དེ་ལ་དེ་བས་དགོངས་ཏེ་གསུངས་པ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཞེས་གསུངས་པ་ནི་དེ་ལྟར་མི་ལྟའོ། །ཀུན་དགའ་བོ་ང་ནི་རོ་རྒྱབ་ནའོ་གསུངས་པ་ཡང་དེ་ལྟར་མི་ལྟའོ། །ང་ནི་རྒས་འཁོགས་པ་ཡིན་གྱི་ངའི་བསྙེན་བཀུར་བ་ཚོལ་ཅིག་ཅེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །མོའུ་འགལ་གྱི་བུ་ཁྱོད་སོང་ལ་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱི་གན་ནས་སྨན་ལོང་ཞིག་དང་། བཟའ་བར་བྱའོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །དེ་བཞིན་གཤེགས་པ་ནི་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་དག་དང་ལྷན་ཅིག་ཏུ་ཚིག་གིས་རྩོད་པར་བྱེད་དོ། །ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་གོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །སྐྱེས་བུ་དམ་པ་མིན་པ་ལྷས་བྱིན་ནི་ཡུན་རིང་པོ་ནས། དེ་བཞིན་གཤེགས་པའི་གཤེད་མ་དང་གཅུགས་ཅན་དང་ཕྱིར་རྒོལ་བ་དགྲ་བོར་གྱུར་པ་ཡིན་ནོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །དེ་བཞིན་གཤེགས་པ་བསོད་སྙོམས་ཀྱི་ཕྱིར་བྲམ་ཟེའི་གྲོང་སཱ་ལ་ཅན་དུ་ཇི་ལྟར་ལྷུང་བཟེད་བཀྲུས་པས་ཞུགས་པ་བཞིན་དུ་ཕྱིར་ཕྱུང་ངོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །བྲམ་ཟེའི་བུ་མོ་དྲེགས་མས་ཤིང་གི་གཞོང་བུ་ལྟོ་བར་བཅིངས་ཏེ། དེ་བཞིན་གཤེགས་པ་ལ་སྐུར་པ་བཏབ་བོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །དེ་བཞིན་གཤེགས་པ་ཉོན་མོངས་མེད་ཀྱི་ལྗོངས་སུ་དབྱར་གནས་པར་ཞལ་གྱིས་བཞེས་པ་ན་ཟླ་བ་གསུམ་དུ་རྟ་ཆས་ཀྱི་ནས་གསོལ་ལོ་ཞེས་གསུངས་པ་ཡང་དེ་ལྟར་མི་ལྟའོ། །ཞེས་གསུངས་སོ། །གསུམ་པ་ཉམས་ལེན་ཡེ་བཀག་ཡེ་གནང་ཡིན་པ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། འབྲི་ཁུང་པ་ཁ་ཅིག ཐེག་པ་ཆེ་ཆུང་གི་བསླབ་བྱ་ལ་གཅིག་ལ་བཀག་པ་ཐམས་ཅད་ལ་ཡེ་ནས་བཀག་པ་ཡིན་ཅིང་། གཅིག་ལ་གནང་བ་ཐམས་ཅད་ལ་ཡེ་ནས་གནང་བ་ཡིན་པར་འདོད་དེ། དགོངས་གཅིག་ཏུ་རྡོ་རྗེའི་གསུང་སྤྱིར་བཀག་པ་ཐམས་ཅད་ཡེ་བཀག གནང་བ་ཐམས་ཅད་ཡེ་གནང་བྱ་བ་འདི་བཞུགས་དེ་ལ་བོད་རྒན་རྣམས་ནད་པ་ལ་ཆང་མ་གཏོགས་པ་བཅས་པ་མཐའ་དག་གིས་སྐྱོང་ཞེས་གསུངས་པ་དང་། བུད་མེད་ལ་རེག་པ་བཀག་པ་ལ་བུད་མེད་ཆུས་ཁྱེར་བ་ན་བོང་བའི་འདུ་ཤེས་ཀྱིས་རེག་པས་དག་པར་གསུངས་པས་གནང་བཀག་གཅིག་ཏུ་མ་ངེས་ཞེས་ཟེར་བ་ལ། འདིར་ཞལ་སྔ་ནས། སྤྱིར་འཁོར་འདས་ཀྱི་གཤིས་ལ་དགེ་མེད་དགེ་གཉིས་ཡོད་པ་ལས་ཆོས་ཐམས་ཅད་གནས་དང་གནས་མ་ཡིན་པ་མཁྱེན་པའི་ཡེ་ཤེས་ལས་མི་འདའ་བ་དང་གཅིག མི་དགེ་བ་དང་འབྲེལ་བའི་ལས་ལས་སྡུག་བསྔལ་འབྱུང་བར་ངེས་པ་དང་གཉིས། བཅོམ་ལྡན་འདས་སེམས་ཅན་ལ་བུ་གཅིག་པ་བཞིན་བརྩེ་བར་དགོངས་ཀྱང་འཇུག་ལྡོག་གི་ཚུལ་ཁྲིམས་ལ་མ་ཞུགས་ན་སྐྱོན་སྤང་བ་དང་ཡོན་ཏན་སྒྲུབ་པའི་ཐབས་གཞན་མེད་པ་དང་གསུམ་པོ་འདིའི་གནད་ཀྱིས་ཡེ་བཀག་ཡེ་གནང་དུ་མི་འོང་ཁ་མེད་ཡིན། དང་པོ་གནང་བ་དེ་ཕྱིས་ཀྱང་གནང་སྟེ་བཀག་པ་མེད། དང་པོ་བཀག་པ་དེ་ཕྱིས་ཀྱང་བཀག་སྟེ་གནང་བ་མེད། དཔེར་ན་ནད་པས་ཕྱི་དྲོའི་ཁ་ཟས་ལ་མ་ཆགས་པར་ནད་གསོ་བའི་མཐུན་རྐྱེན་དུ་འགྲོ་ཞིང་སྨན་ལྟ་བུའི་འདུ་ཤེས་ཡོད་ན་བཀག་པ་མེད་ལ་དེ་ལྟ་བུའི་བསམ་པ་མེད་ན་གནང་བ་མེད་དོ། །ཡུལ་བུད་མེད་ལ་ཆགས་སེམས་ཀྱིས་རེག་པ་དང་པོ་ནས་གནང་བ་མེད་ལ་ཕྱིས་ཀྱང་གནང་བ་མེད། ས་དང་བོང་བའི་འདུ་ཤེས་ཀྱིས་རེག་པ་དང་པོ་ནས་བཀག་པ་མེད་ཅིང་ཕྱིས་ཀྱང་བཀག་པ་མེད་པས་གནང་བཀག་གི་བྱེ་བྲག་གི་ཚུལ་དེ་དང་འདྲའོ་ཞེས་ཟེར་རོ། །གཉིས་པ་ལ་གསུམ་སྟེ། གནང་བཀག་ཐ་དད་དུ་བསྟན་པ། དེ་ལ་གནོད་པ་སྤང་བ། མ་འཁྲུལ་བའི་གནང་བཀག་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དམ་བཅའི་སྒོ་ནས་མདོར་བསྟན། འཐད་པའི་སྒོ་ནས་རྒྱས་པར་བཤད། དཔེའི་སྒོ་ནས་ནས་དོན་བསྡུ་བའོ། །དང་པོ་ནི་ཡེ་བཀག་ཞེས་སོགས་དྲུག་སྟེ། ཐེག་པ་ཆེ་ཆུང་གི་བསླབ་བྱ་བཀག་པ་ཐམས་ཅད་ཡེ་བཀག་དང་། གནང་བ་ཐམས་ཅད་ཡེ་གནང་ཞེས་བྱ་བའི་ལུགས་འདི་ཡང་སངས་རྒྱས་ཀྱི་བསྟན་པ་དང་མཐུན་པ་མ་ཡིན་ཏེ། ཉན་ཐོས་དང་ནི་སོགས་སོ། །གཉིས་པ་ལ་བཞི་སྟེ། ཉན་ཐོས་ནང་ཕན་ཚུན་གནང་བཀག་ཐ་དད་དུ་བསྟན་པ། ཁྱིམ་པ་དང་རབ་བྱུང་གནང་བཀག་ཐ་དད་དུ་བསྟན་པ། ཐེག་པ་ཆེ་ཆུང་གནང་བཀག་ཐ་དད་དུ་བསྟན་པ། ཐེག་ཆེན་ནང་ཕན་ཚུན་གནང་བཀག་ཐ་དད་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཐ་དད་དུ་བསྟན་པ་དངོས། དེའི་ཉེས་སྤོང་གི་ལན་དགག གཅིག་པ་ལ་གནོད་བྱེད་བསྟན་པའོ། །དང་པོ་ནི། དེ་ཡི་འཐད་པ་ཞེས་སོགས་བཅོ་ལྔ་སྟེ། ཐེག་པ་ཆེ་ཆུང་དང་། ཉན་ཐོས་ནང་ཕན་ཚུན་གནང་བཀག་གཅིག་ཏུ་མེད་པ་དེའི་འཐད་པ་འོག་ནས་བཤད་པ་འདི་ལྟར་ཡིན་པས་དཔྱད་གསུམ་གྱིས་རྣམ་པར་དག་པའི་ལུང་བཞིན་དུ་བཤད་ཀྱིས་ཉོན་ཅིག དེ་ཡང་ཉན་ཐོས་རྩ་བའི་སྡེ་བཞི་དང་གྱེས་པ་བཅོ་བརྒྱད་པོ་གཅིག་གིས་བཀག་པ་གཅིག་ལ་གནང་བས་གནང་བཀག་གཅིག་ཏུ་མེད་དེ། ཉན་ཐོས་རྩ་བའི་སྡེ་བཞི་ལ། འདུལ་བ་མི་འདྲ་བ་རྣམ་པ་བཞི། དེ་བཞིན་དུ་སྐད་མི་འདྲ་བ་རྣམ་པ་བཞི། མཁན་པོ་མི་འདྲ་བ་རྣམ་པ་བཞི། སྣམ་སྦྱར་གྱི་རྣམ་ཕྲན་གྱི་གྲངས་དང་། གྲྭའི་རྟགས་མི་འདྲ་བ་རྣམ་པ་བཞི་ལ་སོགས་པ་ཡོད་ཅིང་། གྱེས་པ་བཅོ་བརྒྱད་ལ་ཡང་། དང་པོ་སྡོམ་པ་ལེན་པ་དང་། བར་དུ་བསྲུང་བ་དང་། ཉམས་ན་ཕྱིར་བཅོས་པ་དང་། གསོ་སྦྱོང་གི་ཚེ་སོ་སོ་ཐར་པ་འདོན་པའི་ཚུལ་དང་། ཐ་མ་སྡོམ་པ་གཏོང་བའི་ཚུལ་ལ་སོགས་པ་ཕལ་ཆེར་མི་མཚུངས་པའི་ཕྱིར་རོ། །དེ་ཡང་ཁ་ཆེ་པཎ་ཆེན་གྱི་གསུང་སྒྲོས་ལས། ཐམས་ཅད་ཡོད་སྨྲའི་མཁན་པོ་རྒྱལ་རིགས་སྒྲ་གཅན་ཟིན། སྐད་སཾ་སྐྲྀ་ཏའི་སྐད། སྣམ་སྦྱར་སྣམ་ཕྲན་ཉི་ཤུ་རྩ་ལྔ་མན་ཆད། དགུ་ཡན་ཆད། གྲྭའི་རྟགས་པདྨ་དང་། ཨཏྤལ་ལ་སོགས་པ། ཕལ་ཆེན་པའི་མཁན་པོ་བྲམ་ཟེའི་རིགས་འོད་སྲུང་ཆེན་པོ། སྐད་པྲ་ཀྲི་ཏའི་སྐད། སྣམ་ཕྲན་ཉེར་གསུམ་པ་ནས་བདུན་ཡན་ཆད། རྟགས་དུང་། མང་པོས་བཀུར་བའི་མཁན་པོ། འབྲེག་མཁན་གྱི་རིགས་ཉེ་བ་འཁོར། སྐད་ཟུར་ཆག་གི་སྐད། སྣམ་ཕྲན་ཉེར་གཅིག་པ་ནས་ལྔ་ཡན་ཆད། རྟགས་མེ་ཏོག་སོར་ཙི་ཀ གནས་བརྟན་པའི་མཁན་པོ་མཐའ་འཁོབ་འདུལ་བ་ཀ་ཏ་ཡ་ན། སྐད་པི་ཤ་ཙིའི་སྐད། སྣམ་ཕྲན་དང་། གྲྭའི་རྟགས་མང་པོས་བཀུར་བ་དང་འདྲ་བར་གསུངས་སོ། །གྱེས་པ་བཅོ་བརྒྱད་ཀྱི་དབྱེ་བ་ནི་འོག་ནས་འཆད་དོ། །གཉིས་པ་ལ་གཉིས་ཏེ། གྱེས་པ་བཅོ་བརྒྱད་ལ་བདེན་བརྫུན་གྱི་དབྱེ་བ་ཡོད་པའི་ལན་དགག བསླབ་པ་ཤེས་ན་གནང་བཀག་གཅིག་ཏུ་འགྱུར་བའི་ལན་དགག་པའོ། །དང་པོ་ནི། གལ་ཏེ་སྡེ་པ་ཞེས་སོགས་བདུན་ཏེ། ཉན་ཐོས་རྩ་བའི་སྡེ་བཞི་དང་། གྱེས་པ་བཅོ་བརྒྱད་ལ་གནང་བཀག་ཐ་དད་ཡོད་པས། གནང་བཀག་ཐ་དད་པར་མི་འགྲུབ་སྟེ། སྡེ་པ་གཅིག་ཁོ་ནའི་གནང་བཀག་བདེན་པ་ཡིན་གྱི། དེ་ལས་གཞན་བརྫུན་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལྟར་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་གནང་བཀག་བདེན་པར་གསུངས་པའི་ཕྱིར་རོ། །རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལ། སྙན་ངག་དཔག་བསམ་འཁྲི་ཤིང་དང་། མཛོད་ཀྱི་འགྲེལ་བཤད་ལས་བཅུ་བཤད་ཅིང་བསྟན་པ་སྔ་དར་གྱི་དུས་སུ་བྱུང་བའི་ཆོས་ཀྱི་བརྗེད་བྱང་ཞེས་བྱ་བ་ལས་བརྒྱད་དེ་བཅོ་བརྒྱད་འབྱུང་བ་རིམ་པ་བཞིན་བསྡུས་ན། གླང་ཆེན་མཇུག་མ་དཀར་ཁུང་ཐོགས་པ་དང་། །ཁྲོན་པས་མི་སྙེགས་ཕྱེ་དང་མུ་ཏིག་བརྗེ། །ངན་པའི་ཤིང་དང་ཙནྡན་མཉམ་དུ་བྱེད། །གླང་གི་ཕྲུ་གུས་གླང་ཆེན་གནས་ནས་སྐྲོད། །མི་གཙང་སྤྲེའུས་མི་གཙང་གཞན་ལ་བྱུག །སྤྲེའུ་མང་པོས་སྤྲེ་ངན་རྒྱལ་པོར་བཀུར། །བཅོ་བརྒྱད་མི་ཡིས་རས་ཡུག་སོ་སོར་དྲས། །རྭ་བའི་མེ་ཏོག་འབྲས་བུ་རྐུན་པོས་ཁྱེར། །འཐབ་པར་མི་འོས་སྡེ་རིགས་ཕན་ཚུན་འཐབ། །མེ་ཏོག་དག་ནི་ཆོད་ཅིག་ཅེས་ནི་བསྒུལ། །རྫིང་བུ་གསུམ་གྱི་བར་མ་སྟོང་པར་མཐོང་། །རྒན་པོ་སྤྱི་ཐེར་དུ་ནི་གནས་པ་དང་། །རྟ་ཡི་ཁ་འཕོངས་གཉིས་ཀས་ཟ་བ་དང་། །ཆེ་བའི་ཁྱི་བས་ཆུང་བ་ཁ་ནི་དྲག །བེའུ་སྐྱེས་མ་ཐག་ཏུ་བ་ལ་ནུ། །སྔ་དྲོ་གཞོན་ནུའི་མི་ནི་ཕྱི་དྲོ་རྒས། །སེངྒེའི་རོ་ནི་རང་གི་སྲིན་འབུས་ཟོས། །བཅོ་བརྒྱད་རྨིས་པ་འོད་སྲུང་ལ་ཞུས་པས། །བྲམ་ཟེའི་ཁྱེའུ་བླ་མ་མ་འོངས་པར། །སངས་རྒྱས་ཤཱཀ་ཐུབ་ཅེས་བྱར་གྱུར་པའི་ཚེ། །བསྟན་པའི་མཇུག་ཏུ་འདི་འདྲ་འབྱུང་བའི་ལྟས། །ཞེས་སོ། །སྡེ་པ་བཅོ་བརྒྱད་ཀྱི་གནང་བཀག་ལ་བདེན་བརྫུན་གྱི་དབྱེ་བ་མེད་པ་དང་། བཅོ་བརྒྱད་ཇི་ལྟར་གྱེས་པའི་ཚུལ་འདིའི་དོན་རྒྱས་པར་བཙུན་པ་དབྱིག་བཤེས་ཀྱིས་མཛད་པའི་སྡེ་པ་ཐ་དད་ཀླག་པའི་འཁོར་ལོ་ཞེས་བྱ་བའི་དོན་བསྡུས་ནས་སློབ་དཔོན་དུལ་བ་ལྷས། སྡེ་པ་ཐ་དད་བསྟན་པ་བསྡུས་པ་ཞེས་བྱ་བ་དང་། འདུལ་བ་འོད་ལྡན་དང་། དགེ་ཚུལ་གྱི་ལོ་དྲི་བ་སོགས་ལ་ལྟོས་ཏེ་སྡེ་པ་ཐ་དད་བསྟན་པ་བསྡུས་པ་ལས། ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་འདོད། །ཅེས་དང་། འོད་ལྡན་ལས། དེ་ལྟ་བས་ན་སྡེ་པ་གཞན་འདོན་པ་དག་ཀྱང་སངས་རྒྱས་ཀྱི་གསུང་ནི་ཡིན་པར་ཐེ་ཚོམ་མེད་པ་ཡིན་ནོ་ཞེས་དང་། དགེ་ཚུལ་གྱི་ལོ་དྲི་བ་ལས། དེ་ལྟར་བྱེ་བྲག་བཅོ་བརྒྱད་དུ། །ཤཱཀྱ་སེང་གེའི་བསྟན་པ་ནི། །གྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་ཕྲིན་ལས་དབང་གིས་ཡིན། །ཞེས་གསུངས་སོ། །བཅོ་བརྒྱད་ཇི་ལྟར་གྱེས་པའི་ཚུལ་ནི། འོད་ལྡན་ལས། ཐམས་ཅད་ཡོད་སྨྲ་གཅིག་པུ་ལས། གཞན་རྣམས་གྱེས་པར་གསུངས་ཏེ། ཇི་སྐད་དུ་སྔོན་ཐམས་ཅད་ཡོད་པར་སྨྲ་བ་འདི་གཅིག་པུ་ཡོད་པ་ལས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་དང་། དེ་ལ་བརྟེན་ནས་སྡེ་པ་གཞན་དག་འབྱུང་བས་དེ་དག་གི་གཞིར་གྱུར་པའི་ཕྱིར་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བ་དང་། དེ་ལྟ་བས་ན་ཐམས་ཅད་ཡོད་པར་སྨྲ་བ་ནི་གཞི་ཞེས་བྱའི། སྡེ་པ་གཞན་དག་ནི་མ་ཡིན་ཏེ། ཐ་མལ་པ་དང་། ཟུར་ཆག་པ་དང་། འབྲིང་དུ་འདོན་པའི་ཚིག་གི་ཐ་སྙད་བརྗོད་པའི་ཕྱིར་རོ། །ཞེས་སོ། །སྡེ་པ་ཐ་དད་བསྟན་པ་བསྡུས་པ་དང་། དགེ་ཚུལ་གྱི་ལོ་དྲི་བ་ལས། རྩ་བའི་སྡེ་པ་བཞི་ལས། བཅོ་བརྒྱད་དུ་གྱེས་པར་འདོད་དེ། གཞུང་དང་པོ་ལས། ཤར་དང་ནུབ་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །རྟག་པར་སྨྲ་བའི་སྡེ་པ་དང་། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུང་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས་རི་དང་བསྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱི་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གསུངས། །ཞེས་དང་། གཞུང་གཉིས་པ་ལས། འོད་སྲུང་ཞེས་བྱ་ས་སྲུང་དང་། །ཆོས་སྲུང་ཞེས་ནི་བྱ་བ་དང་། །གཞི་ཀུན་ཡོད་པར་སྨྲ་བ་སྟེ། །ལྟ་བའི་བྱེ་བྲག་འགའ་ཞིག་གིས། །རྒྱུ་ཡིས་འདི་དག་ཐ་དད་བྱས། །སྟོན་པ་ཐ་དད་ཡོད་མ་ཡིན། །དགེ་འདུན་ཕལ་ཆེན་དབྱེ་བ་ནི། །དྲུག་སྟེ་ཤར་གྱི་རི་བོ་དང་། །དེ་བཞིན་ནུབ་རི་ཞེས་བྱ་དང་། །གངས་གནས་ཞེས་བྱ་དེ་ལས་གཞན། །རྣམ་པར་ཕྱེ་སྟེ་སྨྲ་བ་དང་། །གཞན་ནི་དེ་བཞིན་བརྟགས་པར་སྨྲ། །འཇིག་རྟེན་འདས་སྨྲ་ཞེས་བྱ་བ། །དེ་དག་ཏུ་ནི་ཡང་དག་སྨྲ། །མང་པོས་བཀུར་བའི་བྱེ་བྲག་ནི། །རྣམ་པ་ལྔར་ནི་མཁས་པས་བསྒྲགས། །གོས་དམར་བ་དང་ས་སྲུང་དང་། །ཀུ་རུ་ཀུལླེ་དེ་ལས་གཞན། །མང་དུ་ཐོས་པ་ཞེས་བྱ་དང་། །གནས་མ་བུ་ཡི་སྡེ་ཞེས་དང་། །རྒྱལ་བྱེད་ཚལ་ན་གནས་པ་དང་། །འཇིགས་མེད་རི་ལ་གནས་པ་དང་། །གཙུག་ལག་ཁང་ཆེན་ལ་གནས་པ། །གནས་བརྟན་དབྱེ་བ་གསུམ་དུ་འདོད། །དེ་ལྟར་བྱེ་བྲག་བཅོ་བརྒྱད་དུ། །ཞེས་སོགས་གསུངས་སོ། །རྟོག་གེ་འབར་བ་ལས། རྩ་བའི་སྡེ་པ། དགེ་འདུན་ཕལ་ཆེན་པ་དང་། གནས་བརྟན་པ་གཉིས་ལས། དང་པོ་ལས་བརྒྱད། ཕྱི་མ་ལས་བཅུར་གྱེས་པར་གསུངས་ཏེ། ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་ལོན་པ་ན། གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར་རྒྱལ་པོ་དྷརྨཱ་ཨ་ཤྭ་ཀ་ཞེས་བྱ་བ་རྒྱལ་སྲིད་བྱེད་པའི་ཚེ། རྩོད་པ་འགའི་དབང་གིས་དགེ་འདུན་གྱི་དབྱེན་ཆེན་པོར་གྱུར་ཏོ། །དེ་ནས་རེ་ཤིག་དང་པོར་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ། དགེ་འདུན་ཕལ་ཆེན་པ་དང་གནས་བརྟན་པའོ། །དགེ་འདུན་ཕལ་ཆེན་པའི་སྡེ་པ་ཡང་རིམ་གྱིས་བྱེ་བར་གྱུར་པ་ན། རྣམ་པ་བརྒྱད་དུ་གནས་ཏེ། འདི་ལྟ་སྟེ་དགེ་འདུན་ཕལ་ཆེན་སྡེ་པ་དང་། ཐ་སྙད་གཅིག་པ་དང་། འཇིག་རྟེན་ལས་འདས་པར་སྨྲ་བ་ད་ང་། མང་དུ་ཐོས་པ་དང་། རྟག་པར་སྨྲ་བ་དང་། མཆོད་རྟེན་པ་དང་། ཤར་གྱི་རི་བོ་པ་དང་། ནུབ་ཀྱི་རི་བོ་པའོ། །གནས་བརྟན་པ་ཡང་རིམ་གྱིས་བྱེ་བར་གྱུར་པ་ན། རྣམ་པ་བཅུར་འགྱུར་ཏེ། འདི་ལྟ་སྟེ་གནས་བརྟན་པ་ཉིད་ལ། གངས་རི་པ་ཞེས་བརྗོད་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་བ་དང་། རྒྱུར་སྨྲ་བ་དང་། ཁ་ཅིག་མུ་རན་ཏ་ཀ་པ་ཞེས་ཟེར་བ་དང་། གནས་མའི་བུ་ལ་ཆོས་མཆོག་དང་། བཟང་པོའི་ལམ་པ་དང་། ཀུན་གྱིས་བཀུར་བ་ལ་ཁ་ཅིག་ཨ་ནན་ཏ་ཀ་པ་ཞེས་ཟེར། ཁ་ཅིག་ནི་ཀུ་རུ་ཀུལླེ་ཞེས་ཀྱང་ཟེར་བ་དང་། མང་སྟོན་པ་དང་། ཆོས་སྦས་པ་དང་། ཆར་བཟངས་འབེབས་པ་ཞེས་བྱ་བ་ལ་ཁ་ཅིག་ནི་འོད་སྲུང་པ་ཞེས་ཟེར་བ་དང་། བླ་མ་ལ་ཁ་ཅིག་ནི་འཕོ་བར་སྨྲ་བ་ཞེས་ཟེར་བ་སྟེ། སྡེ་པ་བཅོ་བརྒྱད་ནི་དེ་དག་གོ་ཞེས་སོ། །གཉིས་པ་ནི། སྡེ་པ་ཀུན་གྱི་ཞེས་སོགས་ཚིགས་བཅད་དྲུག་དང་ཚིག་རྐང་གཅིག་སྟེ་སྡེ་པ་བཅོ་བརྒྱད་པོ་ཀུན་གྱི་བསླབ་པ་ཤེས་ན། གནང་བཀག་གཅིག་ཏུ་འགྱུར་ཞེ་ན། ཤེས་ཀྱང་ཕལ་ཆེར་སོགས་ཏེ་བུ་རམ་ཕྱི་དྲོ་ལྟུང་བ་མེད་པ་དང་། བྱིན་ལེན་ལག་པ་བཀན་པ་དང་། མིར་ཆགས་པ་བསད་པ་ལ་ཕམ་པ་དང་། གླེང་གཞིའི་ཚིགས་བཅད་རིང་ཐུང་གཞན་དུ་ཡོད་པ་ནི་ཐམས་ཅད་ཡོད་སྨྲའོ། །གསོལ་བཞིའི་ཆོ་གས་སྡོམ་པ་འཇིག་པ་དང་། སྨིན་མའི་སྤུ་མ་བཞར་ན་ལྟུང་བ་དང་། ལྷུང་བཟེད་བྱིན་ལེན་བྱེད་པ་རྣམས་ནི་ཕལ་ཆེན་པའོ། །བུ་རམ་ཕྱི་དྲོ་འགོག་པ་དང་། བྱིན་ལེན་ལག་པ་བཀན་པ་ལས་གཞན་སྐྱུར་ཐབས་སུ་བྱེད་པ་ནི་གནས་བརྟན་པའོ། །གསུམ་པ་ནི་མདོར་ན་ཕམ་པ་ཞེས་སོགས་བཅུ་བདུན་ཏེ། སྡེ་པ་ཐམས་ཅད་གནང་བཀག་གཅིག་པ་མི་འཐད་དེ། ཕམ་པ་བཞི་པོ་ནས་བརྩམས་ཏེ། བསླབ་པར་བྱ་བ་ཐམས་ཅད་མི་མཐུན་པས་ཐམས་ཅད་ཡོད་སྨྲ་ལྟ་བུ་གང་ཞིག་གི་བཀག་པ་ལ་གནས་བརྟན་པ་ལྟ་བུ་གང་ཞིག་ལ་གནང་བར་གྱུར་པ་ཡོད་པའི་ཕྱིར། དེ་ལྟ་མིན་པར་གཅིག་ན་གནོད་བྱེད་ནི་དཔེར་ན་བུ་རམ་སོགས་སོ། །བུ་རམ་ཕྱི་དྲོ་ཟ་བ་དང་། བྱིན་ལེན་ལ། ཡེ་བཀག་ཡེ་གནང་བརྟགས་པ་དེ་བཞིན་དུ། སྨིན་མའི་སྤུ་བཞར་བ་སོགས་ཀུན་ལ་སྦྱར་ནས་བརྟག་པར་བྱ་སྟེ། དེ་ལྟར་བརྟགས་ན་ཡེ་བཀག་ཡེ་གནང་འཇིག་གོ །གཉིས་པ་ཁྱིམ་པ་དང་རབ་བྱུང་གནང་བཀག་ཐ་དད་དུ་བསྟན་པ་ལ་གཉིས་ཏེ། ཁས་བླངས་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཁ་ཅིག་རབ་ཏུ་ཞེས་སོགས་ལྔ་སྟེ། འབྲི་ཁུང་པ་ཁ་ཅིག་དགོངས་གཅིག་ཏུ་རྡོ་རྗེའི་གསུང་། བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཅིག་པ་ཡིན་ཞེས་བྱ་བ་འདི་བཞུགས་པས་དེ་གཉིས་གཅིག་པ་ཡིན་ནོ། །འོ་ན་དུད་འགྲོ་ལ་བཅས་པ་མཛད་པ་མེད་པས་བཅས་འགལ་གྱི་ཉེས་པ་མི་འབྱུང་ངམ་སྙམ་ན། དུད་འགྲོ་ལ་ཡང་བཅས་པ་ཡོད་དེ། ཡང་རྡོ་རྗེའི་གསུང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོས་འགྲོ་བ་སྤྱི་ལ་བཅས་བྱ་བ་བཞུགས། དེ་ལ་སངས་རྒྱས་བཅོམ་ལྡན་འདས་དང་པོ་ཐུགས་བསྐྱེད། བར་དུ་ཚོགས་བསགས། ཐ་མར་ཆོས་འཁོར་བསྐོར་བ་དེ་ཡང་། རྗེས་འབྲང་གི་སྲས་ཁོ་ནའི་དོན་དུ་མ་ཡིན་འགྲོ་བ་ཐམས་ཅད་ཀྱི་དོན་དུ་ཡིན་པ་དང་གཅིག དེ་ལ་གང་ཟག་རེ་རེ་ལུང་སྟོན་པའི་ཚེ་ཞལ་ནས་འོད་ཟེར་ཁ་དོག་སྣ་ཚོགས་བཀྱེ་སྟེ། འོག་མིན་གྱི་བར་སྣང་བར་བྱས་ནས། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་སོགས་ཚིགས་བཅད་གཉིས་པོ་སེམས་ཅན་གྱི་རིས་ཐམས་ཅད་དུ་འབྱུང་བའི་གནད་དང་གཉིས། འཁོར་ལོ་དང་པོ་འདུལ་བ་ཡིན་ལ། དེ་བསྡུས་པའི་སྙིང་པོ་ནི། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་སོགས་གསུངས་པའི་གནད་འདི་དང་གསུམ་གྱིས་བཅས་པ་ཐམས་ཅད་སྤྱི་ལ་དགག་སྒྲུབ་ཀྱི་ཚུལ་དང་བཅས་པ་བཤད་པ་ཡིན་ཞེས་ཟེར་རོ། །གཉིས་པ་ནི། འདི་ནི་སངས་རྒྱས་ཞེས་སོགས་བཅུ་གཅིག་སྟེ། རབ་བྱུང་ལ་བཅས་པ་ཐམས་ཅད་ཁྱིམ་པ་ནས་དམྱལ་བའི་བར་ལ་མཚུངས་པར་འབྱུང་ཟེར་བ་འདི་ནི་སངས་རྒྱས་ཀྱི་དགོངས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་སོགས་སོ། །དེས་ན་ཐུབ་པས་དྲུག་སྡེ་ཟས་མཆོད་རྟེན་འདྲ་བར་བྱས་ཏེ་གཞོམ་པ་སོགས་མ་བཅས་པའི་གོང་གི་ལས་དང་པོ་པས་ཉེས་པ་བྱས་ཀྱང་ལྟུང་བ་མེད་པར་གསུངས་སོ། །དེ་ལྟ་མ་ཡིན་པར་བཅས་མ་བཅས་ཐམས་ཅད་ལ་ལྟུང་བ་ཀུན་འབྱུང་ན་འགྲོ་ཀུན་སོགས་སོ། །གསུམ་པ་ཐེག་པ་ཆེ་ཆུང་གནང་བཀག་ཐ་དད་པར་བསྟན་པ་ནི། ཉན་ཐོས་རྣམ་གསུམ་ཞེས་སོགས་ལྔ་སྟེ། འདི་ལ་ཉན་ཐོས་ལ་རྣམ་གསུམ་དག་པའི་ཤ་གནང་ཚུལ། ཐེག་པ་ཆེན་པོ་ལས་ཤ་ཐམས་ཅད་བཀག་ཚུལ། དེ་དག་གི་དགོངས་པ་དཔྱད་པ། གཞུང་གི་འབྲུ་གཉེར་བས་སྐབས་ཀྱི་དོན་ལ་སྦྱར་བ་དང་བཞི་ལས། དང་པོ་ནི་འདུལ་བ་ལུང་སྨན་གྱི་གཞི་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གནས་གསུམ་གྱིས་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་གསུམ་གང་ཞེ་ན། བདག་གི་ཆེད་དུ་བྱས་པ་མངོན་སུམ་དུ་མཐོང་བ་དང་། ཡིད་ཆེས་པ་ལས་ཁྱོད་ཀྱི་ཆེད་དུ་བྱས་པ་ཡིན་ནོ་ཞེས་ཐོས་པ་དང་། རང་ཉིད་ཀྱི་བློ་ལ་རྣམ་པར་རྟོག་པ་སྐྱེས་པ་ཚུལཾ་གསུམཾ་ལསཾ། འདི་ནི་བདག་གི་ཆེད་དུ་བྱས་པ་ཡིན་ནོ་སྙམ་པའོ། །ཞེས་དངོས་སུ་རྣམ་གསུམ་མ་དག་པའི་ཤ་བཀག་ཅིང་། ཤུགས་ལ་རྣམ་གསུམ་དག་པའི་ཤ་གནང་བ་དང་། ཡང་ལུང་ལས། ཡ་རབས་རྣམས་ལ་གནང་བའི་ཉ་དང་། ཤ་ལ་སོགས་པ་ལྷུང་བཟེད་དུ་འོངས་པ་དག་ལ་མི་ཤ་ལ་སོགས་པ་མ་ཡིན་ནམ་སྙམ་དུ་བརྟགས་ཏེ། མ་ཡིན་ན་བཟའོ་ཞེས་དང་། རྟོག་གེ་འབར་བ་ལས། ཉན་ཐོས་ཐེག་པའི་གཞུང་ལས་ནི། །རྣམ་གསུམ་དག་པའི་ཤ་གང་དག །ཟོས་ཀྱང་སྡིག་པར་མི་འགྱུར་ཏེ། །དྭངས་མ་སོགས་སུ་འགྱུར་བའི་ཕྱིར། །སློང་མོའི་ཟས་ལ་སྡིག་མེད་བཞིན། །ཞེས་གསུངས་སོ། །གཉིས་པ་ནི་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ཚེ་འདི་ཉིད་ལ་ཡང་། ཁྱིམ་བདུན་པོའི་ནང་ན་ཤ་ལ་ཤིན་ཏུ་བརྐམ་ཞིང་མ་འོངས་པར་བརྟེན་ན་མི་ཤ་ཟ་བའི་མཁའ་འགྲོ་དང་། མཁའ་འགྲོ་མ་མ་རུངས་པ་དག་ཏུ་སྐྱེའོ། །བློ་གྲོས་ཆེན་པོ་དེ་དག་ཚེ་བརྗེས་ནས་ཀྱང་ཤའི་རོ་ལ་ཆགས་པ་དེ་ཉིད་ཀྱིས་སེང་གེ་དང་། སྟག་དང་། གཟིག་དང་། སྤྱང་ཀི་དང་། འཕར་བ་དང་། བྱི་ལ་དང་། ཝ་དང་། འུག་པ་དང་། ཤ་མང་པོ་ཟ་བའི་སྐྱེ་གནས་དང་། ཤ་མང་དུ་ཟ་བའི་སྲིན་འབུ་ལ་སོགས་པ་ཤིན་ཏུ་གཏུམ་པའི་སྐྱེ་གནས་སུའང་ལྟུང་བར་བྱེད་དོ། །དེར་ལྟུང་བ་རྣམས་མིའི་སྐྱེ་གནས་ཀྱང་འཐོབ་པར་དཀའ་ན་མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཏེ། བློ་གྲོས་ཆེན་པོ་ཤ་ཟ་བའི་ཉེས་པ་ཡང་དེ་དག་ལ་སོགས་པ་ཡིན་ན་བསྙེན་པ་རྣམས་ལྟ་སྨོས་ཀྱང་སྐྱེཾ་མོཾད། ཕྱིར་མི་ལྡོག་པས་ན་ཡོན་ཏན་ཤིན་ཏུ་མང་ན་བློ་གྲོས་ཆེན་པཾོ་རྣམས་ཀྱིས་ཡོན་ཏན་དང་ཉེས་པ་འདི་དག་དང་གཞན་ཡང་ཁོང་དུ་མི་ཆུད་ཞེས་རྒྱས་པར་གསུངས་ཤིང་། གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རྣམས་ཀྱང་སྨད་པ་ལས། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཞེས་དང་། འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པ་སྟེ། །ཟ་པོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པ་ཡིན། །ཞེས་དང་། ཤ་ཟ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱིས་ནས་ངུ་འབོད་འགྲོ་བ་ཡིན། །ཞེས་དང་། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། ཤ་ཆང་ཀེ་འུ་བཙོང་དང་སྒོག་རྡོག་དང་། །འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ཎ། །འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང་། །གུ་ལང་མཆོད་བྱས་གཏོར་མ་མི་ཟའོ། །ཞེས་གསུངས་སོ། །གསུམ་པ་ནི་འདུལ་བའི་དངོས་བསྟན་ལ། ཉན་ཐོས་རྣམ་གསུམ་དག་པའི་ཤ་གནང་བར་གསུངས་པ་དེ་དག་དྲང་དོན་ཡིན་ནམ་ངེས་དོན་ཡིན་སྙམ་ན། སློབ་དཔོན་ཡོན་ཤཱཀ་གཉིས་ཀྱིས་ནི་དངོས་བསྟན་སྒྲ་ཇི་བཞིན་དུ་འགྲེལ་ཏེ། མདོ་རྩར། ཤ་བསྔོས་པར་ཤེས་ན་བཟའ་བར་མི་བྱའོ། །སྟག་གི་གོད་མ་མི་ཟའོ། །གླང་པོ་ཆེ་དང་། རྟ་དང་། ཀླུ་རྣམས་ཀྱི་མི་ཟའོ། །ཞེས་དང་། ཤའི་བྱིན་ལེན་སྟོབ་པ་ལ། བཅད་པ་ལས་བྱུང་བ་ཉིད་མ་ཡིན་ནམ། ཞེས་དྲི་བར་བྱའོ། །དུ་མ་ཉིད་ན་དང་པོས་སོ། །ཉམས་ན་འོག་མས་སོ་ཞེས་དང་། སུམ་བརྒྱ་པ་ལས། ཡ་རབས་རྣམས་ལ་ཉ་དང་ཤ་གནང་གང་། །གནོད་དང་བརྩེ་མེད་རོ་སོགས་ལ་ཆགས་དང་། །ཡོངས་སུ་བཙལ་བའི་སེམས་ནི་སྤངས་ནས་ནི། །ལྷུང་བཟེད་འོངས་པ་དེ་ལ་བརྟགས་ཏེ་བཟའ། །ཞེས་གནང་བའི་ཤ་བཟའ་བར་གསུངས་ལ། དེ་ཡང་རྣམ་གསུམ་དག་པའི་ཤའོ། །རྣམ་གསུམ་དག་པ་ནི་ཁ་ཅིག རང་གི་ཆེད་དུ་མཐོང་ཐོས་དོགས་གསུམ་དང་བྲལ་བ་ཡིན་གྱི། སྤྱིར་ཤའི་ཆེད་དུ་མ་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། འོད་ལྡན་ལས། ཆེད་དུ་བྱས་པའི་ཤ་དང་ཉ་ཤ་དག་བཟའ་བར་མི་བྱའོ། །གལ་ཏེ་བྱས་པ་དང་བྱེད་དུ་བཅུག་པ་དང་། རྗེས་སུ་ཡི་རང་བ་འཁོར་གསུམ་ཡོངས་སུ་དག་པ་ཡིན་དུ་ཟིན་ཀྱང་ཆེད་དུ་བྱས་པ་རྣམས་ལས་སྙིང་བརྩེ་བ་མེད་པ་སྐྱེ་བའི་ཕྱིར་དང་ཆ་མ་ཡིན་པའི་ཕྱིར་བཀག་གོ །དེ་ལས་གཞན་པ་ནི་མ་བཀག་པའོ། །ཞེས་གསུངས་པས་སོ། །ཁ་ཅིག་ལང་ཀར་གཤེགས་པར། རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བླངས་པ། །མ་བསྐུལ་བ་ཡང་སྤོང་མེད་པས། །དེས་ན་ཤ་ནི་མི་ཟའོ། །ཞེས་གསུངས་པ་རྣམས་ལ་འཆད་པ་ནི་ཤིན་ཏུ་ནོར་ཏེ། དེ་ནི་ཉན་ཐོས་ཀྱི་ཐེག་པར་གསུངས་པའི་རྣམ་གསུམ་དག་པའི་ཤ་དེ་ཡང་འདིར་རྣམ་པ་གསུམ་མ་དག་པ་ཡིན་པས་བཟར་མི་རུང་ཞེས་པའི་དོན་ཡིན་གྱི། ཉན་ཐོས་ཀྱི་ཐེག་པའི་རྣམ་གསུམ་དག་ཚུལ་སྟོན་པ་ནི་མ་ཡིན་པའི་ཕྱིར་རོ། །དེས་ན་འདུལ་བ་ཚིག་ལེའུར་བྱས་པ་ལས། གང་ཕྱིར་ཆེད་དུ་བྱས་པའི་ཤ །མཐོང་ངམ་ཐོས་སམ་དོགས་པ་ནི། །དེ་ནི་བཟའ་བར་བྱ་མིན་པར། །འགྲོ་ཀུན་ཕན་པར་བཞེད་པས་གསུངས། །ཞེས་པ་ལྟར། ཤའི་ཆེད་དུ་མཐོང་ཐོས་དོགས་གསུམ་དང་བྲལ་བའོ། །སྔར་དྲངས་པའི་སྨན་གྱི་གཞི་ལས་བདག་གི་ཆེད་དུ་ཞེས་གསུངས་པ་ནི་ནད་པའི་དབང་དུ་མཛད་པའོ། །སློབ་དཔོན་ཞི་བ་ལྷས་ནི་འདུལ་བར་རྣམ་གསུམ་དག་པའི་ཤ་གནང་བ་དྲང་དོན་དུ་གཏན་པ་ཕབ་པ་སྟེ། བསླབ་པ་ཀུན་ལས་བཏུས་པར། འདུལ་བ་ལས། དེ་ལ་རྣམ་གསུམ་ཡོངས་སུ་དག་པའི་ཤ་ཟོས་ན་སྤོང་བའི་བར་ཆད་དུ་མི་འགྱུར་རོ། །ཞེས་གང་གནང་བ་ནི་དེ་ཡོངས་སུ་སྤངས་པས་དག་པར་ལྟ་བ་རྣམས་ཀྱི་མངོན་པའི་ང་རྒྱལ་བསལ་བ་དང་། སྐལ་བ་ཡོད་ཀྱང་དེ་ལ་ཆགས་པས་བསྟན་པ་ལ་མི་འཇུག་པ་སྤང་བའི་ཕྱིར་རོ། །དེ་སྐད་དུ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་། བསྟན་པར་བརྗོད་པ་དེ་དང་། དེ་ལས་བསླབ་པའི་གཞི་རིམ་པར་བཅའ་བ་སྐས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་པ་གསུམ་བཅས་ནས། དེའི་འོག་ཏུ་ཆེད་དུ་བྱས་པ་རྣམས་ཀྱང་བཀག་སྟེ། དེ་ནས་རང་ཤི་བ་བཅུའི་ཤ་ཡང་བཀག་གོ །ཞེས་གསུངས་སོ། །ཞེས་ལུང་འདྲེན་དང་བཅས་པ་གསལ་བར་བཤད་པའི་ཕྱིར་རོ། །དེ་ལ་དགོངས་གཞི་ནི་དགེ་སློང་ནད་པས་སྨན་གྱི་ཆེད་དུ་བསྟེན་པ་དང་། མདོ་ཏིང་འཛིན་རྒྱལ་པོ་ལས། དགེ་སློང་འདི་ནི་འཆི་བའི་དུས་བགྱིས་ན། འཛམ་བུའི་གླིང་དུ་ཏིང་འཛིན་སྒྲ་རྣམས་ནི། །སེམས་ཅན་རྣམས་ལ་རྟག་ཏུ་ནུབ་པར་འགྱུར། །འདི་སོས་པས་ནི་ཏིང་འཛིན་རྣམས་ཀྱང་ཐོབ། །ཅེས་གསུངས་པ་ལྟར། །དགེ་སློང་ཡང་དག་བློ་གྲོས་ལྟ་བུ་ཤའི་སྨན་མ་བསྟེན་ན་འཆི་བའི་དུས་བྱེད་པར་འགྱུར་ལ། དེ་འདས་ན་འཛམ་བུའི་གླིང་དུ་ཏིང་ངེ་འཛིན་ནུབ་པར་འགྱུར་བས། འདི་ལྟ་བུའི་གང་ཟག་གིས་བཟར་རུང་བ་ལ་དགོངས་སོ། །དགོས་པ་ནི་ལྷས་བྱིན་ལ་སོགས་པ་ཤ་སྤངས་པ་ཙམ་གྱིས་དག་པར་ལྟ་བ་དང་། རྒྱལ་པོ་རྐང་ཁྲ་ལྟ་བུ་ཤའི་རོ་ལ་ཆགས་པས་བསྟན་པ་ལ་མི་འཇུག་པ་རྣམས་རྗེས་སུ་བཟུང་བའི་ཕྱིར་ཡིན་ནོ། །དངོས་ལ་གནོད་བྱེད་ནི་ལང་གཤེགས་ལས། བློ་གྲོས་ཆེན་པོ་རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ། །བློ་གྲོས་ཆེན་པོ་གང་ང་ལ་དེ་བཞིན་གཤེགས་པས་ཀྱང་གསོལ་ཏོ་ཞེས་སྐུར་པ་འདེབས་པ་དེ་ཡང་བློ་གྲོས་ཆེན་པོ། སྐྱེས་བུ་བླུན་པོ་རང་གི་ལས་ཀྱི་ཉེས་པའི་སྒྲིབ་པ་ལ་གནས་པ་དེ་དག་ལ་ཡུན་རིང་པོར་དོན་མེད་པ་དང་། གནོད་པ་དང་མི་བདེ་བ་སྒྲུབ་པར་འགྱུར་རོ། །བློ་གྲོས་ཆེན་པོ་ངའི་འཕགས་པ་ཉན་ཐོས་རྣམས་ནི་ཁ་ཟས་ཐ་མལ་པ་ཡང་མི་ཟ་ན་ཤ་དང་ཁྲག་གི་ཟས་མི་རུང་བ་ལྟ་ཅི་སྨོས་ཞེས་དང་། མྱང་འདས་ཆེན་པོར་བཅོམ་ལྡན་འདས། འོ་ན་ཇི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་ཟ་བར་གནང་ལགས། བཀའ་བསྩལ་པ། མུ་གསུམ་ཡོངས་སུ་དག་པ་ངས་རིམ་གྱིས་བསླབ་པའི་གཞི་བསྡམས་པའི་ཕྱིར། དེ་ཡང་ངས་དང་པོར་ཞེས་དང་། རིགས་ཀྱི་བུ་ད་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་བཟར་མི་རུང་ངོ་། །ཡུལ་འཁོར་གྱི་བསོད་སྙོམས་ནི་བུའི་ཤ་དང་འདྲ་བར་བྱ་ན་ཤ་ཟ་བར་ངས་ཇི་ལྟར་གནང་ཞེས་གསུངས་སོ། །བདག་གི་བླ་མ་ཡང་འདི་ཁོ་ན་བཞིན་དུ་བཞེད་དེ། སྤྲིང་ཡིག་སློབ་ཕན་དུ་ལྟ་བར་བྱའོ། །ཁོ་བོའི་རྟོག་པ་ལ་ནི། འདུལ་བ་ལས་དང་པོར་བསླབ་པའི་གཞི་རིམ་གྱིས་འཆའ་བའི་དུས་སུ་ཤ་གནང་ཞིང་། ཕྱིས་བསླབ་གཞི་ཡོངས་སུ་རྫོགས་ནས། ལང་གཤེགས་དང་། མྱང་འདས་ཆེན་པོ་གསུངས་པ་ཕྱིན་ཆད་ནས། ཉན་ཐོས་རྣམས་ལ་ཡང་བཀག་སྟེ། སྔར་དྲངས་པའི་མྱང་འདས་ཆེན་པོར། ངས་རིམ་གྱིས་བསླབ་པའི་གཞི་བསྡམས་པའི་ཕྱིར་དེ་ཡང་ངས་དང་པོར་ཞེས་དང་། ད་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཞེས་པའི་ཚིག་གི་ཁྱད་པར་གསུངས་པའི་ཕྱིར་རོ་སྙམ་དུ་སེམས་ཏེ་གོང་མ་དང་ཕུགས་ཀྱི་དགོངས་པ་གཅིག་གོ །བཞི་པ་ནི་ཐེག་པ་ཆེ་ཆུང་ཡང་གནང་བཀག་ཐ་དད་དེ། འདུལ་བ་ལས་ཉན་ཐོས་རྣམས་ལ། དང་པོར་བསླབ་པའི་གཞི་འཆའ་བའི་དུས་སུ། རྣམ་གསུམ་དག་པའི་ཤ་བཟའ་རུ་རུང་བར་གནང་ཞིང་། གལ་ཏེ་དེའི་ཚེ་ཡང་མ་གནང་ངོ་སྙམ་ནས་མི་ཟ་ན། ལྷ་སྦྱིན་གྱི་བརྟུལ་ཞུགས་སུ་གྱུར་པའི་ཕྱིར་དང་། ཐེག་པ་ཆེན་པོ་ལས། དང་པོ་ཉིད་ནས་རྣམ་གསུམ་དག་པ་དང་། མ་དག་པའི་ཤ་རྣམས་ཐམས་ཅད་བཀག་ཅིང་། ཟོས་ན་ངན་འགྲོའི་རྒྱུར་གསུངས་པའི་ཕྱིར་རོ། །ལྷ་སྦྱིན་གྱི་བརྟུལ་ཞུགས་སུ་འགྱུར་བའི་ཚུལ་ལ་ཊཱི་ཀ་བྱེད་པ་དག ཁ་ཅིག་ཤ་མི་ཟ་བའི་བརྟུལ་ཞུགས་ཙམ་གྱིས་དག་གྲོལ་དུ་འཛིན་ན་བརྟུལ་ཞུགས་སུ་འགྱུར་ཞེས་འཆད་པ་མི་འཐད་དེ། ལྷ་སྦྱིན་ཡང་བརྟུལ་ཞུགས་གཅིག་ཙམ་གྱིས་ཆོག་པར་མི་འཛིན་ཅིང་། གཞན་བཞི་ཡང་བཅའ་བ་བྱས་པའི་ཕྱིར། ཞེས་བཀག་ནས་རང་ལུགས་ལ་སྟོན་པ་སངས་རྒྱས་ཀྱི་བཅས་པ་དེ་མི་འཐད། ལྷ་སྦྱིན་གྱི་བཅས་པ་འཐད་ཟེར་ནས། ཤ་མི་ཟ་ན་ལྷ་སྦྱིན་གྱི་བརྟུལ་ཞུགས་སུ་འགྱུར་ཞེས་སྨྲ་བ་ནི་ཤིན་ཏུ་མི་འཐད་དེ། གཞུང་འདི་ཐེག་པ་ཆེ་ཆུང་གནང་བཀག་ཐ་དད་པ་སྟོན་བྱེད་ཡིན་པས་ཉན་ཐོས་ལ་ལྷ་སྦྱིན་གྱི་བརྟུལ་ཞུགས་སུ་འགྱུར། ཐེག་པ་ཆེན་པོ་ལ་མི་འགྱུར་བ་ཞིག་དགོས་པ་ལས། དེ་ནི་ཐེག་པ་ཆེན་པོ་ལ་ཡང་། ལྷ་སྦྱིན་གྱི་བརྟུལ་ཞུགས་སུ་འགྱུར་བའི་ཕྱིར་རོ། །ལྷ་སྦྱིན་གྱི་བརྟུལ་ཞུགས་གང་ཞེ་ན། རྟོགས་བརྗོད་བརྒྱ་པ་ལས། དགེ་སྦྱོང་གོའུ་ཏ་མ་དགོན་པར་གནས་ན་ནི་བདག་ཅག་གྲོང་འདབ་ན་གནས་པར་བྱའོ། །དེ་ཅིའི་ཕྱིར་ན་དགེ་སློང་དག་དགོན་པར་གནས་པ་ལ་ནི་ཉེས་དམིགས་མང་བའི་ཕྱིར་རོ། །དགེ་སྦྱོང་གོའུ་ཏ་མས་ཤ་བཟའ་བར་གནང་ན་ནི། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་གཞི་དེ་ལས་སེམས་ཅན་རྣམས་གསོད་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གོའུ་ཏ་མ་ལན་ཚྭ་ཟ་ན་ནི་བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཁུ་ཆུ་ལས་བྱུང་བའི་ཕྱིར་རོ། །དགེ་སྦྱོང་གོའུ་ཏ་མས་འོ་མ་འཐུང་ན་ནི་བདག་ཅག་གིས་བཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་གཞི་དེ་ལས་བེའུ་རྣམས་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གོའུ་ཏ་མ་ཆོས་གོས་དྲས་པ་གྱོན་ན་ནི་བདག་ཅག་གིས་བགོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་མི་རྣམས་ཀྱིས་ཞོ་ཤས་བསྒྲུབས་པ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་སོ། །བཞི་པ་ཐེག་ཆེན་ནང་ཕན་ཚུན་གནང་བཀག་ཐ་དད་པ་ནི། དེ་བཞིན་ཕ་རོལ་ཞེས་སོགས་ལྔ་སྟེ། ཐེག་པ་ཆེ་ཆུང་ལ། གནང་བཀག་ཐ་དད་དུ་ཡོད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་ལྟུང་བ་ལ་གནང་བཀག་འགའ་ཞིག་ཐ་དད་དུ་ཡོད་དེ། རྩ་ལྟུང་བརྒྱད་པ་དང་། བཅུ་གསུམ་པ་དང་། བཅུ་བཞི་པ་སོགས་གསང་སྔགས་ལ་ལྟུང་བར་བཅས་ཤིང་། ཕ་རོལ་ཏུ་ཕྱིན་པ་ལ་མ་བཅས་པའི་ཕྱིར་རོ། །དེས་ན་དེ་འདྲའི་འགལ་བ་སོགས་སོ། །གསུམ་པ་དཔེའི་སྒོ་ནས་དོན་བསྡུ་བ་ནི། དེས་ན་ཡེ་བཀག་ཞེས་སོགས་ཚིགས་བཅད་བཞི་སྟེ། ཉན་ཐོས་རྩ་བའི་སྡེ་བཞི་དང་། རབ་ཏུ་བྱུང་མ་བྱུང་དང་། ཐེག་པ་ཆེ་ཆུང་དང་། ཐེག་ཆེན་ཕན་ཚུན་ཐམས་ཅད་གནང་བཀག་ཐ་དད་པ་དེས་ན་ཡེ་བཀག་ཡེ་གནང་གི་རྣམ་གཞག་སོགས་སོ། །གཉིས་པ་དེ་ལ་གནོད་པ་སྤོང་བ་ལ་གཉིས་ཏེ། ཐུབ་པས་རབ་བྱུང་ལ་སྙིང་ནད་བྱས་པར་ཐལ་བ་སྤང་བ། བདེ་སྡུག་གི་བྱེད་པོ་སངས་རྒྱས་ཡིན་པར་ཐལ་བ་སྤོང་བའོ། །དང་པོ་ལ་རྩོད་པ་དང་། ལན་གཉིས་ལས། དང་པོ་ནི་གལ་ཏེ་སྡོམ་པ་ཞེས་སོགས་ཚིགས་བཅད་གཉིས་ཏེ། འབྲི་ཁུང་པ་ཁ་ཅིག་དགོངས་ཅིག་ཏུ་རྡོ་རྗེའི་གསུང་། འགྲོ་དྲུག་གིས་བསྲུངས་ཀྱང་ཕན་ཡོན་འབྱུང་བྱ་བ་འདི་བཞུགས་དེ་ཡང་བཅས་པ་འགྲོ་བ་སྤྱི་ལ་བཅས་པ་དང་གཅིག རྒྱུ་འབྲས་རྟེན་འབྲེལ་གྱི་གཤིས་ལ་མི་བསླུ་བ་དང་གཉིས། འགྲོ་དྲུག་གིས་བཅས་པ་ལས་འདས་ཀྱང་ཉེས་པ་འབྱུང་བ་དང་རྒྱུ་མཚན་གསུམ་གྱིས་འགྲོ་དྲུག་གིས་བསྲུང་ཀྱང་ཕན་ཡོན་འབྱུང་། དཔེར་ན་རྫ་མཁན་དགའ་སྐྱོང་ས་མི་རྐོ་བར་གཞན་གྱིས་བརྐོས་པ་དང་། གད་པ་ཆད་པའི་ས་ལ་རྫ་མ་བྱེད། དེའི་རིན་གྱིས་ཕ་གསོ། བཅོམ་ལྡན་འདས་འོད་སྲུང་ལ་ཡང་དུས་དུས་སུ་བསྙེན་བཀུར་བྱེད་པས་འོད་སྲུང་དེ་ལ་ཐུགས་དགྱེས་པའང་བཅས་པ་བསྲུངས་པའི་གནས་སྐབས་ཀྱི་འབྲས་བུ་ཡིན། ཀ་ཤིའི་ནགས་ཁྲོད་དུ་གོང་མ་སྲེག་སོགས་བཞིས་ཁྲིམས་བསྲུངས་པས། ཡུལ་དུ་དགེ་ལེགས་དཔག་མེད་འབྱུང་བ་བཞིན། དེ་ལྟ་མིན་པར་སྤྱིར་རྗེས་འབྲང་གི་སྲས་དང་བྱེ་བྲག་ཏུ་དགེ་སློང་ཁོ་ན་ལ་བཅས་ན་བཅོམ་ལྡན་འདས་ཕྱ་དང་དབང་ཕྱུག་ལྟར་བདེ་སྡུག་གི་བྱེད་པ་པོར་འགྱུར་ཏེ། མ་བཅས་ན་སྡིག་པ་མེད་པ་ཡིན་པ་ལ་བཅས་ནས་དེ་བསྒྲུབ་མ་ནུས་ན་སྡིག་པ་ལྷག་པ་གཅིག་འབྱུང་བའི་ཕྱིར་དང་། ཉེ་ཕུང་དུ་ཡང་འགྱུར་ཏེ། ཚུལ་ཉེ་བའི་དགེ་སློང་རྣམས་ལ་རང་བཞིན་རྒྱབ་ཁལ་གྱི་སྟེང་དུ་བཅས་པའི་གོང་རྫས་བཀལ་བས་མཛོ་རྒན་སྐེད་པ་ཆག་ནས་ཤི་བ་དང་འདྲ་བར་རང་བཞིན་གྱི་སྡིག་པའི་སྟེང་དུ་བཅས་འགལ་གྱི་ཉེས་པ་འབྱུང་བས་ངན་སོང་གསུམ་དུ་ལྟུང་བའི་ཕྱིར་རོ་ཞེས་ཟེར་རོ། །དེའི་དོན་བསྡུས་པ་ནི་འདིར་བཀོད་པ་སྟེ། གལ་ཏེ་རབ་བྱུང་གི་སྡོམ་པ་མ་བླངས་ན་བཅས་པ་དང་འགལ་བ་ལ་ལྟུང་བའི་ཐ་སྙད་མི་ཐོབ་ཀྱང་རབ་བྱུང་ལ་བཅས་པའི་སྡིག་པ་ཁྱིམ་པ་ལ་ཡང་འབྱུང་སྟེ། དེ་ལྟ་མ་ཡིན་པར་རབ་བྱུང་ཁོ་ན་ལ་འབྱུང་ན་རབ་བྱུང་ལ་ཆེད་དུ་གཉེར་ནས་སྡིག་པ་བསྒོས་པར་འགྱུར་ལ། དེ་ཡང་འདོད་ན་ཐུབ་པས་སོགས་སོ། །གཉིས་པ་ལ་གཉིས་ཏེ། བཅས་ལྟུང་ལ་རང་བཞིན་གྱི་མི་དགེ་བ་ཡོད་པ་དགག་པ། བརྟུལ་ཞུགས་ལ་རང་བཞིན་གྱི་དགེ་བ་ཡོད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། མགོ་མཚུངས་ཀྱི་རིགས་པས་དགག དངོས་སྟོབས་ཀྱི་རིགས་པས་དགག ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི་འདི་འདྲའི་རིགས་པ་ཞེས་སོགས་བཅུ་གསུམ་མོ། །གཉིས་པ་ནི་དེས་ན་མདོ་དང་ཞེས་སོགས་ཚིགས་བཅད་གཉིས་ཏེ། ཁ་ན་མ་ཐོ་བ་ཡིན་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་དགོས་པར་ཐལ། ཁ་ན་མ་ཐོ་བ་ཡིན་ན། བཅས་མ་བཅས་ཀྱི་སེམས་ཅན་ཀུན་ལ་སྡིག་པར་འགྱུར་བས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། མ་བཅས་པ་ལ་བཅས་ལྟུང་མེད་པ་དེས་ན་མདོ་དང་བསྟན་བཅོས་སོགས་སོ། །སྔ་མ་ལ་ཁྱབ་པ་ཡོད་དེ། རང་བཞིན་ཁ་ན་མ་ཐོ་བ་སོགས་སོ། །གསུམ་པ་ལ་ལྔ་སྟེ། རྒྱལ་བ་སྲས་བཅས་ལྟུང་བ་ཅན་ཏུ་འགྱུར་བ། གྲུབ་ཐོབ་བརྟུལ་ཞུགས་བོར་བ་ལྟུང་བ་ཅན་དུ་ཐལ་བ། ལྷས་ལྟས་ཀྱི་དགེ་སློང་ལྟུང་བ་ཅན་དུ་ཐལ་བ། དགེ་བསྙེན་དགེ་ཚུལ་ལྟུང་མེད་མི་སྲིད་པར་ཐལ་བ། རྩ་བརྒྱུད་ཀྱི་བླ་མ་སྨད་པར་ཐལ་བའོ། །དང་པོ་ནི། དེ་ལྟ་མིན་པར་ཞེས་སོགས་བཅུ་གཉིས་ཏེ། བཅས་པའི་ཁ་ན་མ་ཐོ་བ། བཅས་པ་ལ་ལྟོས་པ་དེ་ལྟ་མ་ཡིན་པར། མ་བཅས་ཀྱང་ཅི་ནས་སྡིག་པར་འགྱུར་ན། རྒྱལ་བ་རིགས་ལྔ་སོགས་ཚིག་རྐང་བཞི་ཆོས་ཅན། གཤིས་ཀྱི་མི་དགེ་བ་ཅན་དུ་འགྱུར་ཏེ། ཡེ་བཀག་པ་ལ་སྤྱོད་པའི་ཕྱིར། རྟགས་ཁས་བླངས་ཏེ། དབུ་སྐྲ་རིང་ཞིང་སོགས་ཚིག་རྐང་གསུམ་གང་ཞིག དེ་དག་ཡེ་བཀག་ཡིན་པའི་ཕྱིར་རོ། །གཉིས་པ་ནི་རྣལ་འབྱོར་དབང་ཕྱུག་ཞེས་སོགས་ཚིགས་བཅད་གཅིག་གོ །གསུམ་པ་ནི་ཙནྡན་སྤོས་ཀྱི་ཞེས་སོགས་ཚིགས་བཅད་གཅིག་སྟེ། དཀོན་བརྩེགས་ཀྱི་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་ཡངས་པ་ཚད་མེད་པ་བསམ་གྱིས་མི་ཁྱབ་པར་གྱུར་པ་དེའི་ཚེ་དེའི་དུས་ན། བསྐལ་པ་དགའ་བར་གྱུར་པ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ལྷས་རྣམ་པར་ལྟས་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །ཞེས་པ་ནས་གང་འཇིག་རྟེན་གྱི་ཁམས་དེའི་མི་དེ་དག་ཐམས་ཅད་ཀྱང་གསེར་གྱི་ཅོད་པཎ་ཐོགས་ཤིང་། དཔུང་རྒྱན་དང་། རྣ་ཆས་བརྒྱན་པ། ལྷའི་ཁ་དོག་དང་གཟུགས་དང་ལྡན་པར་གྱུར་པ་དག་གོ །གང་ཉོན་མོངས་པ་དང་བྲལ་བར་གྱུར་པ་ཤ་སྟག་གོ །གང་ཉོན་མོངས་པ་དང་བྲལ་བར་གྱུར་པ་དེ་ཉིད་དེ་དག་གི་རབ་ཏུ་བྱུང་བ་ཡིན་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་དག་ལ་གོས་ངུར་སྨྲིག་ཏུ་བགོས་པ་ཡང་མེད་དེ། འདི་ལྟར་སེམས་ལ་རྙོག་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །བཞི་པ་དགེ་བསྙེན་དགེ་ཚུལ་ཞེས་སོགས་ཚིགས་བཅད་གཅིག ལྔ་པ་ནི་འདི་འདྲ་གང་དག་ཞེས་སོགས་ཚིགས་བཅད་གཉིས་ཏེ། མ་བཅས་པ་ལ་བཅས་པའི་སྡིག་པ་འབྱུང་བ་འདི་འདྲ་གང་དག་སོགས་སོ། །གཉིས་པ་ལ་གསུམ་སྟེ། དངོས་ཀྱི་དོན། ཤེས་བྱེད་ཀྱི་ལུང་། རིགས་པས་གྲུབ་པའི་ཚུལ་ལོ། །དང་པོ་ནི། དེས་ན་མདོ་ལས་ཞེས་སོགས་ཚིགས་བཅད་གཉིས་ཏེ། མདོ་ལས་རབ་ཏུ་བྱུང་བའི་བརྟུལ་ཞུགས་ལ། བཅས་པ་ལ་མ་ལྟོས་པར་དགེ་བ་དང་སྡིག་པ་གཉིས་ཀ་མེད་པར་གསུངས་པའི་རྒྱུ་མཚན་ཡོད་དེ། རྒྱལ་བ་རིགས་ལྔ་དང་། ཉེ་བའི་སྲས་བརྒྱད་ལ་སོགས་པ་གོང་དུ་སྨོས་པ་རྣམས་ལ་རབ་བྱུང་གི་བརྟུལ་ཞུགས་མེད་ཀྱང་སྡིག་པ་མེད་ཅིང་། ཚུལ་འཆལ་རྣམས་ཀྱིས་བརྟུལ་ཞུགས་བཟུང་ཡང་དགེ་བ་མེད་པ་དེས་ནའོ། །འོ་ན་བརྟུལ་ཞུགས་ལ་དགོས་པ་མེད་པར་འགྱུར་རོ་ཞེ་ན། ཞིང་གི་དྲྭ་བ་བཞིན་སྡོམ་པའི་ཚུལ་ཁྲིམས་ལ་གུས་པའི་རྒྱུ་རུ་གསུངས་པར་ཟད་དེ། འདུལ་བ་ལ་བསྟོད་པ་ལས། རྭ་བ་མཚམས་ཀྱི་འོབས་དང་འདྲ་བ་ཡི། །ཟག་པ་ཀུན་གྱི་ཆུ་ལོན་འདུལ་བ་ཡིན། །ཞེས་གསུངས་པའི་ཕྱིར། ཁ་ན་མ་ཐོ་བ་གཉིས་ཡོད་པ་དེས་ན་འདོད་པས་དབེན་པ་བཅས་ལྟུང་སྤོང་བ་དང་། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་རང་བཞིན་གྱིས་སྡིག་པ་སྤོང་བ་རྣམ་པ་གཉིས་གསུངས་པའི་ཐུབ་པའི་དགོངས་པ་ཇི་ལྟ་བ་བཞིན་དུ་ཟུངས་ཏེ་གཞན་དུ་ན་དབེན་པ་ཡང་གཅིག་ཁོ་ནར་ཐལ་བའི་ཕྱིར་རོ། །གཉིས་པ་ནི་བུ་མོ་གསེར་མཆོག་ཞེས་སོགས་བཅུ་གསུམ་སྟེ། མདོ་ལས་བུ་མོ་གསེར་མཆོག་འོད་དཔལ་བྱ་བ་ཤིན་ཏུ་མཛེས་པ་གཅིག་དང་། ཚོང་དཔོན་གྱི་ཁྱེའུ་གཉིས་ལྡུམ་རྭར་འཇིག་རྟེན་པའི་བདེ་བ་ལ་ལོངས་སྤྱོད་ཅིང་ཡོད་པའི་དུས་སུ། འཇམ་དཔལ་གྱིས་འདུལ་བའི་དུས་ལ་བབ་པར་ཤེས་ནས། ཚོང་དཔོན་གྱི་ཁྱེའུ་དེ་ཤི་བའི་ཚུལ་དང་། དབང་པོའི་ལམ་རྣམས་ནས་མི་གཙང་བ་འཛག་པར་སྤྲུལ། ཁྱེའུ་དེའི་འཁོར་རྣམས་ཀྱིས་བུ་མོ་ལ་ཉེས་པ་གཅད་ཀྱིས་དོགས་པ་དང་། འཁོར་བ་ལ་ཅུང་ཟད་སྐྱོ་བ་སྐྱེས་ནས་འཇམ་དཔལ་ལ་བདག་རབ་ཏུ་བྱུང་བར་ཞུ་ཞེས་གསོལ་པས། ལུས་རབ་ཏུ་བྱུང་ཡང་འཇིགས་པ་ལས་མི་སྐྱོབ། སེམས་རབ་ཏུ་བྱུང་གསུངས་སོ་ཞེས་པ་དང་། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། སྨད་འཚོང་མ་གསེར་མཆོག་འོད་དཔལ་ཚོང་དཔོན་གྱི་ཁྱེའུ་འཇིགས་མེད་དང་། ལྷའི་རིན་པོ་ཆེས་བརྒྱན་པའི་ཤིང་རྟར་ཞུགས་ཏེ། གྲོང་ཁྱེར་གྱི་སྐྱེས་པ་ཐམས་ཅད་སྙིང་བསྐུལ་བར་བྱེད་པའི་ཚེ་འཕགས་པ་འཇམ་དཔལ་གྱིས་སྐུ་ལུས་ཤིན་ཏུ་མཛེས་པར་བསྟན་ནས་བུ་མོ་བཏུལ་ཏེ་ཆོས་བསྟན་པས། དེས་བཟོད་པ་ཐོབ་ནས་འཇམ་དཔལ་གྱི་རྐང་པ་ལ་གཏུགས་ཏེ། རབ་ཏུ་བྱུང་བར་གསོལ་བ་བཏབ་པས། འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་འདི་ལྟ་སྟེ་མགོའི་སྐྲ་བྲེགས་པ་དེ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་བུ་མོ་གང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་གཅད་པའི་ཕྱིར་བརྩོན་པ་དེ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་བྱུང་བ་ཡིན་པའི་ཕྱིར་རོ། །བུ་མོ་གང་གོས་ངུར་སྨྲིག་འཆང་བ་དེ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་བྱུང་བ་མ་ཡིན་གྱི། བུ་མོ་གང་བདག་ཉིད་ཀྱིས་བསླབ་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ལ། ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་དང་བརྟུལ་ཞུགས་ལ་ཡང་དག་པར་སྦྱོར་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་བྱུང་བ་ཡིན་ནོ། །ཞེས་གསུངས་སོ། །དཀོན་བརྩེགས་ཀྱི་འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། བསྟན་པ་འདི་བཤད་པ་ན་དགེ་སློང་རྣལ་འབྱོར་སྤྱོད་པ་ལྔ་བརྒྱས་བདག་ཅག་གིས་ཚུལ་ཁྲིམས་ཡོངས་སུ་མ་དག་བཞིན་དུ་དད་པས་བྱིན་པ་སྤྱད་པར་གྱུར་ན་མི་རུང་ཞེས་ཉམས་པར་བྱས་ཏེ། སླར་ཁྱིམ་དུ་དོང་ངོ་། །དེ་ལ་དགེ་སློང་གཞན་དག་གཅིག་འདི་སྐད་དུ་དགེ་སློང་ཆེ་བའི་བདག་ཉིད་ཅན་རྣལ་འབྱོར་སྤྱོད་པ་འདི་དག་བསྟན་པ་ལས་ཉམས་པ་ནི་ཤིན་ཏུ་མ་ལེགས་སོ། །ཞེས་འཕྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ཁྱེད་འདི་སྐད་དུ་དགེ་སློང་ཆེ་བའི་བདག་ཉིད་ཅན་འདི་དག་འདི་ལྟར་བསྟན་པ་ལས་ཤིན་ཏུ་ཉམས་པ་འདི་ནི་ཤིན་ཏུ་མ་ལེགས་སོ། །ཞེས་མ་སྨྲ་ཤིག དེ་ཅིའི་ཕྱིར་ཞེ་ན་དགེ་སློང་དག་མངོན་པར་མ་དགའ་ནས། ཁྱིམ་ན་གནས་པ་འདི་ནི་དད་པ་ཅན་རྣམས་ཀྱི་ཆོས་ཡིན་གྱི། དགེ་སློང་དད་པ་དང་མོས་པ་མང་བ་འགྱོད་པ་དང་ལྡན་པ་འདི་དག་གིས་བསྟན་པ་འདི་ཐོས་ནས་བདག་ཅག་ཚུལ་ཁྲིམས་ཡོངས་སུ་མ་དག་བཞིན་དུ་དད་པས་བྱིན་པ་ཡོངས་སུ་སྤྱད་ན་མི་རུང་ངོ་ཞེས་ཉམས་པར་གྱུར་ཏོ། །འོད་སྲུང་ངས་ལུང་བསྟན་ཏེ་དགེ་སློང་འདི་དག་ནི་འདི་ནས་ཤི་འཕོས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེ་བཞིན་གཤེགས་པ་བྱམས་པའི་ཉན་ཐོས་ཐོག་མར་འདུས་པའི་གྲངས་སུ་ཆུད་པར་འགྱུར་རོ་ཞེས་པ་དང་། བྱམས་པ་སེང་གེའི་སྒྲས་ཞུས་པའི་མདོ་ལས་ཀྱང་བྱམས་པས་ཡོ་བྱད་བསྙུངས་པའི་སེང་གེའི་སྒྲ་བསྒྲགས་པས་འཁོར་དེ་ནས་དགེ་སློང་ལྔ་བརྒྱ་རང་ཉིད་ལ་ཡོ་བྱད་བསྙུངས་པའི་ཡོན་ཏན་མེད་ཅིང་། དད་པས་བྱིན་པ་སྤྱད་དཀའ་བར་རྟོགས་ནས་ཁྱིམ་དུ་དོང་ངོ་། །དེ་དག་ལ་འཇམ་དཔལ་གྱིས་ལེགས་སོ་བྱིན་ནས། གང་དག་དད་པས་སྦྱིན་པ་ལོངས་སྤྱོད་པར་མི་སྤྲོ་བ་དེ་དག་གིས་ནི་དེ་ལྟར་འཛེམ་པ་དང་ལྡན་པ་དང་འགྱོད་པ་དང་ལྡན་པར་བྱ་སྟེ། ཞེས་སོགས་ཀྱི་ཆོས་བསྟན་པས་དགེ་སློང་ལྔ་བརྒྱ་པོ་དེ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །ཞེས་སོ། །གསུམ་པ་ནི་དེས་ན་སྡོམ་པ་ཞེས་སོགས་ཚིགས་བཅད་གཉིས་ཏེ། དེས་ན་སྡོམ་པའི་ཚུལ་ཁྲིམས་དེ་ཉིད་དགེ་བ་ཡིན་གྱི། དེ་བསྲུང་བའི་ཐབས་སུ་གྱུར་པའི་རབ་ཏུ་བྱུང་བའི་ཆ་ལུགས་ཙམ་ལ་བཅས་པ་ལ་མ་ལྟོས་པར་རང་བཞིན་གྱི་དགེ་བ་མེད་དེ། སྡོམ་པ་མེད་པའི་ཆ་ལུགས་ཀུན་མདོ་དང་བསྟན་བཅོས་རྣམས་ལས་བཀག་པའི་ཕྱིར་རོ། །དེ་ཡང་འོད་སྲུང་གིས་ཞུས་པའི་ལེའུ་ལས། འོད་སྲུང་འདི་ལྟ་སྟེ་དཔེར་ན་མི་རོའི་མགོ་ལ་གསེར་གྱི་ཕྲེང་བ་བཏགས་པ་དེ་བཞིན་དུ་ཚུལ་ཁྲིམས་འཆལ་བ་ངུར་སྨྲིག་གྱོན་པར་ལྟའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མི་རོའི་མགོ་ལ་གསེར་ཕྲེང་ངམ། །ཡང་ན་མེ་ཏོག་ཕྲེང་བ་གདགས་བྱས་པ། །དེ་བཞིན་ཁྲིམས་མེད་ངུར་སྨྲིག་གྱོན་པ་སྤང་། །མཐོང་ནས་དེ་ལ་ཡིད་ནི་དད་མི་འགྱུར། །ཞེས་པ་དང་། རྟོག་གེ་འབར་བར་མདོ་དྲངས་པ་ལས། གང་ཞིག་ངུར་སྨྲིག་བགོས་ཀྱང་སེམས་ཀྱི་སྐྱོན་མ་སྤངས། །ལག་ཏུ་ལྷུང་བཟེད་ཐོགས་ཀྱང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་ཏུ་བྱུང་ཡང་དངོས་པོ་ཀུན་ལས་ངེས་མ་བྱུང་། །དགེ་སྦྱོང་དེ་ནི་དགེ་སྦྱོང་མ་ཡིན་ཁྱིམ་པའང་མིན། །དེ་ནི་ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཞེས་པ་དང་། དགེ་སློང་ལ་རབ་ཏུ་གཅེས་པའི་མདོར། ཇི་ལྟར་སྡོང་པོ་བཟང་པོ་ལ། །ཡུན་རིང་ཡལ་ག་འཕེལ་བ་ལྟར། །རྟགས་ཙམ་འཛིན་པ་ཡུན་རིང་ན། །ཁ་ན་མ་ཐོའི་གཏམ་རྣམས་དང་། །སྡིག་པ་དག་ནི་འཕེལ་བར་བཤད། །ཅེས་པ་དང་། ཆེད་དུ་བརྗོད་པའི་ཚོམས་ལས། བདེར་གཤེགས་རྒྱལ་མཚན་འཆང་བ་བས། །གཟུགས་བོར་ཁྱིམ་པར་གནས་པ་བཟང་། །ཞེས་གསུངས་སོ། །དེ་ལྟ་མིན་པར་བརྟུལ་ཞུགས་ལ། གཤིས་ལ་དགེ་བ་ཡོད་ན་ནི། གོང་དུ་བཤད་པའི་དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་སྡོམ་པ་མེད་ཀྱང་རབ་བྱུང་གི་སོགས་སོ། །འདིར་བརྟུལ་ཞུགས་ལ་དགེ་བ་མེད་པར་གསུངས་པ་ནི། སྲོག་གཅོད་སྤངས་པ་ལྟ་བུ་བཅས་པ་ལ་མ་ལྟོས་པར་སུས་སྤྱད་ཀྱང་དགེ་བ་འབྱུང་བ་མིན། ཞེས་པའི་དོན་ཡིན་གྱི། བཅས་པ་དང་ལྡན་པ་ལ་དགེ་བ་མེད་པ་མ་ཡིན་ཏེ། དཔེར་ན་བཅས་ལྟུང་ལ་རང་བཞིན་གྱི་མི་དགེ་བ་མེད་ཀྱང་། བཅས་ལྡན་ལ་འབྱུང་བ་བཞིན་ནོ། །གཉིས་པ་བདེ་སྡུག་གི་བྱེད་པོ་སངས་རྒྱས་སུ་ཐལ་བ་སྤོང་བ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི་དེ་ལ་ཁ་ཅིག་ཞེས་སོགས་དྲུག་སྟེ། ཕྱོགས་སྔ་གོང་མའི་ནང་དུ་བཤད་ཟིན་ཏོ། །གཉིས་པ་ལ་གཉིས་ཏེ། མགོ་བསྒྲེའི་ལན་དང་། རྣལ་མའི་ལན་ནོ། །དང་པོ་ནི་འདི་ཡི་ལན་ལ་ཞེས་སོགས་ལྔ་སྟེ། ཁྱེད་ཀྱང་མུ་སྟེགས་གྲངས་ཅན་པ་འགའ་ཞིག་ལྟར། ངོ་བོ་ཉིད་གཙོ་བོ་རྒྱུར་སྨྲ་བར་འགྱུར་ཏེ། གཤིས་ལ་དགེ་སྡིག་ཡོད་པར་འདོད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། སྤྱིར་བསླབ་པ་འཆའ་བའི་རྒྱུ་མཚན། བསླབ་པ་མི་འདྲ་བ་འཆའ་བའི་རྒྱུ་མཚན། དེས་གྲུབ་པའི་དོན་ནོ། །དང་པོ་ནི། གཉིས་པ་དངོས་པོའི་ཞེས་སོགས་བཅུ་གསུམ་སྟེ། རྫོགས་པའི་སངས་རྒྱས་ཉག་གཅིག་གིས་བསླབ་པ་འཆའ་བར་བྱེད་པའི་རྒྱུ་མཚན་ཡོད་དེ། གཤིས་ལ་དགེ་བ་དང་སྡིག་པ་མེད་ཀྱང་བདེ་སྡུག་ལས་ཀྱིས་བྱས་པ་ཡིན་ཅིང་། ལས་ཀྱི་བྱེད་པ་པོ་སེམས་ཉིད་ཡིན་ལ། སེམས་བཟང་ངན་དེ་དག་བླང་དོར་བྱེད་པའི་ཐབས་ནི་སྡོམ་པའི་ཚུལ་ཁྲིམས་ཡིན། བཅས་པའི་བརྟུལ་ཞུགས་ནི་སྡོམ་པའི་ཚུལ་ཁྲིམས་བསྲུང་བའི་ཐབས་ཡིན་པས་སྡོམ་པའི་ཚུལ་ཁྲིམས་དེ་ལ་བརྟུལ་ཞུགས་གང་ལ་གང་དགོས་པ་རྫོགས་པའི་སངས་རྒྱས་ཁོ་ནས་མཁྱེན་པའི་ཕྱིར་རོ། །བདེ་སྡུག་ལས་ཀྱིས་བྱས་པ་དང་། ལས་ཀྱི་བྱེད་པོ་སེམས་ཉིད་ཡིན་པར་གྲུབ་སྟེ། སེམས་དགེ་བ་དང་མི་དགེ་བའི་སྟོབས་ཀྱིས་ལས་ལ་བཟང་ངན་འབྱུང་། ལས་ལ་བཟང་ངན་དེ་ལས་འབྲས་བུ་བདེ་སྡུག་འབྱུང་བའི་ཕྱིར་རོ། །གཉིས་པ་ནི་དེས་ན་བསམ་པའི་ཞེས་སོགས་ལྔ་སྟེ། རྫོགས་པའི་སངས་རྒྱས་ཀྱིས་རབ་ཏུ་བྱུང་བ་སྡེ་ལྔ་པོ་ལ་བཅས་པ་མི་འདྲ་བ་སོ་སོར་མཛད་པའི་རྒྱུ་མཚན་ཡོད་དེ། བསམ་པ་བཟང་ངན་བླང་དོར་བྱེད་པའི་ཐབས་སྡོམ་པའི་ཚུལ་ཁྲིམས་ཡིན་པ་དེས་ན་བསམ་པ་ཉོན་མོངས་པའི་ཁྱད་པར་གྱིས་དེ་དག་གི་གཉེན་པོ་སྡོམ་པའི་ཚུལ་ཁྲིམས་ཀྱི་བྱེ་བྲག་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ལ་སོགས་པ་དུ་མ་ཡོད་ལ། དེ་དག་བསྲུང་བའི་ཐབས་སུ་བརྟུལ་ཞུགས་དང་། འདུལ་བའི་བཅས་པ་མི་འདྲ་བའི་རྒྱུ་མཚན་དེ་ལྟར་ཡིན་པའི་ཕྱིར་རོ། །གསུམ་པ་ནི་དེས་ན་བདེ་དང་ཞེས་སོགས་ཚིགས་བཅད་གཅིག་སྟེ་བདེ་སྡུག་གི་བྱེད་པ་པོ་སངས་རྒྱས་མ་ཡིན་ཡང་བསླབ་པ་འཆའ་བ་དང་། སྔགས་སྦྱོར་བའི་བྱེད་པ་པོ་སངས་རྒྱས་ཡིན་པར་གསུངས་ཏེ། བདེ་སྡུག་སེམས་ལས་བྱུང་ཞིང་སེམས་ཀྱི་ཁྱད་པར་གྱིས་ཚུལ་ཁྲིམས་མི་འདྲ་བ་དུ་མ་ཡོད། དེ་སྲུང་བ་ལ་བཅས་པ་མི་འདྲ་བ་དུ་མ་དགོས་ཤིང་དེ་ནི་སངས་རྒྱས་ཁོ་ནས་མཁྱེན་པའི་ཕྱིར་རོ། །གསུམ་པ་མ་འཁྲུལ་བའི་གནང་བཀག་ཇི་ལྟར་བསྒྲུབ་པའི་ཚུལ་ནི། སྦུ་གུ་ཅན་དང་ཞེས་སོགས་ཚིགས་བཅད་བརྒྱད་དང་རྐང་པ་གཉིས་ཏེ། གཞན་རྣམས་ནི་གོ་སླ་ལ། ལག་ཉ་ནི་བྱིན་ལེན་མ་བྱས་པའི་ཟས་ལ་དགེ་སློང་རང་ངམ་གཞན་གྱིས་རེག་པ་ཟོས་ན་ལྟུང་བར་འགྱུར་བའོ། །ནུབ་ཚང་ནི་བསྙེན་པར་མ་རྫོགས་པ་དང་ཆོས་དྲུག་གིས་གཅིག་པའི་གནས་སུ་གཉིད་ལོག་པས་ཉལ་ན་མཚན་མོ་གསུམ་པའི་མཐར་ལྟུང་བྱེད་དུ་འགྱུར་བའོ། །བཞི་པ་ཕྲལ་གྱི་ལག་ལེན་འཁྲུལ་པ་དགག་པ་ལ་གསུམ་སྟེ། མ་འཁྲུལ་པའི་ལག་ལེན་བསྒྲུབ་པར་གདམས་པ། འཁྲུལ་པའི་ལག་ལེན་བྱུང་བའི་ཚུལ། དེ་ལ་གནོད་བྱེད་བསྟན་པའོ། །དང་པོ་ནི། མདོ་བསྐུལ་ཞེས་སོགས་གཉིས་ཏེ། དགེ་འདུན་གྱི་དབུས་སུ་མདོ་བསྐུལ་བ་དང་། ཉི་མའི་གྲངས་བརྗོད་པ་ལ་སོགས་པའི་ཕྲལ་གྱི་བྱ་བ་ཀུན། འདུལ་བའི་གཞུང་དང་མཐུན་པར་གྱིས་ཏེ། འདུལ་བ་ནས་གསུངས་པའི་ལག་ལེན་ཡིན་པའི་ཕྱིར་རོ། །དེ་ཡང་མདོ་རྩ་བ་ལས། དགེ་འདུན་གྱི་གནས་བརྟན་གྱིས་སྨྲིག་མའི་ཐུར་མ་སྐུད་པ་ལ་རྒྱུས་པ་སྤོ་བས་ཉི་མ་བགྲང་བར་བྱའོ། །དགེ་སྐོས་ཀྱིས་དེ་ལ་བརྟགས་ཏེ་དགེ་འདུན་ལ་བརྗོད་པར་བྱའོ། །བྱེ་བྲག་ཏུ་བྱས་པའི་འོ། །ངོའི་དབྱེ་བས་སོ། །གཙུག་ལག་ཁང་གི་བདག་པོ་དང་། ལྷའི་ཕྱིར་ཚིགས་སུ་བཅད་པ་གདོན་པའི་དགེ་སློང་རྣམས་ལ་བསྐུལ་བའི་ཚིག་ཀྱང་བྱའོ། །མོད་ལའོ། །དེང་ནི་ཡར་གྱི་ངོའི་ཚེས་གཅིག་ལགས་ཏེ། གཙུག་ལག་ཁང་གིས་བདག་པོ་དང་། གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཚིགས་སུ་བཅད་པ་རེ་རེ་བཀླག་ཏུ་གསོལ། ཞེས་གསུངས་སོ། །གཉིས་པ་ནི། མདོ་བསྐུལ་རིང་མོ་ཞེས་སོགས་གཉིས་ཏེ། བཀའ་གདམས་པ་ཁ་ཅིག མདོ་བསྐུལ་རིང་མོ་ཞེས་བྱ་བ་དཀའ་ལས་ཆེ་བ། ངོ་བོ་ནོར་བ་བྱེད་པ་མཐོང་སྟེ། འདི་ལྟར་ཀྱེ་གསོན་ཅིག་དགེ་འདུན་བཙུན་པ་རྣམས། ཚངས་པ་བརྒྱ་བྱིན་རྒྱལ་ཆེན་རྣམས། །ཆོས་སྐྱོང་གཙུག་ལག་སྲུང་མ་དང་། །ལྷ་ཀླུ་ལ་སོགས་སྡེ་བརྒྱད་དང་། །ཆོས་རྒྱལ་རྗེ་བློན་ཡོན་བདག་དང་། །ཕ་མ་མཁན་པོ་སློབ་དཔོན་དང་། །མཐའ་ཡས་སེམས་ཅན་དོན་སླད་དུ། །ཞལ་ནས་གསུངས་པའི་མདོ་བརྗོད་ཞུ། །ཞེས་པའི་མཇུག་ཏུ་ཨཱུ་ཧཱུྃ་ལགས་ཟེར་རོ། །ཊཱི་ཀ་བྱེད་པ་ཁ་ཅིག་འདི་འོག་ཏུ་དཀའ་ཡང་འབད་ནས་བྱེད་པ་མཚར། ཞེས་པ་དང་དོན་གཅིག་པ་མ་གཏོགས་པར་སངས་རྒྱས་ཀྱི་བཀའ་བརྩམ་པར་བྱ་ཞིང་འབྱུང་བར་བྱ། ཞེས་སོགས་འདོན་རྒྱུ་ཡིན་པ་ལ་རང་བཟོའི་ནོར་བ་བྱེད་པ་མཐོང་། ཞེས་པའི་འབྲུ་གཉེར་བ་ནི་ནོར་ཏེ། མདོ་བསྐུལ་རིང་མོ་བྱེད་པས་ཀྱང་བསྐུལ་བའི་ཚིག་ནོར་བ་ཡིན་གྱི་འདོན་པའི་ཚེ་སངས་རྒྱས་ཀྱི་བཀའ་འདོན་པར་འདོད་པའི་ཕྱིར་ཏེ། ཞལ་ནས་གསུངས་པའི་མདོ་བརྗོད་ཞུ་ཞེས་བཤད་པས་སོ། །གསུམ་པ་ལ་བཞི་སྟེ། ཤེས་བྱེད་མེད་པར་བསྟན་པ། ཉེས་དམིགས་ཆེ་བར་བསྟན་པ། སྨད་པའི་གནས་སུ་བསྟན་པ། འཁྲུལ་པ་གཞན་ལའང་མཚུངས་པར་བསྟན་པའོ། །དང་པོ་ནི། མདོ་རྒྱུད་ཞེས་སོགས་གཅིག་གོ །གཉིས་པ་ནི་འདི་འདྲའི་ཞེས་སོགས་གཉིས་ཏེ། བསྟན་པའི་རྩ་བ་ནི་འདུལ་བའོ། །གསུམ་པ་ནི་སངས་རྒྱས་གསུངས་པའི་ཞེས་སོགས་ཚིགས་བཅད་གཅིག་གོ །བཞི་པ་ནི་སངས་རྒྱས་གསུང་དང་ཞེས་སོགས་ཚིགས་བཅད་གསུམ་སྟེ། སངས་རྒྱས་ཀྱི་གསུང་དང་མི་མཐུན་ཡང་མདོ་བསྐུལ་རིང་མོ་འདི་འདྲ་བདེན་པར་འདོད་ན་ནི། སྡོམ་པ་ཐག་རྒྱ་མ་དང་། ལས་ཆོག་མགོ་ལ་བཞག་པས་དགེ་སློང་དུ་འགྱུར་ཞེས་ཟེར་བ་སོགས་ཀྱི་ལག་ལེན་ཕྱིན་ཅི་ལོག་གཞན་ཡང་འཁྲུལ་ཞེས་བརྗོད་པར་མི་ནུས་ཏེ། དེ་དང་མདོ་བསྐུལ་རིང་མོ་ལུང་དང་འགལ་བའི་སོགས་སོ། །གཞན་ཡང་མུ་སྟེགས་བྱེད་ཀྱིས་སྲོག་གི་མཆོད་སྦྱིན་བྱས་པས་ཐར་པ་ཐོབ་པ་སོགས་ཀྱི་ཆོས་ལོག་ཀྱང་སུན་དབྱུང་བར་མི་ནུས་ཏེ། དེ་དང་མདོ་བསྐུལ་རིང་མོ་ལུང་རིགས་མེད་པར་སོགས་སོ། །གསུམ་པ་ཐོས་བསམ་སྒོམ་གསུམ་མ་ནོར་བས་མཇུག་བསྡུ་བ་ལ་གཉིས་ཏེ། ནོར་བ་སྤོང་བར་གདམས། མ་ནོར་བ་བསྒྲུབ་པར་གདམས་པའོ། །དང་པོ་ལ་གཉིས་ཏེ། སྤང་བྱ་ངོས་བཟུང་། སྤང་དགོས་པའི་འཐད་པའོ། །དང་པོ་ནི། ལ་ལ་རྫོགས་པའི་ཞེས་སོགས་ཚིགས་བཅད་གསུམ་སྟེ། ཞང་མཚལ་པ་དང་། བཀའ་ཕྱག་པ་ལ་ལ། རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིས་བསྡུས་པའི་ཚིག་དོན་ཟབ་མོ་རྣམས་དང་། དེ་དག་གི་དགོངས་འགྲེལ་གྲུབ་ཐོབ་རྣམས་ཀྱིས་ལེགས་པར་བཤད་པའི་གྲུབ་པ་སྡེ་བདུན་དང་། སྙིང་པོ་སྐོར་དྲུག་ལ་སོགས་པ་རྣམས་དང་། མཁས་པ་རྒྱན་དྲུག་ལ་སོགས་པ་རྣམས་ཀྱིས་ཤིན་ཏུ་ལེགས་པར་བཤད་པའི་ཆོས་ས་སྡེ་དང་། རིགས་ཚོགས་ལ་སོགས་པ་རྣམས་ནི་ཚིག་གི་ན་ཡ་སོགས་སོ། །གཉིས་པ་ནི་བླུན་པོ་དགའ་བ་ཞེས་སོགས་ལྔ་སྟེ། བཀའ་དང་བསྟན་བཅོས་རྣམ་དག་གི་ཐོས་བསམ་སྤངས་ནས་བླུན་པོའི་ཚིག་ལ་ཐོས་བསམ་བྱེད་པ་ནི། བློ་གྲོས་དང་ལྡན་པ་རྣམས་ཀྱིས་དོར་བར་བྱ་སྟེ། དེ་ལྟ་བུས་ནི་བླུན་པོ་དགའ་བ་བསྐྱེད་ནུས་ཀྱི་མཁས་པ་རྣམས་དགའ་བ་བསྐྱེད་མི་ནུས་པའི་ཕྱིར་དང་། དུས་དང་བློ་གྲོས་གཉིས་ཀ་གྲོན་དུ་འགྱུར་བའི་ཕྱིར་རོ། །ཀྱེ་མ་ཞེས་སྙིང་བརྩེ་བའི་ཚིག་གིས་བོས་ནས་སངས་རྒྱས་ཀྱི་བསྟན་པ་ནི་གཟུགས་བརྙན་འདི་ལྟར་གྱུར་པ་ད་གཟོད་གོ །ཞེས་པའོ། །གཉིས་པ་ནི། དེས་ན་སངས་རྒྱས་ཞེས་སོགས་བཅུ་སྟེ། དེས་ན་སངས་རྒྱས་ཀྱི་གསུང་རབ། སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་དང་། དེ་དག་གི་དགོངས་འགྲེལ་གྲུབ་ཐོབ་རྣམས་ཀྱིས་བཤད་པའི་བསྟན་བཅོས་ཀྱི་ཚིག་ཐོས་ཤིང་འཛིན་པ་ལ་བྱིན་རླབས་ཡོད་དེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །རྒྱལ་བ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར། །ལྷ་དང་ཀླུ་དང་མིའམ་ཅི་རྣམས་དང་། །བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངས་སུ་བཟུང་། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དྲན་ལྡན་བློ་གྲོས་ལྡན་ཅིང་བློ་ལྡན་འགྱུར། །ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན། །མཁས་པས་བག་ཆགས་བཅས་པའི་ཉོན་མོངས་སྤོང་། །ཞེས་དང་། སྐྱེས་རབས་ལས། ཐོས་ཆུང་དམུས་ལོང་བསྒོམ་པའི་ཚུལ་མི་ཤེས། །ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་ཡིན། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མ་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །རྐུན་པོས་འཕྲོག་ཏུ་མེད་པ་ནོར་གྱི་མཆོག །ཅེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་བྱེད། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་པ་དང་། ལུང་རྣམ་འབྱེད་ལས། མང་དུ་ཐོས་པ་ལ་ཕན་ཡོན་ལྔ་ཡོད་དེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན་ནོ་ཞེས་སོ། །དོན་ཡིད་ལ་སེམས་ཤིང་ཉམས་སུ་ལེན་པ་ལ་ཡང་བྱིན་རླབས་ཡོད་དེ། ཡབ་སྲས་མཇལ་བའི་མདོ་ལས། གང་གིས་བསྐལ་པ་བཅུའི་བར་དུ་མཉན་ཏེ། གཞན་ལ་བསྟན་པ་བས། གང་གིས་སེ་གོལ་གཏོགས་པ་ཙམ་དུ་འདི་བསྒོམས་ན། དེ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཞེས་པ་དང་། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་ཞེས་བྱ་བའི་མདོ་ལས། རྒྱལ་བའི་དྲིན་ལན་བླན་འདོད་པ། །སྐད་ཅིག་ཡུད་ཙམ་སྒོམ་བྱེད་པ། །སྟོང་ཁམས་གང་བའི་སེམས་ཅན་གྱིས། །སྲོག་གི་སྦྱིན་པ་བྱིན་པ་བས། །བསམ་གཏན་བསྒོམས་པ་ཡོན་ཏན་ཆེ། །ཞེས་གསུངས་སོ། །འདི་འདྲའི་བཀའ་དང་བསྟན་བཅོས་རྣམ་དག་ཉན་བཤད་བྱེད་པ་ལ། ཐོས་པ་ཞེས་བརྗོད་པ་ཡིན་ཅིང་། དེའི་དོན་ཚུལ་བཞིན་དུ་དཔྱོད་པ་བསམ་པ་ཡིན་ལ་ནན་ཏན་གྱིས་དེ་བསྒྲུབ་པ་སྒོམ་པ་ཡིན་པར་ཤེས་པར་བྱས་ནས། ཐོས་བསམ་སྒོམ་གསུམ་དེ་ལྟར་གྱིས་ཏེ། དེ་ལྟ་བུའི་ཐོས་བསམ་སྒོམ་གསུམ་འདི་ནི་སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཐུབ་པ་དགོངས་གསལ་ལས། མདོར་ན་སངས་རྒྱས་ཀྱིས་གསུངས། སྡུད་པ་པོས་བསྡུས། གྲུབ་ཐོབ་ཀྱིས་བསྒོམ། པཎྜི་ཏས་བཤད། ལོ་ཙཱབས་བསྒྱུར། མཁས་པ་རྣམས་ལ་གྲགས་པ་ཅིག་སངས་རྒྱས་ཀྱི་བསྟན་པ་ཡིན་པས་དེ་ལ་ཉན་བཤད་སྒོམ་བསྒྲུབ་བྱེད་དགོས་སོ་ཞེས་གསུངས་པ་ལྟར་རོ། །སོ་སོར་ཐར་པའི་སྡོམ་པའི་སྐབས་ཏེ་དང་པོའོ།། །།གཉིས་པ་བྱང་སེམས་ཀྱི་སྡོམ་པའི་ཉམས་ལེན་ལ་གསུམ་སྟེ། སེམས་བསྐྱེད་ཀྱི་དབྱེ་བ་སྤྱིར་བསྟན། ཐེག་ཆེན་སེམས་བསྐྱེད་བྱེ་བྲག་ཏུ་བཤད། བསྟན་པ་རྣམ་པར་དག་པས་མཇུག་བསྡུ་བའོ། །དང་པོ་ནི། སེམས་བསྐྱེད་ལ་ནི་ཞེས་སོགས་ཚིགས་བཅད་གསུམ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་སེམས་བསྐྱེད་ལ། ཉན་ཐོས་པའི་ལུགས་དང་། ཐེག་པ་ཆེན་པོའི་ལུགས་རྣམ་པ་གཉིས་ཡོད་དེ། ཉན་ཐོས་སྡེ་གཉིས་ཀྱི་ལུང་ནས་བཤད་པ་དང་། ཐེག་པ་ཆེན་པོ་དབུ་སེམས་ཀྱི་གཞུང་ནས་བཤད་པ་གཉིས་ཡོད་པའི་ཕྱིར་རོ། །ཉན་ཐོས་རྣམས་ཀྱི་གཞུང་ནས་བཤད་པའི་སེམས་བསྐྱེད་ལ་ཡང་། ཐོབ་བྱ་བྱང་ཆུབ་ཀྱི་སྒོ་ནས་རྣམ་པ་གསུམ་ཡོད་དེ། ཉན་ཐོས་དགྲ་བཅོམ་དང་། རང་རྒྱལ་དང་། རྫོགས་པའི་སངས་རྒྱས་སུ་སེམས་བསྐྱེད་པ་གསུམ་ཡོད་པའི་ཕྱིར་ཏེ། འདུལ་བ་ལུང་ལས། ཁ་ཅིག་ནི་ཉན་ཐོས་སུ་སེམས་བསྐྱེད་དོ། །ཁ་ཅིག་ནི་རང་རྒྱལ་དུ་སེམས་བསྐྱེད་དོ། །ཁ་ཅིག་ནི་སངས་རྒྱས་སུ་སེམས་བསྐྱེད་དོ་ཞེས་བཤད་དོ། །འོན་ཀྱང་གསུམ་པོ་དེ་དག་གི་ཆོ་ག་སྤྱོད་པ་དེང་སང་ཉུང་སྟེ། ཉན་ཐོས་ཀྱི་བསྟན་པ་འབྲས་བུའི་དུས་ལྔ་བརྒྱ་པ་ཕྲག་གསུམ། སྒྲུབ་པའི་དུས་ལྔ་བརྒྱ་བ་ཕྲག་གསུམ་ནུབ་ནས། ལུང་གི་དུས་ཡིན་པའི་ཕྱིར་རོ། །ཁ་ཅིག་སྟོན་པ་འདས་ནས་ལོ་དགུ་བརྒྱ་ལོན་པ་ན་སློབ་དཔོན་དབྱིག་གཉེན་བྱུང་བའི་དུས་སུ་ཡང་མཛོད་ལས་དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། ལྐོག་མར་སྲོག་ཕྱིན་འདྲ་དག་ཞེས་ཉམས་པར་བཤད་ན་དེང་སང་སྐྱོན་མེད་ཉམས་པ་སྨོས་ཅི་དགོས་ཟེར་བ་ནི་མི་འཐད་དེ། དེའི་དུས་སུ་འབྲས་བུའི་དུས་ཡིན་པའི་ཕྱིར་རོ། །དེས་ན་སྒྲུབ་པའི་དུས་ཉམས་ནས་ཉམས་སུ་ལེན་པའི་ཆེད་དུ་སེམས་བསྐྱེད་ཀྱི་ཆོ་ག་མི་བསྟེན་པ་ལ་དགོངས་སོ། །ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་དབུ་མ་ལུགས་དང་སེམས་ཙམ་ལུགས་རྣམ་པ་གཉིས་ཡོད་ཅིང་། དེ་གཉིས་ཀ་ཡང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁོ་ན་ཡིན་གྱི། བྱང་ཆུབ་གསུམ་དུ་སེམས་བསྐྱེད་པའི་ཚུལ་ནི་མེད་དོ། །དེ་གཉིས་ལ། མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག་ཡང་ཐ་དད་དུ་ཡོད་དེ། སྦྱོར་བའི་སྐབས་སུ་དབུ་མ་པ་རྣམས་ཀྱིས་ཡན་ལག་བདུན་པ་ཚང་བར་མཛད། སེམས་ཙམ་པ་རྣམས་ཀྱིས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་གཅིག་ཙམ་མཛད། གཞན་ཡང་དབུ་མ་པས་བར་ཆད་དྲི་བ་མི་མཛད། སེམས་ཙམ་པས་བར་ཆད་དྲི་བ་མཛད། དངོས་གཞིའི་སྐབས་སུ་དབུ་མ་པས་སྨོན་འཇུག་གཉིས་པོ་སྟབས་གཅིག་ཏུ་སློབ་དཔོན་གྱི་རྗེས་ཟློས་ལན་གསུམ་བྱས་པའི་ཚུལ་གྱིས་ལེན། སེམས་ཙམ་པས་ཐོག་མར་སྨོན་པ་སེམས་བསྐྱེད་ལེན། དེ་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་བསླབས་ནས་བསླབ་བྱ་རྣམས་ཉམས་འོག་ཏུ་ཚུད་པར་བྱས་ཏེ། དེའི་རྗེས་སུ་འཇུག་པ་སེམས་བསྐྱེད་ལེན། ཆོ་གའི་ཚིག་ཀྱང་སློབ་དཔོན་གྱིས་བརྗོད་པ་སློབ་མས་ཉན་པ་ཡིན་གྱི་རྗེས་ཟློས་མི་བྱེད། མཇུག་གི་ཆོ་ག་ལ་དབུ་མ་པས་རང་དགའ་བ་བསྒོམས་པ་དང་། གཞན་དགའ་བ་བསྒོམ་དུ་གཞུག་པ་གཉིས་མཛད། སེམས་ཙམ་པས་མཁྱེན་པར་གསོལ་བ་མཛད་པའི་ཕྱིར་རོ། །རྩ་བའི་ལྟུང་བ་ཡང་ཐ་དད་དུ་ཡོད་དེ། དབུ་མ་པས་ནམ་མཁའི་སྙིང་པོའི་མདོ་ལས་འབྱུང་བ་ལྟར། རྩ་ལྟུང་བཅུ་བཞི་དང་། སེམས་ཙམ་པས་སྡོམ་པ་ཉི་ཤུ་པ་ལྟར་རྩ་ལྟུང་བཞི་གསུངས་པའི་ཕྱིར་རོ། །ཕྱིར་བཅོས་ཀྱི་ཚུལ་ཡང་སོ་སོར་ཡོད་དེ། དབུ་མ་པས་སྐྱ་རེངས་ལ་གསོལ་བ་བཏབ་ནས་ནམ་མཁའི་སྙིང་པོ་རྨི་ལམ་དུ་བྱུང་བ་ལ་རྩ་བའི་ལྟུང་བ་བཤགས། སེམས་ཙམ་པས་སྡོམ་པ་ཉི་ཤུ་པར། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་བཤད་པ་ལྟར་མཛད་པའི་ཕྱིར་རོ། །བསླབ་པར་བྱ་བའང་སོ་སོར་ཡོད་དེ། དབུ་མ་པས་སྤྱོད་འཇུག་ལས། རྐང་པ་སྐྱོང་སྟེ་མི་འདུག་ཅིང་། །ཅེས་སོགས་བཤད་ལ། སེམས་ཙམ་པས་སྡོམ་པ་ཉི་ཤུ་པ་ལྟར། ཉེས་བྱས་བཞི་བཅུ་ཞེ་གཉིསཾ་བཤད་པའི་ཕྱིར་རོ། །དེ་ལྟར་ཆོ་ག་ནས་བསླབ་བྱའི་བར་ཐ་དད་པ་དེ་ཡང་། དབུ་སེམས་གཉིས་པོ་ལྟ་བ་མཐོ་དམན་ཐ་དད་པས་ལྟ་བ་དེ་དང་འཚམས་པའི་སེམས་བསྐྱེད་ཀྱི་ལུགས་གཉིས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཡིན་གྱི། རྗེས་འཇུག་གི་གདུལ་བྱས་གཉིས་ཀ་ཉམས་སུ་ལེན་པ་ལ་འགལ་བ་མེད་དེ། དཔེར་ན་ཉན་ཐོས་ལ་སོ་སོར་ཐར་པ་རིས་བདུན་དང་། ཐེག་པ་ཆེན་པོ་ལ་སེམས་བསྐྱེད་ཀྱི་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག་སོགས་སོ་སོར་གསུངས་ཀྱང་། གང་ཟག་གཅིག་གིས་གཉིས་ཀ་ཉམས་སུ་ལེན་པ་ལ་འགལ་བ་མེད་པ་བཞིན་ནོ། །འདིར་ནི་གཞུང་གི་འབྲུ་གནོན་པ་ཙམ་ཞིག་བྲིས་པ་ཡིན་ལ། འདི་གཉིས་ཀྱི་རྣམ་དབྱེ་ཞིབ་པར་ཁོ་བོའི་སྤྱི་དོན་དུ་ལྟ་བར་བྱ་ཞིང་། ཆོ་ག་ནི་དབུ་མ་ལུགས་ཆོས་རྗེ་པའི་སེམས་བསྐྱེད་ཀྱི་ཆོ་ག་དང་། སེམས་ཙམ་ལུགས་རྗེ་བཙུན་ཆེན་པོའི་སྡོམ་པ་ཉི་ཤུ་པའི་ཌཱི་ཀར་བལྟ་བར་བྱའོ། །གཉིས་པ་ལ་གསུམ་སྟེ། མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག ཐོབ་པ་མི་ཉམས་པར་བསྲུང་བའི་བསླབ་བྱ། དེ་དག་དང་འབྲེལ་བའི་ཐབས་ལམ་རྣམ་དག་ཏུ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཀུན་རྫོབ་སེམས་བསྐྱེད་སྐྱེ་བའི་ཆོ་ག་བཤད། དོན་དམ་སེམས་བསྐྱེད་ཆོ་གས་སྐྱེ་བ་དགག་པའོ། །དང་པོ་ལ་བཞི་སྟེ། ལུགས་གཉིས་རྟེན་གྱི་ཁྱད་པར་ལུང་གིས་བསྒྲུབ། དེ་ཉིད་དཔེ་ཡི་སྒོ་ནས་གསལ་བར་བཤད། ལུང་གི་དོན་ལ་ལོག་པར་རྟོག་པ་དགག ལུགས་གཉིས་ཆོ་གའི་ཁྱད་པར་སོ་སོར་བཤད་པའོ། །དང་པོ་ལ་གཉིས་ཏེ། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་སྐྱེ་བའི་ཡུལ་ངེས་པར་བསྟན། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀུན་ལ་སྐྱེ་བར་བསྟན་པའོ། །དང་པོ་ལ་གསུམ་སྟེ། དངོས་ཀྱི་དོན། དེ་ལ་ལོག་པར་རྟོག་པའི་ཚུལ་བརྗོད་པ། དེ་ཉིད་ལུང་དང་རིགས་པས་དགག་པའོ། །དང་པོ་ནི། སེམས་ཙམ་པ་ཡི་ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ནི་ལ་ལ་སྐྱེ་བོ་ཞེས་སོགས་གསུམ་སྟེ། དགེ་བཤེས་ཕྱག་སོར་བ་ལ་སོགས་པའི་སྐྱེ་བོ་འགའ་ཞིག་གི་རྨི་ལམ་དུ་བྱམས་པ་མགོན་པོ་ཁྲི་མཐོན་པོ་ལ་བཞུགས་ནས་ཁྲོམ་ཆེན་པོ་ལ་སེམས་བསྐྱེད་མཛད་པར་རྨིས་པའི་རྗེས་སུ་འབྲངས་ནས། སོ་ཐར་གྱི་སྡོམ་པ་ཐོབ་པ་དང་མ་ཐོབ་པའི་སེམས་ཅན་ཀུན་ལ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་འབོགས་པར་བྱེད་དོ། །གསུམ་པ་ནི། རྨི་ལམ་བདུད་ཀྱིས་ཞེས་སོགས་ཚིགས་བཅད་བཞི་སྟེ། རྨི་ལམ་གྱི་རྗེས་སུ་འབྲངས་ནས་སྐྱེ་བོ་ཀུན་ལ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་བྱེད་པའི་ལུགས་དེ་སངས་རྒྱས་ཀྱི་བསྟན་པ་མ་ཡིན་ཏེ། རྨི་ལམ་བདུད་ཀྱིས་མིན་ན་དེ་ལྟར་རུང་ཡང་། སངས་རྒྱས་ཀྱི་གསུང་དང་མི་མཐུན་པའི་ཐབས་ལམ་སྟོན་པའི་རྨི་ལམ་བདུད་ཀྱི་བྱིན་བརླབས་ཡིན་པའི་ཕྱིར་དང་། བྱང་སའི་ཚུལ་ཁྲིམས་ལེའུར། རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་དང་། མར་མེ་མཛད་ཀྱིས། སོ་སོར་ཐར་པ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཤེས་པ་དང་། སོ་ཐར་གྱི་སྡོམ་པ་མེད་པ་ལ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་བཀག་པའི་ཕྱིར་དང་། ཆོ་ག་ལས་ཀྱང་དེ་ལྟར་དུ་གསལ་བའི་ཕྱིར། དེ་ལ་བཀའ་གདམས་པ་ཁ་ཅིག སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་བྱེད་པ་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཤེས་པ་དང་། སོ་ཐར་གྱི་སྡོམ་པས་བསྡམས་པ་དགོས་ཀྱང་། སྐྱེ་བོ་ཀུན་ལ་བྱེད་པ་མི་འགལ་ཏེ། བླུན་པོ་སྡིག་པ་ཅན་ཡིན་ཡང་། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་གྲལ་དེར་ཚོགས་པ་ཐམས་ཅད་ནི་སོ་སོ་ཐར་པའི་སོགས་སོ། ྎ །གཉིས་པ་ནི། དབུ་མའི་ལུགས་ཀྱི་ཞེས་སོགས་བཅུ་གཅིག་སྟེ། དབུ་མ་ལུགས་ཀྱི་སེམས་བསྐྱེད་འདི་བརྡ་ཕྲད་ཅིང་ལེན་འདོད་ཡོད་པའི་སེམས་ཅན་ཀུན་ཀྱིས་ལེགས་པར་ཐོབ་ན་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་འགྱུར་ཞེས་མདོ་དང་བསྟན་བཅོས་རྣམས་ལས་གསུངས་ཏེ། དེ་ཡང་སྡོང་པོ་བཀོད་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱིས། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱི་ཤར་ཕྱོགས་ནགས་ཚལ་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་ཞེས་བྱ་བར། ཆོས་ཀྱི་དབྱིངས་ཀྱི་ཚུལ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པས། རྒྱ་མཚོའི་ཀླུ་སྟོང་ཕྲག་བཅུ་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །ཞེས་པ་དང་། བསྐལ་པ་བཟང་པོ་ལས། རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་འོད་དེ་ལ། །ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་དང་། ནམ་མཁའི་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་རྒྱལ་པོ་ལ་ལྔ་དང་། བློན་པོ་ལ་ལྔ་དང་། ལས་དང་པོ་པ་ལ་བརྒྱད་དེ། རང་སར་འབྱུང་ཉེ་བས་རྟེན་གྱི་སྒོ་ནས་དབྱེ་བ་བཅོ་བརྒྱད་གསུངས་པ་དང་། དཀོན་མཆོག་བརྩེགས་པའི་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་འདི་བསྟན་པ་ན། འཁོར་དེའི་ནང་ནས་ལྷ་དང་། མིའི་སྲོག་ཆགས་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་པ་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ནི་བྱ་བ་མང་བ་བྱེད་པ་མང་བ་སྟེ། ཞེས་པ་ནས་ཁྱོད་རྫོགས་པའི་བྱང་ཆུབ་འདོད་པ་དང་། དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པས་འགྲོ་ཡང་རུང་ཞེས་པ་ནས། རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ཅིང་། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། ཀླུ་ཁྲི་ཉིས་སྟོང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ཅེས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ངན་སོང་གི་གནས་རྣམས་སུ་བྱོན་ཏེ། ངན་སོང་བ་དེ་དག་བདེན་པ་མཐོང་བ་ལ་བཀོད་ཅེས་སོགས་རྒྱ་ཆེར་གསུངས་སོ། །བསྟན་བཅོས་ལས་གསུངས་ཚུལ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བར། སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ། །སེམས་བསྐྱེད་བཅུག་ཅིང་བརྟན་བྱས་ནས། །རི་དབང་རྒྱལ་པོ་ལྟར་བརྟན་པའི། །བྱང་ཆུབ་སེམས་དང་རྟག་ལྡན་འགྱུར། །ཞེས་པ་དང་། ཞི་བ་ལྷས། བསླབ་བཏུས་སུ། དཔའ་བར་འགྲོ་བའི་མདོ་དྲངས་ཏེ། གཡོ་རྒྱུས་སེམས་བསྐྱེད་པ་ཡང་། སངས་རྒྱས་ཀྱི་རྒྱུར་གསུངས་ན་དགེ་བ་སྣ་འགའ་བྱས་ཏེ། སེམས་ཅན་སེམས་བསྐྱེད་པ་ལྟ་ཅི་སྨོས། ཞེས་གསུངས་སོ། །གཉིས་པ་ནི། ཇི་ལྟར་འབྲས་ཀྱི་ཞེས་སོགས་ཚིགས་བཅད་གཉིས་སོ། །གསུམ་པ་ནི། གལ་ཏེ་མདོ་ལས་ཞེས་སོགས་བཅུ་གཅིག་སྟེ། སྔར་དྲངས་པའི་མདོ་དང་། བསྟན་བཅོས་རྣམས་ལས། སེམས་ཅན་ཐམས་ཅད་ལ་སེམས་བསྐྱེད་སྐྱེ་བར་བཤད་པའི་གཞུང་དེ་སེམས་ཙམ་པའི་ལུགས་ཀྱི་ཡང་སེམས་བསྐྱེད་སྐྱེ་བར་ཅི་འགལ་སྙམ་ན། དེ་ནི་འཁྲུལ་པ་ཡིན་ཏེ། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་སྐྱེ་བ་ལ་སོ་ཐར་རིས་བདུན་གང་རུང་དང་ལྡན་པ་ཅིག་དགོས་ཤིང་། རྒྱལ་བ་ཕན་བཞེད་ཉིན་གཅིག་གི་སྲོག་གཅོད་སྡོམ་པ་བླངས་པ་ལ། བྱང་ཆུབ་སེམས་བསྐྱེད་མཛད་པར་བསྐལ་བཟང་ལས་གསུངས་ལ། ཉིན་གཅིག་གི་སྲོག་གཅོད་སྡོམ་པ་བླངས་པ་དེ་ནི་སོ་སོ་ཐར་པ་རིས་བདུན་གང་ཡང་མ་ཡིན་པའི་ཕྱིར་རོ། །དེ་ལ་སོགས་པ་རིས་བདུན་གྱི་རྟེན་དུ་མི་རུང་བའི་ལྷ་དང་ཀླུ་ལ་སོགས་པ་ལ། སེམས་བསྐྱེད་མཛད་པའི་འཐད་པ་རྣམས་དབུ་མའི་ལུགས་ལ་སོགས་སོ། །བཞི་པ་ནི། དེས་ན་སེམས་ཙམ་ཞེས་སོགས་བཅུ་སྟེ། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་སྐྱེ་བའི་ཡུལ་ངེས་པ་དེས་ན། སེམས་བསྐྱེད་དེ་ལེན་པར་འདོད་ན་ཐོག་མར་སོ་སོ་ཐར་པ་རིས་བདུན་གང་ཡང་རུང་བ་ལོངས། དེ་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་བྱང་ས་ལྟ་བུར་སློབས། དེའི་བསླབ་བྱ་ལ་དད་ཅིང་བསྒྲུབ་པར་ནུས་པར་གྱུར་ན། ཕྱིས་ནས་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་ལོངས་ཏེ། བྱང་སའི་ཚུལ་ཁྲིམས་ལེའུ་དང་། གནས་བརྟན་བྱང་བཟང་སོགས་ཀྱིས་ལེན་ཚུལ་གྱི་རིམ་པ་དེ་ལྟར་དུ་བཤད་པའི་ཕྱིར་རོ། །ཅི་སྟེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ས་བོན་ཐེག་ཆེན་སེམས་བསྐྱེད་འཇོག་པར་འདོད་ན། སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་འཁྲུལ་པ་མེད་པའི་སྒོ་ནས། དབུ་མ་པའི་གཞུང་སྤྱོད་འཇུག་དང་། ཡི་དམ་བླང་བའི་ཆོ་ག་བཞིན་དུ་གྱིས་ཏེ། བརྡ་ཕྲད་ཅིང་ལེན་འདོད་ཡོད་པའི་སེམས་ཅན་ཀུན་ལ་སྐྱེ་བའི་ཕྱིར་རོ། །གཉིས་པ་དོན་དམ་སེམས་བསྐྱེད་ཆོ་གས་སྐྱེ་བ་དགག་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། དོན་དམ་སེམས་བསྐྱེད་ཞེས་སོགས་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པའི་གཞུང་ལས་བཤད་པའི་དོན་དམ་སེམས་བསྐྱེད་ཞེས་བྱ་བ་ནི། ཚོགས་སྦྱོར་གྱི་གནས་སྐབས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་གཅིག་ཏུ་བསྒོམས་པའི་སྟོབས་ཀྱིས། ས་དང་པོར་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གི་ངང་གིས་སྐྱེ་བ་ལ་འཇོག་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ཆོ་གའི་སྒོ་ནས་འདི་མི་སྐྱེ་སྟེ། འོག་ནས་འཆད་པའི་ལུང་རིགས་ཀྱིས་གནོད་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། ཆོ་གས་སྐྱེ་བ་ལ་གནོད་བྱེད་བསྟན། ཆོ་གས་སྐྱེ་བའི་སྒྲུབ་བྱེད་མེད། ཆོ་གས་མི་སྐྱེ་བ་དཔེའི་སྒོ་ནས་བསྒྲུབ། དེ་ལ་ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། གལ་ཏེ་ཆོ་གས་ཞེས་སོགས་ཚིགས་བཅད་གཅིག་སྟེ། དོན་དམ་སེམས་བསྐྱེད་ཆོ་གས་སྐྱེ་ན་དེ་བརྡ་ལས་བྱུང་བའི་སེམས་བསྐྱེད་དུ་འགྱུར་ཅིང་། འདོད་ན་མི་འཐད་དེ། དོན་དམ་སེམས་བསྐྱེད་ཉིད་ནི། དོན་དམ་ཆོས་ཉིད་ཀྱི་ས་ཐོབ་པའི་སེམས་བསྐྱེད་ཡིན་པའི་ཕྱིར་རོ། །གཉིས་པ་ནི་འདི་ལ་སྦྱོར་དངོས་ཞེས་སོགས་དྲུག་གོ །གསུམ་པ་ནི། དཔེར་ན་ཆུ་ལུད་ཞེས་སོགས་ཚིགས་བཅད་གསུམ་སྟེ། དཔེར་ན་ཆུ་ལུད་དང་ས་བོན་འདེབས་པ་སོགས་སོ་ནམ་ཞིང་པས་དངོས་སུ་བྱར་ནུས་པ་དེ་བཞིན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱང་ཆོ་གའི་སྒོ་ནས་དངོས་སུ་བསྐྱེད་ནུས་ཀྱི། མྱུ་གུ་དང་། སྡོང་བུ་དང་། སྙེ་མ་སོགས་ཞིང་ལས་དངོས་སུ་འབྱུང་གི་མི་ལས་དངོས་སུ་མི་འབྱུང་བ་དེ་བཞིན་དུ། དོན་དམ་བྱང་ཆུབ་ཀྱི་སེམས་དང་། ཟག་པ་མེད་པའི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་སོགས་བསྒོམས་པའི་སྟོབས་ཀྱིས་ངང་གིས་སྐྱེ་ཡི། ཆོ་གའི་སྒོ་ནས་མ་ཡིན་ཏེ། ཚུལ་འདི་དག་འཐད་པ་དང་བཅས་པ་མདོ་དང་བསྟན་བཅོས་ཀུན་ནས་འབྱུང་བའི་ཕྱིར་རོ། །དེ་ཡང་ཀ་མ་ལ་ཤཱི་ལའི་བསྒོམ་རིམ་དུ་དགོངས་པ་ངེས་འགྲེལ་གྱི་མདོ་དྲངས་པ་ལས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ། སྤྲོས་པ་མཐའ་དག་དང་བྲལ་བ་ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ་དྲི་མ་མེད་པ། མི་གཡོ་བ་རླུང་མེད་པའི་མར་མེའི་རྒྱུན་བཞིན་དུ་མི་གཡོ་བའོ། །དེ་འགྲུབ་པ་ནི་རྟག་ཏུ་གུས་པས་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གོམས་པ་ལས་འགྱུར་རོ། །ཞེས་གསུངས་སོ། །བཞི་པ་ནི་དོན་དམ་སེམས་བསྐྱེད་སོགས་བཅུ་གཅིག་སྟེ། རྣམ་སྣང་མངོན་བྱང་ལས། ཡན་ལག་བདུན་པའི་སྐབས་སུ་དོན་དམ་སེམས་བསྐྱེད་ཀྱི་ཚིག་ལན་གསུམ་གསུངས་པ་ལྟ་བུ་དང་། སྤང་སྐོང་ཕྱག་བརྒྱ་པ་ལས། དོན་དམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་པ་སྲིད་ན་ཡང་། དེ་ནི་དམ་བཅའ་ཙམ་ཡིན་གྱི་ཆོ་གའི་སྒོ་ནས་བསྐྱེད་པ་མ་ཡིན་ཏེ། དཔེར་ན་སྦྱིན་པ་སོགས་སོ། །དེ་དག་ཀྱང་ཆོ་ག་ཡིན་ན། གནས་ག་གེ་མོ་ཞིག་ཏུ་འགྲོ་བར་བྱའོ། །ཞེས་སོགས་ཀྱང་ཆོ་གར་ཧ་ཅང་ཐལ་བར་འགྱུར་ཅིང་། ཆོ་ག་ཡང་ཐུག་མེད་དུ་འགྱུར་རོ། །གསུམ་པ་ནི། ཀྱེ་མ་འཇིག་རྟེན་ཞེས་སོགས་ཚིགས་བཅད་གཅིག་སྟེ། འཇིག་རྟེན་བླུན་པོ་འདིས་རྒྱལ་བས་གསུངས་པའི་སྡོམ་གསུམ་གྱི་ཆོ་ག་རྣམ་པར་དག་པ་ཀུན་བོར་ནས། མ་གསུངས་པའི་དོན་དམ་སེམས་བསྐྱེད་ལ་ཆོ་ག་ནན་གྱིས་འཚང་བ་འདི་འདྲ་བདེ་འགྲོ་དང་ངན་འགྲོ་ཅིར་འགྱུར་བརྟག་དགོས་སོ། །གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བའི་བསླབ་བྱ་ལ་གཉིས་ཏེ། ལྟུང་བའི་རྣམ་བཞག་མུ་བཞི་བསྟན་པ། བསླབ་བྱའི་གཙོ་བོ་ལ་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས་ཏེ། མུ་བཞིར་དབྱེ་བ། བཞིར་འགྱུར་བའི་འཐད་པའོ། །དང་པོ་ནི། དེ་ལྟར་སེམས་ཙམ་ཞེས་སོགས་བཅོ་ལྔ་སྟེ། སྔར་བཤད་པ་དེ་ལྟར་སེམས་ཙམ་དབུ་མ་གཉིས་ལེན་པའི་ཆོ་ག་སོགས་ཀྱི་རྣམ་བཞག་ཐ་དད་དུ་ཡོད་མོད་ཀྱི། འོན་ཀྱང་ཐེག་ཆེན་དབུ་སེམས་ཀུན་མཐུན་པར་ལྟུང་བའི་རྣམ་གཞག་མུ་བཞི་གསུངས་ཏེ། ལྟུང་མེད་དང་། ལྟུང་བ་དང་། ལྟུང་བའི་གཟུགས་བརྙན་དང་། ལྟུང་བ་མེད་པའི་གཟུགས་བརྙན་རྣམ་བཞིར་གསུངས་པའི་ཕྱིར་རོ། །བཞི་པོ་གང་ཞེ་ན་བསམ་པ་དག་པའི་སོགས་སོ། །གཉིས་པ་ནི་མདོར་ན་སེམས་ཀྱི་ཞེས་སོགས་དགུ་སྟེ། ཀུན་སློང་དང་ལུས་ངག་གི་སྦྱོར་བ་གཉིས་ཀ་གནག་པ་ལྟུང་བ་དང་། དཀར་བ་ལྟུང་མེད་དང་། ཀུན་སློང་དཀར་ན་སྦྱོར་བ་གནག་ཀྱང་ལྟུང་བའི་གཟུགས་བརྙན་ཡིན་གྱི་དོན་ལ་ལྟུང་མེད་ཡིན་པ་དང་། ཀུན་སློང་གནག་ན་སྦྱོར་བ་དཀར་ཡང་ལྟུང་བ་མེད་པའི་གཟུགས་བརྙན་ཡིན་གྱི། དོན་ལ་ལྟུང་བ་ཡིན་པའི་རྒྱུ་མཚན་མདོར་བསྡུ་ན་སེམས་ཀྱི་འཕེན་པ་ལས་གཞན་པའི་ཐེག་པ་ཆེན་པོའི་དགེ་སྡིག་ཡོད་པ་མ་ཡིན་པའི་ཕྱིར་ཏེ། འཕགས་པ་ལྷའི་བཞི་བརྒྱ་པར། བསམ་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་ལུས་ངག་གི་དགེ་བའམ། མི་དགེ་བར་སྣང་བ་ཐམས་ཅད་དགེ་བ་ཉིད་དུ་འགྱུར་ཏེ། གང་གི་ཕྱིར་ན་བྱང་ཆུབ་སེམས་དཔའི་དགེ་སྡིག་ལ་སེམས་དེ་གཙོ་བའི་ཕྱིར་ཞེས་གསུངས་པ་དང་། མདོ་རྒྱུད་བསྟན་བཅོས་གཞན་རྣམས་ལས་ཀྱང་དགེ་སྡིག་གི་རྣམ་གཞག་སེམས་ལ་རག་ལས་པ་དེ་ལྟར་གསུངས་ཏེ། དཀོན་མཆོག་སྤྲིན་ལས། དགེ་བའམ་འོན་ཏེ་མི་དགེ་བའི། །ལས་ནི་སེམས་ཀྱིས་བསགས་པ་ཡིན། །ཞེས་དང་། ཆོས་ཡང་དག་པར་སྡུད་པ་ལས། ཆོས་ཐམས་ཅད་སེམས་ལ་རག་ལས་པ་ཡིན་ནོ། །ཞེས་པ་དང་། སློབ་དཔོན་ནག་པོ་པས། དགྲ་ནག་གི་འགྲེལ་པར་རྒྱུད་ཀྱི་ལུང་དྲངས་པ་ལས། མཆོག་གསུམ་ཡོན་ཏན་རིག་པར་འགྱུར། །བདུད་རྩི་ཡིད་འོང་འཁོར་བས་བརྒལ། །འབྲས་བུ་ངེས་པར་ལེགས་པར་ཐོབ། །དེ་ཕྱིར་དམ་པའི་ཞལ་ལས་ནི། །གསུངས་པའི་བྱ་བ་སྡིག་ཀྱང་བྱ། །དམ་པའི་ཞལ་ལས་མ་གསུངས་པའི། །དགེ་བའང་མཁས་པས་སྤང་བར་བྱ། །ཞེས་གསུངས་པ་དང་། སེམས་ཀྱི་སྒྲིབ་སྦྱོང་ལས་ཀྱང་། དགེ་སློང་རང་གི་ཕ་རྒན་ལ། །མྱུར་འདོང་ཞེས་ནི་བསྐུལ་གྱུར་ནས། །འཕུལ་པས་དེ་ནི་ཤི་གྱུར་ཀྱང་། །མཚམས་མེད་སྦྱོར་བ་མ་ཡིན་ནོ། །བསམ་པ་བཟང་པོས་མཆིལ་ལྷྭམ་གཉིས། །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་ནི་གཞན་གྱིས་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར། །དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ཞེས་དང་། མཁས་མཆོག་དབྱིག་གཉེན་གྱིས་ཀྱང་། ལས་གྲུབ་པར། ལུས་ངག་གི་ལས་རྣམ་པ་རིག་བྱེད་དང་། རིག་བྱེད་མ་ཡིན་པ་གཟུགས་ཅན་ནི་དགེ་བ་དང་། མི་དགེ་བ་མཚན་ཉིད་པ་མ་ཡིན་ཏེ། ལུས་བོར་ནས་ཚེ་ཕྱི་མ་ལ་འབྲས་བུ་ཡིད་དུ་འོང་བ་དང་། མི་འོང་བ་འགྲུབ་པ་དེ་དགེ་བ་དང་མི་དགེ་བ་ཡིན་པར་འཆད་པའི་ཕྱིར་རོ། །ལས་ནི་སེམས་པའི་ཁྱད་པར་ཡིན་ནོ་ཞེས་སོགས་སོ། །གཉིས་པ་ལ་གསུམ་སྟེ། བསླབ་བྱའི་གཙོ་བོ་འགོག་པའི་ལོག་རྟོག་བརྗོད། དེ་ཉིད་རིགས་པས་རྣམ་པར་བརྟགས་ནས་དགག བསླབ་བྱའི་གཙོ་བོ་ཡིན་པའི་སྒྲུབ་བྱེད་འགོད་པའོ། །དང་པོ་ནི། བྱང་ཆུབ་སེམས་ཀྱི་ཞེས་སོགས་ཚིགས་བཅད་གསུམ་སྟེ། བྱང་ཆུབ་སེམས་ཀྱི་བསླབ་པ་ལ་བདག་གཞན་མཉམ་པ་དང་། བརྗེ་བ་བསྒོམ་པའི་ཚུལ་གཉིས་གསུངས་ཏེ། སྤྱོད་འཇུག་ལས། བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ། །བདེ་དང་སྡུག་བསྔལ་མཉམ་པས་ན། །ཐམས་ཅད་བདག་བཞིན་བསྲུང་བར་བྱ། །ཞེས་དང་། གང་ཕྱིར་བདག་དང་གཞན་གཉིས་ཀ །མྱུར་དུ་སྐྱོབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་གསུངས་སོ། །དེ་ལ་འབྲི་ཁུང་པ་ཁ་ཅིག དགོངས་གཅིག་ཏུ་རྡོ་རྗེའི་གསུང་། རང་གཞན་བརྗེས་པས། ཉེས་པར་འགྱུར་བའི་སྐབས་ཡོད་བྱ་བ་བཞུགས། དེས་ན་རང་གཞན་བརྗེ་བ་བླ་མ་དམ་པའི་ཐུགས་དགོངས་མ་ཡིན་ཏེ། རྗེ་རིན་པོ་ཆེ་རྟག་པར་ཞབས་སྙུང་ཞིང་མི་བདེ་བ་ཅི་ལགས། ཞེས་འཇིག་རྟེན་མགོན་པོས་ཞུས་པས། ཁོ་བོ་སྔོན་དད་པ་ནི་ཆེ་ཤེས་རབ་ནི་ཆུང་བས། རྟག་པར་གཞན་གྱི་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་པ་དེ་མཐའ་བཙན་པས་ད་ལྟ་རྟག་པར་ཞབས་སྙུང་བ་དེས་ལན། ཞེས་གསུང་། འོན་ཀྱང་བདག་ཅག་ལས་རྒྱུད་ཚོད་ཅུང་ཟད་མཐོ་བས་བཟོད་དམ་སྙམ་ན། འཕགས་པ་ཤཱ་རིའི་བུ་ས་དྲུག་པ་བ་ཅིག་ཡིན་པ་ལ་དུས་ལ་མ་བབ་པར་མིག་སྦྱིན་པར་བཏང་བས་ཉན་ཐོས་ཀྱི་སར་ལྟུང་བའི་རྐྱེན་དུ་གྱུར་པའི་ཕྱིར། དེས་ན་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་མི་རུང་ཞེས་སྨྲའོ། །དེའི་རྒྱུ་མཚན་དྲིས་པས་འདི་སྐད་ལོ་སོགས་སོ། །གཉིས་པ་ལ་གཉིས་ཏེ། བསྒྲུབ་བྱ་ལ་བརྟགས་ནས་དགག་པ། སྒྲུབ་བྱེད་ལ་བརྟགས་ནས་དགག་པའོ། །དང་པོ་ནི། དེ་དོན་འདི་ལྟར་ཞེས་སོགས་དགུའོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའི་ཞེས་སོགས་བཅུ་གསུམ་སྟེ། སྨོན་ལམ་ཐམས་ཅད་མཐའ་བཙན་པའི་གཏན་ཚིགས་མི་འགྲུབ་སྟེ། བྱང་ཆུབ་སེམས་དཔའ་བློ་སྦྱོང་བའི་སྨོན་ལམ་འགའ་ཞིག་མཐའ་མི་བཙན་པའི་ཕྱིར་རོ། །གལ་ཏེ་བཙན་ན་དེད་དཔོན་མཛའ་བོའི་བུ་རྒྱུན་དུ་ཀླད་ནད་ཅན་དུ་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་ཀླད་ནད་བདག་ལ་སྨིན་པར་སྨོན་ལམ་བཏབ་པའི་ཕྱིར་རོ། །དེ་ཡང་མདོ་དྲིན་ལན་བསབ་པ་ལས། སྔོན་ཝཱ་ར་ནཱ་སཱིར་དེད་དཔོན་མཛའ་བོ་ཞེས་པའི་བུ་བྱུང་ངོ་ཅོག་ཤི་ནས་ཕྱིས་གཅིག་སྐྱེས་པ་ལ་མཛའ་བོའི་བུ་མོར་མིང་བཏགས་ཏེ། ཕ་རྒྱ་མཚོར་ནོར་བུ་ལེན་དུ་ཕྱིན་པས་ཤི་ནས་ཆེར་སྐྱེས་པ་ན། ཕའི་ལས་གང་ཡིན་དྲིས་པ་ལས། དྲང་པོར་སྨྲས་ན་རྒྱ་མཚོར་ཤིར་དོགས་ནས་འབྲུ་འཚོང་བ་ཡིན་ཞེས་སྨྲས་པས་ཀར་ཤ་པ་ཎི་བཞི་རྙེད། དེ་བཞིན་དུ་སྤོས་བཙོངས་པས་བརྒྱད་དང་། གོས་ཀྱིས་བཅུ་དྲུག་དང་། གསེར་དངུལ་བཙོངས་པས་སོ་གཉིས་རྙེད་པ་ཐམས་ཅད་མ་ལ་ཕུལ། དེ་ནས་ཚོང་པ་དེའི་རིགས་ཅན་རྣམས་ཀྱིས། ཁྱོད་ཀྱི་ཕ་རྒྱ་མཚོར་ནོར་བུ་ལེན་པའི་རིགས་ཅན་ཡིན་ནོ་ཞེས་སྨྲས་པས། དྲིལ་བསྒྲགས་ཏེ་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཆས་པ་ལ། མས་མ་བཟོད་པར་སྒོ་འཕྲེད་ལ་གཅད་དེ་ཉལ་བས་མའི་མགོ་ལ་རྡོག་པས་བསྣུན་ནས་སོང་ངོ་། །དེ་ནས་རྒྱ་མཚོར་ཞུགས་པས་གྲུ་བོ་ཆེ་ཆུ་སྲིན་ཉ་མིད་ཀྱིས་བཅོམ་ནས་ཞིག མཛའ་བོའི་བུ་མོས་གྲུའི་ཤིང་ཚལ་ལ་འཇུས་ནས་མཐར་གྱིས་ཕྱིན་པས། གྲོང་ཁྱེར་མྱོས་བྱེད་དུ་ལྷའི་བུ་མོ་བཞི་དང་། རྟག་མྱོས་སུ་བརྒྱད། དགའ་བྱེད་དུ་བཅུ་དྲུག ཚངས་པའི་བླ་མར་སོ་གཉིས་དང་ཕྲད་དེ། ལོ་གྲངས་དུ་མར་དགའ་བདེ་མྱོང་ངོ་། །ཡང་ལྷོ་ཕྱོགས་སུ་སོང་བ་དང་། ལྕགས་ཀྱི་ཁང་པ་ཆེན་པོ་ཞིག་མཐོང་སྟེ། འགྲོ་འདོད་པར་གྱུར་ནས་ནང་དུ་ཕྱིན་པ་དང་སྒོ་རང་འགྲིག་ཏུ་སོང་ངོ་། །ནང་ན་མི་ཞིག་ལྕགས་ཀྱི་འཁོར་ལོ་མེ་འབར་བ་མགོ་ལ་འཁོར་བ་ཞིག་མཐོང་ནས་དྲིས་པས། མའི་མགོ་ལ་རྡོག་པས་བསྣུན་པའི་རྣམ་སྨིན་ནོ་ཟེར་བ་དང་། རང་གི་དེ་དྲན་ཏེ། ང་ཡང་ལས་ཀྱིས་འདིར་ཁྲིད་དོ་སྙམ་པ་དང་། ནམ་མཁའ་ལས་གང་མ་བཅིངས་པ་དེ་དག་ནི་ཆིངས་ཤིག བཅིངས་པ་དེ་དག་གྲོལ་ཤིག ཞེས་པའི་སྒྲ་ཐོས་པས་འཁོར་ལོ་དེ་རང་གི་མགོ་ལ་འཁོར་བར་གྱུར་ཏོ། །འདིར་གཞན་ཡང་ཡོད་མེད་དྲིས་པས་གང་མའི་མགོ་ལ་རྡོག་པས་བསྣུན་པ་ཐམས་ཅད་འདིར་འོངས་སོ་ཞེས་ཟེར་བ་དང་། གཞན་གཅེས་འཛིན་གྱི་སྙིང་རྗེ་ཚད་མེད་པ་སྐྱེས་ཏེ། འདི་ལྟ་བུའི་མྱོང་ངེས་ཀྱི་ལས་བསགས་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག གཞན་སུ་ཡང་འདིར་འོང་བར་མ་གྱུར་ཅིག ཅེས་བརྗོད་མ་ཐག་སྙིང་རྗེའི་སྟོབས་ཀྱིས། མཛའ་བོའི་བུ་མོའི་མགོ་ལ་འཁོར་བའི་འཁོར་ལོ་དེ། ཤིང་ཏ་ལ་བདུན་སྲིད་ཙམ་དུ་འཕགས་ནས་ཚེའི་དུས་བྱས་ཏེ། དགའ་ལྡན་དུ་སྐྱེས་སོ་ཞེས་གསུངས་སོ། །གཞན་ཡང་དུས་གསུམ་སངས་རྒྱས་སོགས་ཚིག་རྐང་གསུམ་སྟེ། བློ་སྦྱོང་གི་སྨོན་ལམ་མཐའ་བཙན་པའི་ཕྱིར་རོ། །བརྗེས་པའི་ཡུལ་གྱི་སེམས་ཅན་དེ་དག་ཀུན། སྡུག་བསྔལ་འབྱུང་བ་མི་སྲིད་པར་འགྱུར་ཏེ། སངས་རྒྱས་དང་བྱང་སེམས་ཀྱི་བདེ་བ་ལ་ལོངས་སྤྱོད་པའི་ཕྱིར་རོ། །དེས་ན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་དུ་མི་རུང་བ་འདི་འདྲའི་གསང་ཚིག་ནི་བདུད་ཀྱིས་ཡིན་པ་ཕལ་ཆེར་གྱིས་མི་ཤེས་པས་ཤེས་ནས་སྤང་བར་བྱའོ། །ཐབས་ཕྱིན་ཅི་ལོག་ཏུ་སྟོན་པ་ཐབས་ལ་བསླུ་བའི་བདུད། ཅེས་རྒྱལ་བས་གསུངས་པའང་དྲན་པར་བྱ་སྟེ། མདོ་སྡེ་རྒྱན་ལས། ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ལ་བཞི་སྟེ། ཡིད་ཆེས་པའི་ལུང་གིས་བསྒྲུབ། བསྒོམ་པའི་ཕན་ཡོན་གྱིས་བསྒྲུབ། མ་བསྒོམས་པའི་ཉེས་དམིགས་ཀྱིས་བསྒྲུབ། དེས་གྲུབ་པའི་དོན་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཀླུ་སྒྲུབ་ཀྱི་ལུང་གིས་བསྒྲུབ། ཞི་བ་ལྷའི་ལུང་གིས་བསྒྲུབ། མདོ་དང་བསྟན་བཅོས་གཞན་གྱི་ལུང་གིས་བསྒྲུབ་པའོ། །དང་པོ་ནི་བདག་གཞན་བརྗེ་བ་ཞེས་སོགས་བཅུ་བདུན་ཏེ། འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་པ་ནི། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་གསུངས་སོ། །གཏན་ཚིགས་ཀྱང་ནི་འདི་ལ་སྣང་། །ཞེས་པ་ནི་རིན་ཆེན་ཕྲེང་བར། ཕྱོགས་རྣམས་ཀུན་ཏུ་ནམ་མཁའ་དང་། །ས་དང་ཆུ་དང་མེ་དང་རླུང་། །ཇི་ལྟར་མཐའ་ཡས་དེ་བཞིན་དུ། །སྡུག་བསྔལ་སེམས་ཅན་མཐའ་ཡས་འདོད། །སེམས་ཅན་མཐའ་ཡས་དེ་དག་ནི། །བྱང་ཆུབ་སེམས་དཔའ་སྙིང་རྗེ་བས། །སྡུག་བསྔལ་དག་ལས་དྲངས་བྱས་ཏེ། །སངས་རྒྱས་ཉིད་ལ་དགོད་པར་ངེས། །དེ་ལྟར་བརྟན་པར་གནས་དེ་ནི། །མི་ཉལ་བའམ་ཉལ་ཡང་རུང་། །ཡན་ལག་བླངས་པ་ནས་བཟུང་སྟེ། །བག་མེད་གྱུར་ཀྱང་སེམས་ཅན་རྣམས། །མཐའ་ཡས་ཕྱིར་ན་སེམས་ཅན་བཞིན། །བསོད་ནམས་མཐའ་ཡས་རྟག་གསོག་འགྱུར། །མཐའ་ཡས་དེས་ན་སངས་རྒྱས་ཉིད། །མཐའ་ཡས་ཐོབ་མི་དཀའ་ཞེས་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། སྤྱོད་འཇུག་ལས་ཀྱང་། ཞེས་སོགས་དྲུག་གོ །གསུམ་པ་ནི། མདོ་དང་བསྟན་བཅོས་ཞེས་སོགས་གཉིས་ཏེ། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ནི། ཞེས་པ་ནས་འདི་ལྟར་སེམས་ཅན་དེ་དག་གི་སྡུག་བསྔལ་གྱི་ཚོར་བ་གང་ཡིན་པ་དེ་དག་ཐམས་ཅད་བདག་གི་ལུས་ལ་འབབ་པར་གྱུར་ཅིག སེམས་ཅན་དེ་དག་བདེ་བར་གྱུར་ཅིག ཅེས་པ་དང་། རྡོ་རྗེ་རྩེ་མོ་ལས། འཁོར་བ་མཐར་ཐུག་བར་དུ་ནི། །བདག་འཚང་རྒྱ་བར་མ་གྱུར་ཅིག །འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་བ་ཡིས། །འགྲོ་བ་དེ་ལ་སྤྱོད་པར་ཤོག །ཅེས་དང་། བྱང་ཆུབ་སེམས་འགྲེལ་ལས། བསམ་གཏན་བདེ་བ་བོར་ནས་ཀྱང་། །མནར་མེད་པར་ཡང་འཇུག་པར་བྱེད། །འདི་ནི་ངོ་མཚར་བསྔགས་འོས་སོ། །འདི་ནི་དམ་པའི་ཚུལ་ལུགས་མཆོག །ཅེས་གསུངས་སོ། །གཉིས་པ་ནི་དེས་ན་བདག་གཞན་ཞེས་སོགས་ཚིགས་བཅད་གཅིག་སྟེ། སྤྱོད་འཇུག་ལས། མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། བྱང་ཆུབ་སེམས་ཀྱི་ཞེས་སོགས་བཅོ་བརྒྱད་དེ། བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ཀྱི་གནད་འཆུགས་ན་ཆོས་གཞན་གྱིས་འཚང་མི་རྒྱ་སྟེ། ཐབས་མཁས་དང་བྲལ་བའི་སྟོང་ཉིད་ཉན་ཐོས་རྣམས་ཀྱིས་བསྒོམ་ཀྱང་། དེའི་འབྲས་བུ་འགོག་པ་ཙམ་ཐོབ་པའི་ཕྱིར་དང་། སོ་སོ་ཐར་པའི་མདོ་ལས། སོ་སོ་ཐར་པ་བཏོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེ་ཡིས་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །ཞེས་གསུངས་པ་བཞིན་དུ་བསྔོ་བ་ཉན་ཐོས་རྣམས་བྱེད་ཀྱང་། རྫོགས་པའི་བྱང་ཆུབ་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །སྟོང་ཉིད་ཉན་ཐོས་རྣམས་བསྒོམ་པའི་སྒྲུབ་བྱེད་ནི་འདུལ་བ་ལུང་དང་། མདོ་སྡེ་ལས་གསུངས་པ་དང་། གང་པོའི་རྟོགས་བརྗོད་ལས། ཉན་ཐོས་ཀྱི་དགྲ་བཅོམ་པ་ཐོབ་པའི་ཚེ་སྟོང་པ་ཉིད་དང་། སྐྱེ་བ་མེད་པ་དང་ནམ་མཁའ་དང་ལག་མཐིལ་དུ་མཉམ་པ་དང་། གསེར་དང་བོང་བར་མཚུངས་པ་སོགས་ཆོས་ཀུན་མཉམ་ཉིད་དུ་རྟོགས་པར་གསུངས་སོ། །འོ་ན་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པ་རྫོགས་པའི་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ལམ་མ་ཡིན་ནམ་སྙམ་ན། འདི་ལ་གང་ཟག་གི་བདག་དང་། གཟུང་བ་ཆོས་ཀྱི་བདག་དང་། འཛིན་པ་ཆོས་ཀྱི་བདག་གིས་སྟོང་པའི་མཉམ་པ་ཉིད་གསུམ་ལས། དང་པོ་གཉིས་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་རིམ་པ་བཞིན་རྟོགས་པའི་དབང་དུ་བྱས་པར་མངོན་རྟོགས་རྒྱན་ལས་བཤད་དེ། དེ་ནས་གསུངས་པའི་ཆོས་ཀྱི་བདག་འཛིན་ནི་འཁོར་འདས་ལ་བླང་དོར་གྱི་མཚན་མར་འཛིན་པ་དང་། ཕུང་པོ་སྟོང་པ་ཉིད་དུ་འཛིན་པ་དང་། དུས་གསུམ་གྱི་ཆོས་ལ་དེར་འཛིན་པ་དང་། བྱང་ཕྱོགས་སོ་བདུན་ལ་ཐར་ལམ་དུ་འཛིན་པ་དང་། རྫོགས་པའི་སངས་རྒྱས་ལ་སྐྱབས་གནས་སུ་འཛིན་པ་སོགས་བླང་དོར་ཐ་དད་དུ་འཛིན་པའི་ཆགས་པ་ཕྲ་མོ་ཡིན་ལ། དེ་ནི་ཉན་ཐོས་ཀྱི་ལམ་དུ་ཅུང་ཟད་ཙམ་ཡང་སྤོང་བར་མི་ནུས་ཏེ། དེ་དག་ནི་འཁོར་བ་ལ་སྤང་བྱ་དང་། མྱང་འདས་ལ་བླང་བྱར་བྱས་ནས་ལམ་བསྒྲུབ་པའི་ཕྱིར་རོ། །སོ་སོ་ཐར་པའི་མདོ་བཞིན་དུ་བསྔོ་བ་ཉན་ཐོས་རྣམ་ཀྱང་བྱེད་པའི་སྒྲུབ་བྱེད་ནི། ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ལས། །བདག་གིས་བྲམ་ཟེ་འདོད་པ་ལ། །ཞེས་སོགས་དང་། དཔལ་གྱི་སྡེའི་རྟོགས་བརྗོད་ལས། བྲམ་ཟེ་དམ་པ་གཟུགས་བཟང་བ། །སྡུག་པའི་ཆུང་མ་འདི་ལོང་ཤིག །སྦྱིན་པ་འདི་ཡིས་མྱུར་དུ་ནི། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །འོན་ཀྱང་ཐབས་ལ་མཁས་པའི་ཁྱད་པར་འགའ་ཞིག་མ་གསུངས་པས་རྫོགས་པའི་བྱང་ཆུབ་བསྒྲུབ་པར་མི་ནུས་ཏེ། མདོ་སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་དང་། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་གསུངས་སོ། །བཞི་པ་ནི། དེ་ཕྱིར་ཐབས་མཁས་ཞེས་སོགས་གཉིས་ཏེ། བྱང་ཆུབ་སེམས་ཀྱི་གནད་འཆུགས་ན་སངས་མི་རྒྱ་བ་དེའི་ཕྱིར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐབས་མཁས་པ་དང་། སྤྲོས་བྲལ་རྟོགས་པའི་ཤེས་རབ་ཉིད་སངས་རྒྱས་ཀྱི་རྒྱུའི་གཙོ་བོ་ཡིན་ཏེ། ལི་ཙ་བྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམ་དག་གི །ཡབ་ནི་ཐབས་ལ་མཁས་པ་སྟེ། །ཡུམ་ནི་ཤེས་རབ་ཕ་རོལ་ཕྱིན། །འདྲེན་པ་རྣམས་ནི་དེ་ལས་སྐྱེས། །ཞེས་གསུངས་སོ། །གསུམ་པ་དེ་དང་འབྲེལ་བའི་ཐབས་ལམ་རྣམ་དག་ཏུ་བསྒྲུབ་པ་ལ་གཉིས་ཏེ། སྤང་བྱ་མ་དག་པའི་ལྟ་སྤྱོད་ངོས་བཟུང་། དེ་ཤེས་ནས་སྤོང་བར་གདམས་པའོ། །དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སངས་རྒྱས་དགོངས་པ་ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ལ་བཅུ་གཅིག་ལས། དང་པོ་མ་དག་པའི་སྦྱིན་པ་ནི། ཆང་དང་དུག་དང་ཞེས་སོགས་དྲུག་སྟེ། སྟེར་སོགས་ཞེས་པའི་སོགས་ཀྱི་སྒྲས་བསྡུས་པའི་སྦྱིན་པ་རྣམས་ནི། དྲང་སྲོང་རྒྱས་པས་ཞུས་པའི་མདོ་དང་བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ཆོས་བཞི་བསྒྲུབ་པའི་མདོ་ལས་བཀག་པ་རྣམས་མ་དག་པའི་སྦྱིན་པ་ཡིན་ནོ། །མདོ་དང་པོ་ལས་སུམ་ཅུ་རྩ་གཉིས་གསུངས་པ། ཐུབ་པ་དགོངས་གསལ་ལས། སྡོམ་གྱི་ཚིགས་སུ་བཅད་པ་ནི། ལོག་ལྟ་མ་དད་ཕན་གདགས་ལན། །མེ་ཆུ་རྒྱལ་སྟེར་འཕགས་ཕྱིར་སྟེར། །དུག་མཚོན་བསད་ཤ་བག་མེད་ཆང་། །བསྡུ་ཕྱིར་སྟོང་ཕྱིར་རོལ་མོ་མཁན། །སྐར་མཁན་གཞན་ནོར་མཛའ་ལ་སྟེར། །གཞན་གྱི་འབྲུ་སྙོང་བཟོ་བོ་དང་། །ནོར་ཕྱིར་སྨན་པ་བཅོས་ནས་སྟེར། །རྣམ་སྨིན་ཐེ་ཚོམ་བྱིན་རྗེས་འགྱོད། །འདི་ཡིས་ཕྱི་མར་བདག་ལ་སྦྱིན། །རྣམ་སྨིན་རང་ཉིད་ལང་ཚོ་རྒས། །ན་དང་འཆི་ཚེ་བསྐུལ་ནས་མཆོད། །ཡུལ་གཞན་གྲགས་ཕྱིར་ཕོད་བསྟན་ཕྱིར། །བུད་མེད་ཕྱིར་སྟེར་བུད་མེད་ཕྱིར། །ཕྱི་མ་རྙེད་ཕྱིར་དམན་པ་རྣམས། །བོར་ནས་ཕྱུག་པོ་རྣམས་ལ་སྟེར། །མ་དག་སྦྱིན་པ་སུམ་ཅུ་གཉིས། །རྒྱས་པ་མདོ་ལས་གསུངས་ཕྱིར་སྤང་། །ཞེས་གསུངས་སོ། །ཚུལ་ཇི་ལྟར་མ་དག་ཞེ་ན། དང་པོ་དྲུག་དང་བཅུ་གསུམ་པ། །བཅུ་བཞི་པ་དང་བཅོ་ལྔ་པ། །བཅུ་བདུན་པ་དང་བཅོ་བརྒྱད་པ། །ཐ་མ་གཅིག་སྟེ་བཅུ་གཉིས་པོ། །ཞིང་ནི་མ་དག་པ་ཡིན་ནོ། །བདུན་པ་བརྒྱད་པ་དགུ་པ་དང་། །བཅུ་པ་དང་ནི་བཅུ་དྲུག་པ། །ལྔ་ནི་དངོས་པོ་མ་དག་པའོ། །བསམ་པ་མ་དག་ལྷག་བཅོ་ལྔ། །ཞེས་པ་ལྟར་ཤེས་པར་བྱའོ། །མདོ་གཉིས་པ་ལས། ཤཱ་རིའི་བུ་གང་ཡང་བྱང་ཆུབ་སེམས་དཔའ་མཁས་པས་སྨད་པའི་སྦྱིན་པ་འདི་རྣམས་ལས་རབ་ཏུ་བཟློག་པ་ཡིན་ཏེ། འདི་ལྟ་སྟེ། དུས་སུ་ལེན་པའི་སྦྱིན་པ་དང་། ཆང་གི་སྦྱིན་པ་དང་། དུག་གི་སྦྱིན་པ་དང་། གནོད་པའི་སྦྱིན་པ་དང་། འགྱོད་པའི་སྦྱིན་པ་དང་། མཚོན་ཆའི་སྦྱིན་པ་དང་། འཕྲོག་པའི་སྦྱིན་པ་དང་། བརྙས་པའི་སྦྱིན་པ་དང་། རང་གི་ལག་གིས་སྨིན་པའི་སྦྱིན་པ་དང་། རྒྱབ་ཀྱིས་ཕྱོགས་པའི་སྦྱིན་པ་དང་། འདོད་པ་ལ་བརྟེན་པའི་སྦྱིན་པ་དང་། མི་མཐུན་པའི་སྦྱིན་པ་དང་། དམ་པ་མ་ཡིན་པའི་སྦྱིན་པ་དང་། སྨད་པའི་སྦྱིན་པ་དང་། དུག་དང་མཚོན་སྦྱིན་པའི་སྦྱིན་པ་དང་། སོ་སོར་གནོད་པའི་སྦྱིན་པ་དང་། རྙེད་པའི་ཕྱིར་སྦྱིན་པ་དང་། རྟག་ཏུ་འཇིགས་པ་བསྐྱེད་པའི་སྦྱིན་པ་དང་། །བྱང་ཆུབ་ཡོངས་སུ་ཉམས་པར་བྱེད་པའི་སྦྱིན་པ་དང་། འཆི་བའི་ཞགས་པའི་སྦྱིན་པ་དང་། བསྟེན་པའི་ཕྱིར་སྦྱིན་པ་དང་། འཇིགས་པའི་སྦྱིན་པ་དག་ལས་བཟློག་པར་འགྱུར་རོ། །ཞེས་གསུངས་སོ། །སྦྱིན་པ་རྣམ་པར་དག་པ་ནི། ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྦྱིན་པ་གསུམ་ལས། དང་པོ་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་གཉིས་དང་། གཉིས་པ་ལ་སྨྱུ་གུ་དང་། སྣག་ཚ་དང་། གླེགས་བམ་དང་། ཆོས་སྦྱིན་པ་བཞི་དང་། གསུམ་པ་ལ་རྒྱལ་སྲིད་ཡོངས་སུ་གཏོང་བ་དང་། ཆུང་མ་དང་། བུ་དང་བུ་མོ་ཡོངས་སུ་གཏོང་བ་གཏོང་བ་ཆེན་པོ་དང་། མགོ་དང་རྐང་ལག་ལ་སོགས་པ་ཡོངས་སུ་གཏོང་བ་ཤིན་ཏུ་གཏོང་བ་སྟེ་གསུམ་གསུངས་སོ། །གཉིས་པ་མ་དག་པའི་ཚུལ་ཁྲིམས་ནི། ཉན་ཐོས་ཀྱི་ནི་ཞེས་སོགས་ཚིགས་བཅད་གཉིས་ཏེ། རིས་བདུན་སེམས་ཇི་སྲིད་འཚོའི་བར་དུ་ལེན་པ་ཉན་ཐོས་ཀྱི་སྡོམ་པ་ཐེག་པ་ཆེན་པོར་འཆོས་པ་དང་། དེ་བཞིན་དུ་ཐེག་པ་ཆེན་པོའི་ཚུལ་ཁྲིམས་བསྲུངས་ནས། ཉན་ཐོས་དང་རང་སངས་རྒྱས་ལ་དམིགས་པ་ཐེག་ཆེན་ཉན་ཐོས་སུ་འཆོས་པའི་ཚུལ་ཁྲིམས་མ་དག་པ་ཡིན་ཏེ། མདོ་སྡུད་པ་ལས། གལ་ཏེ་དགྲ་བཅོམ་རང་རྒྱལ་བྱང་ཆུབ་རེག་འདོད་ན། །ཚུལ་ཁྲིམས་འཆལ་ཅིང་མི་མཁས་དེ་བཞིན་སྤྱོད་པ་ཉམས། །ཞེས་གསུངས་སོ། །རང་ཉིད་ཚུལ་ཁྲིམས་བསྲུང་ན་ཡང་། །ཞེས་སོགས་ཀྱང་མདོ་དེ་ཉིད་ལས། སེམས་ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཞེས། །སྣ་ཚོགས་འདུ་ཤེས་ཞུགས་པ་ཤིན་ཏུ་ཁྲིམས་འཆལ་ཞེས་གསུངས་པའི་དོན་ནོ། །གསུམ་པ་མ་དག་པའི་བཟོད་པ་ནི། དཀོན་མཆོག་གསུམ་དང་ཞེས་སོགས་ཚིགས་བཅད་གཅིག་སྟེ། སྦྱོང་རྒྱུད་ལས། དཀོན་མཆོག་གསུམ་ལ་སྨོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་སྨོད་བརྩོན་མ་རུངས་དང་། །དམ་ཚིག་ལས་ནི་འདའ་བ་དང་། །དེ་སོགས་བྱེད་པ་ཚར་བཅད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུངས། །ཞེས་གསུངས་སོ། །བཞི་པ་མ་དག་པའི་བརྩོན་འགྲུས་ནི། ལོག་པའི་ཆོས་ལ་ཞེས་སོགས་ཚིགས་བཅད་གཅིག་སྟེ། དེ་དག་མ་དག་པའི་བརྩོན་འགྲུས་ཡིན་པའི་རྒྱུ་མཚན། བྱ་བ་ངན་ཞེན་གྱི་ལེ་ལོ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་ཐོགས་མེད་ཀྱིས་ཆོས་འདི་པ་དག་ལས་གཞན་པའི་མུ་སྟེགས་བྱེད་ཀྱི་བརྩོན་འགྲུས་ནི། ལེ་ལོ་ཉིད་དོ། །ཞེས་དང་། སྤྱོད་འཇུག་ལས། ལེ་ལོ་ངན་ལ་ཞེན་པ་དང་། །ཞེས་གསུངས་སོ། །ལྔ་པ་མ་དག་པའི་བསམ་གཏན་ནི། མི་མཁས་སྟོང་ཉིད་ཞེས་སོགས་བདུན་ཏེ། མི་མཁས་སྟོང་ཉིད་བསྒོམ་པ་ནི། རིན་ཆེན་ཕྲེང་བ་ལས། ཆོས་འདི་ལོག་པར་ཤེས་གྱུར་ན། །མི་མཁས་དེ་ནི་ཆུད་ཀྱང་འཛའ། །འདི་ལྟར་མེད་པར་བལྟ་བ་ཡི། །མི་གཙང་དེར་ནི་བྱིང་བར་འགྱུར། །ཞེས་བཤད་པས། དད་པ་ཆེན་པོས་བསྒོམ་ན་ཡང་སོགས་སོ། །གཞན་ཡང་རྩ་རླུང་ཐིག་ལེའི་གནད་འཆུགས་པའི་ཐར་ལམ་སོགས། རྣམ་རྟོག་རགས་པ་འགའ་ཞིག་འཇིག་པ་དང་། སེམས་གནས་པའི་ཏིང་ངེ་འཛིན་ཕྲ་མོ་སྐྱེ་བའི་ཐབས་སུ་གྱུར་པ་དད་པ་ཆེན་པོས་སོགས་སོ། །དྲུག་པ་མ་དག་པའི་ཤེས་རབ་ནི། སངས་རྒྱས་གསུང་དང་། ཞེས་སོགས་ཚིགས་བཅད་གཅིག་སྟེ། འོད་ཟེར་བཀྱེ་བའི་མདོ་ལས། ཡང་དག་ཆོས་ནི་སྤོང་བྱེད་ཅིང་། །ཆོས་མ་ཡིན་པ་སྤྱོད་པར་བྱེད། །དེ་ལྟ་བས་ནི་རྨོངས་པ་ཡི། །སྐྱེས་བུ་དམན་པ་སྤོང་བར་བྱེད། །ཞེས་གསུངས་པ་ལྟར་རོ། །བདུན་པ་མ་དག་པའི་དད་པ་ནི། བླ་མ་ངན་ལ་ཞེས་སོགས་ཚིགས་བཅད་གཅིག་སྟེ། སློབ་དཔོན་ཤཱནྟི་པས། དད་པ་མེད་པ་གཙོ་བོའི་དགྲ། །ལྷག་དད་ཤིན་ཏུ་གོལ་བའི་གནས། །ཞེས་གསུངས་པ་ལྟར་རོ། །བརྒྱད་པ་མ་དག་པའི་སྙིང་རྗེ་ནི། ནད་པ་དགའ་བའི་ཞེས་སོགས་ཚིགས་བཅད་གཉིས་ཏེ། མ་དག་པའི་སྙིང་རྗེ་བཞི་ལས། དང་པོ་ནི། འདུལ་བ་ལུང་ལས། བྲན་མོ་སྐྱོང་མས་ཁྱིམ་བདག་ནད་པའི་མགོ་ལ་སྡོང་དུམ་གཞུག་པ་ལྟ་བུ་དང་། གཉིས་པ་ནི་རྡོ་རྗེ་གུར་ལས། གདུག་ལ་བྱམས་པར་མི་བྱ་ཞིང་། །ཞེས་པ་ལྟ་བུ་དང་། གསུམ་པ་ནི་རྩ་ལྟུང་བཅུ་བཞི་པ་ལས། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་བསྒྲོགས་པ་བདུན་པ་ཡིན། །ཞེས་པ་ལྟ་བུ་དང་། བཞི་པ་ནི་བསླབ་བཏུས་ལས། བློ་སྦྱང་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་སྟོན་པ་དང་། །ཞེས་པ་ལྟ་བུ་སྟེ། སྤྱིར་སྣོད་མ་ཡིན་པ་ནི། རྣམ་བཤད་རིགས་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་བསྡུ། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་ལྟར་རོ། །དགུ་པ་མ་དག་པའི་བྱམས་པ་ནི། གདུག་པ་ཅན་ལ་ཞེས་སོགས་དྲུག་སྟེ། དང་པོ་ནི་རྩ་ལྟུང་བཅུ་བཞི་པ་ལས། གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་པ་ལྟ་བུའོ། །གཉིས་པ་ནི་རྡོ་རྗེ་གུར་ལས། རྟག་ཏུ་སློབ་མ་བསྡུ་བྱ་ཞིང་། །ཞེས་དང་། འདུལ་བ་ལས། མཁན་པོས་མཁན་བུ་ལ། བུའི་འདུ་ཤེས་བསྐྱེད་པར་གསུངས་པ་དང་། གསུམ་པ་ནི་བརྟག་གཉིས་ལས། རྡོ་རྗེ་དེ་ཉིད་ཀྱིས་ནི་རྭ་བ་དང་། །གུར་བཅིང་བ་ཡང་རྣམ་པར་བསྒོམ་པ་ཉིད། །ཅེས་དང་། བཞི་པ་ནི་རྡོ་རྗེ་རྣམ་འཇོམས་ལས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། །ཞེས་པ་དང་། གདོན་ཐམས་ཅད་བརླག་པར་བྱེད་པ་ཞེས་པ་ལྟ་བུ་སྟེ། དེ་དག་འགོག་ན་རྒྱུད་སྡེ་དེ་དག་དང་འགལ་ལོ། །བཅུ་པ་མ་དག་པའི་ཐབས་ལམ་ནི། མདོ་རྒྱུད་ཀུན་ལས་ཞེས་སོགས་ཚིགས་བཅད་གཉིས་ཏེ། ཐབས་ལམ་སྟོན་པའི་མདོ་རྒྱུད་ཀུན་ལས་མ་གསུངས་ཤིང་། རིགས་པས་བསྒྲུབ་པར་མི་ནུས་པའི་དྲོད་དང་བདེ་བ་དང་། མི་རྟོག་པ་ལྟར་སྣང་སྐྱེ་བ་སོགས་མ་དག་པའི་ཐབས་ལམ་ཡིན་ཏེ། ནད་གདོན་ཅུང་ཟད་སེལ་བའི་སྒོ་ནས། བླུན་པོ་དགའ་བ་བསྐྱེད་ན་ཡང་། ཐབས་ལམ་དེ་ལྟ་བུ་ནི་མུ་སྟེགས་བྱེད་ལ་ཡང་ཡོད་པའི་ཕྱིར་རོ། །བཅུ་གཅིག་པ་མ་དག་པའི་སྨོན་ལམ་ནི། བདག་ལྟའི་རྩ་བ་ཞེས་སོགས་དྲུག་གོ །གཉིས་པ་དེ་ཤེས་ནས་སྤོང་བར་གདམས་པ་ནི། དེ་ལ་སོགས་པ་ཞེས་སོགས་ཚིགས་བཅད་གཅིག་སྟེ། གོང་དུ་བཤད་པའི་བཅུ་གཅིག་པོ་དེ་དག་ལ་སོགས་པ་མཐའ་ཡས་པ་ཐེག་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་སངས་རྒྱས་ཀྱི་གསུང་གི་གནད་འཆུགས་པས་ཐེག་པ་ཆེན་པོའི་དགེ་བ་བྱེད་པར་སྣང་ན་ཡང་མ་དག་པར་ཤེས་པར་བྱས་ནས་སྤང་བར་བགྱི་སྟེ། ཐུབ་པ་དགོངས་གསལ་ལས། དགེ་བའི་རྩ་བ་འགའ་ཞིག་མཐོ་རིས་ལྷ་དང་མིའི་ཕུན་སུམ་ཚོགས་པར་འགྲོ། འགའ་ཞིག་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱུར་འགྲོ་བས། དེ་བཟློག་པའི་དོན་དུ་ཐབས་ཀྱིས་མྱ་ངན་ལས་འདས་པའི་མཐའ་མནན། ཤེས་རབ་ཀྱིས་འཁོར་བའི་མཐའ་མནན། བརྩོན་འགྲུས་ཀྱི་སྟོབས་ཀྱིས་དེ་གཉིས་མྱུར་དུ་མཐར་ཕྱིན་པར་བྱས་ནས་སྦྱིན་པས་མཚོན་པའི་དགེ་བ་ཅུང་ཟད་བྱས་པ་ཐམས་ཅད་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྒྱུར་འགྱུར་བ་ལ་བསླབ་སྟེ། མདོ་ལས། གང་ཟག་རྒྱལ་བ་རྣམ་འདྲེན་ལ། །བྱེད་པ་ཆུང་ངུའང་བྱེད་འགྱུར་བ། །དེ་དག་མཐོ་རིས་སྣ་ཚོགས་པར། །བགྲོད་ནས་འཆི་མེད་གནས་ཐོབ་བོ། །ཞེས་གསུངས་སོ། །གསུམ་པ་བསྟན་པ་རྣམ་པར་དག་པས་མཇུག་བསྡུ་བ་ནི། མདོར་ན་སངས་རྒྱས་ཞེས་སོགས་ཚིགས་བཅད་གཅིག་སྟེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་གཞི་ཚུལ་ཁྲིམས་ལ་གནས་ནས་ཐོས་བསམ་སྒོམ་གསུམ་བསྒྲུབ་པ་ནི་སངས་རྒྱས་ཀྱི་བསྟན་པའི་དངོས་གཞི་ཡིན་ཅིང་། ཐོས་བསམ་སྒོམ་གསུམ་དེ་སངས་རྒྱས་ཀྱི་གསུང་རབ་དང་མཐུན་པ་ཇི་ལྟར་བསྒྲུབ་པའི་ཚུལ་གོང་དུ་སོ་སོ་ཐར་པའི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་སྡོམ་པའི་སྐབས་ཏེ་གཉིས་པའི་རྣམ་པར་བཤད་པའོ།། །།གསུམ་པ་སྔགས་སྡོམ་ཉམས་སུ་ལེན་པའི་ཚུལ་ལ་གཉིས་ཏེ། སྤྱིའི་རྣམ་པར་བཞག་པ་དང་། གཞུང་གི་དོན་ལ་འཇུག་པའོ། །དང་པོ་ལ་གཉིས་ཏེ། རྗོད་བྱེད་རྒྱུད་སྡེའི་རྣམ་གཞག བརྗོད་བྱ་ཉམས་ལེན་གྱི་རིམ་པའོ། །དང་པོ་ལ་བཞི་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་རྡོ་རྗེ་ཐེག་པ་ཁྱད་པར་དུ་འཕགས་པའི་ཚུལ། ཁྱད་པར་འཕགས་པའི་རྒྱུད་སྡེའི་དབྱེ་བ། དབྱེ་བ་དེ་ལྡན་གྱི་གྲངས་དང་གོ་རིམ་ངེས་པ། གྲངས་ངེས་པའི་རྒྱུད་ཀྱི་སྒྲ་བཤད་པའོ། །དང་པོ་ནི། སློབ་དཔོན་ཛྙཱ་ན་ཤྲཱིས། གསང་སྔགས་ཀྱི་ཐེག་པ་འདི་ཐེག་པ་ཆེན་པོ་དབུ་མ་ལས་ཁྱད་པར་ཅི་ཞིག་ཡོད་པ་བསྟན་ཅེ་ན། དམིགས་པ་དང་། བསྒྲུབ་པ་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། གདུལ་བྱ་མ་ལུས་པ་རྗེས་སུ་འཛིན་ནུས་པ་དང་། ཉོན་མོངས་བྱིན་གྱིས་རློབ་པ་དང་། བྱིན་གྱིས་རློབ་པ་མྱུར་བ་དང་། མྱུར་དུ་འབྱུང་བ་དང་། ཉོན་མོངས་པ་སྤོང་བ་དང་། བསམ་པ་དང་། སྤྱོད་པ་བླ་ན་མེད་པའི་ཐབས་མཁས་པ་སྟེ། རྣམ་པ་བཅུ་གཅིག་གིས་ཁྱད་པར་དུ་འཕགས་སོ། །ཞེས་པའི་དང་པོ་ནི། དགྱེས་པ་རྡོ་རྗེ་ལ་སོགས་པའི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་ལ་དམིགས་པའོ། །གཉིས་པ་ནི། བསྐྱེད་པའི་རིམ་པ་ལ་བརྟེན་ནས་ལུས་ཀྱི་བཀོད་པ་སྣ་ཚོགས་པ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཀྱང་སྟོན་ནུས་པའོ། །གསུམ་པ་ནི། རྒྱུ་དང་། ངོ་བོ་དང་། ལས་དག་པ་ཡེ་ཤེས་མྱུར་དུ་འགྲུབ་པའོ། །བཞི་པ་ནི། དམ་ཚིག་རྣམ་པར་དག་པའི་དབང་གིས་བརྩོན་འགྲུས་ཆེན་པོ་མྱུར་དུ་བརྩམ་པའོ། །ལྔ་པ་ནི། མཚམས་མེད་པ་ལྔ་བྱེད་པ་ལ་སོགས་པ་ཐེག་པ་གཞན་དུ་སྤངས་པ་རྣམས་ཀྱང་འདིར་འགྲུབ་པར་འགྱུར་བའོ། །དྲུག་པ་ནི། ལྷ་མཆོད་པའི་ཚུལ་དང་བདེ་བ་ལ་བརྟེན་པའི་རྫོགས་རིམ་ལ་སོགས་པའོ། །བདུན་པ་ནི། ད་ལྟ་ཉིད་ནས་སངས་རྒྱས་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབ་པའོ། །བརྒྱད་པ་ནི། །ཚེ་འདི་དང་སྐྱེ་བ་བདུན་ནམ། བཅུ་དྲུག་ན་ངེས་པར་འཚང་རྒྱ་བའོ། །དགུ་པ་ནི། དབྱིབས་དང་ཁ་དོག་གི་དམ་ཚིག་གིས་ཉོན་མོངས་པ་རང་བཞིན་གྱིས་གྲོལ་བའོ། །བཅུ་པ་ནི་བསྐྱེད་རིམ་གྱི་དམིགས་པས་ཐ་མལ་གྱི་སྣང་བ་འགགས། གསང་སྔགས་བཟླས་པས་ངག་རྒྱལ་བའི་བཀར་འགྱུར། ཐུགས་ཀྱི་རྣལ་འབྱོར་གྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཤིང་ཉོན་མོངས་པ་ཚད་མེད་པ་སྤོང་བའོ། །བཅུ་གཅིག་པ་ནི། དཀའ་ཐུབ་སྡོམ་པ་མི་བཟད་པ། །བསྟེན་པས་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་པ་ལྟར་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་རྣམ་པར་རྟོག་པ་སྤངས་ནས་སྤྱོད་པའོ། །སློབ་དཔོན་ཤཱནྟི་པས། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཐེག་པ་ལ་དོན་དམ་པའི་བདེན་པ་ཁྱད་པར་མེད་ཀྱང་། ཀུན་རྫོབ་ཀྱི་བདེན་པའི་ཁྱད་པར་ལ་སྣང་བའི་དམིགས་པ་རྣམས་ལྷར་བསྒོམས་པས་དམིགས་པ་རྒྱ་ཆེ་བ་དང་། དུས་གསུམ་གྱི་སངས་རྒྱས་ཀྱི་བདེན་པའི་དམ་ཚིག་རྣམས་ཡིད་བཞིན་དུ་བཟུང་བས་བྱིན་རླབས་ཁྱད་པར་ཅན་སྐྱེ་བས་གྲོགས་རྒྱ་ཆེ་བ་དང་། འགྲོ་བའི་དོན་དང་ཞིང་ཡོངས་སུ་དག་པ་ད་ལྟ་ཉིད་ནས་སྦྱོང་བས་སྤྱོད་པ་རྒྱ་ཆེ་བ་སྟེ། གསུམ་པོ་འདིས་རྡོ་རྗེ་ཐེག་པ་ཁྱད་པར་དུ་འཕགས་པར་བཞེད་དོ། །རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་བཞེད་དེ། རྒྱུད་སྡེ་སྤྱིའི་རྣམ་གཞག་ཏུ་བལྟ་བར་བྱའོ། །གཉིས་པ་ལ་ལྔ་སྟེ། གཉིས་སུ་དབྱེ་བ། གསུམ་དུ། བཞི་རུ། ལྔ་རུ། དྲུག་ཏུ་དབྱེ་བའོ། །དང་པོ་ནི། རྡོ་རྗེ་རྩེ་མོར། ཕྱི་དང་གསང་བ་ཐེག་པ་གསུམ། །ཞེས་ཕྱིའི་རྒྱུད་དང་གསང་བའི་རྒྱུད་གཉིས་སུ་གསུངས་སོ། །འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའི་འགྲེལ་པ་ལས། གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་ལམ་ཡང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྣམ་པ་གཉིས་སུ་གསུངས་ཏེ། སེམས་ཅན་རྟོག་པ་མང་བ་རྣམས་ཀྱི་དོན་དུ་བྱ་བའི་རྒྱུད་རྣམས་གསུངས་སོ། །གཅིག་ཁོ་ནར་རྣལ་འབྱོར་གྱིས་བསྒྲུབ་པར་འདོད་པ་རྣམས་ལ་རྣལ་འབྱོར་གྱི་རྒྱུད་རྣམས་བཤད་དོ། །ཞེས་བྱ་བའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་གཉིས་སུ་གསུངས་སོ། །གཉིས་པ་ནི་སྔགས་དོན་རྣམ་གཟིགས་ལས། རྣལ་འབྱོར་སྤྱོད་དང་བྱ་བའི་རྒྱུད། །དེ་བཞིན་ཕ་རོལ་ཏུ་ཕྱིན་པའི་ཚུལ། །ཞེས་དང་། སངས་རྒྱས་གསང་བས། རྣལ་འབྱོར་སྤྱོད་དང་བྱ་དབྱེ་བས། །ཞེས་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད་གསུམ་དུ་གསུངས་སོ། །ཐམས་ཅད་གསང་བའི་རྒྱུད་ལས། བྱ་སྤྱོད་གཉིས་ཀ་རྣལ་འབྱོར་རྒྱུད། །ཞེས་གསུམ་དུ་གསུངས། གསུམ་པ་ནི་གཉིཾས་ཏེཾ། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་རྒྱུད་སྡེ་བཞིར་གསུངས་སོ། །བཞི་པ་ནི། མཁའ་འགྲོ་རྒྱ་མཚོར། བྷ་ག་རྣམས་སུ་རྒྱུད་རྣམས་ལྔ། །བྱ་བ་ལ་སོགས་བླ་མེད་མཐར། །ཞེས་ལྔ་དང་། ཤཱནྟི་པས། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ལྔར་གསུངས་སོ། །རྒྱ་གར་ཕྱག་ན་རྡོ་རྗེས་སྔ་མ་གསུམ་གྱི་སྟེང་དུ་བླ་ན་མེད་པ་དང་། གོང་ན་མེད་པའི་རྒྱུད་ལྔ་ཞེས་དང་། རབ་ཏུ་སྒྲོན་གསལ་ལས། སྔ་མ་གསུམ་གྱི་སྟེང་དུ་རྣལ་འབྱོར་བླ་མ་དང་། རྣལ་འབྱོར་མའི་རྒྱུད་དང་ལྔ་ཞེས་དང་། སློབ་དཔོན་བྷ་བའི་ལྷ་ལ་སོགས་པས་ཀྱེ་རྡོ་རྗེ་ལས། དགོད་དང་བལྟ་བ་དག་གིས་དང་། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱི། །དགོངས་པའི་སྐད་ནི་མ་བསྒྲགས་པ། །ཞེས་བཞིར་མ་བསྒྲགས་པ་ཞེས་པའི་ཤུགས་ཀྱིས། ལྔ་སྟོན་ཞེས་གསུངས་སོ། །ལྔ་པ་ནི་བདེ་མཆོག་རྩ་རྒྱུད་ལས། ཇི་སྲིད་མདོ་བྱ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ཡིས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་མདོ་སྡེ་རྟོག་པའི་རྒྱུད་དང་། བྱ་བ། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་གསང་བ། གསང་བའི་མཐའ་སྟེ་དྲུག་ཏུ་གསུངས་སོ། །གསུམ་པ་ལ་གསུམ་སྟེ། གྲངས་ངེས་པ། དེ་ལ་རྩོད་པ་སྤང་བ། གོ་རིམ་ངེས་པའོ། །དང་པོ་ནི། དེ་ལྟར་དབྱེ་སྒོ་དུ་མ་གསུངས་ཀྱང་། རྒྱུད་སྡེ་རྣམ་པ་བཞིར་གྲངས་ངེས་ཏེ། ཕྱི་རོལ་མུ་སྟེགས་ཀྱི་ལོག་པའི་སྤྱོད་པ་རྣམ་པ་བཞི་སྨྲ་བ་རྗེས་སུ་གཟུང་བའི་ཕྱིར་དུ་རྒྱུད་སྡེ་བཞི་གསུངས། སངས་རྒྱས་པའི་གྲུབ་མཐའ་བཞི་དང་ལུང་སྒོ་བསྟུན་གྱི་དབང་དུ་བྱས་ནས་རྒྱུད་སྡེ་བཞིའི་བསྐྱེད་ཆོག་བཞི་གསུངས། འདོད་པ་ཁམས་ཀྱི་འདོད་ཆགས་རིགས་བཞི་མ་སྤངས་ཀྱང་བྱང་ཆུབ་བསྒྲུབ་པའི་ཕྱིར་དུ་རྒྱུད་སྡེ་བཞིའི་བདེ་བ་བཞི་གསུངས་པའི་ཕྱིར་ཏེ། དང་པོ་ནི། འདོད་ཆགས་ཅན་ལྷ་ཆེན་པོའི་རྗེས་སུ་འབྲངས་ནས་འདོད་ཆགས་ཆོས་སུ་སྨྲ་བ་རྗེས་སུ་གཟུང་བའི་ཕྱིར་དུ་བླ་མེད་ཀྱི་རྒྱུད་གསུངས་ཏེ། གསང་བ་འདུས་པ་ལས། ཕྱག་ཆེན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་ཡོན་ལྔ་རྣམས་བསྟེན། །ཞེས་དང་། བདེ་མཆོག་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་སོ། །ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲངས་ནས་འཚེ་བ་ཆོས་སུ་སྨྲ་བ་རྣམས་རྗེས་སུ་གཟུང་བའི་ཕྱིར་དུ་སྤྱོད་པའི་རྒྱུད་གསུངས་ཏེ། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་རྟོག་པ་ལས། བཅོམ་ལྡན་འཇམ་པའི་དབྱངས་ཉིད་ནི། །ཁྲོ་བོའི་མིང་ནི་གཤིན་རྗེའི་གཤེད། །དེ་མཐོང་བས་ནི་ཁྲོ་བོ་གཞན། །ཐམས་ཅད་ཐམས་ཅད་ལག་ཆ་ཤོར། །ཞེས་དང་། ཡང་དེ་ཉིད་ལས། དེ་ནས་འདིར་ནི་གསད་བྱ་བ། །ཇི་ལྟར་ཡང་དག་སྦྱོར་ལྡན་པས། །དོགས་པ་མེད་པར་འགྲུབ་པར་འགྱུར། །གསོད་བའི་མཆོག་ནི་བཤད་པར་བྱ། །ཞེས་སོ། །གཏི་མུག་ཅན་ཚངས་བའི་རྗེས་སུ་འབྲངས་ནས་གཙང་སྦྲ་ཆོས་སུ་སྨྲ་བ་རྣམས་རྗེས་སུ་བཟུང་བའི་ཕྱིར་དུ་བྱ་བའི་རྒྱུད་གསུངས་ཏེ། ལེགས་གྲུབ་ལས། ཤ་ཆང་ཀེ་འུ་ཙོང་དང་སྒོག་རྡོག་དང་། །འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ཎ། །འབྱུང་པོའི་ཤ་དང་ལྷ་བཤོས་གཏོར་མ་དང་། །གུ་ལང་མཆོད་བྱས་གཏོར་མ་མི་ཟའོ། །ངས་ནི་སྔགས་པས་ཁ་ཟས་དཀར་གསུམ་དང་། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང་། །འབྲུ་མར་ཚིགས་མ་དར་བ་འོ་བསྐོལ་དང་། །ཐུག་པ་རྣམས་ནི་བཟའ་བཏུང་ཡིན་པར་གསུངས། །ཞེས་སོ། །རྐྱེན་མཉམ་པ་སྐབས་ཐོབ་ཀྱིས་གསུམ་ཀའི་རྗེས་སུ་འབྲངས་ནས་གསུམ་ཀ་ཆོས་སུ་སྨྲ་བ་རྣམས་རྗེས་སུ་གཟུང་བའི་ཕྱིར་དུ་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ། དེ་ཉིད་འདུས་པའི་དུམ་བུ་དང་པོར། འདོད་ཆགས་ཅན་རྗེས་སུ་གཟུང་བའི་ཕྱིར་དུ་ལྷ་ཐམས་ཅད་ཆགས་པའི་ཉམས་ཅན། གཉིས་པར་ཞེ་སྡང་ཅན་རྗེས་སུ་གཟུང་བའི་ཕྱིར་དུ་ཁྲོ་བོའི་ཉམས་ཅན། གསུམ་པར་གཏི་མུག་ཅན་རྗེས་སུ་གཟུང་བའི་ཕྱིར་དུ་ཞི་བའི་ཉམས་ཅན་དང་། བཞི་པར་མ་ངེས་པ་རྗེས་སུ་གཟུང་བའི་ཕྱིར་དུ་སྐུ་མདོག་དང་ཉམས་སྣ་ཚོགས་པར་གསུངས་སོ། །འདི་ནི་དེ་ཉིད་འདུས་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རབ་འབྱོར་བསྐྱངས་དང་ཀུན་དགའ་སྙིང་པོ་ལ་སོགས་པར་བཞེད་པར་གྲག་གོ །ཞེས་རྗེ་བཙུན་རྩེ་མོས་གསུངས་སོ། །དེ་ལ་ཕྱིས་ཀྱི་བླ་མ་ཁ་ཅིག གང་ཟག་དེ་དག་རྒྱུད་སྡེ་དེ་དང་དེས་འདུལ་སྲིད་པ་ལ་བྱེད་ན་ནི། དེས་མི་འདྲ་བའི་ཁྱད་པར་ངོས་མི་ཟིན་ཏེ། རྒྱུད་སྡེ་རེ་རེས་ཀྱང་གང་ཟག་བཞི་ཀ་འདུལ་སྲིད་པའི་ཕྱིར་རོ། །གདུལ་བྱའི་གཙོ་བོ་ལ་དེ་དག་དགོས་པར་འདོད་ན་ནི། ཤིན་ཏུ་མི་རིགས་ཏེ། སྔགས་ཀྱི་ཐེག་པའི་གདུལ་བྱའི་གཙོ་བོ་རྣམས་ནི་རྒྱལ་བའི་བསྟན་པ་ལ་འཇུག་པའི་གདུལ་བྱ་མཆོག་ཡིན་པས། དེ་ལ་སྔོན་དུ་ལྟ་བ་ལོག་པ་ལ་ཞུགས་པ་ཅིག་མི་དགོས་པའི་ཕྱིར་དང་། དང་པོ་ནས་ཡང་དག་པའི་གྲུབ་མཐའ་ལ་ཞུགས་པ་རྣམས་རྒྱུད་དེ་དག་གི་གདུལ་བྱའི་གཙོ་བོར་མི་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །ཀུན་སྙིང་གི་བཞེད་པ་ཡང་མིན་ཏེ། དེས་མཛད་པའི་གསང་འདུས་ཀྱི་འགྲེལ་པ་ལས། ཁྱབ་འཇུག་ལ་སོགས་པའི་རྒྱུད་ལ་དགའ་བ་ལ། བླ་མེད་ཀྱི་འདོད་ཆགས་ཀྱི་ཀུན་སྤྱོད་རྣམས་བསྟན་པར་གསུངས་པའི་ཕྱིར་རོ། །དེས་ན་དེ་ཉིད་འདུས་པའི་དུམ་བུ་བཞི་འདོད་ཆགས་དང་། ཁྲོ་བ་ལ་སོགས་པའི་ཉོན་མོངས་པ་ཅན་ལ་གསུངས་པ་ལ་དཔགས་ནས་སྦྱར་བ་ཙམ་དུ་སྣང་བས་ཤེས་བྱེད་མི་སྣང་ངོ་ཞེས་ཟེར་རོ། །འོ་ན་ཁྱབ་འཇུག་ལ་སོགས་པ་ལ་བླ་མེད་ཀྱི་འདོད་ཆགས་ཀྱི་ཀུན་སྤྱོད་བསྟན་པར་གསུངས་པ་དེ་ཡང་འདུལ་སྲིད་པ་ཙམ་ལ་དགོངས་པ་ཡིན་ནམ། གདུལ་བྱའི་གཙོ་བོ་ལ་དེ་དག་དགོས་པ་ཡིན་བརྟགས་ན་སྔ་མ་ཇི་ལྟ་བ་བཞིན་དུ་མཚུངས་ཤིང་། དེ་ཉིད་འདུས་པའི་དུམ་བུ་བཞི་འདོད་ཆགས་དང་ཁོང་ཁྲོ་བ་ལ་སོགས་པའི་ཉོན་མོངས་ཅན་ལ་གསུངས་པ་ཡང་བརྟགས་ན་སྔ་མ་བཞིན་དུ་མཚུངས་སོ། །དེ་བཞིན་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གསུངས་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་གིས། །རྒྱུད་ཀྱང་རྣམ་པ་གསུམ་དུ་འགྱུར། །ཞེས་པ་རྒྱུད་སྡེ་གསུམ་དུག་གསུམ་གྱི་གཉེན་པོར་གསུངས་པ་སོགས་སྤང་བྱ་གང་སྤོང་བའི་ཆེད་དུ་ཆོས་ཀྱི་ཕུང་པོ་གང་གསུངས་པ་མཐའ་དག་ལ་མཚུངས་པས། རྒྱལ་བའི་བསྟན་པ་སུན་འབྱིན་པའི་དགག་སྒྲུབ་འབའ་ཞིག་ཏུ་སྣང་ངོ་། །ཁྱབ་འཇུག་གི་ཞེ་སྡང་འདུལ་བའི་ཆེད་དུ་བླ་མེད་གསུངས་པ་དང་། དེའི་འདོད་ཆགས་འདུལ་བའི་ཆེད་དུ་བླ་མེད་གསུངས་པ་འགལ་བར་འདོད་པ་ཡང་དོན་མ་རྟོགས་པ་སྟེ། ཁྱབ་འཇུག་ལ་འདོད་ཆགས་དང་། ཞེ་སྡང་གཉིས་ཀ་ཤས་ཆེན་པོར་ཡོད་ཅིང་། བླ་མེད་ལས་ཀྱང་འདོད་ཆགས་དང་ཞེ་སྡང་གི་ཀུན་སྤྱོད་གཉིས་ཀ་གསུངས་པའི་ཕྱིར་རོ། །གཉིས་པ་ནི། སངས་རྒྱས་པའི་མཚན་ཉིད་ཀྱི་ཐེག་པའི་གྲུབ་མཐའ་ལ་བརྗོད་དུ་མེད་པའི་གང་ཟག་གི་བདག་ཁས་ལེན་པ་དང་། དེ་ཁས་མི་ལེན་ཀྱང་རྡུལ་ཕྲན་དང་ཤེས་པ་སྐད་ཅིག་ཆ་མེད་བདེན་པར་ཁས་ལེན་པ་དང་། གཟུང་བྱའི་ཡུལ་བདེན་པར་མེད་ཀྱང་འཛིན་པའི་ཤེས་པ་སྐད་ཅིག་མ་ཡོད་པར་ཁས་ལེན་པ་དང་། གཟུང་འཛིན་གཉིས་ཀ་བདེན་པར་མེད་པར་ཁས་ལེན་པ་དང་བཞི་ཡོད་པས་དེ་དང་ལུང་སྒོ་བསྟུན་གྱི་དབང་དུ་བྱས་ནས། བྱ་རྒྱུད་ལ་མདུན་དུ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཤིང་། བདག་ཉིད་ཐ་མལ་དུ་གནས་པ་དང་། སྤྱོད་རྒྱུད་ལ་བདག་ཉིད་ཀྱང་ལྷར་བསྐྱེད་ནས་མདུན་དུ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བདག་ལ་བསྟིམ་པ་དང་། རྣལ་འབྱོར་གྱི་རྒྱུད་དུ་བདག་དམ་ཚིག་པར་བསྐྱེད་ནས། དེ་ལ་ཡེ་ཤེས་པ་བཅུག་པ་དང་། བླ་མེད་དུ་ཐུན་མཚམས་ཀྱི་གནས་སྐབས་སུ་ཡང་ཡེ་ཤེས་སེམས་དཔའ་གཤེགས་པར་མི་འདོད་པ་སྟེ། བསྐྱེད་ཆོག་བཞི་རིམ་པ་བཞིན་དུ་གསུངས་སོ། །དེ་ལ་ཕྱིས་ཀྱི་བླ་མ་ཁ་ཅིག་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་དང་སྒོ་བསྟུན་ནས་ལྷའི་བསྐྱེད་ཆོག་མི་འདྲ་བ་བཞིའི་སྒོ་ནས་རྒྱུད་སྡེ་བཞིར་འཇོག་པ་ལ་ཤེས་བྱེད་ཅི་ཡང་མི་སྣང་ཞིང་། རང་སངས་རྒྱས་དང་། རྣལ་འབྱོར་རྒྱུད་ཀྱི་བསྐྱེད་ཆོག་སྦྱར་ཡང་། རང་རྒྱལ་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་མ་ཡིན་པའི་ཕྱིར་མི་འཐད་དོ། །འདིར་འཕགས་པ་ཡབ་སྲས་ཀྱི་བཞེད་པར་འདོད་པ་ཡང་། ཡེ་ཤེས་རྡོ་རྗེས་ཀུན་ལས་བཏུས་ལས། བྱ་རྒྱུད་ཀྱི་སྐབས་སུ་རང་ཉིད་ལྷའི་སྙེམས་པ་མེད་པ་དང་། ཡེ་ཤེས་སེམས་དཔའི་བདེ་བ་མེད་པར་བཤད་པ་ཙམ་ལ་དཔགས་པར་སྣང་ཡང་། བྱ་རྒྱུད་ལ་བདག་བསྐྱེད་མེད་པ་ཡེ་ཤེས་རྡོ་རྗེས་ཀུན་ལས་བཏུས་པའི་ལུང་དོན་མ་ཡིན་པ་འཆད་པར་འགྱུར་རོ། །ཞེས་ཟེར་རོ། །འདི་ནི་ཕྱོགས་སྔའི་དོན་མ་རྟོགས་བཞིན་དུ་དགག་པ་བྱེད་པ་སྟེ། མཚན་ཉིད་ཐེག་པ་ལ་གྲུབ་མཐའ་མི་འདྲ་བ་བཞི་ཡོད་པས་དེ་དང་ལུང་སྒོ་བསྟུན་གྱི་དབང་དུ་བྱས་ནས་བསྐྱེད་ཆོག་བཞི་གསུངས་པར་སྨྲས་ཀྱི་གྲུབ་མཐའ་སྨྲ་བ་བཞིའི་སྒོ་ནས་རྒྱུད་སྡེ་བཞིར་འཇོག་པ་མ་སྨྲས་པའི་ཕྱིར་རོ། །དེས་ན་རང་སངས་རྒྱས་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་མ་ཡིན་ཞེས་པ་ཡང་དོན་མ་རྟོགས་པ་ཁོ་ནའོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། བྱ་རྒྱུད་ལ་བདག་བསྐྱེད་མེད་པར་བཤད་ཀྱང་། བྱ་རྒྱུད་ལ་བདག་བསྐྱེད་མེད་པ་དེའི་ལུང་དོན་མ་ཡིན་པ་འཆད་པར་འགྱུར་བ་ནི་ཤིན་ཏུ་ངོ་མཚར་ཏེ། འདི་འདྲ་ཅིར་འགྱུར་བརྟག་དགོས་སོ། །གསུམ་པ་ནི། འདོད་ཁམས་ཀྱི་གཞན་སྤྲུལ་དབང་བྱེད་པ་བལྟས་པ་ཙམ་གྱིས་ཆགས་པ་ཚིམ་ལ། དེ་ཙམ་གྱི་བདེ་བ་སྣང་བ་ནི་བྱ་བའི་རྒྱུད། འཕྲུལ་དགའ་བ་ནི་དགོད་པ་ཙམ་གྱིས་ཆགས་པ་ཚིམ་ལ། དེ་ཙམ་གྱི་བདེ་བ་སྣང་བ་ནི་སྤྱོད་པའི་རྒྱུད། དགའ་ལྡན་པ་དང་མཐའ་བྲལ་པ་ལག་བཅངས་དང་འཁྱུད་པ་ཙམ་གྱིས་ཆགས་པ་ཚིམ་ལ། དེ་ཙམ་གྱི་བདེ་བ་སྣང་བ་ནི་རྣལ་འབྱོར་གྱི་རྒྱུད། སུམ་ཅུ་རྩ་གསུམ་པ་དང་། རྒྱལ་ཆེན་རིས་བཞི་པ་དང་། མི་ལ་སོགས་པ་རྣམས་དབང་པོ་གཉིས་སྦྱོར་གྱིས་ཆགས་པ་ཚིམ་ལ། དེ་ཙམ་གྱི་བདེ་བ་སྣང་བ་ནི་བླ་མེད་ཀྱི་རྒྱུད་དོ། །གཉིས་པ་དེ་ལ་རྩོད་པ་སྤོང་བ་ནི། དེ་ལྟར་རྒྱུད་སྡེ་བཞིར་གྲངས་ངེས་ན་གཉིས་ལ་སོགས་པ་ནས་དྲུག་གི་བར་དུ་གསུངས་པ་དང་འགལ་ལོ་སྙམ་ན་སྐྱོན་མེད་དེ། གཉིས་སུ་གསུངས་པ་ནི་རྒྱུད་དེ་འོག་མ་གཉིས་ཕྱི་ལུས་ངག་གི་བྱ་བ་སྟོན་པར་མཚུངས་པས་བྱ་བའི་རྒྱུད་དུ་བསྡུས་ཤིང་། གོང་མ་གཉིས་ཏིང་ངེ་འཛིན་གཙོ་ཆེ་བར་མཚུངས་པས་རྣལ་འབྱོར་གྱི་རྒྱུད་དམ་གསང་བའི་རྒྱུད་དུ་བསྡུས་པ་ཡིན་ལ། གསུམ་དུ་བཤད་པ་ལ་ཡང་རྒྱུ་མཚན་ཕྱི་མ་འདི་ཉིད་མཚུངས་སོ། །ལྔར་དབྱེ་བ་ནི་བླ་མེད་ལ་རྣལ་འབྱོར་ཕ་མའི་དབྱེ་བ་ཤེས་པར་བྱ་བའི་ཕྱིར་དུ་གཉིས་སུ་ཕྱེ་བ་ཙམ་ཡིན་ཅིང་། དྲུག་ཏུ་གསུངས་པ་ནི། བྱ་རྒྱུད་ཀྱི་ནང་ཚན་ལས་ཚོགས་གཙོ་བོར་སྟོན་པ་ལ་རྟོག་པའི་རྒྱུད་ཅེས་ལོགས་སུ་བཞག་ཅིང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། རྒྱུད་སྡེ་ལྔར་ཕྱེ་བ་ལ་ཡང་རྒྱུ་མཚན་འདི་ཉིད་ཡིན་ལ། བླ་མེད་ཀྱི་ནང་ཚན་འཁོར་ལོ་བདེ་མཆོག་ཟབ་ཅིང་རྟོགས་པར་དཀའ་བ་དང་། རྒྱུད་འདིའི་ལུགས་ཀྱིས་སྤྲུལ་པའི་སྐུ་ད་ལྟ་འཛམ་བུའི་གླིང་ན་དངོས་སུ་བཞུགས་པས་བྱིན་རླབས་མྱུར་བ་ལ་དགོངས་ནས། གསང་བའི་མཐའ་ཞེས་ལོགས་སུ་ཕྱེའོ། །གསུམ་པ་གོ་རིམ་ངེས་པ་ནི། གང་ཟག་དབང་པོ་དང་། སྦྱངས་པ་ཆེ་འབྲིང་བཞི་ལ་དགོངས་ནས་རྒྱུད་སྡེ་བཞི་རིམ་པ་བཞིན་དུ་བཞག་སྟེ། བློ་དམན་པ་ཕྱིའི་བྱ་བ་ཁྲུས་ལ་སོགས་པ་ལ་དགའ་བ་ལ་བྱ་བའི་རྒྱུད། དེ་བས་མཆོག་ཕྱི་ལུས་ངག་དང་། ནང་ཏིང་ངེ་འཛིན་གཉིས་ཀ་ལ་སྤྱོད་པ་ལ་སྤྱོད་པའི་རྒྱུད། དེ་བས་ཀྱང་མཆོག་ཏིང་ངེ་འཛིན་ཁོ་ན་ལ་གཙོ་བོར་སྤྱོད་པ་ལ་རྣལ་འབྱོར་གྱི་རྒྱུད། དེ་བས་ཀྱང་མཆོག་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་ལ་སྤྱོད་པ་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་སོ། །བཞི་པ་སྒྲ་བཤད་པ་ནི། ཅིའི་ཕྱིར་བྱ་བའི་རྒྱུད་ཅེས་བྱ་ཞེ་ན། ཕྱི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པའི་ཕྱིར་ཏེ། བསམ་གཏན་ཕྱི་མའི་འགྲེལ་པ་ལས། རྒྱུད་འདི་ནི་ཕྱི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པས་བྱ་བའི་རྒྱུད་ཅེས་གསུངས་པས་སོ། །ཅིའི་ཕྱིར་སྤྱོད་པའི་རྒྱུད་ཅེས་བྱ་ཞེ་ན། ལུས་ངག་གི་བྱ་བ་དང་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པ་སྟེ། རྣམ་སྣང་མངོན་བྱང་གི་དོན་བསྡུས་པ་ལས། རྒྱུད་འདི་ནི་གཙང་སྦྲ་ལ་སོགས་པ་ལ་སྨད་པ་འཇིག་རྟེན་དང་འགལ་པར་སྤྱོད་པས་གཉིས་ཀ་ལ་སྤྱོད་པས་སྤྱོད་པའི་རྒྱུད་ཅེས་གསུངས་སོ། །ཅིའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་ཞེ་ན། ཏིང་ངེ་འཛིན་གཙོ་བོར་བྱེད་པ་སྟེ། དེ་ཁོ་ན་ཉིད་སྣང་བའི་དོན་བསྡུས་པ་ལས། རྒྱུད་འདི་ནི་ཏིང་ངེ་འཛིན་གཙོ་བོར་སྟོན་པས་རྣལ་འབྱོར་གྱི་རྒྱུད་དོ། །ཞེས་གསུངས་པས་སོ། །ཅིའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་བྱ་ཞེ་ན་ཏིང་ངེ་འཛིན་གྱི་ཁྱད་པར་གང་ན་མེད་པ་སྟོན་པའི་ཕྱིར་ཏེ། སཾ་བུ་ཊི་ལས། གསང་བའི་ཡེ་ཤེས་བླ་ན་མེད། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་པ་དང་། གསང་བ་འདུས་པ་ལས་ཀྱང་། སྐུ་དང་གསུང་དང་ཐུགས་ཀྱི་མཆོག །དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །བྱང་ཆུབ་སེམས་ནི་བླ་ན་མེད། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་སོ། །གཉིས་པ་བརྗོད་བྱ་ཉམས་ལེན་གྱི་རིམ་པ་ལ་བཞི་ལས། དང་པོ་བྱ་རྒྱུད་ཀྱི་ཉམས་ལེན་ལ་གསུམ་སྟེ། འཇུག་པའི་སྤྱོད་པ། སྦྱོར་བའི་སྤྱོད་པ། བསྒྲུབ་པའི་སྤྱོད་པའོ། །དང་པོ་ནི། གསང་བ་སྤྱི་རྒྱུད་ལས་བཤད་པ་ལྟར་གྱི་སའི་ཆོ་ག སྟ་གོན་གྱི་ཆོ་ག འཇུག་པ་རྣམས་སྔོན་དུ་སོང་ནས་ཆུ་དང་ཅོད་པཎ་གྱི་དབང་གིས་སློབ་མ་སྣོད་རུང་དུ་བྱེད་པའོ། །གཉིས་པ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་ཆོ་ག་ལ་ལས་སུ་བྱ་བའི་རིམ་པ་ལྔ་རྣལ་འབྱོར་གྱི་སྔོན་འགྲོ་གསུམ་རྣམས་སྔོན་དུ་སོང་ནས། དངོས་གཞི་ལ་བདག་གི་རྣལ་འབྱོར། ལྷའི་རྣལ་འབྱོར། སྔགས་ཀྱི་རྣལ་འབྱོར་གསུམ་ལས། བདག་གི་རྣལ་འབྱོར་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་དབབ་པ་དོན་དམ་པའི་རྣལ་འབྱོར་བསྒོམས་ནས་དེའི་ངང་ལས་རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བལྟས་ནས་དེ་ལ་བཟླ་བྱའི་སྔགས་རྣམས་བཀོད་ནས། འོད་ཟེར་སྤྲོས་པས་འཕགས་པ་མཆོད་པ་ལ་སོགས་པ་བྱས་ནས་ཟླ་བའི་དཀྱིལ་འཁོར་ལ་ཐིམ་པར་བསམས་པ་ཀུན་རྫོབ་པའི་རྣལ་འབྱོར་ཡིན་ལ། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅས་ནས། སྙིང་ཁ་ལ་སོགས་པ་བྱིན་གྱིས་བརླབས་པ་བྱིན་གྱིས་བརླབས་པའི་རྣལ་འབྱོར་ཏེ་གསུམ་མོ། །དེ་ནས་ལྷའི་རྣལ་འབྱོར་བསྒོམ་པ་ནི། མདུན་གྱི་བྲིས་སྐུ་ལ་སོགས་པའི་རྗེས་སུ་གཞལ་ཡས་ཁང་ལྷ་དང་བཅས་པའམ། གཞལ་ཡས་ཁང་བསྐྱེད་ནས་བརྟེན་པ་ལྷ་སྤྱན་དྲང་བ་གང་རུང་བྱས་ཏེ། ཞལ་ཕྱག་གསལ་བཏབ་ནས་དམ་ཚིག་གི་ཕྱག་རྒྱ་བསྟན། དེ་ལ་མཆོད་བསྟོད་བྱས་ཏེ། སྡིག་པ་བཤགས་པའི་རྒྱུན་བཤགས་བྱས་ནས་ཚད་མེད་པ་བཞི་བསྒོམ་པའོ། །དེ་ནས་སྔགས་ཀྱི་རྣལ་འབྱོར་ནི། བགྲང་ཕྲེང་མཚན་ཉིད་དང་ལྡན་པ་འདུས་བྱས་ནས། ལེགས་གྲུབ་ལས་གསུངས་པ་ལྟར་གྱི་གཙང་སྦྲ་ལ་སོགས་པའི་ཀུན་སྤྱོད་དང་། བརྟུལ་ཞུགས་ལ་གནས་པར་བྱས་ནས། རང་དང་མདུན་གྱི་ལྷའི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་དབུས་སུ་ས་བོན་དང་། མཐའ་སྐོར་དུ་བཟླ་བྱའི་སྔགས་རྣམས་གཡས་སྐོར་དུ་བཀོད་དེ། རྡོ་རྗེའི་ཚིག་གི་བཟླས་པ་དང་། ཤུབ་བུའི་བཟླས་པ་གཉིས་བྱའོ། །གསུམ་པ་རྗེས་ནི། ནོངས་པ་བཟོད་པར་གསོལ་ཏེ། སྤྱན་དྲངས་པའི་ལྷ་གཤེགས་སུ་གསོལ་ནས་རྡོ་རྗེའི་རྭ་གུར་དགྲོལ། དེ་ནས་ཐུན་མཚམས་ཀྱི་བྱ་བ་ལ་གནས་པའོ། །དེ་ལྟར་སྦྱོར་བའི་སྤྱོད་པ་སྔོན་དུ་སོང་ནས། དངོས་གྲུབ་སྒྲུབ་པ་ན་སྔོན་དུ་བསྙེན་པ་བྱས་ནས་དེ་ནས་ལས་ལ་སྦྱར་བར་བྱའོ། །གསུམ་པ་སྒྲུབ་པའི་སྤྱོད་པ་ལ་གསུམ་སྟེ། མེ་གནས་ཀྱི་དེ་ཉིད། སྒྲ་གནས་ཀྱི་དེ་ཉིད། སྒྲ་མཐའི་དེ་ཉིད་དོ། །དང་པོ་ནི། བདག་གི་དེ་ཁོ་ན་ཉིད་སྟོང་ཉིད་བསྒོམ་པ་སྔོན་དུ་སོང་ནས། དེ་ལས་ལངས་ཏེ་རང་གི་ལྷའི་གསང་སྔགས་དྲིལ་བུའི་སྒྲ་བཞིན་དུ་རྒྱུན་མ་ཆད་པར་འབྱུང་བ་ལ་བདེན་ཞེན་མེད་པར་བསམ་གཏན་དུ་བྱའོ། །དེ་ནས་སྙིང་ཁར་མར་མེའི་མེ་ལྕེ་ལྟ་བུའི་མེ་འབར་བར་བསམས་ལ། དེའི་ནང་དུ་སྔར་བཤད་པའི་སྒྲའི་ཕྲེང་བ་གནས་པར་སྲོག་རྩོལ་བཀག་ནས་བསྒོམ་པར་བྱའོ། །གཉིས་པ་ནི། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་ཕྲ་བའི་ནང་དུ་མེ་ལྕེ་འོད་བཟང་པོ་འབར་བ་བསྒོམས་ནས། དེ་ལ་སྔགས་ཀྱི་ཡི་གེ་བཞག་ནས། ལུས་སེམས་བདེ་བར་འདུག་སྟེ་བསྒོམ་མོ། །གསུམ་པ་ནི། དེ་ལ་སྒྲ་མཐའ་ཞེས་པ་སྔགས་ཀྱི་སྒྲ་ཙམ་ལ་སེམས་གནས་པ་ཡོངས་སུ་བཏང་བའི་མཐའ་གཉིས་སུ་མེད་པའི་དེ་ཉིད་ཡིན་ལ། ཇི་ལྟར་བཏང་བའི་ཚུལ་ནི། གསང་སྔགས་ཡན་ལག་ཏུ་གྱུར་པར་སྣང་བ་དང་། སྒྲ་དང་། ཡིད་དང་། ཚིག་རྣམ་པར་དག་པའི་གནས་སྐབས་རྣམས་བཏང་དགོས་པས། དང་པོ་ནི་མདུན་གྱི་ལྷའི་སྐུར་སྣང་བའོ། །གཉིས་པ་ནི། ཤུབ་བུའི་བཟླས་བརྗོད་བྱེད་པའི་གནས་སྐབས་སོ། །གསུམ་པ་ནི། ཡིད་ཀྱི་བཟླས་བརྗོད་བྱེད་པའི་གནས་སྐབས་སོ། །བཞི་པ་ནི། དེ་གཉིས་ཀྱི་ཚིག་རྣམ་པར་དག་པའི་མེར་གནས་དང་། སྒྲ་གནས་ཀྱི་གནས་སྐབས་སོ། །དེ་དག་ཇི་ལྟར་བཏང་བའི་རིམ་པ་ནི། སྔ་མ་སྔ་མ་ལ་དམིགས་པ་བཏང་ནས་ཕྱི་མ་ཕྱི་མ་ལ་འཕོས་ཏེ། མཐར་སྒྲ་གནས་ཀྱང་བཏང་ནས་ཆོས་སྐུའི་ཏིང་ངེ་འཛིན་ལ་ནན་ཏན་དུ་བྱེད་པའོ། །གཉིས་པ་སྤྱོད་རྒྱུད་ཀྱི་ཉམས་ལེན་ནི། སྤྱོད་པ་གསུམ་པོ་ཕལ་ཆེར་བྱ་རྒྱུད་དང་འདྲ་བ་ལས། ཁྱད་པར་ནི་འཇུག་པའི་སྤྱོད་པའི་སྐབས་སུ་ཆུ་དང་ཅོད་པཎ་གྱི་དབང་གཉིས་ཀྱི་སྟེང་དུ་རྡོ་རྗེ་དང་། དྲིལ་བུ་དང་། མིང་གི་དབང་གསུམ་སྟེ། ལྔ་ཡོད་པར་རྒྱུད་སྡེ་གོང་མ་ལས་གསུངས་སོ། །སྦྱོར་བའི་སྤྱོད་པའི་སྐབས་སུ། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལས་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷར་བཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཞེས་ཏེ། ཡི་གེ་དང་པོ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་བསྒོམ་ནས། དེའི་རྗེས་ལ་ཡི་གེ་གཉིས་པ་སྔགས་ཀྱི་སྒྲར་ལྡང་། དེ་ལས་གཞི་དང་པོར་རང་ཉིད་སངས་རྒྱས་ཀྱི་སྐུར་བསྐྱེད་ལ། དེ་སྔགས་དང་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབས། དེ་ནས་གཞི་གཉིས་པ་རང་གི་མདུན་དུ་སངས་རྒྱས་ཀྱི་སྐུ་བསྐྱེད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཟླས་པར་བྱ་བའི་སྔགས་ཀྱི་ཕྲེང་བ་བཀོད་ནས། དེ་ལ་ཏིང་ངེ་འཛིན་བརྟན་པར་བྱེད་པའོ། །སྒྲུབ་པའི་སྤྱོད་པའི་སྐབས་སུ་མེ་གནས་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ཀ་ཡང་རང་ཉིད་ལྷའི་རྣལ་འབྱོར་ལ་གནས་ནས་བསྒོམ་པའོ། །གསུམ་པ་རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན་ནི། རྡོ་རྗེ་རྩེ་མོ་ལས། སྨིན་པ་དང་ནི་གྲོལ་བའི་ལམ། །སངས་རྒྱས་བྱང་ཆུབ་བསྟན་པའི་མཆོག །ཅེས་པ་ལྟར་སྨིན་གྲོལ་གཉིས་ལས། སྨིན་བྱེད་ཀྱི་དབང་ལ་ཡང་། རྡོ་རྗེ་སློབ་མའི་དབང་དང་། སློབ་དཔོན་གྱི་དབང་གཉིས་སོ། །དེ་ཡང་འདིར་འཇུག་པའི་གང་ཟག་ལ། རྒྱུད་སྦྱང་བ་མ་བྱས་པ་རྣམས་སམ། སྦྱང་བ་བྱས་ཀྱང་ཐེག་པ་ཆེན་པོ་བློའི་སྤོབས་པ་ཞན་པས་གཞན་གྱི་དོན་ལ་ད་ལྟ་ནས་འཇུག་པར་མི་ནུས་པ་རྡོ་རྗེ་སློབ་མའི་རིགས་དང་། སྙིང་རྗེ་དང་ཤེས་རབ་ཀྱི་རྩལ་ཆེ་བས་གཞན་དོན་གྱི་ཁུར་ད་ལྟ་ཉིད་ནས་ཁྱེར་བ་རྡོ་རྗེ་སློབ་དཔོན་གྱི་རིགས་གཉིས་ལས། དང་པོ་ལ། སྨིན་བྱེད་ཀྱི་དུས་སུ་རིག་པའི་དབང་ཙམ་སྟེར་ནས། དེ་དང་འབྲེལ་བའི་ལམ་ནི། དེ་ཉིད་འདུས་པའི་སྟོད་འགྲེལ་ལས་དེ་ལ་སློབ་མའི་དབང་དུ་བྱས་པ་ནི། བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་འདི་ལྟར་ཤེས་པར་བྱ་སྟེ། བདག་བསྲུང་བ་དང་། ཆུའི་ཁྲུས་དང་། ཡང་བདག་བསྲུང་བ་དང་། གནས་བསྲུང་བ་ཡང་བྱས་ནས། རང་གི་ལྷ་མདུན་དུ་བཞུགས་སུ་གསོལ་ཏེ། ཕྱག་བྱ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་དང་། ཡོངས་སུ་བསྔོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྗེས་སུ་སྤྱད་ལ། རྡོ་རྗེ་ཐལ་མོ་དང་། རྡོ་རྗེ་བསྡམས་པ་བཅིངས་ཏེ། རྡོ་རྗེ་ཐལ་མོ་སྙིང་ཁར་དྲལ་བ། རྡོ་རྗེ་དབབ་པ་བརྟན་པར་བྱས་ནས། བདག་མེད་པར་བསྒོམས་པ་དང་། ཟླ་བའི་དཀྱིལ་འཁོར་ལ་སོགས་པ་སྔ་མ་བཞིན་དུ་བསྒོམས་ཏེ། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིང་བར་བྱའོ། །ཡེ་ཤེས་སེམས་དཔའ་ཇི་ལྟ་བ་བཞིན་བཅུག་སྟེ། ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱས་ནས། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དེ། ཡིད་ཀྱིས་ལེགས་པའི་སྦྱོར་བས། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་བཅུག་སྟེ། རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་བསྒྲུབས་ནས། རང་གི་ལྷ་དང་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ། རིགས་ཀྱི་དམ་ཚིག་གིས་བདག་ཉིད་བྱིན་གྱིས་བརླབས་ཏེ། རང་གི་རིགས་ཀྱི་དབང་བསྐུར་ནས་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་བཞིས་ཡང་དག་པར་མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། རང་གིས་ཕྱག་རྒྱ་ཆེན་པོ་ལེགས་པར་བསྒོམས་ལ། བཛྲ་ས་ཏྭ་ཞེས་བྱ་བ་ལ་སོགས་པ་རང་གི་ལྷའི་སྔགས་ཟློས་ཤིང་། ལོ་གཅིག་གི་བར་དུ་ཉིན་རེ་བཞིན་ཐུན་བཞིར་བསྒོམ་པར་བྱའོ། །ཞེས་པ་ལྟར་བསླབ་བོ། །གང་ཟག་གཉིས་པ་ལ་དེ་ཡི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞིང་། དེ་ནས་དེ་དང་རྗེས་སུ་འབྲེལ་བའི་དམ་ཚིག་ལ་བསླབ་པ་དང་། དཀྱིལ་འཁོར་དང་། ལྷའི་དེ་ཁོ་ན་ཉིད་བཅུ་ལ་བསླབ་པ་དང་། སློབ་མ་གཞུག་པ་ལ་སོགས་པ་སློབ་དཔོན་གྱི་ལས་ཐམས་ཅད་དང་། དངོས་གྲུབ་ཀྱི་ཡེ་ཤེས་དང་། ཕྱག་རྒྱའི་ཡེ་ཤེས་དང་། རྩ་བའི་རྒྱུད་ཀྱི་སྒྲུབ་པ་ལ་སོགས་པའི་ཚུལ་ཐམས་ཅད་ལ་བསླབ་བོ། ཾ །བཞི་པ་བླ་མེད་ཀྱི་ཉམས་ལེན་ནི། གསང་བ་འདུས་པའི་རྒྱུད་ཕྱི་མའི་རྗེས་སུ་འབྲངས་ནས། སྤྱིར་རྒྱུད་ཅེས་བྱ་བ་ནི་སེམས་གསལ་བ་ཙམ་འཁོར་འདས་ཀྱི་གནས་སྐབས་ཐམས་ཅད་དུ་རྒྱུན་མི་ཆད་པར་འབྱུང་བ་འདི་ཡིན་ལ། དེ་ལ་རྒྱུ་རྒྱུད། ཐབས་རྒྱུད། འབྲས་བུའི་རྒྱུད་གསུམ་ལས། དང་པོ་ནི། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རྒྱུན་མ་ཆད་ཅིང་བག་ཆགས་ཀྱི་དབང་གིས་ཡེ་ཤེས་དེ་ཉིད་འཁོར་བའི་སྣང་བ་སྣ་ཚོགས་སུ་ཤར་བ་དང་བཅས་པ་འདིའོ། །ཐབས་རྒྱུད་ནི་དེ་ཉིད་ལ་གློ་བུར་གྱི་དྲི་མ་སྦྱང་བའི་ཆེད་དུ་བླ་མ་དམ་པའི་མན་ངག་ལ་བརྟེན་ནས་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཉམས་སུ་ལེན་པའི་ཚུལ་འབྲས་བུ་མངོན་དུ་མ་གྱུར་པའི་བར་དུ་རྒྱུན་མི་ཆད་དུ་འབྱུང་བའོ། །འབྲས་བུའི་རྒྱུད་ནི། དེ་ཉིད་ལ་གློ་བུར་གྱི་དྲི་མ་དང་བྲལ་བས་ཡོན་ཏན་བསམ་ལས་འདས་པ་རྒྱུའི་གནས་སྐབས་སུ་རང་རང་གི་རྒྱུ་ལྷུན་གྲུབ་ཀྱི་ཚུལ་དུ་ཡོད་པ་འབྲས་བུའི་དུས་སུ་མངོན་དུ་གྱུར་ནས་དག་པའི་སྣང་བ་དང་བཅས་པའི་ཡེ་ཤེས་ནམ་མཁའ་གནས་ཀྱི་བར་དུ་རྒྱུན་མི་ཆད་དུ་འབྱུང་བའོ། །དེ་ལ་རྒྱུ་རྒྱུད་ཀྱི་ཉམས་ལེན་ནི། ཀྱཻ་རྡོ་རྗེ་ལས། སྐལ་དམན་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །ཞེས་ཞུས་པའི་ལན་དུ། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །ཞེས་པ་ལྟར། དང་པོར་ཉིན་ཞག་གཅིག་པའི་གསོ་སྦྱོང་ནས་བཟུང་སྟེ། དེ་ནས་གཏན་ཁྲིམས་བདུན་པོ་གང་ཡང་རུང་བ་དང་། ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་བར་དུ་སྤྱོད་པ་རིམ་པ་ཅན་ལ་བསླབས་ཏེ། དེ་ནས་གྲུབ་མཐའ་བཞི་དང་རྒྱུད་སྡེ་འོག་མ་རྣམས་ལ་རིམ་པ་བཞིན་དུ་སྦྱངས་པའི་ལྟ་བ་རིམ་པ་ཅན་ལ་བསླབ་པའོ། །དེ་ནས་སྨིན་བྱེད་ཀྱི་དབང་བཞི་བསྐུར་ཏེ་ལམ་བསྒོམ་པའི་སྣོད་རུང་དུ་བྱེད་པ་སྟེ། འདི་ནི་སྐལ་དམན་རིམ་འཇུག་པའི་དབང་དུ་བྱས་པའོ། །ཐུན་མོང་གི་བྱ་བ་ལ་མ་ལྟོས་པར་དང་པོ་ཉིད་ནས་རྡོ་རྗེ་ཐེག་པའི་སྣོད་དུ་རུང་བ་རྣམས་ལ་ནི་སྐལ་ལྡན་ཅིག་ཅར་བ་ཞེས་བྱ་སྟེ། དང་པོ་ནས་དབང་བསྐུར་བར་བྱའོ། །སྨིན་བྱེད་ཀྱི་དབང་འདི་ཐབས་རྒྱུད་ལ་སྨིན་ལམ་གཉིས་སུ་ཕྱེ་བའི་དབང་དུ་བྱས་ན། ཐབས་རྒྱུད་དུ་ཡང་འགྲོ་སྟེ་འོག་ཏུ་འཆད་དོ། །གཉིས་པ་ཐབས་རྒྱུད་ཀྱི་ཉམས་ལེན་ལ་སྨིན་གྲོལ་གཉིས་ལས་དང་པོ་ལ། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། དབང་བཞི་པ་སྟེ། བཞི་ཡོད་པར་བླ་མེད་ཀྱི་རྒྱུད་སྡེ་ཕལ་ཆེར་ནས་གསུངས་ཤིང་། བཞིར་ངེས་པའི་རྒྱུ་མཚན་ཡང་རྟེན་དཀྱིལ་འཁོར་བཞི་ཡིན་པ་དང་། སྦྱང་བྱ་དྲི་མ་བཞི་ཡིན་པ་དང་། སྦྱོང་བྱེད་ལམ་བཞི་ཡིན་པ་དང་། སྦྱངས་འབྲས་སྐུ་བཞི་ཡིན་པ་སོགས་མང་དུ་གསུངས་མོད་ཀྱི་འདིར་མ་སྤྲོས་སོ། །གྲོལ་བྱེད་ཀྱི་ལམ་ནི་ཇི་སྙེད་གསུངས་པ་ཐམས་ཅད་རིམ་པ་གཉིས་སུ་འདུས་ཏེ། ཀྱཻ་རྡོ་རྗེ་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་དང་། འདུས་པའི་རྒྱུད་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་སོ། །འདི་དག་གི་རྣམ་གཞག་ལ་རྒྱུད་སྡེ་སོ་སོའི་དགོངས་པ་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་བཀྲལ་བའི་ཚུལ་ཅུང་ཟད་མི་འདྲ་བ་མང་དུ་ཡོད་པ་ལས། འདིར་ཀྱཻ་རྡོ་རྗེའི་རྒྱུད་གསུམ་གྱི་དགོངས་པ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་བཀྲལ་བའི་ཚུལ་བརྗོད་ན། དབང་བསྐུར་གྱི་རྗེས་ལ་དབང་གི་ཡེ་ཤེས་དེ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོ་སྤྲོད་ཅིང་། འོག་ཏུ་འབྱུང་བའི་བསྐྱེད་རྫོགས་ཀྱི་ཉམས་ལེན་ཐམས་ཅད་དེ་དང་དེའི་རྣམ་པར་སྣང་ཡང་། རང་གི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་ལྟ་བ་འཁོར་འདས་དབྱེར་མེད་བསྒོམ་པར་བྱ་སྟེ། ཀྱཻ་རྡོ་རྗེ་ལས། ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་རྟོག་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་སོ། །དེ་ནས་རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་བསྒོམས་ཏེ། དེ་ཡང་རྒྱུ་རྒྱུད་བག་ཆགས་ཀྱི་དབང་གིས་འཁོར་བའི་སྣང་བ་སྣ་ཚོགས་སུ་འཆར་བ་འདི་ད་ལྟ་ཉིད་ནས་དག་པའི་སྣང་བར་སྒྱུར་བར་བྱེད་པའོ། །དེས་ན་འཁོར་བའི་ཆོས་ཀྱི་གཙོ་བོ་སྐྱེ་གནས་བཞི་ཡིན་པས་དེའི་གཉེན་པོར་མངོན་པར་བྱང་ཆུབ་པ་ལྔ་ལ་སོགས་པའི་བསྐྱེད་ཆཾོག་རྣམས་གསུངས། སྐྱེ་བ་བླངས་པ་ལ་བརྟེན་ནས་སྣོད་བཅུད་རང་གཞན་ལ་སོགས་པའི་སྣང་བ་སྣ་ཚོགས་འཆར་བ་དེའི་གཉེན་པོར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གསུངས་ཏེ། མདོར་ན་བླ་མེད་ཀྱི་དཀྱིལ་འཁོར་གཅིག་གི་སྟེང་དུ་རྒྱུ་ལས་དང་། ཉོན་མོངས་པ་དང་། འབྲས་བུ་འཁོར་བའི་སྡུག་བསྔལ་གྱིས་བསྡུས་པའི་མ་དག་པའི་སྣང་བ་ཐམས་ཅད་དག་པའི་སྣང་བར་བསྒྱུར་བའི་ཉམས་ལེན་ཡོད་པར་ཤེས་པར་བྱའོ། །དེ་ནས་བསྐྱེད་རིམ་གྱི་ལྷ་བདེ་ཆེན་གྱི་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་དུ་རྫོགས་པའི་རིམ་པ་བསྒོམ་སྟེ། དེ་ཡང་ལུས་ཐམས་ཅད་ལ་རྩས་ཁྱབ། དེ་ལ་བྱང་ཆུབ་ཀྱི་སེམས་དང་རླུང་གིས་ཁྱབ། དེ་དང་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་དབྱེར་མེད་དུ་གནས་པ་ལ་རྟེན་རྩ་ཐིག་ལེ་རླུང་གསུམ་ལ་གནད་དུ་བསྣུན་ནས། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་ཏེ། སྣང་བ་ཐམས་ཅད་ཟུང་འཇུག་གི་ངོ་བོར་བསྒྱུར་བའོ། །དེ་ལྟར་རིམ་པ་གཉིས་ལ་བརྟན་པ་ཐོབ་ནས་དྲོད་ཆུང་ངུ་ཞེས་བྱ་བ་མཉམ་གཞག་ཏུ་འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་པ་སྙམ་བྱེད་པའི་ཚེ་ཀུན་འདར་གསང་ནས་སྤྱོད། དེ་ནས་དྲོད་འབྲིང་པོ་ཚར་གཅོད་དང་། རྗེས་གཟུང་གང་རུང་གཅིག་ནུས་པའི་ཚེ་ཀུན་འདར་འཇིག་རྟེན་པའི་མངོན་དུ་སྤྱོད། དེ་ནས་དྲོད་ཆེན་པོ་ཚར་གཅོད་དང་རྗེས་གཟུང་གཉིས་ཀ་ནུས་པ་ཟག་པ་མེད་པའི་ཡེ་ཤེས་དང་པོ་སྐྱེས་པའི་ཚེ་གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བྱ་སྟེ། ས་རྣམས་བསྐྱེད་པར་བྱའོ། །དེ་ཡང་ཕྱི་རོལ་གནས་དང་ཉེ་བའི་གནས་སོགས་ན་གནས་པའི་མཁའ་འགྲོ་མ་རྣམས་དབང་དུ་འདུས་པས་ནང་གི་སྤྱི་བོ་ལ་སོགས་པའི་རྩ་རྣམས་ཀྱི་རླུང་སེམས་དབུ་མར་ཞུགས་ནས། ས་དང་པོ་ནས་བཅུ་པའི་བར་གྱི་རྟོགས་པ་སྐྱེ་བའི་ཐབས་ལ་སྤྱོད་པ་ཞེས་བྱའོ། །དེ་ནས་ས་བརྒྱད་པའམ་བཅུ་པ་ཐོབ་པའི་ཚེ་ཉེ་རྒྱུའི་སྤྱོད་པ་བྱ་སྟེ། ས་ལྷག་པ་རྣམས་བགྲོད་ནས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱའོ། །དེ་ལྟར་ལྟ་བ། བསྐྱེད་རིམ། རྫོགས་རིམ། སྤྱོད་པ། ཉེ་རྒྱུ་སྟེ། ལྔ་ནི་གཙོ་བོར་མཆོག་གི་དངོས་གྲུབ་བསྒྲུབ་པའི་མངོན་པར་རྟོགས་པ་ཡིན་ཅིང་། གང་ཟག་གཙོ་བོར་ནང་ལ་གཞོལ་བས་ཉམས་སུ་བླང་བར་བྱ་བ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་སྒྲུབ་པ་དང་། གང་ཟག་གཙོ་བོར་ཕྱི་ལ་གཞོལ་བས་ཉམས་སུ་བླང་བར་བྱ་བ་ནི། སྔགས་ཀྱི་བཟླས་པ་དང་། གཏོར་མ་དང་། རབ་གནས་དང་། སྦྱིན་སྲེག་དང་། ལས་ཀྱི་ཚོགས་རབ་འབྱམས་དང་ལྔའོ། །དེ་གཉིས་ཀ་ལ་ཡང་གྲོགས་དམ་ཚིག་དང་། སྡོམ་པ་དགོས་པས་བཟའ་བའི་དམ་ཚིག་དང་། བསྲུང་བའི་དམ་ཚིག་གཉིས་དགོས་སོ། །གསུམ་པ་འབྲས་བུའི་རྒྱུད་ནི། དེ་ལྟར་ཐབས་རྒྱུད་ཉམས་སུ་བླངས་པས་རྒྱུ་རྒྱུད་ཀྱི་དྲི་མ་དག་ནས་སྐུ་གསུམ་ཡན་ལག་བདུན་ལྡན་མངོན་དུ་གྱུར་པའོ། །འདི་ལ་དབང་དང་ལམ་བཞི་ཡོད་པས་འབྲས་བུ་སྐུ་བཞིར་བཞག་པའམ། རྒྱུ་ལ་རྟེན་དཀྱིལ་འཁོར་བཞི། བརྟེན་པ་ཡིད་དང་ལྔ་ཡོད་པས་འབྲས་བུ་སྐུ་བཞི་དང་། ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་སྐུ་སྟེ། ལྔར་བཞག་པ་སོགས་མང་དུ་ཡོད་མོད་ཀྱི་དམ་པའི་ཞལ་ལས་དྲི་བར་བྱའོ། །གཞན་ཡང་རིམ་པ་གཉིས་པོ་དེ་ཉིད་ཉམས་སུ་ལེན་པའི་ཚུལ་ལ། དུས་ཀྱི་འཁོར་ལོ་དང་། གསང་བ་འདུས་པ་དང་། བདེ་མཆོག་སོགས་ནས་གསུངས་པའི་ལམ་གྱི་རིམ་པ་ཚུལ་ཅུང་ཟད་མི་འདྲ་བ་མང་དུ་ཡོད་མོད་ཀྱི། གཞུང་འདིར་ཉེ་བར་མཁོ་བ་ནི་སྔ་མ་ཉིད་ཡིན་པས་དེ་ཙམ་ཞིག་སྨོས་སོ། །དེ་ལྟར་རྒྱུད་སྡེ་བཞི་ལ་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལམ་མི་འདྲ་བ་བཞི་ཡོད་ན་གཞུང་འདིར་གང་ཞིག་བསྟན་པ་ཡིན་སྙམ་ན། འདིར་ནི་བླ་མེད་ཀྱི་ལམ་གྱི་རྣམ་པར་གཞག་པ་གཙོ་བོར་སྟོན་ཏེ། གསང་སྔགས་ཞེས་དང་། རྡོ་རྗེ་ཐེག་པ་ཞེས་སྤྱིར་བཏང་བ་ལས་སྨིན་བྱེད་ཀྱི་སྐབས་སུ་དབང་བཞི་དང་། གྲོལ་བྱེད་ཀྱི་སྐབས་སུ་རིམ་པ་གཉིས་དགོས་པར་གསུངས་ཤིང་། དེ་དག་རྒྱུད་སྡེ་འོག་མ་ལ་མེད་པའི་ཕྱིར་དང་། འདི་ནས་གསུངས་པའི་ལམ་གྱི་རྣམ་གཞག་སྨིན་གྲོལ་གཉིས་ལས། ཕྱག་ཆེན་གྱི་ཡེ་ཤེས་སྐྱེ་ཞིང་ཕྱག་ཆེན་གོམས་པས་སྤྱོད་པ་དང་། དེ་ལས་འབྲས་བུ་སྐུ་བཞི་འགྲུབ་པའི་ཚུལ་རྣམས་བླ་མེད་ཁོ་ནའི་ལམ་གྱི་རྣམ་གཞག་ཏུ་སྣང་བའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟར་སྟོན་སྙམ་ན་གཞུང་འདིར་ནི་ལོག་རྟོག་འགོག་པ་གཙོ་བོ་ཡིན་ལ། བླ་མེད་ཀྱི་ལམ་ལ་ལོག་རྟོག་ཞུགས་པ་གཙོ་ཆེ་བར་སྣང་བའི་ཕྱིར་རོ། །ཞར་ལ་རྒྱུད་སྡེ་འོག་མའི་རྣམ་གཞག་ཀྱང་ཅུང་ཟད་སྟོན་ཏེ། དེ་དག་ལ་ཡང་སྨིན་བྱེད་ཀྱི་སྐབས་སུ་དབང་བཞི་དང་། གྲོལ་བྱེད་ཀྱི་སྐབས་སུ་རིམ་པ་གཉིས་ཡོད་པར་འདོད་པ་དང་། བྱ་རྒྱུད་ལ་བདག་བསྐྱེད་ཡོད་པར་འདོད་པ་སོགས་ལོག་རྟོག་འགའ་ཞིག་སྣང་བའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་འཇུག་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། རྡོ་རྗེ་ཐེག་པའི་ཞེས་སོགས་གསུམ་སྟེ། སྐལ་དམན་རིམ་འཇུག་པ་ལྟར་ན། སྡོམ་པ་གཉིས་ཀྱི་སྦྱང་བ་སྔོན་དུ་སོང་ནས་རྡོ་རྗེ་ཐེག་པའི་སོགས་སོ། །སྐལ་ལྡན་ཅིག་ཅར་བ་ལྟར་ན། ཐུན་མོང་གི་སྦྱང་བ་ལ་མ་ལྟོས་པར་དང་པོ་ཉིད་ནས་རྡོ་རྗེ་ཐེག་པའི་སོགས་སོ། །གཉིས་པ་ལ་ལྔ་སྟེ། སྨིན་བྱེད་ནོར་བ་མེད་པའི་དབང་བཞི། གྲོལ་བྱེད་འཁྲུལ་བ་མེད་པའི་རིམ་པ་གཉིས། དབང་དང་རིམ་གཉིས་ལས་བྱུང་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ། ཕྱག་ཆེན་གོམས་པ་ལས་འཁོར་འདས་བསྲེ་བའི་སྤྱོད་པ་སྤྱད་པ། དེ་ལ་བརྟེན་ནས་ས་ལམ་བགྲོད་དེ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མ་འཁྲུལ་བའི་སྨིན་བྱེད་བསྒྲུབ་པར་གདམས། འཁྲུལ་པའི་སྨིན་བྱེད་དོར་བར་གདམས། དབང་ལས་ཐོབ་པའི་དམ་ཚིག་ལ་འཁྲུལ་པ་དགག་པའོ། །དང་པོ་ནི། སྨིན་པར་བྱེད་པའི་ཞེས་སོགས་ཚིགས་བཅད་གཉིས་ཏེ། སྨིན་གྲོལ་གཉིས་ལ་འབད་པར་བྱ། །ཞེས་པའི་སྨིན་པར་བྱེད་པ་དེ་ཡང་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་བླ་མ་བརྒྱུད་པ་མ་ཉམས་ཤིང་། སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་འཁྲུགས་པར་མ་གྱུར་པ་དང་། ཕྱི་དང་ནང་གི་རྟེན་འབྲེལ་བསྒྲིག་མཁྱེན་ཅིང་སློབ་མའི་ཕུང་ཁམས་སྐྱེ་མཆེད་ལ་སྐུ་བཞིའི་ས་བོན་ཐེབས་ནུས་པ་སྟེ། མདོར་ན་སངས་རྒྱས་ཀྱིས་རྒྱུད་སྡེ་ནས་གསུངས་པ་བཞིན་མཛད་པའི་བླ་མ་བཙལ་ལ་དབང་བཞི་བླང་བར་བྱ་སྟེ། དེ་ཡིས་རྟེན་གྱི་གང་ཟག་དེ་སྡོམ་པ་གསུམ་ལྡན་དུ་འགྱུར་རོ། །དེའང་སྔར་སྡོམ་པ་འོག་མ་གཉིས་པོ་བླངས་པ་ཡིན་ན་དབང་བསྐུར་གྱི་ཚེ་སྔགས་སྡོམ་དུ་གནས་འགྱུར་ལ། སྔར་མ་བླངས་ན་སྟ་གོན་གྱི་ཚེ་སོ་ཐར་དང་བྱང་སེམས་ཐོབ་པར་རྗེ་བཙུན་གྱིས་གསུངས་པ་ལ་ཚད་མར་བྱའོ། །གཉིས་པ་ལ་བཞི་སྟེ། སྨིན་བྱེད་མ་ཡིན་པ་སྨིན་བྱེད་དུ་འདོད་པ་དགག་པ། སྨིན་བྱེད་ཀྱི་དབང་མི་དགོས་པར་འདོད་པ་དགག་པ། དགོས་ཀྱང་འཁྲུལ་པར་སྤྱོད་པ་དགག་པ། དབང་བསྐུར་མུ་བཞི་འདོད་པ་དགག་པའོ། །དང་པོ་ལ་བཞི་སྟེ། བྱིན་རླབས་སྨིན་བྱེད་ཡིན་པ་དགག་པ། གྲངས་ངེས་མེད་པའི་དབང་བསྐུར་སྨིན་བྱེད་ཡིན་པ་དགག་པ། དཀྱིལ་འཁོར་མ་དག་པའི་དབང་བསྐུར་སྨིན་བྱེད་ཡིན་པ་དགག་པ། ཆོ་ག་མ་དག་པའི་དབང་བསྐུར་སྨིན་བྱེད་ཡིན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། དེང་སང་རྡོ་རྗེ་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཕག་མོས་ཆོས་སྒོ་འབྱེད་པ་ནི་དྭགས་པོ་ལྷ་རྗེའི་དུས་སུ་བྱུང་སྟེ། བླ་མ་གཞན་ལ་སློབ་མ་རྣམས་དབང་ཞུ་བ་ལ་བཏང་ནས། དེར་བསྡད་ནས་ཕལ་ཆེར་ལོག་མ་བྱུང་བས་རང་རེ་ཚང་ལ་ཡང་དབང་བྱེད་མཁན་རེ་དགོས་པར་འདུག་གསུངས་པས། ཀོང་ནེ་རུ་པས་ངས་ཕག་མགོའི་དབང་རེ་བྱས་ན་ཞུས་པས་དེས་ཆོག་གསུངས་ནས་ཕག་མོའི་བྱིན་རླབས་རེ་བྱས། དེ་ནས་བླ་མས་ནཱ་རོ་ཆོས་དྲུག་ཕྱག་ཆེན་སོགས་བསྟན་པས་དེ་ནས་བཟུང་སྟེ། ཆོས་སྒོ་བ་ལ་དབང་ཞུས་བླ་མས་ཁྲིད་གསུངས་པས་བདེ་མཆོག་གི་དབང་མ་ཐོབ་ཀྱང་། རྡོ་རྗེ་ཕག་མོའི་བྱིན་རླབས་ཙམ་གྱིས་ཆོས་དྲུག་གི་ཆོས་སྒོ་འབྱེད་པ་བྱུང་ངོ་། །གཉིས་པ་ལ་གསུམ་སྟེ། བྱིན་རླབས་སྨིན་བྱེད་ཡིན་པ་ལ་གནོད་བྱེད་བསྟན། བྱིན་རླབས་སྨིན་བྱེད་ཡིན་པའི་སྒྲུབ་བྱེད་དགག བྱིན་རླབས་ཆོས་སྒོར་བྱེད་ན་ཧ་ཅང་ཐལ་བའོ། །དང་པོ་ལ་བཞི་སྟེ། ཤེས་བྱེད་མེད་པ། ཉེས་དམིགས་ཆེ་བ། ཕན་ཡོན་མེད་པ། ལུང་དང་འགལ་བའོ། །དང་པོ་ནི། འདི་འདྲ་རྒྱུད་སྡེ་ཞེས་སོགས་གཉིས་ཏེ། དབང་མ་བསྐུར་བར་བྱིན་རླབས་ཀྱིས་ཆོས་སྒོ་ཕྱེ་ནས་རྫོགས་རིམ་བསྒོམ་པ་འདི་འདྲ་སོགས་སོ། །གཉིས་པ་ནི། རྡོ་རྗེ་ཕག་མོ་ཞེས་སོགས་ཚིགས་བཅད་གསུམ་སྟེ། ཇོ་བོ་རྗེས་མཛད་པའི་རྡོ་རྗེ་ཕག་མོ་ཉིད་ཀྱི་གཞུང་རྗེ་བཙུན་མ་རིན་ཆེན་རྒྱན་གྱི་སྒྲུབ་ཐབས་ལས་ཀྱང་། འདི་ལྟར་རྣལ་འབྱོར་པ་དབང་བསྐུར་བ་ཐམས་ཅད་ཡོངས་སུ་རྫོགས་པས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་ཞེས་པ་དང་། སྔོན་གྱི་བླ་མའི་མན་ངག་གི་དབང་བསྐུར་བའི་རིམ་པས་དེའི་དོན་ལ་དམིགས་ན་རྡོ་རྗེ་རྣལ་འབྱོར་མར་བསམ་པར་བྱའོ། །ཞེས་གསུངས་པ་འདི་འགྲེལ་བྱེད་ཕལ་ཆེར་གྱིས་དྲངས་པར་སྣང་ཡང་། རྗེ་བཙུན་གྱི་རྣལ་འབྱོར་པ་བྱང་སེང་གི་དྲིས་ལན་ལས། དེའང་རྗེ་བཙུན་མ་རྡོ་རྗེ་རྣལ་འབྱོར་མའི་གཞུང་ལས། བྱིན་རླབས་ཕྲ་མོ་བཤད་པ་དེ་དག་གང་ཞེ་ན། དབང་ཐོབ་ཟིན་པའི་གང་ཟག་ལ་ཏིང་ངེ་འཛིན་གྱི་ཁྱད་པར་འགའ་ཞིག་རྒྱུད་ལ་སྐྱེ་བར་བྱ་བའི་ཕྱིར། བྱིན་རླབས་ཀྱི་རྒྱུན་བསྒོམ་དུ་གཞུག་པ་ཞེས་བྱ་བའི་གདམས་ངག་ཡིན་གྱི་དབང་མ་ཐོབ་པ་རྣམས་ལ་རྡོ་རྗེ་རྣལ་འབྱོར་མའི་གསང་བ་བསྟན་དུ་ག་ལ་རུང་། དེའང་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་རྩ་བ་ལྟ་བུ། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་ཞལ་གཉིས་མ་ཆུང་བ་ཞེས་བྱ་བ་ལས། སྔགས་པས་ཐོག་མར་བླ་མ་དང་། སངས་རྒྱས་ལ་སེམས་མངོན་པར་དྭང་བའི་ཡིད་ཅན་གྱིས་བྱང་ཆུབ་ཀྱི་སེམས་བརྟན་པར་བཟུང་སྟེ་དབང་བསྐུར་བ་ཡང་དག་པར་ཐོབ་ནས་ཞེས་འབྱུང་བ་ཡིན་ནོ། །ཞེས་པ་འདི་ཉིད་ཡིན་ཏེ། ལུང་འདིར་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་རྩ་བ་ལྟ་བུ་ཞེས་དང་། རྩ་བར། རྡོ་རྗེ་ཕག་མོ་ཉིད་ལས་ཀྱང་། །ཞེས་གསུངས་པ་ནི་དོན་གཅིག་གོ །དེས་ན་སྨིན་བྱེད་ཀྱི་དབང་བསྐུར་མེད་པ་ལ་བྱིན་རླབས་བྱེད་པ་བཀག་སྟེ། དཔེར་ན་མུ་ཟིའི་སོགས་སོ། །གསུམ་པ་ནི་རྡོ་རྗེ་ཕག་མོའི་ཞེས་སོགས་དྲུག་སྟེ། སྨིན་བྱེད་ཀྱི་དོན་འདི་རྣམས་མ་ཚང་བ་སྨིན་བྱེད་དུ་མི་རུང་བའོ། །བཞི་པ་ནི། དེས་ན་ཐུབ་པས་ཞེས་སོགས་ཚིགས་བཅད་གཅིག་སྟེ། དེ་ཉིད་བསྡུས་པ་ལས། དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིག་སྨྲས་ན་དམ་ཚིག་ཉམས་པར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། ལག་ལེན་གྱི་བསྒྲུབ་བྱེད་དགག་པ། རང་བཟོའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། འགའ་ཞིག་འདི་ལའང་ཞེས་སོགས་དྲུག་སྟེ། ཕྱག་རྒྱ་བ་འགའ་ཞིག་ཕག་མོའི་བྱིན་རླབས་འདི་ལའང་། ཕག་མགོ་དང་། གྲི་གུག་དང་། མདའ་གཞུ་དང་། ཆང་དང་ཐོད་པ་གཏོད་པ་ལ་སོགས་པའི་དབང་བསྐུར་ཡོད་ཅེས་ཟེར་བ་མི་འཐད་དེ། དེ་འདྲ་དབང་བསྐུར་སོགས་སོ། །ཆག་ལོའི་དྲི་བར། བརྒྱ་ལ་ཕག་མགོའི་དབང་ལ་སོགས་པ་གསུངས་ན་དབང་ཞེས་བརྗོད་པ་ལ་འགལ་བ་ཅི་མཆིས་ཞུས་པའི་ལན་དུ། དེ་འདྲ་རྒྱུད་སྡེ་གང་ནས་ཀྱང་གསུངས་པ་མི་གདའ། བརྟགས་པ་མཐའ་བཟུང་གིས་གསུངས་པ་སྲིད་ན་དབང་བཏགས་པ་བ་ཡིན་ཏེ། དབང་བསྐུར་ལ་སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་མང་དུ་ཡོད་ནའང་དངོས་གཞི་དེ་དབང་ཡིན། གཞན་རྣམས་ཆ་ལག་ཡིན། དགེ་སློང་གི་སྡོམ་པ་འབོགས་པའི་ཆོ་ག་ལ་མང་པོ་ཡོད་ནའང་། གསོལ་གཞིའི་ལས་དེ་ཆོ་ག་དངོས་ཡིན། བུམ་དབང་བཅུ་གཅིག་ཟེར་ཀྱང་ཡན་ལག་ལ་མིང་བཏགས་པ་ཡིན། སམྦུ་ཊི་ལས་ཀྱང་། དབང་དང་རྗེས་གནང་ཐོབ་པ་ཡིས། །བྱ་བ་བྱས་པར་རབ་འཛུམ་ཞིང་། །འགྲོ་ཀུན་དགའ་བར་བྱེད་པ་ཡིས། །ཤིན་ཏུ་སྙན་པའི་ཚིག་གིས་བརྗོད། །ཅེས་ཐ་དད་དུ་གསུངས་ལ། དབང་གི་མིང་བཏགས་ཚད་དེ་དབང་ཡིན་ན། འདུལ་བ་སུམ་བརྒྱ་པར། རྫོགས་པའི་སངས་རྒྱས་དཔལ་ནོད་དབང་བསྐུར་ཡིན། །ཞེས་པ་དང་། མདོ་ལས། དབང་ཐོབ་པའི་བྱང་སེམས་ཞེས་པ་དང་། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་སོགས་ཀྱང་གསུངས། དེས་ན་མདའ་གཞུ་གཏོད་པ་སོགས་ཀྱང་རྗེས་གནང་ཡིན་གྱི་དབང་མ་ཡིན། ཕག་མགོའི་དབང་བསྐུར་ཡང་གསུངས་འདུག་ན་འདི་འདྲར་བསྡུ་དགོས་ཏེ། བརྫུན་འབའ་ཞིག་ཡིན་གྱིས་གསུངས་པ་ཅིས་ཀྱང་མེད་ཅེས་པའི་ལན་མཛད་དོ། །གཉིས་པ་ནི། ལ་ལ་རྡོ་རྗེ་ཞེས་སོགས་བཅོ་བརྒྱད་དེ། ཞང་ཚལ་པ་ལ་སོགས་པ་ལ་ལ་ཕག་མོའི་བྱིན་རླབས་ལ་སྨིན་བྱེད་ཡོད་པར་བསྒྲུབ་འདོད་ནས། སྡོམ་པ་འབོགས་པའི་སོགས་ཏེ། ཆོ་ག་ཅུང་ཟད་ཉམས་པ་ལ་འཆགས་པར་མ་གསུངས་པ་ནི། འདུལ་བ་ལས། བསྒྲུབ་བྱ་དང་། མཁན་པོ་དང་། དགེ་འདུན་གྱི་མིང་མ་བརྗོད་ན་ཡང་ཆོ་གའི་ཚིག་ཟུར་ཉམས་པས་དགེ་སློང་གི་སྡོམ་པ་མི་སྐྱེ་བར་གསུངས་པ་ལྟ་བུའོ། །ཆོ་ག་ནོར་བར་གྱུར་ན་གྲུབ་པ་མེད་པར་གསུངས་པ་ནི། གསང་བ་སྤྱི་རྒྱུད་ལས་ཁྱད་པར་ཅན་གྱི་ལས་རྣམས་ལ། ལྷ་དུས་བྱ་བ་དུས་བཞིན་སྤྱད། །གཞན་དུ་ཆོ་ག་ཉམས་པའི་ཕྱིར། །གྲུབ་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །གསུམ་པ་ནི། གཞན་ཡང་ཕག་མོའི་ཞེས་སོགས་བཅུ་གཅིག་སྟེ། ཕག་མོའི་བྱིན་རླབས་ལ་གསང་སྔགས་ཀྱི་ཆོས་སྒོར་བཤད་པ་མེད་ཀྱང་བྱེད་པ་བས། དགེ་སློང་བྱེད་པ་ལ་རང་བྱུང་གི་བསྙེན་རྫོགས་སོགས་བླང་བར་རིགས་པར་འགྱུར་ཏེ། དེ་གཉིས་ད་ལྟ་འཁྲུལ་པ་མཉམ་པོ་ལ་འདི་རྣམས་སྔོན་གྱི་ཆོ་གར་བཤད་པའི་ཕྱིར་རོ། །དེ་ཡང་ལུང་ལས། སངས་རྒྱས་དང་རང་སངས་རྒྱས་རང་བྱུང་གིས་བསྙེན་རྫོགས་དང་། ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་དུ་ཆུད་པ་དང་། མཆོད་སྦྱིན་མ་ཕྲིན་གྱིས་དང་། འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པ་དང་། གྲགས་པ་ལ་སོགས་པ་ཚུར་ཤོག་དང་། སྐྱེ་དགུའི་བདག་མོ་ལྕི་བའི་ཆོས་བརྒྱད་ཁས་བླངས་པ་དང་། བྲམ་ཟེ་པོ་ཏ་ཡ་ནའི་བུས་དྲིས་པའི་ལན་ལྡོན་པ་དང་། བཟང་སྡེའི་ཚོགས་དྲུག་ཅུ་སྐྱབས་གསུམ་ཁས་བླངས་པ་དང་། གསོལ་གཞིའི་ལས་ཀྱི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་རྣམས་སྔོན་གྱི་ཆོ་གར་གསུངས་སོ། །གཉིས་པ་གྲངས་ངེས་མེད་པའི་དབང་བསྐུར་སྨིན་བྱེད་ཡིན་པ་དགག་པ་ལ་བཞི་སྟེ། གྲངས་ངེས་མེད་པ་གསང་སྔགས་ནུབ་པའི་དཔེར་བསྟན་པ། དེ་ཉིད་རྒྱུད་ལས་བཀག་པའི་ཚུལ། རྒྱུད་དེའི་དོན་བཤད་པ། གཞན་གྱི་དོགས་པ་སྤང་བའོ། །དང་པོ་ནི། དེས་ན་ཉན་ཐོས་ཞེས་སོགས་ཚིགས་བཅད་གསུམ་མོ། །གཉིས་པ་ནི། འདི་ནི་རྡོ་རྗེ་ཞེས་སོགས་བཅུ་གསུམ་སྟེ། སློབ་མ་ལ་གྲངས་ངེས་མེད་པར་དབང་བསྐུར་བྱེད་པ་འདི་ནི། རྡོ་རྗེ་འཆང་གིས་བཀག་སྟེ། སྤྱོད་རྒྱུད་ཀྱི་དབང་བསྐུར་ལ་སློབ་མ་གྲངས་ངེས་མེད་པར་གསུངས་ཤིང་། ལྷག་མ་དམིགས་བསལ་མཛད་པའི་རྒྱུད་སྡེ་གསུམ་གྱི་སློབ་མ་ལ་གྲངས་ངེས་ཡོད་པའི་ཕྱིར་ཏེ། འདི་ནི་གསང་བ་སོགས་སོ། །སྤྱོད་རྒྱུད་ལ་གྲངས་ངེས་མེད་པར་གསུངས་པ་ནི། རྣམ་སྣང་མངོན་བྱང་ལས། གཅིག་གཉིས་བཞི་ལས་ལྷག་ཀྱང་རུང་། །དཔྱད་མི་དགོས་པས་གཟུང་བར་བྱ། །ཞེས་དང་། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་འགྱུར་བར་བྱ་བའི་ཕྱིར་སེམས་ཅན་ཚད་མེད་པ་ཡོངས་སུ་གཟུང་བར་བྱའོ། །ཞེས་གསུངས་སོ། །གསུམ་པ་ནི། དེ་བས་ལྷག་པའི་ཞེས་སོགས་བཅུ་སྟེ། རྒྱུད་སྡེ་གསུམ་པོ་ལ་ཉི་ཤུ་རྩ་ལྔ་ལས་ལྷག་པའི་སློབ་མ་ནུབ་གཅིག་ལ་གཟུང་དུ་མི་རུང་བ་གསང་བ་སྤྱི་རྒྱུད་དང་སྦྱར་ནས་བཤད་པའོ། །བཞི་པ་ནི། འདི་ནི་བྱ་བའི་ཞེས་སོགས་བཅུ་སྟེ། ཉི་ཤུ་རྩ་ལྔར་གྲངས་ངེས་པར་གསུངས་པའི་གསང་བ་སྤྱི་རྒྱུད་འདི་ནི་བྱ་བའི་རྒྱུད་ཡིན་པས་རྒྱུད་སྡེ་གཞན་གྱི་ཆོ་ག་ལ་སྦྱར་བར་བྱ་བ་མ་ཡིན་ནོ་སྙམ་ན། གཞན་རྣམས་སོགས་ཏེ། རྒྱུད་གང་དུ་དབང་བསྐུར་བ་ལ་སོགས་པའི་ལས་ཡོད་པར་གྱུར་ལ། ལས་ཀྱི་ཆོ་ག་རྣམས་གསལ་པོ་མེད་པ་དེར་ནི་སྤྱི་ཡི་རྒྱུད་དག་ལས་སོགས་སོ། །གསུམ་པ་དཀྱིལ་འཁོར་མ་དག་པའི་དབང་བསྐུར་སྨིན་བྱེད་ཡིན་པ་དགག་པ་ནི། དེང་སང་བྱིན་རླབས་ཞེས་སོགས་བཅུ་གསུམ་སྟེ། དཀྱིལ་འཁོར་དེ་དག་ཏུ་དབང་བསྐུར་ཀྱང་སྔགས་སྡོམ་མི་ཐོབ་པའི་རྒྱུ་མཚན་ནི། ཕྱི་ལུས་ལ་འདོམ་གང་གྲུ་བཞི་ཡོད་པ་དང་། ནང་སེམས་ལ་བྱང་ཕྱོགས་སོ་བདུན་ཡོད་པའི་རྟེན་འབྲེལ་གྱི་སྟོབས་ཀྱིས་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་སོགས་འབྱུང་བ་ཡིན་ཅིང་། གཡུང་དྲུང་རིས་སོགས་འདི་ལ་ཕྱི་ནང་གི་རྟེན་འབྲེལ་བསྒྲིག་མི་ནུས་པ་དེས་ན་སངས་རྒྱས་རྣམས་ཀྱིས་བཀག་གོ །བཞི་པ་ཆོ་ག་མ་དག་པའི་དབང་བསྐུར་སྨིན་བྱེད་ཡིན་པ་དགག་པ་ལ་གསུམ་སྟེ། མ་དག་པའི་དབང་བསྐུར་བྱུང་ཚུལ་བརྗོད། དེ་ཡི་བྱིན་རླབས་བགེགས་ཀྱིས་ཡིན་པར་བསྟན། ཆོ་ག་དག་པའི་བྱིན་རླབས་རྣམ་དག་ཏུ་བསྟན་པའོ། །དང་པོ་ནི། དབང་བསྐུར་བྱེད་པ་ཞེས་སོགས་བདུན་ནོ། །གཉིས་པ་ནི། དེ་ཡི་ལུས་ངག་ཞེས་སོགས་དྲུག་སྟེ། དེ་ལྟ་བུའི་དབང་བསྐུར་བྱེད་པའི་དུས་སུ། སློབ་མའི་ལུས་ངག་ཡིད་གསུམ་གྱི་རྣམ་པ་གདོན་གྱིས་བསྒྱུར་ནས། འཕར་གཡོ་སོགས་བྱུང་བ་ལ་ཡི་དམ་གྱི་བྱིན་རླབས་ཡིན་པར་འཁྲུལ་བ་མང་ཡང་དཔལ་ལྡན་སོགས་སོ། །གསུམ་པ་ནི། ཆོ་ག་དག་པར་ཞེས་སོགས་གཉིས་ཏེ། རྒྱུད་ལས། དབང་དང་རྗེས་གནང་ཐོབ་ནས་ནི། །མ་བསྙེན་པར་ཡང་དེ་ལ་ནི། །ལྷ་ནི་འགོ་ཞིང་དེ་ལ་གནས། །ཞེས་སོ། །གཉིས་པ་སྨིན་བྱེད་ཀྱི་དབང་མི་དགོས་པར་འདོད་པ་དགག་པ་ལ་བཞི་སྟེ། དབང་བསྐུར་མེད་པར་ཟབ་ལམ་བསྒོམ་པ་དགག དབང་བསྐུར་མེད་པ་དབང་རབ་སྨིན་པ་དགག སེམས་བསྐྱེད་ཙམ་གྱིས་གསང་སྔགས་བསྒོམ་པ་དགག ཞར་ལ་སྨིན་བྱེད་ནོར་བ་གཞན་ཡང་དགག་པའོ། །དང་པོ་ནི་དབང་བསྐུར་མེད་ཀྱང་ཞེས་སོགས་བཅོ་ལྔ་སྟེ། རྒྱུད་སྡེ་གཞན་ལས་ཀྱང་དེ་ལྟར་གསུངས་པ་ནི། དམ་པ་དང་པོ་ལས། དབང་བསྐུར་མེད་པར་སྔགས་འཆད་དང་། །ཟབ་མོའི་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང་། །དམྱལ་བར་འགྱུར་གྱི་གྲོལ་བ་མེད། །ཅེས་པ་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དབང་བསྐུར་མེད་པར་རྒྱུད་འཆད་པ། །སྒྲུབ་པོས་སྔགས་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མ་མཚུངས་པར་ནི། །ཤི་ནས་ངུ་འབོད་ཆེན་པོར་ལྟུང་། །ཞེས་སོགས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཁ་ཅིག་གང་ཟག་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཕྱག་རྒྱ་བ་ཁ་ཅིག གང་ཟག་དབང་པོ་རབ་སྨིན་བྱེད་ཕག་མོའི་བྱིན་རླབས་ཡིན་པས་དབང་བསྐུར་མི་དགོས་ལ་འབྲིང་དང་སོགས་སོ། །གཉིས་པ་ནི། གང་ཟག་རབ་འབྲིང་ཞེས་སོགས་བཅུ་གཅིག་སྟེ། འཕགས་པའི་གང་ཟག་དབང་པོ་རབ་ཨིནྡྲ་བྷཱུ་ཏི་དང་། ཟླ་བ་བཟང་པོ་སོགས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བར་གསུངས་པ་ནི། སྔོན་ཆོག་འཕགས་པའི་སྤྱོད་ཡུལ་ཡིན་གྱི་དེང་སང་གང་ཟག་སོགས་ཏེ། རྒྱུད་སྡེ་རྣམས་ལས། རྣམ་སྤྱད་དང་པོ་ས་གཞི་གཟུང་། །གཉིས་པ་ལ་ནི་སྟ་གོན་ཏེ། །ནུབ་གསུམ་པ་ལ་འཇུག་པ་ཤིས། །ཞེས་པས་བསྡུས་པའི་ཆོ་ག ཐོག་མར་བསྙེན་པ་ཇི་ལྟར་བྱ་བ་དང་། སའི་ཆོ་ག་དང་། སྟ་གོན་དང་དཀྱིལ་འཁོར་ཇི་ལྟར་བྲི་བའི་ཚུལ་དང་། བདག་ཉིད་འཇུག་ཅིང་དབང་བླང་བ་དང་། སློབ་མ་འཇུག་ཅིང་དབང་བསྐུར་བར་གསུངས་པ་རྣམས་ནི། སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱིས་སོ་སོ་སྐྱེ་བོའི་སློབ་མ་སྨིན་པ་འབའ་ཞིག་གི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །འོ་ན་ད་ལྟའི་སྨིན་བྱེད་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཁོ་ན་དགོས་སམ། རས་བྲིས་ཀྱང་རུང་སྙམ་ན། འདིའི་དཔྱད་པ་ནི་སྤྱི་དོན་དུ་བསྟན་ཟིན་ཏོ། །གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ལ་ལ་སེམས་བསྐྱེད་ཞེས་སོགས་གསུམ་སྟེ། གསང་འདུས་སྟོད་ལུགས་པའི་འདོད་པའོ། །གཉིས་པ་ལ་གསུམ་སྟེ། བྱ་རྒྱུད་ལ་རྣམ་པར་ཕྱེ་སྟེ་ལན་བཏབ་པ། ལྷག་མ་གསུམ་ལ་མགོ་གཅིག་ཏུ་ལན་བཏབ་པ། སྒྲུབ་བྱེད་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། འདི་ཡང་ཕྱེ་སྟེ་ཞེས་སོགས་བཅུ་བདུན་ཏེ། བྱ་རྒྱུད་ལ་རྣམ་པ་གསུམ་ལས། དོན་ཞགས་དང་། བཅུ་གཅིག་ཞལ་ལ་སོགས་པ་རྣམས་ལ་དབང་བསྐུར་དང་སེམས་བསྐྱེད་གཉིས་ཀ་མ་ཐོབ་ཀྱང་སྨྱུང་གནས་སོགས་བྱེད་ནུས་ན་ཀུན་གྱིས་བསྒྲུབ་པར་གསུངས་སོ། །དམ་ཚིག་གསུམ་བཀོད་སོགས་ལས། འཇུག་པ་སེམས་བསྐྱེད་ཐོབ་ནས་དབང་བསྐུར་མ་ཐོབ་ཀྱང་ཕྲིན་ལས་འགའ་ཞིག་སྒྲུབ་པའི་ཕྱིར་ཆོ་ག་ཤེས་ན་བསྒྲུབ་པར་གསུངས་སོ། །ལེགས་གྲུབ་དང་དཔུང་བཟང་ཡན་ཆད་དུ་རང་དང་རང་གི་དཀྱིལ་འཁོར་དེའི་དབང་བསྐུར་མ་ཐོབ་ན་སོགས་སོ། །དེ་ལྟར་ལུགས་གསུམ་ལས། དང་པོའི་ལུང་ནི། ཆོ་ག་ཞིབ་མོ་ལས། སེམས་ཅན་ཐམས་ཅད་ལ་ནུས་སམ་མི་ནུས་དྲིས་ཏེ་སྦྱིན་པར་བྱའོ། །ཞེས་དང་། དུད་འགྲོའི་རྣ་ལམ་དུ་ཡང་སྒྲོགས་ཤིག་ཅེས་སོགས་གསུངས་སོ། །གཉིས་པའི་ལུང་ནི། གང་ཞིག་བྱང་ཆུབ་སེམས་བརྟན་ཅིང་། །བློ་གྲོས་ཆགས་པ་མེད་པ་དང་། །ཐམས་ཅད་དག་ཀྱང་མི་བྱེད་པ། །དེས་འདི་ངེས་པར་འགྲུབ་པར་འགྱུར། །ཞེས་སོ། །གསུམ་པའི་སོགས་ཀྱིས་སྒྲས་བསྡུས་པ་དཔུང་བཟང་ལས། གང་དག་རིགས་དང་དབང་བསྐུར་ཆོ་ག་མེད། །གང་དག་དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །གང་དག་བྱང་ཆུབ་སེམས་ནི་མ་སྐྱེས་པ། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་སོ། །གཉིས་པ་ནི། ལྷག་མ་རྒྱུད་སྡེ་ཞེས་སོགས་ཚིགས་བཅད་གཅིག་སྟེ། ལུང་རྣམས་ནི་སྤྱི་དོན་དུ་བསྟན་ཟིན་ཏོ། །གསུམ་པ་ནི་དབང་བསྐུར་ནང་གི་ཞེས་སོགས་དྲུག་སྟེ། ལེགས་གྲུབ་ཡན་ཆད་དུ། དབང་བསྐུར་མེད་ན་བསྒོམ་དུ་མི་རུང་བའི་རྒྱུ་མཚན་བསྟན་ནོ། །བཞི་པ་ནི། གཏོར་མའི་དབང་བསྐུར་ཞེས་སོགས་ཚིགས་བཅད་གཅིག་སྟེ། འདིའི་ཏིང་ངེ་འཛིན་གྱི་དབང་བསྐུར་ནི། ཆོ་ག་མེད་པར་དམིགས་པ་གཏད་པ་ཙམ་ལ་དགོངས་པ་ཡིན་གྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲུལ་ནས་སློབ་མ་ལ་སྟོན་ནུས་པའི་དབང་བསྐུར་སྨིན་བྱེད་ཡིན་པ་དགག་པ་ནི་མ་ཡིན་ནོ། །གསུམ་པ་དབང་བསྐུར་དགོས་ཀྱང་འཁྲུལ་པར་སྤྱོད་པ་དགག་པ་ལ་ལྔ་སྟེ། དབང་བསྐུར་བའི་དུས་ལ་འཁྲུལ་པ་དགག་པ། སློབ་མའི་རྒྱུད་ལ་འཁྲུལ་པ་དགག་པ། སྐུར་བྱེད་ཀྱི་དཀྱིལ་འཁོར་ལ་འཁྲུལ་པ་དགག་པ། རྒྱུད་སྡེའི་ཁྱད་པར་ལ་འཁྲུལ་པ་དགག་པ། ཆོས་སྒོའི་མིང་ལ་འཁྲུལ་པ་དགག་པའོ། །དང་པོ་ནི། འགའ་ཞིག་གསང་སྔགས་ཞེས་སོགས་བཅུ་སྟེ། གསང་འདུས་སྟོད་ལུགས་པ་འགའ་དང་། རྣམ་དབྱེ་ཆུང་བའི་སྔགས་པར་ཁས་འཆེ་བ་འགའ་ཞིག གསང་སྔགས་ད་ལྟ་དབང་མ་ཐོབ་པར་སྤྱོད་ཅིང་། དབང་བསྐུར་ཕྱིས་ནས་སོགས་ཏེ། སློབ་དཔོན་ལྟུང་བ་ཅན་དུ་འགྱུར་བ་ནི། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཞེས་དང་། སློབ་མའང་སྔོན་དུ་ཉམས་པར་འགྱུར་བ་ནི། དེ་ཉིད་བསྡུས་པ་ལས། དེ་ནི་འདི་ལྟར་དཀྱིལ་འཁོར་ཆེན་པོ་མ་མཐོང་བའི། སེམས་ཅན་དེ་དག་གིས་ཕྱག་རྒྱ་བཅིང་བར་བྱས་ནས། དེའི་ཚེ་དེ་དག་དེ་ལྟར་འགྲུབ་པར་མི་འགྱུར་རོ། །དེ་ནས་དེ་དག་ཐེ་ཚོམ་དུ་འགྱུར་ཏེ། གནོད་པ་མ་སྤངས་པས་མྱུར་བ་ཉིད་དུ་དུས་བྱས་ནས་དམྱལ་བ་ཆེན་པོ་མནར་མེད་པ་ཞེས་བྱ་བར་ལྟུང་བར་གྱུར་ཏོ། །ཁྱོད་ཉིད་ཀྱང་ངན་སོང་དུ་ལྟུང་བར་འགྱུར་རོ། །ཞེས་དང་། བཞི་བརྒྱ་པ་ལས། ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། གཅོད་ཡུལ་བ་ལ་ལ་སེམས་ཉིད་ཞེས་སོགས་བཅུ་དགུའོ། །གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཁ་ཅིག་ཆོ་ག་ཞེས་སོགས་གསུམ་སྟེ། ཕྱག་རྒྱ་བ་ཁ་ཅིག ཆོ་གའི་རྣམ་གཞག་མེད་བཞིན་དུ། བླ་མའི་ལུས་དཀྱིལ་ལས་དབང་བཞི་རྫོགས་པར་ལེན་པར་འདོད་དེ། ལུས་བཙུན་མོ་ལྟ་བུར་སྐུ་ལ་འཁྲིལ། །སྙིང་ལ་སྙིང་སྤྲད་དཔྲལ་བ་གཏུགས། །དུས་དེར་དབང་རྫོགས་སེམས་ལ་བསྐུར། །ཆོས་རྫོགས་དོན་གྱི་ངོ་བོ་མཐོང་། །ཞེས་ཟེར་རོ། །གཉིས་པ་ལ་གསུམ་སྟེ། ཆོ་ག་མེད་པ་ལ་གནོད་བྱེད་བསྟན། ཆོ་ག་ཡོད་པའི་སྒྲུབ་བྱེད་བརྗོད། བདེན་གཉིས་ཀྱི་སྒོ་ནས་ཆོ་ག་ཐམས་ཅད་མཚུངས་པར་བསྟན་པའོ། །དང་པོ་ནི། འོ་ན་དགེ་ཚུལ་ཞེས་སོགས་ཚིགས་བཅད་གསུམ་སྟེ། རྒྱུ་མཚན་དེའི་ཕྱིར་ན་དབང་བསྐུར་དུ་མ་ཟད་སངས་རྒྱས་ཀྱིས་གསུངས་པའི་སྡོམ་གསུམ་གྱི་ཆོ་ག་ཐམས་ཅད་སྤོང་བར་རིགས་པར་ཐལ་ལོ། །གཉིས་པ་ནི། གལ་ཏེ་ཆོ་ག་ཞེས་སོགས་ཚིགས་བཅད་གསུམ་སྟེ། རྐང་པ་དང་པོ་ལྔས་ཆོ་ག་མེད་པའི་ཉེས་དམིགས་བསྟན། དེ་ནས་གཉིས་ཀྱིས་དབང་བསྐུར་ལ་ཆོ་ག་དགོས་པར་བསྟན། ལྷག་མ་གཉིས་ཀྱིས་དབང་བསྐུར་གྱི་ཆོ་ག་སྤོང་མི་རིགས་པར་བསྟན་ནོ། །འདི་དག་ཀྱང་སྨིན་བྱེད་ཀྱི་དབང་བླ་མའི་ལུས་དཀྱིལ་ལས་ལེན་པ་དགག་པ་ཡིན་གྱི་སྤྱིར་དབང་ལེན་པ་ཙམ་དགག་པ་ནི་མ་ཡིན་པར་ཤེས་པར་བྱའོ། །གསུམ་པ་ནི། དེ་ཕྱིར་དམ་པའི་ཞེས་སོགས་ཉེར་གསུམ་སྟེ། ཀུན་རྫོབ་ཏུ་སྡོམ་པ་གསུམ་ཅར་གྱི་ཆོ་ག་ཐམས་ཅད་ཡོད་མཚུངས་ཡིན་ཅིང་། དོན་དམ་དུ་མེད་མཚུངས་ཡིན་ཏེ། ལང་གཤེགས་ལས། ཀུན་རྫོབ་དུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །དེས་ན་དངོས་པོ་གཅིག་ཉིད་ལ། །ཡོད་དང་མེད་པ་ཇི་ལྟར་འགལ། །ཞེས་གསུངས་སོ། །དེས་ན་སོ་ཐར་ལ་སོགས་པའི་ཆོ་ག་ལ་ལ་དགོས་བཞིན་དུ། སྨིན་བྱེད་ལ་ལའི་ཆོ་ག་མི་དགོས་ཞེས་སྨྲ་བ་སོགས་ཏེ། མདོ་སྡུད་པ་ལས། ཆོས་བཏང་ནས་ནི་ཆོས་མིན་བྱ་བ་སྤྱོད་འགྱུར་བ། །ལམ་བོར་ལམ་གོལ་འགྲོ་བ་འདི་ནི་བདུད་ཀྱི་ལས། །ཞེས་སོགས་སོ། །བཞི་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཁ་ཅིག་བྱ་བའི་ཞེས་སོགས་ཚིགས་བཅད་གཅིག་སྟེ། སྔོན་གྱི་དོན་ཞགས་པ་དང་། ཕྱག་རྒྱ་པ་ཁ་ཅིག་འདོད་པའོ། །འདུལ་བ་སེང་གེས་འདི་པཎྜི་ཏ་ཨ་བྷ་ཡ་ཀ་རའི་འདོད་པ་ལ་སྦྱོར་བ་ནི། འདི་བོད་ཀྱི་འདོད་པ་འགོག་པའི་སྐབས་ཡིན་ཅིང་། བྱ་རྒྱུད་ལ་དབང་བཞི་སྦྱར་བ་པཎྜི་ཏ་དེའི་དགོངས་པ་མ་ཡིན་པས་མི་འཐད་དམ་སྙམ་དུ་སེམས་སོ། །གཉིས་པ་ནི། འདི་ཡང་སངས་རྒྱས་ཞེས་སོགས་བཅུ་བདུན་ཏེ། རྒྱུད་སྡེ་རང་གི་ངོས་ནས་འོག་མ་གསུམ་ལ་སྨིན་བྱེད་ཀྱི་དུས་སུ་དབང་བཞི་ཡང་མེད་ཅིང་། གྲོལ་བྱེད་ཀྱི་དུས་སུ་རིམ་པ་གཉིས་ཀྱང་མེད་པས། གཞུང་འདི་དག་སྒྲ་ཇི་བཞིན་དུ་བཤད་པར་བྱའོ། །ཁ་ཅིག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཕྲིན་ཡིག་ལས། བཅོམ་ལྡན་ཁྱོད་ཀྱིས་གསང་སྔགས་ལམ། །རིམ་པ་གཉིས་སུ་བསྡུས་ཏེ་གསུངས། །ཞེས་སོགས་ལ་འཁྲུལ་ནས་རྒྱུད་སྡེ་འོག་མ་ལ་རིམ་གཉིས་ཡོད་པར་བསམས་ཏེ། དབང་བཞི་མེད་པས་དེ་ལ་ལྟོས་པའི་རིམ་གཉིས་མེད་པ་ཡིན་གྱི། སྤྱིར་རིམ་གཉིས་ཡོད་དོ་ཞེས་སྨྲ་བ་རྣམས་སྤྱི་དོན་དུ་བཀག་ཟིན་པས་དེར་བལྟ་བར་བྱའོ། །རྒྱུད་སྡེ་བཞི་ལ་དབང་མི་འདྲ་བ་རྣམ་པ་བཞི་ཡོད་པ་ནི། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་ཕྱེ། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ལྟར་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་ཡིན་ལ། ལམ་གྱི་དབྱེ་བ་མི་འདྲ་བ་བཞི་ནི་གོང་དུ་བཤད་ཟིན་ཏོ། །ལྔ་པ་ལ་གསུམ་སྟེ། མོས་པ་ཆོས་སྒོ་ཡིན་པ་དགག དབང་ལས་གསང་སྔགས་ལོགས་ན་ཡོད་པ་དགག དབང་ལས་གསང་སྔགས་ལོགས་ན་མེད་པའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ལ་ལ་དབང་བསྐུར་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཕྱག་རྒྱ་བ་ཁ་ཅིག་འདོད་པའོ། །གཉིས་པ་ནི། འོ་ན་སྡོམ་པ་ཞེས་སོགས་བཅུ་བཞིའོ། །གཉིས་པ་ནི། དེས་ན་ཆོས་སྒོ་ཞེས་སོགས་བཅུ་བཞི་སྟེ། ཆོས་སྒོ་ཞེས་བྱ་བ་རྒྱུད་སྡེའི་ཐ་སྙད་ལ་མེད་ཀྱང་གསར་དུ་བཟོས་པའི་མིང་གིས་འཁྲུལ་གཞི་བྱས་ནས་དབང་བསྐུར་ཆོས་སྒོ་སོགས་སོ། །གསུམ་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། དེས་ན་སྙིང་གཏམ་ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ནི། ཕུང་པོ་ཁམས་དང་ཞེས་སོགས་བཅོ་ལྔ་སྟེ། འོ་ན་རྟེན་འབྲེལ་བསྒྲིག་པའི་ཚུལ་ཇི་ལྟར་ཡིན་སྙམ་ན། སྦྱང་གཞི་སློབ་མའི་ཕུང་ཁམས་སྐྱེ་མཆེད་རྣམས་ལ། རྡོ་རྗེ་སློབ་དཔོན་དག་བྱ་དག་བྱེད་ངོ་སྤྲོད་ཤེས་པས་གདན་གསུམ་ཚང་བའི་སངས་རྒྱས་ཀྱི་ས་བོན་བཏབ་ནས། ཚེ་འདིར་སངས་རྒྱས་བྱེད་པའི་ཐབས་ལ་དབང་བསྐུར་ཞེས་སུ་བཏགས་པ་ཡིན་ནོ། །དེས་ན་གང་ཟག་དབང་པོ་རབ་ཨིནྡྲ་བྷཱུ་ཏི་ལྟ་བུ་དབང་བསྐུར་ཉིད་ཀྱིས་གྲོལ་བར་གསུངས་པ་ཡང་། དབང་བསྐུར་གསང་སྔགས་ཀྱི་ལམ་གྱི་གཙོ་བོ་ཡིན་པའི་རྒྱུ་མཚན་གྱིས་གྲོལ་བ་ཡིན་གྱི། དབང་བསྐུར་ཆོས་སྒོ་ཙམ་དུ་བྱས་ནས་གསང་སྔགས་ལོགས་ན་བསྒོམ་རྒྱུ་ཡོད་ན། དབང་བསྐུར་ཁོ་ནས་ཇི་ལྟར་གྲོལ་ལེགས་པར་སེམས་ལ་སྨྲོས་ཤིག