འཁོར་འདས་རབ་གསལ་ལ།

༼ཉ༽༄༅། །རྟེན་འབྲེལ་གྱི་རྣམ་པར་བཞག་པ་འཁོར་འདས་རབ་གསལ་ཞེས་བྱ་བ་བཞུགས་སོ།།

རྟེན་འབྲེལ་གྱི་རྣམ་པར་བཞག་པ་འཁོར་འདས་རབ་གསལ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཡོན་ཏན་ཀུན་འདུས་མཐོང་ལམ་རྩེ་སྦྱོར་གྱི། །རྟོགས་པ་བརྙེས་ནས་སེངྒེ་རྣམ་བསྒྱིངས་ཀྱིས། །རྣམ་པར་བསྒྱིངས་ནས་སླར་ཡང་རྗེས་ཐོབ་ཏུ། །རྟེན་འབྲེལ་རྟོགས་མཛད་རྒྱལ་སྲས་འཕགས་པ་རྒྱལ། །གང་ཞིག་རྟོགས་ནས་སྲིད་པའི་རྭ་བ་ལས། །རྣམ་པར་བརྒལ་ཏེ་ཐར་པའི་རི་ངོས་སུ། །འཛེགས་པའི་ཐབས་ནི་རྟེན་འབྲེལ་རྟོགས་པ་ལས། །གཞན་དུ་མེད་པར་རྫོགས་པའི་སངས་རྒྱས་གསུང་། །འཁོར་བའི་རྩ་བ་གང་ཟག་ལ་རྨོངས་པའི། །མ་རིག་ཡིན་ཞིང་དེ་ཡི་རྩ་བ་ཡང་། །གནས་ལུགས་དོན་ལ་རྨོངས་པའི་མ་རིག་ཏུ། །ཐེག་ཆེན་དབུ་མའི་སྡེ་སྣོད་རྣམས་ལས་གསུངས། །མ་རིག་དེ་ཡི་ཞེན་ཡུལ་སྤྲོས་པ་ནི། །སྟོང་པ་ཉིད་ཀྱི་ལྟ་བས་བཅད་བྱས་ནས། །འཇིག་ཚོགས་ལྟ་སོགས་ཉོན་མོངས་མཐའ་དག་དང་། །ཟག་བཅས་ལས་རྣམས་འབྱུང་བ་མེད་པ་ནི། །འཁོར་བར་སྐྱེ་བའི་སྡུག་བསྔལ་མི་འབྱུང་བས། །ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་བཟློག་གི །གོ་རིམ་ངེས་པར་བྱས་ནས་སྒོམ་པ་ནི། །བྱང་ཆུབ་གསུམ་ལ་འཛེགས་པའི་ཐེམ་སྐས་ཡིན། །རྟེན་འབྲེལ་དོན་དང་སྟོང་ཉིད་དོན་གཅིག་པའི། །དབུ་མའི་ལྟ་བ་སྐྱེ་ཚུལ་རིགས་པ་ཡི། །རྣམ་གཞག་འཕགས་མཆོག་ཀླུ་སྒྲུབ་གཞུང་ལུགས་ལས། །གསལ་བར་གསུངས་པ་ཐེག་པ་ཆེན་པོའི་ལུགས། །འདིར་ནི་གྲུབ་མཐའ་ཀུན་ལ་གྲགས་པ་ཡི། །ཡན་ལག་བཅུ་གཉིས་སོ་སོའི་ངོ་བོ་དང་། །རྒྱུ་འབྲས་དུས་བསྡུས་ས་མཚུངས་དཔྱད་པ་སོགས། །བཤད་པར་བྱ་ཡི་དོན་གཉེར་དགའ་བས་ཉོན། །འདི་ལ་བཞི་སྟེ། བྱེ་བྲག་ཏུ་སྨྲ་བའི་ལུགས། མདོ་སྡེ་པའི་ལུགས། སེམས་ཙམ་པའི་ལུགས། དབུ་མ་པའི་ལུགས་སོ། །དང་པོ་ལ་གཉིས་ཏེ། སྤྱིར་རྟེན་འབྲེལ་བཞིར་དབྱེ་བ་དང་། གནས་སྐབས་པའི་རྟེན་འབྲེལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྐད་ཅིག་མའི། འབྲེལ་པ་ཅན་གྱི། གནས་སྐབས་པའི། རྒྱུན་ཆགས་པའི་རྟེན་འབྲེལ་དང་བཞིའོ། །དང་པོ་ནི། འདོད་ཆགས་དྲག་པོས་ཀུན་ནས་བསླངས་པའི་སྲོག་གཅོད་པའི་གནས་སྐབས་གྱི་སྐད་ཅིག་མ་གཅིག་ལ་ཡང་ཡན་ལག་བཅུ་གཉིས་བརྩིར་རུང་སྟེ། དེའི་གནས་སྐབས་ཀྱི་སེམས་བྱུང་རྨོངས་པ་ནི་མ་རིག་པ། སེམས་བྱུང་སེམས་པ་ནི་འདུ་བྱེད། གཙོ་སེམས་ནི་རྣམ་པར་ཤེས་པ། དེ་ཉིད་ཕུང་པོ་གཞན་བཞི་དང་བཅས་པ་ནི་མིང་གཟུགས། མིང་གཟུགས་དེ་ལ་གནས་པའི་མིག་སོགས་དྲུག་ནི་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་ཡུལ་དང་འཕྲད་པ་ནི་རེག་པ། རེག་པ་ཉམས་སུ་མྱོང་བ་ནི་ཚོར་བ། འདོད་ཆགས་དྲག་པོ་ནི་སྲེད་པ། དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་རྣམས་ནི་ལེན་པ་དང་སྲིད་པ། ལས་དེས་འབྲས་བུ་ཕྱི་མ་བསྐྱེད་ནུས་པ་ནི་སྐྱེ་བ། ལས་དེ་ཞིག་ཅིང་འགག་པ་ནི་རྒ་ཤི་སྟེ། དེ་ཐམས་ཅད་ཀྱང་འདོད་ཆགས་དྲག་པོས་ཀུན་ནས་སློང་བའི་སྲོག་གཅོད་པའི་གནས་སྐབས་ཀྱི་སྐད་ཅིག་མ་སྐྱེས་ནས་འགགས་པ་ཙམ་ལ་ཚང་བའི་ཕྱིར་རོ། །གཉིས་པ་ནི་བསྟན་བཅོས་རབ་ཏུ་བྱེད་པ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། །ཞེས་གསུངས་པ་ལྟར། འདུས་བྱས་ཐམས་ཅད་འབྲེལ་བ་ཅན་གྱི་རྟེན་འབྲེལ་ཏེ། རྒྱུ་དང་རྐྱེན་དེ་དང་དེ་ལ་བརྟེན་ནས་འབྲས་བུ་དེ་དང་དེ་འབྱུང་བའི་ཕྱིར་ན་རྒྱུ་འབྲས་སུ་འབྲེལ་བ་ལ་རྟེན་འབྲེལ་དུ་འཇོག་པའི་ཕྱིར་རོ། །གསུམ་པ་ནི། ཚེ་གསུམ་གྱིས་བསྡུས་པའི་ཕུང་པོའི་གནས་སྐབས་ལ་ཡན་ལག་བཅུ་གཉིས་སུ་འགྱུར་བ་སྟེ་འཆད་པར་འགྱུར་རོ། །བཞི་པ་ནི། འབྲེལ་བ་ཅན་གྱི་རྟེན་འབྲེལ་དང་། གནས་སྐབས་པའི་རྟེན་འབྲེལ་གཉིས་སྐད་ཅིག་སྔ་ཕྱི་བར་མ་ཆད་དུ་འབྱུང་བ་སྟེ་གཉིས་པོ་ཁོ་ན་ལ་འཇོག་གོ །གཉིས་པ་ལ་སྡོམ་ནི། ཚེ་གསུམ་ཕུང་པོའི་སྐབས་ལ་བཅུ་གཉིས་བཞག །ཡན་ལག་ཐ་སྙད་གཙོ་བོའི་སྒོ་ནས་བསྟན། །ཚེ་གསུམ་ཉིད་ལ་བཞག་པའི་དགོས་པ་བསྟན། །ཉོན་མོངས་གསུམ་དང་རྒྱུ་འབྲས་གཉིས་སུ་བསྡུ། །གཉིས་ཀྱི་རྒྱུ་འབྲས་བསྡུས་ཀྱང་བར་མས་རྟོགས། །སྔ་ཕྱིའི་རྒྱུ་འབྲས་ཡོད་ཀྱང་བཅུ་གཉིས་ངེས། །འབྱུང་དང་བྱུང་བའི་རྟེན་འབྲེལ་ཁྱད་པར་བཤད། །ཅེས་པ་ལྟར་བདུན་ལས། དང་པོ་ནི། ཡན་ལག་བཅུ་གཉིས་ཚང་བ་ནི་འདོད་པ་ཁམས་པའི་བརྫུས་སྐྱེས་མ་ཡིན་པའི་སེམས་ཅན་ཚེ་ཡོངས་སུ་རྫོགས་པ་གཅིག་དབུས་སུ་བྱས་ནས་དེའི་ཚེ་གསུམ་ལ་མ་རིག་པ་དང་། འདུ་བྱེད། རྣམ་ཤེས་ནས་སྲིད་པའི་བར་བརྒྱད། སྐྱེ་རྒ་གཉིས་སོ་སོར་བཞག་དགོས་ཏེ། མཛོད་ལས། སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡང་རྫོགས་ལྡན་ལ། །ཞེས་སོ། །འོ་ན་དེ་ཚེ་གསུམ་ལ་བཞག་པའི་ངོ་བོ་གང་ཞེ་ན། མ་རིག་པ་ནི་ཚེ་སྔ་མའི་ལས་ཀུན་ནས་བསློངས་པའི་ཉོན་མོངས་པའི་གནས་སྐབས་ཀྱང་ཕུང་པོ་ལྔའོ། །འདུ་བྱེད་ནི་སྔ་མའི་ཉོན་མོངས་པའི་དབང་གིས་ལས་བསོག་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །རྣམ་པར་ཤེས་པ་ནི་ལས་དེས་ཚེ་འདིར་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་དང་པོའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །མིང་དང་གཟུགས་ནི་ཉིང་མཚམས་སྦྱོར་བའི་སྐད་ཅིག་གཉིས་པ་ནས་སྐྱེ་མཆེད་དྲུག་མ་དོད་པའི་བར་གྱི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་དོད་པ་ནས་ཡུལ་དབང་རྣམ་ཤེས་གསུམ་མ་འདུས་པའི་བར་གྱི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །རེག་པ་ནི་དེ་གསུམ་འདུས་ནས་བདེ་སྡུག་གི་འགྱུར་བ་མི་ཤེས་པའི་བར་གྱི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །ཚོར་བ་ནི་བདེ་སྡུག་གི་འགྱུར་བ་ཤེས་ནས་འཁྲིག་པ་སྤྱོད་མི་ཤེས་པའི་བར་གྱི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །སྲེད་པ་ནི་འཁྲིག་པ་སྤྱོད་ཤེས་པ་ནས་འཁྲིག་པའི་ལོངས་སྤྱོད་ལ་ཆགས་པ་མ་སྐྱེས་པའི་བར་གྱི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །ལེན་པ་ནི་དེ་ལ་ཆགས་པ་སྐྱེས་པ་ནས་ལོངས་སྤྱོད་དེ་ཐོབ་པའི་ཆེད་དུ་ཡོངས་སུ་རྒྱུག་པའི་བར་གྱི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །སྲིད་པ་ནི་རྒྱུག་པ་དེ་ཉིད་ཡང་སྲིད་ཕྱི་མ་འབྱུང་བའི་ལས་སོག་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །སྐྱེ་བ་ནི་ལས་དེས་ཚེ་ཕྱི་མར་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་དང་པོའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །རྒ་ཤི་ནི་དེའི་སྐད་ཅིག་གཉིས་པ་མིང་གཟུགས་ནས་བཟུང་སྟེ་ཚོར་བའི་བར་གྱི་ཕུང་པོ་ལྔའོ། །དེ་ཡང་འདི་ཉིད་དབུས་སུ་བཞག་པ་ན་སྐྱེ་བ་ལ་རྣམ་ཤེས་དང་། རྒ་ཤི་ལ་མིང་གཟུགས་ནས་ཚོར་བའི་བར་བཞག་སྟེ། གཞན་ལ་ཡང་འགྲེའོ། །གཉིས་པ་ནི་ཐམས་ཅད་ཕུང་པོ་ལྔ་པ་ཡིན་ན། མ་རིག་པ་སོགས་ཅིའི་ཕྱིར་ཡན་ལག་ཏུ་བཞག་ཅེ་ན། དེ་དང་དེའི་གནས་སྐབས་ན་གཙོ་གང་ཆེ་བ་དེའི་མིང་ནས་སྨོས་ཏེ་ཡན་ལག་ཏུ་བཞག་པ་ཡིན་ཏེ། སྔོན་ཉོན་མོངས་པའི་གནས་སྐབས་ན་མ་རིག་པ་གཙོ་ཆེ་བ་དང་། ལས་ཀྱི་གནས་སྐབས་ན་འདུ་བྱེད་སེམས་པ་གཙོ་ཆེ་བ་ལ་སོགས་པའི་དབང་གིས་ཡན་ལག་རེ་རེ་ལ་ཕུང་པོ་ལྔ་ཆར་ཡོད་ཀྱང་མ་རིག་པ་སོགས་དེ་དང་དེའི་མིང་གིས་སྨོས་པའི་ཕྱིར་ཏེ། གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །ཞེས་སོ། །གསུམ་པ་ནི། འོ་ན་ཡན་ལག་བཅུ་གཉིས་ཕུང་པོ་ཉིད་ལ་བཞག་ནས། དེ་ཡང་ཚེ་གསུམ་ལ་བཞག་པའི་དགོས་པ་གང་ཞེ་ན། སྔོན་གྱི་མཐར་བདག་བྱུང་ངམ་མ་བྱུང་སྙམ་པའི་རྨོངས་པ་བསལ་ནས་ཕུང་པོའི་རྒྱུན་ཙམ་ཞིག་འབྱུང་གི་བདག་ནི་ཅུང་ཟད་ཙམ་ཡང་མ་བྱུང་བར་ཤེས་པ་དང་། ཕྱི་མའི་ཚེ་བདག་འབྱུང་ངམ་མི་འབྱུང་སྙམ་པའི་རྨོངས་པ་བསལ་ནས་ཕུང་པོའི་རྒྱུན་ཙམ་ཞིག་འབྱུང་གི་བདག་ནི་ཅུང་ཟད་ཀྱང་འབྱུང་བ་མེད་པར་ཤེས་པ་དང་། ད་ལྟར་བདག་གི་ངོ་བོ་ནི་ཇི་ལྟ་བུ་ཞིག་ཡིན་སྙམ་པའི་རྨོངས་པ་བསལ་ནས་ཕུང་པོའི་རྒྱུན་ཙམ་ཞིག་ཡོད་ཀྱི་བདག་ནི་ཅུང་ཟད་ཀྱང་ཡོད་པ་མིན་ནོ་ཞེས་ཤེས་པའི་ཆེད་དུ་ཡིན་ཏེ། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཞེས་དང་། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་སོ། །བཞི་པ་ནི། བཅུ་གཉིས་པོ་ཐམས་ཅད་ཉོན་མོངས་པ་གསུམ་དུ་ཡང་འདུས་ཏེ། མ་རིག་པ་དང་། སྲེད་པ་དང་། ལེན་པ་གསུམ་ནི། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། འདུ་བྱེད་དང་སྲིད་པ་གཉིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། ལྷག་མ་བདུན་ནི་གཞིའི་ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །ཡང་རྒྱུ་འབྲས་གཉིས་སུ་ཡང་འདུས་ཏེ། ཉོན་མོངས་པ་དང་ལས་ཀྱིས་བསྡུས་པ་ལྔ་ནི་རྒྱུའི་རྟེན་འབྲེལ་དང་། ལྷག་མ་བདུན་ནི་འབྲས་བུའི་རྟེན་འབྲེལ་ཡིན་པའི་ཕྱིར་ཏེ། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན་དེ་བཞིན་འབྲས་བུ་ཡིན། །ཞེས་སོ། །ལྔ་པ་ནི། ཡན་ལག་བཅུ་གཉིས་ཆ་གཅིག་གིས་བསྡུས་པའི་ཚེ་ཕྱི་མའི་འབྲས་བུའི་གནས་སྐབས་སུ་རྣམ་ཤེས་ནས་ཚོར་བའི་བར་ལྔ་མེད་པར་ཐལ། ཕྱི་མའི་འབྲས་བུའི་ཡན་ལག་རྣམས་སྐྱེ་རྒ་གཉིས་སུ་འདུས་པའི་ཕྱིར་རོ། །ཚེ་སྔ་མའི་རྒྱུའི་གནས་སྐབས་སུ་སྲེད་ལེན་སྲིད་པ་གསུམ་མེད་པར་ཐལ། ཚེ་སྔ་མའི་རྒྱུའི་ཡན་ལག་རྣམས་མ་རིག་པ་དང་འདུ་བྱེད་གཉིས་སུ་འདུས་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། ཚེ་འདིའི་འབྲས་བུའི་ཡན་ལག་ལ་ལྔར་ཕྱེ་བའི་རྗེས་སུ་དཔག་པ་ལས་ཕྱི་མའི་འབྲས་བུའི་ཡན་ལག་ལ་ཡང་ཡན་ལག་ལྔ་པོ་དེ་ཡོད་པར་རྟོགས་ནུས་པའི་ཕྱིར་དང་། ཚེ་འདིའི་རྒྱུའི་ཡན་ལག་ལ་གསུམ་དུ་ཕྱེ་བའི་རྗེས་སུ་དཔག་པ་ལས་སྔ་མའི་རྒྱུའི་ཡན་ལག་ལ་ཡང་གསུམ་པོ་དེ་ཡོད་པར་རྟོགས་ནུས་པའི་ཕྱིར་ཏེ། གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ། །བར་མའི་རྗེས་སུ་དཔག་པ་ལས། །ཞེས་སོ། །འོ་ན་སྔ་ཕྱི་གཉིས་ཀྱི་རྒྱུ་འབྲས་རྒྱས་པར་མི་ཕྱེ་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། དེ་ལྟར་ན་མདོ་ལས། ཡན་ལག་བཅུ་གཉིས་ཆ་གཅིག་གིས་སྔ་མ་སྔ་མའི་རྐྱེན་གྱིས་ཕྱི་མ་ཕྱི་མ་བསྐྱེད་པ་དེ་མི་འགྲུབ་པས་དེ་བསྒྲུབ་པའི་ཆེད་དུ་སྔ་ཕྱི་གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་ནས་བར་མ་རྒྱས་པར་ཕྱེ་བའོ། །དྲུག་པ་ནི་མ་རིག་པ་ལ་རྒྱུ་མེད་ན་འཁོར་བ་ལ་ཐོག་མ་ཡོད་པར་འགྱུར་ཞིང་། ཡོད་ན་ཡན་ལག་བཅུ་གཉིས་སུ་གྲངས་མ་ངེས་པར་འགྱུར་བ་དང་། རྒ་ཤི་ལ་འབྲས་བུ་མེད་ན་འཁོར་བ་ལ་ཐ་མ་ཡོད་པར་འགྱུར་ཞིང་། ཡོད་ན་ཡན་ལག་བཅུ་གཉིས་སུ་གྲངས་མ་ངེས་པར་འགྱུར་རོ་ཞེ་ན། འདིའི་ལན་དུ། ཉོན་མོངས་པ་ལས་ཉོན་མོངས་དང་། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །འདི་ནི་སྲིད་པའི་ཡན་ལག་ལུགས། །ཞེས་གསུངས་ཏེ། རྒྱས་པར་འོག་ཏུ་འཆད་དོ། །དེ་ཡང་མདོ་ལས་གསུངས་པའི་ཡན་ལག་བཅུ་གཉིས་ཆ་གཅིག་ལ་འཁོར་བས་བསྡུས་པའི་ཡན་ལག་བཅུ་གཉིས་ཆ་གཉིས་ངེས་པར་ཚང་བ་ནི་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀུན་གྱི་དགོངས་པར་སྣང་སྟེ། འདིར་ཡང་མདོ་ལས་གསུངས་པའི་ཡན་ལག་བཅུ་གཉིས་ཆ་གཅིག་བཞག་པ་ལ་ཡང་ཚེ་གསུམ་ངེས་པར་དགོས་ཤིང་། འཁོར་བས་བསྡུས་པའི་ཡན་ལག་བཅུ་གཉིས་ཆ་གཅིག་ལ་ཚེ་གཉིས་ཀྱིས་ཆོག་པའི་ཕྱིར་ཏེ། ཚེ་སྔ་མའི་མ་རིག་པ་དང་འདུ་བྱེད་ལ་སྲེད་ལེན་སྲིད་པ་གསུམ་ཚང་ཞིང་། ཚེ་འདིའི་རྣམ་ཤེས་ནས་ཚོར་བའི་བར་ལ་སྐྱེ་བ་དང་རྒ་ཤི་གཉིས་ཚང་བས་དེར་ཡང་འཁོར་བའི་རྒྱུ་འབྲས་ཆ་གཅིག་རྫོགས་ལ། ཚེ་འདིའི་སྲེད་ལེན་སྲིད་པ་གསུམ་ལ་མ་རིག་པ་དང་འདུ་བྱེད་གཉིས་ཚང་། ཚེ་ཕྱི་མའི་སྐྱེ་བ་དང་རྒ་ཤི་གཉིས་ལ་རྣམ་ཤེས་ནས་ཚོར་བའི་བར་ལྔ་ཚང་བས་དེར་ཡང་འཁོར་བའི་རྒྱུ་འབྲས་ཆ་གཅིག་རྫོགས་པའི་ཕྱིར་རོ། །འོ་ན་མདོ་ལས་འཁོར་བའི་རྒྱུ་འབྲས་ཆ་གཅིག་ལ་ཡན་ལག་བཅུ་གཉིས་སུ་མི་འཇོག་པར་ཆ་གཉིས་ལ་ཡན་ལག་བཅུ་གཉིས་སུ་བཞག་པའི་དགོས་པ་གང་ཞེ་ན། འདི་ལ་ཚེ་གསུམ་ལ་བཞག་པའི་དགོས་པ་དང་། སྔ་མ་སྔ་མའི་རྐྱེན་གྱིས་ཕྱི་མ་ཕྱི་མ་འབྱུང་བར་རྟོགས་པའི་དགོས་པ་གཉིས་ལས། དང་པོ་ནི་བཤད་ཟིན་ལ། ཕྱི་མ་ནི་ཡན་ལག་བཅུ་གཉིས་ཆ་གཅིག་ལ་མདོ་ལས་ཡན་ལག་བཅུ་གཉིས་སུ་བཞག་ན་སྔ་མ་སྔ་མའི་རྐྱེན་གྱིས་ཕྱི་མ་ཕྱི་མ་འབྱུང་བར་མི་འགྲུབ་སྟེ། དེའི་ཚེ་སྲེད་ལེན་སྲིད་པ་གསུམ་པོ་རྒྱུར་བྱས་ནས་རྣམ་ཤེས་ནས་ཚོར་བའི་བར་འབྲས་བུར་བཞག་དགོས་པས་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་མི་འགྲུབ་པའི་ཕྱིར་རོ། །ཆ་གཉིས་ལ་ཡན་ལག་བཅུ་གཉིས་ཆ་གཅིག་ཏུ་བཞག་པའི་ཚེ་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་འགྲུབ་སྟེ། དེའི་ཚེ་ཚོར་བ་ནི་ཆ་སྔ་མའི་འབྲས་བུ་ཡིན་ལ། སྲེད་པ་ནི་ཆ་ཕྱི་མའི་རྒྱུ་ཡིན་ཅིང་། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་ཚེ་གཉིས་ཀ་ཡང་ཆ་གཅིག་ཏུ་རྟོགས་པའི་ཕྱིར་རོ། །གཞན་དག་གིས་ཐེ་ཚོམ་ཡང་ག་ལ་ཞུགས། བདུན་པ་ནི། འོ་ན་མདོ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་བྱུང་བ་ཞེས་གཉིས་གསུངས་ན་དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། མདོའི་དགོངས་པ་ནི་ཡན་ལག་བཅུ་གཉིས་པོ་ཐམས་ཅད་འབྱུང་བ་དང་བྱུང་བ་གཉིས་ཀ་ཡིན་པའི་དོན་ཡིན་ལ། བསྟན་བཅོས་ལས་ནི་རྒྱུའི་ཡན་ལག་ལྔ་པོ་འབྱུང་བ་དང་། འབྲས་བུའི་ཡན་ལག་བདུན་པོ་བྱུང་བར་འཆད་དེ། འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་བ་འབྲས་བུ་ཡིན་པར་འདོད། །ཅེས་སོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་བཤད་ཟིན་ཏོ།།  །།གཉིས་པ་མདོ་སྡེ་པའི་ལུགས་ལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བའི་ལུགས་སུན་ཕྱུང་བ་དང་། རང་གི་འདོད་པ་བཞག་པའོ། །དང་པོ་ནི། ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཕུང་པོ་ལྔ་པར་འདོད་པ་མི་འཐད་དེ། ལུང་རིགས་གཉིས་ཀྱིས་གནོད་པའི་ཕྱིར་རོ། །ལུང་ནི་བཅོམ་ལྡན་འདས་ཀྱིས་མདོ་ལས། མ་རིག་པ་གང་ཞེ་ན་སྔོན་གྱི་མཐའ་མི་ཤེས་པ་དང་ཞེས། སེམས་བྱུང་རྨོངས་པ་ལ་མ་རིག་པར་བཤད་པས་ཕུང་པོ་ལྔ་པར་འདོད་པ་མི་འཐད་དོ། །རིགས་པ་ནི་ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཕུང་པོ་ལྔ་པ་ཡིན་ན། མིང་གཟུགས་ཁོ་ན་ཕུང་པོ་ལྔ་པར་བཤད་པ་ལ་དགོས་པ་མེད་པར་ཐལ་བའི་ཕྱིར་རོ། །གཉིས་པ་ནི། མ་རིག་པ་ནི། རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་སྟེ། རིག་པ་ཡེ་ཤེས་ལས་གཞན་ཙམ་དང་། རིག་པ་ཡེ་ཤེས་བཀག་ཙམ་མ་རིག་པ་ཡིན་ན། མདོ་ལས། མ་རིག་པའི་ཀུན་སྦྱོར་དང་། མ་རིག་པའི་འཆིང་བ་སོགས་གསུངས་པ་དང་འགལ་བའི་ཕྱིར་རོ། །གལ་ཏེ་ཤེས་རབ་ངན་པ་མ་རིག་པ་ཡིན་ནོ་སྙམ་ན་མིན་ཏེ། ཤེས་རབ་ངན་པ་ནི་ལྟ་བ་ཡིན་ལ། ལྟ་བ་ནི་མ་རིག་པ་དེ་དང་མཚུངས་ལྡན་དུ་བཤད་པས་རྣམ་ཤེས་གཅིག་གི་འཁོར་དུ་ཤེས་རབ་ཀྱི་རྫས་གཉིས་འབྱུང་བ་མི་སྲིད་པའི་ཕྱིར་རོ། །ཡང་མདོ་ལས་མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་གྲོལ་ལོ་ཞེས་ཤེས་རབ་དེ་མ་རིག་པས་ཉོན་མོངས་པར་བྱ་བ་ཡིན་པའི་ཕྱིར་ན་ཡང་ཤེས་རབ་མ་རིག་པ་མ་ཡིན་ནོ་ཞེས་པ་ནི་མངོན་པ་སྨྲ་བའི་མདོ་སྡེ་པའི་ལུགས་ཡིན་ལ། ཚད་མ་སྨྲ་བའི་མདོ་སྡེ་པ་ནི་འཇིག་ཚོགས་ལ་ལྟ་བ་ཉིད་མ་རིག་པར་འདོད་དེ། རྣམ་འགྲེལ་ལས། ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་དེ་དེ་ལས་ཆགས། །ཞེས་སོ། །འདུ་བྱེད་ནི་ལས་བསྟན་པའི་སྐབས་སུ་འཆད་པར་འགྱུར་རོ། །རྣམ་ཤེས་དང་། གཟུགས་དང་། སྐྱེ་མཆེད་དྲུག་ནི། ཁམས་བསྟན་པར་བཤད་ཟིན་ནས། མིང་ནི་མིང་གཞིའི་ཕུང་པོའོ། །རིག་པ་ནི་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་སེམས་བྱུང་སྟེ། མིག་གི་འདུས་ཏེ་རེག་པ་སོགས་དྲུག་གོ །དེ་ཉིད་ཀྱི་དང་པོ་ལྔ་ལ་ཐོགས་པའི་རེག་པ་དང་། ཕྱི་མ་ལ་ཚིག་བླ་དྭགས་པའི་རེག་པ་ཞེས་གཉིས་སུ་ཡང་དབྱེའོ། །ཡང་རེག་པ་ལ་དབྱེ་ན། རིག་པའི་རེག་པ། མ་རིག་པའི་རེག་པ། དེ་ལས་གཞན་པའི་རེག་པ་གསུམ་སྟེ། དང་པོ་ནི་ཟག་མེད་ཀྱི་རེག་པ། གཉིས་པ་ནི་ཉོན་མོངས་ཅན་གྱི་རེག་པ། གསུམ་པ་ནི་དགེ་བ་ཟག་བཅས་དང་། མ་བསྒྲིབས་པའི་རེག་པའོ། །ཉོན་མོངས་ཅན་གྱི་རེག་པ་ལ་གནོད་སེམས་དང་མཚུངས་ལྡན་གྱི་རེག་པ་དང་། རྗེས་སུ་ཆགས་པ་དང་མཚུངས་ལྡན་གྱི་རེག་པ་གཉིས་སོ། །ཡང་རེག་པ་ལ་བདེ་བ་སྡུག་བསྔལ་བཏང་སྙོམས་མྱོང་འགྱུར་གྱི་རེག་པ་དང་གསུམ་སྟེ། དེ་ལྟར་དབྱེ་སྒོ་ལྔ་ལས། རྣམ་གྲངས་ཀྱི་སྒོ་ནས་བཅུ་དྲུག་ཏུ་བཞེད་དོ། །ཚོར་བ་ནི་རེག་པས་བཅད་པ་ལྟར་རྣམ་སྨིན་ཉམས་སུ་མྱོང་བའི་སེམས་བྱུང་སྟེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སོགས་དྲུག་གོ །སྲེད་པ་དང་ལེན་པ་གཉིས་ནི་ཕྲ་རྒྱས་བསྟན་པའི་སྐབས་སུ་འཆད་པར་འགྱུར་རོ། །སྲིད་པ་ནི་འདུ་བྱེད་ཀྱི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་དོ། །སྐྱེ་བ་དང་རྒ་ཤི་གཉིས་ནི་རྣམ་པར་ཤེས་པ་ནས་ཚོར་བའི་བར་ལ་བཏགས་པའི་བཏགས་ཡོད་དོ། །ཉོན་མོངས་པ་གསུམ་དུ་བསྡུ་བ་སོགས་ཕལ་ཆེར་ནི་སྔ་མ་དང་འདྲ་ལ། རྒྱུ་འབྲས་དུས་བསྡུས་པའི་མངོན་པ་ཀུན་ལས་བཏུས་བཞིན་དུ་བཞེད་པར་མངོན་ནོ། །མདོ་སྡེ་པའི་ལུགས་བཤད་ཟིན་ཏོ།།  །།གསུམ་པ་སེམས་ཙམ་པའི་ལུགས་ལ། རྟེན་འབྲེལ་གང་ལ་འཇོག་པའི་གཞི་ངོས་བཟུང་བ། དེ་ལ་བཞག་པའི་རྟེན་འབྲེལ་གྱི་རབ་དབྱེ་བཤད་པ། སྐབས་སུ་བབ་པའི་རྟེན་འབྲེལ་བྱེ་བྲག་ཏུ་བཤད་པ་དང་གསུམ་ལས། དང་པོ་ནི། འདིའི་ལུགས་ལ་རྟེན་འབྲེལ་གྱི་རྣམ་གཞག་འདུས་བྱས་ཐམས་ཅད་ལ་བརྩི་ཡིས། འདུས་མ་བྱས་ལ་ནི་མི་རྩི་སྟེ། དེ་ལ་རྟེན་འབྲེལ་གྱི་མཚན་ཉིད་གསུམ་པོ་དེ་མ་ཚང་བའི་ཕྱིར། གསུམ་གང་ཞེ་ན། གཡོ་བ་མེད་པའི་རྐྱེན་གྱིས་བྱུང་བ། མི་རྟག་པའི་རྐྱེན་གྱིས་བྱུང་བ། ནུས་པའི་རྐྱེན་གྱིས་བྱུང་བའོ། །དེ་གསུམ་གྱི་ངོས་འཛིན་རིམ་པ་བཞིན། ཕྱིའི་རྟེན་འབྲེལ་མྱུ་གུ་སོགས་དང་། ནང་གི་རྟེན་འབྲེལ་མ་རིག་སོགས་རྣམས་ཆོས་ཅན། གཡོ་བ་མེད་པའི་རྐྱེན་གྱིས་བྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྒྱུ་རྐྱེན་དེ་དང་དེ་ཚོགས་པ་ལས་འབྲས་བུ་འབྱུང་བ་ཡིན་གྱི་བདག་གིས་འབྲས་བུ་འདི་བསྐྱེད་པར་བྱའོ་སྙམ་པའི་བློ་སྔོན་དུ་བཏང་བའི་གཡོ་བ་མེད་པའི་ཕྱིར། འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་འདི་ཡོད་པས་འདི་འབྱུང་ཞེས་པ་དང་། ཡང་དེ་གཉིས་ཆོས་ཅན། མི་རྟག་པའི་རྐྱེན་གྱིས་བྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཡོ་བ་མེད་པ་ལས་བྱུང་དུ་ཟིན་ཀྱང་རྟག་པས་འབྲས་བུ་བསྐྱེད་ན་འབྲས་བུ་ཐམས་ཅད་ཅིག་ཆར་བསྐྱེད་པར་ཐལ་བའི་ཕྱིར་རོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་གསུངས་སོ། །ཡང་དེ་ཉིད་ཆོས་ཅན། ནུས་པའི་རྐྱེན་གྱིས་བྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཡོ་བ་མེད་པ་དང་། མི་རྟག་ཏུ་ཟིན་ཀྱང་རྐྱེན་གང་ཡང་རུང་བས་འབྲས་བུ་ཐམས་ཅད་བསྐྱེད་པ་མིན་པའི་ཕྱིར་དང་། བསྐྱེད་པར་ནུས་པའི་རྐྱེན་གྱིས་འབྲས་བུ་བསྐྱེད་པ་ཡིན་པའི་ཕྱིར། འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་དང་། རྣམ་བྱང་གི་རྟེན་འབྲེལ་ལོ། །དང་པོ་ལ་ནང་གི་དང་། ཕྱིའི་རྟེན་འབྲེལ་གཉིས། དང་པོ་ལ། བརྟེན་པའི་དབང་དུ་བྱས་པ། རྟེན་གྱི་དབང་དུ་བྱས་པ། གྲུབ་ཟིན་གནས་པའི་དབང་དུ་བྱས་པ། མ་གྲུབ་པ་གྲུབ་པའི་དབང་དུ་བྱས་པ་དང་བཞི་ནི་རིམ་པ་བཞིན། མིག་དབང་གཟུགས་ཅན་པ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་བ་ལྟ་བུ་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བའི་བར་ལྟ་བུ་དང་། ཁམས་གསུམ་གྱི་སེམས་ཅན་རྣམས་ཟས་ལ་བརྟེན་ནས་གནས་པ་ལྟ་བུ་དང་། ལེགས་སྤྱད་དང་ཉེས་སྤྱད་ལ་བརྟེན་ནས་བདེ་འགྲོ་དང་། ངན་འགྲོ་སོ་སོར་འགྲུབ་པ་ལྟ་བུའོ། །གཉིས་པ་ལ་བརྟེན་པའི་དབང་དུ་བྱས་པ་དང་། རྟེན་གྱི་དབང་དུ་བྱས་པ་གཉིས། དང་པོ་ནི། ས་བོན་ལས་མྱུ་གུ། དེ་ལས་སྡོང་བུ་འབྱུང་བ་ལ་སོགས་པ་ལྟ་བུའོ། །ཕྱི་མ་ནི་སེམས་ཅན་རྣམས་ཀྱི་སྤྱི་མཐུན་གྱི་ལས་ཀྱིས་སྣོད་ཀྱི་འཇིག་རྟེན་ཆགས་པ་དང་། འཇིག་པ་ལྟ་བུའོ། །གཉིས་པ་རྣམ་བྱང་གི་རྟེན་འབྲེལ་ལ་བརྟེན་པའི་དབང་དུ་བྱས་པ་དང་། རྟེན་གྱི་དབང་དུ་བྱས་པ་གཉིས། དང་པོ་ནི། ཚོགས་ལམ་ལས་སྦྱོར་ལམ། དེ་ལས་མཐོང་ལམ་འབྱུང་བ་ལྟ་བུའོ། །གཉིས་པ་ནི་བསམ་གཏན་ལ་བརྟེན་ནས་སྤྱན་དང་མངོན་ཤེས་སོགས་ཀྱི་ཡོན་ཏན་ཁྱད་པར་ཅན་འབྱུང་བ་ལྟ་བུའོ། །གསུམ་པ་ལ་དགུ་སྟེ། མཚན་ཉིད། ཡན་ལག་རྣམ་པར་དབྱེ་བ། ཡན་ལག་མདོར་བསྡུ་བ། ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པ། ཡན་ལག་གི་ལས་བསྟན་པ། ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུ་བ། རྟེན་འབྲེལ་གྱི་སྒྲ་དོན། ཟབ་མོ་རྟོག་པར་དཀའ་བའི་ཚུལ། ལུགས་མཐུན་དང་ལུགས་བཟློག་ཏུ་སྒོམ་པའི་ཚུལ་ལོ། །དང་པོ་ནི། ཁྱད་པར་གསུམ་དང་ལྡན་པའི་རྐྱེན་ལས་བྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དོ། །ཁྱད་པར་གསུམ་པོ་གང་ཞེ་ན། གཡོ་བ་མེད་པ་ལ་སོགས་པའོ། །དེ་ལ་དང་པོས་ནི། སྔོན་གྱི་མཐའ་ལ་རྨོངས་པ་སེལ་ཏེ། ཕྱི་ནང་གི་འབྲས་བུ་འདི་དག་སྔོན་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་འགའ་ཞིག་གིས་བློ་སྔོན་དུ་བཏང་སྟེ་བྱས་སོ་སྙམ་པའི་དོགས་པ་བཟློག་པར་བྱེད་པའི་ཕྱིར་རོ། །གཉིས་པས་ནི་ད་ལྟར་གྱི་རང་གི་ངོ་བོ་ལ་རྨོངས་པ་སེལ་ཏེ། གཙོ་བོ་ལ་སོགས་པ་རྟག་པའི་རྒྱུ་ལས་བྱུང་བས་རང་གི་ངོ་བོ་སྐད་ཅིག་གིས་སྐྱེ་འགག་མི་བྱེད་པའི་རྟག་པར་སྒྲོ་འདོགས་པ་བཟློག་པའི་ཕྱིར་ཏེ། རྒྱུ་རྐྱེན་མི་རྟག་པ་ལས་སྐྱེས་པའི་འབྲས་བུ་རྟག་པའི་གོ་སྐབས་མི་འཐད་པའི་ཕྱིར་རོ། །གསུམ་པས་ནི། ཕྱི་མའི་མཐའ་ལ་རྨོངས་པ་སེལ་ཏེ། ཕྱུགས་ཀྱི་མཆོད་སྦྱིན་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་མ་འོངས་པ་ན་མཐོ་རིས་ཀྱི་བདེ་བ་ལ་སོགས་པའི་མི་མཐུན་པའི་འབྲས་བུ་འབྱུང་བར་སྨྲ་བ་སེལ་བའི་ཕྱིར་ཏེ། རྒྱུ་དང་རྗེས་སུ་མཐུན་པར་འབྲས་བུ་འབྱུང་གི་མི་མཐུན་པའི་རྒྱུ་ལས་མི་མཐུན་པའི་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །གཉིས་པ་དང་། གསུམ་པ་དང་། དྲུག་པ་ནི་དབུ་མ་པའི་སྐབས་སུ་འཆད་པར་འགྱུར་རོ། །བཞི་པ་ནི། ཀུན་ལས་བཏུས་ལས། ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པ་ཇི་ལྟ་བུ་ཞེ་ན། བག་ཆགས་དང་། ཤུགས་དང་། ཡིད་ལ་བྱེད་པ་དང་། ལྷན་ཅིག་འབྱུང་བས་ཀྱང་ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པར་རིག་པར་བྱ་སྟེ། ཅི་རིགས་སུ་སྦྱར་རོ། །ཞེས་གསུངས་པ་དེའི་དོན་ནི། བག་ཆགས་ཀྱིས་རྒྱུའི་རྐྱེན། ཤུགས་ཀྱིས་དེ་མ་ཐག་རྐྱེན། ཡིད་ལ་བྱེད་པས་དམིགས་རྐྱེན། ལྷན་ཅིག་འབྱུང་བས་བདག་རྐྱེན་བསྟན་པ་ཡིན་པས་མ་རིག་པ་ལ་འདུ་བྱེད་ཀྱི་རྒྱུའི་རྐྱེན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མ་རིག་པས་བག་ཆགས་བསྒོས་པའི་སེམས་རྒྱུད་ལ་ཡོད་པའི་འདུ་བྱེད་ཀྱིས་ཡང་སྲིད་འཕེན་གྱི་གཞན་གྱིས་མིན་པའི་ཕྱིར། དེ་ལ་དེའི་དེ་མ་ཐག་རྐྱེན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མ་རིག་པའི་དབང་གིས་འདུ་བྱེད་སྔ་མ་ལས་དེ་ཕྱི་མ་འབྱུང་བ་ཡིན་པའི་ཕྱིར། དེ་ལ་དེའི་དམིགས་རྐྱེན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མ་རིག་པ་དེའི་དབང་གིས་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པའི་སྒོ་ནས་ཡུལ་ལ་ཕྱིན་ཅི་ལོག་ཏུ་དམིགས་པའི་ཕྱིར། དེ་ལ་དེའི་བདག་རྐྱེན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མ་རིག་པའི་དབང་གིས་དེ་དང་ལྷན་ཅིག་ཏུ་འབྱུང་བའི་སེམས་བྱུང་རྣམས་ཡུལ་ལ་མངོན་པར་འདུ་བྱེད་པ་ཡིན་པའི་ཕྱིར། ཅི་རིགས་ཞེས་པའི་དོན་ནི། རིག་པས་རིག་པའི་རྐྱེན་བཞི་ཀ་དང་། དེས་བེམ་པོའི་རྐྱེན་བྱས་ན་བདག་རྐྱེན་ཁོ་ན། བེམ་པོས་བེམ་པོའི་རྐྱེན་བྱས་ན། རྒྱུའི་རྐྱེན་དང་། བདག་རྐྱེན་གཉིས། བེམ་པོས་རིག་པའི་རྐྱེན་བྱས་ན་དམིགས་རྐྱེན་དང་བདག་རྐྱེན་གཉིས་བྱེད་དོ། །དེ་དག་ཀྱང་དངོས་བཏགས་མ་ཕྱེ་བའི་དབང་དུ་བྱས་པ་ཡིན་གྱི། ཕྱེ་ན། མ་རིག་པས་འདུ་བྱེད་ཀྱི་རྐྱེན་བྱེད་པའི་ཚེ་ན་དང་པོ་གསུམ་བཏགས་པ་བ་ཡིན་ཞིང་། ཕྱི་མ་ཁོ་ན་མཚན་ཉིད་པ་ཡིན་ནོ། །ཡང་། སའི་དངོས་གཞི་ལས། ཡན་ལག་བཅུ་གཉིས་པོ་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་རྒྱུའི་རྐྱེན་བྱེད་པར་མི་སྲིད་དེ། རྒྱུའི་རྐྱེན་གྱི་དོན་ནི། རང་རང་གི་ས་བོན་གྱིས་སོ་སོར་བྱེ་བ་ཡིན་པའི་ཕྱིར། དེས་ན་བདག་རྐྱེན་ཁོ་ན་ཡིན་ཞེས་གསུངས་པའི་དོན་ནི་རྒྱུའི་རྐྱེན་མཚན་ཉིད་པ་ལ་དགོངས་ཏེ། འདི་པའི་ལུགས་ཀྱི་རྒྱུའི་རྐྱེན་མཚན་ཉིད་པ་ཡིན་ན། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་གི་རང་རང་གི་ས་བོན་ཡིན་དགོས་པ་ལ། ཡན་ལག་བཅུ་གཉིས་པོ་དེའི་སྟེང་གི་ས་བོན་མིན་པའི་ཕྱིར། བསྡུ་བ་ལས། དམིགས་རྐྱེན་དང་བདག་རྐྱེན་གཉིས་གསུངས་པ་ནི་རིག་པས་བེམ་པོའི་རྐྱེན་དང་། བེམ་པོས་རིག་པའི་རྐྱེན་བྱེད་པ་ལ་དགོངས་སོ། །དབུས་མཐའ་དང་ཐེག་བསྡུས་ལས། བདག་རྐྱེན་ཁོ་ནར་གསུངས་པ་ནི་རྐྱེན་མཚན་ཉིད་པ་ལ་དགོངས་སོ། །ལྔ་པ་ལ། ཡན་ལག་དང་པོ་བཅུ་གཅིག་གིས་གང་ཟག་དང་ཆོས་ལ་བྱ་བ་བྱེད་དེ། དེ་ཡང་མ་རིག་པས་གཉིས་བྱེད་དེ། སྲིད་པ་ལ་སེམས་ཅན་རྣམས་རྨོངས་པར་བྱེད་པ་དང་། འདུ་བྱེད་ཀྱི་རྐྱེན་བྱེད་པའི་ཕྱིར། འདུ་བྱེད་ཀྱིས་གཉིས་བྱེད་དེ། དེས་འགྲོ་བ་རྣམས་སུ་སེམས་ཅན་རྣམས་འབྱེད་པར་བྱེད་པ་དང་། རྣམ་པར་ཤེས་པའི་བག་ཆགས་ཀྱི་རྐྱེན་བྱེད་པའི་ཕྱིར། རྣམ་པར་ཤེས་པས་གཉིས་བྱེད་དེ། སེམས་ཅན་རྣམས་ཀྱི་ལས་ཀྱི་འཆིང་བ་འཛིན་པ་དང་། མིང་གཟུགས་ཀྱི་རྐྱེན་བྱེད་པའི་ཕྱིར། དེ་བཞིན་དུ་མིང་དང་གཟུགས་ཀྱིས་སེམས་ཅན་རྣམས་ལུས་ལེན་དུ་འཇུག་པ་དང་། སྐྱེ་མཆེད་དྲུག་གི་རྐྱེན་བྱེད། སྐྱེ་མཆེད་དྲུག་གིས་སེམས་ཅན་རྣམས་ལུས་རྫོགས་པར་ལེན་པ་དང་རེག་པའི་རྐྱེན་བྱེད། རེག་པས་སེམས་ཅན་རྣམས་ཡུལ་གྱི་ལོངས་སྤྱོད་ལ་སྦྱོར་བ་དང་ཚོར་བའི་རྐྱེན་བྱེད། ཚོར་བས་སེམས་ཅན་རྣམས་སྐྱེ་བའི་ལོངས་སྤྱོད་ལ་སྦྱོར་བ་དང་། སྲེད་པའི་རྐྱེན་བྱེད། སྲེད་པས་སེམས་ཅན་རྣམས་ཀྱི་སྐྱེ་བ་མངོན་པར་འགྲུབ་པ་དང་ལེན་པའི་རྐྱེན་བྱེད། ལེན་པས་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ཉེ་བར་ལེན་པ་དང་བཅས་པར་བྱེད་པ་དང་། སྲིད་པའི་རྐྱེན་བྱེད། སྲིད་པས་སེམས་ཅན་རྣམས་ཡང་སྲིད་ཕྱི་མ་ལ་མངོན་དུ་ཕྱོགས་པ་དང་། སྐྱེ་བའི་རྐྱེན་བྱེད། སྐྱེ་བས་སེམས་ཅན་རྣམས་མིང་གཟུགས་ནས་ཚོར་བའི་བར་རིམ་གྱིས་འགྲུབ་པ་དང་། རྒ་ཤིའི་རྐྱེན་བྱེད། རྒ་ཤིས་ཡང་དང་ཡང་དུ་ན་ཚོད་འགྱུར་བར་བྱེད་པས་གང་ཟག་ལ་བྱ་བ་བྱེད་ཅིང་། འཁོར་བས་བསྡུས་པའི་རྟེན་འབྲེལ་ཆ་གཅིག་ལ་ཆོས་ལ་བྱ་བ་བྱེད་པ་ནི་མེད་ལ། མདོ་ལས་བྱུང་བའི་ཆ་གཅིག་གི་དབང་དུ་བྱས་ན་སྲེད་པའི་རྐྱེན་བྱེད་པས་ཆོས་ལ་བྱ་བ་བྱེད་པ་ཡང་ཡོད་དོ། །བདུན་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་སྒྲས་བྱེད་པ་པོ་མེད་པའི་དོན་བསྟན་ཏེ། དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་མེད་པར་གཡོ་བ་མེད་པའི་རྐྱེན་ཙམ་ལས་བྱུང་བར་བསྟན་པའི་ཕྱིར། འོ་ན་རྒྱུ་མེད་པར་འགྱུར་རོ་ཞེ་ན། རྒྱུ་དང་བཅས་པར་ཡང་བསྟན་ཏེ། མ་རིག་པ་ལས་འདུ་བྱེད་སོགས་ཡན་ལག་སྔ་མ་ལས་ཕྱི་མ་འབྱུང་བར་བསྟན་པའི་ཕྱིར། བདག་མེད་པར་ཡང་བསྟན་ཏེ། ཕུང་པོ་ལས་གཞན་པའི་གང་ཟག་མེད་པར་བསྟན་པའི་ཕྱིར། གཞན་དབང་ཙམ་ཡང་བསྟན་ཏེ། རྒྱུ་རྐྱེན་གཞན་གྱི་དབང་གིས་བྱུང་བར་བསྟན་པའི་ཕྱིར། གཡོ་བ་མེད་པར་ཡང་བསྟན་ཏེ། རྒྱུ་རྐྱེན་ཚོགས་པ་ལས་འབྲས་བུ་འབྱུང་གི་འདི་བསྐྱེད་པར་བྱའོ་སྙམ་པའི་བློ་སྔོན་དུ་བཏང་བའི་གཡོ་བ་མེད་པར་བསྟན་པའི་ཕྱིར། མི་རྟག་པར་ཡང་བསྟན་ཏེ། ཐེར་ཟུག་ཏུ་མི་གནས་པར་བསྟན་པའི་ཕྱིར། སྐད་ཅིག་མར་ཡང་བསྟན་ཏེ། སྐྱེས་པའི་དུས་ནས་ཕ་རོལ་ཏུ་མི་གནས་པར་བསྟན་པའི་ཕྱིར། འོ་ན་རྒྱུ་འབྲས་རྒྱུན་ཆད་པར་འགྱུར་རོ་ཞེ་ན། མིན་ཏེ། རྒྱུ་ཞིག་པའི་སྐད་ཅིག་ཕྱིར་ལོགས་ན་འབྲས་བུ་ཡོད་པས་རྒྱུ་དང་འབྲས་བུ་རྒྱུན་མི་ཆད་པའི་ཕྱིར། འོ་ན་རྒྱུ་འབྲས་ངེས་པ་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། སྦྱིན་པ་ལས་ལོངས་སྤྱོད། སེར་སྣ་ལས་དབུལ་བ་སོགས་རྒྱུ་དང་འབྲས་བུ་མཐུན་པའི་དོན་ཡིན་པའི་ཕྱིར། འོ་ན་རྒྱུ་འབྲས་གྲངས་མཉམ་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྒྱུ་དུ་མ་ལས་འབྲས་བུ་གཅིག་འབྱུང་བ་དང་། རྒྱུ་གཅིག་ལས་འབྲས་བུ་དུ་མ་འབྱུང་བ་ཡོད་པས་རྒྱུ་དང་འབྲས་བུ་སྣ་ཚོགས་པའི་དོན་ཡིན་པའི་ཕྱིར། འོ་ན་ལས་མ་བྱས་པ་དང་ཕྲད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རང་རྒྱུད་ལ་གང་བསགས་པའི་ལས་ཀྱི་འབྲས་བུ་དེ་མྱོང་བར་འགྱུར་བས་རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ཡིན་པའི་ཕྱིར། འདི་དག་ཐམས་ཅད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ཚིག་གི་ནུས་པ་ལ་ཚང་བའི་དོན་ནོ། །བརྒྱད་པ་ལ་ལྔ་ལས། ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་དག་ཆོས་ཅན། རྒྱུས་ཟབ་པ་ཡིན་ཏེ། བྱེད་པ་པོ་མེད་པ་དང་རྒྱུ་དང་བཅས་པའི་དོན་གཉིས་ཀྱིས་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་ལས་བྱུང་བ་སྤངས་པའི་ཕྱིར། རང་གི་མཚན་ཉིད་ཀྱིས་ཟབ་སྟེ། བདག་ཏུ་སྣང་ཡང་བདག་ཏུ་མེད་པའི་དོན་ཅན་ཡིན་པའི་ཕྱིར། སྐྱེ་བས་ཟབ་པ་ཡིན་ཏེ། གཞན་གྱི་དབང་དང་སྐྱེ་བ་མེད་པའི་དོན་གཉིས་ཀྱིས་རྐྱེན་རྣམས་ལས་འབྲས་བུ་འབྱུང་ཡང་དེ་དག་གི་བློ་སྔོན་དུ་བཏང་ནས་མ་བྱས་པའི་ཕྱིར་རོ། །གནས་པས་ཟབ་པ་ཡིན་ཏེ། མི་རྟག་པ་དང་སྐད་ཅིག་མའི་དོན་གཉིས་ཀྱིས་དོན་དམ་པར་གནས་པ་མེད་བཞིན་དུ་ཐ་སྙད་དུ་རྒྱུན་གནས་པར་སྣང་བ་ཡིན་པའི་ཕྱིར། འབྱུང་བས་ཟབ་པ་ཡིན་ཏེ། རྒྱུ་དང་འབྲས་བུ་རྒྱུན་མི་ཆད་པ་སོགས་བཞིས་རྒྱུ་ལས་འབྲས་བུ་འབྱུང་བའི་ཚུལ་ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར་རོ། །ཡང་ཚུལ་གཞན་གྱི་སྒོ་ནས་ཀྱང་ཟབ་པར་ལྟ་སྟེ། འདི་ལྟར་རང་གི་ངོ་བོ་སྐད་ཅིག་ཀྱང་མི་གནས་ལ་རྒྱུན་གནས་པར་ཡང་དམིགས། བློ་སྔོན་དུ་བཏང་བའི་གཡོ་བ་མེད་པར་ནུས་པའི་རྐྱེན་ལས་རྗེས་སུ་དཔག་པའི་འབྲས་བུ་འབྱུང་བར་ཡང་དམིགས། དོན་དམ་པར་སེམས་ཅན་མེད་ཀྱང་ཐ་སྙད་དུ་སེམས་ཅན་དུ་གདགས་པར་ཡང་དམིགས། ལས་བྱེད་པ་པོ་མེད་ཀྱང་བྱས་པའི་ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་ཡང་དམིགས། མཐའ་བཞི་དང་བྲལ་བའི་རྐྱེན་ལས་སྐྱེས་པ་དེའི་ཕྱིར་ཟབ་པར་ཡང་ལྟའོ། །ཅིའི་ཕྱིར་མཐའ་བཞི་དང་བྲལ་ཞེ་ན། ཕྱི་ནང་གི་རྟེན་འབྲེལ་རྣམས་ཆོས་ཅན། བདག་གིས་མ་བྱས་ཏེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར། གཞན་ལས་སྐྱེ་བ་མ་ཡིན་ཏེ། རིགས་མི་མཐུན་པ་རྒྱུ་འབྲས་སུ་མི་རུང་བའི་ཕྱིར་དང་། རིགས་མཐུན་པའི་རྒྱུ་རྐྱེན་རྣམས་ནི་གཞན་དུ་མི་འཐད་པའི་ཕྱིར་རོ། །གཉིས་ཀ་ལས་ཀྱང་མ་ཡིན་ཏེ། ཉེས་པ་གཉིས་ཀར་ཡོད་པར་ཐལ་བའི་ཕྱིར་རོ། །རྒྱུ་མེད་པ་ལས་བྱུང་བ་མ་ཡིན་ཏེ། དུས་རྟག་ཏུ་སྐྱེ་བའམ་གཏན་མི་སྐྱེ་བར་ཐལ་བའི་ཕྱིར་རོ། །འདི་དག་ནི་དངོས་པོར་སྨྲ་བ་རྣམས་ཀྱིས་མཐའ་བཞིའི་སྐྱེ་བ་འགོག་པའི་ཚུལ་ཡིན་གྱིས་དབུ་མ་པ་རྣམས་ཀྱིས་གཞན་ལས་སྐྱེ་བ་མིན་ཏེ། འབྲས་བུ་རྒྱུ་ལས་གཞན་མིན་པའི་ཕྱིར། གཞན་ཡིན་ན་མི་ལྟོས་པར་ཐལ་བའི་ཕྱིར་རོ། །ཞེས་འཆད་པས། དངོས་སྨྲ་བ་རྣམས་ཀྱིས་གཞན་སྐྱེ་ཇི་ལྟར་བཀག་ཀྱང་གཞན་སྐྱེ་ཁས་བླངས་པ་ལས་མ་འདས་པར་འཆད་དོ། །དགུ་པ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་ཞེས་པ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་ཞེས་པའི་བར་གྱི་སྒོམ་ཚུལ་ནི་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལུགས་མཐུན་དུ་སྒོམ་ཚུལ་ཡིན་ཏེ། རྣལ་འབྱོར་པའི་བློ་ལ་སྣང་བའི་རྟེན་འབྲེལ་གྱི་རིམ་པ་དང་། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་གྱི་རིམ་པ་མཐུན་པའི་སྒོམ་ཚུལ་ཡིན་པའི་ཕྱིར། འདིའི་དགོས་པ་ནི་ལས་ཉོན་གྱི་འབྲས་བུ་མཐར་ཐུག་པ་སྡུག་བསྔལ་དུ་རྟོགས་པའི་ཆེད་ཡིན་ནོ། །རྒ་ཤི་གང་ལས་བྱུང་སྐྱེ་བ་ལས་བྱུང་ཞེས་པ་ནས་འདུ་བྱེད་གང་ལས་བྱུང་མ་རིག་པ་ལས་བྱུང་ཞེས་པའི་བར་གྱི་སྒོམ་ཚུལ་ནི་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལུགས་བཟློག་ཏུ་སྒོམ་པའི་ཚུལ་ཡིན་ཏེ། རྣལ་འབྱོར་པའི་བློ་ལ་སྣང་བའི་རྟེན་འབྲེལ་གྱི་གོ་རིམ་དང་། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་སྐྱེ་བའི་རིམ་པ་མི་མཐུན་པའི་སྒོམ་ཚུལ་ཡིན་པའི་ཕྱིར། འདིའི་དགོས་པ་ནི་སྡུག་བསྔལ་གྱི་རྩ་བ་མཐར་ཐུག་པ་མ་རིག་པར་རྟོག་པའི་ཆེད་ཡིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ནས། སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་པའི་བར་གྱི་སྒོམ་ཚུལ་ནི་རྣམ་བྱང་གི་རྟེན་འབྲེལ་ལུགས་མཐུན་དུ་སྒོམ་པའི་ཚུལ་ཡིན་ཏེ། རྣལ་འབྱོར་པའི་བློ་ལ་སྣང་བའི་རྟེན་འབྲེལ་གྱི་གོ་རིམ་དང་རྣམ་བྱང་གི་རྟེན་འབྲེལ་གྱི་སྐྱེ་ཚུལ་མཐུན་པའི་སྒོམ་ཚུལ་ཡིན་པའི་ཕྱིར། འདིའི་དགོས་པ་ནི་ལམ་སྒོམ་པའི་འབྲས་བུ་མཐར་ཐུག་པ་འགོག་བདེན་དུ་རྟོགས་པའི་ཆེད་ཡིན་ནོ། །སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་པ་ནས་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པའི་བར་གྱི་སྒོམ་ཚུལ་ནི་རྣམ་བྱང་གི་རྟེན་འབྲེལ་ལུགས་བཟློག་ཏུ་སྒོམ་པའི་ཚུལ་ཡིན་ཏེ། རྣལ་འབྱོར་པའི་བློ་ལ་སྣང་བའི་རྟེན་འབྲེལ་གྱི་རིམ་པ་དང་། རྣམ་བྱང་གི་རྟེན་འབྲེལ་སྐྱེ་ཚུལ་མི་མཐུན་པའི་སྒོམ་ཚུལ་ཡིན་པའི་ཕྱིར། འདིའི་དགོས་པ་ནི་འཁོར་བ་སྤངས་པའི་མྱང་འདས་ཀྱི་རྩ་བ་མཐར་ཐུག་པ་ནི་མ་རིག་པ་དང་འཛིན་སྟངས་དངོས་སུ་འགལ་བའི་རིག་པ་ཡེ་ཤེས་ཡིན་པར་རྟོགས་པའི་ཆེད་ཡིན་ནོ། །མངོན་པ་བ་ཁ་ཅིག་རྣམ་བྱང་གི་རྟེན་འབྲེལ་གྱི་རིམ་པ་གཉིས་པོ་དེ་རྣམ་བྱང་གི་རྟེན་འབྲེལ་སྒོམ་ཚུལ་མིན་པར་ཐལ། དེ་རྣམ་བྱང་གི་རྟེན་འབྲེལ་མིན་པའི་ཕྱིར་ཏེ། དེ་འདུས་བྱས་ཀྱི་ཆོས་མིན་པའི་ཕྱིར། ཞེས་བཀག་ནས། རང་ལུགས་ལ་མ་རིག་པ་འགགས་པའི་ཟག་མེད་ཀྱི་ཡེ་ཤེས་ལས་ཟག་མེད་ཀྱི་འདུ་བྱེད་སེམས་པ་འབྱུང་བ་ལ་སོགས་པ་ཡིན་ནོ་ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟར་ན་མ་རིག་པ་འགགས་པས་འདུ་བྱེད་འབྱུང་ཞེས་པར་སོང་བའི་ཕྱིར། སྔ་མའི་དགག་པ་ཡང་མི་འཇུག་སྟེ། མ་རིག་པ་འགགས་པའི་ཟག་མེད་ཀྱི་ཡེ་ཤེས་ལས་འདུ་བྱེད་འགགས་པའི་ཟག་མེད་ཀྱི་སེམས་པ་འབྱུང་བ་སོགས་ཡིན་པའི་ཕྱིར་རོ།།  །།བཞི་པ་དབུ་མ་པའི་ལུགས་ལ་གསུམ་སྟེ། རྟེན་འབྲེལ་གང་ལ་འཇོག་པའི་གཞི་ངོས་བཟུང་བ། དེ་ལ་འཇོག་པའི་རྟེན་འབྲེལ་གྱི་རྣམ་གཞག་བཤད། གྲུབ་མཐའ་འོག་མ་ལས་རྟེན་འབྲེལ་རྟོགས་ཚུལ་ཁྱད་པར་དུ་འཕགས་པར་བསྟན་པའོ། །དང་པོ་ནི། ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་མ་ཡིན་པར་ཡུལ་ཅན་གྱི་བློ་ལ་སྣང་བ་ཙམ་རྒྱུ་མཚན་དུ་བྱས་ནས་ཐ་སྙད་འདོགས་པའི་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་ཏེ། རྩ་ཤེ་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །འོ་ན་རྟེན་འབྲེལ་དང་སྟོང་པ་དོན་གཅིག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཀུན་རྫོབ་སྣང་ཙམ་དུ་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་པར་རྒྱུ་འབྲས་སོ་སོར་ངེས་ཀྱང་རྒྱུ་དེ་ལས་འབྲས་བུ་སྐྱེ་བའི་རྒྱུ་མཚན་ལ་རིགས་པས་དཔྱད་པའི་ཚེ། མཐའ་བཞིའི་སྐྱེ་བ་དང་བྲལ་བས་རྒྱུ་ལས་འབྲས་བུ་སྐྱེ་བ་ཉིད་མི་འགྲུབ་པ་ནི་རྟེན་འབྲེལ་ཡིན་ཏེ། ཀླུ་སྒྲུབ་ཞབས་ཀྱིས། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ནི་མཁས་རྟོགས་བྱ། །ཞེས་གསུངས་པས་སོ། །དེས་ན་དངོས་སྨྲ་བ་དག་གིས་རྟེན་འབྲེལ་ཇི་ལྟར་གཏན་ལ་དབབ་ཀྱང་རྒྱུ་འབྲས་བདེན་པ་བ་ཁས་བླངས་པས་རྟེན་འབྲེལ་གྱི་དོན་ལ་ཕྱིན་ཅི་ལོག་ཏུ་གྱུར་ལ། རྒྱུ་བརྫུན་པ་ལས་འབྲས་བུ་བརྫུན་པ་འབྱུང་བ་འདི་ལ། བདེན་པ་གཉིས་ཆར་དང་འགལ་བ་མེད་པའི་རྟེན་འབྲེལ་གྱི་གནད་འབྱུང་བར་བཞེད་དེ། དཔལ་ལྡན་ཟླ་བས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་དང་། རྣམ་བྱང་གི་རྟེན་འབྲེལ་ལོ། །དང་པོ་ལ་བདུན་ཏེ། ཡན་ལག་སོ་སོའི་ངོ་བོ། ཡན་ལག་སྔ་མ་ལས་ཕྱི་མ་འབྱུང་བའི་ཚུལ། ཡན་ལག་གི་བསྡུ་བ། ཡན་ལག་གི་གྲངས་ངེས། རྟེན་འབྲེལ་གྱི་སྒྲ་དོན། ཚེ་དུ་ཞིག་ལ་རྫོགས་པའི་ཚུལ། ས་མཚུངས་དཔྱད་པའོ། །དང་པོ་ལ་བཅུ་གཉིས་ལས། མ་རིག་པ་ལ་ཁ་ཅིག ཡུལ་ལ་མི་གསལ་བའི་རྣམ་པས་འཇུག་པའི་སེམས་བྱུང་ཞེས་ཟེར་ན། ཀུན་གཞི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་སེམས་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། གཏན་ཚིགས་གྲུབ་སྟེ། ཀུན་གཞིའི་རྣམ་ཤེས་དེ་ཡུལ་ལ་མི་གསལ་བའི་རྣམ་པས་འཇུག་པའི་གཙོ་སེམས་ཡིན་པའི་ཕྱིར་རོ། །ཁ་ཅིག་རིག་པ་ཡེ་ཤེས་དང་འཛིན་སྟངས་འགལ་བའི་སེམས་བྱུང་ཟེར་ན། རིག་པ་ཡེ་ཤེས་དང་འཛིན་སྟངས་འགལ་བའི་མ་རིག་པ་དང་མཚུངས་ལྡན་གྱི་འདོད་ཆགས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། གཏན་ཚིགས་གྲུབ་སྟེ། རིག་པ་ཡེ་ཤེས་དང་འཛིན་སྟངས་འགལ་བའི་མ་རིག་པ་དང་དམིགས་རྣམ་མཚུངས་པའི་ཕྱིར། རང་ལུགས་ནི་རིག་པ་ཡེ་ཤེས་དང་འཛིན་སྟངས་འགལ་བའི་སེམས་བྱུང་རྨོངས་པ་གང་ཞིག ཟག་བཅས་ཀྱི་ལས་ཀུན་ནས་སློང་བར་ནུས་པ་དེ་འདིར་བསྟན་མ་རིག་པའི་མཚན་ཉིད། དེ་ལ་ཁ་ཅིག ཉན་ཐོས་སློབ་པ་འཕགས་པའི་རྒྱུད་ཀྱི་སྒོམ་སྤངས་སུ་གྱུར་པའི་མ་རིག་པ་ཆོས་ཅན། ཟུར་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེའི་རྒྱུད་ལ་ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་དུ་སོགས་པ་ཡོད་པར་ཐལ། འདོད་པ་དེའི་ཕྱིར་ཞེ་ན། མ་ཁྱབ་སྟེ། དེའི་རྒྱུད་ལ་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀྱིས་ཡང་སྲིད་འཕེན་བྱེད་ཀྱི་ལས་གསོས་འདེབས་པ་མེད་པར་ཐལ། དེའི་རྒྱུད་ལ་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀུན་ནས་སློང་བའི་ཉོན་མོངས་པ་མེད་པའི་ཕྱིར། མ་གྲུབ་ན། དེའི་རྒྱུད་ཀྱི་སྒོམ་སྤངས་སུ་གྱུར་པའི་མ་རིག་པ་དེས་ཟག་བཅས་ཀྱི་ལས་ཀུན་ནས་སློང་བར་བྱེད་མི་ནུས་པ་དང་འགལ་ལོ། །འདིར་བསྟན་མ་རིག་པ་མཐོང་སྤངས་དང་སྒོམ་སྤངས་གང་ཡིན་དཔྱད་པ་ལ། དོན་གསང་རྣམ་པར་བཤད་པ་ལས། འདི་ནི་ཡང་སྲིད་འཕེན་བྱེད་ཡིན་པའི་ཕྱིར་དང་། རྟེན་འབྲེལ་གྱི་མདོ་འགྲེལ་ལས། བདེན་པ་མཐོང་ལ་ཕན་བྱེད་མེད། །ཅེས་གསུངས་པའི་ཕྱིར། མཐོང་བས་སྤང་བར་བྱ་བའི་མ་རིག་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པ་ལ། མཁས་པ་ཁ་ཅིག དེ་ནི་མི་འཐད་དེ། གྲུབ་མཐས་བློ་མ་བསྒྱུར་བའི་བྱ་དང་རི་དྭགས་སོགས་ཀྱི་རྒྱུད་ལ་ཡང་འདིར་བསྟན་གྱི་མ་རིག་པ་ཡོད་པའི་ཕྱིར་རོ། །ཁྱབ་སྟེ། མཐོང་སྤངས་སུ་གྱུར་པའི་མ་རིག་པ་ཡིན་ན། གྲུབ་མཐས་བློ་བསྒྱུར་བའི་སྤང་བྱ་ཀུན་བཏགས་ཡིན་དགོས་པའི་ཕྱིར། གཞན་ཡང་། འདོད་པར་བསགས་པའི་བསོད་ནམས་དང་། མི་གཡོ་བའི་འདུ་བྱེད་དེ་དག་མི་དགེ་བ་ཡིན་པར་འགྱུར་ཏེ། འདོད་པ་ན་སྤྱོད་པའི་མཐོང་སྤང་གི་ཉོན་མོངས་པ་ཐམས་ཅད་ནི་མི་དགེ་བ་ཁོ་ན་ཡིན་པའི་ཕྱིར། ཞེས་བཀག་ནས། རང་ལུགས་ལ་སྒོམ་སྤངས་ཁོ་ན་ཡིན་ཏེ། འདུ་བྱེད་ཐམས་ཅད་ཀྱི་སྤྱིའི་རྐྱེན་ཡིན་པའི་ཕྱིར་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་དུ་བྱུང་བའི་མ་འདྲེས་པའི་མ་རིག་པ་ཡིན་པའི་ཕྱིར། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་མ་རིག་པ་ནི། འདིར་བསྟན་གྱི་མ་རིག་པ་མིན་ཏེ། དེ་ནི་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་དག་ལ་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །འོ་ན་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་པ་ཁ་ནང་དུ་བལྟས་པའི་ཕྱིར། དགེ་མི་དགེའི་ལས་ཇི་ལྟར་སློང་སྙམ་ན་ཀུན་སློང་ལ་རྒྱུ་དུས་ཀྱི་དང་། དེ་དུས་ཀྱི་ཀུན་སློང་གཉིས་ཡོད་པ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་ཞེས་པ་འདི་ནི། རྒྱུ་དུས་ཀྱི་ཀུན་སློང་གི་དབང་དུ་བྱས་ཀྱི། དེ་དུས་ཀྱི་ཀུན་སློང་ནི་མིན་ཏེ། གཞན་དུ་ན་བསོད་ནམས་དང་མི་གཡོ་བའི་ལས་ཀྱང་ཉོན་མོངས་ཅན་ཁོ་ནར་འགྱུར་ཏེ། མ་རིག་པ་དེ་དུས་ཀྱི་རྐྱེན་དུ་ལྡན་པའི་ཕྱིར། ཞེས་སྤྲོས་པ་དང་བཅས་ཏེ་འཆད་དོ། །འདི་མི་འཐད་པར་སྟོན་པ་ལ་ཁས་བླངས་ནང་འགལ་གྱི་སྐྱོན་དང་། རང་ལུགས་ཀྱི་སྒྲུབ་བྱེད་མ་ངེས་པའི་སྐྱོན་དང་། དེ་དུས་ཀྱི་ཀུན་སློང་ཡན་ལག་བཅུ་གཉིས་ཀྱིས་མ་བསྡུས་པར་ཐལ་བའི་སྐྱོན་གསུམ་ལས། དང་པོ་ནི། གཞན་ལ་ཀུན་སློང་གི་མ་རིག་པ་མི་དགེ་བ་ཡིན་ན། དེས་ཀུན་ནས་བསླངས་པའི་ལས་ཐམས་ཅད་མི་དགེ་བར་ཐལ་བ་འཕངས་ནས། རང་གི་ཀུན་སློང་གི་མ་རིག་པ་ཉོན་མོངས་པ་ཅན་ཡིན་ཀྱང་དེས་བསླངས་པའི་ལས་ཐམས་ཅད་ཉོན་མོངས་ཅན་ཁོ་ནར་མི་འགྱུར་བའི་སྒྲུབ་བྱེད་དུ་རྒྱུ་དུས་ཀྱི་ཀུན་སློང་ལ་དགོངས་པའི་ཕྱིར་ཞེས་བཀོད་པ་ནི་རྣམ་པ་ཀུན་ཏུ་མཚུངས་ཏེ། གཞན་གྱིས་ཀྱང་རྒྱུ་དུས་ཀྱི་ཀུན་སློང་ལ་དགོངས་པའི་ཕྱིར་ཞེས་བརྗོད་ཤེས་པའི་ཕྱིར། གཉིས་པ་ནི་ཡིད་ཤེས་འཁོར་གྱི་མ་རིག་པ་མ་ཡིན་པའི་སྒྲུབ་བྱེད་དུ་དེ་ནི་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་དག་ལ་རྗེས་སུ་མི་འགྲོ་བའི་ཕྱིར། ཞེས་བཀོད་པ་ཡང་ཧ་ཅང་རྩིངས་ཏེ། ཀུན་སློང་གི་མ་རིག་པ་ཡིན་ན། ལས་གསུམ་ཆར་ཀུན་ནས་སློང་བས་མ་ཁྱབ་པའི་ཕྱིར། གསུམ་པ་ནི། འདུ་བྱེད་ཀྱི་དེ་དུས་ཀྱི་ཀུན་སློང་དུ་གྱུར་པའི་མ་རིག་པ་དེ་ཆོས་ཅན། ཁྱོད་ཡན་ལག་བཅུ་གཉིས་ཀྱིས་མ་བསྡུས་པར་ཐལ། ཁྱོད་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ནས་རྒ་ཤིའི་བར་གང་གིས་ཀྱང་མ་བསྡུས་པའི་ཕྱིར། གལ་ཏེ་ཡན་ལག་གཉིས་པས་བསྡུས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། ཡན་ལག་གཉིས་པ་ཀུན་ནས་སློང་བར་བྱེད་པའི་མ་རིག་པ་ཡིན་པའི་ཕྱིར། གཞན་ཡང་ལས་འབྲས་མེད་པར་ལྟ་བའི་ལོག་ལྟ་དང་མཚུངས་ལྡན་གྱི་མ་རིག་པའི་དབང་གིས་ངན་སོང་དུ་སྐྱེ་བའི་ལས་སོག་པ་མེད་པར་ཐལ། ཀུན་སློང་གི་མ་རིག་པ་ཡིན་ན། ཉོན་ཡིད་འཁོར་གྱི་མ་རིག་པ་ཡིན་དགོས་པའི་ཕྱིར། རང་ལུགས་ནི་མཐོང་སྤངས་དང་སྒོམ་སྤངས་གཉིས་ཀ་ཡོད་དེ། སའི་དངོས་གཞི་ལས། རྒྱུན་དུ་ཞུགས་པས་ཡན་ལག་དུ་སྤངས་པར་བརྗོད་པར་བྱ་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ། གང་ཡང་རིལ་གྱིས་སྤངས་པ་ནི་མ་ཡིན་ནོ། །རྒྱུན་དུ་ཞུགས་པ་ཇི་ལྟ་བ་དེ་བཞིན་དུ་ལན་གཅིག་ཕྱིར་འོང་བ་ཡང་དེ་བཞིན་ནོ། །ཕྱིར་མི་འོང་བས་ཡན་ལག་དུ་སྤངས་པར་བརྗོད་ཅེ་ན། འདོད་པ་ན་སྤྱོད་པ་ཐམས་ཅད་དོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལ་ནི་ངེས་པ་མེད་དོ། །དགྲ་བཅོམ་པས་ཡན་ལག་དུ་སྤངས་པར་བརྗོད་ཅེ་ན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་དོ། །ཞེས་གསུངས་པའི་ཕྱིར། འདིར་བསྟན་མ་རིག་པ་ལ་དབྱེ་ན། ལས་འབྲས་ལ་རྨོངས་པའི་དང་། དེ་ཁོ་ནའི་དོན་ལ་རྨོངས་པའི་མ་རིག་པ་གཉིས་ལས། དང་པོས་ནི། བསོད་ནམས་མ་ཡིན་པའི་ལས་ཀུན་ནས་སློང་ལ། ཕྱི་མས་ནི། བསོད་ནམས་དང་མི་གཡོ་བའི་ལས་ཀུན་ནས་སློང་བར་ཀུན་བཏུས་ལས་བཤད་དོ། །འདུ་བྱེད་ནི་རང་རྒྱུ་མ་རིག་པས་ཀུན་ནས་བསླངས་ཤིང་ཡང་སྲིད་འཕེན་པར་ནུས་པའི་ཟག་པ་དང་བཅས་པའི་ལས། དབྱེ་ན་བསོད་ནམས་མ་ཡིན་པ་དང་། བསོད་ནམས་དང་། མི་གཡོ་བའི་ལས་དང་གསུམ། མཚན་ཉིད་ནི་རིམ་པ་བཞིན། ངན་འགྲོར་འཕེན་པའི་ལས་དང་། འདོད་པའི་བདེ་འགྲོར་འཕེན་པའི་ལས་དང་། ཁམས་གོང་མར་འཕེན་པའི་ལས་རྣམས་སོ། །རྣམ་པར་ཤེས་པ་ནི་རྒྱུའི་ཆ་བཟུང་ན་ལས་ཀྱི་བག་ཆགས་འཛིན་པར་བྱེད་པའི་ཀུན་གཞི་ས་བོན་གྱི་ཆ་དང་། འབྲས་བུའི་ཆ་བཟུང་ན་ལས་ལ་བརྟེན་ནས་སྐྱེ་གནས་སུ་དང་པོར་གྲུབ་པའི་རྣམ་ཤེས་སོ། །ཐོགས་མེད་ཀྱིས་ནི་རྒྱུའི་ཆ་འཛིན་ཏེ། འཕེན་པར་བྱེད་པའི་ཡན་ལག་གང་ཞེ་ན། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ་ཞེས་གསུངས་པའི་ཕྱིར། ཀླུ་སྒྲུབ་ཀྱིས་ནི་འབྲས་བུའི་ཆ་བཟུང་སྟེ། གཉིས་ལས་བདུན་འབྱུང་ཞེས་གསུངས་པའི་ཕྱིར། འོ་ན་རྟེན་འབྲེལ་གྱི་མདོ་ལས། འདིའི་རྣམ་ཤེས་ལ་ཚོགས་དྲུག་ཏུ་དབྱེ་བ་ཡོད་པར་གསུངས་པའི་དགོངས་པ་ཇི་ལྟར་ཞེ་ན། མངོན་པ་བ་ཁ་ཅིག ཐོགས་མེད་ཀྱི་ལུགས་ལ་ཀུན་གཞི་ས་བོན་གྱི་ཆ་ལ་ཚོགས་དྲུག་བསྐྱེད་པའི་ནུས་པ་ཡོད་པ་ལ་དགོངས། ཀླུ་སྒྲུབ་ཀྱི་ལུགས་ནི། ལས་ལ་བརྟེན་ནས་སྐྱེ་གནས་སུ་དང་པོར་གྲུབ་པའི་རྣམ་ཤེས་དེ་བདག་རྐྱེན་དང་དམིགས་རྐྱེན་གཉིས་དང་འཕྲད་ན། ཚོགས་དྲུག་བསྐྱེད་པའི་ནུས་པ་ཡོད་པ་ལ་དགོངས་པའམ། ཡང་ན་རྫུས་སྐྱེས་ལ་མིང་གཟུགས་དང་སྐྱེ་མཆེད་དྲུག་གཅིག་ཆར་གྲུབ་པའི་དབང་དུ་བྱས་པ་ཡིན་ནོ། །ཞེས་གསུངས། མིང་གཟུགས་ནི་ཉིང་མཚམས་སྦྱོར་བའི་སྐད་ཅིག་གཉིས་པར་ཕུང་པོ་ལྔ་གྲུབ་པའོ། །འོ་ན་གཞན་ནས་བཤད་པའི་ཕུང་པོ་ལྔའི་གོ་རིམ་དང་མི་ཐུན་པའི་རྒྱུ་མཚན་ཅི་ཞེ་ན། མངོན་པ་བ་ཁ་ཅིག ཉེ་བར་ལེན་པ་པོ་དང་། ཉེ་བར་བླང་བྱའི་དབང་དུ་བྱས་པར་བཞེད་ཀྱང་མི་འཐད་དེ། རྣམ་སྨིན་གྱི་ཕུང་པོ་ཡིན་པས་ཉེ་བར་བླང་བྱར་མཚུངས་པའི་ཕྱིར། དེས་ན་རྣམ་ཤེས་ཀྱི་དུས་སུ་མིང་གཞིའི་ཕུང་པོ་གྲུབ་ཀྱང་སྐད་ཅིག་གཉིས་པར་གཟུགས་ཕུང་གྲུབ་པའི་ཚེ་མིང་གཟུགས་སུ་འཇོག་པས་གྲུབ་སྔ་ཕྱི་གོ་རིམ་གྱི་དབང་དུ་བྱས་ལ། གཟུགས་ཕུང་དང་པོར་བྱས་པ་ནི། རིམ་ནི་རགས་དང་ཀུན་ཉོན་མོངས། །ཞེས་པ་ལྟར་ཤེས་པར་བྱའོ། །སྐྱེ་མཆེད་དྲུག་ནི་མིང་གཟུགས་འཕེལ་བ་ལས་སྐྱེ་མཆེད་དྲུག་ཚང་བར་དོད་པའོ། །རེག་པ་ནི་སྐྱེ་མཆེད་དྲུག་ཡུལ་དང་ཕྲད་པ་ལས་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པར་བྱེད་པའི་སེམས་བྱུང་ངོ་། །དབྱེ་ན་མིག་གི་འདུས་ཏེ་རེག་པ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་བར་དྲུག་གོ །ཚོར་བ་ནི་རེག་པས་བཅད་པ་ལྟར་སིམ་གདུང་བར་མ་ཅི་རིགས་པར་ཉམས་སུ་མྱོང་བའི་སེམས་བྱུང་། དབྱེ་ན་མིག་གི་འདུས་ཏེ་རེག་པ་སོགས་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དྲུག་གོ །གལ་ཏེ་རེག་ཚོར་གཉིས་པོ་དེ་རྟེན་འབྲེལ་གྱི་ཡན་ལག་ཏུ་འཇོག་པ་མི་འཐད་དེ། སེམས་བྱུང་ཀུན་འགྲོའི་རྫས་ཡིན་པས་ཟག་མེད་ཀྱང་སྲིད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། རྟེན་འབྲེལ་གྱི་འགགས་རིམ་བསྟན་པའི་ཤུགས་ལ་རེག་ཚོར་ཟག་བཅས་སུ་གྲུབ་པའི་ཕྱིར་ཏེ། སྐྱེ་མཆེད་དྲུག་འགགས་པས་ཟག་མེད་ཀྱི་རེག་པ་འགགས་པའི་དོན་མེད་པའི་ཕྱིར་དང་། ཟག་མེད་ཀྱི་ཚོར་བ་འགགས་པས་སྲེད་པ་འགགས་པའི་དོན་མེད་པའི་ཕྱིར། སྲེད་པ་ནི་ཚོར་བའི་ངོ་བོ་ལ་ཆགས་པའི་སེམས་བྱུང་ངོ་། །དབྱེ་ན་ཚོར་བ་གསུམ་ཡོད་པའི་བྱེ་བྲག་གིས། འཐོབ་པར་སྲེད་པ། འབྲལ་བར་སྲེད་པ། གཉིས་མིན་དུ་སྲེད་པ་དང་གསུམ་མོ། །ལེན་པ་ནི་ཚོར་བའི་རྒྱུ་ལུས་དང་ལོངས་སྤྱོད་ལ་ཆགས་པའི་སེམས་བྱུང་ངོ་། །དབྱེ་ན་འདོད་པ་ཉེ་བར་ལེན་པ། ྎ སྲིད་པ་ཉེ་བར་ལེན་པ། ྎ ལྟ་བ་ཉེ་བར་ལེན་པ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ། བདག་ཏུ་ལྟ་བ་ཉེ་བར་ལེན་པ་དང་བཞི་འོ། །ཁ་ཅིག