།དེར་མཁན་པོས་དཔེ་ལ་ལན་མ་ཐེབས་པ་དང་དོན་བཀག་སྟེ། ཁྱོད་ཀྱི་དཔེ་ནོར་བར་མ་ཟད་དོན་ཡང་འཁྲུལ་ཏེ། རྣམ་པར་མི་རྟོག་པ་བསྒོམ་པ་དེ་ནི་རྣམ་རྟོག་ཕྱོགས་གཅིག་བཀག་པ་ཙམ་ཡིན་ནམ། མཐའ་དག་བཀག་པ་ཡིན། དང་པོ་ལྟར་ན། གཉིད་དང་བརྒྱལ་བ་ལ་སོགས་པའང་མི་རྟོག་པ་བསྒོམ་པ་ཡིན་པར་ཐལ། རྟོག་པ་ཕྱོགས་གཅིག་བཀག་པ་ཙམ་ཡིན་པའི་ཕྱིར། རྣམ་རྟོག་མཐའ་དག་དགག་དགོས་ན། ཁྱོད་མི་རྟོག་པ་བསྒོམ་པའི་ཚེ་མི་རྟོག་པ་བསྒོམ་སྙམ་པའི་བློ་སྔོན་དུ་བཏང་དགོས་སམ་མི་དགོས། དགོས་ན་དེ་ཉིད་རྟོག་པ་ཡིན་པས་མི་རྟོག་པ་བསྒོམ་པའི་དམ་བཅའ་ཉམས་སོ། །མི་དགོས་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བསྒོམ་སྐྱེ་བར་ཐལ། བསྒོམ་སྙམ་པའི་རྟོག་པ་སྔོན་དུ་མ་བཏང་ཡང་སྐྱེ་བའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་ལུང་དང་རིགས་པས་སུན་ཕྱུང་བས། རྒྱ་ནག་མཁན་པོ་སྤོབས་པ་མེད་པར་གྱུར་ཏོ། །རྒྱལ་པོས་སྨྲས་པ་ལན་ཡོད་ན་ད་ལྟ་གསུངས་ཤིག མཁན་པོས་སྨྲས་པ་མགོར་ཐོག་རྒྱབ་པ་ལྟར་ལན་མི་ཤེས་སོ། །དེ་ནས་རྒྱལ་པོས་དེ་ལྟར་ན་སློབ་དཔོན་ལ་མེ་ཏོག་ཕུལ། བཟོད་པར་གསོལ་ལ་ལུང་རིགས་དང་མི་འགལ་བར་རྒྱ་གར་གྱི་ཆོས་ལུགས་བཞིན་གྱིས་ཤིག རྒྱ་ནག་མཁན་པོའི་ལུགས་བྱེད་ན་ཆད་པས་གཅད་དོ། །ཞེས་བཀའ་ནན་དྲག་ཏུ་མཛད་ནས་བཀའ་ཡིག་གསུམ་མཛད་ཅིང་། མདོ་ཁམས་དང་། བོད་དང་། དཀོར་མཛོད་དུ་བཞག་གོ །རྒྱ་ནག་ཧྭ་ཤང་གིས་ཐོག་མར་པཎྜི་ཏ་སྤྱན་འདྲེན་བཏང་བ་ཐོས་ནས། སློབ་མ་བསྡུས་ཏེ། ཤགས་འདེབས་པ་བསླབ་པའི་ཚེ། ཅི་ཡང་ཡིད་ལ་མི་སེམས་པར་ཉལ་བས་ཆོག་གོ །ཞེས་པའི་བསྒོམ་ཡིག་བསམ་གཏན་ཉལ་ཆོག་གི་འཁོར་ལོ། དེའི་གནད་སྟོན་པ་ལ་བསམ་གཏན་གྱི་ལོན། གེགས་སེལ་བ་ལ་བསམ་གཏན་གྱི་ཡང་ལོན། རིགས་པས་བསྒྲུབ་པ་ལ་ལྟ་བའི་རྒྱབ་ཤ ལུང་གིས་སྒྲུབ་པ་ལ་མདོ་སྡེ་བརྒྱད་བཅུའི་ཁུངས་ཞེས་བྱ་བའི་གཞུང་ལྔ་བརྩམས་སོ། །དེ་རྣམས་གཏེར་དུ་སྦས་པ་རིམ་གྱིས་མཆོད་པར་གྱུར་ཏེ། བོད་ཀྱི་མན་ངག་ཆོས་རྒྱུས་ཆུང་བས་རང་བཟོར་བྱས་པ་རྣམས་ལ་འདྲེས་པ་ཡིན་ནོ། །རྒྱ་ནག་མཁན་པོའི་ལྷྭམ་རྩོད་པའི་གྲྭར་ལུས་པས་བོད་ཀྱི་བསྟན་པའི་མཇུག་ཏུ་ངའི་ཆོས་ལུགས་འབྱུང་ངོ་ཞེས་པ་དང་། རྒྱ་ནག་ཏུ་འགྲོ་བའི་ཚེ་ལྷྭམ་ལུས་པ་དང་། ད་རུང་བོད་ཡུལ་དུ་ངའི་ཆོས་ལུགས་འབྱུང་ཞེས་ཟེར་རོ། །ལྷ་བཙན་པོས་སློབ་དཔོན་ལ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ཆོས་དེའི་གནས་ལུགས་ཇི་ལྟར་ཡིན་པའི་བསྟན་བཅོས་མཛད་པར་ཞུས་པས། བསྒོམ་རིམ་དང་པོ་བརྩམས། སྟན་ཐོག་གཅིག་ཏུ་བསྒོམ་ཚུལ་ཞུས་པས། བསྒོམ་རིམ་བར་པ་མཛད། དེ་ལས་འབྲས་བུ་གང་འབྱུང་ཞུས་པས། བསྒོམ་རིམ་ཐ་མ་བརྩམས། དེ་ལ་རྒོལ་བ་བཟློག་པའི་ཕྱིར། ལུང་དང་རིགས་པས་སྒྲུབ་པའི་དབུ་མ་སྣང་བ་བརྩམས་ཏེ་གནང་ངོ་། །དེ་ལྟར་རྒྱ་གར་གྱི་ལུགས་ཀྱི་རིམ་གྱིས་པའི་ཆོས་ལུགས་དར་བའི་ཚེ། རྒྱལ་པོ་གླང་དར་མ་བློན་པོ་ངན་པ་དང་གྲོས་ངན་བཤམས་ཏེ། མངའ་བདག་རལ་པ་ཅན་བཀྲོངས་ནས་བོད་ཡུལ་གྱི་ཆོས་ཁྲིམས་དང་། རྒྱལ་ཁྲིམས་གཉིས་ཀ་བཤིག གླང་དར་མའང་ལྷ་ལུང་དཔལ་གྱི་རྡོ་རྗེས་བསད། དེ་རྗེས་སུ་ཡུམ་བརྟན་དང་། འོད་སྲུང་འཁྲུགས་ནས་བོད་ཡུལ་ཕུང་བར་གྱུར་པའི་ཚེ་ཧྭ་ཤང་གི་ཆོས་ལུགས་ཡི་གེར་བཀོད་པ་གཏེར་ནས་འཐོན་པ་ལ་བརྟེན་ནས། བླུན་པོ་ཆོས་དད་ཅན་གདམས་ངག་འབོགས་པ་ལ་སྤྲོ་བས་ཡས་འབབ་དང་ཅིག་ཅར་བའི་མིང་འདོགས་གསང་ནས། ཕྱག་རྒྱ་ཆེན་པོར་མིང་བཏགས་ཏེ་བཤད་དོ། །དེ་ལ་ཡང་ཆོས་ཐམས་ཅད་སེམས་སུ་ངོ་སྤྲོད། སེམས་ནམ་མཁར་ངོ་སྤྲོད། ནམ་མཁའ་ཅི་ཡང་མེད་པའི་སྟོང་ཉིད་དུ་ངོ་སྤྲོད་པའི་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་གསུམ་པར་གྲགས་པ་དང་། ཡང་སེམས་བདེ་བ་དང་། གསལ་བ་དང་། མི་རྟོག་པར་ཞེན་པའི་གོལ་ས་གསུམ་བཅད་དེ། གཤིས་ལ་ཤོར་བ་དང་། སྒོམ་དུ་ཤོར་བ་དང་། ལམ་དུ་ཤོར་བ་དང་། རྒྱས་འདེབས་སུ་ཤོར་བ་སྟེ། ཤོར་ས་བཞི་སྤངས་ནས། སོ་མ། མ་བཅོས་པ། ལྷུག་པ། འབོལ་ལེ། ཤིག་གེར་འཇོག་པ་ཉམས་སུ་ལེན་པ་སྟེ། འཇུར་པོས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །བྲམ་ཟེ་སྐུད་པ་འཁལ་བ་ལྟར། །སོ་མ་མ་བཅོས་ལྷུག་བར་ཞོག །ཅེས་བྲམ་ཟེ་ཆེན་པོས་གསུངས་སོ། །ཞེས་ཟེར་བའི་དེང་སང་གི་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱང་། རྒྱ་ནག་གི་ལུགས་ཀྱི་རྫོགས་ཆེན་ལས་མ་འདས་སོ། །གཞུང་དེའི་ཚིག་རྐང་དང་པོ་གཉིས་བྲམ་ཟེའི་གསུང་ཡིན་ཀྱང་། ཕྱི་མ་གཉིས་ནི་བརྫུས་མ་ཁོ་ནའོ། །འདི་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཕྲིན་ཡིག་ལས། ཁ་ཅིག་དཀར་པོ་ཆིག་ཐུབ་ལ། །ཕྱག་རྒྱ་ཆེན་པོ་ངོ་སྤྲོད་བྱེད། །ཤོར་ས་བཞི་དང་གོལ་ས་གསུམ། །སྤོངས་ལ་གཉུག་མར་བསྒོམ་པར་བྱ། །བྲམ་ཟེ་སྐུད་པ་འཁལ་བ་ལྟར། །སོ་མ་མ་བཅོས་ལྷུག་པར་བཞག །འདི་ལ་ཕྱག་རྒྱ་ཆེན་པོ་ཟེར། །འདི་དོན་བརྟགས་ན་འདི་ལྟར་མཐོང་། །སོ་མར་བཞག་ན་བལ་ཉིད་ཡིན། །སྐུད་པར་བྱས་ན་བཅོས་པར་གྱུར། །དེ་ཕྱིར་འདི་ལ་དཔེ་སྐྱོན་ཡོད། །དོན་གྱི་སྐྱོན་ཡང་འདི་ལྟར་མཐོང་། །གོལ་ས་གསུམ་པོ་གཅད་ཙམ་གྱིས། །ཕྱག་རྒྱ་ཆེན་པོར་འགྱུར་ན་ནི། །ཉན་ཐོས་འགོག་པའང་དེར་འགྱུར་རོ། །ཤོར་ས་བཞི་པོ་སྤང་སྙམ་པའི། །རྣམ་རྟོག་ཕྱག་རྒྱ་ཆེན་པོ་མིན། །རྟོག་པ་མེད་ན་སྤོང་མི་ནུས། །རྟོག་པ་མེད་ཀྱང་སྤོང་ནུས་ན། །སེམས་ཅན་ཀུན་ལ་འབད་མེད་པར། །ཕྱག་རྒྱ་ཆེན་པོ་ཅིས་མི་སྐྱེ། །དེས་ན་ཕྱག་རྒྱ་ཆེན་པོ་ཉིད། །ཡིན་ན་ཤོར་ས་གོལ་ས་མེད། །ཡོད་ན་ཕྱག་རྒྱ་ཆེན་པོ་མིན། །ཞེས་སོགས་ཀྱི་སྒོ་ནས་རྒྱས་པར་བཀག་གོ །བཞི་པ་ལ་བཞི་སྟེ། ནཱ་རོ་དང་མཻ་ཏྲི་བའི་ལུགས་དང་མཐུན་པ། འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་དང་མཐུན་པ། རྒྱུད་དང་བསྟན་བཅོས་གཞན་དང་མཐུན་པ། དེ་ལྟ་བུའི་ཕྱག་ཆེན་རྟོགས་པའི་ཕན་ཡོན་ནོ། །དང་པོ་ནི། ནཱ་རོ་དང་ནི་ཞེས་སོགས་དྲུག་སྟེ། གྲུབ་ཆེན་དེ་གཉིས་ཀྱིས་བཞེད་པའི་ཕྱག་རྒྱ་ཆེན་པོ་ནི། སམྦུ་ཊི་ལས། ཨེ་ཝཾ་མ་ཡ་བཞི་དང་། འཁོར་ལོ་བཞི་ལ་སོགས་པ་བཞི་ཚན་གྱི་ཆོས་བཅུ་ལ་ཕྱག་རྒྱ་བཞི་སྦྱོར་བའི་ཚུལ་དེ་ཉིད་ཡིན་ནོ། །དེ་ཡང་ཏི་ལོ་པས་ནཱ་རོ་པ་ལ་གནང་བའི་ཕྱག་རྒྱ་ཆེན་པོ་གཾ་ག་མ་ལས། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པར་སྨྲ། །འདུལ་བའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང་། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ཀྱང་། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ། །ཞེས་དང་། མཻ་ཏྲི་པའི་ཕྱག་རྒྱ་ཆེན་པོ་ཚིག་ཏུ་བསྡུས་པ་ལས། སྣང་བ་རང་གྲོལ་ཆོས་ཀྱི་དབྱིངས། །རྟོག་པ་རང་གྲོལ་ཡེ་ཤེས་ཆེ། །གཉིས་མེད་མཉམ་པ་ཆོས་ཀྱི་སྐུ། །ཆུ་བོ་ཆེན་པོའི་རྒྱུན་ལྟར་འབབ། །ཅེས་པ་དང་། དེ་ཉིད་ཉི་ཤུ་པ་ལས། ལས་དང་དམ་ཚིག་ཕྱག་རྒྱ་གཉིས། །འཁོར་ལོ་རྫོགས་པར་བསྒོམ་པ་ཉིད། །ཐ་མའི་བྱང་ཆུབ་བསྒོམ་པ་ནི། །དག་པའི་དེ་ཉིད་ཕྱིར་ཕྱོགས་པའོ། །ཡེ་ཤེས་ཕྱག་རྒྱ་མཉམ་སྦྱོར་བས། །འཇམ་པའི་རྡོ་རྗེ་ལ་སོགས་གཙོ། །བདེན་མིན་བརྫུན་མིན་རྣམ་པར་ནི། །བདག་ཉིད་བསྒོམ་པ་འབྲིང་པོའོ། །ཞེས་པ་དང་། ཐེག་ཆེན་ཉི་ཤུ་པ་ལས། ཟུང་འཇུག་གོ་འཕང་སྐྱོང་བ་པོའི། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །མཚན་ཉིད་མེད་ཉིད་འདུས་མ་བྱས། །གཉུག་མའི་ཚུལ་ལ་བདག་ཕྱག་འཚལ། །ཞེས་གསུངས་སོ། །ནཱ་རོ་པའི་ལུགས་ཀྱི་ཕྱག་ཆེན་ནི། ཆོས་དྲུག་རྡོ་རྗེའི་ཚིག་རྐང་ལས། ཕྱག་ནི་གཉིས་མེད་ཡེ་ཤེས་དེ་ཡིས་བཟུང་། །རྒྱ་ནི་འཁོར་བའི་མདུད་པ་དྲལ་བ་སྟེ། །ཆེན་པོ་ཟུང་འཇུག་སྒྲོན་མ་བལྟམས་པ་ལགས། །གཞན་གྱིས་མ་རྟོགས་རང་གྲོལ་ཆོས་སྐུའོ། །ཞེས་པའི་ལུང་དྲངས་ནས་འཆད་པ་ནི། རྒྱ་གར་གྱི་ཕྱག་རྒྱ་ཆེན་པོའི་སྐད་དོད་ལ། ཕྱག་གི་སྐད་དོད་མེད་ཅིང་འོག་ཏུ་ཕྱག་རྒྱ་ཆེན་པོའི་བཤད་པ་ལ། ལག་པའི་སྒྲ་དོན་འཆད་པ་དང་། །ཞེས་འཁྲུལ་པར་བཤད་པ་དང་འགལ་བས་ཐེ་ཚོམ་གྱི་གཞིའོ། །དེས་ན་འདིའི་ལུགས་ཀྱི་ཕྱག་རྒྱ་བཞི་ནི། འཁོར་ལོ་བདེ་མཆོག་གི་རྫོགས་རིམ་ཕྱག་རྒྱ་བཞི་ལ་སྦྱོར་བའི་ཚུལ་ཡོད་པ་ལ་དགོངས་ཏེ་འདིར་མ་སྤྲོས་སོ། །གཉིས་པ་ནི། འཕགས་པ་ཀླུ་སྒྲུབ་ཞེས་སོགས་དྲུག་སྟེ། ཕྱག་རྒྱ་བཞི་པར། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྒྱུ་མཐུན་པའི་འབྲས་བུ་སྐྱེ་བར་བྱེད་དོ། །འདྲ་བར་འབྱུང་བས་རྒྱུ་མཐུན་པའོ། །ཇི་ལྟར་མེ་ལོང་ལ་བརྟེན་ནས་བཞིན་གྱི་གཟུགས་བརྙན་འབྱུང་བ་དེ་བཞིན་དུ་མི་འབྱུང་བར་མི་འགྱུར་རོ། །སྔོན་དུ་ཡང་མ་གྲུབ་པ་ལ་ད་ལྟར་ཡང་མ་གྲུབ་པའི་ཕྱིར། དེ་ལྟར་བཞིན་གྱི་གཟུགས་བརྙན་ནི་འདྲ་བ་ཙམ་དུ་རྟོགས་པར་ཟད་དོ། །དེ་ལྟར་ན་འཇིག་རྟེན་པ་རྣམས་རང་གིས་རང་གི་བཞིན་མཐོང་ངོ་། །ཞེས་འཁྲུལ་པས་དགའ་བར་འགྱུར་རོ། །དེ་བཞིན་དུ་སློབ་དཔོན་དམན་པས་སློབ་མ་དམན་པ་རྣམས་ཤེས་རབ་ཡེ་ཤེས་བསྒྲུབས་ནས་དེ་ཁོ་ན་ཉམས་སུ་མྱོང་ངོ་། །ཞེས་དགའ་བ་སྐྱེ་བར་འགྱུར་ཏེ། །དེ་ལ་དགའ་ཞིང་མགུ་བས་ཆོས་ཀྱི་ཕྱག་རྒྱའི་གཏམ་ཡང་མི་ཤེས་སོ། །ཞེས་བཤད་དོ། །གསུམ་པ་ནི། རྒྱུད་ཀྱི་རྒྱལ་པོ་ཞེས་སོགས་ཚིགས་བཅད་གཅིག་སྟེ། བརྟག་གཉིས་སོགས་རྒྱུད་ཀྱི་རྒྱལ་པོ་དང་། གྲུབ་པ་སྡེ་བདུན་དང་། སྙིང་པོ་སྐོར་དྲུག་སོགས་བསྟན་བཅོས་ཆེན་པོ་གཞན་ལས་ཀྱང་། བླ་མེད་ཀྱི་དབང་བསྐུར་བ་བཞི་པོ་དག་དང་མ་འབྲེལ་བ་དེ་ལ་ཕྱག་རྒྱ་ཆེན་པོ་བཀག་སྟེ། བརྟག་གཉིས་ལས། དེ་ནས་རྣལ་འབྱོར་མས་ཞུས་པ། །ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ། །ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི། །བདེ་བ་སྦྱིན་པས་བཤད་དུ་གསོལ། །ཞེས་པའི་ལན་དུ། གཞན་གྱི་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་དང་། སམྦུ་ཊི་ལས། ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་རྙེད་པར་འགྱུར། །ཞེས་པ་དང་། གསང་བ་མཛོད་ཀྱི་མདོ་ལས་ཀྱང་། རྡོ་རྗེ་སེམས་དཔའ་ཉོན་ཅིག་དང་། གསང་སྔགས་ཀྱི་ཐེག་པ་མཆོག་གི་དབང་བསྐུར་བ་གསང་བ་ཆེན་པོ་འདིས་སངས་རྒྱས་ཐོབ་པར་ནུས་ཀྱི། ཐེག་པ་གཞན་གྱིས་ནི་བསྐལ་པ་བྱེ་བས་ཀྱང་སངས་རྒྱས་འཐོབ་པར་མི་འགྱུར་རོ། །ཞེས་པ་དང་། ཡེ་ཤེས་གྲུབ་པ་ལས། རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་མཆོག་བཟང་ཐོབ་པ་ཡིས། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ཞེས་པ་དང་། སློབ་དཔོན་ཨཱརྻ་དེ་ཝས། དེ་ནི་དཔེ་ཡིས་ཉེར་མཚོན་ནས། །བླ་མའི་ཞལ་གྱིས་དྲིན་གྱིས་སོ། །ཞེས་པ་དང་། ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་གྲུབ་པ་ལས། བདེར་གཤེགས་གནས་ཀྱི་དཀྱིལ་འཁོར་དུ། །རྒྱུད་ཀྱི་ལམ་གྱི་རྗེས་འབྲངས་ནས། །མཁས་པ་གང་ཚེ་དབང་བསྐུར་ན། །སངས་རྒྱས་ཐམས་ཅད་མངོན་སུམ་ཡིན། །དཔག་མེད་འཇིག་རྟེན་ཁམས་དབང་ཕྱུག །བདག་བྱིན་བརླབ་པའི་རིམ་ཐོབ་པ། །ཞེས་གསུངས་སོ། །ཁ་ཅིག་འདིར། ཕྱག་ཆེན་མཆོག་གི་དངོས་གྲུབ་ཐོབ་པ་ནི། ཕར་ཕྱིན་ཐེག་པ་བ་ལྟར་ན། མཐོང་སྤང་གི་སྒྲིབ་པ་སྤངས་པ་དང་། གསང་སྔགས་པ་ལྟར་ན་རྩ་དབུ་མའི་མདུད་པ་གྲོལ་བ་ལ་ཟེར་ཞེས་སྨྲ་བ་ནི་བབ་ཆོལ་ཏེ། གོང་དུ་དྲངས་པའི་ལུང་རྣམས་དང་། འདིར་དབང་བསྐུར་དག་དང་མ་འབྲེལ་བ། །དེ་ལ་ཕྱག་རྒྱ་ཆེན་པོ་བཀག །ཞེས་ཕར་ཕྱིན་ཐེག་པ་ལ་ཕྱག་རྒྱ་ཆེན་པོ་མེད་པར་བཤད་པ་དང་དངོས་སུ་འགལ་བའི་ཕྱིར་རོ། །བཞི་པ་ནི་དབང་བསྐུར་བ་ལ་ཞེས་སོགས་ཚིགས་བཅད་གཅིག་སྟེ། དབང་དང་རིམ་གཉིས་ལས་བྱུང་བའི་མཚོན་བྱ་དོན་གྱི་ཡེ་ཤེས་མཐོང་ལམ་གྱི་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་རྟོག་ན་ད་གཟོད་སོགས་ཏེ། དེའི་ཚེ་འཁོར་ལོ་བསྐོར་བ་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པའི་ཕྱིར་རོ། །གཉིས་པ་མོས་གུས་ཀྱིས་སེམས་བསྒྱུར་བའི་ཞི་གནས་ལྟར་སྣང་ལ་ཕྱག་ཆེན་དུ་འདོད་པ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། །དེང་སང་འགའ་ཞིག་ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ནི། དེ་འདྲ་བདུད་ཀྱི་ཞེས་སོགས་ཚིགས་བཅད་གསུམ་སྟེ། བླ་མའི་མོས་གུས་ཀྱིས་སེམས་བསྒྱུར་ནས་རྟོག་པ་ཅུང་ཟད་འགགས་པ་ལ་