དབང་གིས་གྲོལ་བར་མི་ནུས་པའི་གང་ཟག་གཞན་འབྲིང་དང་ཐ་མ་དག་ལ་བསྒོམ་དགོས་ཀྱང་། སྔར་དབང་བསྐུར་ཐོབ་པ་དེ་བསྲུང་ཞིང་འཕེལ་བར་བྱེད་པ་ལ་བསྒོམ་པ་ཞེས་སུ་བཏགས་པ་ཡིན་ཏེ། བསྐྱེད་རིམ་བསྒོམ་པ་ནི་བུམ་དབང་གི་དུས་སུ་ཕུང་ཁམས་སྐྱེ་མཆེད་ལྷར་བསྐྱེད་པ་དེ་བསྒོམ་པ་ཡིན་ཅིང་། རྫོགས་རིམ་བསྒོམ་པ་ནི་དབང་གོང་མ་གསུམ་གྱི་དུས་སུ་ངག་ལ་ལོངས་སྤྱོད་རྫོགས་སྐུ་དང་། ཡིད་ལ་ཆོས་སྐུ་དང་། གསུམ་ཀ་ལ་ངོ་བོ་ཉིད་སྐུའི་ས་བོན་བཏབ་པ་དེ་བསྲུང་ཞིང་འཕེལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ན་རྡོ་རྗེ་ཐེག་པ་བླ་མེད་ཀྱི་སྒོར་ཞུགས་ནས། དབང་བསྐུར་བ་རྣམ་པ་བཞི་ལས་གཞན་པའི་ཆོས་མེད་དེ། སྦྱང་གཞིའི་ལུས་ཀྱང་དབང་བཞིའི་ཚུལ་དུ་གནས། དེ་ལ་རྡོ་རྗེ་སློབ་དཔོན་གྱིས་དབང་བཞི་བསྐུར། དེ་ཉིད་ལམ་གྱི་དུས་སུ་ཡང་དབང་བཞིའི་ཚུལ་དུ་བསྒོམ། འབྲས་བུའི་དུས་སུ་ཡང་དབང་བཞིའི་ཚུལ་དུ་སངས་རྒྱ་བ་ཡིན་པས། རྒྱུ་ལ་འབྲས་བུའི་རྒྱས་གདབ་ཅིང་། འབྲས་བུ་ལ་རྒྱུའི་རྒྱས་གདབ་པའི་གནད་དམ་པ་རྣམས་འདིའི་སྐབས་སུ་ཤེས་པར་བྱ་དགོས་སོ། །དབང་བསྐུར་ལས་གཞན་པའི་གསང་སྔགས་ཀྱི་ཉམས་ལེན་མེད་པའི་དཔེ་ནི། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ལ་སེམས་བསྐྱེད་མ་ཡིན་པའི་ཆོས་གཞན་མེད་པ་བཞིན་ཏེ། དེ་ལ་ཡང་ཐོག་མར་སེམས་བསྐྱེད་བླངས་པའི་ཚེ། སངས་རྒྱས་སྒྲུབ་པའི་ཐབས་ཁྱད་པར་ཅན་གྱི་ས་བོན་སེམས་ལ་བཏབ་པ་ཡིན་ཅིང་། དེའི་ཚེ་ཉེས་སྤྱོད་སྤོང་བ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེའི་ས་བོན་སེམས་ལ་བཏབ་པ་དེ་ཉིད་བསྲུང་ཞིང་འཕེལ་བར་བྱེད་པ་ལས་གཞན་པའི་ཐེག་པ་ཆེན་པོའི་ཆོས་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །གནད་འདི་དག་ནི་ཁོ་བོ་འབའ་ཞིག་གི་སྤྱོད་ཡུལ་ཡིན་ནོ། །གསུམ་པ་ནི། དེས་ན་ཐུབ་པས་ཞེས་སོགས་ཚིགས་བཅད་གཅིག་སྟེ། རྒྱུད་སྡེ་རྣམས་དང་། མཁས་གྲུབ་ཀྱི་གཞུང་རྣམས་ལས་དབང་བསྐུར་བའི་ཕན་ཡོན་དང་། མ་བསྐུར་བའི་ཉེས་དམིགས་དཔག་ཏུ་མེད་པ་གསུངས་པའི་སྒོ་ནས་དབང་བསྐུར་ཁོ་ན་ལ་བསྔགས་པ་ནི། དབང་བསྐུར་གསང་སྔགས་ཀྱི་ལམ་གྱི་རྩ་བ་ཡིན་པ་དེས་ནའོ། །ལུང་རྣམས་ནི་སྤྱི་དོན་དུ་བལྟ་བར་བྱའོ། །བཞི་པ་དབང་བསྐུར་མུ་བཞིར་འདོད་པ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ལ་ལ་དབང་བསྐུར་ཞེས་སོགས་ལྔ་སྟེ། ཏི་ཕུ་པ་དང་། རས་ཆུང་པ་སོགས་ཀྱི་འདོད་པའོ། །གཉིས་པ་ལ་བཞི་སྟེ། མུ་བཞི་སྒྲུབ་བྱེད་ཀྱི་ལུང་མེད་པ། རིགས་པས་སྒྲུབ་ན་ཀུན་ལ་མཚུངས་པ། མུ་བཞི་ཡོད་ཀྱང་ཤེས་པར་མི་ནུས་པ། ནུས་ན་དབང་བསྐུར་དགོས་པར་གྲུབ་པའོ། །དང་པོ་ནི། འདི་འདྲར་གང་ནའང་ཞེས་སོགས་གཉིས་སོ། །གཉིས་པ་ནི། འོན་ཀྱང་འདི་ཡང་ཞེས་སོགས་བཅུ་གཅིག་གོ །གསུམ་པ་ནི། གལ་ཏེ་མུ་བཞི་ཞེས་སོགས་དྲུག་གོ །བཞི་པ་ནི། གལ་ཏེ་མུ་བཞི་བདེན་ཞེས་སོགས་བཅུའོ། །གསུམ་པ་དབང་ལས་ཐོབ་པའི་དམ་ཚིག་ལ་འཁྲུལ་པ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཁ་ཅིག་གསང་སྔགས་ཞེས་སོགས་གསུམ་སྟེ། རྙིང་མ་བ་ཁ་ཅིག་གསང་སྔགས་སྤྱིར་གསང་བར་བྱ་བ་ཡིན་པ་ལ་འོན་ཀྱང་ཡེ་གསང་ཞེས་བྱ་བའི་ཐབས་ཀྱིས་ཆོད་པའི་ཕྱིར་ན། དབང་གིས་མ་སྨིན་པའི་སེམས་ཅན་ལ་གསང་བ་བསྒྲགས་པ་ལ་ལྟུང་བ་མེད་དོ། །ཞེས་ཟེར་རོ། །གཉིས་པ་ནི། འདི་ཡང་ཅུང་ཟད་ཞེས་སོགས་བཅོ་ལྔ་སྟེ། ཡེ་གསང་གི་དོན་གསང་སྔགས་ཀྱི་ཚིག་དོན་གོ་བ་མེད་པ་ལ་ཡེ་ནས་གསང་བ་ཡིན་ཟེར་ན། འོ་ན་གོ་བའི་སོགས་ཏེ། རྒྱུད་རྡོ་རྗེ་ཕྲེང་བ་སོགས་ལས། དབང་མ་བསྐུར་བ་ལ་གསང་སྔགས་བཤད་པའི་ཉེས་དམིགས་མང་དུ་གསུངས་པ་དང་། གཞན་ཡང་དགྲ་ནག་གི་རྒྱུད་དང་། རྡོ་རྗེ་གུར་དང་། དེ་ཉིད་བསྡུས་པ་དང་། རྡོ་རྗེ་སྙིང་པོ་རྒྱན་ལ་སོགས་པ་རྣམས་ལས། དབང་མ་བསྐུར་བའི་སེམས་ཅན་ལ་གསང་སྔགས་སྒྲོགས་པ་ལ་ལྟུང་བ་འབྱུང་བར་གསུངས་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལས་ཀྱང་། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །ཞེས་ལྟུང་བར་གསུངས་པའི་ཕྱིར་རོ། །དེས་ན་སྨིན་བྱེད་ཀྱི་སྐབས་སུ་ཆོས་སྒོ་ཞེས་བྱ་བ་དང་། དམ་ཚིག་གི་སྐབས་སུ་ཡེ་གསང་ཞེས་བྱ་བའི་ཐ་སྙད་རྣམས་ནི་བསྟན་པ་ལ་གནོད་པའི་ཚིག་ཡིན་པས་ཐ་སྙད་ཙམ་ཡང་སྤངས་ཏེ། སྨིན་བྱེད་ཀྱི་དབང་བླ་མ་ཚད་ལྡན་ལས་རྒྱུད་སྡེ་ལས་ཇི་ལྟར་གསུངས་པ་བཞིན་བླངས་ནས་དམ་ཚིག་དང་། སྡོམ་པ་ཚུལ་བཞིན་དུ་བསྲུང་བ་ལ་འབད་པར་བྱའོ། །གཉིས་པ་གྲོལ་བྱེད་འཁྲུལ་པ་མེད་པའི་རིམ་གཉིས་ལ་བཞི་སྟེ། ལམ་གྱི་གཙོ་བོ་མི་དགོས་པར་འདོད་པ་དགག ལམ་གྱི་གཙོ་བོ་ངོས་བཟུང་བ། སངས་རྒྱས་ཐོབ་པར་འདོད་པས་དེ་ལ་བསླབ་པར་གདམས་པ། དེ་དག་དང་མ་འབྲེལ་བའི་ཆོས་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཁ་ཅིག་འཁྲུལ་དང་ཞེས་སོགས་ཚིགས་བཅད་བཞི་སྟེ། ཕྱག་རྒྱ་བ་ཁ་ཅིག་ན་རེ། སངས་རྒྱས་སྒྲུབ་པའི་ཐབས་ལམ་ལ་འཁྲུལ་པ་དང་མ་འཁྲུལ་པའི་དབྱེ་བ་མེད་ཅིང་། མཐའ་གཅིག་ཏུ་ངེས་པ་ཡང་མ་ཡིན་ཏེ། རླུང་དང་གཏུམ་མོ་ལ་སོགས་པའི་ཐབས་ལམ་ཕྱོགས་རེ་བས་གྲུབ་པ་ཐོབ་པ་ཡོད་པའི་ཕྱིར་ཏེ། དཔེར་ན་ལྟ་བ་རྟོགས་པས་ཞེས་སོགས་སོ། །གོ་རཀྵ་བ་ལང་བསྲུང་བའོ། །ཨིནྡྲ་བྷཱུ་ཏི་འདོད་ཡོན་གྱིས་ཞེས་པ་ནི། བཙུན་མོའི་ཚོགས་དང་ལྷན་ཅིག་རོལ་ཞིང་། རྒྱལ་སྲིད་ཀྱི་འདོད་ཡོན་ལ་ལོངས་སྤྱོད་པའོ། །རྒྱུ་རྐྱེན་གྱི་རྟེན་འབྲེལ་ཐམས་ཅད་ཚོགས་པ་ལས། བིརྺ་པ་ལ་གྲུབ་ཐོབ་འབྱུང་བས། འདི་འདྲའི་ཐབས་ལམ་སྣ་ཚོགས་ཀྱིས་སངས་རྒྱ་བ་ལ་བསྐུར་པ་གདབ་ཏུ་མི་རུང་ངོ་ཞེས་ཟེར་རོ། །གཉིས་པ་ལ་ལྔ་སྟེ། ཕྱོགས་རེའི་ཐབས་ཀྱིས་གྲོལ་བ་དགག རིམ་གཉིས་ཐབས་ཀྱི་གཙོ་བོར་བསྟན། གཙོ་བོ་ཡིན་པའི་སྒྲུབ་བྱེད་དགོད། ཕྱོགས་རེའི་ཐབས་ཀྱི་དགོས་པ་བསྟན། སྒྲོ་སྐུར་སྤངས་ནས་གཙོ་བོར་བསྒྲུབ་པར་བསྟན་པའོ། །དང་པོ་ནི། འདི་ཡང་ལེགས་པར་ཞེས་སོགས་བདུན་ཏེ། ཐབས་དང་ཤེས་རབ་གཉིས་ལས་གཞན་པའི་སངས་རྒྱས་སྒྲུབ་པའི་ཐབས་མེད་པས། གོང་དུ་བཤད་པའི་གྲུབ་ཐོབ་རྣམས་ཀྱང་། རླུང་དང་གཏུམ་མོ་ལ་སོགས་པ་ཐབས་ལམ་ཕྱོགས་རེ་བས་གྲོལ་བ་མ་ཡིན་གྱི། དབང་དང་རིམ་གཉིས་ལས་བྱུང་བའི་ཐབས་ཤེས་ཟུང་འཇུག་གི་ཡེ་ཤེས་སྐྱེས་པས་གྲོལ་བ་ཡིན་ནོ། །གཉིས་པ་ནི། ལྟ་བ་དང་ནི་ཞེས་སོགས་དྲུག་སྟེ། སྟོང་ཉིད་རྟོགས་པའི་ལྟ་བ་རྐྱང་པ་དང་། བསྐྱེད་རིམ་རྐྱང་པ་སོགས་ཀྱིས་གྲོལ་བ་མ་ཡིན་ཏེ། སངས་རྒྱས་སྒྲུབ་པ་ལ་ཐབས་ཤེས་རབ་གཉིས་ཅར་དགོས་པའི་ཕྱིར་རོ། །འོ་ན་གྲོལ་བྱེད་ཀྱི་ལམ་གྱི་གཙོ་བོ་གང་ཞེ་ན་དབང་བསྐུར་བའི་ཞེས་སོགས་སོ། །གསུམ་པ་ནི། བསྐྱེད་རིམ་རླུང་དང་ཞེས་སོགས་བཅུ་གསུམ་སྟེ། རིམ་པ་གཉིས་པོ་སངས་རྒྱས་སྒྲུབ་པའི་ལམ་གྱི་གཙོ་བོ་ཡིན་པའི་རྒྱུ་མཚན་གང་ཡིན་ཞེ་ན། གོང་དུ་བཤད་པའི་གྲུབ་ཐོབ་རྣམས་ཀྱི་ཡེ་ཤེས་སྐྱེ་བའི་སྣ་འདྲེན་ཐམས་ཅད་འདིར་འདུས་ཤིང་། འདི་གཉིས་ཡོད་ན་ཐབས་ལམ་ཕྱོགས་རེ་བ་འགའ་ཞིག་མ་ཚང་ཡང་སངས་རྒྱས་བསྒྲུབ་པར་ནུས་ལ། གཙོ་བོ་འདི་གཉིས་མ་ཚང་ན་ཐབས་ལམ་ཕྱོགས་རེ་བས་གྲོལ་བ་མི་སྲིད་པའི་ཕྱིར་རོ། །གོང་དུ་བཤད་པའི་ཐབས་ལམ་ཕྱོགས་རེ་བ་རྣམས་འདིར་འདུས་པའི་རྒྱུ་མཚན་ནི། བསྐྱེད་རིམ་ནི་བསྐྱེད་རིམ་དངོས་ཡིན་ལ། རླུང་ཞི་དྲག་དང་། གཏུམ་མོའི་དམིགས་པ་སོགས་ནི་རྫོགས་རིམ་དངོས་ཡིན་པས། དེ་གཉིས་ལས་ཐ་དད་མ་ཡིན་ཞིང་། བྱིན་རླབས་ནི་རིམ་གཉིས་དེ་ལས་བྱུང་བ་ཡིན། ལྟ་བ་ནི་དེ་གཉིས་དག་པར་བྱེད་པའི་ཐབས་ཡིན་ལ། ཕྱག་རྒྱ་ཆེན་པོ་ནི་དེ་ལས་སྐྱེས་པའི་ཡེ་ཤེས་ཡིན། རིམ་གཉིས་བོགས་དབྱུང་བར་བྱེད་པ་ནི་སྤྱོད་པ་ཡིན་ཅིང་། དེ་ལ་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་ལས། ཨིནྡྲ་བྷཱུ་ཏིས་མཛད་པ་ནི་དང་པོ་ཡིན་ལ། ཞི་བ་ལྷས་མཛད་པ་ནི་གཉིས་པ་ཡིན་ཅིང་། དེ་ལ་བྷུ་སུ་ཀུ་ཞེས་ཀྱང་གསུངས། རིམ་གཉིས་བརྟན་པར་བྱ་བའི་ཕྱིར་བིརྺ་པ་ལ་སོགས་པའི་གྲུབ་ཐོབ་རྣམས་ཀྱིས་མཛད་པ་ནི་གསུམ་པ་ཡིན་ཅིང་། དེ་ལ་ཀུན་ཏུ་བཟང་པོའི་སྤྱོད་པར་ཡང་བཤད་དོ། །བཞི་པ་ནི། དེས་ན་རྒྱུ་རྐྱེན་ཞེས་སོགས་བཅུ་སྟེ། ཐབས་ཤེས་རབ་གཉིས་ཀྱི་རྒྱུ་རྐྱེན་མཐའ་དག་མ་ཚང་བར་སངས་རྒྱས་མི་འབྱུང་བས། རླུང་དང་གཏུམ་མོ་ཕྱོགས་རེའི་ཐབས་ཀྱིས་གྲོལ་བ་མ་ཡིན་མོད། འོན་ཀྱང་དེ་དག་ལ་དགོས་པ་མེད་པ་ཡང་མ་ཡིན་ཏེ། ཚེ་སྔ་མའི་ལས་འཕྲོའི་བྱེ་བྲག་དང་། ནང་གི་རྩ་ཁམས་ལ་སོགས་པའི་རྟེན་འབྲེལ་གྱི་ཁྱད་པར་གྱིས་ཟུང་འཇུག་གི་ཡེ་ཤེས་སྐྱེ་བའི་སྣ་འདྲེན་ཐབས་ལམ་རེ་རེ་བདག་གིས་ཀྱང་བྱེད་པར་གསུངས་པའི་ཕྱིར་རོ། །དཔེར་ན་ནད་པའི་ལུས་རྟས་པ་བཟའ་བཏུང་གིས་བྱེད་ཀྱང་། དེའི་ཡི་ག་འབྱེད་པ་ནི། བད་ཀན་ལ་སོགས་པའི་ཁམས་ཀྱི་བྱེ་བྲག་གིས་ཟས་ཀྱི་ཁྱད་པར་སེའུ་འབྲུ་ལ་སོགས་པས་བྱེད་པ་བཞིན་ནོ། །ལྔ་པ་ནི། དེ་ཕྱིར་ཐབས་ཀྱི་ཞེས་སོགས་དྲུག་སྟེ། ཐབས་ལམ་རེ་རེ་བའི་དགོས་པ་དང་། ཐབས་ལམ་གྱི་གཙོ་བོའི་དགོས་པ་སོ་སོར་ཤེས་པར་བྱས་ནས། རེ་རེ་བས་ཕན་པར་མི་འཛིན་པར་ལམ་གྱི་གཙོ་བོ་སྨིན་གྲོལ་གཉིས་ལ་འབད་པར་བྱའོ། །གཉིས་པ་ལ་གཉིས་ཏེ། དཔེའི་སྒོ་ནས་འབྲས་བུ་འགྲུབ་པའི་དུས་བསྟན་པ། ཉམས་ལེན་གྱི་སྒོ་ནས་ལམ་བགྲོད་ཚུལ་སོ་སོར་བཤད་པའོ། །དང་པོ་ནི། སོ་ནམ་ཚུལ་བཞིན་ཞེས་སོགས་ཚིགས་བཅད་གཉིས་ཏེ་གོ་སླའོ། །གཉིས་པ་ལ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་བགྲོད་ཚུལ། རྡོ་རྗེ་ཐེག་པའི་ལམ་གྱི་བགྲོད་ཚུལ་ལོ། །དང་པོ་ནི། སྟོང་ཉིད་སྙིང་རྗེ་ཞེས་སོགས་ཉི་ཤུ་རྩ་གཉིས་ཏེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གཙོ་བོར་བསྒོམ་པ་ནི། ཕ་རོལ་ཏུ་ཕྱིན་པའི་ལམ་བགྲོད་ཚུལ་ཡིན་ལ། དེས་གང་ཟག་དབང་པོ་རྣོ་བ་དང་། བརྩོན་འགྲུས་མྱུར་བ་ཡིན་ན་ཡང་། བསྐལ་པ་གྲངས་མེད་གསུམ་གྱིས་དཀའ་བ་སྤྱད་དགོས་ཤིང་། ཐེག་པ་ཆེན་པོའི་སྡེ་སྣོད་ཀུན་ལས་བཤད་པའི་སངས་རྒྱས་བསྒྲུབ་པའི་ལམ་པོ་ཆེ་ལམ་ཡིན་མིན་གྱི་རྩོད་པ་ཀུན་ལས་གྲོལ་བའི་ཆོས་ཡིན་པས་ཐེག་པ་ཆེན་པོའི་མཁས་པ་ཀུན་གྱིས་ཀྱང་གུས་པས་བསྟེན་པ་ཡིན་ནོ། །འདི་བཞིན་དུ་བསྒྲུབ་པར་འདོད་ན། རྡོ་རྗེ་ཕག་མོའི་བྱིན་རླབས་ལ་སོགས་པ་རྣམས་མི་དགོས་ཀྱི། འོན་ཀྱང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་རྣམས་ལས་འབྱུང་བ་བཞིན་བྱང་ཆུབ་མཆོག་ཏུ་སོགས་སོ། །གཉིས་པ་ནི། ཕ་རོལ་ཕྱིན་གཞུང་ཞེས་སོགས་བཅོ་ལྔ་སྟེ། ཕ་རོལ་ཏུ་ཕྱིན་པའི་གཞུང་ལས་བཤད་པའི་བསྐལ་པ་གྲངས་མེད་གསུམ་གྱིས་དཀའ་སྤྱད་མི་ནུས་པར། སེམས་ཅན་གྱི་སྡུག་བསྔལ་ལ་དམིགས་པའི་སྙིང་རྗེ་ཤིན་ཏུ་ལྷག་པར་གྱུར་པས། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་ཚེ་འདིའམ། བར་དོ་ལ་སོགས་སུ་སངས་རྒྱས་བསྒྲུབ་པར་འདོད་ན། ཐོག་མར་སྨིན་བྱེད་ནོར་བ་མེད་པའི་དབང་བཞི་བླང་དགོས་ཏེ། དེ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ཡིན་པའི་ཕྱིར་རོ། །དབང་པོ་ཤིན་ཏུ་རྣོ་ཞིང་བསོད་ནམས་བསགས་པ་རྣམས་ནི། དེ་ཙམ་གྱིས་གྲོལ་བ་ཡང་སྲིད་མོད་ཀྱི། གལ་ཏེ་མ་གྲོལ་ན་དབང་བསྐུར་དེ་ཉིད་འཕེལ་ཞིང་རྒྱས་པར་བྱེད་པ་ལ་ཐ་མལ་གྱི་སྣང་བ་དག་པའི་སྣང་བར་བསྒྱུར་བར་བྱེད་པའི་བསྐྱེད་རིམ་དང་། དེ་ཉིད་བདེ་ཆེན་གྱི་ཡེ་ཤེས་སུ་བསྒྱུར་བར་བྱེད་པའི་རྫོགས་རིམ་རྒྱུད་སྡེ་ལས་ཇི་ལྟར་བཤད་པ་བཞིན་འཁྲུལ་པ་མེད་པར་བསྒོམ་པར་བྱའོ། །དབང་དང་རིམ་གཉིས་ལས་བྱུང་བའི་མཚོན་བྱེད་དཔེའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ནམ་ཞིག་སྐྱེས་པའི་ཚེ། དེ་ཉིད་ཡང་ནས་ཡང་དུ་གོམས་པར་བྱས་ཏེ། དྲོད་ཐོབ་པའི་རྟགས་མཉམ་གཞག་ཏུ་འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་པ་སྙམ་བྱེད་པའི་ཚེ། འཁོར་འདས་ལ་བླང་དོར་ཐ་དད་དུ་མི་འཛིན་པར་རོ་མཉམ་དུ་བསྲེ་བའི་ཕྱིར་ཀུན་འདར་གྱི་སྤྱོད་པ་ལ་སོགས་པ་རིམ་གཉིས་བོགས་དབྱུང་བར་བྱེད་པའི་སྤྱོད་པ་རྣམས་སྤྱོད། དེ་ལྟར་སྤྱད་པས་ཕྱི་རོལ་པུ་ལི་ར་མ་ལ་ཡ་ལ་སོགས་པའི་ཡུལ་སུམ་ཅུ་སོ་བདུན་དབང་དུ་འདུས་པ་ན། ནང་ལུས་ཀྱི་སྤྱི་བོ་ལ་སོགས་པའི་ཡུལ་སོ་བདུན་གྱི་རླུང་སེམས་དབུ་མར་ཞུགས་ཏེ། ས་ལམ་བགྲོད་ནས་རྡོ་རྗེ་འཛིན་པའི་ས་བཅུ་གསུམ་པ་ཐོབ་པར་འགྱུར་རོ། །ལམ་གྱི་བགྲོད་ཚུལ་འདི་ལྟ་བུ་འདི་ནི། དུས་གསུམ་སངས་རྒྱས་ཞེས་སོགས་སོ། །རྡོ་རྗེ་ཐེག་པའི་སའི་རྣམ་པར་གཞག་པ་ནི་བརྟག་གཉིས་སུ། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཚནྡྷོ་ཉེ་བའི་ཚནྡྷོ་དང་། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །ཅེས་གསུངས་ཤིང་། བདེ་མཆོག་རྩ་རྒྱུད་དང་། སམྦུ་ཊིར། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡྷོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚནྡྷོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །ཅེས་འཐུང་གཅོད་ཉེ་བའི་འཐུང་གཅོད་མ་གཏོགས་པ་གཞན་བཅུ་པོ་ཕ་རོལ་ཏུ་ཕྱིན་པའི་ས་བཅུ་དང་སྦྱར་ཞིང་། འགྲེལ་པ་ཀུ་མུ་ཏིར་རྒྱུད་རྒྱས་པའི་ལུང་དྲངས་པར། འཐུང་གཅོད་དཔེ་མེད་ཡེ་ཤེས་ཏེ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཆེ། །ཞེས་དང་རྒྱུད་གཞན་ལས། རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་པ་ཡང་ཡོད་དོ། །འདི་དག་གི་དོན་ལ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་བཞེད་པས། ས་ལྷག་མ་གསུམ་པོ་རྡོ་རྗེ་ཐེག་པའི་ལམ་ཁོ་ནས་བགྲོད་པར་བྱ་བ་ཡིན་པས། ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་བགྲོད་མི་ནུས་པ་ཡིན་ནོ། །ཕར་ཕྱིན་ཐེག་པ་ནས་ས་བཅུ་གཅིག་པ་སངས་རྒྱས་སུ་བཤད་པ་དང་། རྡོ་རྗེ་ཐེག་པ་ནས་ས་བཅུ་གསུམ་པ་སངས་རྒྱས་སུ་བཤད་པ་ནི། མཚན་གཞི་ལ་མི་མཐུན་པ་ཡིན་པས་རང་རང་གི་ལམ་དེ་ཉིད་ཀྱིས་བགྲོད་པར་བྱ་བ་མཐར་ཐུག་པ་དེ་ལ་དེ་དང་དེར་རྫོགས་པའི་སངས་རྒྱས་སུ་གསུངས་སོ། །འོན་ཀྱང་ས་བཅུ་གཅིག་པ་ནི་སངས་རྒྱས་མཚན་ཉིད་པ་མ་ཡིན་ཏེ། སློབ་ལམ་གྱི་གནས་སྐབས་ཡིན་པའི་ཕྱིར་རོ། །འོ་ན་ཕར་ཕྱིན་ཐེག་པར་ཡང་སློབ་ལམ་དུ་ཅིའི་ཕྱིར་མ་བཤད་ཅེ་ན། དེར་ནི་ཐེག་པ་རང་ལུགས་ལ་དེ་ལས་ལྷག་པའི་ལམ་བགྲོད་པའི་ནུས་པ་མེད་པས་འབྲས་བུའི་ལྡོག་པ་ནས་བཤད་པ་ཡིན་ནོ། །དེའི་གོང་དུ་ཡང་ས་གཉིས་བགྲོད་དུ་ཡོད་པའི་རྒྱུ་མཚན་ནི། ཡུལ་སུམ་ཅུ་སོ་བདུན་གྱི་རླུང་སེམས་དབུ་མར་མ་ཞུགས་པར་རྫོགས་པའི་སངས་རྒྱས་མི་ཐོབ་ལ། ཡུལ་ཉི་ཤུ་རྩ་བཞིའི་རླུང་སེམས་དབུ་མར་ཞུགས་པས་ནི། ས་བཅུ་པ་མན་ཆད་ཀྱི་རྟོགས་པ་ལས་མི་བསྐྱེད་པར་གོང་དུ་དྲངས་པའི་བདེ་མཆོག་རྩ་རྒྱུད་དང་། སམྦུ་ཊིའི་ལུང་གཉིས་ཀྱིས་གྲུབ་ལ། ལྷག་མ་སྙིང་ཁའི་ཕྱི་སྐོར་གྱི་རྩ་འདབ་བརྒྱད་དང་། སྦས་པའི་རྩ་ལྔའི་རླུང་སེམས་དབུ་མར་ཞུགས་པས་བསྐྱེད་པར་བྱ་བའི་ས་ལྷག་མ་གསུམ་ངེས་པར་ཡོད་པའི་ཕྱིར་རོ། །ཁ་ཅིག་ས་སྐྱ་པའི་བཞེད་པ་ལ། ས་བཅུ་གཅིག་པ་དང་བཅུ་གཉིས་པ་ཕ་རོལ་ཏུ་ཕྱིན་པའི་ས་བཅུའི་ཁོངས་སུ་བསྡུ་བ་གོང་དུ་དྲངས་པའི་བརྟག་གཉིས་དང་། སམྦུ་ཊིའི་དགོངས་པར་འཆད་པ་ནི་ཤིན་ཏུ་འཁྲུལ་ཏེ། བརྟག་གཉིས་ཀྱི་ལུང་གི་དོན་ནི་ས་བཅུ་གཉིས་པོ་དེ་དག་ཕ་རོལ་ཏུ་ཕྱིན་པའི་ས་བཅུ་ཡིན་ཞེས་པའི་དོན་མ་ཡིན་གྱི། ས་བཅུ་གཉིས་པོ་དེ་དག་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ས་བཅུ་མན་ཆད་ལ་སློབ་ལམ་དུ་བཞག་པ་ལྟར། རྡོ་རྗེ་ཐེག་པ་འདིར་ཡང་སློབ་ལམ་ཡིན་པའི་དོན་དུ་མངོན་རྟོགས་ལྗོན་ཤིང་ལས་བཤད་པར་མ་མཐོང་བར་ཟད་པའི་ཕྱིར་དང་། སམྦུ་ཊིར། འཐུང་གཅོད་དང་། ཉེ་བའི་འཐུང་གཅོད་མ་གཏོགས་པའི་ཡུལ་ཉི་ཤུ་རྩ་བཞི་དང་། ཕ་རོལ་ཏུ་ཕྱིན་པའི་ས་བཅུ་སྦྱར་བ་ལ་བློ་ཁ་མ་ཕྱོགས་པར། རྡོ་རྗེ་ཐེག་པའི་ས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་ས་བཅུའི་ཁོངས་སུ་འདུས་སྙམ་དུ་མོས་སྒོམ་བྱེད་པ་ཙམ་དུ་ཟད་པའི་ཕྱིར་རོ། །འོ་ན་ཕར་ཕྱིན་ཐེག་པ་ནས་སྐུ་གསུམ་གྱི་རྣམ་གཞག་བཤད་པའི་རྫོགས་པའི་སངས་རྒྱས་དེ་སློབ་ལམ་གྱི་གནས་སྐབས་ཡིན་ནམ། ས་བཅུ་གསུམ་པ་ཐོབ་ཟིན་པ་ཞིག་ཡིན་སྙམ་ན། དེ་ནི་ས་བཅུ་གསུམ་པ་ཐོབ་ཟིན་པ་ཡིན་ཀྱང་། དེར་ནི་དེའི་ཐ་སྙད་མ་གསུངས་ཏེ། ས་བཅུ་གཅིག་པ་ལ་རྫོགས་པའི་སངས་རྒྱས་ཀྱི་རྣམ་གཞག་བྱེད་པའི་སྐབས་ཡིན་པའི་ཕྱིར་རོ། །འོ་ན་ཕར་ཕྱིན་ཐེག་པའི་ལམ་དེ་ཉམས་སུ་བླངས་ཀྱང་དེ་ནས་བཤད་པའི་རྫོགས་པའི་སངས་རྒྱས་དེ་མི་ཐོབ་པར་འགྱུར་ལ། དེ་ཡང་འདོད་ན། ལམ་ཉམས་སུ་བླངས་པ་ལ་དགོས་པ་མེད་པར་འགྱུར་ཅིང་། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པ་བྱང་ཆུབ་པ་རྣམ་པར་བསྒོམས་པའི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། ཞེས་པ་དང་ཡང་འགལ་བར་འགྱུར་རོ་སྙམ་ན། ལམ་ཉམས་སུ་བླངས་པ་དོན་མེད་པར་མི་འགྱུར་ཏེ། ས་བཅུ་པའི་བར་ཐོབ་ནས་སྔགས་ལམ་ལ་མི་མཇུག་པ་མི་སྲིད་པས། ཕར་ཕྱིན་ཐེག་པའི་ལམ་མཐར་ཕྱིན་ནས་སྔགས་ལམ་གྱིས་འབད་རྩོལ་ཆུང་ངུས་རྡོ་རྗེ་འཛིན་པའི་ས་ཐོབ་པར་འགྱུར་བའི་ཕྱིར་རོ། །གཞན་དུ་ན་སེམས་ཙམ་པའི་གཞུང་ནས་བཤད་པའི་སྐུ་གསུམ་པོ་དེ་སངས་རྒྱས་མ་ཡིན་ན་ཧ་ཅང་ཐལ་ཞིང་། གལ་ཏེ་ཡིན་ན། སེམས་ཙམ་པའི་ལམ་ཁོ་ན་ལ་བརྟེན་ནས་དེ་ཐོབ་ན། དབུ་མའི་ལྟ་བ་ལ་མ་བརྟེན་པར་སངས་རྒྱས་ཐོབ་པ་ཡོད་པར་འགྱུར་ཞིང་། གལ་ཏེ་མི་ཐོབ་ན་སེམས་ཙམ་པའི་གཞུང་ནས་བཤད་པའི་ལམ་ཉམས་སུ་བླངས་པ་ལ་དགོས་པ་མེད་པར་ཁྱེད་ལ་མཚུངས་པར་འགྱུར་རོ། །གལ་ཏེ་མི་མཚུངས་ཏེ། སེམས་ཙམ་པ་རང་གི་དེ་ནས་བཤད་པའི་ལམ་གྱིས་འབྲས་བུ་དེ་ཐོབ་པར་འདོད་ཀྱང་། དབུ་མའི་ལུགས་ལ་དེ་མི་འདོད་པ་ནི་གྲུབ་མཐའི་ཁྱད་པར་ཡིན་པས་སོ་སྙམ་ན། དེ་ནི་ཤིན་ཏུ་བདེན་མོད། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། རྡོ་རྗེ་ཐེག་པའི་ཁྱད་པར་རྒྱུད་སྡེ་རྣམས་དང་། གྲུབ་ཐོབ་ཀྱི་གསུང་རྣམས་ནས་བཤད་པ་རྣམས་ཡིད་ལ་བཞག་ནས་སེམས་རྣལ་དུ་གནས་པར་བྱའོ། །འགྲེལ་བ་དོན་གསལ་གྱི་ལུང་གིས། རྡོ་རྗེ་ཐེག་པའི་ས་ལམ་གྱི་རྣམ་བཞག་ལ་མི་གནོད་པ་ཡང་ཚུལ་འདིས་རྟོགས་པར་བྱའོ། །འོ་ན་ཕར་ཕྱིན་ཐེག་པ་དང་། རྡོ་རྗེ་ཐེག་པ་གཉིས་རྫོགས་པའི་སངས་རྒྱས་ཀྱི་མཚན་ཉིད་ལ་མཐུན་ཀྱང་མཚན་གཞི་ལ་མི་མཐུན་པ་གང་ནས་བཤད་སྙམ་ན། སམྦུ་ཊིར། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མངོན་དུ་མ་བྱས་པ་དེ་ནི་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ལ། མཚན་གཞི་མཚོན་པ་ནི་རྡོ་རྗེ་འཛིན་པ་ཡང་དག་པའོ། །ཞེས་པའི་དོན་རྗེ་བཙུན་རྩེ་མོའི་འགྲེལ་པར་ཞིབ་ཏུ་ཕྱེ་བ་ལས་ཤེས་པར་བྱའོ། །འདི་དག་ནི་དོན་འདི་ལ་བློའི་མོས་པ་ཡོད་ཀྱང་། བཤེས་གཉེན་གྱི་འཁར་བ་ངན་ཞིང་རྣམ་དཔྱོད་ཀྱི་མིག་མི་གསལ་བས་ཇི་ལྟ་བ་བཞིན་རྟོགས་པར་མ་ནུས་པའི་དད་ལྡན་རྣམས་ལ་སྙིང་བརྩེ་བའི་བསམ་པས། རྗེ་བཙུན་བླ་མ་མུས་པ་ཆེན་པོའི་གསུང་ལས་ཇི་ལྟར་འབྱུང་བ་བཞིན་མ་སྦས་པར་བྲིས་པའོ། །གསུམ་པ་ནི། གང་ཞིག་སངས་རྒྱས་ཞེས་སོགས་ཚིགས་བཅད་གཉིས་ཏེ། དང་པོ་དྲུག་ནི་གོང་དུ་བཤད་པའི་ལམ་གཉིས་པོ་བློ་དང་འཚམས་པར་བསྒྲུབ་པར་གདམས་པ་ཡིན་ལ། ཐ་མ་གཉིས་ཀྱིས་ནི་དེའི་སྒྲུབ་བྱེད་སྟོན་ནོ། །བཞི་པ་ལ་བདུན་ཏེ། བསྟན་པ་དང་མ་འབྲེལ་བའི་ཆོས་པ་དགག་པ། སྡོམ་པ་དང་མ་འབྲེལ་བའི་ཐར་ལམ་དགག་པ། ངེས་འབྱུང་དང་མ་འབྲེལ་བའི་སོ་ཐར་དགག་པ། སྡེ་སྣོད་དང་མ་འབྲེལ་བའི་སེམས་བསྐྱེད་དགག་པ། རྒྱུད་སྡེ་དང་མ་འབྲེལ་བའི་གསང་སྔགས་དགག་པ། དབང་བསྐུར་དང་མ་འབྲེལ་བའི་བླ་མ་དགག་པ། དམ་ཆོས་དང་མ་འབྲེལ་བའི་ཆོས་པ་དགག་པའོ། །དང་པོ་ནི། ད་ལྟའི་ཆོས་པ་ཞེས་སོགས་བཅུ་བདུན་ཏེ། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ན། ཉན་ཐོས་ཀྱི་ཆོས་ལུགས་དང་། ཕ་རོལ་ཏུ་ཕྱིན་པའི་ཆོས་ལུགས་དང་། རྡོ་རྗེ་ཐེག་པའི་ཆོས་ལུགས་གསུམ་པོ་གང་རུང་ལ་འཇུག་དགོས་ཞིང་། དེ་ཡང་རང་རང་གི་གཞུང་ལུགས་ཁུངས་མ་ལྟར་ཉམས་སུ་བླངས་པ་ལ་འཇུག་དགོས་ཀྱི་གཞན་དུ་དེས་ཀྱང་འཚང་རྒྱ་བར་མི་ནུས་སོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ལ་གཉིས་ཏེ། སྨད་པའི་ཆེད་དུ་མུ་སྟེགས་ཀྱི་དཔེ་བརྗོད་པ། བོད་བླུན་གྱི་འདོད་པའི་དོན་ལ་སྦྱར་བའོ། །དང་པོ་ནི། མུ་སྟེགས་ཞེས་སོགས་དྲུག་སྟེ། སྔོན་དགེ་སློང་མང་པོས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཕྱིན་པས་མུ་སྟེགས་ཀྱི་བྲམ་ཟེ་རྣམས་ཀྱིས། ཁྱེད་དགེ་སྦྱོང་གོའུ་ཏ་མའི་ཆོས་ལུགས་ལའང་སྡིག་པ་སྤོང་ཞིང་དགེ་བ་སྒྲུབ་པ་ཡིན་པ་ལས། ངེད་བྲམ་ཟེ་རྣམས་ཀྱི་རིག་བྱེད་ལས་ཀྱང་དེ་བཞིན་དུ་སྟོན་པས་ཁྱེད་ཀྱི་ཆོས་ལུགས་བཟང་ལ། ངེད་ཀྱི་ཆོས་ལུགས་ངན་པའི་རྒྱུ་མཚན་ཅི་ཡོད་ཅེས་ཟེར་བས། དགེ་སློང་དེ་རྣམས་གསར་བུ་ཐོས་པ་ཆུང་བས་སྤ་གོང་སྟེ། ལན་གདབ་པར་མ་ནུས་ནས་སླར་ལོག་སྟེ། འཕགས་པ་ཤཱ་རིའི་བུ་ལ་བསྙད་པས། ང་དང་མ་ཕྲད་པས་ཉེས་པ་ཡིན། ཆོས་དང་མཐུན་པར་ཚར་གཅོད་པ་ཡིན་ཏེ། ཞེས་གསུངས་སོ། །གཉིས་པ་ནི། དེ་བཞིན་འདི་ནའང་ཞེས་སོགས་ཚིགས་བཅད་གཉིས་ཏེ། མུ་སྟེགས་བྱེད་ཀྱི་འདོད་པ་དེ་བཞིན་དུ་གངས་ཅན་འདི་ནའང་ཆོས་ཀྱི་གནད་མི་ཤེས་པའི་བླུན་པོ་འགའ་ཞིག་དཀོན་མཆོག་ལ་དད་པ་དང་། སེམས་ཅན་ལ་སྙིང་རྗེ་དང་། སྦྱིན་སོགས་ཀྱི་དགེ་བ་སྤྱད་ན་མདོ་རྒྱུད་ཀྱི་ཚིག་དོན་དང་མི་མཐུན་ཡང་སྐྱོན་མེད། དེ་དག་མེད་ན་མདོ་རྒྱུད་དང་མཐུན་ཡང་ཕན་པ་མེད་ཅེས་ཟེར་རོ། །གཉིས་པ་ལ་གཉིས་ཏེ། སྡོམ་གསུམ་གྱིས་དབེན་པའི་དགེ་བས་སངས་རྒྱས་མི་འགྲུབ་པར་བསྟན་པ། སྡོམ་གསུམ་གྱི་དགེ་བས་སངས་རྒྱས་འགྲུབ་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དཔེ་བསྒྲུབ་པ་དང་། དོན་ལ་སྦྱར་བའོ། །དང་པོ་ནི། དེ་ཡང་ཞེས་སོགས་ལྔའོ། །གཉིས་པ་ནི། དེ་བཞིན་ཞེས་སོགས་ཚིགས་བཅད་གཉིས་ཏེ། སྡོམ་པ་ལས་མ་བྱུང་བའི་དགེ་བ་བར་མ་ཡིན་པ་དེ་བཞིན་དུ་དབང་བསྐུར་མ་ཐོབ་ན། རིག་འཛིན་སྔགས་ཀྱི་སྡོམ་པ་མེད་ལ། སྔགས་སྡོམ་མེད་པས་དགེ་བ་ཅི་སྤྱད་ཀྱང་སྔགས་སྡོམ་ལ་ལྟོས་ཏེ་བར་མ་ཡིན་གྱི་སྔགས་སྡོམ་ལས་བྱུང་བའི་དགེ་བར་མི་འགྱུར། སྔགས་སྡོམ་ལས་བྱུང་བའི་དགེ་བ་མ་ཡིན་ན་གསང་སྔགས་ཐབས་ལམ་ཟབ་ཀྱང་འཚང་མི་རྒྱ་བར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ཏེ། རྡོ་རྗེ་རྩེ་མོར། སྡོམ་པ་གསུམ་ལ་གནས་པ་ནི། །དང་པོའི་ཁྲུས་སུ་བཤད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། སྡོམ་པ་གསུམ་དང་ཞེས་སོགས་དྲུག་སྟེ། དབང་བསྐུར་གྱི་སྒོ་ནས་སྡོམ་གསུམ་དང་ལྡན་པར་བྱ་སྟེ། རིམ་གཉིས་ཟབ་མོའི་གནད་ཤེས་ནས་བསྒོམ་ན་དེ་ནི་ཚེ་འདིའམ་ཞེས་སོགས་ཏེ། དེའི་ཕྱིར་ན། དབང་བསྐུར་གྱིས་སྡོམ་གསུམ་དང་ལྡན་པར་བྱེད་པ་འདི་ལ་མཁས་པ་རྣམས་གུས་པ་ཡིན་ནོ། །དེ་ཡང་སམྦུ་ཊིར། གཞན་དུ་བསྐལ་པ་བྱེ་བར་ནི། །གྲངས་མེད་པས་ནི་གང་ཐོབ་པ། །གང་དུ་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་འགྲུབ་པར་འགྱུར། །ཞེས་པ་དང་། གསང་འདུས་ལས། འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བའི། །ཡེ་ཤེས་རྒྱ་མཚོས་རྣམ་བརྒྱན་པ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཅེས་དང་། ཡེ་ཤེས་ཐིག་ལེར། ཡང་ན་ལུས་འདི་སྤངས་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་དང་། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །ཅེས་དང་། རྡོ་རྗེ་རྩེ་མོར། ཕ་རོལ་ཕྱིན་པའི་འབྱུང་བས་ནི། །བསྐལ་པ་གྲངས་མེད་མི་འཐོབ་པ། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་དག་ནས་འགྲུབ། །སོ་སོ་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་གྱི་གཞན་དུ་མིན། །ཞེས་དང་། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་སོ། །གསུམ་པ་ནི། གང་དག་རབ་ཏུ་ཞེས་སོགས་ཚིགས་བཅད་གཅིག་སྟེ། འཁོར་བ་ལས་ངེས་པར་འབྱུང་བའི་བསམ་པས་མ་ཟིན་ན། རབ་བྱུང་གི་སྡོམ་པ་བླངས་ཀྱང་སོ་སོ་ཐར་པར་མི་འགྱུར་ཏེ། ཀུན་དགའ་བོའི་ཚ་བོ་གཉིས་དང་། གཅུང་མཛེས་པའི་དགའ་བོའི་རྣམ་ཐར་བཞིན་ནོ། །བཞི་པ་ནི། སེམས་བསྐྱེད་བྱེད་པ་ཞེས་སོགས་ཚིགས་བཅད་གཅིག་སྟེ། དབུ་སེམས་ཀྱིས་བསྟན་པའི་ལུགས་སོ་སོར་མི་ཕྱེད་པར། ཐོས་པ་ཆུང་བ་རྣམས་ཀྱི་མགོ་བོ་བསྐོར་ནས། བླུན་པོ་དགའ་བར་བྱ་བའི་ཕྱིར་དུ། རང་བཟོའི་ཆོ་ག་བྱེད་པ་བཀག་པའོ། །ལྔ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གསང་སྔགས་ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ལ་བཞི་སྟེ། རྒྱུད་སྡེ་དང་མ་འབྲེལ་བའི་དབང་བསྐུར་དགག་པ། སྦྱང་གཞི་མི་སྦྱོང་བའི་བསྐྱེད་རིམ་དགག་པ། རྟེན་འབྲེལ་མི་ཤེས་པའི་རྫོགས་རིམ་དགག་པ། སྤང་བྱ་དང་མི་ཕྱེད་པའི་ཡེ་ཤེས་དགག་པའོ། །དང་པོ་ནི། གལ་ཏེ་ཞེས་སོགས་ཚིགས་བཅད་གཅིག་སྟེ། དབང་བསྐུར་བྱེད་པ་དག་ཀྱང་རྒྱུད་སྡེའི་དགོངས་པ་གྲུབ་ཐོབ་རྣམས་ཀྱིས་བཀྲལ་བའི་བཟང་པོའི་གཞུང་ལུགས་ཀུན་དོར་ནས། བརྫུན་གྱིས་བསླད་པའི་རང་བཟོའི་ཆོ་ག་གུས་པས་ལེན་པར་སྣང་ངོ་། །གཉིས་པ་ནི། བརྒྱ་ལ་ཞེས་སོགས་ཚིགས་བཅད་གཅིག་སྟེ། བསྐྱེད་རིམ་བསྒོམ་པ་དག་ཀྱང་སྦྱང་གཞི་སྦྱོང་བར་བྱེད་པའི་ཆོ་གའི་ཡན་ལག་མངོན་བྱང་ལྔ་དང་། རྡོ་རྗེ་ཆོ་ག་གསུམ་བསྐྱེད་དང་སྒྲ་ཚུལ་གྱི་རྟེན་འབྲེལ་དང་། ཏིང་ངེ་འཛིན་གསུམ་དང་། རྣལ་འབྱོར་བཞི་ལ་སོགས་པ་ཀུན་བོར་ནས་རང་བཟོའི་དཀྲོང་བསྐྱེད་བསྒོམ་པ་ལ་བསྐྱེད་རིམ་དུ་མིང་བཏགས་པར་ཟད་དོ། །འདི་ཡང་ལས་དང་པོ་པའི་དུས་ནས་བསྐྱེད་རིམ་གཞན་ལ་མ་སྦྱངས་པར། དཀྲོང་བསྐྱེད་བསྒོམ་པ་བཀག་པ་ཡིན་གྱི། བསྐྱེད་རིམ་ལ་དཀྲོང་བསྐྱེད་གཏན་མེད་པར་བཞེད་པ་ནི་མ་ཡིན་ཏེ། བརྟན་པ་ཐོབ་པའི་དུས་ཀྱི་བསྐྱེད་རིམ་དཀྲོང་བསྐྱེད་འབའ་ཞིག་ཡིན་པའི་ཕྱིར་རོ། །གསུམ་པ་ནི། གཏུམ་མོ་ཞེས་སོགས་ཚིགས་བཅད་གཅིག་སྟེ། བོད་ཀྱི་གཏུམ་མོ་བསྒོམ་པ་ཕལ་ཆེར་ཡང་ལུས་ཐམས་ཅད་ལ་རྩས་ཁྱབ། དེ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ། དེ་ལ་རླུང་གིས་ཁྱབ། དེ་ལ་རྣམ་པར་ཤེས་པས་ཁྱབ། དེ་ལ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ནས་གནས་པ་དེ། ཐོག་མར་རླུང་ལ་དབང་ཐོབ་པར་བྱས་ནས་གཏུམ་མོའི་མེ་སྤར་ཏེ། རྟེན་བྱང་སེམས་བཞུས་པས་བརྟེན་པ་རིག་སྟོང་དབྱེར་མེད་མངོན་དུ་བྱེད་པའི་ནང་གི་རྟེན་འབྲེལ་མི་ཤེས་པར། ལུས་ལ་དྲོད་ཙམ་སྐྱེས་ནས་རས་གོས་རྐྱང་པ་ཙམ་གྱིས་ཆོག་པར་འཛིན་པར་སྣང་ཡང་། དེ་ལྟ་བུ་ནི་མུ་སྟེགས་བྱེད་ལ་ཡང་ཡོད་པས། ཡང་དག་པའི་ཡེ་ཤེས་སྐྱེ་བའི་རྒྱུ་མ་ཡིན་ནོ། །བཞི་པ་ནི། ཡེ་ཤེས་ཞེས་སོགས་ཚིགས་བཅད་གཅིག་སྟེ། རིམ་གཉིས་བསྒོམས་པས་རང་བྱུང་གི་ཡེ་ཤེས་ཅུང་ཟད་སྐྱེས་ན་ཡང་ནང་གི་རྩ་ཁམས་ཀྱི་རྟེན་འབྲེལ་གྱིས་ཉོན་མོངས་རང་བྱུང་། རྣམ་རྟོག་རང་བྱུང་། སྣྲེལ་ཞི་རང་བྱུང་། མི་རྟོག་རང་བྱུང་བཞི་སྐྱེ་བ་སོ་སོར་འབྱེད་པའི་མན་ངག་ལམ་འབྲས་ལྟ་བུ་མེད་པས་རྫོགས་པའི་སངས་རྒྱས་ཀྱི་ལམ་དུ་མི་འགྱུར་རོ། །དྲུག་པ་ལ་གསུམ་སྟེ། དབང་མ་བསྐུར་བ་ལ་བླ་མ་དམ་པ་མི་འབྱུང་བར་བསྟན། དམ་པ་མ་ཡིན་པས་སངས་རྒྱས་སྦྱིན་མི་ནུས་པར་བསྟན། མདོ་སྔགས་ཀྱི་བླ་མའི་ཁྱད་པར་བསྟན་པའོ། །དང་པོ་ནི། བླ་མ་ཞེས་སོགས་ཚིགས་བཅད་གཉིས་ཏེ། དབང་མ་བསྐུར་བར་དྲོད་ཙམ་སྐྱེ་བའི་གཏུམ་མོའི་དམིགས་པ་སྟོན་པའི་བླ་མ་དེ་ནི་བླ་མ་དམ་པ་མ་ཡིན་ཏེ། དབང་བསྐུར་གྱི་སྒོ་ནས་གསང་སྔགས་ཀྱི་སྡོམ་ལྡན་དུ་མ་བྱས་པའི་ཕྱིར་རོ། །དཔེར་ན་རབ་བྱུང་མ་བྱས་ན་མཁན་པོའི་ཐ་སྙད་འཇུག་པའི་གཞི་མེད་པ་བཞིན་དུ་དབང་མ་བསྐུར་ན། བླ་མ་དམ་པའི་ཐ་སྙད་འཇུག་པའི་གཞི་མི་འབྱུང་ངོ་། །བླ་མའི་ཐ་སྙད་ཙམ་དབང་མ་བསྐུར་བ་ལ་མེད་པ་མ་ཡིན་ཏེ། འདུལ་བ་སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཅིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་ཀྱིས་བརྩོན་པ། །དུས་སུ་འདོམས་པ་དེ་ནི་བླ་མར་བསྔགས། །ཞེས་དང་། ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་བླ་མ་སངས་རྒྱས་ལྟ་བུར་ལྟ་བར་བདག་ཉིད་ཆེན་པོ་འདིས་གསུངས་པའི་ཕྱིར་རོ། །དེ་དག་ནི་བླ་མ་ཙམ་ཡིན་གྱི། བླ་མ་དམ་པ་ནི་མ་ཡིན་ཏེ། བླ་མ་དམ་པར་འགྱུར་བ་ལ་རྟེན་གྱི་གང་ཟག་དེ་ལ་དབང་བསྐུར་བའི་སྒོ་ནས་གསང་སྔགས་ཀྱི་སྡོམ་ལྡན་དུ་བྱས་ཏེ། གང་ཟག་དེས་རྩེ་གཅིག་ཏུ་གསོལ་བ་བཏབ་ན། ཚེ་འདིའམ་བར་དོ་སོགས་ལ་སངས་རྒྱས་སྦྱིན་ནུས་པ་ཅིག་དགོས་པའི་ཕྱིར་རོ། །གཉིས་པ་ནི། གསང་སྔགས་ཞེས་སོགས་དྲུག་སྟེ། དབང་བསྐུར་གྱི་སྒོ་ནས་གསང་སྔགས་ཀྱི་སྡོམ་ལྡན་དུ་བྱས་པ་མ་ཡིན་པའི་བླ་མ་ལ་མོས་པ་བྱས་ཀྱང་ཚེ་འདིའི་བདེ་སྐྱིད་ཙམ་མམ། སྐྱེ་བ་ཕྱི་མ་ལ་དལ་འབྱོར་གྱི་ལུས་ཐོབ་ཅིང་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་སོགས་རིམ་གྱིས་འགྲུབ་པའི་རྒྱུར་འགྱུར་བ་སྲིད་ཀྱི་དེ་ནི་ཚེ་འདི་ལ་སོགས་སོ། །གསུམ་པ་ནི། ཕ་རོལ་ཕྱིན་པའི་ཞེས་སོགས་ཚིགས་བཅད་གཉིས་ཏེ། འདུལ་བ་ལས། ལྷན་ཅིག་གནས་པ་དང་། ཉེ་གནས་ཀྱིས་མཁན་པོ་དང་སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་པ་དང་། འཇམ་དཔལ་རྣམ་པར་འཕྲུལ་པ་ལས། འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་ཇི་ལྟར་གུས་པར་བྱ་བ་ལཾ་དེ་བཞིན་དུ་དགེ་བའི་བཤེས་གཉེན་རྣམས་ལའང་བསྟེན་པར་བྱའོ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདུས་པའི་རྒྱུད་ལས། དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་ལ་ཇི་ལྟར་བལྟ་བར་བགྱི་ཞུས་པའི་ལན་དུ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །བ་སྤུ་རྣམས་ནི་དགྲ་བཅོམ་ཉིད། །སྤྱི་གཙུག་རིགས་ལྔའི་སངས་རྒྱས་ཏེ། །འཇིག་རྟེན་པ་ནི་ཞབས་ཀྱིས་མནན། །འོད་ཟེར་གནོད་སྦྱིན་གསང་བའོ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བལྟ། །ཞེས་དང་། དབང་ཐོབ་པའི་རྡོ་རྗེ་སློབ་དཔོན་ལ་ཇི་ལྟར་བལྟ་བར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བླ་མའི་བ་སྤུ་གཅིག་ལ་མཐོང་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བླ་མ་ལ་མཆོད་པ་བྱེད་པར་མཐོང་ངོ་། །ཞེས་བྱ་བ་ལ་སོགས་པ་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །འདི་ཡི་གཟུགས་ཀྱི་ཕུང་པོ་ནི། །བཅོམ་ལྡན་སངས་རྒྱས་རྣམ་སྣང་མཛད། །ཅེས་པ་ནས་རྐང་མཐིལ་གནོད་མཛེས་ཀྱི་བར་གདན་གསུམ་ཚང་བའི་ལྷ་ཚོགས་སུ་གསུངས་པ་དང་། རྡོ་རྗེ་གུར་ལས། དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སློབ་དཔོན་ལ་ཇི་ལྟར་བལྟ་བར་བགྱི། དེ་བཞིན་གཤེགས་པས་བཀའ་སྩལ་པ། སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་ཀུན་གྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པར་བྱ། །ཞེས་བྱ་བ་དང་། གང་ཕྱིར་ཡེ་ཤེས་རྡོ་རྗེ་ནི། །མཉེས་པས་དངོས་གྲུབ་ཐོབ་པར་འགྱུར། །དེ་ཕྱིར་སློབ་དཔོན་དྲུང་གཤེགས་ཏེ། །དེ་བཞིན་གཤེགས་རྣམས་ཕྱག་མཛད་དོ། །རྡོ་རྗེ་སེམས་དཔའ་ལྟ་བུ་ཡིས། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་བཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །ཞེས་བྱ་བ་དང་། བླ་མ་ལྔ་བཅུ་པ་ལས། །དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །ཞེས་པ་དང་། བདེ་མཆོག་རྩ་རྒྱུད་ལས། དེ་ནས་སྒྲུབ་པོས་དངོས་ཀུན་གྱིས། །དང་པོ་སློབ་དཔོན་མཉེས་པར་བྱ། །བསྒྲུབ་འདོད་ཀུན་ཏུ་མཉམ་བཞག་པས། །ཅི་ནུས་པས་ནི་བླ་མ་མཆོད། །ཅེས་གསུངས་སོ། །དབང་བསྐུར་བའི་སྒོ་ནས་སྔགས་སྡོམ་གྱིས་མ་སྦྲེལ་ན། ཆོས་གཞན་སྟོན་པའི་བླ་མ་བཟང་ཡང་། ཕ་རོལ་ཏུ་ཕྱིན་པའི་ལུགས་ལྟར་རིམ་གྱིས་གྲུབ་པའི་རྒྱུ་སྲིད་ཀྱི་ཚེ་འདིའམ་བར་དོ་སོགས་སུ་སངས་རྒྱས་སྦྱིན་པར་མི་ནུས་སོ། །བདུན་པ་ནི། རབ་བྱུང་མིན་ལ་ཞེས་སོགས་ཚིགས་བཅད་གཉིས་ཏེ། རབ་ཏུ་བྱུང་བར་བྱེད་པ་པོ་མ་ཡིན་པ་ལ་མཁན་པོ་མཚན་ཉིད་པ་མེད། དབང་མ་བསྐུར་བ་ལ་སངས་རྒྱས་དངོས་སུ་ལྟ་བའི་བླ་མ་མཚན་ཉིད་པ་མེད། སྡོམ་པ་མེད་པ་ལ་སྤོང་སེམས་ཀྱི་དགེ་བ་རྒྱུན་ཆགས་པ་མེད། སྐྱབས་འགྲོ་མེད་ན་ཆོས་འདི་པའི་ཁོངས་སུ་མི་ཆུད་པས་ན། སྡོམ་པ་མེད་པར་དགེ་སྦྱོང་དུ་ཁས་ལེན་པ་དང་། སེམས་བསྐྱེད་མ་ཐོབ་པར་རྒྱལ་སྲས་སུ་ཁས་འཆེ་བ་དང་། དབང་བསྐུར་མ་ཐོབ་པར་སྔགས་པར་ཁས་འཆེ་བ་གསུམ་ནི་སངས་རྒྱས་ཀྱི་བསྟན་པ་འདུལ་བ་དང་། ཕ་རོལ་ཏུ་ཕྱིན་པ་དང་། རྡོ་རྗེ་ཐེག་པ་གསུམ་གྱི་ཆོམ་རྐུན་ཡིན་པས་ཤེས་ནས་སྤང་བར་བྱའོ། །གསུམ་པ་དབང་དང་རིམ་གཉིས་ལས་བྱུང་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ལ་གཉིས་ཏེ། རྟོགས་བྱེད་ཕྱག་ཆེན་གྱི་ཡེ་ཤེས་ལ་འཁྲུལ་པ་དགག་པ། རྟོག་བྱ་སྤྲོས་བྲལ་གྱི་ལྟ་བ་ལ་འཁྲུལ་པ་དགག་པའོ། །དང་པོ་ལ་གསུམ་སྟེ། །མཚོན་བྱེད་དཔེའི་ཕྱག་ཆེན་ལ་འཁྲུལ་པ་དགག་པ། མཚོན་བྱ་དོན་གྱི་ཕྱག་ཆེན་ལ་འཁྲུལ་པ་དགག་པ། ཞར་ལ་ཐེག་པ་གསུམ་གྱི་ལག་ལེན་ལ་འཁྲུལ་པ་དགག་པའོ། །དང་པོ་ལ་གསུམ་སྟེ། སྟོང་རྐྱང་དུ་ལྟ་བའི་ལྷག་མཐོང་ལྟར་སྣང་ལ་ཕྱག་ཆེན་དུ་འདོད་པ་དགག་པ། མོས་གུས་ཀྱིས་སེམས་བསྒྱུར་བའི་ཞི་གནས་ལྟར་སྣང་ལ་ཕྱག་ཆེན་དུ་འདོད་པ་དགག་པ། ཞར་ལ་ཕྱག་ཆེན་གྱི་རྒྱུ་ལ་ལོག་རྟོག་དགག་པའོ། །དང་པོ་ལ་བཞི་སྟེ། གཞན་ལུགས་ཀྱི་ཕྱག་ཆེན་དགག་པ་དངོས། རང་ལུགས་ཀྱི་ཕྱག་ཆེན་ངོས་བཟུང་བ། གཞན་ལུགས་ཀྱི་ཕྱག་ཆེན་རྒྱ་ནག་ལུགས་སུ་བསྟན་པ། རང་ལུགས་ཀྱི་ཕྱག་ཆེན་རྒྱ་གར་གྱི་ལུགས་སུ་བསྟན་པའོ། །དང་པོ་ནི། ཕྱག་རྒྱ་ཆེན་པོ་ཞེས་སོགས་ཚིགས་བཅད་བཞི་སྟེ། དེང་སང་གི་ཕྱག་ཆེན་བསྒོམ་པ་ཕལ་ཆེར་དབང་དང་ཡེ་ཤེས་ལས་བྱུང་བའི་རང་བྱུང་གི་ཡེ་ཤེས་ལ་ཕྱག་ཆེན་དུ་རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ནས་བཤད་པའི་དོན་མི་ཤེས་པར། མདོ་ལས། གང་ཡིད་ལ་བྱེད་པ་དེ་ནི་མི་དགེ་བའོ། །གང་ཡིད་ལ་མི་བྱེད་པ་དེ་ནི་དགེ་བའོ། །ཞེས་དང་། ཆོས་ཐམས་ཅད་ནི་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའོ། །ཞེས་པའི་དོན་སྒྲ་ཇི་བཞིན་དུ་བཟུང་ནས། རྣམ་པར་རྟོག་པ་ཕྱི་རོལ་ཡུལ་ལ་འཕྲོ་བ་བཀག་ནས་སྟོང་པ་ཧ་དེར་འཇོག་པའི་རྟོག་པ་ཁ་ཚོམ་པ་ཉིད་བསྒོམ་པར་བྱེད་དོ། །འདི་ལ་རྣམ་པར་བརྟགས་ན། ཚོགས་དྲུག་གི་རྒྱུ་བ་བཀག་ནས་དྲན་རིག་ཙམ་ཡང་གསལ་བ་མེད་པར་བསྒོམས་ན་ཉེ་བའི་ཉོན་མོངས་པ་རྨུགས་པའི་ཁོངས་སུ་གཏོགས་པ་དུད་འགྲོའི་རྒྱུ་རུ་གསུངས་ལ། གཟུགས་ཀྱི་སྣང་བ་མཐའ་དག་བཀག་ནས། གཟུགས་ལ་འདོད་ཆགས་དང་བྲལ་བར་བྱས་ཏེ་ནམ་མཁའ་ལ་དམིགས་པ་དང་། དེ་ཡང་བཀག་སྟེ་ཡུལ་ཅན་གྱི་རྣམ་པར་ཤེས་པ་ལ་དམིགས་པ་དང་། དེ་ཡང་བཀག་སྟེ་གཟུང་བྱ་ཅི་ཡང་མེད་པ་ལ་དམིགས་པ་དང་། དེ་ལས་འདས་ཏེ་འདུ་ཤེས་རགས་པ་མེད་ཅིང་ཕྲ་བ་མེད་པ་མ་ཡིན་ནོ་སྙམ་དུ་དམིགས་པ་རྣམས་ནི་རིམ་པ་ལྟར། གཟུགས་མེད་སྐྱེ་མཆེད་མུ་བཞིར་སྐྱེ་བའི་རྒྱུར་འགྱུར་རོ། །དེ་ལས་བསྒོམ་ལེགས་ཏེ། གང་ཟག་གི་བདག་འཛིན་བཀག་ནས། འཁོར་བ་ལ་ངེས་པར་འབྱུང་བའི་བློས་རྩེ་གཅིག་ཏུ་བསྒོམ་པར་བྱས་ན། ཉན་ཐོས་ཀྱི་མྱང་འདས་ཐོབ་པར་འགྱུར་རོ། །དེ་ལ་ཁ་ཅིག་ཉན་ཐོས་འགོག་པ་འདུ་ཤེས་མེད་པའི་སེམས་ཅན་ལ་འདོད་པ་ནི། ཆོས་མངོན་པའི་དོན་ལ་བློ་གྲོས་ཞིབ་མོས་མ་དཔྱད་པར་གསལ་ཏེ། འདུ་ཤེས་མེད་པའི་སེམས་ཅན་ལ་ཉན་ཐོས་འགོག་པར་གང་ནས་ཀྱང་བཤད་པ་མེད་པའི་ཕྱིར་དང་། ཁྱེད་རང་གིས་ཀྱང་འདི་འགོག་པའི་སྙོམས་འཇུག་མ་ཡིན་པའི་ཤེས་བྱེད་དུ་འདི་ལ་བསམ་གཏན་དང་། གཟུགས་མེད་ཀྱི་ཏིང་ངེ་འཛིན་གོ་ཆོད་མེད་པ་བཀོད་པས་ནང་འགལ་བ་ཡིན་ནོ། །འདུ་ཤེས་མེད་པའི་སེམས་ཅན་ནི་བསམ་གཏན་བཞི་པའི་གནས་ཀྱི་བྱེ་བྲག་གྲོང་ལས་དགོན་པའི་ཚུལ་དུ་འཕགས་པ་ཞིག་ཡིན་པར་མངོན་པ་ལས་བཤད་ལ། བསམ་གཏན་གྱི་ཏིང་ངེ་འཛིན་གོ་ཆོད་མེད་པར་བསམ་གཏན་བཞི་པར་སྐྱེ་བ་བཞད་གད་ཀྱི་གནས་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ནི་བསྒོམ་ལེགས་ཀྱང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡོད་མེད་ལ་སོགས་པ་གཉིས་འཛིན་གྱི་སྤྲོས་པ་མཐའ་དག་བཅད་ནས་སྙིང་རྗེ་ཆེན་པོ་དང་ཟུང་འཇུག་ཏུ་བྱས་ཏེ་བསྒོམས་ན། དབུ་མའི་བསྒོམ་དུ་འགྱུར་པ་ཡིན་མོད་ཀྱི། འོན་ཀྱང་དེ་འགྲུབ་པ་ལ་ཡུན་རིང་དུ་འགོར་ཏེ་ཇི་སྲིད་ཚོགས་གཉིས་སོགས་སོ། །དེ་ཡང་མདོ་སྡུད་པ་ལས། དེ་དག་དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་བར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །ཅེས་གསུངས་སོ། །མདོར་ན་དབང་དང་རིམ་གཉིས་ལས་བྱུང་བའི་རང་བྱུང་གི་ཡེ་ཤེས་མ་རྟོགས་པར་སྟོང་པར་ལྟ་བའི་བསྒོམ་ཐམས་ཅད་གོང་དུ་བཤད་པའི་བསྒོམ་བཞི་པོ་དེར་མ་འདུས་པ་མེད་ཅིང་། བཞི་པོ་དེ་དག་ནི་ཕྱག་ཆེན་མ་ཡིན་པས། མ་བཅོས་མ་བཅོས་བློ་མ་བཅོས། །བཅོས་མའི་ཆོས་ཀྱི་འཚང་མི་རྒྱ། །ཞེས་དང་། དམ་ཆོས་ཕྱག་རྒྱ་ཆེན་པོ་འདི་ལ། །བསྒོམ་ནས་བསྒོམ་རྒྱུ་ཅི་ཡང་མེད་དོ། །ཐ་མལ་ཤེས་པ་རང་སོར་ཞོག་ཅིག །རང་སར་མི་སྡོད་འཕྲོ་བའི་ཚེ་ན། །འཕྲོ་མཁན་གང་ཡིན་ཙིར་དེ་ཟུང་ཞིག །ཞེས་སོགས་ཀྱི་སྒོ་ནས་རྟོག་པ་བཀག་ཙམ་གྱི་བསྒོམ་ཐམས་ཅད་ཕྱག་ཆེན་ཡིན་པ་སངས་རྒྱས་ཀྱི་གསུང་ལ་བརྟེན་པའི་མཁས་པ་རྣམས་ཀྱིས་སྤང་བར་བྱའོ། །གཉིས་པ་ནི་ངེད་ཀྱི་ཞེས་སོགས་བཅུ་སྟེ། ཚིག་རྐང་དང་པོ་གསུམ་གྱིས་རྒྱུ་བསྟན། བཞི་པས་རང་གི་ངོ་བོ་བསྟན། དེ་ནས་གཉིས་ཀྱིས་འགྲུབ་པའི་དུས་བསྟན་ནོ། །དེ་ནས་གཉིས་ཀྱིས་གཞན་དུ་རྟོག་པ་དགག དེ་ནས་གཉིས་ཀྱིས་ཕྱག་ཆེན་བསྒྲུབ་པར་འདོད་པས་གང་ལ་འཇུག་པའི་ལུང་བསྟན་ནོ། །འདི་དག་གི་དོན་ཞིབ་ཏུ་རྟོགས་པར་འདོད་ན་རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་རྣམས་ཀྱི་དགོངས་པ་མཐར་ཐུག་པ་གྲུབ་པ་ཐོབ་པའི་སློབ་དཔོན་རྣམས་ཀྱིས་མཛད་པའི་གྲུབ་པ་སྡེ་བདུན་ལས་ཤེས་པར་བྱའོ། །གསུམ་པ་ནི། ད་ལྟའི་ཕྱག་རྒྱ་ཞེས་སོགས་ཚིགས་བཅད་ཕྱེད་དང་བཅུ་སྟེ། རྒྱ་ནག་ཧྭ་ཤང་གི་ཆོས་ནོར་བ་འདི་འདྲ་འབྱུང་བ་ཡང་མཁན་བོ་དྷི་ས་ཏྭ་སྟེ། བྱང་ཆུབ་སེམས་དཔའ་ཞི་བ་འཚོས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ལུང་བསྟན་གྱི་ཞལ་ཆེམས་མཛད་པ་ཐོག་ཏུ་བབ་པ་ཡིན་ནོ། །དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས། ད་ནས་རྒྱལ་རབས་ལྔ་ནས་རྒྱལ་པོ་ལྡེའི་མིང་ཅན་གཅིག་འབྱུང་སྟེ། དེས་སངས་རྒྱས་ཀྱི་བསྟན་པའི་རྩ་བ་རབ་ཏུ་བྱུང་བ། ངུར་སྨྲིག་གི་གོས་འཛིན་པའི་སྡེ་འཛུག་པར་འགྱུར་རོ། །དེ་ལ་ངའི་དབོན་སྲས་འབངས་དང་བཅས་པ་རྣམས་ཀྱིས་མཆོད་པ་དང་བཀུར་སྟི་ཆེན་པོ་གྱིས་ཤིག ཚེ་འདི་དང་ཕྱི་མའི་བདེ་ལེགས་རྣམས་འབྱུང་བར་འགྱུར་རོ། །ཞེས་ལུང་བསྟན་པ་བློན་པོ་འགར་གྱིས་ཟངས་མའི་གླེགས་བམ་ལ་ཡི་གེ་བྲིས་པ་དེ་དཀོར་མཛོད་དུ་བཅུག་གོ །ལུང་བསྟན་པ་བཞིན་དུ་ཁྲི་སྲོང་ལྡེའུ་བཙན་ལྕགས་ཕོ་རྟའི་ལོ་ལ་འཁྲུངས་ཏེ། དགུང་ལོ་བཅུ་གསུམ་ལོན་པ་ཆུ་ཕོ་རྟའི་ལོ་ལ་རྒྱལ་སར་བྱོན་ནས་བློན་པོ་སྦ་གསལ་སྣང་མཁན་པོ་སྤྱན་འདྲེན་པ་ལ་མངགས་ཏེ། མང་ཡུལ་སྐྱིད་གྲོང་དུ་མཁན་པོ་བྱོན་པ་དང་མཇལ་ཅིང་སྤྱན་དྲངས་ནས་བསུ་བ་རྒྱ་ཆེན་པོ་མཛད་དེ། ཆོས་རྒྱལ་དང་ཞལ་འཛོམ་པའི་ཚེ་སྔོན་སྨོན་ལམ་བཏབ་པ་དྲན་ནམ། ཞེས་ལན་གསུམ་གྱི་བར་དུ་གསུངས་པས། རྗེས་ལ་འོལ་སྤྱིར་དྲན་ལགས་ཏེ། བསྒོམ་ཡུན་ཐུངས་པས་མི་གསལ་ཞེས་ཞུས་སོ། །མཁན་པོའི་ཞལ་སྔ་ནས་ཆུ་བོ་གངྒཱའི་འགྲམ་ན་མཆོད་རྟེན་ཆེན་པོ་ཞིག་བཞུགས་པ་ལ་དད་པས་ཞིག་གསོས་དང་། ཕྱག་དང་བསྐོར་བ་བྱས་ཤིང་། རྒྱལ་པོ་ཁྱོད་ཀྱིས་ཡུལ་མཐའ་འཁོབ་དམ་པའི་ཆོས་མ་དར་བའི་ཕྱོགས་སུ་རྒྱལ་པོར་གྱུར་ཏེ། སངས་རྒྱས་ཀྱི་བསྟན་པ་སྤེལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ཁོ་བོ་ནི་དེའི་ཚེ་མཁན་པོར་གྱུར་ཅིག་ཅེས་བྱས་སོ། །ཞེས་པ་འདི་ཙམ་སྦ་བཞེད་ལས་བྱུང་ཞིང་། ཡིག་ཚང་འགའ་ཞིག་ཏུ་སློབ་དཔོན་པདྨས་གདུག་པ་ཅན་འདུལ་བའི་སྔགས་འཆང་དུ་གྱུར་ཅིག་ཅེས་པ་དང་། ཡེ་ཤེས་དབང་པོས་སྤྱན་འདྲེན་པའི་ཕོ་ཉ་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་ཟེར་རོ། །དེའི་ཚེ་བོད་ཀྱི་མི་འགའ་ཞིག་མཐའ་མིས་ངན་སྔགས་བྱས་དོགས་ཡོད་ཟེར་ཏེ། ཁ་ཆེ་ཨཱ་ནནྡས། ལོ་ཙཱ་བྱས་ཤིང་ལེགས་པར་བརྟགས་པས། བྱང་ཆུབ་སེམས་དཔའ་བཟང་པོ་ཞིག་ལགས་ཏེ། ཐུགས་འཁྲིག་མི་འཚལ་ལོ་ཟེར་བས་བོ་དྷི་ས་ཏྭར་གྲགས་སོ། །སྡོམ་བརྩོན་ཆེན་པོ་འདི་ནི་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་པོའི་སྲས་སུ་འཁྲུངས་ནས། ནཱ་ལེནྡྲར་མཁན་པོ་ཡེ་ཤེས་སྙིང་པོ་ཡོད་སྨྲའི་སྡེ་པའི་བསླབ་རྒྱུད་ལས་རབ་ཏུ་བྱུང་ཞིང་། རིགས་པའི་གནས་མཐའ་དག་ལ་མཁས་པར་གྱུར་ཏོ། །ནཱ་ལེནྡྲར་མཁན་པོ་མཛད་ཅིང་རྒོལ་བ་ངན་པ་ཐམས་ཅན་ཚར་གཅད་པས་མཁས་པའི་གྲགས་པས་འཛམ་བུའི་གླིང་ཐམས་ཅད་ཁྱབ་པར་གྱུར་ཏེ། ལྷོ་ཕྱོགས་ནས་བྲམ་ཟེའི་བུ་མུ་སྟེགས་ཀྱི་རིག་བྱེད་ལ་ཤིན་ཏུ་མཁས་པ་ཞིག་གིས། ཕྱི་ནང་གི་རྒོལ་བ་རྣམས་ཕམ་པར་བྱས་ཏེ། སྙན་པའི་གྲགས་པས་ཁེངས་ཤིང་ནཱ་ལེནྡྲར་སོང་ནས་མཁན་པོ་ཕམ་པར་བྱས་ན་འགྲན་ཟླ་དང་བྲལ་བར་འགྱུར་སྙམ་དུ་སེམས་སོ། །དེ་ནས་མཁན་པོའི་བཞུགས་སར་རིམ་གྱིས་ཕྱིན་ཏེ། བལྟས་པས་མཁན་པོ་མི་སྣང་ཞིང་། འཇམ་པའི་དབྱངས་ཀྱི་སྐུ་གསེར་བཙོ་མའི་མདོག་ལྟར་འབར་ཞིང་བཞུགས་པར་མཐོང་ངོ་། །ཕྱིར་འོངས་ནས་གཞན་དག་ལ་དྲིས་པས་མཁན་པོ་དེ་ཉིད་ན་བཞུགས་ཡོད་དོ་ཞེས་ཟེར་རོ། །སླར་ལོག་ཏེ་བལྟས་པས་མཁན་པོའི་ཞལ་མཐོང་མ་ཐག་ཤིན་ཏུ་དད་པར་གྱུར་ཏེ། རྩོད་པའི་བསམ་པ་དོར་ནས་གུས་པས་ཞབས་སྤྱི་བོར་བླངས་ཤིང་བསྟན་པའི་སྒོར་ཞུགས་སོ། །མདོར་ན་འཇམ་པའི་དབྱངས་གྲུབ་པའི་སྡོམ་བརྩོན་དམ་པ་འདིས་ནཱ་ལེནྡྲར་ཡུན་རིང་དུ་བཞུགས་ཤིང་། རྒྱ་གར་ཤར་ཕྱོགས་དང་། རྒྱ་ནག་ལ་སོགས་པར་དགུང་ལོ་བདུན་བརྒྱའི་བར་དུ་སངས་རྒྱས་ཀྱི་བསྟན་པ་ལེགས་པར་བསྐྱངས་ནས། སླར་བོད་ཡུལ་དུ་སྔོན་གྱི་སྨོན་ལམ་གྱི་མཐུས་བྱོན་ཏེ། ཆོས་རྒྱལ་ཆེན་པོའི་བཞེད་པ་བསྒྲུབས་ནས་སྐུ་གཤེགས་ཁར་རྒྱལ་པོ་ཁྱོད་ཀྱི་མངའ་འོག་ཏུ་རབ་ཏུ་བྱུང་བ་མང་བར་འདོད་ན། ངའི་ལུས་འདི་ཧས་པོ་རིའི་ཤར་དུ་ཁ་ཤར་ཕྱོགས་སུ་སྟོན་ལ་ཞོག་ཅིག རབ་བྱུང་རྣམ་དག་ཉུང་ཤས་ཅིག་འདོད་ན། ནུབ་ཕྱོགས་སུ་ཞོག་ཅིག རྒྱལ་པོ་ཁྱོད་ཀྱི་ཡུལ་ཁམས་སུ་ཕྱི་རོལ་མུ་སྟེགས་པ་མི་འབྱུང་སྟེ། སྔགས་འཆང་པདྨ་འབྱུང་གནས་ཀྱིས་མ་མོའི་སྡེ་དཔོན་བརྟན་མ་བཅུ་གཉིས་ལ་བསྟན་པ་གཏད་ཅིང་སྐྱོང་བར་དམ་བཅས་པ་ཡིན་པས་སོ། །སློབ་དཔོན་པདྨ་འབྱུང་གནས་བོད་ཡུལ་དུ་བྱོན་པའི་ཚུལ་ནི། མཁན་པོ་བོ་དྷི་ས་ཏྭས་ཆོས་རྒྱལ་རྗེ་བློན་རྣམས་ལ། དགེ་བ་བཅུའི་ཆོས་གསུངས་ཤིང་མི་དགེ་བ་སྤོང་བའི་སྲོལ་བཏོད་པས་བོད་ཡུལ་གྱི་མི་མ་ཡིན་རྣམས་འཁྲུགས་ཏེ། ཡར་ལུང་འཕང་ཐང་ན། མེས་ཨག་ཚོམ་གྱིས་བཞེངས་པའི་ལྷ་ཁང་ཡོད་པ་ལ། ཤམ་པོས་ཆུ་ཐོག་ཕབ་ནས་བཤིག དམར་པོ་རིའི་རྩེ་ལ་ཡབ་མེས་ཀྱི་སྐུ་མཁར་ཡོད་པ་ལ། ཐང་ལྷས་ཐོག་ཕབ་ནས་བསྒྱེལ། བརྟན་མ་བཅུ་གཉིས་ཀྱིས་སད་དང་སེར་བ་དང་། མི་ནད་ཕྱུགས་ནད་ལ་སོགས་ཡམས་དྲག་པོ་གསོར་མི་རུང་བ་བཏང་བས་བོད་འབངས་རྣམས། རྒྱ་གར་གྱི་ཨ་ཙ་རའི་ཕྱིར་འདྲེ་སྲིན་གདུག་པ་ཅན་མང་པོ་འོངས་ནས་བཀྲ་མི་ཤིས་པ་བྱུང་ངོ་། །ཞེས་གླེང་ཞིང་མཁན་པོ་རྒྱ་གར་དུ་རྫོང་བར་ཆད་དོ། །དེའི་ཚེ་ཁྱོད་རེ་ཤིག་བལ་ཡུལ་དུ་བཞུགས་ཤིག སླར་ཡང་སྤྱན་འདྲེན་གཏོང་བས་འབྱོན་པར་ཞུ་བྱས་པས། ཁོ་བོ་སྨོན་ལམ་རྫོགས་པར་བྱེད་པས་སླར་ཡང་འོང་གིས། བོད་ཀྱི་ལྷ་སྲིན་མ་རུངས་པ་འདུལ་བ་ལ་ཨུ་རྒྱན་གྱི་སྔགས་འཆང་པདྨ་འབྱུང་གནས་ཞེས་བྱ་བ་ཡོད་ཀྱི། བལ་ཡུལ་དུ་ཁོ་བོས་སྤྱན་དྲང་བར་བྱ། དེ་ནས་ཁྱེད་ཀྱིས་སྤྱན་འདྲེན་ཐོང་ལ། མི་མ་ཡིན་པ་རྣམས་ཐུལ་ཅིག སླར་ཁོ་བོས་རབ་ཏུ་བྱུང་བའི་སྡེའི་མཁན་པོ་བྱའོ། །ཞེས་ཡོན་མཆོད་ལྐོག་ཏུ་གླེང་ནས་མཁན་པོ་བལ་ཡུལ་དུ་བརྫངས་སོ། །དེ་ནས་སྦ་ཡེ་ཤེས་དབང་པོ་སློབ་དཔོན་སྤྱན་འདྲེན་དུ་བཏང་བས་མང་ཡུལ་སྐྱིད་གྲོང་དུ་མཇལ་ཏེ། ལོ་རྒྱུས་བསྙད་པས་ཁོ་བོ་དོན་དེ་ཁོ་ནའི་ཕྱིར་འོངས་པ་ཡིན་ནོ་ཞེས་གསུངས་ཏེ། ལམ་ན་ཡོད་པའི་མི་མ་ཡིན་རྣམས་འདུལ་ཞིང་རིམ་གྱིས་གནམ་ཆུ་ཚན་ཁར་ཕེབས་པའི་ཚེ། ཉི་ཚེ་བའི་སེམས་ཅན་དམྱལ་བའི་ཆུ་ཁོལ་བ་ཡིན་ཏེ། ཁོ་བོས་ཅུང་ཟད་ཕན་པར་བྱའོ། །ཞེས་གསུངས་ནས་ཐུགས་དམ་མཛད་པས་ཆུ་ཁོལ་བ་ཆད་དེ་གྲང་མོར་གྱུར་ཏོ། །ཐུགས་དམ་གྲོལ་ནས་བཞེངས་པའི་ཚེ་སྔར་བཞིན་གྱུར་པས། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་རྒྱུ་མཐུན་གྱི་འབྲས་བུ་ཅུང་ཟད་འགྲུབ་པ་ཡིན། སེམས་ཅན་གྱི་སྡིག་པ་སྟོབས་ཅན་གྱི་རྣམ་སྨིན་གྱི་འབྲས་བུ་འགོག་པར་མི་ནུས་གསུངས། དེ་ནས་རིམ་གྱིས་སྟོད་ལུང་གི་མདའི་ལྷ་ཆུ་ཁར་ཕེབས་ནས་འདི་ན་ཆུ་མི་འདུག་གསུངས་ཏེ། གསེག་ཤང་ས་ལ་ལན་བདུན་བཙུགས་པས་ཆུ་བདུན་བྱུང་སྟེ་ལྷ་ཆུ་ཁར་གྲགས་སོ། །དེ་ནས་མཁར་ནག་འདུལ་བའི་ཕྱིར་བྱོན་ནས། བྲག་ལ་རྡོ་རྗེ་སེམས་དཔའི་སྐུ་བཞེངས་སོ། །དེ་ནས་རིམ་གྱིས་ཟུར་མཁར་གྱི་མདར་ཕེབས་ནས་ལྷ་བཙན་པོ་དང་མཇལ་བའི་སར། རྡོའི་མཆོད་རྟེན་ལྔ་བཞེངས་སོ། །དེ་ནས་བྲག་དམར་གྱི་ལྷ་ཁང་དུ་ཕེབས་ཏེ་ལྷ་སྲིན་འདུལ་བར་ཞུས་ཤིང་། ཁྱེའུ་དང་བུ་མོ་གཙང་མ་ལ་པྲ་འབེབས་པའི་ཆོ་ག་མཛད། འཇིག་རྟེན་སྐྱོང་བ་བཞི་ལ་གདུག་པ་ཅན་ཐམས་ཅད་ཁུག་ཅིག་ཅེས་བཀའ་བསྒོས་ཏེ། བཀའ་ནན་དྲག་པོ་སྩལ་བས་མི་མ་ཡིན་རྣམས་ཀྱིས་རང་གི་ཉེས་པ་ཁས་བླངས་ཤིང་ཕྱིན་ཆད་མི་བྱེད་པར་དམ་བཅས་སོ། །སླར་ཡང་མཆིམས་ཕུའི་དབེན་གནས་སུ་མི་མ་ཡིན་རྣམས་ལ་བཀའ་བསྒོ་ཞིང་། བསྟན་པ་བསྲུང་བར་དམ་བཅས་སོ། །དེ་ནས་སློབ་དཔོན་གྱིས་བྱེ་མ་ནེའུ་གསིང་དུ་བསྒྱུར་བ་དང་། བར་སྣང་ནས་ལྷ་རྫས་ཀྱི་ཆུས་གང་བའི་བུམ་པ་ལེན་པ་ལ་སོགས་པའི་ཆོ་འཕྲུལ་བསྟན་པས། བསམ་སྦྱོར་ངན་པར་བྱེད་པའི་བློན་པོ་ངན་པ་རྣམས་འཁུ་འཁྲིག་ཟོས་ཏེ། སློབ་དཔོན་བཀྲོང་བར་ཆད་པས། ལྷ་བཙན་པོ་ཐུགས་མ་བདེ་བར། དམག་མང་པོ་དང་བཅས་ཏེ། བོད་དང་མོན་གྱི་མཚམས་སུ་བསྐྱལ་ལོ། །སློབ་དཔོན་བཀྲོང་བའི་གཤེད་མ་མཚོན་ཆ་གཟུང་བ་རྣམས་རེངས་པར་གྱུར་ཏོ། །སློབ་དཔོན་གྱི་ཞལ་ནས་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་ལན་གསུམ་དམ་ལ་བཏགས་དགོས་ཏེ། ད་དུང་ལན་གཅིག་མ་གྲུབ་པས་རྒྱལ་བརྒྱུད་དང་ཆོས་བྱེད་པའི་ཚེ་སྲོག་དང་དམ་པའི་ཆོས་ལ་བར་ཆད་འགའ་རེ་འབྱུང་བར་འདུག་པས་ཅུང་ཟད་ཡིད་འཕྲེང་། ངའི་དངོས་ཀྱི་གདུལ་བྱ་བོད་ཡུལ་ན་མེད་སྲིན་པོ་འདུལ་དུ་འགྲོ་གསུངས་ནས་བླ་གོས་པུ་རེ། གསེག་ཤང་སིལ་ལེ། སྲིན་པོའི་ཡུལ་དུ་བཞུད་དོ། །བོད་ཡུལ་དུ་ཟླ་བ་བཅོ་བརྒྱད་བཞུགས་པ་ཡིན་བྱ་བ་སྦ་བཞེད་ན་སྣང་ཞིང་། དེ་བས་ལྷག་པའི་ལོ་རྒྱུས་མང་པོ་ནི་མི་སྣང་ངོ་། །མཁན་པོས་རྒྱལ་པོ་ལ་ཁྱོད་ཀྱི་བོད་ཡུལ་འདིར་མུ་སྟེགས་མི་འབྱུང་ཡང་ཡར་ངོ་མར་ངོ་གཉིས་ལ་སོགས་རྟེན་འབྲེལ་འགའ་ཡི་རྒྱུས་ཆོས་ལུགས་དག་མ་དག་གཉིས་སུ་འགྲོ་བར་འགྱུར་ཏེ། དེ་ཡང་ཐོག་མར་ང་འདས་ནས་རྒྱ་ནག་དགེ་སློང་ཞེས་བྱ་བས། བྱ་བྱེད་ཀྱི་ཆོས་ཀྱིས་འཚང་མི་རྒྱ་བས་རྣམ་པར་མི་རྟོག་པ་བསྒོམ་པས་སེམས་རྟོགས་པ་འབའ་ཞིག་གིས་འཚང་རྒྱ་བའི་ཆོས་སྟོན་པར་འགྱུར་རོ། །དེའི་ཚེ་ངའི་སློབ་མ་ཀཱ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་དེས་སུན་འབྱིན་པར་ནུས་སོ། །དེ་ནས་དད་ལྡན་རྣམས་ཀྱིས་སློབ་དཔོན་གྱི་ཆོས་ལུགས་བཞིན་དུ་ཉམས་སུ་ལོང་ཅིག་གསུང་། དེ་བདག་ཅག་གིས་གདན་འདྲོང་བ་མི་སྲིད་པས་ཕྱག་ཡིག་ཅིག་བཞག་པར་ཞུ་ཞུས་པས། ཀཱ་མ་ལ་ཤཱི་ལ་ཁྱེད་ལ་མ་འོངས་པའི་དུས་སུ་བོད་ཀྱི་རྒྱལ་པོས་གདན་འདྲེན་པ་བྱུང་ན་ཅིས་ཀྱང་འབྱོན་དགོས་སོ། །གལ་ཏེ་མ་འོངས་ན་དཔོན་སློབ་ལ་དམ་ཚིག་མེད་དོ། །ཞེས་པའི་ཕྱག་ཡིག་བཞག་སྐད། དེའི་རྗེས་སུ་ལུང་བསྟན་པ་དེ་བཞིན་ཐོག་ཏུ་བབས་ཏེ། མཁན་པོ་གཤེགས་ནས། སྦ་ཡེ་ཤེས་དབང་པོ་རྒྱལ་ཚབ་ཏུ་བསྐོས་ཏེ་བསྟན་པ་འཛིན་པའི་ཚེ། ཉང་ཏིང་འཛིན་བཟང་པོ་དང་། ཉང་ཤ་མི་ལ་སོགས་པ་མི་གུས་པ་དང་སྐུར་པ་བཏབ་པས་ཐུགས་སྐྱོ་ནས་མཁར་ཆུར་བསྒོམ་དུ་བཞུད་དོ། །དེའི་ཚེ་རྒྱ་ནག་མཁན་པོ་བྱུང་ནས་ཁོ་རང་གི་ཆོས་ལུགས་བསྟན་པས། ཆོས་འདི་བྱ་སླ་ཞིང་ཕན་ཡོན་ཆེའོ། །ཞེས་ཟེར་ཞིང་། བོད་རིལ་གྱིས་ཁོའི་ཆོས་ལུགས་བྱེད། དཀོན་མཆོག་ལ་མཆོད་པ་དང་། སྡེ་སྣོད་ལ་ཐོས་བསམ་དང་། ལུས་ངག་གི་དགེ་སྦྱོར་འཕྲོ་གཅད་དོ། །དཔལ་དབྱངས་དང་། སྦ་རཏྣ་ལ་སོགས་པ་ཉུང་ཤས་ཤིག་མཁན་པོའི་ཆོས་ལུགས་བྱེད་དོ། །བཙན་པོས་རྒྱའི་སྟོན་པའི་ལུགས་འདི་ཆོས་རང་མིན་པ་འདྲ་གསུངས་པས་སྟོན་མིན་པར་གྲགས་སོ། །དྲང་སྲོང་བཟོད་པས་མཆིམས་ཕུར་རང་གི་ལུས་ལ་མེ་སྤར་ཏེ། དཀོན་མཆོག་ལ་ཕུལ་བས། སེམས་ཅན་གྱི་དོན་དུ་རང་ལ་བརྩེ་བ་མེད་པ་འདི་ལྟ་བུའི་ཚོགས་བསགས་པ་གལ་ཆེ་བྱས་པས་བརྩེན་མིན་པར་གྲགས་སོ། །བཙན་པོས་ལྟ་སྤྱོད་འཛོམ་པའི་ཆོས་བརྩེན་མིན་པའི་ལྟར་བྱ་རྒྱུ་ཡིན་གསུངས་པས་སྟོན་མིན་པ་རྣམས་ཡི་ཆད་དེ། ཧྭ་ཤང་གིས་རང་གི་མགོ་ལ་མེ་སྦར་བས་རྒྱ་མེ་མགོ་བར་གྲགས་སོ། །དེ་ནས་རྒྱལ་པོ་ཐུགས་མ་བདེ་ནས། སྦ་ཡེ་ཤེས་དབང་པོ་སྤྱན་འདྲེན་པ་བཏང་བས་ཁུགས་ཏེ། བཙན་པོའི་སྤྱན་སྔར་མཇལ་ཞིང་གླེང་བས། མཁན་པོའི་ཞལ་ཆེམས་དཀོར་མཛོད་དུ་ཟངས་མའི་གླེགས་བུ་ལ་བྲིས་པ་བཏོན་ནས་ཕུལ་པས། ཀཱ་མ་ལ་ཤཱི་ལ་སྤྱན་འདྲེན་པ་བཏང་སྟེ། བསམ་ཡས་སུ་ཕེབས་ནས་བྱང་ཆུབ་གླིང་དུ་ཁྲི་བཤམས་ཏེ། བཙན་པོ་གུང་ལ་བཞུགས། ཧྭ་ཤང་གཡས་སུ་འཁོད། འཁོར་བནྡྷེ་ལན་ཀ་དང་། ཇོ་མོ་བྱང་ཆུབ་ལ་སོགས་པ་གྲལ་རིང་པོ་བྱུང་ངོ་། །སློབ་དཔོན་ཀཱ་མ་ལ་ཤཱི་ལ་གཡོན་དུ་འཁོད། འཁོར་བཻ་རོ་ཙ་ན་ལ་སོགས་པ་ཉུང་ཤས་ཤིག་བྱུང་། ལྷ་བཙན་པོས་མེ་ཏོག་དཀར་པོའི་ཕྲེང་བ་རེ་གཏད་ནས། གང་རྩོད་པ་རྒྱལ་བ་ལ་ཕམ་པ་དེས་མེ་ཏོག་ཕུལ་ཅིག ངའི་མངའ་རིས་བོད་ཡུལ་འདིར་ནག་པོ་ལ་དགའ་བའི་དུས་སུ་ཟ་ཧོར་རྒྱལ་པོའི་སྲས་བོ་དྷི་ས་ཏྭ་སྤྱན་དྲངས་ནས། བོད་ཉུང་ཤས་ཤིག་དམ་པའི་ཆོས་ལ་བཀོད། དད་པ་ཅན་རབ་ཏུ་བྱུང་ཞིང་། དཀོན་མཆོག་གསུམ་གྱི་རྟེན་རྣམས་བཙུགས་ནས་མཆོད་པ་བྱེད་པའི་དུས་སུ། རྒྱ་ནག་ཧྭ་ཤང་མ་ཧཱ་ཡ་ན་བྱུང་སྟེ། བོད་ཀྱི་བཙུན་པ་ཕལ་ཆེར་ཀྱང་དེའི་སློབ་མར་གྱུར་ཏེ། བོ་དྷི་ས་ཏྭའི་སློབ་མ་ཉུང་ཤས་ཤིག་གིས། སློབ་ཏུ་མ་བཏུབ་པས་སྟོན་བརྩེན་གཉིས་སུ་ཆད་དེ་རྩོད་པར་གྱུར་ཏོ། །ཀཱ་མ་ལ་ཤཱི་ལ་བོ་དྷི་ས་ཏྭའི་ཆོས་ལུགས་སྐྱོང་བའི་སློབ་མ་ཡིན་པས། ཁྱེད་གཉིས་ང་རྒྱལ་མི་བྱ་བར་ཆོས་ལུགས་སུ་བཟང་བ་ལ་ངན་པ་དེས་གུས་པར་གྱིས་ཤིག ཅེས་བཀའ་སྩལ་པ་དང་། ཧྭ་ཤང་ན་རེ། གཞི་ལ་ཡོད་པ་སྔ་བ་ཡིན་པས། དྲིའམ་ལན་གདབ་ཅེས་ཟེར་རོ། །སློབ་དཔོན་ཀཱ་མ་ལས། ཁྱེད་ཀྱི་དགོངས་པ་ལྟར་དུ་ཤགས་གསུངས་ཤིག ཅེས་བྱས་པས་ཧྭ་ཤང་ན་རེ། ལས་དགེ་མི་དགེའི་དབང་གིས་མཐོ་རིས་དང་ངན་སོང་གི་འབྲས་བུ་མྱོང་ཞིང་འཁོར་བར་འཁོར་བ་ཐམས་ཅད། སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པ་ཡིན། གང་ཅི་ཡང་མི་སེམས་ཤིང་། ཅི་ཡང་མི་བྱེད་པ་དེ་འཁོར་བ་ལས་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་བསམ་པར་མི་བྱའོ། །སྦྱིན་པ་ལ་སོགས་དཀར་པོའི་ཆོས་སྤྱོད་པ་ནི། སྐྱེ་བོ་བློ་ཞན་པ་དཀར་པོའི་ལས་འཕྲོ་མེད་པའི་དབང་པོ་རྟུལ་པོ་རྣམས་ལ་བསྟན་པ་ཡིན་ཏེ། སྔོན་བློ་སྦྱངས་པའི་དབང་པོ་རྣོན་པོ་རྣམས་སྤྲིན་དཀར་ནག་གང་གིས་ཀྱང་ཉི་མ་བསྒྲིབས་པ་ལྟར་ལས་དགེ་སྡིག་གཉིས་ཀས་བསྒྲིབས་པས་ཅི་ཡང་མི་སེམས། ཅི་ཡང་མི་རྟོག གང་ཡང་མི་སྤྱོད་པ་དེ་ནི་མ་དམིགས་པ་ཞེས་བྱ། དེ་ནི་ཅིག་ཅར་འཇུག་པའི་ལམ་ས་བཅུ་པ་དང་འདྲའོ། །དེས་ན་ཁྱེད་ཀྱི་ཆོས་ལུགས་ནི་སྤྲེའུ་ཤིང་རྩེར་འཛེགས་པ་དང་འདྲ་བས་རིམ་གྱིས་པ་ཞེས་བྱ། ངེད་ཀྱི་ཆོས་ལུགས་འདི་ཁྱུང་ནམ་མཁའ་ནས་ཤིང་རྩེར་བབས་པ་དང་འདྲ་བས། ཡས་འབབ་དང་ཅིག་ཅར་ཞེས་བྱའོ། །ཞེས་ཟེར་རོ། །དེ་ལ་སློབ་དཔོན་གྱིས་དཔེ་དོན་ལ་དགག་པ་མཛད་དེ། དང་པོ་དཔེ་དགག་པ་ལ་ཁྱོད་ཀྱི་དཔེ་མི་འཐད་དེ། ཁྱུང་ནམ་མཁའ་ལས་གློ་བུར་དུ་འདབ་གཤོག་རྫོགས་པར་སྐྱེས་ནས་ཤིང་རྩེར་འབབ་བམ། འོན་ཏེ་བྲག་ལ་ཚང་བཅས་ནས་རིམ་གྱིས་འདབ་གཤོག་རྒྱས་ཏེ་ཤིང་རྩེར་འབབ། དང་པོ་མི་སྲིད་ལ། ཕྱི་མ་ལྟར་ན་རིམ་གྱིས་པའི་དཔེར་འགྱུར་གྱི། ཅིག་ཅར་བའི་དཔེར་མི་རུང་ངོ་། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply