་བར་མངོན་པར་ཞེན་པ་དགུའོ། །གཉིས་པའི་མཚན་ཉིད། གང་ཞིག རང་ཡུལ་ཐེག་དམན་གྱི་ཆོས་ལ་དམིགས་ནས་དོར་བྱའི་གཟུང་བར་མངོན་པར་ཞེན་པའི་བློ། དབྱེ་ན་རྟོག་པ་དམན་པ་སོགས་ལ་དོར་བྱའི་གཟུང་བར་མངོན་པར་ཞེན་པ་དགུའོ། །གསུམ་པའི་མཚན་ཉིད། གང་ཞིག རང་ཡུལ་ལོངས་སྤྱོད་པ་པོ་ལ་དམིགས་ནས་འཛིན་པ་པོར་བདེན་པར་མངོན་པར་ཞེན་པའི་བློ། དབྱེ་ན་འཛིན་འདོར་བྱས་པའི་ཤེར་ཕྱིན་སོགས་ལ་དམིགས་ནས་འཛིན་པ་པོར་བདེན་པར་མངོན་པར་ཞེན་པ་དགུའོ། །བཞི་པའི་མཚན་ཉིད། གང་ཞིག རང་ཡུལ་ལོངས་སྤྱོད་པ་པོ་ལ་དམིགས་ནས་འཛིན་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ། དབྱེ་ན་ཆེད་བཞིན་ངེས་པར་མི་འབྱུང་བ་སོགས་ལ་དམིགས་ནས་འཛིན་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པ་དགུའོ། །གཉིས་པ་གཉེན་པོ་མཐོང་ལམ་རྩེ་སྦྱོར་ལ་ཞར་ལས་བྱུང་བའི་དོན་དང་། རྣལ་མ་མཐོང་ལམ་རྩེ་སྦྱོར་དངོས་གཉིས། དང་པོ་ལ་བྱང་ཆུབ་ཆེན་པོའི་རྒྱུ་དང་། སྐབས་འདིར་བསྟན་གྱི་བྱང་ཆུབ་ཆེན་པོ་དངོས་གཉིས། དང་པོའི་མཚན་ཉིད། རང་འབྲས་ཐེག་ཆེན་གྱི་མཐོང་ལམ་བསྐྱེད་པའི་རྒྱུ་ཚོགས་སུ་གྱུར་པ། དབྱེ་ན་གཞན་འབྲས་བུ་རྟོགས་པའི་ཆོས་ལ་འགོད་པ་དང་། རྒྱུ་ལུང་གི་ཆོས་ལ་འགོད་པ་དང་། རང་ཉིད་བྱང་ཆེན་ཐོབ་བྱེད་ཀྱི་བར་ཆད་མེད་པའི་རྒྱུ་དང་གསུམ། གཉིས་པ་ལ་གསུམ་སྟེ། དབུ་མ་པའི་བྱང་ཆེན་འདོད་ཚུལ་ངོས་གཟུང་བ། དངོས་སྨྲ་བའི་བྱང་ཆེན་འདོད་ཚུལ་དགག་པ། གྲོལ་བར་འདོད་པས་སྟོང་ཉིད་ལ་འཇུག་པར་གདམས་པའོ། །དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། དྲི་མ་གདོད་མ་ནས་ཟད་པ་དང་། མི་བསྐྱེད་པར་མངོན་སུམ་དུ་རྟོགས་པའི་སྒོ་ནས་མཐར་ཐུག་གི་སྐྱབས་གནས་སུ་གྱུར་པ། གཉིས་པ་ལ་སྐུ་གསུམ་མོ། །གཉིས་པ་དངོས་སྨྲ་བའི་བྱང་ཆུབ་འདོད་ཚུལ་དགག་པ་ལ་གཉིས་ཏེ། དངོས་སྟོབས་ཀྱི་རིགས་པས་དང་། ཁས་བླངས་དང་འགལ་བས་དགག་པའོ། །དང་པོ་ནི། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཁྱོད་དྲི་མ་གདོད་མ་ནས་ཡོད་པ་གཉེན་པོས་གསར་དུ་ཟད་པ་དང་། དྲི་མ་གདོད་ནས་ཡོད་པ་གཉེན་པོས་སྐྱེ་འཕྲོ་བཅད་པའི་ཚུལ་གྱིས་མི་སྐྱེ་བར་མངོན་སུམ་ཏུ་རྟོགས་པའི་སྒོ་ནས་བྱང་ཆུབ་ཏུ་འཇོག་པར་མིན་པར་ཐལ། དྲི་མ་གདོད་མ་ནས་མ་གྲུབ་པའི་ཕྱིར། གཉིས་པ་ནི། དངོས་སྨྲ་བ་ཆོས་ཅན། དྲི་མ་བདེན་པར་གྲུབ་པ་དང་། སྟོན་པ་སངས་རྒྱས་ཀྱིས་དྲི་མ་ཟད་པར་སྤངས་པར་ཁས་བླངས་པ་གཉིས་པོ་དེ་ཁས་བླངས་ནང་འགལ་བ་ཡིན་ཏེ། དྲི་མ་བདེན་པར་གྲུབ་ན། དྲི་མ་གཉེན་པོས་སྤོང་དུ་མི་རུང་བས་ཁྱབ་པའི་ཕྱིར། འོ་ན་ཁྱོད་ཀྱི་ལུགས་ལ་དྲི་མ་གཉེན་པོས་ཇི་ལྟར་སྤོང་ཞེ་ན། རྣལ་འབྱོར་ས་བཞིས་རིམ་གྱིས་སྤོང་བ་ལས། འདི་ལ་རྣལ་འབྱོར་གྱི་ས་བཞིའི་མཚན་ཉིད། ས་མཚམས། གྲངས་ངེས་པ། གོ་རིམ་ངེས་པ་དང་བཞི་ལས། དང་པོ་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་སའི་མཚན་ཉིད། ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ལྟ་བ་བསྐྱེད་པའི་ཆེད་དུ་ཕུང་པོ་ལ་གང་ཟག་གི་བདག་མེད་པར་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་ཚོགས་ལམ་གྱིས་བསྡུས་པའི་མངོན་པར་རྟོགས་པ། གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་སའི་མཚན་ཉིད། གཟུང་བ་རང་བཞིན་མེད་པའི་དོན་ལ་གསལ་སྣང་ཐོབ་པའི་བྱང་སེམས་ཀྱི་དྲོད་རྩེ་གང་རུང་གིས་བསྡུས་པའི་མངོན་པར་རྟོགས་པ། འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་སའི་མཚན་ཉིད། འཛིན་པ་རང་བཞིན་མེད་པའི་དོན་ལ་གསལ་སྣང་ཐོབ་པའི་བཟོད་མཆོག་གང་རུང་གིས་བསྡུས་པའི་མངོན་པར་རྟོགས་པ། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་སའི་མཚན་ཉིད། ཆོས་ཐམས་ཅད་སྤྲོས་པའི་མཐའ་བཞི་དང་བྲལ་བར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་ཞིག རང་གི་ངོས་སྐལ་གྱི་ཤེས་སྒྲིབ་ཀྱི་སྤོང་གཉེན་དུ་གྱུར་པ། གཉིས་པ་ལ། དང་པོ་ནི་ཐེག་ཆེན་གྱི་ཚོགས་ལམ་དུ་བསྒོམ་པར་བྱ་བ་ཡིན་ཏེ། དེར་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་ལ་འཇུག་པ་དང་། ཉོན་མོངས་པའི་འཆིང་བ་རྣམ་པར་གནོན་པའི་ཕྱིར་དུ་སྒོམ་དགོས་པའི་ཕྱིར་རོ། །གཉིས་པ་ནི་ཐེག་ཆེན་གྱི་དྲོད་རྩེ་གང་རུང་དུ་བསྒོམ་པར་བྱ་བ་ཡིན་ཏེ། དེར་གཟུང་བ་རང་བཞིན་མེད་པའི་དོན་ལ་གསལ་སྣང་ལྷག་པའི་ཕྱིར། གསུམ་པ་ནི་ཐེག་ཆེན་གྱི་བཟོད་མཆོག་གཉིས་སུ་བསྒོམ་པར་བྱ་བ་ཡིན་ཏེ། དེར་འཛིན་པ་རང་བཞིན་མེད་པའི་དོན་ལ་གསལ་སྣང་ལྷག་པའི་ཕྱིར། བཞི་པ་ནི་ཐེག་ཆེན་གྱི་མཐོང་ལམ་ནས་བསྒོམ་པར་བྱ་བ་ཡིན་ཏེ། དེར་གཟུང་འཛིན་གྱི་རྣམ་རྟོག་གི་ས་བོན་གྱི་དངོས་གཉེན་དུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ནི། རྣལ་འབྱོར་གྱིས་དེ་ལ་བཞིར་གྲངས་ངེས་ཏེ། ཡུལ་བདག་མེད་ལ་ལྟོས་ནས་ཀྱང་བཞིར་གྲངས་ངེས། སྤང་བྱ་སྒྲིབ་པ་ལ་ལྟོས་ནས་ཀྱང་བཞིར་གྲངས་ངེས་པའི་ཕྱིར། དང་པོ་དེར་ཐལ། ཡུལ་བདག་མེད་ལ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ལས། ཕྱི་མ་ལ་བདེན་པ་བཀག་ཙམ་གྱི་ཆོས་ཀྱི་བདག་མེད་དང་། མཐའ་བཞིའི་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་བདག་མེད་གཉིས། དང་པོ་ལ་ཡང་གཟུང་བ་ཕྱི་རོལ་གྱི་དོན་ལ་བདེན་པ་བཀག་ཙམ་གྱི་ཆོས་ཀྱི་བདག་མེད་དང་། འཛིན་པ་ལ་བདེན་པ་བཀག་ཙམ་གྱི་ཆོས་ཀྱི་བདག་མེད་གཉིས་སུ་འདུས་པའི་ཕྱིར། རྩ་བའི་གཏན་ཚིགས་ཕྱི་མ་དེར་ཐལ། སྤང་བྱ་སྒྲིབ་པ་ལ་ཤེས་སྒྲིབ་དང་ཉོན་སྒྲིབ་གཉིས་ལས། དང་པོ་ལ་མངོན་གྱུར་བ་དང་ས་བོན་གཉིས། མངོན་གྱུར་བ་ལ་གཟུང་རྟོག་མངོན་གྱུར་བ་དང་འཛིན་རྟོག་མངོན་གྱུར་བ་གཉིས་སུ་ཡོད་པའི་ཕྱིར། བཞི་པ་ནི། བདག་མེད་རྟོགས་པའི་ལྟ་བ་དེ་དང་པོར་སྒོམ་དགོས་ཏེ། ཕུང་པོ་ལ་དམིགས་ནས་ངར་འཛིན་པའི་བློ་དེ་ཉེས་པ་ཀུན་གྱི་རྩ་བ་ཡིན་པས་དང་པོར་འགོག་དགོས་པའི་ཕྱིར། དེའི་འོག་ཏུ་གཟུང་མེད་རྟོགས་པའི་ལྟ་བ་དང་འཛིན་མེད་རྟོགས་པའི་ལྟ་བ་གཉིས་རིམ་བཞིན་སྒོམ་དགོས་ཏེ། དེ་གཉིས་མ་སྐྱེད་པར་ཤེས་སྒྲིབ་སྤོང་མི་ནུས་པའི་ཕྱིར་ཏེ། དེ་གཉིས་ཀྱིས་རིམ་བཞིན་གཟུང་འཛིན་གྱི་དོན་ལ་བདེན་པར་འཛིན་པ་དེ་འགོག་དགོས་པའི་ཕྱིར། དེའི་འོག་ཏུ་སྤྲོས་བྲལ་རྟོགས་པའི་ལྟ་བ་སྒོམ་དགོས་ཏེ། ཤེས་སྒྲིབ་ཀྱི་ས་བོན་སྤང་བ་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟོགས་རིགས་དགོས་པའི་ཕྱིར། གསུམ་པ་གྲོལ་བར་འདོད་པས་སྟོང་པ་ཉིད་ལ་འཇུག་པར་གདམས་པ་ནི། འོ་ན་དངོས་པོ་རང་བཞིན་དུ་ཡོད་པའི་ཕྱོགས་ཀྱི་ཤེས་སྒྲིབ་ཀྱི་གཉེན་པོ་ཇི་ལྟར་སྒོམ་ཞེ་ན། འདི་ལ་གང་ལ་བལྟ་བའི་ཡུལ། ཇི་ལྟར་བལྟ་བའི་ཚུལ། ལྟ་བ་སྒོམ་པའི་བྱེད་པ་དང་གསུམ་ལས། དང་པོ་ནི། གཟུགས་སོགས་ཀུན་རྫོབ་པའི་ངོ་བོ་འདི་ལའོ། །གཉིས་པ་ནི་ཐ་སྙད་དུ་མེད་དོ་ཞེས་སྐུར་པ་འདེབས་པ་དང་། དོན་དམ་དུ་ཡོད་དོ་ཞེས་སྒྲོ་འདོགས་པ་བསལ་ནས་རང་བཞིན་མེད་པར་ལྟ་བའོ། །གསུམ་པ་ནི་བསལ་གཞག་སྤངས་ཏེ་རང་བཞིན་མེད་པར་སྒོམས་པ་ས་དེ་ཁོ་ན་ཉིད་མཐོང་ལ། དེས་སྒྲིབ་པ་ལས་གྲོལ་བར་འགྱུར་ཏེ། དངོས་འཛིན་གྱི་ཕྱིན་ཅི་ལོག་ལྡོག་པར་འགྱུར་བའི་ཕྱིར། གཉིས་པ་རྣལ་མ་མཐོང་ལམ་རྩེ་སྦྱོར་དངོས་ལ་གཉིས་ཏེ། བར་ཆད་མེད་ལམ་དང་། ཁྱད་པར་གྱི་ལམ་མོ། །དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། སྦྱིན་སོགས་ཕར་ཕྱིན་རེ་རེའི་ནང་དུ་ཕར་ཕྱིན་ལྔ་ལྔ་ཚང་བའི་ཉམས་ལེན་མངོན་དུ་གྱུར་པའི་སྒོ་ནས་མཐོང་སྤང་གི་དངོས་གཉེན་བྱེད་པའི་བར་ཆད་མེད་ལམ། གཉིས་པ་ནི། སྐད་ཅིག་མའི་གྲངས་ཀྱི་སྒོ་ནས་དབྱེ་བ་མེད་དེ། འདི་རྣམས་སྡུག་བསྔལ་ཆོས་བཟོད་སྐད་ཅིག་མ་གཅིག་ཏུ་འདུ་བའི་ཕྱིར་རོ། །སྤང་བྱའི་སྒོ་ནས་དབྱེ་ན་སློབ་དཔོན་གྱི་ལུགས་ལ་མཐོང་སྤང་འཇུག་པ་གཟུང་རྟོག་དང་། རྫས་འཛིན་རྟོག་པའི་གཉེན་པོར་གྱུར་པའི་སྦྱོར་བ་ཉེར་བསྡོགས་གཉིས། ལྡོག་པ་གཟུང་རྟོག་དང་། བཏགས་འཛིན་རྟོག་པའི་གཉེན་པོར་གྱུར་པའི་བར་ཆད་མེད་ལམ་གཉིས་ཏེ། ལུས་རྣམ་གཞག་ཏུ། མཐོང་ཞེས་བྱ་བའི་ལམ་ལ་ནི། །རྣམ་རྟོག་རྣམ་པ་བཞི་དང་ནི། །ཞེས་པའི་དོན་དུ་བཞེད་དོ། །འོ་ན་སྦྱོར་འཇུག་གཉིས་ཀྱི་ཁྱད་པར་གང་ཞེ་ན། སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཡེ་ཤེས་ལ་སྦྱོར་བ་ཉེར་བསྡོགས་ཀྱི་ལམ་དང་། མཐོང་ལམ་བར་ཆད་མེད་ལམ་ལ་འཇུག་པ་བར་ཆད་མེད་ལམ་གཉིས་སུ་ཕྱེ་བ་སློབ་དཔོན་གྱི་དགོངས་པ་ཡིན་ཀྱང་། རྩ་བའི་དགོངས་པ་ལ་འབྱོར་པ་ཤིན་ཏུ་དཀའ་སྟེ། འདི་བཞི་ཆར་མཐོང་ལམ་རྩེ་སྦྱོར་ཡིན་པའི་ཕྱིར་རོ། །ཡང་མཐོང་སྤང་རྟོག་པ་བཞི་ལ་ཡུལ་གྱི་དབྱེ་བས་དགུ་བཞི་སུམ་ཅུ་སོ་དྲུག དེ་ཉིད་ལ་ཁམས་གསུམ་གྱི་དབྱེ་བས་བརྒྱ་རྩ་བརྒྱད་དུ་ཡོད་པས་དེ་དག་སྤོང་བའི་ཆ་ནས་མཐོང་ལམ་རྩེ་སྦྱོར་ལ་བརྒྱ་རྩ་བརྒྱད་དུ་དབྱེ་བ་ཡང་གསུངས་སོ། །གཉིས་པ་ཁྱད་པར་གྱི་ལམ་ལ། མཉམ་གཞག་ཡེ་ཤེས། རྗེས་ཐོབ་ཡེ་ཤེས། དང་པོ་ལ་མཐོང་ལམ་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེང་གེ་རྣམ་བསྒྱིངས་ཀྱི་མཚན་ཉིད། མཐོང་ལམ་རྣམ་གྲོལ་ལམ་གྱི་རྗེས་མཉམ་གཞག་ལས་མ་ལངས་པར་རྣམ་པར་ཐར་པ་བརྒྱད་དང་། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དང་ལུགས་ལྡོག་ཏུ་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་སེམས་དཔའི་རྣལ་འབྱོར། འདི་དང་སྦྱོར་བ་སེང་གེ་རྣམ་བསྒྱིངས་གཉིས་དོན་མི་གཅིག་སྟེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་ནི་རྗེས་ཐོབ་རྟེན་འབྲེལ་ལ་རྟོགས་པའི་རྗེས་སུ་འབྱུང་བ་ཡིན་ལ། འདི་ནི་དེའི་སྔ་རོལ་དུ་འབྱུང་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་རྟོག་བྱ་རྟེན་འབྲེལ། ཇི་ལྟར་རྟོག་པའི་ཚུལ། དེ་ལ་རྟོག་པའི་དགོས་པ་དང་གསུམ་ལས། དང་པོ་ལ་ཡན་ལག་བཅུ་གཉིས་ཡོད་པ་ལས། དང་པོ་མ་རིག་པ་ནི། ཡུལ་མི་གསལ་བའི་རྣམ་པས་འཇུག་པའི་སེམས་བྱུང་གང་ཞིག འདུ་བྱེད་ཀུན་སློང་དུ་གྱུར་པ། འདུ་བྱེད་ནི་མ་རིག་པས་ཀུན་ནས་བསླངས་ཏེ་ཡང་སྲིད་འཕེན་པར་བྱེད་པའི་ཟག་བཅས་ཀྱི་ལས་སོ། །རྣམ་པར་ཤེས་པ་ནི་འབྲས་བུའི་ཆ་གཟུང་ན་ལས་ལ་བརྟེན་ནས་སྐྱེ་གནས་སུ་དང་པོར་གྲུབ་པའི་རྣམ་ཤེས། རྒྱུའི་ཆ་བཟུང་ན་ལས་ཀྱི་བག་ཆགས་ཡོངས་སུ་འཛིན་པར་བྱེད་པའོ། །མིང་དང་གཟུགས་ནི་ཉིང་མཚམས་སྦྱོར་བའི་སྐད་ཅིག་གཉིས་པར་ཕུང་པོ་ལྔ་གྲུབ་པའོ། །སྐྱེ་མཆེད་ནི་མིང་གཟུགས་ཡོངས་སུ་སྨིན་པ་ལས་མིག་སོགས་ཚང་བར་དོད་པའོ། །རེག་པ་ནི་སྐྱེ་མཆེད་དྲུག་ཡུལ་དང་འཕྲད་པ་ལས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པར་བྱེད་པའི་སེམས་བྱུང་ངོ་། །ཚོར་བ་ནི་རེག་པས་ཡོངས་སུ་བཅད་པ་བཞིན་རྣམ་སྨིན་ཉམས་སུ་མྱོང་བའི་སེམས་བྱུང་ངོ་། །སྲེད་པ་ནི་ཚོར་བ་བདེ་སྡུག་ལ་བླང་དོར་དུ་ཆགས་པའི་སེམས་བྱུང་ངོ་། །ལེན་པ་ནི་ཚོར་བའི་རྒྱུ་ཡོངས་སུ་འཚོལ་བ་ལ་འདུན་པའི་འདོད་ཆགས་སོ། །སྲིད་པ་ནི་རྒྱུ་འབྲས་ཆ་གཅིག་པ་ལྟར་ན་སྔར་གྱི་སྲེད་པས་གསོས་བཏབ་ནས་ལས་ཀྱི་བག་ཆགས་ནུས་པ་མཐུ་ཅན་ཏུ་གྱུར་པའོ། །ཆ་གཉིས་པ་ལྟར་ན་ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་དུ་གསོག་པའི་གནས་སྐབས་སོ། །སྐྱེ་བ་ནི་མའི་མངལ་ནས་ཕུང་པོ་ལྔ་རིམ་གྱིས་གྲུབ་པའོ། །རྒ་ཤི་ནི་ན་ཚོད་དང་སྲོག་ཡོངས་སུ་འགྱུར་བའོ། །གཉིས་པ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ལ་སོགས་པ་ཀུན་ཉོན་ལུགས་དང་མཐུན་པ་དང་། དེས་འཕངས་པའི་མ་རིག་པ་འགགས་པས་འདུ་བྱེད་འགག་ཞེས་སོགས་རྣམ་བྱང་ལུགས་དང་མཐུན་པ་དང་། དེས་འཕངས་པའི་རྒ་ཤི་གང་ལས་བྱུང་ཞེས་སོགས་ཀུན་ཉོན་ལུགས་དང་མི་མཐུན་པ་དང་། སྐྱེ་བ་འགགས་པས་རྒ་ཤི་འགག་པ་སོགས་རྣམ་བྱང་ལུགས་དང་མི་མཐུན་པ་ལ་རྟོག་གོ །གསུམ་པ་ནི། འཁོར་བ་རྒྱུ་འབྲས་སྡུག་ཀུན་གྱི་བདེན་པ་ལ་མཁས་པའི་ཕྱིར་ཀུན་ཉོན་ལུགས་མཐུན་དང་ལུགས་ལྡོག་དང་། མྱང་འདས་རྒྱུ་འབྲས་འགོག་ལམ་གྱི་བདེན་པ་ལ་མཁས་པའི་ཕྱིར་རྣམ་བྱང་ལུགས་མཐུན་ལུགས་ལྡོག་སྒོམ་པར་བྱེད་དེ། འདི་ལྟར་ཀུན་ཉོན་ལུགས་མཐུན་དུ་བསྒོམས་པས་སྡུག་བསྔལ་གྱི་བདེན་པ་རྟོགས་པར་འགྱུར་ཏེ། རྒྱུ་ལས་ཉོན་གྱི་རྣམ་སྨིན་མཐར་ཐུག་པ་རྒ་ཤིར་རྟོགས་པའི་ཕྱིར། ཀུན་ཉོན་ལུགས་ལྡོག་བསྒོམས་པས་ཀུན་འབྱུང་གི་བདེན་པ་རྟོགས་པར་འགྱུར་ཏེ། སྡུག་བསྔལ་གྱི་རྩ་བ་ལས་ཉོན་དུ་རྟོགས་པའི་ཕྱིར་རོ། །རྣམ་བྱང་ལུགས་མཐུན་བསྒོམས་པས་ནི་འགོག་བདེན་རྟོགས་པར་འགྱུར་ཏེ། མ་རིག་པ་སོགས་ཡན་ལག་སྔ་མ་སྔ་མ་རྣམས་འགགས་པས་རྒ་ཤི་འགགས་པར་རྟོགས་པའི་ཕྱིར་རོ། རྣམ་བྱང་ལུགས་ལྡོག་བསྒོམས་པས་ལམ་བདེན་རྟོགས་ཏེ། རྒ་ཤི་འགགས་པར་ནི་ཡན་ལག་སྔ་མ་རྣམས་འགགས་པ་ལ་ལྟོས་ལ་དེ་ཡང་འགོག་བྱེད་ཀྱི་ལམ་ལ་རག་ལས་པར་ཤེས་པའི་ཕྱིར་རོ། །དྲུག་པ་སྒོམ་ལམ་རྩེ་སྦྱོར་ལ་གསུམ་སྟེ། རྟེན་སྒོམ་ལམ། སྤང་བྱ་རྣམ་རྟོག བརྟེན་པ་ཡོན་ཏན་ནོ། །དང་པོ་ལ་སྦྱོར་བ་སེང་གེ་རྣམ་བསྒྱིངས། དངོས་གཞི་ཐོད་རྒལ་གཉིས་ལས། དང་པོ་ནི། དེའི་མཚན་ཉིད། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པའི་རྗེས་སུ་དངོས་གཞི་ཐོད་རྒལ་གྱི་ཆེད་དུ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་དང་ལུགས་ལྡོག་ཏུ་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་སེམས་དཔའི་རྣལ་འབྱོར། གཉིས་པ་ལ། དངོས་གཞི་ཐོད་རྒལ་ཆུང་འབྲིང་ཆེན་པོ་གསུམ་ལ། མཚན་ཉིད། སྙོམས་པར་འཇུག་པའི་དགོས་པ། ཐོབ་པའི་ས་མཚམས་དང་གསུམ་ལས། དང་པོ་ནི། རིམ་བཞིན། སྦྱོར་བ་སེང་གེ་རྣམ་བསྒྱིངས་སྔོན་དུ་སོང་ནས། དངོས་གཞི་ཐོད་རྒལ་འབྲིང་པོའི་ཆེད་དུ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་ཁོ་ནར་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་སེམས་དཔའི་རྣལ་འབྱོར་དང་། དངོས་གཞི་ཐོད་རྒལ་ཆུང་ངུ་སྔོན་དུ་སོང་ནས། དངོས་གཞི་ཐོད་རྒལ་ཆེན་པོའི་ཆེད་དུ་འགོག་པ་སྤེལ་བའི་རིགས་སུ་གནས་པའི་སྙོམས་འཇུག་དང་། མཚམས་འཛིན་གྱི་འདོད་སེམས་ཀྱི་རྗེས་སུ་སྙོམས་འཇུག་དགུ་ལ་འདོད་སེམས་རེ་རེ་སྤེལ་ནས་ལུགས་ལྡོག་ཏུ་འཇུག་པའི་གནས་སྐབས་ཀྱི་ཐེག་ཆེན་གྱི་རྗེས་ལ་ཐོབ་པའི་མངོན་རྟོགས་སོ། །གཉིས་པ་ནི། ས་བདུན་པ་མན་ཆད་དུ་དབང་ཐོབ་པའི་ཆེད་དུ་འཇུག་ལ། ས་བརྒྱད་པ་ཡན་ཆད་དུ་དེ་མཐར་ཕྱིན་པའི་ཆེད་དུ་འཇུག་གོ །གསུམ་པ་ནི། ས་གཉིས་པ་ནས་ཐོབ་སྟེ། འཕགས་པ་དཀོན་མཆོག་སྤྲིན་དང་སྡུད་པ་ལས་བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཐོད་རྒལ་ལ་སྙོམས་པར་འཇུག་པར་བཤད་པ་གང་ཞིག ས་གཉིས་པ་ནས་བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་བར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་སྤང་བྱ་རྣམ་རྟོག་ལ་ཐེག་ཆེན་གྱི་སྒོམ་སྤང་རྟོགས་པའི་མཚན་ཉིད། ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་ལམ་གྱི་སྤོང་བར་བྱ་བའི་ཞེན་བློ། དབྱེ་བ་ལ་སློབ་དཔོན་གྱི་དང་། འཕགས་པའི་ལུགས་གཉིས་ལས། དང་པོ་ལ་སྒོམ་སྤང་གཟུང་འཛིན་རྟོག་པ་གཉིས། དང་པོ་ལ་སྒོམ་སྤང་འཇུག་པ་དང་སྒོམ་སྤང་ལྡོག་པ་གཟུང་རྟོག་གཉིས་ལས། དང་པོའི་མཚན་ཉིད། ཐེག་ཆེན་གྱི་སྒོམ་སྤང་རྟོག་པ་གང་ཞིག རང་ཡུལ་ལ་འཇུག་བྱའི་གཟུང་བར་མངོན་པར་ཞེན་པ། དབྱེ་ན་སྟོན་པས་ཆོས་མདོར་བསྡུས་ཏེ་གསུངས་པ་ལ་དམིགས་ནས་མངོན་པར་ཞེན་པ་སོགས་དགུ། གཉིས་པའི་མཚན་ཉིད། གང་ཞིག རང་ཡུལ་ལ་ལྡོག་བྱའི་གཟུང་བར་མངོན་པར་ཞེན་པ། དབྱེ་ན་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་ལ་དམིགས་ནས་གཟུང་བར་མངོན་པར་ཞེན་པ་སོགས་དགུའོ། །གཉིས་པ་ལ་སྒོམ་སྤང་རྫས་འཛིན་རྟོག་པ་དང་། སྒོམ་སྤང་བཏགས་འཛིན་རྟོག་པ་གཉིས་ལས། དང་པོའི་མཚན་ཉིད། གང་ཞིག ལོངས་སྤྱོད་པ་པོ་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན་པ། དབྱེ་ན་སེམས་ཅན་དུ་བཏགས་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན་པ་སོགས་དགུའོ། །གཉིས་པའི་མཚན་ཉིད། གང་ཞིག ལོངས་སྤྱོད་པ་པོ་ལ་དམིགས་ནས་དེར་བཏགས་པ་ཙམ་དུ་མངོན་པར་ཞེན་པ། དབྱེ་ན་རྣམ་མཁྱེན་ལ་སྒྲིབ་པའི་སྒོམ་སྤང་ལ་དམིགས་ནས་ལོངས་སྤྱོད་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པ་སོགས་དགུའོ། །གཉིས་པ་འཕགས་པའི་ལུགས་ལ། སྒོམ་སྤང་གཟུང་རྟོག་དང་། སྒོམ་སྤང་འཛིན་རྟོག་གཉིས་ལས། དང་པོ་ལ་སྦྱོར་བའི་ཡུལ་ཅན་གྱི་གཟུང་རྟོག་དང་། འཇུག་པའི་ཡུལ་ཅན་གྱི་གཟུང་རྟོག་གཉིས། ཕྱི་མ་ལ་སེམས་ཅན་ཏུ་བཏགས་པ་ལ་བརྟེན་པའི་འཛིན་རྟོག་དང་། བཏགས་པའི་རྒྱུ་མཚན་ལ་བརྟེན་པའི་འཛིན་རྟོག་གཉིས་སུ་བཞེད་པ་ནི་རྩ་བའི་དགོངས་པ་སྟེ། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་དང་། འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཞེས་དང་། སེམས་ཅན་གྱི་དང་དེ་རྒྱུ་ཡི། །ཡུལ་ཅན་ཞེས་གསུངས་པའི་ཕྱིར་དང་། མཐོང་སྤང་རྟོག་པ་ལ་འཇུག་པ་གཟུང་རྟོག་སོགས་ཐུན་མོང་མ་ཡིན་པའི་མིང་བཞི་ཡོད་པ་ལྟར་འདི་ལ་ཡང་ངེས་པར་དགོས་ཤིང་། དགོས་པ་ལྟར་གཞུང་ན་སྣང་ངོ་། །གསུམ་པ་ཡོན་ཏན་ནི། སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་ཀྱི་ས་བོན་སྤངས་པས་ཐེག་པ་གསུམ་གྱི་རྟོགས་རིགས་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞི་འདུ་བ་བཞིན་དུ་འོང་བའི་རྣམ་པས་བརྟེན་པའི་སྒོམ་ལམ་ཆེན་པོའི་ཆེན་པོ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་ཡོན་ཏན་ནོ། །བདུན་པ་བར་ཆད་མེད་པའི་རྩེ་སྦྱོར་ལ་ངོ་བོ་དང་། དམིགས་རྣམ་གཉིས་ལས། དང་པོ་ནི། རང་གི་དངོས་འབྲས་སུ་གྱུར་པའི་རྣམ་མཁྱེན་བསྐྱེད་པ་ལ་ཆོས་གཞན་གྱི་བར་མ་ཆོད་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར། གཉིས་པ་ལ་ཆོས་ཐམས་ཅད་བདེན་པའི་དངོས་པོ་མེད་པ་དེ་ཆོས་ཅན། བར་ཆད་མེད་རྩེའི་དམིགས་རྐྱེན་ཡིན་ཏེ། དེ་ཁྱོད་ལ་དམིགས་ནས་སྐྱེ་བའི་ཕྱིར། རྒྱུན་མཐའ་མན་ཆད་ཀྱི་མཁྱེན་གསུམ་གྱི་དམིགས་རྣམ་མ་བརྗེད་པའི་དྲན་པ་དེ་ཆོས་ཅན། བར་ཆད་མེད་རྩེའི་བདག་རྐྱེན་ཡིན་ཏེ། དེ་རང་དབང་དུ་སྐྱེད་བྱེད་ཡིན་པའི་ཕྱིར། བར་ཆད་མེད་རྩེའི་རྣམ་པ་ཆོས་ཅན། ཞི་བ་ཉིད་ཡིན་ཏེ། སྤྲོས་བྲལ་གྱི་རྣམ་པ་ཅན་ཡིན་པའི་ཕྱིར། བརྒྱད་པ་བསལ་བྱ་ལོག་སྒྲུབ་ལ་གཉིས་ཏེ། བསལ་བྱ་དང་། སེལ་བྱེད་དོ། །དང་པོ་ལ་བསལ་བྱ་ལོག་རྟོག་དང་། དེས་ཀུན་ནས་བསླངས་པའི་ཀླན་ཀ་གཉིས་ལས། དང་པོ་ནི། དོན་དམ་རྒྱུ་མཚན་དུ་བྱས་ནས་ཀུན་རྫོབ་ཀྱི་རྣམ་གཞག་མི་འཐད་སྙམ་དུ་འཛིན་པ་དང་། ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས་དོན་དམ་གྱི་རྣམ་གཞག་མི་འཐད་སྙམ་དུ་འཛིན་པའི་ལོག་རྟོག་གཉིས་དང་། གཉིས་པ་ལ་ཀུན་རྫོབ་སྒོ་ཅན་དང་། དོན་དམ་སྒོ་ཅན་གྱི་ཀླན་ཀ་གཉིས། དེ་ཡང་ཀུན་རྫོབ་རྟགས་སུ་བཀོད་པའི་ཀླན་ཀ་དང་། དོན་དམ་རྟགས་སུ་བཀོད་པའི་ཀླན་ཀ་གཉིས་རིམ་བཞིན་ཀུན་རྫོབ་སྒོ་ཅན་དང་དོན་དམ་སྒོ་ཅན་གྱི་ཀླན་ཀ་ཡིན་ཞིང་། དང་པོ་ལ་ཀུན་རྫོབ་རིགས་མཐུན་གྱི་དང་། དེ་རིགས་མི་མཐུན་གྱི་ཀླན་ཀ་གཉིས་ཀྱི་མཚན་གཞི་རིམ་བཞིན། བྱང་འཕགས་ཆོས་ཅན། ལམ་གསུམ་སྒོམ་པ་མེད་པར་ཐལ། ཉན་རང་གི་ལམ་སྒོམ་པ་མེད་པའི་ཕྱིར་ཞེས་དང་། དོན་དམ་པར་བསྒོམ་བྱ་རང་སྤྱིའི་མཚན་ཉིད་ཡོད་པར་ཐལ། ཀུན་རྫོབ་ཏུ་ཡུམ་སྒོམ་པ་ཡོད་པའི་ཕྱིར། ཞེས་པ་ལྟ་བུའོ། །ཕྱི་མ་ལ་དོན་དམ་རིགས་མཐུན་དང་། རིགས་མི་མཐུན་གྱི་ཀླན་ཀ་གཉིས་ཀྱི་མཚན་གཞི་རིམ་བཞིན། དོན་དམ་པར་བར་ཆད་མེད་རྩེའི་དམིགས་པ་མི་འཐད་པར་ཐལ། དོན་དམ་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་མེད་པའི་ཕྱིར་ཞེས་དང་། ཀུན་རྫོབ་ཏུ་ཡུམ་སྒོམ་པ་མི་འཐད་པར་ཐལ། དོན་དམ་པར་བསྒོམ་བྱ་རང་སྤྱིའི་མཚན་ཉིད་མི་འཐད་པའི་ཕྱིར། ཞེས་པ་ལྟ་བུའོ། །ཀུན་རྫོབ་ཏུ་བར་ཆད་མེད་རྩེའི་དམིགས་པ་མི་འཐད་པར་ཐལ། དོན་དམ་པར་འདུས་བྱས་དང་། འདུས་མ་བྱས་ཀྱི་ཁམས་མེད་པའི་ཕྱིར། ཞེས་གཞུང་ལས་དངོས་སུ་བསྟན་པའི་ཀླན་ཀ་བཅུ་དྲུག་ནི་དོན་དམ་རིགས་མི་མཐུན་གྱི་ཀླན་ཀ་དང་། དོན་དམ་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཡོད་པར་ཐལ། ཀུན་རྫོབ་ཏུ་བར་ཆད་མེད་རྩེའི་དམིགས་པ་འཐད་པའི་ཕྱིར། ཞེས་པ་ལྟ་བུ་གཞུང་ལས་ཤུགས་བསྟན་གྱི་ཀླན་ཀ་བཅུ་དྲུག་ནི་ཀུན་རྫོབ་རིགས་མི་མཐུན་གྱི་ཀླན་ཀ་ཡིན་ནོ། །གཉིས་པ་སེལ་བྱེད་ལ་ལོག་རྟོག་སེལ་བྱེད་ཀྱི་ཤེས་རབ་དང་། ཀླན་ཀ་སེལ་བྱེད་ཀྱི་ལན་གཉིས། དང་པོ་ལ་ཀུན་རྫོབ་ཏུ་ཡོད་ཀྱང་དོན་དམ་པར་མེད་པ་རྟོགས་པའི་ཤེས་རབ་ཀྱིས་ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས་དོན་དམ་པར་མི་འཐད་དོ་སྙམ་པའི་ལོག་རྟོག་སེལ། དོན་དམ་དུ་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པ་མི་འགལ་བར་རྟོགས་པའི་ཤེས་རབ་ཀྱིས་དོན་དམ་རྒྱུ་མཚན་དུ་བྱས་ནས་ཀུན་རྫོབ་ཀྱི་རྣམ་གཞག་མི་འཐད་དོ་སྙམ་པའི་ལོག་རྟོག་སེལ་ལོ། །གཉིས་པ་ནི། གཞུང་ལས་དངོས་བསྟན་གྱི་དོན་དམ་སྒོ་ཅན་གྱི་ཀླན་ཀ་བཅུ་དྲུག་ལ་ཀུན་རྫོབ་ཀྱི་སྒོ་ནས་ལན་འདེབས་ཤིང་། ཤུགས་བསྟན་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་བཅུ་དྲུག་ལ་དོན་དམ་གྱི་སྒོ་ནས་འདེབས་དགོས་པ་ཡིན་གྱི། སྤྱིར་དོན་དམ་སྒོ་ཅན་གྱི་ཀླན་ཀ་ལ་ཀུན་རྫོབ་དང་། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ལ་དོན་དམ་གྱི་སྒོ་ནས་ལན་འདེབས་དགོས་པ་ནི་མ་ངེས་ཏེ། དོན་དམ་སྒོ་ཅན་གྱི་ཀླན་ཀ་ཡིན་ན་ཀུན་རྫོབ་སུན་འབྱིན་པ་དང་། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ཡིན་ན་དོན་དམ་སུན་འབྱིན་པས་མ་ཁྱབ་པའི་ཕྱིར། དེས་ན་སྐབས་འདིར་བསྟན་གྱི་བསལ་བྱ་ལོག་རྟོག་གི་མཚན་ཉིད། དམིགས་པ་འཐད་པ་ལ་སོགས་པའི་ཡུལ་བཅུ་དྲུག་པོ་གང་རུང་ལ་བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་བདེན་གཉིས་གང་རུང་མི་འཐད་སྙམ་དུ་འཛིན་པའི་ལོག་རྟོག སྐབས་འདིར་བསྟན་གྱི་བསལ་བྱ་ཀླན་ཀའི་མཚན་ཉིད། དམིགས་པ་འཐད་པ་ལ་སོགས་པའི་ཡུལ་བཅུ་དྲུག་པོ་གང་རུང་ལ་བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་སུན་འབྱིན་པར་བྱེད་པའི་སུན་འབྱིན་ལྟར་སྣང་། དབྱེ་ན་སྐབས་འདིར་བསྟན་གྱི་དོན་དམ་སྒོ་ཅན་གྱི་ཀླན་ཀ་དང་། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་གཉིས། མཚན་ཉིད་རིམ་བཞིན། གཞན་འདྲ་བ་ལ། དོན་དམ་རྒྱུ་མཚན་དུ་བྱས་ནས་ཞེས་པ་དང་། ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས་ཞེས་སྦྱར། སྐབས་འདིར་བསྟན་གྱི་སེལ་བྱེད་གཉེན་པོའི་མཚན་ཉིད། བདེན་གཉིས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་བློའི་རྒྱུན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །སྦས་དོན་རབ་གསལ་ལས་སྐབས་ལྔ་པའི་མཚོན་བྱེད་ཀྱི་ཆོས་རྣམས་ཀྱི་ཡན་ལག་རྒྱས་པར་བཤད་པའོ།།  །།དྲུག་པ་མཐར་གྱིས་པའི་སྦྱོར་བ་ལ། མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ་ལས། དང་པོ་ནི། རང་རྒྱུ་སྦྱོར་ལམ་རྩེ་སྦྱོར་ལས་བྱུང་ཞིང་བརྟན་པ་ཐོབ་བའི་ཆེད་དུ་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། གཉིས་པ་ལ་སྦྱོར་བ་ཕུན་ཚོགས་ཕར་ཕྱིན་དྲུག་གི་མཐར་གྱིས་པའི་སྦྱོར་བ། བསམ་པ་ཕུན་ཚོགས་རྗེས་དྲན་དྲུག་གི་མཐར་གྱིས་པའི་སྦྱོར་བ། དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པའི་སྦྱོར་བ་དང་གསུམ་ལས། དང་པོ་ལ་སྦྱིན་པའི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བ་སོགས་དྲུག དང་པོའི་མཚན་ཉིད། སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་གྱིས་ཟིན་པའི་སྒོ་ནས་བརྟན་པ་ཐོབ་པའི་ཆེད་དུ་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། དེས་ཕྱི་མ་ལྔ་ལ་ཡང་འགྲེའོ། །གཉིས་པ་ལ་སངས་རྒྱས། ཆོས། དགེ་འདུན། ཚུལ་ཁྲིམས། གཏོང་བ། ལྷ་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ་སྟེ་དྲུག མཚན་ཉིད་རིམ་བཞིན། དྲན་པ་ཉེར་གཞག་སོགས་ཀྱི་ལམ་གསུམ་དོན་དམ་པར་དྲན་པ་མེད་ཅིང་ཀུན་རྫོབ་ཏུ་མཚན་ཉིད་རྗེས་སུ་དྲན་པའི་སྒོ་ནས་དང་། དགེ་མི་དགེ་ལུང་མ་བསྟན་གྱི་ཆོས་དོན་དམ་པར་སོགས་དང་། བྱང་སེམས་འཕགས་པ་དོན་དམ་པར་སོགས་དང་། ཚུལ་ཁྲིམས་གསུམ་དོན་དམ་པར་སོགས་དང་། གཏོང་བ་གསུམ་དོན་དམ་པར་སོགས་དང་། ལྷར་སྐྱེས་པའི་འཕགས་པ་དོན་དམ་པར་དྲན་པ་མེད་ཅིང་། ཀུན་རྫོབ་ཏུ་མཚན་ཉིད་རྗེས་སུ་དྲན་པའི་སྒོ་ནས་བརྟན་པ་ཐོབ་པའི་ཆེད་དུ་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། གསུམ་པ་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པའི་སྦྱོར་བའི་མཚན་ཉིད། ཆོས་ཐམས་ཅད་བདེན་པའི་ངོ་བོ་ཉིད་དུ་མེད་པར་རྟོགས་པའི་སྒོ་ནས་བརྟན་པ་ཐོབ་པའི་ཆེད་དུ་སོགས་སོ། །གསུམ་པ་ནི། འཕགས་པ་ལྟར་ན་ཐེག་ཆེན་གྱི་ཚོགས་ལམ་ན་ཡོད་ཅིང་། སློབ་དཔོན་ལྟར་ན་ཐེག་ཆེན་གྱི་དྲོད་སྐད་ཅིག་གཉིས་པ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད་དོ། །སྦས་དོན་རབ་གསལ་ལས་སྐབས་དྲུག་པའི་མཚོན་བྱེད་ཀྱི་ཆོས་རྣམས་ཀྱི་ཡན་ལག་རྒྱས་པར་བཤད་པའོ།།  །།བདུན་པ་སྐད་ཅིག་མའི་སྦྱོར་བ་ལ། མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ་ལས། དང་པོ་ནི། བརྟན་པ་ཐོབ་ནས་མཁྱེན་གསུམ་གྱི་རྣམ་པ་རྣམས་དུས་སྐད་ཅིག་མ་གཅིག་ལ་ཅིག་ཅར་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གོ །གཉིས་པ་ལ་རྣམ་པར་སྨིན་པ་མིན་པའི། རྣམ་པར་སྨིན་པའི། མཚན་ཉིད་མེད་པའི། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་དང་བཞི་ལས། དང་པོ་ལ་མཚན་ཉིད་དངོས་དང་། རྣམ་སྨིན་ཡིན་མིན་ངོས་གཟུང་བ། མངོན་དུ་བྱེད་པའི་དཔེ་དང་གསུམ་ལས། དང་པོ་ནི། རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་བྱེད་པའི་ཚེ་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གོ །གཉིས་པ་ནི། རྒྱུན་མཐའི་གནས་སྐབས་ཀྱི་ས་བདུན་པ་མན་ཆད་ཀྱི་ཟག་མེད་ཀྱི་རྟོགས་རིགས་ལ་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་རྟོགས་རིགས་ཞེས་བྱ་སྟེ། ས་བདུན་པ་མན་ཆད་ཀྱི་ཟག་མེད་ཀྱི་ཡེ་ཤེས་དེ་འབད་རྩོལ་དང་བཅས་པས་རྣམ་པར་སྨིན་པ་མིན་པར་བཞག་པའི་ཕྱིར་རོ། །རྒྱུན་མཐའི་གནས་སྐབས་ཀྱི་ས་བརྒྱད་པ་ཡན་ཆད་ཀྱི་རྟོགས་རིགས་ལ་རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་ཞེས་བྱ་སྟེ། ས་བརྒྱད་པ་ཡན་ཆད་ཀྱི་ཡོན་ཏན་དེ་འབད་རྩོལ་ལ་མི་ལྟོས་པས་རྣམ་པར་སྨིན་པར་གཞག་པའི་ཕྱིར་རོ། །འདིར་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་ཡོན་ཏན་དང་། དེའི་རྟོགས་རིགས་མ་ནོར་བ་གལ་ཆེ་སྟེ། ས་བརྒྱད་པ་ཡན་ཆད་ཀྱི་ཟག་མེད་གྱི་ཡོན་ཏན་ཡིན་ན་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་ཡོན་ཏན་མིན་པས་ཁྱབ་ཀྱང་། དེའི་རྟོགས་རིགས་མིན་པས་མ་ཁྱབ་པའི་ཕྱིར་རོ། །གསུམ་པ་ནི། ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་བྱས་ན་དེ་དང་རིགས་མཐུན་པའི་རྟོགས་རིགས་ཐམས་ཅད་མངོན་དུ་བྱེད་པའི་དཔེ་ནི། སྐྱེས་བུའི་རྡོག་སྟབས་གཅིག་གིས་བསྐྱོད་པ་ན་ཟོ་ཆུན་གྱི་རྒྱུད་ཅིག་ཅར་འགུལ་བ་བཞིན་ནོ། །ཕྱི་མ་གསུམ་གྱི་མཚན་ཉིད་རིམ་བཞིན། རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དང་། ཆོས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པར་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག ཆོས་ཐམས་ཅད་གཟུང་འཛིན་གཉིས་སུ་མེད་པར་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གོ །གསུམ་པ་ནི། རྒྱུན་མཐའི་ཡེ་ཤེས་གཅིག་ལ་ཡོན་ཏན་མངོན་དུ་བྱེད་ཚུལ་གྱི་སྒོ་ནས་དང་པོ་གཉིས་དང་། ཆོས་ཉིད་རྟོགས་ཚུལ་གྱི་སྒོ་ནས་ཕྱི་མ་གཉིས་ཕྱེ་བ་ཡིན་པས་བཞི་ཀ་ཡང་རྒྱུན་མཐའ་ཁོ་ནར་ཡོད་དོ། །སྦས་དོན་རབ་གསལ་ལས་སྐབས་བདུན་པའི་མཚོན་བྱེད་ཀྱི་ཆོས་རྣམས་ཀྱི་ཡན་ལག་རྒྱས་པར་བཤད་པའོ།།  །།བརྒྱད་པ་འབྲས་བུ་ཆོས་སྐུ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། སྦྱོར་བཞི་བསྒོམས་པའི་རྣམ་སྨིན་མཐར་ཐུག་གོ །གཉིས་པ་ལ་འཕགས་པས་རྩ་བའི་དགོངས་པ་འཆད་པའི་ཚུལ་དང་། སློབ་དཔོན་གྱིས་རྒན་པོའི་ཟེར་སྒྲོས་འཆད་པའི་ཚུལ་གཉིས་ལས། དང་པོ་ལ་ངོ་བོའི་སྒོ་ནས་དབྱེ་ན་རྟེན་སྐུ་དང་། བརྟེན་པ་ཕྲིན་ལས་གཉིས་སོ། །མཚོན་བྱེད་ཆོས་ཀྱི་སྒོ་ནས་དབྱེ་ན་ངོ་བོ་ཉིད་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུ། མཛད་པ་ཕྲིན་ལས་དང་བཞིའོ། །དང་པོ་ལ་མཚན་ཉིད་དང་། ཟག་མེད་ཀྱི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་དང་ཟག་མེད་ཀྱི་ཡོན་ཏན་དབྱེར་མེད་དུ་གྱུར་པའི་རང་དོན་དོན་དམ་པའི་སྐུའོ། །གཉིས་པ་ནི། འོ་ན་མཚན་ཉིད་གསུམ་ལྡན་དུ་གྱུར་པའི་ཟག་མེད་ཀྱི་ཡེ་ཤེས་དེ་གང་ཞེ་ན། འདི་ལ་ཡེ་ཤེས་ཀྱི་རང་བཞིན། ཡོན་ཏན་གྱི་ཁྱད་པར། དེ་ལ་རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ལ་སྡེ་ཚན་ཉེར་གཅིག་ལས། དང་པོ་བྱང་ཆུབ་ཕྱོགས་མཐུན་དང་། གཉིས་པ་ཚད་མེད་བཞི་དང་། གསུམ་པ་རྣམ་ཐར་བརྒྱད་དང་། བཞི་པ་མཐར་གནས་ཀྱི་སྙོམས་འཇུག་དགུ་ནི་རང་རང་གི་ངོ་བོ་སྐབས་དང་པོ་དང་། སྐབས་བཞི་པར་བཤད་ཟིན་ཅིང་། འདིར་སངས་རྒྱས་ཀྱི་ས་ལ་སྦྱོར་བའི་ཚེ་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་མཐར་ཐུག་ཅེས་སྦྱོར། ལྔ་པ་ཟད་པར་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གང་གི་སྒོ་ནས་ཟད་པར་དུ་འཇོག་པའི་དམིགས་པའི་སྣང་བ་དེས་རང་ཡུལ་གྱི་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ནི་ཟད་པར་གྱི་ཏིང་ངེ་འཛིན་གྱི་མཚན་ཉིད་ཡིན་ལ། ཟད་པར་གྱི་སྐྱེ་མཆེད་གྱི་མཚན་ཉིད་དུ་འཇོག་ན་དེ་ལྟར་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་སྦྱར་རོ། །གཉིས་པ་ལ་ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་སྐྱེ་མཆེད་དེ་བཅུའོ། །མཚན་ཉིད་རིམ་བཞིན། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་དམིགས་པའི་སྣང་བ་ས་ནས་རྣམ་པར་ཤེས་པའི་བར་རང་ཡུལ་གྱི་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་སོ་སོར་སྦྱར་རོ། །མཛོད་ལྟར་ན། དང་པོ་བརྒྱད་ལ། དེ་ལྟར་སྤྲོ་ནུས་པའི་སེམས་བྱུང་མ་ཆགས་པའི་རང་བཞིན་ཞེས་པ་དང་། ཕྱི་མ་གཉིས་ལ་བདག་རྐྱེན་གཟུགས་མེད་ཀྱི་དངོས་གཞི་ལ་བརྟེན་ནས་ཞེས་སྦྱར་རོ། །དྲུག་པ་ཟིལ་གནོན་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་ཡུལ་གྱི་གཟུགས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བའི་སྒོ་ནས་ཟིལ་གྱིས་གནོན་པར་ནུས་པའི་ཞི་ལྷག་ཟུང་འཇུག་གོ །གཉིས་པ་ལ་བརྒྱད་ཡོད་པ་ལས། གཟུགས་ཅན་གཟུགས་ཆུང་ངུ་ལ་ལྟ་བའི་ཟིལ་གནོན་གྱི་མཚན་ཉིད། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་ལ་གཟུགས་སྣང་མ་དོར་བའི་སྒོ་ནས་རང་ཡུལ་དུ་གྱུར་པའི་སེམས་ཅན་གཟུགས་བཟང་ངན་ཐམས་ཅད་ལ་འདོད་པ་བཞིན་དུ་དབང་བསྒྱུར་བའི་སྒོ་ནས་ཟིལ་གྱིས་གནོན་ནུས་པའི་ཞི་ལྷག་ཟུང་འཇུག་གོ །གཟུགས་ཅན་གཟུགས་ཆེན་པོ་ལ་ལྟ་བའི་ཟིལ་གནོན་གྱི་མཚན་ཉིད། གཞན་འདྲ་བ་ལས་རང་ཡུལ་དུ་གྱུར་པའི་སྣོད་ཀྱི་གཟུགས་བཟང་ངན་ཐམས་ཅད་ཞེས་སོགས་སྦྱར་རོ། །གཟུགས་མེད་གཟུགས་ཆུང་ངུ་དང་། ཆེན་པོ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ལ་ལྟ་བའི་ཟིལ་གནོན་རྣམས་ཀྱི་མཚན་ཉིད་རིམ་བཞིན། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ཏེ་རང་ལ་གཟུགས་སྣང་དོར་བའི་སྒོ་ནས་སེམས་ཅན་དང་། སྣོད་ཀྱི་གཟུགས་བཟང་ངན་ཐམས་ཅད་དང་། ཕྱི་རོལ་གྱི་གཟུགས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བའི་སྒོ་ནས་ཟིལ་གྱིས་གནོན་ནུས་པའི་ཞི་ལྷག་ཟུང་འཇུག་གོ །བདུན་པ་ཉོན་མོངས་མེད་པ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། གཞན་རྒྱུད་ཀྱི་ཉོན་མོངས་འགོག་པས་ཁྱད་པར་དུ་བྱས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ལ་ཉན་ཐོས། རང་རྒྱལ། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པ་དང་གསུམ་ལས། མཚན་ཉིད་རིམ་བཞིན། གཞན་རྒྱུད་ཀྱི་ཉོན་མོངས་སྐྱེ་རུང་རེ་ཞིག་འགོག་པས་ཁྱད་པར་དུ་བྱས་པའི་ཉན་ཐོས་ཀྱི་རྒྱུད་ཀྱི་དང་། རང་རྒྱལ་གྱི་རྒྱུད་ཀྱི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དང་། གཞན་རྒྱུད་ཀྱི་ཉོན་མོངས་དྲུང་ནས་འབྱིན་པའི་ཆེད་དུ་ཆོས་སྟོན་པའི་བདག་རྐྱེན་དུ་གྱུར་པའི་སངས་རྒྱས་ཀྱི་རྒྱུད་ཀྱི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །བརྒྱད་པ་སྨོན་གནས་ཤེས་པ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། ཉོན་མོངས་མེད་པའི་སྔོན་དུ་གཞན་རྒྱུད་ཀྱི་ཉོན་མོངས་སྐྱེ་མི་སྐྱེ་མངོན་སུམ་རྟོགས་པས་ཁྱད་པར་དུ་བྱས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ལ་ཉན་ཐོས་དང་། རང་རྒྱལ་གྱི་སྨོན་གནས་ཤེས་པ་དང་། སངས་རྒྱས་ཀྱི་སྨོན་གནས་མཁྱེན་པ་གསུམ་ལས། དང་པོ་གཉིས་ཀྱི་མཚན་ཉིད་རིམ་བཞིན། རྩ་བའི་མཚན་ཉིད་གཞིར་བཞག་ནས་ཉན་ཐོས་ཀྱི་རྒྱུད་ཀྱི་དང་། རང་རྒྱལ་གྱི་རྒྱུད་ཀྱི་སེམས་རྩེ་གཅིག་པ་ཞེས་སྦྱར་རོ། །གསུམ་པའི་མཚན་ཉིད། འཁོར་བ་ཇི་སྲིད་པ་དང་། རྣམ་པར་གྲོལ་བ་ཇི་སྲིད་པར་འཇུག་པའི་སངས་རྒྱས་ཀྱི་རྒྱུད་ཀྱི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །དགུ་པ་མངོན་པར་ཤེས་པ་དྲུག་དང་། བཅུ་པ་སོ་སོ་ཡང་དག་རིག་པ་བཞི་ནི་བཤད་ཟིན་ཏོ། །བཅུ་གཅིག་པ་ཡོངས་སུ་དག་པ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། རྟེན་ཡོངས་དག་སོགས་ལ་དབང་བསྒྱུར་བའི་རང་གཞན་གྱི་དོན་སྒྲུབ་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། གཉིས་པ་ལ་བཞི་ལས། རྟེན་ཡོངས་སུ་དག་པ་ནི་ལུས་འདོར་ལེན་ལ་དབང་བྱེད་པའོ། དམིགས་པ་ཡོངས་སུ་དག་པ་ནི་སྤྲུལ་བསྒྱུར་ལ་དབང་བྱེད་པའོ། །ཐུགས་ཡོངས་སུ་དག་པ་ནི་ཏིང་ངེ་འཛིན་གྲངས་མེད་ལ་དབང་བྱེད་པའོ། །ཡེ་ཤེས་ཡོངས་སུ་དག་པ་ནི་གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་ལ་དབང་བྱེད་པའོ། །བཅུ་གཉིས་པ་དབང་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། ཕར་ཕྱིན་དྲུག་གི་འབྲས་བུ་མཐར་ཐུག་གྲུབ་པས་རང་གི་བསྒྱུར་བྱ་ལ་དབང་སྒྱུར་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །དབྱེ་ན་བཅུ་ལས། ཚེ་ལ་དབང་བ་ནི་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་པའི་ནུས་པ་ཐོབ་པའོ། །སེམས་ལ་དབང་བ་ནི་ཇི་ལྟར་འདོད་པ་བཞིན་དུ་སྙོམས་པར་འཇུག་པའི་ནུས་པ་ཐོབ་པའོ། །ཡོ་བྱད་ལ་དབང་བ་ནི་ནོར་གྱི་ཆར་འབེབས་ནུས་པའོ། །ལས་ལ་དབང་བ་ནི་གོང་མར་མྱོང་གྱུར་གྱི་རྣམ་པར་སྨིན་པ་འདོད་པར་སྒྱུར་ནུས་པའོ། །སྐྱེ་བ་ལ་དབང་བ་ནི་བསམ་གཏན་ལས་མ་ཉམས་བཞིན་དུ་འདོད་པར་སྐྱེ་བ་ལེན་པར་བྱེད་པའོ། །མོས་པ་ལ་དབང་བ་ནི་ས་དང་ཆུ་ལ་སོགས་པ་གང་མོས་པ་དེ་དང་དེར་འགྱུར་བའོ། །སྨོན་ལམ་ལ་དབང་བ་ནི་གཞན་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་གྲངས་མེད་པ་འགྲུབ་པའོ། །རྫུ་འཕྲུལ་ལ་དབང་བ་ནི་གདུལ་བྱ་འདུལ་བའི་ཕྱིར་རྫུ་འཕྲུལ་དཔག་ཏུ་མེད་པ་སྟོན་པའོ། །ཡེ་ཤེས་ལ་དབང་བ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཕུལ་དུ་བྱུང་བའི་མཐར་འགྲོ་བའོ། །ཆོས་ལ་དབང་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་མཛད་པའོ། །འདི་དག་ལས་དང་པོ་གསུམ་ནི་སྦྱིན་པ་གསུམ་གྱི་འབྲས་བུའོ། །ལས་དང་སྐྱེ་བ་གཉིས་ནི་ཚུལ་ཁྲིམས་དང་། མོས་པ་ནི་བཟོད་པ་དང་། སྨོན་ལམ་ནི་བརྩོན་འགྲུས་དང་། རྫུ་འཕྲུལ་ནི་བསམ་གཏན་དང་། ཐ་མ་གཉིས་ནི་ཤེས་རབ་ཀྱི་འབྲས་བུའོ། །བཅུ་གསུམ་པ་སྟོབས་བཅུ་དང་། བཅུ་བཞི་པ་མི་འཇིགས་པ་བཞི་ནི་བཤད་ཟིན་ཏོ། །བཅོ་ལྔ་པ་བསྲུང་བ་མེད་པ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། རང་གི་སྤྱོད་པ་ལ་གཞན་གྱིས་ཡོངས་སུ་ཤེས་པའི་བསྙེངས་པས་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