སྤྱིར་ཡང་སྲིད་མངོན་པར་འདོད་པ་ནི་སྲེད་པ། ཡང་སྲིད་བྱེ་བྲག་པ་མངོན་པར་འདོད་པ་ནི་ལེན་པར་བཞེད་ཅིང་། འཇུག་འགྲེལ་ལས། དང་པོར་ཡང་སྲིད་མངོན་པར་འདོད་པ་ནི་སྲེད་པ། དེ་ཉིད་འཕེལ་བ་ནི་ལེན་པའོ་ཞེས་བཤད་དོ། །སྲིད་པ་ནི་རྒྱུ་འབྲས་ཆ་གཉིས་པ་ལྟར་ན་ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་དུ་སོག་པའི་སེམས་པ་དང་། ཆ་གཅིག་པ་ལྟར་ན་སྔར་གྱི་འདུ་བྱེད་སྲེད་ལེན་གྱིས་གསོས་བཏབ་ནས་ལས་ཀྱི་བག་ཆགས་ནུས་པ་མཐུ་ཅན་དུ་བྱེད་པའོ། །སྐྱེ་བ་ནི་སྲིད་པའི་དབང་གིས་ཉིང་མཚམས་སྦྱོར་བའི་དུས་སུ་ཕུང་པོ་ལྔ་རིམ་གྱིས་གྲུབ་པའོ། །རྒས་པ་ནི་ན་ཚོད་གཞན་དུ་འགྱུར་བ། འཆི་བ་ནི་ཚེ་གཅིག་གི་དབང་དུ་བྱས་པའི་སྲོག་གི་དབང་པོ་འགག་བཞིན་པའི་གནས་སྐབས་སོ། །རྒ་ཤི་གཉིས་ཡན་ལག་གཅིག་ཏུ་བྱས་པ་ནི་མ་རྒས་པར་འཆི་བ་ཡོད་པའི་ཕྱིར། འོ་ན་མིང་གཟུགས་དང་སྐྱེ་མཆེད་དྲུག་ཀྱང་ཡན་ལག་གཅིག་ཏུ་བྱེད་རིགས་པར་འགྱུར་ཏེ། རྫུས་སྐྱེས་ཀྱི་སེམས་ཅན་ལ་མིང་གཟུགས་གྲུབ་པ་དང་དུས་མཉམ་དུ་སྐྱེ་མཆེད་དྲུག་ཚང་བའི་ཕྱིར་ཞེ་ན་སྐྱོན་མེད་དེ། འདི་ནི་མངལ་སྐྱེས་ལ་དགོངས་པའི་ཕྱིར་ཞེས་རྒྱལ་སྲས་མ་ལས་བཤད་དོ། །འགྲེལ་པ་འདིའི་ལུགས་ལ་ན་ཚོད་གཞན་དུ་འགྱུར་བ་ཙམ་རྒས་པ་མ་ཡིན་པར་དབང་པོ་རྒུད་པའི་གནས་སྐབས་ལ་རྒས་པར་འཇོག་པར་མངོན་ཏེ། གཞན་དུ་ན་མ་རྒས་པར་ཤི་བ་མེད་པའི་ཕྱིར་རོ། །སའི་དངོས་གཞི་ལས་ནི། གཞན་དུ་འགྱུར་བ་ཙམ་ལ་རྒས་པར་བཤད་དེ། དེ་ཉིད་ལས། འདོད་པ་དང་རབ་ཏུ་ལྡན་པ་དུ་ཞེ་ན། ཐམས་ཅད་རིམཾ་གྱིས་འདུས་པའོ། །གཟུགས་དང་རབ་ཏུ་ལྡན་པ་དུ་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་གོ །དེར་རྒས་པ་ཇི་ལྟར་ཡོད་ཅེ་ན། འདུ་བྱེད་རྣམས་རྙིང་པ་དང་དེངས་པ་གང་ཡིན་པའོ། །གཟུགས་དང་རབ་ཏུ་ལྡན་པ་ཇི་ལྟ་བ་དེ་བཞིན་དུ་གཟུགས་མེད་པ་དང་རབ་ཏུ་ལྡན་པ་ཡང་དེ་དང་འདྲའོ། །ཞེས་གསུངས་སོ། །གཉིས་པ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་སྟེ། མ་རིག་པའི་དབང་གིས་ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་དུ་སོག་པ་དེ་འབྱུང་བའི་ཕྱིར། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་སྟེ། རྣམ་པར་ཤེས་པ་རྒྱུའི་ཆ་བཟུང་ན། འདུ་བྱེད་སྔ་མ་ལས་བག་ཆགས་ཅན་གྱི་རྣམ་ཤེས་ཕྱི་མ་དེ་འབྱུང་བའི་ཕྱིར། རྣམ་པར་ཤེས་པ་འབྲས་བུའི་ཆ་བཟུང་ན། འདུ་བྱེད་སྔ་མ་ལས་རྣམ་ཤེས་སྐྱེ་གནས་སུ་འཕེན་པ་དེ་འབྱུང་བའི་ཕྱིར། རྣམ་པར་ཤེས་པ་ལས་མིང་གཟུགས་འབྱུང་སྟེ། རྣམ་ཤེས་རྒྱུའི་ཆ་བཟུང་ན་བག་ཆགས་ཅན་གྱི་རྣམ་ཤེས་ལས་མིང་གཟུགས་ཀྱི་བག་ཆགས་རིམ་གྱིས་བརྟས་པ་དེ་འབྱུང་བའི་ཕྱིར། རྣམ་པར་ཤེས་པ་འབྲས་བུའི་ཆ་བཟུང་ན། སྐྱེ་གནས་སུ་དང་པོར་གྲུབ་པའི་སྐད་ཅིག་གཉིས་པར་མིང་གཟུགས་རིམ་གྱིས་གྲུབ་པ་དེ་འབྱུང་བའི་ཕྱིར། མིང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་སྟེ། མིང་གཟུགས་རིམ་གྱིས་འཕེལ་བ་ལས་སྐྱེ་མཆེད་དྲུག་ཚང་བར་དོད་པ་དེ་འབྱུང་བའི་ཕྱིར། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་འབྱུང་སྟེ། སྐྱེ་མཆེད་དྲུག་ཡུལ་དང་ཕྲད་པ་ལས་ཡུལ་དབང་རྣམ་ཤེས་གསུམ་འདུས་པས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པ་དེ་འབྱུང་བའི་ཕྱིར། རེག་པ་ལས་ཚོར་བ་འབྱུང་སྟེ། རེག་པས་ཇི་ལྟར་བཅས་པ་ལྟར་ཚོར་བས་ཉམས་སུ་མྱོང་བ་དེ་འབྱུང་བའི་ཕྱིར། ཚོར་བ་ལས་སྲེད་པ་འབྱུང་སྟེ། ཚོར་བའི་དབང་གིས་ཚོར་བ་བདེ་སྡུག་ལ་བླང་དོར་དུ་ཆགས་པ་དེ་འབྱུང་བའི་ཕྱིར། སྲེད་པ་ལས་ལེན་པ་འབྱུང་སྟེ། ཚོར་བའི་ངོ་བོ་ལ་ཆགས་པས་ཚོར་བའི་རྒྱུ་ཚོར་བ་ལ་འདུན་ཅིང་ཆགས་པ་དེ་འབྱུང་བའི་ཕྱིར། ལེན་པ་ལས་སྲིད་པ་འབྱུང་སྟེ། ལེན་པའི་དབང་གིས་ཡང་སྲིད་འཕེན་བྱེད་ཀྱི་ལས་ནུས་པ་མཐུ་ཅན་དུ་གྱུར་པ་དེ་འབྱུང་བའི་ཕྱིར། སྲིད་པ་ལས་སྐྱེ་བ་འབྱུང་སྟེ། སྲིད་པའི་དབང་གིས་འགྲོ་བ་གཞན་དང་སྐྱེ་གནས་གཞན་དུ་འདྲེན་པ་དེ་འབྱུང་བའི་ཕྱིར། སྐྱེ་བ་ལས་རྒ་ཤི་འབྱུང་སྟེ། སྐྱེ་བའི་དབང་གིས་ན་ཚོད་གཞན་དུ་འགྱུར་བ་དང་སྲོག་གི་དབང་པོ་འགག་པ་དེ་འབྱུང་བའི་ཕྱིར། གསུམ་པ་ཡན་ལག་གི་བསྡུ་བ་ལ། རྒྱུ་འབྲས་གཉིས་སུ་བསྡུ་བ། ཀུན་ནས་ཉོན་མོངས་པ་གསུམ་དུ་བསྡུ་བ། འཕེན་འགྲུབ་ཀྱི་ཡན་ལག་བཞིར་བསྡུ་བ་དང་གསུམ་ལས། དང་པོ་ནི། ཀུན་ལས་བཏུས་ལྟར་ན། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ་གསུམ། སྲེད་ལེན་སྲིད་པ་དང་དྲུག་རྒྱུའི་ཡན་ལག ལྷག་མ་དྲུག་འབྲས་བུའི་ཡན་ལག ཀླུ་སྒྲུབ་ལྟར་ན། རྣམ་པར་ཤེས་པ་ཡང་འབྲས་བུའི་ཡན་ལག་ཏུ་འདོད་པས་འབྲས་བུའི་ཡན་ལག་བདུན་དུ་འདོད་དོ། །གཉིས་པ་ལ། མ་རིག་པ། སྲེད་པ། ལེན་པ་གསུམ་ནི་ཉོན་མོངས་པའི་ཉོན་མོངས་པ་ཡིན་ཏེ། ལས་ཀྱི་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་ཅིང་། སྐྱེ་བའི་ཉོན་མོངས་པ་འདྲེན་པར་བྱེད་པའི་ཕྱིར། འདུ་བྱེད་རྣམ་པར་ཤེས་པ་སྲེད་པ་གསུམ་ནི་ལས་ཀྱི་ཉོན་མོངས་པ་ཡིན་ཏེ། ཉོན་མོངས་པའི་ཉོན་མོངས་པས་ཀུན་ནས་བསླངས་ཤིང་། སྐྱེ་བའི་ཉོན་མོངས་པ་འདྲེན་པར་བྱེད་པའི་ཕྱིར། ལྷག་མ་དྲུག་ནི་སྐྱེ་བའི་ཉོན་མོངས་པ་ཡིན་ཏེ། ལས་ཉོན་གྱི་འབྲས་བུར་གྱུར་པའི་རྣམ་སྨིན་གྱི་ངོ་བོ་ཡིན་པའི་ཕྱིར། ཀླུ་སྒྲུབ་ལྟར་ན། རྣམ་པར་ཤེས་པ་ཡང་སྐྱེ་བའི་ཉོན་མོངས་པར་བཤད་དེ། ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་གསུངས་པའི་ཕྱིར། མཛོད་དང་། དབུས་མཐའ་དང་། སའི་དངོས་གཞི་ལས་ཀྱང་དེ་ལྟར་དུ་བཤད་དེ། མཛོད་ལས། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན་དེ་བཞིན་འབྲས་བུ་ཡིན། །ཞེས་དང་། དབུས་མཐའ་ལས། རྣམ་གསུམ་རྣམ་གཉིས་ལས་ཉོན་མོངས། །རྣམ་བདུན་ཡང་དག་མིན་རྟོག་ལས། །ཞེས་དང་། སའི་དངོས་གཞི་ལས། གསུམ་ནི་ཉོན་མོངས་པའི་ལམ་མོ། །གཉིས་ནི་ལས་ཀྱི་ལམ་མོ། །བདུན་ནི་སྡུག་བསྔལ་གྱི་ལམ་མོ་ཞེས་གསུངས་སོ། །དེ་རྣམས་ཀྱི་དགོངས་པ་གང་ཞེ་ན། ཐོགས་མེད་ཀྱིས་ནི་ཀུན་གཞི་ས་བོན་གྱི་ཆ་ལ་དགོངས། ཀླུ་སྒྲུབ་དང་། མཛོད་ཀྱི་དགོངས་པ་ནི་ཀུན་གཞི་རྣམ་པར་མ་བཞག་པའི་དབང་དུ་བྱས་ལ། དབུས་མཐའ་དང་། སའི་དངོས་གཞི་གཉིས་ལས་ནི། ཀུན་གཞི་རྣམ་སྨིན་གྱི་ཆ་ལ་དགོངས་སོ། །གསུམ་པ་ནི། ཡན་ལག་བཅུ་གཉིས་པོ་ཐམས་ཅད་འཕེན་འགྲུབ་ཀྱི་ཡན་ལག་བཞིར་འདུས་ཏེ། མ་རིག་པ། འདུ་བྱེད། རྣམ་ཤེས་རྒྱུའི་ཆ་ལ་བཞག་པ་ལྟར་ན། རྣམ་ཤེས་གསུམ་ནི་འཕེན་བྱེད་ཀྱི་ཡན་ལག མིང་དང་གཟུགས་སྐྱེ་མཆེད་དྲུག རེག་པ་ཚོར་བ་བཞི་ནི་འཕངས་པའི་ཡན་ལག སྲེད་ལེན་སྲིད་པ་གསུམ་ནི་འགྲུབ་བྱེད་ཀྱི་ཡན་ལག སྐྱེ་རྒ་གཉིས་ནི་གྲུབ་པའི་ཡན་ལག་ཡིན་པའི་ཕྱིར་རོ། །འཕེན་བྱེད་རྒྱུ་འབྲས་ལ་ཡང་གང་གིས་འཕེན་པ། ཇི་ལྟར་འཕེན་པ། གང་འཕངས་པ་དང་གསུམ་ལས། དང་པོ་ནི། མ་རིག་པ་དང་འདུ་བྱེད་གཉིས་ཏེ། མ་རིག་པའི་དབང་གིས་འདུ་བྱེད་ཀྱིས་ལས་སོག་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། རྣམ་ཤེས་ལ་བག་ཆགས་བསྒོས་པའི་ཚུལ་གྱིས་ཏེ། རྒྱུའི་ཆ་ལ་དགོངས་སོ། །གསུམ་པ་ལ། ལུས་དང་ལོངས་སྤྱོད་གཉིས་ལས། ལུས་ཀྱི་ངོ་བོའི་དབང་དུ་བྱས་ནས་མིང་དང་གཟུགས། ཁྱད་པར་གྱི་དབང་དུ་བྱས་ནས་སྐྱེ་མཆེད་དྲུག ལོངས་སྤྱོད་ལ་ཡུལ་གྱི་ལོངས་སྤྱོད་ཀྱི་དབང་དུ་བྱས་ནས་རེག་པ། རྣམ་སྨིན་གྱི་ལོངས་སྤྱོད་ཀྱི་དབང་དུ་བྱས་ནས་ཚོར་བ་འཕངས་སོ། །འགྲུབ་བྱེད་རྒྱུ་འབྲས་ལ་ཡང་། གང་གིས་འགྲུབ། ཇི་ལྟར་འགྲུབ། གང་འགྲུབ། དེའི་ཉེས་དམིགས་དང་བཞི་ལས། དང་པོ་ནི། སྲེད་ལེན་གཉིས་ཏེ། སྲེད་པའི་དབང་གིས་ཉེ་བར་ལེན་པས་འགྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི་སྲིད་པ་སྟེ། སྲེད་ལེན་གཉིས་ཀྱི་དབང་གིས་རྣམ་སྨིན་འགྲུབ་པའི་ནུས་པ་མཐུ་ཅན་དུ་བྱས་པའི་ཚུལ་གྱིས་སོ། །གསུམ་པ་ནི། སྐྱེ་བ་སྟེ། རྣམ་སྨིན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །བཞི་པ་ནི། རྒ་ཤི་སྟེ། དེའི་གནས་སྐབས་ཀྱི་ཉེས་དམིགས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། རྟེན་འབྲེལ་གྱི་མདོ་འགྲེལ་ལས། གང་གིས་འཕེན་དང་ཇི་ལྟར་གང་། །དེ་འགྲུབ་བྱེད་པ་དེ་ལ་ཡང་། །ཉེས་དམིགས་གང་ཡིན་དེ་དག་རྣམས། །ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །གཉིས་ཀྱིས་ཡན་ལག་གཅིག་གིས་དང་། །རྣམ་པ་བཞི་དང་གཉིས་ཀྱིས་དང་། །གཅིག་གིས་གཅིག་གི་གཅིག་གི་དང་། །དོན་བདུན་དག་ཏུ་རབ་ཏུ་བསྟན། །བདེན་པ་ཇི་བཞིན་མི་ཤེས་ཕྱིར། །ལས་ཀྱིས་སེམས་ལ་བསྒོས་པའི་ཕྱིར། །ཡན་ལག་བཞི་ནི་རིམ་གྱིས་འཕེན། །དེ་ཡི་ས་བོན་ཡང་བརྟས་ཕྱིར། །འཕངས་པ་བཞིན་དུ་སྐྱེས་པ་ཡི། །ཚོར་བས་བསྐྱེད་པའི་སྲེད་པ་ལ། །ལེན་པ་འབྱུང་བས་དེ་ཡི་ལས། །དགོས་པ་མངོན་དུ་འགྱུར་བ་ཡིན། །གྲུབ་པ་སྐྱེ་བཞིན་དེ་ལ་ཡང་། །རྒ་སོགས་ཉེས་དམིགས་གང་གི་ཕྱིར། །བདེན་པ་མཐོང་ལ་འཕེན་བྱེད་མེད། །སྲེད་དང་བྲལ་ལ་འབྱུང་བ་མེད། །ཅེས་སོ། །འདི་དག་ཀྱང་མདོ་ལས་འབྱུང་བའི་ཡན་ལག་ཆ་གཅིག་ལ་སྦྱར་བ་དང་། འཁོར་བའི་རྒྱུ་འབྲས་ཀྱིས་བསྡུས་པའི་ཆ་གཅིག་ལ་སྦྱར་བ་གཉིས་ལས། དང་པོ་ལྟར་ན་ཐམས་ཅད་ཀྱང་མངོན་གྱུར་ལ་སྦྱར་ཏེ་དོན་ལ་རྒྱུ་འབྲས་ཆ་གཉིས་ཡོད་པས་ཚོར་བ་མངོན་གྱུར་བའི་དབང་གིས་སྲེད་པ་བསྐྱེད་པའི་ཕྱིར་རོ། །ཕྱི་མ་ལྟར་ན་མིང་གཟུགས་ནས་ཚོར་བའི་བར་བཞི་ནི་ས་བོན་ལ་བཞག་དགོས་ཏེ། འཕེན་བྱེད་རྒྱུ་འབྲས་ཀྱི་རྗེས་སུ་འགྲུབ་བྱེད་རྒྱུ་འབྲས་འབྱུང་བའི་ཕྱིར་རོ། །བཞི་པ་ནི། མ་རིག་པ་ལ་རྒྱུ་དང་རྒ་ཤི་ལ་འབྲས་བུ་ཡོད་དམ་མེད། ཡོད་ན་ཡན་ལག་བཅུ་གཉིས་སུ་གྲངས་མ་ངེས་པར་འགྱུར་ཞིང་། མེད་ན་འཁོར་བ་ལ་ཐོག་མ་ཡོད་པར་ཐལ་བ་དང་། མ་རིག་པ་དེ་རེས་འགའ་བའི་དངོས་པོ་མིན་པར་ཐལ་བ་དང་། ཡན་ལག་གཞན་རྣམས་ལ་ཡང་རྒྱུ་མེད་པར་འགྱུར་ཏེ། མ་རིག་པ་ལ་རྒྱུ་མེད་པའི་ཕྱིར། ཡན་ལག་ཆ་གཅིག་རྫོགས་ནས་འབད་མེད་དུ་གྲོལ་བར་འགྱུར་ཏེ། རྒ་ཤི་ལ་འབྲས་བུ་མེད་པའི་ཕྱིར་ཞེ་ན། མ་རིག་པ་ལ་རྒྱུ་དང་། རྒ་ཤི་ལ་འབྲས་བུ་ཡོད་ཀྱང་ཡན་ལག་བཅུ་གཉིས་སུ་གྲངས་མ་ངེས་པར་ཐལ་བའི་སྐྱོན་མེད་དེ། དེ་དག་ནི་རྟེན་འབྲེལ་གྱི་ཆ་གཞན་དང་གཞན་དུ་གཏོགས་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བར། ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་དང་། དེའི་ཚུལ་ཡང་རྟེན་འབྲེལ་སྙིང་པོ་ལས། གསུམ་པོ་དག་ལས་གཉིས་འབྱུང་ཞིང་། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །དེ་ཉིད་ཡང་དང་ཡང་དུ་འཁོར། །ཞེས་སོ། །དེའི་དོན་ཡང་སྐྱེ་བ་དང་རྒ་ཤི་གཉིས་ཀྱི་གནས་སྐབས་སུ། ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་རྒྱུན་མ་ཆད་པར་ཡོད་པ་དེ་ཤེས་སྒྲིབ་ཀྱི་རྣམ་རྟོག་ཡིན་ལ། དེས་སྐད་ཅིག་མ་རེ་རེ་བཞིན་དུ་དངོས་འབྲས་གང་ཟག་ལ་བདེན་པར་འཛིན་པའི་བདེན་འཛིན་བསྐྱེད་པ་ནི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་སྟེ། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་ཕུང་པོ་ལ་བདེན་པར་འཛིན་པའི་མ་རིག་པ་དེ་ཡན་ལག་བཅུ་གཉིས་ཀྱི་རྒྱུར་གསུངས་པའི་ཕྱིར་དང་། དེ་བཞིན་དུ། དབུ་མ་རྩ་བ་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་པའི་རྣམ་རྟོག་དང་། རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་པའི་ཕུང་པོར་འཛིན་པ་དང་། རྒྱུད་བླར། ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཞེས་པའི་ཚུལ་མིན་ཡིད་བྱེད་རྣམས་ཀྱང་། ཇི་སྲིད་ཕུང་པོ་བདེན་མེད་དུ་མ་རྟོགས་ཀྱི་བར་དུ་ཆོས་ལ་བདེན་པར་འཛིན་པའི་བདེན་འཛིན་ཡིན་པས་ཡན་ལག་བཅུ་གཉིས་ཀྱི་རྒྱུར་གྱུར་པའི་མ་རིག་པ་ཡིན་ལ། ཕུང་པོ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་མཐོང་ལམ་སྐྱེས་ནས་ཐེག་དམན་གྱི་སློབ་མི་སློབ་གཉིས་ཀ་དང་། ཐེག་ཆེན་གྱི་ས་བདུན་པ་མན་ཆད་དུ་ཕུང་པོ་ལ་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་ཤེས་སྒྲིབ་ཀྱི་རྣམ་རྟོག་ཡིན་པས་ཟག་བཅས་ཀྱི་ལས་འཕེན་པར་བྱེད་པ་ནི་མ་ཡིན་ནོ། །འདི་ལ་དགོངས་ནས། བདེན་པ་མཐོང་ལ་འཕེན་བྱེད་མེད། །ཅེས་གསུངས་པ་ཡང་ཐེག་པ་ཆེ་ཆུང་གཉིས་ཆར་གྱི་དབང་དུ་བྱས་པའོ། །དེ་ལྟར་ན་ཕུང་པོ་བདེན་མེད་དུ་མ་རྟོགས་ཀྱི་བར་དུ་ཡན་ལག་བཅུ་གཉིས་ཀྱི་གནས་སྐབས་ཐམས་ཅད་དུ་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ཡོད་པས་དངོས་འབྲས་གང་ཟག་ལ་བདེན་པར་འཛིན་པའི་མ་རིག་པ་ཡང་ཡོད་པར་འགྱུར་རོ་ཞེ་ན། ཤིན་ཏུ་འདོད་དེ། བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ནི། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་གསུངས་པས་སོ། །ཟབ་མོའི་གནད་འདི་ལ་དབུ་མའི་གཞུང་ལུགས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་རྒྱས་པར་ནི་ངག་ལས་ཤེས་པར་བྱའོ།།  །།ལྔ་པ་ནི། ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཉོན་མོངས་པར་འདུས་ན་ཉོན་མོངས་པར་འཇོག་པའི་རྒྱུ་མཚན་གང་ཞེ་ན། མ་རིག་པས་ནི། ཡུལ་གྱི་གནས་ལུགས་མཐོང་བ་ལ་སྒྲིབ་པའི་སྒོ་ནས་འགྲོ་བ་རྣམས་ཉོན་མོངས་པར་འདྲེན་པར་བྱེད་དེ། དེ་བཞིན་དུ་འདུ་བྱེད་ཀྱིས་ནི་ཡང་སྲིད་ཀྱི་ས་བོན་འདེབས་པའི་སྒོ་ནས། རྣམ་པར་ཤེས་པས་ནི་སྐྱེ་གནས་སུ་འཁྲིད་པའི་སྒོ་ནས། མིང་གཟུགས་ཀྱིས་ནི་ཡང་སྲིད་ཀྱི་ལུས་ཀུན་འཛིན་པའི་སྒོ་ནས། སྐྱེ་མཆེད་དྲུག་གིས་ནི་ཡང་སྲིད་ཀྱི་ལུས་ཀུན་རྫོགས་པར་བྱེད་པའི་སྒོ་ནས། རེག་པས་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་སྒོ་ནས། ཚོར་བས་ནི་རྣམ་སྨིན་གྱི་ལོངས་སྤྱོད་ལ་ཉེ་བར་སྦྱོར་བའི་སྒོ་ནས། སྲེད་པས་ནི་ཡང་སྲིད་ཀྱི་ལུས་ཀུན་སྡུད་པའི་སྒོ་ནས། ལེན་པས་ནི་ཡང་སྲིད་ཀྱི་ལས་ལ་སྦྱོར་བའི་སྒོ་ནས། སྲིད་པས་ནི་ཡང་སྲིད་ལ་མངོན་དུ་ཕྱོགས་པའི་སྒོ་ནས། སྐྱེ་བས་ནི་དོག་པའི་སྡུག་བསྔལ་སོགས་ལ་སྦྱོར་བའི་སྒོ་ནས། རྒ་ཤིས་ནི་ན་ཚོད་གཞན་དུ་འགྱུར་བ་དང་། སྲོག་གི་དབང་པོ་འགགས་པའི་སྡུག་བསྔལ་ལ་སྦྱོར་བའི་སྒོ་ནས་འགྲོ་བ་རྣམས་ཉོན་མོངས་པར་འདྲེན་པར་བྱེད་པའི་ཕྱིར། དེ་སྐད་དུ་ཡང་། དབུས་མཐའ་ལས། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །འཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར། །རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར། །ཉེར་སྦྱོར་ཕྱིར་དང་སྡུད་པའི་ཕྱིར། །སྦྱོར་བའི་ཕྱིར་དང་མངོན་འདུའི་ཕྱིར། །སྡུག་བསྔལ་ཕྱིར་ན་འགྲོ་ཉོན་མོངས། །ཞེས་སོ། །དྲུག་པ་ལ། འཁོར་བའི་རྒྱུ་འབྲས་ཆ་གཅིག་གིས་བསྡུས་པའི་ཡན་ལག་བཅུ་གཉིས་ཚེ་དུ་ལ་རྫོགས་དཔྱད་པ་དང་། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཚེ་དུ་ལ་རྫོགས་དཔྱད་པ་གཉིས་ལས། དང་པོ་ནི། ཤིན་ཏུ་མྱུར་ན་ཚེ་གཉིས་ལ་རྫོགས་པ་ཡང་སྲིད་དེ། ཚེ་སྔ་མའི་ཚེ་སྟོད་ལ་འཕེན་བྱེད་ཀྱི་ལས་བསགས། ཚེ་མཇུག་ལ་འགྲུབ་བྱེད་ཀྱི་ལས་ཀྱིས་གསོས་བཏབ་ནས་ཚེ་ཕྱི་མ་ལ་འཕངས་པའི་འབྲས་བུ་དང་། གྲུབ་པའི་འབྲས་བུ་རྣམས་འབྱུང་བའི་ཕྱིར་ཤིན་ཏུ་རིང་ན་ཚེ་གསུམ་ལ་རྫོགས་ཏེ། སྔ་མ་ལ་འཕེན་བྱེད་ཀྱི་ལས་བསགས། བར་པ་ལ་འགྲུབ་བྱེད་ཀྱི་ལས་ཀྱིས་གསོས་བཏབ་ནས། ཚེ་ཕྱི་མ་ལ་འབྲས་བུ་རྣམས་འབྱུང་བའི་ཕྱིར། དེ་ཡང་ལས་བསགས་པའི་སྐྱེ་བ་དང་། གསོས་བཏབ་པའི་སྐྱེ་བ་གཉིས་པོ་བར་མ་ཆད་དུ་འབྱུང་བར་ནི་མ་ངེས་ཏེ། འཕེན་བྱེད་ཀྱི་ལས་བསགས་ནས་སྐྱེ་བ་དུ་མས་བར་དུ་ཆོད་ཀྱང་གསོས་མ་བཏབ་པ་སྲིད་པའི་ཕྱིར། འགྲུབ་བྱེད་ཀྱི་ལས་ཀྱིས་གསོས་བཏབ་པའི་སྐྱེ་བ་དེ་དང་འབྲས་བུ་འགྲུབ་པའི་སྐྱེ་བ་དེ་ནི་བར་མ་ཆད་དུ་འབྱུང་བར་ངེས་ཏེ། འགྲུབ་བྱེད་ཀྱི་ལས་ཀྱིས་གསོས་བཏབ་པའི་དུས་སུ་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀྱི་ནུས་པ་མཐུ་ཅན་དུ་བྱས་པའི་ཕྱིར། གལ་ཏེ་ཤིན་ཏུ་རིང་ན་ཚེ་གསུམ་ལ་རྫོགས་པ་མི་འཐད་པར་ཐལ། ལས་བསགས་པའི་སྐྱེ་བ་དང་། འབྲས་བུ་འགྲུབ་པའི་སྐྱེ་བ་གཉིས་ཀྱི་བར་དུ་སྐྱེ་བ་དུ་མས་ཆོད་པ་སྲིད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་རྣམས་རྟེན་འབྲེལ་གྱི་ཆ་གཞན་དུ་གཏོགས་པའི་ཕྱིར། གཞན་དུ་མོས་སྤྱོད་ཀྱི་ཚོགས་དང་། དག་སའི་ཚོགས་གཉིས་བསྐལ་པ་གྲངས་མེད་གཉིས་ལ་རྫོགས་པ་མི་སྲིད་པར་ཐལ། མོས་སྤྱོད་ཀྱི་འགོ་བརྩམས་ནས་དག་ས་མ་རྫོགས་ཀྱི་བར་དུ་བསྐལ་པ་གྲངས་མེད་གསུམ་དགོས་པའི་ཕྱིར། ཁྱབ་པ་ཁས། འདིར་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་མེད་པར་ཐལ། ཚོར་བ་དེ་སྲེད་ལེན་གཉིས་ཀྱིས་གསོས་བཏབ་པའི་རྗེས་སུ་བྱུང་བའི་འབྲས་བུ་ཡིན་པའི་ཕྱིར། ཞེས་པའི་ལན་དུ་དོན་གསང་མཁན་པོས་རྟེན་འབྲེལ་གྱི་ཆ་གཞན་དུ་གཏོགས་པའི་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བས་སྐྱོན་མེད་ཅེས་པའི་ལན་མཛད་ཀྱང་། ཕྱོགས་སྔ་མའི་བསམ་པ་དང་། ལན་གདབ་ཚུལ་ནི་མི་མཐུན་ཏེ། སྔ་མ་ནི་མདོ་ལས་འབྱུང་བའི་རྟེན་འབྲེལ་ཆ་གཅིག་གིས་དབང་དུ་བྱས་ནས་རྩོད་པ་ཡིན་ཏེ། གཞན་དུ་ན་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བར་ཁས་མ་བླངས་པའི་ཕྱིར་རོ། །དེ་ལ་རྟེན་འབྲེལ་གྱི་ཆ་གཞན་དུ་གཏོགས་པའི་ལན་མཛད་པ་ནི་འཁོར་བས་བསྡུས་པའི་རྒྱུ་འབྲས་ཆ་གཞན་དུ་གཏོགས་པའི་དོན་ཡིན་ན་ནི། ཕྱོགས་སྔ་མའི་ལན་དུ་མ་སོང་ལ། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཞན་དུ་གཏོགས་པའི་དོན་ཡིན་ན་ནི། མདོ་ལས་འབྱུང་བའི་རྟེན་འབྲེལ་ཆ་གཅིག་ལ་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་མི་སྲིད་པར་ཐལ་བའི་ཕྱིར་རོ། །ལུགས་འདི་ལ་ནི་རྩོད་པའི་གནས་མེད་དེ། འཁོར་བས་བསྡུས་པའི་རྒྱུ་འབྲས་ཆ་གཅིག་ལ་ཚོར་བའི་ས་བོན་གྱིས་སྲེད་པ་བསྐྱེད་པ་ཡོད་ཀྱང་ཚོར་བ་མངོན་འགྱུར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་མེད་པའི་ཕྱིར་རོ། །གཉིས་པ་ལ་འཕེན་འགྲུབ་དངོས་ཤུགས་བརྒྱད་དུ་དབྱེ་བ། དངོས་བསྟན་བཞི་ལ་ཡན་ལག་བཅུ་གཉིས་སུ་བཞག་པ། དེ་ལྟར་བཞག་པའི་དགོས་པ། རྒྱུ་འབྲས་ཆ་གཅིག་ཏུ་བཞག་པའི་དགོས་པ། དེས་ན་གསུམ་དང་བཞི་ལ་རྫོགས་པའི་ཚུལ་དང་ལྔ་ལས། དང་པོ་ནི། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་ལ་འཕེན་འགྲུབ་ཀྱི་ཡན་ལག་བརྒྱད་ཚང་དགོས་ཏེ། དེ་ལ་འཁོར་བས་བསྡུས་པའི་རྒྱུ་འབྲས་ཆ་གཉིས་ངེས་པར་དགོས་པ་གང་ཞིག དེ་རེ་རེའི་སྟེང་དུ་ཡང་འཕེན་འགྲུབ་ཀྱི་ཡན་ལག་བཞི་བཞི་ཚང་བའི་ཕྱིར། དེ་ལྟར་བརྒྱད་ཡོད་པ་ལས་འཕེན་བྱེད་ཀྱི་རྒྱུ་གཅིག་མ་རིག་པ། འདུ་བྱེད་རྣམ་པར་ཤེས་པ་གསུམ་གྱི་སྐབས་སུ་དངོས་སུ་བསྟན། གཅིག་སྲེད་ལེན་སྲིད་པ་གསུམ་གྱི་སྐབས་སུ་ཤུགས་ལ་བསྟན། འཕངས་པའི་འབྲས་བུ་གཅིག་མིང་གཟུགས་ནས་ཚོར་བའི་བར་དུ་དངོས་སུ་བསྟན། གཅིག་སྐྱེ་བ་དང་རྒ་ཤི་གཉིས་ཀྱི་སྐབས་སུ་ཤུགས་ལ་བསྟན། འགྲུབ་བྱེད་ཀྱི་རྒྱུ་གཅིག་སྲེད་ལེན་སྲིད་པ་གསུམ་གྱིས་སྐབས་སུ་དངོས་སུ་བསྟན། གཅིག་མ་རིག་པ་སོགས་ཀྱི་སྐབས་སུ་ཤུགས་ལ་བསྟན། གྲུབ་པའི་འབྲས་བུ་གཅིག་སྐྱེ་བ་དང་རྒ་ཤི་གཉིས་ཀྱི་སྐབས་སུ་དངོས་སུ་བསྟན། གཅིག་མིང་གཟུགས་ནས་ཚོར་བའི་བར་ལ་ཤུགས་ལ་བསྟན་པ་ཡིན་ནོ། །ལུགས་འདི་ལ་ཡན་ལག་བཅུ་གཉིས་ཆ་གཅིག་གི་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་དང་། ཚོར་བ་སྲེད་ལེན་གྱིས་གསོས་བཏབ་པའི་རྗེས་སུ་སྐྱེ་བ་ཕྱི་མ་ལ་འབྱུང་བ་མི་འགལ་ཏེ། དངོས་བསྟན་གྱི་ཚོར་བའི་རྐྱེན་གྱིས་སྲིད་པ་འབྱུང་ལ་ཤུགས་བསྟན་གྱི་ཚོར་བ་དེ་སྲེད་ལེན་གྱིས་གསོས་བཏབ་པའི་རྗེས་སུ་སྐྱེ་བ་ཕྱི་མ་ལ་འབྱུང་བའི་ཕྱིར། གཉིས་པ་ནི། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་ལ་འཕེན་འགྲུབ་དངོས་བསྟན་བཞི་དང་། ཤུགས་བསྟན་བཞི་ཡོད་པ་ལས། དངོས་བསྟན་བཞི་པོ་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཡན་ལག་བཅུ་གཉིས་སུ་བཞག་གོ །གསུམ་པ་ནི། འོ་ན་དེ་ལ་དགོས་པ་ཅི་ཡོད་ཅེ་ན། འདི་ལ་དགོས་པ་གཉིས་ལས། དང་པོ་ནི། རྒྱུ་ལ་རིང་རྒྱུ་དང་། ཉེ་རྒྱུ་གཉིས་ཡོད་པ་དང་། འབྲས་བུ་ལ་རིང་བའི་འབྲས་བུ་དང་། ཉེ་བའི་འབྲས་བུ་གཉིས་ཡོད་པ་རྟོག་པའི་ཆེད་དུ་ཡིན་ཏེ། འཕེན་བྱེད་རྒྱུ་འབྲས་ཀྱི་སྐབས་སུ་རིང་བའི་རྒྱུ་འབྲས་བསྟན་ནས། འགྲུབ་བྱེད་རྒྱུ་འབྲས་ཀྱི་སྐབས་སུ་ཉེ་བའི་རྒྱུ་འབྲས་བསྟན་པའི་ཕྱིར། དེ་ལྟར་རྟོགས་པ་ལ་དགོས་པ་ཅི་ཡོད་སྙམ་ན་རྒྱུ་ལ་གཉིས་ཡོད་པ་རྟོགས་པའི་དགོས་པ་ནི་རིང་བའི་རྒྱུ་བསགས་ཀྱང་ཉེ་བའི་རྒྱུས་གསོས་མ་བཏབ་ན་འབྲས་བུ་མི་བསྐྱེད་པར་ཤེས་ནས་སྲེད་པ་སྤོང་བའི་ཆེད་ཡིན་ལ། འབྲས་བུ་ལ་གཉིས་ཡོད་པ་རྟོགས་པའི་དགོས་པ་ནི་རྣམ་སྨིན་གྱི་ངོ་བོ་དང་། དེའི་ཉེས་དམིགས་རྟོགས་པའི་ཆེད་ཡིན་ནོ། །དགོས་པ་གཉིས་པ་ནི། ཡན་ལག་བཅུ་གཉིས་སྔ་མ་སྔ་མའི་རྐྱེན་གྱིས་ཕྱི་མ་ཕྱི་མ་འབྱུང་བ་དང་། སྔ་མ་སྔ་མ་འགགས་པས་ཕྱི་མ་ཕྱི་མ་འགག་པར་རྟོགས་པའི་ཆེད་ཡིན་ཏེ། རྒྱུ་འབྲས་ཆ་གཉིས་ཀྱི་དངོས་བསྟན་བཞི་ཕྱོགས་གཅིག་ཏུ་མ་བསྒྲིགས་ན་དགོས་པ་དེ་གཉིས་མི་འགྲུབ་པའི་ཕྱིར་རོ། །བཞི་པ་ནི་དེ་ལྟར་ན་མཛོད་ལས་འབྱུང་བ་ལྟར་མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་ལ་རྒྱུ་འབྲས་ཆ་གཉིས་སུ་སྟོན་རིགས་པར་འགྱུར་ཏེ། དོན་ལ་རྒྱུ་འབྲས་ཆ་གཉིས་ཡོད་པའི་ཕྱིར་ཞེ་ན། འདིར་རྒྱུ་འབྲས་ཆ་གཅིག་ཏུ་བསྟན་པའི་དགོས་པ་ནི། འཁོར་བས་བསྡུས་པའི་རྒྱུ་འབྲས་ཆ་གཅིག་ལ་ཡང་འཕེན་འགྲུབ་ཀྱི་ཡན་ལག་བཞི་ཚང་བར་ཤེས་པའི་ཆེད་ཡིན་ཏེ། འཁོར་བས་བསྡུས་པའི་རྒྱུ་འབྲས་ཆ་གཅིག་ལ་ཡན་ལག་བཅུ་གཉིས་ཚང་ཞིང་འདིར་ཡན་ལག་བཅུ་གཉིས་ལ་འཕེན་འགྲུབ་ཀྱི་ཡན་ལག་བཞིར་བསྟན་པའི་ཕྱིར། ལྔ་པ་ནི། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་མྱུར་ན་ཚེ་གསུམ་གྱིས་རྫོགས་ཏེ། ཚེ་སྔ་མ་ལ་འཕེན་བྱེད་དངོས་བསྟན་གསུམ། འགྲུབ་བྱེད་ཤུགས་བསྟན་གསུམ་སྟེ་དྲུག་རྫོགས་ཤིང་། ཚེ་བར་པ་ལ་འཕངས་པའི་འབྲས་བུ་དངོས་བསྟན་བཞི། འགྲུབ་པའི་འབྲས་བུ་ཤུགས་བསྟན་གཉིས་ཏེ་དྲུག་རྫོགས། དེ་ཉིད་ཀྱི་ཚེ་འགྲུབ་བྱེད་དངོས་བསྟན་གསུམ་དང་། འཕེན་བྱེད་ཤུགས་བསྟན་གསུམ་སྟེ་དྲུག་འབྱུང་བས་བཅུ་གཉིས་སུ་འགྱུར་ལ། ཚེ་ཕྱི་མ་ལ་གྲུབ་པའི་འབྲས་བུ་དངོས་བསྟན་གཉིས། འཕངས་པའི་འབྲས་བུ་ཤུགས་བསྟན་གཉིས་རྫོགས། དངོས་ཤུགས་ཉི་ཤུ་རྩ་བཞི་པོ་དེ་ཉིད་ཀྱི་མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ཆ་གཅིག་རྫོགས་པའི་ཕྱིར་རོ། །རིང་ན་ཚེ་བཞི་ལ་རྫོགས་ཏེ། ཚེ་སྔ་མ་ལ་འཕེན་བྱེད་དངོས་བསྟན་གསུམ། ཚེ་གཉིས་པ་ལ་འགྲུབ་བྱེད་ཤུགས་བསྟན་གསུམ། ཚེ་གསུམ་པ་ལ་འཕངས་པའི་འབྲས་བུ་དངོས་བསྟན་བཞི། གྲུབ་པའི་འབྲས་བུ་ཤུགས་བསྟན་གཉིས་ཏེ་དྲུག་རྫོགས་ཤིང་། དེ་ཉིད་ཀྱི་ཚེ་འགྲུབ་བྱེད་དངོས་བསྟན་གསུམ་འཕེན་བྱེད་ཤུགས་བསྟན་གསུམ་སྟེ་དྲུག་འབྱུང་བས་བཅུ་གཉིས་སུ་འགྱུར་ལ། ཚེ་བཞི་པ་ལ་གྲུབ་པའི་འབྲས་བུ་དངོས་བསྟན་གཉིས་དང་། འཕངས་པའི་འབྲས་བུ་ཤུགས་བསྟན་བཞི་སྟེ་དྲུག་འབྱུང་བས་དངོས་ཤུགས་ཉི་ཤུ་རྩ་བཞི་པོ་དེ་ཉིད་ཀྱིས་མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་རྫོགས་པའི་ཕྱིར། འདིའི་ཚེ་དང་པོ་དང་གཉིས་པ་བར་མ་ཆད་དུ་འབྱུང་བ་ངེས་པ་མེད་པ་ནི་སྔར་དང་འདྲ་ལ། ཚེ་ཕྱི་མ་གསུམ་པོ་བར་མ་ཆད་དུ་འབྱུང་སྟེ། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་དགོས་པའི་ཕྱིར་དང་། འགྲུབ་བྱེད་ཀྱི་གསོས་བཏབ་པའི་སྐྱེ་བ་དང་། འབྲས་བུ་འགྲུབ་པའི་སྐྱེ་བ་གཉིས་ལ་སྐྱེ་བ་གཞན་གྱིས་བར་ཆོད་པ་མི་སྲིད་པའི་ཕྱིར། མདོར་ན་རྒྱུ་འབྲས་སྔ་མའི་ཚོར་བ་རྒྱུར་བྱས་ནས་རྒྱུ་འབྲས་ཕྱི་མའི་སྲེད་པ་འབྲས་བུར་བྱས་པ་ལ་སྔ་མའི་འབྲས་བུ་དང་། ཕྱི་མའི་རྒྱུ་གཉིས་པོ་ཚེ་གཅིག་ལ་འབྱུང་དགོས་ཤིང་། དེ་ཡང་མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་གིས་བསྡུས་པ་ནི་གནད་ཀྱི་དོན་ནོ། །འདིར་རྣམ་ཤེས་འཕེན་བྱེད་ཀྱི་ཡན་ལག་ཏུ་བྱས་པ་ནི་ཀུན་ལས་བཏུས་ལས་གསུངས་པའི་དབང་དུ་བྱས་ལ། རྣམ་ཤེས་འབྲས་བུའི་ཆ་བཟུང་བ་ལྟར་ན་འཕངས་པའི་འབྲས་བུའི་ཁོངས་སུ་བསྡུ་བར་བྱའོ། །བདུན་པ་ལ་དགག་བཞག་གཉིས་ལས། དང་པོ་ནི། མཁས་པ་ཁ་ཅིག