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བྱེད་པ་མི་འཐད་དེ། དེ་འདྲ་བདུད་ཀྱི་བྱིན་བརླབས་ཡིན་པ་ཡང་སྲིད་ཅིང་ཡང་ན་རྣལ་འབྱོར་པ་ཁམས་འདུས་པ་འགའ་ལ་ཡང་འབྱུང་བའི་ཕྱིར་རོ། །དཔེར་ན་ཀ་རུ་འཛིན་སོགས་ཏེ། རྟོགས་ལྡན་གྱི་ཡུལ་དཔལ་མོ་དཔལ་ཐང་གི་ལྷ་མཚོ་ཁར་ཀ་རུ་འཛིན་ཞེས་བྱ་བ་དེས་གྲུབ་ཐོབ་ཏུ་ཁས་བླངས་ཏེ། ཁ་སྐོར་དུ་པགས་པ་ནག་པོས་སྨ་ར་བྱས། ཉིན་མོ་མཚམས་གཅད་མཚན་མོ་ལོ་ཙཱ་བཅུག་ནས་ཆོས་ལྟར་བཅོས་པ་འགའ་རེ་སྟོན། གཞན་ཡང་གཡོ་རྒྱུའི་སྤྱོད་པ་སྣ་ཚོགས་བསྟན་པས་འཁོར་མང་པོ་འདུས་ཤིང་། དེའི་དགོན་པ་མཐོང་བ་ཙམ་གྱིས་འགའ་ལ་ཏིང་ངེ་འཛིན་སྐྱེས་ཞེས་ཟེར། ཕྱིས་ནས་ཐེ་ཚོམ་དུ་གྱུར་ཏེ། རྟོགས་ལྡན་གྱིས་མི་མང་པོའི་དཀྱིལ་དུ་དེའི་སྨ་ར་བཤུས། སྨ་ཕབ་པས་གྲུབ་ཐོབ་ཞིག་ཅིང་། དེ་ནས་ཏིང་ངེ་འཛིན་གྱི་རྒྱུན་ཆད་པར་གྱུར་རོ། །ཞེས་འདུལ་བ་སེང་གེའི་ཕྱོགས་སྔ་མདོར་བསྡུས་ལས་བཤད་ལ། ཁ་ཅིག་སྔར་གྱི་མི་དེས་ཞྭ་དཀར་པོ་རྙེད་པ་གོན་པས་དེ་ལྟར་གྱུར་ཅིང་། ཕྱིས་ནས་ཞྭ་དཀར་པོ་ཕུད་པས་གྲུབ་ཐོབ་ཞིག་ཅེས་འཆད་དོ། །མདོར་ན་སངས་རྒྱས་ཀྱི་གསུང་བཞིན་མ་བསྒྲུབས་པའི་གློ་བུར་གྱི་ཏིང་ངེ་འཛིན་བདུད་རིགས་ཀྱིས་བྱེད་པར་གསུངས་ལ། སངས་རྒྱས་ཀྱི་གསུང་བཞིན་བསྒྲུབ་པ་ལས་བྱུང་བའི་ཏིང་ངེ་འཛིན་སངས་རྒྱས་རྣམས་ཀྱི་བྱིན་བརླབས་ཡིན་པར་གསུངས་སོ། །གསུམ་པ་ཞར་ལ་ཕྱག་ཆེན་གྱི་རྒྱུ་ལ་ལོག་རྟོག་དགག་པ་ལ་གསུམ་སྟེ། ཁས་བླངས་བརྗོད། མགོ་མཚུངས་ཀྱིས་དགག སྨད་པའི་གནས་སུ་བསྟན་པའོ། །དང་པོ་ནི། ཁ་ཅིག་སྐྱེ་བ་ཞེས་སོགས་དྲུག་སྟེ། གོ་སླ་ཞིང་། དེང་སང་ཡང་འདི་བཞིན་དུ་སྨྲ་བ་མང་བར་སྣང་ངོ་། །གཉིས་པ་ནི། འོ་ན་སོ་སོར་ཞེས་སོགས་དགུ་སྟེ། སོ་ཐར་དང་བྱང་སེམས་ལ་ཡང་མཚུངས་བཞིན་དུ་དབང་བསྐུར་ཁོ་ན་ལ་འདི་བཞིན་དུ་སྨྲ་བ་ནི། ཐབས་ལ་བསླུ་བའི་བདུད་དུ་བསྟན་པའོ། །གསུམ་པ་ནི། སངས་རྒྱས་ཆོས་ལ་ཞེས་སོགས་དྲུག་སྟེ། དབང་བསྐུར་འགོག་པ་ནི་མདོ་རྒྱུད་ཀྱི་བཤད་ཉན་གྱི་དོན་འགོག་པ་ཡིན་པས་དེ་སྐད་དུ་གསུངས་པའོ། །གཉིས་པ་མཚོན་བྱ་དོན་གྱི་ཕྱག་ཆེན་ལ་འཁྲུལ་པ་དགག་པ་ལ་གསུམ་སྟེ། ཡོན་ཏན་མེད་པའི་མཐོང་ལམ་དགག དེ་ལ་ལུང་དང་འགལ་བ་སྤང་། དེས་ན་འཕགས་པའི་མཁྱེན་པར་གྲུབ་པའོ། །དང་པོ་ལ་གསུམ་སྟེ། ཕྱོགས་སྔ་མ་བརྗོད། དེ་དགག ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། ལ་ལ་ཞི་གནས་ཞེས་སོགས་ཚིགས་བཅད་གཉིས་ཏེ། བོད་ལ་ལ་དབང་དང་། རིམ་གཉིས་ལས་བྱུང་བའམ། མ་བྱུང་བ་ཡིན་ཡང་རུང་། སེམས་གནས་པའི་ཞི་གནས་ཅུང་ཟད་ཙམ་དང་། སྣང་སྟོང་གི་རྟོག་པ་ཕྲ་མོ་ལ་མཐོང་ལམ་དུ་ངོ་སྤྲོད་བྱེད་ཅིང་། འོ་ན་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་བར་འགྱུར་རོ་སྙམ་ན། ཁྱུང་གི་ཕྲུ་གུ་སྒོ་ངའི་རྒྱས་བཅིངས་ནས་འཕུར་མི་ནུས་པ་བཞིན་དུ་རྣམ་སྨིན་གྱི་ལུས་ཀྱི་རྒྱས་བཅིངས་པས་ན། ད་ལྟ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མི་འབྱུང་བས། རྣམ་སྨིན་གྱི་ལུས་རྒྱ་ཞིག་པའི་ཤི་མ་ཐག་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་བ་ཡིན་ཞེས་ཟེར་རོ། །འདིའི་ཕྱོགས་སྔ་མ་ནི། རྗེ་བཙུན་གྱིས་མངོན་རྟོགས་ལྗོན་ཤིང་ལས། ཡེ་ཤེས་ལ་ལོག་རྟོག་དགག་པ་ལ། ལོག་པར་རྟོག་པ་དང་། དེ་དགག་པ་གཉིས་སུ་བྱས་ནས། དང་པོ་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་དཀྱིལ་དུ་གནས་པའི་ཚེ། ལྷན་སྐྱེས་སྐྱེ་བ་དང་། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུ་དང་བྲལ་ནས་ཡུམ་གྱི་པདྨར་ལྷུང་བའི་ཚེ། ལྷན་སྐྱེས་སྐྱེ་བ་གནས་ལ་ལོག་པར་རྟོག་པ། དབང་གསུམ་པའི་ཡེ་ཤེས་མཐོང་ལམ་ཡིན་པར་འདོད་པ་ངོ་བོ་ལ་ལོག་པར་རྟོག་པ་དང་། ལྷན་སྐྱེས་དགའ་བ་གསུམ་པར་སྐྱེ་བ་གོ་རིམ་ལ་ལོག་པར་རྟོག་པ་གསུམ་དུ་མཛད་པའི་བར་པ་དེ་ཉིད་ཡིན་ཅིང་། དེ་ཡང་རིན་ཆེན་རྒྱན་འདྲ་ནས་འབྱུང་བའི་རྔོག་གཞུང་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཞེད་པའོ། །ཁ་ཅིག་འདི་མ་མཐོང་བར་ཕྱག་རྒྱ་བ་ལ་ལ་ཞེས་སྨྲ་བ་ནི་མཛོ་ཁལ་གླང་ལ་སྦྱོར་བའོ། །གཉིས་པ་ནི། ཐེག་པ་ཆེན་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཚིག་རྐང་དང་པོ་གཉིས་ཀྱིས་ལུང་གི་ཤེས་བྱེད་མེད་པར་བསྟན་ཅིང་། ཕྱི་མ་གཉིས་ཀྱིས་དཔེའི་སྒོ་ནས་རིགས་པའི་གནོད་བྱེད་བསྟན་ནོ། །འདི་ལ་མངོན་རྟོགས་ལྗོན་ཤིང་ལས། མི་མཁས་པ་ཁ་ཅིག