ལ། སྐུ་དང་། གསུང་དང་། ཐུགས་ཀྱི་སྤྱོད་པ་བསྲུང་བ་མེད་པ་གསུམ། མཚན་ཉིད་རིམ་བཞིན། སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ལ་གཞན་གྱིས་ཡོངས་སུ་ཤེས་པ་ཞེས་སོགས་སྦྱར་རོ། །བཅུ་དྲུག་པ་དྲན་པ་ཉེར་གཞག་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། ཆོས་ཉན་པའི་གདུལ་བྱ་ལ་ཆགས་སྡང་གིས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ལ་ཆོས་གུས་པར་ཉན་པའི་གདུལ་བྱ་ལ་འདོད་ཆགས་ཀྱིས་དབེན་པ་དང་། གུས་པས་མི་ཉན་པའི་གདུལ་བྱ་ལ་ཁོང་ཁྲོས་དབེན་པ་དང་། ཕྱོགས་གཅིག་གུས་པས་ཉན་པ་དང་མི་ཉན་པ་ལ་ཆགས་སྡང་གཉིས་ཀས་དབེན་པའི་དྲན་པ་ཉེར་གཞག་གསུམ་མོ། །བཅུ་བདུན་པ་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱི་མཚན་ཉིད། སེམས་ཅན་གྱི་དོན་མཛད་པའི་དུས་ལས་སྐད་ཅིག་ཀྱང་མི་འདའ་བའི་མཐར་ཐུག་གི་ཡེ་ཤེས་སོ། །བཅོ་བརྒྱད་པ་བག་ཆགས་ཡང་དག་བཅོམ་པའི་མཚན་ཉིད། སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་ཡེ་ཤེས་མཐར་ཐུག་གོ །བཅུ་དགུ་པ་ཐུགས་རྗེ་ཆེན་པོའི་མཚན་ཉིད། སྐྱེ་བོ་མཐའ་དག་ལ་ཕན་པར་སེམས་པའི་ཡེ་ཤེས་མཐར་ཐུག་གོ །ཉི་ཤུ་པ་མ་འདྲེས་པ་བཅོ་བརྒྱད་དང་། ཉེར་གཅིག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བཤད་ཟིན་ཏོ། །དང་ཞེས་པའི་སྒྲས་སློབ་དཔོན་གྱིས་ལམ་ཤེས་དང་། གཞི་ཤེས་བསྡུས་པར་འདོད་ཀྱང་། འཕགས་པས་འབྱེད་པ་ལ་འདོད་ཀྱི་སྡུད་པ་ལ་མི་འདོད། གང་ལས་འབྱེད་ན། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་ཆོས་སྐུ་ལས་འབྱེད་དེ། འདིའི་ཆོས་སྐུ་ནི་ཆོས་ཉིད་ཀྱི་སྐུ་ལ་སྡེབ་སྦྱོར་གྱི་དབང་གིས་ཉིད་ཀྱི་རྐྱེན་ཏ་མི་མངོན་པར་བྱས་ནས། ཆོས་ཀྱི་སྐུ་ཞེས་གཞག་པ་ཡིན་པས་དོན་ཆོས་ཉིད་ཀྱི་སྐུ་ཡིན་པའི་ཕྱིར་རོ། །གང་འབྱེད་ན་བྱང་ཆུབ་ཕྱོགས་མཐུན་ནས་རྣམ་མཁྱེན་གྱི་བར་ཉེར་གཅིག་པོ་དེའོ། །ཇི་ལྟར་འབྱེད་ན་སྡེ་ཚན་ཉེར་གཅིག་པོ་དེ་ཟག་པ་མེད་པའི་ཆོས་གང་དག འཐོབ་འགྱུར་ཞེས་པའི་ཟག་མེད་ཀྱི་ཆོས་ཀྱི་མཚན་གཞི་ཡིན་གྱི། ཆོས་སྐུའི་མཚན་གཞི་མིན་ཏེ། ཆོས་ཉིད་ཀྱི་སྐུ་མིན་པའི་ཕྱིར་ཞེས་པའི་ཚུལ་གྱིས་སོ། །གཉིས་པ་ཡོན་ཏན་གྱི་ཁྱད་པར་ལ། ཉོན་མོངས་མེད་པའི་དང་། སྨོན་པ་མེད་པའི་ཁྱད་པར་གཉིས་ལས། དང་པོ་ནི། སངས་རྒྱས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ཉན་ཐོས་ལ་སོགས་པའི་ཏིང་ངེ་འཛིན་ལས་ཁྱད་པར་དུ་འཕགས་ཏེ། གྲོང་ལ་སོགས་པར་བྱོན་ནས་སྐྱེ་བོ་མཐའ་དག་གི་ཉོན་མོངས་པ་དྲུང་ནས་འབྱིན་པའི་ཆེད་དུ་ཆོས་སྟོན་པའི་བདག་རྐྱེན་བྱེད་པའི་མཁྱེན་པ་ཡིན་པའི་ཕྱིར། གཉིས་པ་ནི། སངས་རྒྱས་ཀྱི་སྨོན་གནས་མཁྱེན་པ་ནི་ཉན་ཐོས་ལ་སོགས་པའི་སྨོན་གནས་ཤེས་པ་ལས་ཁྱད་པར་དུ་འཕགས་ཏེ། མཚན་མ་མེད་པར་ལྷུན་གྱིས་གྲུབ་པ་སོགས་ཁྱད་ཆོས་ལྔ་དང་ལྡན་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ནི། རྟག་གནས་དང་ཞེས་པ་ལས་འཕྲོས་ནས་ཆོས་སྐུ་རྟག་ཏུ་གནས་ན་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་ཅིའི་ཕྱིར་མི་མཛད་ཅེ་ན་སྐྱོན་མེད་དེ། ཆོས་སྐུས་སེམས་ཅན་གྱི་དོན་མཛད་པར་ཁྱད་པར་མེད་ཀྱང་། སངས་རྒྱས་སུ་སྣང་བའི་སྨོན་ལམ་དང་དགེ་རྩ་སྨིན་པའི་སེམས་ཅན་ལ་སངས་རྒྱས་སུ་སྣང་ལ་དེ་མ་སྨིན་པ་ལ་དེ་མི་སྣང་བའི་ཕྱིར། གཉིས་པ་ལོངས་སྐུ་ལ་མཚན་ཉིད་དང་། ཡོན་ཏན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག ངེས་པ་ལྔ་ནི། གནས་ངེས་པ་འོག་མིན་ཁོ་ན་དང་། དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་སྐུའི་སྣང་བ་མི་སྡུད་པར་བཞུགས་པ། ངོ་བོ་ངེས་པ་མཚན་དཔེས་སྤྲས་པ། འཁོར་ངེས་པ་བྱང་སེམས་འཕགས་པ་ཁོ་ནས་བསྐོར་བ། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་འབའ་ཞིག་ལ་ལོངས་སྤྱོད་པ་དང་ལྔ་ལས། རྩ་བར་ངོ་བོ་དང་ཆོས་གཉིས་དངོས་སུ་འབྱུང་ཞིང་། འགྲེལ་པར་འཁོར་དང་གསུམ་གསུངས་སོ། །གཉིས་པ་ལ་མཚན་དང་། དཔེ་བྱད་གཉིས་ལས། ལོངས་སྐུའི་མཚན་གྱི་མཚན་ཉིད། ལོངས་སྐུ་གཞན་ངོར་སྐྱེས་བུ་དམ་པར་མཚོན་པར་བྱེད་པའི་ཡོན་ཏན། དབྱེ་ན། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་སོགས་སོ་གཉིས་དང་། དེའི་རྒྱུ་ལ་ཡང་བླ་མ་རྣམས་ལ་སྐྱེལ་བ་དང་བསུ་བ་སོགས་སོ་གཉིས་ཡོད་དོ། །ལོངས་སྐུའི་དཔེ་བྱད་ཀྱི་མཚན་ཉིད། ལོངས་སྐུ་མཐོང་བ་ཙམ་གྱིས་རབ་ཏུ་དད་པར་བྱེད་པའི་ཡོན་ཏན། དབྱེ་ན། སེན་མོའི་དབང་དུ་བྱས་པ། སོར་མོའི་དབང་དུ་བྱས་པ། རྩའི་དབང་དུ་བྱས་པ། ཞབས་ཀྱི་དབང་དུ་བྱས་པ། གཤེགས་ཚུལ་གྱི་དབང་དུ་བྱས་པ། སྐུའི་དཀྱིལ་འཁོར་གྱི་དབང་དུ་བྱས་པ། ཕྱག་གི་དབང་དུ་བྱས་པ། ཞལ་འཁོར་བཅས་ཀྱི་དབང་དུ་བྱས་པ། དབུ་དབུ་སྐྲ་དང་བཅས་པའི་དབང་དུ་བྱས་པ་སྟེ་སྡེ་ཚན་དགུ་ལས། དང་པོ་ལ་སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་སོགས་གསུམ། གཉིས་པ་ལ་སོར་མོ་ཟླུམ་པ་སོགས་གསུམ། གསུམ་པ་ལ་རྩ་མི་མངོན་པ་སོགས་གཉིས། བཞི་པ་ལ་ལོང་བུ་མི་མངོན་པ་སོགས་གཉིས། ལྔ་པ་ལ་སེང་གེའི་སྟབས་སུ་གཤེགས་པ་སོགས་བདུན། དྲུག་པ་ལ་འཁྲིལ་བག་ཆགས་པ་སོགས་ཉེར་ལྔ། བདུན་པ་ལ་ཕྱག་ཤིང་བལ་ལྟར་འཇམ་པ་སོགས་བཞི། བརྒྱད་པ་ལ་ཞལ་མཆུ་དང་བཅས་པའི་དབང་དུ་བྱས་པ། ལྗགས་གསུང་དང་བཅས་པའི་དབང་དུ་བྱས་པ། མཆེ་བའི་དབང་དུ་བྱས་པ། ཤངས་ཀྱི་དབང་དུ་བྱས་པ། སྤྱན་འཁོར་དང་བཅས་པའི་དབང་དུ་བྱས་པ། སྙན་གྱི་དབང་དུ་བྱས་པ། དཔྲལ་བའི་དབང་དུ་བྱས་པ་སྟེ་བདུན་ལས། དང་པོ་ལ་ཞལ་ཧ་ཅང་མི་རིང་བ་སོགས་གཉིས། གཉིས་པ་ལ་ལྗགས་མཉེན་པ་སོགས་དྲུག