འདོད་པ་ནས་འདོད་པར་སྐྱེ་བའི་ཚེ་ཐམས་ཅད་ས་མཚུངས་ཤིང་ཁམས་དང་ས་གཞན་ནས་གཞན་དུ་སྐྱེ་བའི་ཚེ་མི་མཚུངས་པ་ཡང་ཡོད་དེ། དེ་ལ་འདུ་བྱེད་དང་མིང་གཟུགས་ནས་སྲེད་པའི་བར་དག་ནི་སྐྱེ་བའི་ས་པ་ཁོ་ནར་གཏོགས་པའི་ཕྱིར་ས་མཚུངས་པ་ཡིན་ཏེ། ས་གཞན་གྱི་འདུ་བྱེད་ཀྱིས་ས་གཞན་གྱི་རྣམ་སྨིན་མི་འགྲུབ་པའི་ཕྱིར་དང་། ས་གཞན་གྱི་ཚོར་བ་ལས་ས་གཞན་གྱི་སྲེད་པ་མི་འཕེལ་བའི་ཕྱིར། མ་རིག་པ་དང་། རྣམ་ཤེས་ནི་གང་དུ་ལས་སོག་པར་བྱེད་པའི་ས་དེ་ཁོ་ནར་གཏོགས་ཏེ། རྣམ་ཤེས་ནི་ལས་སོག་པའི་རྟེན་དེའི་ཀུན་གཞི་ཡིན་པའི་ཕྱིར་དང་། མ་རིག་པ་ནི་ཉོན་ཡིད་དང་མཚུངས་ལྡན་ཡིན་པས་གང་དུ་སྐྱེས་པ་དེའི་ས་པ་ཡིན་པའི་ཕྱིར་རོ། །ལེན་པ་དང་སྲིད་པ་ནི་སྐྱེ་བ་དང་རྒ་ཤི་གར་གཏོགས་པ་དེའི་ས་པར་གཏོགས་ཏེ། དེ་དག་མངོན་པར་འགྲུབ་པར་བྱེད་པའི་ཉེར་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འདོད་པ་ནས་བསམ་གཏན་དང་པོར་སྐྱེ། དེ་ནས་བསམ་གཏན་གཉིས་པར་སྐྱེ་བར་འགྱུར་བ་དེའི་ཚེ་མ་རིག་པ་དང་། རྣམ་པར་ཤེས་པ་ནི་འདོད་པའི་ས་པ། འདུ་བྱེད་དང་མིང་གཟུགས་ནས་སྲེད་པའི་བར་ནི་བསམ་གཏན་དང་པོའི་ས་པ། ལྷག་མ་རྣམས་ནི་བསམ་གཏན་གཉིས་པའི་ས་པ་ཡིན་ནོ། །སྲེད་པ་བསམ་གཏན་དང་པོའི་ས་པ་ཡིན་ཏེ། བསམ་གཏན་དང་པོའི་ཚོར་བ་ལ་ཆགས་པའི་འདོད་ཆགས་ཡིན་པའི་ཕྱིར་དང་། ས་གཞན་གྱི་ཚོར་བ་ལས་ས་གཞན་གྱི་སྲེད་པ་མི་འཕེལ་བའི་ཕྱིར་རོ། །ལེན་པ་དང་སྲིད་པ་བསམ་གཏན་གཉིས་པའི་ས་པ་ཡིན་ཏེ། སྲིད་པ་ནི་བསམ་གཏན་གཉིས་པའི་ལས་ནུས་པ་མཐུ་ཅན་དུ་གྱུར་པའི་ངོ་བོ་ཡིན་པའི་ཕྱིར་དང་། ལེན་པ་ནི་བསམ་གཏན་གཉིས་པའི་ཕུང་པོ་ཐོབ་པར་འདོད་པའི་སྲེད་པ་ཡིན་པའི་ཕྱིར་རོ། །འོ་ན་བསམ་གཏན་དང་པོའི་སྲེད་པ་གཉིས་པའི་ལེན་པའི་རྐྱེན་དུ་ཇི་ལྟར་འགྱུར་ཞེ་ན། བསམ་གཏན་དང་པོའི་ས་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་གྱི་བདག་ལ་ཆགས་པའི་དབང་གིས་གཉིས་པའི་ཕུང་པོ་ལ་སྲེད་པའི་ལེན་པ་སྐྱེ་བའི་ཕྱིར་ཉེས་པ་མེད་དོ། །དེས་ན་དོན་གསང་རྣམ་པར་བཤད་པ་ལས། སྐྱེ་བའི་ས་པ་གང་ཡིན་པ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་ཡང་ངེས་པར་དེའི་ས་པའོ། །ཞེས་བཤད་པ་གང་ཡིན་པ་དེ་མི་འཐད་པ་ཡིན་ནོ། །ཞེས་སྤྲོས་པ་དང་བཅས་ཏེ་སྨྲའོ། །འདི་དགག་པ་ལ། ཁས་བླངས་འགལ་བ་དང་། སྒྲུབ་བྱེད་མི་འཐད་པ་དང་། རྣམ་པར་བཏགས་ནས་དགག་པ་དང་གསུམ་ལས། དང་པོ་ནི། འདུ་བྱེད་སྐྱེ་བའི་ས་པར་གཏོགས་པའི་ཤེས་བྱེད་དུ་ས་གཞན་གྱི་འདུ་བྱེད་ཀྱིས་ས་གཞན་གྱི་རྣམ་སྨིན་མི་འགྲུབ་པའི་ཕྱིར་ཞེས་བཀོད་པ་ནི་སྲེད་པ་ལ་ཡང་མཚུངས་ཏེ། སྲེད་པ་ཡང་། སྐྱེ་བ་དང་རྒ་ཤི་གང་དུ་གཏོགས་པའི་ས་དེར་གཏོགས་པར་ཐལ། ས་གཞན་གྱི་འགྲུབ་བྱེད་ཀྱིས་ས་གཞན་གྱི་རྣམ་སྨིན་མི་འགྲུབ་པའི་ཕྱིར་རོ། །ལེན་པ་སྐྱེ་བ་དང་རྒ་ཤི་གང་དུ་གཏོགས་པའི་ས་དེར་གཏོགས་པའི་ཤེས་བྱེད་དུ་ལེན་པ་ནི་སྐྱེ་བ་ཕྱི་མའི་ཕུང་པོ་ཐོབ་པར་འདོད་པའི་སྲེད་པ་ཡིན་པའི་ཕྱིར་རོ། །ཞེས་བཀོད་པ་ཡང་སྲེད་པ་ལ་མཚུངས་ཏེ། སྲེད་པ་ཡང་སྐྱེ་བ་ཕྱི་མའི་ཕུང་པོ་ཐོབ་པར་འདོད་པའི་སྲེད་པ་ཡིན་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། སྲེད་པ་ནི་ཉོན་ཡིད་འཁོར་དུ་བྱུང་བའི་བདག་ལ་ཆགས་པ་ཡིན་པས་ཀུན་གཞིའི་རྣམ་ཤེས་ཁོ་ན་ལ་སྲེད་པའི་ཕྱིར་ཞེ་ན། དེ་ལྟར་ན་ཚོར་བ་ལ་ཆགས་པ་སྲེད་པ་ཡིན་པར་འདོད་པ་དང་འགལ་ཏེ། ཚོར་བ་ནི་ཀུན་གཞི་མིན་པའི་ཕྱིར་རོ། །གཉིས་པ་ནི། ཚོར་བ་དང་སྲེད་པ་ས་མཚུངས་པའི་ཤེས་བྱེད་དུ་ས་གཞན་གྱི་ཚོར་བ་ལས་ས་གཞན་གྱི་སྲེད་པ་མི་འཕེལ་བའི་ཕྱིར་ཞེས་བཀོད་པ་ནི་རྣམ་པར་མ་བརྟགས་པ་སྟེ། སྲེད་པ་ཡིན་ན་ཚོར་བ་བདེ་བ་ལ་མི་འབྲལ་བར་སྲེད་པས་མ་ཁྱབ་པའི་ཕྱིར་ཏེ། ཚོར་བ་གསུམ་ལ་སྲེད་ཚུལ་གསུམ་ཡོད་པའི་ཕྱིར། དེས་ན་ས་གཞན་གྱི་ཚོར་བ་ལས་ས་གཞན་གྱི་སྲེད་པ་འཕེལ་བ་ཡོད་དེ། འདོད་པའི་ཚོར་བ་སྡུག་བསྔལ་ལ་དམིགས་ནས་དེ་དང་འབྲལ་བར་འདོད་པའི་བསམ་གཏན་དང་པོའི་སས་བསྡུས་ཀྱི་སྲེད་པ་འཕེལ་བ་ཡོད་པའི་ཕྱིར་ཏེ། འདོད་པ་དང་། བསམ་གཏན་དང་པོ་ལ་ཞི་རགས་སུ་ལྟ་བའི་སྐབས་ཀྱི་སྲེད་པ་དེ་བསམ་གཏན་དང་པོའི་སས་བསྡུས་ཡིན་པའི་ཕྱིར། ལེགས་པར་སོམས་ཤིག གསུམ་པ་ནི། དེ་ལྟ་བུའི་ས་མཚུངས་འདི་འཁོར་བས་བསྡུས་པའི་རྒྱུ་འབྲས་ཆ་གཅིག་ལ་འཇོག་གམ། ཆ་གཉིས་ལ་འཇོག དང་པོ་ལྟར་ན། མིང་གཟུགས་ནས་ཚོར་བའི་བར་དང་། སྐྱེ་བ་དང་རྒ་ཤི་གཉིས་ས་མཚུངས་ཡོད་པར་འདོད་པ་དང་འགལ་ལ། ཕྱི་མ་ལྟར་ན་འདུ་བྱེད་གང་དུ་སྐྱེ་བའི་སར་གཏོགས་ཤིང་སྲེད་པ་རྣམ་སྨིན་འགྲུབ་པའི་སར་མི་གཏོགས་པར་འདོད་པ་དང་འགལ་ཏེ། རྒྱུ་འབྲས་སྔ་མའི་མ་རིག་པ་དང་། འདུ་བྱེད་གཉིས་རྒྱུར་འཇོག་པ་ལྟར། རྒྱུ་འབྲས་ཕྱི་མའི་སྲེད་ལེན་སྲིད་པ་གསུམ་པོ་ཡང་རྒྱུར་འཇོག་དགོས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འཁོར་བས་བསྡུས་པའི་རྒྱུ་འབྲས་ཆ་གཅིག་གི་ས་མཚུངས་དཔྱད་པ་དང་། མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གཅིག་གི་ས་མཚུངས་དཔྱད་པ་གཉིས་ལས། དང་པོ་ནི། ཁམས་གསུམ་ས་དགུ་ནས་སྐྱེ་བའི་ཚུལ་བསྡུ་ན། རང་ས་ནས་རང་སར་སྐྱེ་བ། འོག་ས་ནས་གོང་སར་སྐྱེ་བ། གོང་ས་ནས་འོག་སར་སྐྱེ་བ་གསུམ་དུ་འདུས་ཤིང་། རྒྱས་པར་ཕྱེ་ན་གྱ་གཅིག་ཡོད་དེ། ཁམས་གསུམ་ས་དགུ་ནས་འདོད་པར་སྐྱེ་བ་དགུ་ཡོད་པ་ནས་བཟུང་སྟེ། སྲིད་རྩེར་སྐྱེ་བ་དགུའི་བར་རྣམས་སུ་ཡོད་པའི་ཕྱིར། དེ་ལ་ཡན་ལག་བཅུ་གཉིས་ལས། འདུ་བྱེད་ལ་སོགས་པའི་ཕྱི་མ་བཅུ་གཅིག་པོ་དེ་གང་དུ་སྐྱེ་བའི་སྐྱེ་ས་ཁོ་ནར་གཏོགས་ཏེ། རྣམ་སྨིན་གྱི་ཡན་ལག་དྲུག་གམ་བདུན་པོ་དེ་སྐྱེས་པ་དེའི་ཟག་བཅས་ཀྱི་ཕུང་པོ་ལ་འཇོག་དགོས་ཤིང་། ས་གཞན་གྱི་འཕེན་བྱེད་ཀྱི་ལས་ཀྱིས་ས་གཞན་གྱི་རྣམ་སྨིན་མི་འཕེན། ས་གཞན་གྱི་འགྲུབ་བྱེད་ཀྱི་ལས་ཀྱིས་ས་གཞན་གྱི་རྣམ་སྨིན་མི་འགྲུབ་པའི་ཕྱིར་རོ། །མ་རིག་པ་གང་དུ་སྐྱེ་བའི་སྐྱེ་སར་གཏོགས་པ་ལ་ཡང་དགུ་ཡོད་དེ། ཁམས་གསུམ་ས་དགུ་ནས་འདོད་པར་སྐྱེ་བ་ནའོ། །དེའི་རྒྱུ་མཚན་ཡང་ཁམས་གོང་གི་སས་བསྡུས་ཀྱི་མ་རིག་པས་འདོད་པར་འཕེན་བྱེད་ཀྱི་ལས་ཀུན་ནས་མི་སློང་བའི་ཕྱིར་ཏེ། གོང་མའི་དངོས་གཞིའི་སེམས་མ་ཐོབ་པར་གོང་མའི་མ་རིག་པ་མངོན་དུ་མི་འགྱུར་ལ། གོང་མའི་དངོས་གཞི་ཐོབ་ནས་མ་ཉམས་པར་འདོད་པར་འཕེན་བྱེད་ཀྱི་ལས་སོག་པ་མི་སྲིད་པའི་ཕྱིར་ཏེ། འདོད་པ་དམན་པར་མཐོང་བའི་ཕྱིར། ཡང་ཁམས་གསུམ་ས་དགུ་ནས་བསམ་གཏན་དང་པོར་སྐྱེ་བའི་སྐྱེ་བ་དགུ་ལ་མ་རིག་པ་འདོད་པའི་སས་བསྡུས་ཁོ་ན་ཡིན་ཏེ། བསམ་གཏན་དང་པོ་ཡན་ཆད་ཀྱི་སས་བསྡུས་ཀྱི་མ་རིག་པས་བསམ་གཏན་དང་པོར་འཕེན་བྱེད་ཀྱི་ལས་ཀུན་ནས་མི་སློང་བའི་ཕྱིར་ཏེ། དེར་སྐྱེ་བའི་འཕེན་བྱེད་ཀྱི་ལས་སོག་པར་བྱེད་པ་ལ་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་འོག་སར་ལ་འདོད་ཆགས་དང་བྲལ་བར་བྱེད་པ་སྔོན་དུ་འགྲོ་དགོས་ཞིང་། ཀུན་སློང་གི་མ་རིག་པ་ནི་དེའི་ཡང་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །ཡང་ཁམས་གསུམ་ས་དགུ་ནས་བསམ་གཏན་གཉིས་པར་སྐྱེ་བའི་སྐྱེ་བ་དགུ་ལ་མ་རིག་པ་བསམ་གཏན་དང་པོའི་སས་བསྡུས་ཁོ་ན་ཡིན་ཏེ། འདོད་པའི་སས་བསྡུས་ཀྱི་མ་རིག་པས་བསམ་གཏན་གཉིས་པའི་ལས་ཀུན་ནས་མི་སློང་བ་གང་ཞིག བསམ་གཏན་གཉིས་པ་ཡན་ཆད་ཀྱི་མ་རིག་པས་ཀྱང་བསམ་གཏན་གཉིས་པར་འཕེན་བྱེད་ཀྱི་ལས་ཀུན་ནས་མི་སློང་བའི་ཕྱིར། གཏན་ཚིགས་སྔ་མ་གྲུབ་སྟེ། བསམ་གཏན་གཉིས་པར་སྐྱེ་བའི་འཕེན་བྱེད་ཀྱི་ལས་སོག་པ་ལ་བསམ་གཏན་དང་པོའི་དངོས་གཞིའི་སེམས་ཐོབ་པ་དགོས། དེ་ཐོབ་ནས་འདོད་པའི་སྒོམ་སྤངས་སུ་གྱུར་པའི་མ་རིག་པ་སྤང་བའི་ཕྱིར་དང་། འདོད་པའི་མཐོང་སྤངས་སུ་གྱུར་པའི་མ་རིག་པ་ནི་མི་དགེ་བ་ཡིན་པས་མི་གཡོ་བའི་ལས་ཀུན་ནས་མི་སློང་བའི་ཕྱིར། དེས་མཚོན་ནས་བསམ་གཏན་གསུམ་པ་ནས་བཟུང་སྟེ་སྲིད་རྩེའི་བར་གྱི་སྐྱེ་བ་དགུ་དགུ་པོ་ཐམས་ཅད་ཀྱི་ཀུན་སློང་གི་མ་རིག་པ་རང་རང་གི་འོག་ས་དེ་མ་ཐག་ཏུ་ཤེས་པར་བྱའོ། །བསྡུ་ན་མ་རིག་པ་ལ་མུ་བཞི་ལས། སྐྱེ་འཆི་གཉིས་ཀའི་སར་གཏོགས་པ་ནི་འདོད་པ་ནས་འདོད་པར་སྐྱེ་བ་ལྟ་བུ། སྐྱེ་སར་གཏོགས་ནས་འཆི་སར་མི་གཏོགས་པ་ནི་གོང་མ་བརྒྱད་ནས་འདོད་པར་སྐྱེ་བ་ལྟ་བུ། འཆི་སར་གཏོགས་ནས་སྐྱེ་སར་མི་གཏོགས་པ་ནི་འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བ་ནས་བཟུང་སྟེ། ཅི་ཡང་མེད་ནས་སྲིད་རྩེར་སྐྱེ་བའི་བར་བརྒྱད་ལྟ་བུའོ། །སྐྱེ་འཆི་གཉིས་ཀའི་སར་མི་གཏོགས་པ་ནི་བཅུ་བདུན་པོ་དེའི་ལྷག་མ་རྣམས་སོ། །འདི་དག་ཀྱང་ཡིད་ཀྱི་ས་པའི་མ་རིག་པས་ཀུན་སློང་བྱེད་པའི་དབང་དུ་བྱས་ཀྱི་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་པས་ཀུན་སློང་བྱེད་ན་མ་རིག་པ་ནི་གང་དུ་ལས་སོག་པའི་རྟེན་དེའི་སར་གཏོགས་ཏེ། ཉོན་ཡིད་ནི་ཀུན་གཞིའི་རྣམ་ཤེས་ལ་དམིགས་ནས་བདག་ཏུ་འཛིན་པ་ཡིན་པས་གཞན་གྱི་ཉོན་ཡིད་ཀྱིས་ས་གཞན་གྱི་ཀུན་གཞི་ལ་བདག་ཏུ་འཛིན་པ་མི་སྲིད་པའི་ཕྱིར། འདི་དག་གི་དགག་སྒྲུབ་རྒྱས་པ་ནི་སྐྱེས་བུ་མཆོག་གི་གསལ་བྱེད་དུ་བསྟན་ཟིན་པས་དེར་ལྟ་བར་བྱའོ། །གཉིས་པ་ལ། འདོད་པ་ནས་འདོད་པར་སྐྱེ་བ་ལ་མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཚང་བའི་ཚེ་ཐམས་ཅད་ས་མཚུངས་པ་ནི་རྟོགས་པར་སླ་ལ། འདོད་པ་ནས་བསམ་གཏན་དང་པོ། དེ་ནས་བསམ་གཏན་གཉིས་པར་སྐྱེ་བ་ལ་མདོ་ལས་འབྱུང་བའི་ཡན་ལག་བཅུ་གཉིས་ཚང་བའི་ཚེ་དངོས་བསྟན་གྱི་མ་རིག་པ་ནི་འདོད་པའི་སས་བསྡུས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་ནས་ཚོར་བའི་བར་ནི་བསམ་གཏན་དང་པོའི་སས་བསྡུས་ཡིན་ལ། འདི་ལ་ཤུགས་བསྟན་གྱི་འགྲུབ་བྱེད་གསུམ་དང་གྲུབ་པའི་འབྲས་བུ་གཉིས་ཡོད་པ་ཡང་། བསམ་གཏན་དང་པོའི་སས་བསྡུས་ཡིན་ནོ། །དངོས་བསྟན་གྱི་སྲེད་ལེན་སྲིད་པ་གསུམ་ནི་བསམ་གཏན་གཉིས་པའི་སས་བསྡུས་ཡིན་ཏེ། བསམ་གཏན་གཉིས་པའི་རྣམ་སྨིན་འགྲུབ་བྱེད་ཡིན་པའི་ཕྱིར། དངོས་བསྟན་གྱི་གྲུབ་པའི་འབྲས་བུ་གཉིས་ཀྱང་བསམ་གཏན་གཉིས་པའི་སས་བསྡུས་ཡིན་ཏེ། དེའི་རྣམ་སྨིན་གྱི་ཕུང་པོ་ཡིན་པའི་ཕྱིར། འདི་ལ་ཤུགས་བསྟན་གྱི་ཡན་ལག་བདུན་ཡོད་པ་ལས་མ་རིག་པ་བསམ་གཏན་དང་པོའི་སས་བསྡུས་དང་། འདུ་བྱེད་ནས་ཚོར་བའི་བར་དྲུག་ནི་བསམ་གཏན་གཉིས་པའི་སས་བསྡུས་ཡིན་པའི་སྒྲུབ་བྱེད་སྔ་མ་ལ་དཔག་སྟེ་ཤེས་པར་བྱའོ། །དེ་ཡང་ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་མ་རིག་པས་ཀུན་སློང་བྱེད་པའི་དབང་དུ་བྱས་ཀྱི། ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་པས་ཀུན་སློང་བྱེད་ན་མ་རིག་པ་ཕྱི་མ་བསམ་གཏན་གཉིས་པའི་འཕེན་བྱེད་ཀྱི་ལས་གང་དུ་བསགས་པའི་རྟེན་དེར་གཏོགས་པར་ཤེས་པར་བྱའོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ནས་བསམ་གཏན་དང་པོར། དེ་ནས་འདོད་པར་སྐྱེ་བ་ལ་དངོས་བསྟན་གྱི་མ་རིག་པ་འདོད་པའི་སས་བསྡུས་དང་། དངོས་བསྟན་གྱི་འདུ་བྱེད་ནས་ཚོར་བའི་བར་བསམ་གཏན་དང་པོའི་སས་བསྡུས་དང་། འདི་ལ་ཤུགས་བསྟན་ལྔ་ཡོད་པ་ལས་ལྔ་ཆར་ཡང་བསམ་གཏན་དང་པོའི་སས་བསྡུས་ཡིན་ལ། དངོས་བསྟན་གྱི་འགྲུབ་བྱེད་གསུམ་དང་གྲུབ་པའི་འབྲས་བུ་གཉིས་ནི་འདོད་པའི་སས་བསྡུས་དང་། འདིའི་ཤུགས་བསྟན་བདུན་ནི་འདོད་པའི་སས་བསྡུས་སུ་ཤེས་པར་བྱའོ། །གཉིས་པ་རྣམ་བྱང་གི་རྟེན་འབྲེལ་ལ། སྤྱིར་ཐར་ལམ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བ་དང་ལམ་བདེན་ལ་བརྟེན་ནས་འགོག་བདེན་འབྱུང་བ་དང་། སྦྱོར་བཞི་བསྒོམས་པ་ལས་འབྲས་བུ་ཆོས་སྐུ་འབྱུང་བ་སོགས་རྣམ་བྱང་གི་རྒྱུ་ལས་རྣམ་བྱང་གི་འབྲས་བུ་འབྱུང་བ་ཐམས་ཅད་རྣམ་བྱང་གི་རྟེན་འབྲེལ་དུ་ཤེས་པར་བྱ་སྟེ། རྒྱུ་འབྲས་གཉིས་ཀ་ཡང་རྣམ་བྱང་གི་ཆོས་ཡིན་ཅིང་། རྒྱུ་འབྲས་ཐམས་ཅད་ལ་རྒྱུ་དེ་ཉིད་འབྲས་བུའི་ངོ་བོར་གྱུར་པ་ཡང་མ་ཡིན། རྒྱུ་དེ་ལ་མ་བརྟེན་པར་འབྱུང་བ་ཡང་མ་ཡིན། འོན་ཀྱང་འབྲས་བུ་དེ་འབྱུང་བ་རྒྱུ་དེ་ལ་ངེས་པར་བརྟེན་དགོས་པས་རིགས་པས་དཔྱད་མི་བཟོད་ཀྱང་ཀུན་རྫོབ་ཏུ་རྒྱུ་འབྲས་སོ་སོར་ངེས་པའི་ཆ་ནས་རྟེན་འབྲེལ་གྱི་དོན་ཚང་བའི་ཕྱིར་རོ། །འདིར་ཡང་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་འགག་པའི་རིམ་པ་ལ་རྣམ་བྱང་གི་རྟེན་འབྲེལ་དུ་འཇོག་པའི་ཚུལ་བཤད་ན། སོ་སོ་སྐྱེ་བོ་དང་ཉན་རང་སློབ་པ་ལ་ཡོད་པའི་རྟེན་འབྲེལ་འགག་པའི་རིམ་པ་དང་། ཉན་རང་དགྲ་བཅོམ་པ་དང་བྱང་སེམས་འཕགས་པ་ལ་ཡོད་པའི་རྟེན་འབྲེལ་འགག་པའི་རིམ་པ་གཉིས་ལས། དང་པོ་ནི། དབུ་མ་རྩ་བ་ལས། མ་རིག་འགག་པར་གྱུར་པ་ནི། །འདུ་བྱེད་རྣམས་ཀུན་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམ་པས་སོ། །ཞེས་པས། མ་རིག་པ་འགགས་པས་འདུ་བྱེད་མི་འབྱུང་བ་དང་། མ་རིག་པ་འགག་པའི་རྒྱུ་ངོས་བཟུང་ནས། དེ་དང་དེ་ནི་འགག་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང་། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག །ཞེས་འདུ་བྱེད་འགགས་པས་ཡན་ལག་ཕྱི་མ་རྣམས་རིམ་གྱིས་འགག་པའི་ཚུལ་གསུངས་སོ། །ལུགས་འདི་ལ་མ་རིག་པ་འགག་པའི་རྒྱུ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ནི་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་བསྒོམ་པ་ཡིན་ལ། དེ་རྟོགས་པ་ལ་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་རྟོགས་དགོས་པས། ཐེག་དམན་ཚོགས་སྦྱོར་གྱི་གནས་སྐབས་སུ་གང་ཟག་གི་བདག་མེད་བསྒོམས་ནས་མཐོང་ལམ་དུ་མངོན་སུམ་མཐོང་བའི་ཚེ་མཐོང་སྤངས་སུ་གྱུར་པའི་མ་རིག་པ་འགག་ཅིང་། སྒོམ་སྤངས་སུ་གྱུར་པའི་མ་རིག་པ་མ་འགགས་ཀྱང་དེས་འཕེན་བྱེད་ཀྱི་ལས་སློང་བར་མི་བྱེད་དེ། བདེན་པ་མངོན་སུམ་མཐོང་བའི་ཕྱིར། སྔར་སོ་སྐྱེའི་རྟེན་ལ་འཕེན་བྱེད་ཀྱི་ལས་མང་དུ་བསགས་པས། འགྲུབ་བྱེད་ཀྱི་ལས་ཀྱིས་གསོས་བཏབ་པའི་དབང་གིས་སྐྱེ་བ་དུ་མ་ལེན་པ་ད་དུང་ཡོད་དེ། སྲིད་པ་ལན་བདུན་པ་བཞིན་ནོ། །བསྒོམ་ལམ་གྱི་གནས་སྐབས་སུ་མཐོང་སྤངས་ཀྱི་མ་རིག་པའི་རྐྱེན་གྱིས་ཡན་ལག་ཕྱི་མ་འགགས་ཟིན་ཀྱང་སྔར་སོ་སྐྱེའི་རྟེན་ལ་སྒོམ་སྤངས་ཀྱི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་འགགས་པའི་དབང་གིས་བྱུང་བའི་ཡན་ལག་ཕྱི་མ་རྣམས་ནི་མ་འགགས་ལ། བསྒོམ་ལམ་སྐད་ཅིག་མ་ཐ་མས་སྒོམ་སྤངས་ཀྱི་མ་རིག་པ་བཅོམ་པའི་རྗེས་སུ་ནི་བསྒོམ་སྤངས་ཀྱི་མ་རིག་པའི་རྐྱེན་གྱིས་བྱུང་བའི་ཡན་ལག་ཕྱི་མ་རྣམས་ཀྱང་མི་འབྱུང་བར་ཤེས་པར་བྱའོ། །བྱང་སེམས་ལ་ནི་མཐོང་ལམ་སྐྱེས་པའི་ཚེ་སྔར་གྱི་མཐོང་སྤང་དང་བསྒོམ་སྤངས་ཀྱི་མ་རིག་པ་ཐམས་ཅད་ཅིག་ཆར་འགགས་པས་ལས་དང་ཉོན་མོངས་ཀྱི་དབང་གིས་སྐྱེ་འཆི་སྤངས་པ་ནི་རྒྱུད་བླ་མ་སོགས་ཚད་ལྡན་གྱི་གཞུང་རྣམས་ལས་གསུངས་ཏེ་གཞན་དུ་བཤད་ཟིན་ཏོ།།  །།གཉིས་པ་ལ་ཉན་རང་དགྲ་བཅོམ་དང་། བྱང་སེམས་འཕགས་པ་རྣམས་ཀྱི་རྒྱུད་ལ་ཟག་བཅས་ཀྱི་ཡན་ལག་བཅུ་གཉིས་མེད་ཀྱང་། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ལས་བྱུང་བའི་ཡན་ལག་བཅུ་གཉིས་ཆ་འདྲ་བ་ཡོད་པ་ནི་སངས་རྒྱས་མ་ཐོབ་ཀྱི་བར་དུ་མ་འགག་སྟེ། མ་རིག་བག་ཆགས་ཀྱི་ས་མ་སྤངས་པའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ཅེ་ན། རྒྱུད་བླ་མ་ལས། གང་ཟག་དེ་དག་ལ་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ལས་བྱུང་བའི་ཡིད་ཀྱི་རང་བཞིན་ཅན་གྱི་སྐྱེ་བ་དང་། ཟག་མེད་མངོན་པར་འདུ་བྱེད་ཀྱི་རྒ་བ་དང་། བག་ཆགས་ཕྲ་མོའི་ནད་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་ཡོད་ཅིང་། སངས་རྒྱས་འཕགས་པས་དེ་བཞི་སྤངས་པས་རྟག་པ་དམ་པ་སོགས་ཐོབ་པར་གསུངས་པས་སོ་སྐྱེ་དང་ཉན་ཐོས་སློབ་པ་ལ་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་རྒ་ན་འཆི་བཞི་ཡོད་པ་ལྟར། ཉན་རང་དགྲ་བཅོམ་དང་བྱང་སེམས་འཕགས་པ་ལ་མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་ལས་བྱུང་བའི་སྐྱེ་རྒ་ན་འཆི་ཡོད་པས། ཡན་ལག་བཅུ་གཉིས་ཀྱི་ཚུལ་འདི་ཡང་ཤིན་ཏུ་གནས་པའི་ཕྱིར་རོ། །འོ་ན་དེའི་ཡན་ལག་བཅུ་གཉིས་ནི་གང་། འགག་པའི་དུས་ནི་ནམ་ཞིག་ཅེ་ན། དང་པོ་ནི་མ་རིག་བག་ཆགས་ཀྱི་ས་ནི་དེའི་མ་རིག་པ། ཟག་མེད་ཀྱི་ལས་ནི་འདུ་བྱེད། གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པར་འདོད་པའི་དགེ་བའི་རྩ་བ་དང་མཚུངས་ལྡན་གྱི་ཉོན་མོངས་པ་ནི་སྲེད་ལེན་སྲིད་པ་གསུམ་ཡིན་པས། དེ་ལས་ཡིད་ཀྱི་རང་བཞིན་གྱི་མིང་གཟུགས་ནས་ཚོར་བའི་བར་གྲུབ་པ་ནི་ཡིད་ཀྱི་རང་བཞིན་གྱི་སྐྱེ་བ་ཡིན་ཏེ། དེ་ཉིད་སྐད་ཅིག་སྔ་མ་འགགས་ནས་ཕྱི་མ་སྐྱེ་བ་ནི་འདུ་བྱེད་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་ནི་སྐྱེ་བ་དང་རྒ་ཤི་ཡིན་ནོ། །གཉིས་པ་འགག་པའི་དུས་ནི། རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་པའི་ཚེ་མ་རིག་བག་ཆགས་ཀྱི་ས་འགག་ལ། དེ་འགགས་པས་ཡན་ལག་ཕྱི་མ་ཐམས་ཅད་འགགས་ནས་དམ་པའི་ཕ་རོལ་ཏུ་ཕྱིན་པ་བཞི་ཐོབ་པར་འགྱུར་རོ། །གསུམ་པ་གྲུབ་མཐའ་འོག་མ་ལས་རྟེན་འབྲེལ་རྟོགས་ཚུལ་ཁྱད་པར་དུ་འཕགས་པར་སྟོན་པ་ནི། ཕྱི་རོལ་པ་རྣམས་ནི་རྟེན་འབྲེལ་ཁས་མི་ལེན་ཏེ། ཁ་ཅིག་གཙོ་བོ་དང་དབང་ཕྱུག་སོགས་བྱེད་པོ་དང་། ཁ་ཅིག་རྟག་པའི་རྒྱུ་དང་། ཁ་ཅིག་རྒྱུ་མེད་པར་སྨྲ་བའི་ཕྱིར་རོ། །ཆོས་འདི་པ་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་ལེན་པ་ཤ་སྟག་སྟེ། བཤེས་སྤྲིང་ལས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡིན། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཞེས་རྟེན་འབྲེལ་དེ་བཞིན་གཤེགས་པའི་གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོར་གསུངས་པའི་ཕྱིར་རོ། །འོན་ཀྱང་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་མ་ཡིན་ཏེ། འདི་ལྟར་རྟེན་འབྲེལ་ལ་ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་དང་། སྡུག་པ་དང་མི་སྡུག་པའི་འགྲོ་བ་རྣམ་པར་འབྱེད་པའི་རྟེན་འབྲེལ་གཉིས། དང་པོ་ནི་ཕྱི་ནང་གི་དངོས་པོ་ཀུན་རྒྱུ་གང་དང་རྐྱེན་གང་ལས་ཇི་ལྟར་བྱུང་བའི་ཚུལ་ལོ། །གཉིས་པ་ནི་ནང་གི་སྐྱེ་མཆེད་དྲུག་གི་དངོས་པོ་འདི་རྒྱུ་གང་དང་རྐྱེན་གང་ལས་འགྲོ་བ་ལྔར་ཇི་ལྟར་འཁོར་བའི་ཚུལ་ལོ། །དེ་ལ་ཕྱི་རོལ་པ་དག་ནི་གཉིས་ཀ་ལ་རྨོངས་ཞིང་། ཉན་ཐོས་སྡེ་གཉིས་དག་དང་པོ་ལ་རྨོངས་ཏེ། ཕྱི་རོལ་གྱི་དངོས་པོ་རྣམས་རྡུལ་ཕྲ་རབ་ཀྱིས་བྱས་པ་དང་། ནང་གི་སྐྱེ་མཆེད་རྣམས་སྔོན་གྱི་ལས་ཀྱི་རྒྱུ་ལས་བྱུང་བ་སོགས་རིགས་པས་དཔྱད་བཟོད་དུ་ཁས་ལེན་པའི་ཕྱིར་རོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་སོགས་ཡན་ལག་བཅུ་གཉིས་ཀྱི་འཇུག་པ་ཁས་ལེན་པའི་ཆ་ནས་རྟེན་འབྲེལ་གཉིས་པ་ལ་རྨོངས་པ་མ་ཡིན་མོད་ཀྱི། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཀྱང་ཚེ་གསུམ་གྱི་ཕུང་པོའི་གནས་སྐབས་ལ་འཇོག་པ་སོགས་ལོག་པར་རྟོག་པ་ཡང་ཡོད་པས་རྣམ་པ་ཐམས་ཅད་དུ་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་མ་ཡིན་ནོ། །རྣམ་རིག་པ་རྣམས་ནི་ཕྱི་ནང་གི་དངོས་པོ་རྣམས་ཇི་ལྟར་སྣང་བའི་རྒྱུ་མཚན་བོར་ནས་ཀུན་གཞིའི་རྣམ་ཤེས་བདེན་གྲུབ་པ་ལས་བྱུང་བར་ཁས་ལེན་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་རྟོགས་པ་མ་ཡིན་ལ་མཐའ་བཞིའི་སྐྱེ་བ་བཀག་པའི་ཐ་སྙད་ཙམ་ཁས་བླངས་ཀྱང་དོན་ལ་བཀག་མ་ནུས་ཏེ། རྒྱུ་རྐྱེན་རྫས་གཞན་ལས་སྐྱེ་བ་ཁས་བླངས་པའི་ཕྱིར། མདོར་ན་ཕྱི་རོལ་པ་ནས་རྣམ་རིག་པའི་བར་གྱི་དངོས་སྨྲ་བ་རྣམས་ནི་ཕྱི་ནང་གི་དངོས་པོ་རྣམས་བདག་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་པར་འབྱུང་བ་གང་རུང་སྨྲ་བས་རྟེན་འབྲེལ་ཕྱིན་ཅི་མ་ལོག་པར་མ་རྟོགས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། སྡུག་བསྔལ་རང་གིས་བྱས་པ་དང་། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་རྟོག་གེ་པ་ཡིས་བརྟག །ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། །ཞེས་གསུངས་སོ། །དེས་ན་རྟེན་འབྲེལ་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་དབུ་མ་པ་ཁོ་ན་སྟེ། རིགས་པས་དཔྱད་པའི་ཚེ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་ཚུལ་གྱིས་མཐའ་བཞིའི་སྐྱེ་བ་མི་རྙེད་ཀྱང་། ཐ་སྙད་དུ་རྒྱུ་འདི་ལ་རྟེན་ནས་འབྲས་བུ་འདི་འབྱུང་ཞེས་པ་ཙམ་ཞིག་མི་འགལ་བས་ན་སྐྱེ་བ་མེད་ཀྱང་སྐྱེ་བར་སྣང་། སྐྱེ་བར་སྣང་ཡང་སྐྱེ་བ་མེད་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བར་འཇོག་པའི་ཕྱིར་རོ། །མདོར་ན་ས་བོན་གྱི་རྐྱེན་གྱིས་མྱུ་གུ་ཞེས་སོགས་ཕྱིའི་རྟེན་འབྲེལ་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཞེས་སོགས་ནང་གི་རྟེན་འབྲེལ་ཐམས་ཅད་ལ་ཐ་སྙད་དུ་རྒྱུ་འབྲས་ཁས་བླངས་ཀྱང་རྒྱུ་འབྲས་དེ་ཉིད་གཅིག་དང་། ཐ་དད་དང་། རྟག་པ་དང་། མི་རྟག་པ་དང་། དངོས་པོ་དང་། དངོས་མེད་སོགས་གང་ཡིན་དཔྱད་པའི་ཚེ་དེ་དག་གང་རུང་ཞིག་ཏུ་ཁས་ལེན་པ་ནི། དངོས་སྨྲ་བའི་ལུགས་ཡིན་ལ། དབུ་མ་པས་ནི། ཕྱོགས་གཉིས་གང་དུ་ཡང་ཁས་མི་ལེན་ཏེ། ཇི་ལྟར་སྣང་བ་ཙམ་ལ་རྟེན་ནས་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་ཞེས་པ་ཙམ་ཞིག་ཁས་ལེན་པའོ། །ཐོག་མཐའ་མེད་པའི་ཉོན་མོངས་ལས་དང་རྣམ་པར་སྨིན། །མུ་མཐའ་མེད་པའི་འཁོར་བར་འགལ་མེའི་འཁོར་ལོ་ལྟར། །བར་མཚམས་མེད་པར་འཁོར་བའི་ཚུལ་འདི་ལེགས་ཤེས་ནས། །སྐྱེ་འགག་མེད་པར་རྟོགས་པའི་བློ་ཡིས་བཅད་བྱའི་ཕྱིར། །འཁོར་དང་མྱ་ངན་འདས་པའི་གནས་ལུགས་གསལ་བ་ཡི། །ལེགས་བཤད་འདི་ནི་གྲུབ་མཐའི་གནད་རྣམས་མ་འདྲེས་ཤིང་། །ཁྱད་པར་དབུ་མའི་ཐ་སྙད་རྟེན་འབྲེལ་གཙོར་བྱས་ནས། །ལུང་རིགས་དོན་ལ་མ་རྨོངས་བློ་ལྡན་དེ་ཡིས་སྦྱར། །རྒྱུ་འབྲས་གཅིག་གི་འཕེན་གྲུབ་སྦྱར་དང་ས་མཚུངས་ཙམ། །བརྒྱ་ཚར་ཐོས་ནས་འདོན་པ་གོམས་ཀྱང་ཚུལ་ལུགས་འདིའི། །མན་ངག་མེད་ན་མངོན་པའི་ང་རྒྱལ་མཚོ་བརྡོལ་ནས། །ཚིག་གི་རླབས་ཕྲེང་གཡོ་ཡང་དོན་མེད་ལྦུ་བའི་རྒྱུ། །སྔ་མའི་རྐྱེན་གྱིས་ཕྱི་མ་འབྱུང་བའི་ཚར་གཅིག་ལ། །དངོས་ཤུགས་སྦྱར་ཚེ་འཁོར་བའི་རྒྱུ་འབྲས་ཚར་གཉིས་འབྱུང་། །དེ་ལྟ་ན་ཡང་ཚར་གཅིག་ཉིད་དུ་བཞག་ཚུལ་དང་། །བཞག་པའི་དགོས་པ་དེ་ཡི་འཕེན་གྲུབ་སྦྱར་ཚུལ་དང་། །དེ་ཉིད་ཚེ་རབས་དུས་བསྡུས་དེ་ཡི་ས་མཚུངས་དང་། །གྲུབ་མཐའ་གཞན་དུ་ཚར་གཉིས་བཞག་པའི་གནད་རྣམས་ནི། །རོང་སྟོན་དམ་པའི་གསུང་གི་མན་ངག་ལ་བརྟེན་ནས། །ཁོ་བོས་རྟོགས་འདི་སྨྲ་བ་གཞན་དང་ཐུན་མོང་མིན། །འདི་སྦྱར་དགེ་བ་ཡེ་ཤེས་རྡོ་རྗེའི་མེ་ཆར་གྱིས། །མཁའ་མཉམ་འགྲོ་བའི་སྲིད་པའི་འཁོར་ལོ་རྣམ་བཤིག་ནས། །ཡོན་ཏན་ལྷུན་བརྩེགས་མྱ་ངན་འདས་པའི་སྨན་ལྗོངས་སུ། །རྣམ་གྲོལ་བདེ་བའི་འབྲས་བུའི་ཟས་ཀྱི་འཚོ་བར་ཤོག །རྟེན་འབྲེལ་གྱི་རྣམ་པར་བཞག་པ་འཁོར་འདས་རབ་གསལ་ཞེས་བྱ་བ་འདི་ནི། བསྟན་པ་མི་འགྱུར་བའི་སྲོག་ཤིང་ཐམས་ཅད་མཁྱེན་པ་སངས་རྒྱས་འཕེལ་གྱི་ཞབས་རྡུལ་ལ་རེག་པ་མདོ་ཁམས་པ་བསོད་ནམས་སེང་གེས་ལྕགས་ཕོ་སྟག་གི་ལོ། གྲོ་བཞིན་གྱི་ཟླ་བ་ལ་རྟ་ནག་གསེར་གླིང་གི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བློ་ལྡན་ནོ།།  ༈  །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་གང་ཞིག་ཐོབ་པ་དེས། །མཁའ་ཁྱབ་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། དགེའོ། དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*