གསུམ་པ་ལ་མཆེ་བ་ཟླུམ་པ་སོགས་ལྔ། བཞི་པ་ལ་ཤངས་མཐོ་བ་སོགས་གཉིས། ལྔ་པ་ལ་སྤྱན་ཡངས་པ་སོགས་བདུན། དྲུག་པ་ལ་སྙན་རིང་ཞིང་རྒྱས་པ་སོགས་གསུམ། བདུན་པ་ལ་དཔྲལ་བ་ལེགས་པར་ཕྱེས་པ་སོགས་གཉིས། རྩ་བའི་དགུ་པ་ལ་དབུ་རྒྱས་པ་སོགས་བརྒྱད་དོ། །གསུམ་པ་ལ་སྤྲུལ་སྐུ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། སེམས་ཅན་གྱི་དོན་དུ་གང་ལ་གང་འདུལ་གྱི་སྐུར་སྟོན་པའི་ལོངས་སྐུའི་སྤྲུལ་པའོ། །གཉིས་པ་ལ། རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །ཞེས་པ་ལྟར་གསུམ་ལས། བཟོའི་སྤྲུལ་སྐུ་ནི་དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཆེད་དུ་པི་ཝང་མཁན་གྱི་གཟུགས་སུ་སྤྲུལ་པ་ལྟ་བུའོ། །སྐྱེ་བའི་སྤྲུལ་སྐུ་ནི་གདུལ་བྱའི་དོན་དུ་རི་བོང་དུ་སྐྱེ་བ་གཟུང་བ་ལྟ་བུའོ། །མཆོག་གི་སྤྲུལ་སྐུ་ནི་མཛད་པ་བཅུ་གཉིས་ཀྱི་ཚུལ་དངོས་སུ་སྟོན་པ་སྟེ་ཤཱཀྱ་ཐུབ་པ་ལྟ་བུའོ། །གཉིས་པ་བརྟེན་པ་ཕྲིན་ལས་ལ་ཆོས་སྐུའི་ཕྲིན་ལས་ཀྱི་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི་ཆོས་སྐུས་བདག་རྐྱེན་བྱས་པ་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་ནོ། །གཉིས་པ་ལ་རྟེན་གྱི་སྒོ་ནས་དང་། ས་མཚམས་ཀྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ལ་བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་དང་། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་གཉིས་ལས། དང་པོ་ནི་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་མཁྱེན་ལ་གདུལ་བྱ་ལམ་གྱི་རྟེན་ལ་འགོད་པ་ནས་མི་གནས་པའི་མྱང་འདས་ལ་འགོད་པའི་བར་གྱི་བྱེད་ལས་ཉི་ཤུ་རྩ་བདུན་དང་ལྡན་པ་རྣམས་སོ། །གཉིས་པ་ལ་གདུལ་བྱ་ལམ་གྱི་རྟེན་ལ་བཀོད་པ་ནས་མི་གནས་པའི་མྱང་འདས་ལ་བཀོད་པའི་བར་ཉི་ཤུ་རྩ་བདུན་ཡོད་དོ། །སངས་རྒྱས་ཕྱི་མའི་རྒྱུད་ཀྱི་མི་གནས་པའི་མྱང་འདས་དེ་ཡང་སངས་རྒྱས་སྔ་མ་ལ་ལྟོས་ཏེ། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་སུ་འགྱུར་རོ། །གཉིས་པ་ལ་གདུལ་བྱ་ལམ་གྱི་རྟེན་ལ་འགོད་པ། ལམ་ལ་འགོད་པ། ལམ་གྱི་འབྲས་བུ་ལ་འགོད་པ་དང་གསུམ་ལས། དང་པོ་འཁོར་བ་མཐའ་དག་སྤངས་ནས་མྱང་འདས་ཐོབ་འདོད་ཀྱི་བློ་ལ་འགོད་པའོ། །གཉིས་པ་ལ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་ལ་འགོད་པ་དང་བཞི་ལས། དང་པོ་ལ་བསྡུ་དངོས་བཞི་ལ་འགོད་པ་དང་། བླང་དོར་རྟོགས་པ་དང་། གཞན་དོན་གྱི་སྤྱོད་པ་དང་། རང་དོན་གྱི་སྤྱོད་པ་དང་། གཉིས་དོན་གྱི་སྤྱོད་པ་ལ་འགོད་པ་སྟེ་ལྔའོ། །གཉིས་པ་ནི་སྟོང་ཉིད་གོམས་པ་ལ་འགོད་པའོ། །གསུམ་པ་ནི་སྦྱིན་པའི་ཕར་ཕྱིན་ལ་འགོད་པའོ། །བཞི་པ་ལ་ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་པ་དང་། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ་ལ་འགོད་པ་དང་དྲུག་ལས། དང་པོ་ནི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནས་བསམ་གཏན་གྱི་ཕར་ཕྱིན་གྱི་བར་ལ་འགོད་པའོ། །གཉིས་པ་ནི་ཤེས་རབ་ཀྱི་ཕར་ཕྱིན་ལ་འགོད་པའོ། །གསུམ་པ་ནི་ཐབས་ཀྱི་ཕར་ཕྱིན་ལ་འགོད་པའོ། །བཞི་པ་ལ་སྟོབས་ཀྱི་ཕར་ཕྱིན་སྟོབས་ཀྱིས་བྱང་ཆུབ་སེམས་དཔའི་ལམ་དང་། མངོན་པར་ཞེན་པ་བཟློག་པ་ལ་འགོད་པ་གཉིས་སོ། །ལྔ་པ་ནི་སྨོན་ལམ་གྱི་ཕར་ཕྱིན་ལ་འགོད་པའོ། །དྲུག་པ་ལ་ས་བཅུ་ཐོབ་མ་ཐག་པ་ལ་འགོད་པ་གཅིག སྐྱེ་བ་གཅིག་གིས་ཐོགས་པ་ལ་འགོད་པ་གསུམ། སྲིད་པ་ཐ་མ་ལ་འགོད་པ་བརྒྱད་རྣམས་སོ། །གསུམ་པ་ལམ་གྱི་འབྲས་བུ་ལ་འགོད་པ་ནི་མི་གནས་པའི་མྱང་འདས་ལ་འགོད་པའོ། །དེ་ལྟར་ཕྲིན་ལས་ཉེར་བདུན་པོ་རེ་རེ་ལ་ཡང་བྱེད་པ་པོ་ལ་ཡོད་པ་དང་། བྱ་བ་ཡུལ་ལ་ཡོད་པ་གཉིས་གཉིས་སུ་ཕྱེ་བ་ནི་སྐབས་ཀྱི་དོན་ཏེ་སྔར་བཤད་ཟིན་ཏོ། །གཉིས་པ་སློབ་དཔོན་གྱིས་རྒན་པོའི་ཟེར་སྒྲོས་འཆད་ཚུལ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་སོགས་ཀྱིས་ཡེ་ཤེས་ཆོས་སྐུ་བསྟན་པས་སངས་རྒྱས་ཀྱི་སྐུ་ལ་བཞིར་གྲངས་ངེས་ཤིང་། ལུས་རྣམ་གཞག་ཏུ་ཆོས་སྐུ་མཇུག་ཏུ་སྨོས་པ་ནི་ཚིགས་བཅད་སྦྱར་བདེ་བ་དང་། མཛད་པ་ཐམས་ཅད་ཡེ་ཤེས་ཆོས་སྐུ་ཁོ་ནའི་མཛད་པར་གཏོགས་པའི་ཆེད་ཡིན་ཞེས་སོགས་སྤྲོས་པ་དང་བཅས་ཏེ་འཆད་པ་ལ་དཔྱད་པ་གཞན་དུ་བསྟན་ཟིན་ཏོ། །གཉིས་པ་བར་པ་ལ་དད་པ་ལ་དྲུག་ཏུ་བསྟན་པ་ནི། མཚན་ཉིད་དང་། སྦྱོར་བ་དང་། རབ་དང་། གོ་རིམ་དང་། མཐར་ཐུག་པ་དང་། རྣམ་སྨིན་ཏེ་དྲུག་ལས། དང་པོ་ནི་མཁྱེན་པ་གསུམ་སྟེ། འཕགས་པས་མཚན་ཉིད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་དང་། སློབ་དཔོན་གྱིས་མངོན་པར་མཚོན་པའི་གནས་ཉིད་ཡིན་པས་མཚན་ཉིད་དོ་ཞེས་གསུངས་སོ། །ཕྱི་མ་ལྔ་སྦྱོར་བ་བཞི་དང་། འབྲས་བུ་ཆོས་སྐུའོ། །གསུམ་པ་བསྡུས་པ་ལ་དད་པ་ལ་གསུམ་དུ་བསྡུ་བ་ནི། སློབ་དཔོན་ལྟར་ན་ཡུལ་གྱི་རྒྱུ་དང་། སྦྱོར་བ་དང་། འབྲས་བུ་གསུམ། འཕགས་པ་དང་། སངས་རྒྱས་ཡེ་ཤེས་ཞབས་ལྟར་ན་ཡུལ་དང་། རྒྱུ་དང་། འབྲས་བུ་དང་གསུམ་ལས། དང་པོ་ནི་མཁྱེན་པ་གསུམ་མོ། །གཉིས་པ་ནི་སྦྱོར་བ་བཞིའོ། །གསུམ་པ་ནི་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའོ།།  །།གང་གི་ལེགས་གསུང་འོད་ཟེར་སྟོང་ལྡན་གྱིས། །ལྷན་སྐྱེས་ཡིད་ཀྱི་མུན་པ་ཀུན་བསལ་ནས། །ཡུམ་དོན་པད་ཚལ་རྒྱས་པའི་གཉེན་གཅིག་པོ། །རོང་སྟོན་དམ་པའི་ཉི་མས་ད་དུང་སྐྱོངས། །གང་ཞིག་གསུང་ལ་བརྟེན་ནས་གང་ཞིག་གིས། །གང་ཞིག་ཆེས་བསགས་དགེ་རྩ་གང་ཞིག་ནི། །གང་ཞིག་རྗེས་འབྲང་གདུལ་བྱ་གང་ཞིག་གིས། །གང་ཞིག་རྟོགས་ནས་གང་ཞིག་ཐོབ་ཕྱིར་བསྔོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་མཚོན་བྱེད་ཀྱི་ཆོས་རྣམས་ཀྱི་ཡན་ལག་རྒྱས་པར་བཤད་པ་སྦས་དོན་རབ་གསལ་ཞེས་བྱ་བ་འདི་ནི། རོང་སྟོན་པ་དམ་པ་སངས་རྒྱས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ། མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས། ཆུ་ཕོ་འབྲུག་གི་ལོ་ས་ག་ཟླ་བའི་ཡར་ཚེས་གསུམ་ལ། རྟ་ནག་གསེར་གླིང་གི་དགོན་པར་སྦྱར་བའི། ཡི་གེ་པ་ནི་སྙོམ་ལས་པ་གཞོན་ནུ་བཟང་པོའོ།།  །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་གང་དང་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་མྱུར་ཐོབ་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*