དབང་གསུམ་པའི་ཡེ་ཤེས་ཉིད་དོན་གྱི་ཡེ་ཤེས་ཡིན་ནོ། །ཞེས་འདོད་དོ། །དེ་ལ་འདི་སྐད་ཅེས་འདྲི་སྟེ། དོན་གྱི་ཡེ་ཤེས་ཞེས་བྱ་བ་དེ་རྣམ་པར་རྟོག་པ་ནུབ་ཅིང་བརྗོད་དུ་མེད་པ་ཅུང་ཟད་གསལ་བར་བྱས་པ་མཐོང་ལམ་གྱི་ཡེ་ཤེས་དང་འདྲ་བ་ཡིན་ནམ། མཐོང་བའི་ལམ་ཉིད་སྐད་ཅིག་ཙམ་སྐྱེས་པ་ཡིན། དང་པོ་ལྟར་ན་དོན་གྱི་ཡེ་ཤེས་སུ་འདོད་ཀྱང་དཔེ་རུ་ཐལ་ལོ། །གཉིས་པ་ལྟར་ན། མུ་སྟེགས་ཀྱི་ཡེ་ཤེས་དང་མཐུན་པར་འགྱུར་ཏེ། རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བའི་གཞུང་ལས། ནུས་དང་ཕྲད་ཅིང་སྦྱོར་བ་ལས། །ནུས་པ་ཆགས་འགྱུར་མཐར་འགྱུར་བ། །ཚངས་པའི་དེ་ཉིད་བདེ་བ་གང་། །བདེ་དེས་མངོན་སུམ་གྲོལ་བར་འགྱུར། །སྦྱོར་བས་བདེ་བ་རྒྱུན་མི་ཆད། །སྡུག་བསྔལ་འབྱུང་བ་མེད་པ་ཡིས། །ཀུན་ཏུ་དགའ་བ་ཚངས་པའི་གཟུགས། །བདེ་བ་ཐར་པ་ཞེས་བརྗོད་དོ། །ཞེས་བཤད་པས་སོ། །རྩ་རྒྱུད་དང་པོའི་བརྒྱད་པ་ལས། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ་ཞེས་དཔེར་བཤད་པ་དང་། བཅུ་པ་ལས། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་འབྱུང་བ་ལ་རྟེན་ནས། དོན་གྱི་ཡེ་ཤེས་སྐྱེ་བར་མི་འགྱུར་རོ། །ཞེས་བཤད་པས་སོ། །རིགས་པས་ཀྱང་གནོད་དེ། དོན་གྱི་ཡེ་ཤེས་སྐྱེས་ནས་འགགས་པའི་ཕྱིར། མཐོང་ལམ་གྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་ས་ཐོབ་ཀྱང་ཉམས་པར་འགྱུར་རོ། །དེ་འདོད་ན། འབད་པ་དོན་མེད་པར་ཐལ་ལོ། །ཡང་མཐོང་ལམ་ནི། མ་མཐོང་བ་མཐོང་བས་མཐོང་ལམ་ཞེས་བྱ་བ་ཡིན་པས། སྔར་དབང་གི་སྐབས་སུ་མཐོང་ཟིན་པའི་ཕྱིར་མཐོང་ལམ་ཡང་མཐོང་ལམ་མ་ཡིན་པར་འགྱུར་རོ། །ཡང་དེ་དག་གི་སྐྱོན་སྤོང་ཡང་། སྐད་ཅིག་ཙམ་མཐོང་ལམ་སྐྱེ་བ་ནི་གསང་སྔགས་ཀྱི་ལུགས་ཡིན་ནོ། །ཞེས་སྨྲ་ན་སྐད་ཅིག་ཙམ་མཐོང་བའི་ཚེ་ན། གླིང་བཞི་པ་བརྒྱ་བསྒུལ་བ་ལ་སོགས་པའི་རྫུ་འཕྲུལ་སྟོན་ཅིག དེ་ལྟར་མི་ནུས་ཀྱང་མཐོང་ལམ་དུ་འདོད་ན་སྨྱོན་པའི་ཚིག་བཞིན་བཞད་གད་ཀྱི་གནས་སོ། །ལོག་རྟོག་རྣམས་ལས་ནི་འདི་དམན་ནོ། །ཞེས་བཤད་དོ། །གསུམ་པ་ནི། ཁ་ཅིག་ཕ་རོལ་ཞེས་སོགས་ཚིགས་བཅད་ལྔ་སྟེ། དེའི་སྐྱོན་སྤོང་བར་འདོད་པ་ཁ་ཅིག་ཕ་རོལ་ཏུ་ཕྱིན་པའི་མཐོང་ལམ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཀྱི་རྒྱན་ཅན་དང་། གསང་སྔགས་ཀྱི་མཐོང་ལམ་རྒྱན་མེད་པ་ཡིན་པས་གསང་སྔགས་ཀྱི་མཐོང་ལམ་ཐོབ་ཀྱང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མེད་པ་མི་འགལ་ལོ། །ཞེས་ཟེར་རོ། །དེ་ལྟ་ཡིན་ན་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་སངས་རྒྱས་ཀྱང་རྒྱན་ཅན་རྒྱན་མེད་གཉིས་སུ་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཉན་ཐོས་རྣམས་ཀྱི་དགྲ་བཅོམ་ལ་འགོག་པའི་སྙོམས་འཇུག་ཐོབ་པའི་རྒྱན་ཅན་དང་། མ་ཐོབ་པའི་རྒྱན་མེད་གཉིས་འཐད་དེ། མཛོད་ལས། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཤེས་རབ་ཀྱི་ནི་ཅིག་ཤོས་སོ། །ཞེས་གསུངས་སོ། །ཐེག་པ་ཆེན་པོ་འཕགས་པ་ལ་རྒྱན་ཅན་རྒྱན་མེད་གཉིས་མི་སྲིད་དེ། མདོ་སྡེ་རྒྱན་ལས། རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པ། །རྣམ་པ་སྣ་ཚོགས་ཐམས་ཅད་ནི། །རྟག་ཏུ་མཐོང་བའི་ལམ་དེ་དང་། །ལྷན་ཅིག་ཏུ་ནི་ཐོབ་པར་འདོད། །ཅེས་དང་། མདོ་སྡེ་ས་བཅུ་པའི་དོན་དབུ་མ་འཇུག་པ་ལས། དེ་ཚེ་འདིས་ནི་སངས་རྒྱས་བརྒྱ་མཐོང་ཞིང་། །དེ་དག་བྱིན་གྱིས་བརླབས་ཀྱང་འདི་ཡིས་རྟོགས། །དེ་ཉིད་ཚེ་ན་བསྐལ་པ་བརྒྱར་གནས་ཤིང་། །སྔོན་དང་ཕྱི་མའི་མཐར་ཡང་ཡང་དག་འཇུག །བློ་ལྡན་ཏིང་འཛིན་བརྒྱ་ཕྲག་སྙོམས་པར་འཇུག་ཅིང་གཏོང་བྱེད་དེ། །འཇིག་རྟེན་ཁམས་བརྒྱ་འདི་ཡིས་ཀུན་ནས་གཡོ་ཞིང་སྣང་བར་ནུས། །དེ་བཞིན་རྫུ་འཕྲུལ་གྱིས་དེ་སེམས་ཅན་བརྒྱ་ཕྲག་སྨིན་བྱེད་ཅིང་། །བརྒྱ་ཕྲག་གྲངས་དང་རྗེས་འབྲེལ་ཞིང་དག་ཏུ་ཡང་འགྲོ་བར་འགྱུར། །དེས་ནི་ཆོས་ཀྱི་སྒོ་རྣམས་ཡང་དག་འབྱེད་བྱེད་ཐུབ་དབང་སྲས། །རང་གི་ལུས་ལ་ལུས་རྣམས་ཀུན་ནས་སྟོན་པར་བྱེད་པའང་ཡིན། །རང་གི་འཁོར་དང་བཅས་པས་མཛེས་འབྱོར་ལུས་ནི་རེ་རེ་ཞིང་། །རྒྱལ་བའི་སྲས་པོ་བརྒྱ་ཕྲག་དག་དང་རྗེས་སུ་འབྲེལ་པའང་སྟོན། །ཞེས་ཐེག་པ་ཆེན་པོའི་མཐོང་ལམ་ཐོབ་པ་དེ་ཉིད་ཀྱི་ཚེ། །ཡོན་ཏན་དེ་དག་ཅིག་ཅར་དུ་ཐོབ་པར་བཤད་པའི་ཕྱིར། དེ་ནི་གསང་སྔགས་ཀྱི་མཐོང་ལམ་ཡོན་ཏན་དང་ལྡན་པའི་ལུང་དུ་མི་འགྲོའོ་སྙམ་ན། སམྦུ་ཊི་ལས། གནས་ནི་རབ་ཏུ་དགའ་བའི་ས། །ཞེས་དང་། ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡིས་ཀླ་ཀློའི་སྐད། །ཞེས་ཕར་ཕྱིན་ཐེག་པའི་རབ་དགའ་སོགས་ཀྱི་ཐ་སྙད་ལ། རྡོ་རྗེ་ཐེག་པ་ནས་གནས་དང་ཉེ་བའི་གནས་སོགས་ཀྱི་ཐ་སྙད་བརྡའི་སྐད་ཀྱིས་གསུངས་པར་བཤད་པས་ཤིན་ཏུ་ཡང་འཐད་དོ། །ཉན་ཐོས་རྣམས་ལ་ཞོགས་མའི་མེ་སྟག་གནམ་དུ་ཡར་མ་ཁད་ཡལ་བ་དང་། ལྕགས་ཀྱི་ཚྭ་ཚྭ་གནམ་དུ་སོང་ནས་འབབ་པར་མ་བརྩམས་པ་ལ་ཡལ་བ་དང་། འབབ་པར་བརྩམས་ནས་ས་ལ་མ་ལྷུང་ཙམ་དུ་ཡལ་བའི་དཔེས། ཚེ་འདི་མྱ་ངན་ལས་མ་འདས་པ་བར་དོར་མྱུར་བ་དང་མྱུར་བ་མ་ཡིན་པ་དང་། ཆེས་ཡུན་རིང་པོ་ཞིག་ནས་འདའ་བར་གསུངས་པ་དེ་བཞིན་དུ་གསང་སྔགས་བསྒོམ་པ་ལས་ཚེ་འདིར་མཐོང་ལམ་མ་ཐོབ་པ། བར་དོར་ཐོབ་པར་གསུངས་མོད་ཀྱི་ཚེ་འདིར་མཐོང་ལམ་ཐོབ་པ་ལ་ཡོན་ཏན་ཤི་ནས་འབྱུང་བ་ནི། བླུན་པོ་རྣམས་ཀྱིས་མཐོང་ལམ་ཐོབ་པར་ཁས་བླངས་ཀྱང་ཡོན་ཏན་སྟོན་རྒྱུ་མེད་པའི་བརྫུན་རིབ་ཡིན་ནོ། །དེས་ན་མདོ་རྒྱུད་སོགས་སོ། །གཉིས་པ་ལ་གཉིས་ཏེ། ནཱ་རོ་པའི་ལུང་དང་འགལ་བ་སྤང་བ། འཕགས་པ་ལྷའི་ལུང་དང་འགལ་བ་སྤང་བའོ། །དང་པོ་ནི་ཇོ་བོ་ནཱ་རོ་ཞེས་སོགས་བདུན་ཏེ། དབང་བསྐུར་གྱི་དུས་སུ་སྐྱེས་པའི་མཚོན་བྱེད་དཔེའི་ཡེ་ཤེས་ལ་མཐོང་ལམ་གྱི་མིང་གིས་བཏགས་པར་ཟད་ཀྱི། མཐོང་ལམ་མཚན་ཉིད་པ་མ་ཡིན་ཏེ། གཞན་དུ་ནི་ཆོས་མཆོག་གི་རྗེས་ཀྱི་མཐོང་ལམ་དེ་མཐོང་ལམ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གཉིས་པ་ནི། འཕགས་པ་ལྷ་ཡི་ཞེས་སོགས་ལྔ་སྟེ། སྤྱོད་བསྡུས་སུ་བདེན་པ་མཐོང་ཡང་ཞིང་ལས་དང་། ཚོང་ལས་ཀྱི་མཐའ་ལ་ཆགས་པར་གསུངས་པ་ནི། མཚོན་བྱེད་དཔེའི་ཡེ་ཤེས་རྫོགས་རིམ་གྱི་རང་བྱུང་གི་ཡེ་ཤེས་རྟོགས་པ་ལ་དགོངས་ཏེ། འཕགས་པ་ལྷ་ཉིད་ཀྱིས་ཀྱང་། དེ་ནི་དཔེ་ཡིས་ཉེར་མཚོན་ནས། །བླ་མའི་དྲིན་གྱིས་རྟོགས་པར་འགྱུར། །ཞེས་གསུངས་སོ། །སྤྱོད་བསྡུས་ལས། ཇི་ལྟར་གསུངས་ན། རྡོ་རྗེ་སློབ་མས་གསོལ་པ། གལ་ཏེ་སྒྲུབ་པ་པོ་བདེན་པ་མཐོང་ཡང་། སྔོན་གྱི་བག་ཆགས་གོམས་པའི་སྟོབས་ཀྱིས་ཞིང་ལས་དང་། ཚོང་དང་བསྙེན་བཀུར་ལ་སོགས་པས་གཡེང་བས་སྤྱོད་པ་རྣམ་པ་གསུམ་སྤྱོད་པར་མི་བྱེད་པ་དང་། སྒྲུབ་པ་པོ་གཞན་དག་འབྱོར་པ་མ་ཚང་བས་རྒྱུད་ལས་ཇི་སྐད་གསུངས་པའི་ཆོ་ག་རྫོགས་པར་བྱེད་མི་ནུས་པའི་ཕྱིར། མི་སྤྱོད་པ་དེ་དག་འཆི་བའི་དུས་བྱས་ནས་ཡང་སྲིད་པ་གཞན་དུ་འགྲོ་བར་འགྱུར་རམ། ཡང་ན་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར། ཞེས་དྲིས་པའི་ལན་དུ་དེ་བས་ན་དེ་ཁོ་ན་ཉིད་ཤེས་པའི་རྐྱེན་མ་ཚང་བ་ནི། ཇི་སྐད་དུ་བཤད་པའི་སྤྱོད་པ་གལ་ཏེ་མ་སྤྱད་དུ་ཟིན་ཀྱང་ལྟ་བ་ཐམས་ཅད་རྣམ་པར་སྤངས་ནས། འཆི་བར་འགྱུར་བ་ནི་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཡང་དག་པར་མངོན་པར་རྫོགས་ནས། བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས། ཐ་མལ་པའི་ཕུང་པོ་བོར་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་ལྡང་བར་བྱའོ། །ཞེས་བསྟན་པའི་སྐྱེ་མཆེད་དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན། དེ་སྐྱེ་བ་གཞན་དུ་ཡིད་ལ་བྱེད་པ་དེ་འདོར་བར་མི་འགྱུར་ཏེ། དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་ནི། དེ་དང་ལམ་འབྲས་ཞེས་སོགས་ཚིགས་བཅད་གཅིག་སྟེ། ངེད་ཀྱི་ལུགས་ལ། འཕགས་པ་མ་ཡིན་པ་ལ་མཐོང་ལམ་མཚན་ཉིད་པ་འབྱུང་མི་སྲིད་དེ། གྲུབ་ཐོབ་གཉིས་ཀྱིས་དབང་དང་རིམ་གཉིས་ཡེ་ཤེས་ལ་མཐོང་ལམ་དུ་བཤད་པ་བཏགས་པར་བཞེད་པ་དེ་དང་། ལམ་འབྲས་ལས་ཀྱང་། རིམ་གཉིས་བསྒོམ་པའི་ཉམས་མྱོང་འགའ་ཞིག་ལ། ཆོས་སྐུའི་ཉམས་ལ་སོགས་པ་བཤད་པ་ཡོད་ཀྱང་། མཐོང་ལམ་མཚན་ཉིད་པ་གྲུབ་མཐའ་དང་པོ་ནས་འཇོག་པ་ལ་སོགས་པ་གྲུབ་ཐོབ་རྣམས་ཀྱི་དགོངས་པ་མཐུན་པ་དེས་ནའོ། །གསུམ་པ་ཞར་ལ་ཐེག་པ་གསུམ་གྱི་ལག་ལེན་འཁྲུལ་པ་དགག་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཐེག་པ་གསུམ་གྱི་ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ལ་ལྔ་སྟེ། ལམ་གྱི་རྩ་བ་བླ་མ་བསྟེན་ཚུལ། ལམ་གྱི་གོ་རིམ་ཐོད་རྒལ་དུ་སྤྱོད་པ་དགག་པ། ལམ་གྱི་ཡན་ལག་མཆོད་གཏོར་གྱི་ཚུལ། ལམ་གྱི་དམིགས་རྟེན་སྐུ་གཟུགས་བཞེངས་ཚུལ། ལམ་གྱི་ངོ་བོ་མདོ་སྔགས་འཆོལ་བ་དགག་པའོ། །དང་པོ་ལ་གཉིས་ཏེ། བླ་མའི་མཚན་ཉིད། གསོལ་བ་བཏབ་པའི་ཚུལ་ལོ། །དང་པོ་ནི། ཉན་ཐོས་རྣམས་ཀྱི་ཞེས་སོགས་ཚིགས་བཅད་བཞི་སྟེ། ཉན་ཐོས་ཀྱི་བླ་མ་དེ་བཟང་བ་མཆོག་གི་སྤྲུལ་སྐུ་ལྟ་བུ་ཡིན་ཀྱང་གང་ཟག་ཁོ་ནར་བས་ཀྱི་དགེ་འདུན་དུ་ཡང་མི་འགྱུར་ཏེ། འདིའི་ལུགས་ཀྱི་དགེ་འདུན་དུ་འགྱུར་བ་ལ་དགེ་སློང་བཞི་ཚོགས་དགོས་པའི་ཕྱིར་རོ། །ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་བླ་མ་ནི་བཟང་ན་དགེ་འདུན་དཀོན་མཆོག་ཡིན་ཏེ། མཆོག་གི་སྤྲུལ་སྐུ་ལྟ་བུ་ཡང་མཐར་ཐུག་གི་དགེ་འདུན་དཀོན་མཆོག་གི་ཁོངས་སུ་འདུ་ཞིང་། བྱང་སེམས་འཕགས་པ་ཡིན་ན་རྒྱུད་བླ་མ་ནས་བཤད་པའི་དགེ་འདུན་དཀོན་མཆོག་ཡིན་དགོས་པའི་ཕྱིར། འོ་ན་ཉན་ཐོས་པའི་ལུགས་ལ་ཡང་ཐེག་དམན་འཕགས་པ་སློབ་མི་སློབ་ཀྱི་གང་ཟག་རེ་རེ་བ་ཡང་དགེ་འདུན་དཀོན་མཆོག་ཏུ་མི་འགྱུར་རམ་སྙམ་ན། མི་འགྱུར་ཏེ། དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་ཀྱི་ལམ་བདེན་གཉིས་དགེ་འདུན་དཀོན་མཆོག་ཏུ་འདོད་པའི་ཕྱིར། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་བདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་བཤད་པའི་ཕྱིར་རོ། །ཁ་ཅིག་འདིར། རྒྱུད་བླར་སངས་རྒྱས་ཆོས་ཚོགས། ཞེས་དང་། མངོན་རྟོགས་རྒྱན་ལས། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །ཞེས་པའི་ཚོགས་ལ་ཡང་། གང་ཟག་བཞི་ཚོགས་དགོས་པར་འདོད་པ་ནི་ཤིན་ཏུ་འཁྲུལ་ཏེ། རིག་གྲོལ་གཉིས་དང་ལྡན་པའི་རྒྱལ་སྲས་འཕགས་པ་ཡིན་ན་རྒྱུད་བླ་ནས་བཤད་པའི་དགེ་འདུན་དཀོན་མཆོག་ཡིན་པས་མ་ཁྱབ་པར་ཐལ་བ་དང་། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་འཕགས་པ་ཡིན་ན། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཞེས་པའི་སྐབས་ཀྱི་དགེ་འདུན་ཡིན་པས་མ་ཁྱབ་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེས་ན་དགེ་འདུན་གྱི་སྐད་དོད་སྡེབ་སྦྱོར་གྱི་དབང་གིས་ཚོགས་ལ་འཇུག་པའི་དོན་མ་རྟོགས་པར་ཚོགས་ཞེས་པའི་ཚིག་ཙམ་ལ་འཁྲུལ་པར་ཟད་དོ། །གསང་སྔགས་པ་ཡི་བླ་མ་མཆོག དབང་བཞི་རྫོགས་པར་བསྐུར་བ་དེ་ནི་དཀོན་མཆོག་གསུམ་དང་དབྱེར་མེད་ཡིན་ཏེ། ཧེ་རུ་ཀ་མངོན་འབྱུང་གི་རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་ཧེ་རུ་ཀ །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་སོ། །དེ་ལ་གསོལ་བ་བཏབ་པས། དཀོན་མཆོག་གསུམ་པོ་ཚེ་འདིར་འགྲུབ་སྟེ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །ཞེས་གསུངས་སོ། །ད་ལྟའི་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་ལ་ནི། ཐེག་པ་གསུམ་པོ་སོ་སོའི་གཞུང་ནས་འབྱུང་བའི་བླ་མའི་མཚན་ཉིད་གསུམ་ཀ་དང་ལྡན་པ་ཅིག་དགོས་ཀྱི་དེ་དང་མི་ལྡན་ན་བླ་མ་ཙམ་ཡིན་ཀྱང་བླ་མ་དམ་པ་མ་ཡིན་ཏེ། གསོལ་བ་བཏབ་པས། ཚེ་འདིའམ་བར་དོ་སོགས་སུ་སངས་རྒྱས་ཉིད་སྦྱིན་པར་མི་ནུས་པའི་ཕྱིར་རོ། །ཐེག་པ་གསུམ་པོ་སོ་སོའི་གཞུང་ནས་ཇི་ལྟར་བཤད་ན། ཉན་ཐོས་ཀྱི་ཐེག་པ་ལས། ཚུལ་ཁྲིམས་ལྡན་ཅིང་འདུལ་བའི་ཆོ་ག་ཤེས། །ཞེས་སོགས་སུམ་བརྒྱ་པའི་ལུང་སྔར་དྲངས་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏང་ངོ་། །ཞེས་སྤྱོད་འཇུག་ལས་བཤད་པ་དང་། རྡོ་རྗེ་ཐེག་པ་ལས། བརྟན་ཅིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་སྦྱོར་བ་ཤེས། །རབ་ཏུ་དང་ཞིང་དབང་པོ་དུལ། །ཞེས་བླ་མ་ལྔ་བཅུ་པ་ལས་བཤད་པ་རྣམས་སོ། །མདོར་ན་ད་ལྟའི་བླ་མ་དམ་པ་ལ། ཐེག་པ་གསུམ་ནས་བཤད་པའི་སྡོམ་པ་གསུམ་དང་ལྡན་པ་དགོས་ཞེས་པའི་དོན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་བསྲུང་། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་དང་། རྡོ་རྗེ་གུར་ལས། ཉན་ཐོས་སྤྱོད་པ་སྲུང་བ་པོ། །ཞེས་དང་། སློབ་དཔོན་འཇམ་དཔལ་གྲགས་པས། སྡོམ་གསུམ་ཆོ་གར་མི་ལྡན་པས། །སྔགས་པའི་བདག་ཉིད་མི་འགྱུར་ཏེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེས་ན་དབང་བསྐུར་ཞེས་སོགས་ཚིགས་བཅད་གསུམ་སྟེ། དབང་བསྐུར་ཐོབ་པའི་བླ་མ་ལ། དཀོན་མཆོག་གསུམ་འདུས་པའི་དོན་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །ཞེས་སོགས་ཀྱི་དོན་ནི། རྒྱུད་སྡེའི་སྟེང་དུ་རྟོགས་པར་བྱའོ། །དབང་བསྐུར་མ་ཐོབ་པའི་བླ་མ་དཀོན་མཆོག་གསུམ་ལ་ཕར་བསྡུ་བའི་ཚུལ་ནི། མཆོག་གི་སྤྲུལ་སྐུ་ལྟ་བུ་སངས་རྒྱས་དཀོན་མཆོག་དང་། བྱང་སེམས་འཕགས་པ་ལྟ་བུ་དགེ་འདུན་དཀོན་མཆོག་དང་། དེ་དག་གི་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཆོས་དཀོན་མཆོག་ཏུ་བསྡུ་ཞིང་། སོ་སོ་སྐྱེ་བོའི་བླ་མ་ལ་ནི། དཀོན་མཆོག་གསུམ་གྱི་རྗེས་སུ་སྐྱབས་སུ་འགྲོ་བའི་ཚུལ་སྐྱེས་རབས་ལས་བཤད་དོ། །གཉིས་པ་ནི། དབང་བསྐུར་དང་པོ་ཞེས་སོགས་ཚིགས་བཅད་བཞི་སྟེ། དབང་བཞི་པོ་མ་ཐོབ་པར་དེ་དག་གི་ལམ་བཞི་པོ་བསྒོམ་པ་དང་། དགེ་སློང་གི་སྡོམ་པ་མ་ཐོབ་པར་གཞན་གྱི་མཁན་སློབ་སོགས་བྱེད་པ་ནི་གསང་སྔགས་མེད་པར་སོགས་སོ། །གསུམ་པ་ལ་གསུམ་སྟེ། གཏོར་མའི་མཚན་སྔགས་ལ་འཁྲུལ་པ་དགག ཆུ་སྦྱིན་གྱི་རྫས་ལ་འཁྲུལ་པ་དགག ཕུད་མཆོད་ཀྱི་དབྱིབས་ལ་འཁྲུལ་པ་དགག་པའོ། །དང་པོ་ནི། གཞན་ཡང་གངས་རིའི་ཞེས་སོགས་གཉིས་ཏེ། ཁ་འབར་མའི་གཏོར་མ་ལ་དེ་བཞིན་གཤེགས་པ་བཞིའི་མཚན་སྔགས་སྔོན་ལ་བརྗོད་ནས། དེའི་རྗེས་སུ་སྔགས་བཟླས་པའི་ལག་ལེན་བོད་འགའ་ཞིག་གིས་བྱེད་པ་ནི། མདོ་དང་མཐུན་པ་མ་ཡིན་ཏེ། མདོ་ལས་སྔོན་ལ་སོགས་སོ། །ཇི་ལྟར་གསུངས་ན་ཁ་འབར་མའི་གཏོར་མའི་མདོ་ལས། རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་ནི། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་པ་འདི། འཕགས་པ་ལ་མཆོད་པ་འབུལ་ན་ལན་ཉི་ཤུ་རྩ་གཅིག་བཟླས་ནས་འབུལ། ཡི་དྭགས་ལ་ལན་བདུན་བཟླས་པའི་རྗེས་སུ་དེ་བཞིན་གཤེགས་པ་རིན་ཆེན་མང་དང་། གཟུགས་དམ་པ་དང་། སྐུ་འབྱམས་ཀླས་དང་། འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པར་གསུངས་སོ། །གཉིས་པ་ནི། འགའ་ཞིག་ཆུ་སྦྱིན་ཞེས་སོགས་བདུན་ཏེ། དགེ་བའི་བཤེས་གཉེན་སྤྱན་སྔ་བས་ཆུ་སྦྱིན་མང་དུ་མཛད་པས། མནལ་ལམ་དུ་ཡི་དྭགས་བྱུང་ནས་ཆུ་སྦྱིན་གྱི་ནང་དུ་ཟན་བཅུག་ན་བདག་ཅག་རྣམས་ལ་ཕན་པ་ཡོད་ཅེས་ཟེར་བ་ལ་བརྟེན་ནས། དེའི་ལག་ལེན་བྱེད་པ་ཐོས་པ་ནི་མི་འཐད་དེ། འཇུར་འགེགས་ཅན་གྱི་སོགས་སོ། །དེས་ན་ཆུ་སྦྱིན་གྱི་ནང་དུ་ཟན་འདེབས་པ་ནི། ཆུ་སྦྱིན་གྱི་ཆོ་ག་ཉམས་པ་ཡིན་ནོ། །གསུམ་པ་ལ་བཞི་སྟེ། ཕུད་མཆོད་གསུངས་པའི་ཚུལ། དེའི་ལག་ལེན་འཁྲུལ་ཚུལ། དེ་ཉིད་འཁྲུལ་བར་བསྟན་པ། མ་འཁྲུལ་བར་བསྒྲུབ་པར་གདམས་པའོ། །དང་པོ་ནི། ཟན་གྱི་ཕུད་ལ་ཞེས་སོགས་དགུ་སྟེ། ཟན་གྱི་ཕུད་ལ་ལྷ་ལ་འབུལ་བའི་ལྷ་བཤོས་དང་། འབྱུང་པོ་ལ་སྦྱིན་པའི་ཆང་བུ་བྱ་བར་སངས་རྒྱས་ཀྱིས་གསུངས་ཏེ། བརྟག་གཉིས་ལས། ཨོཾ་དྷཱཾ་དྷཱཾ་སྭཱ་ཧཱ། ལྷ་བཤོས་ཀྱི་སྔགས་སོ། །ཞེས་དང་། རྡོ་རྗེ་རྩེ་མོའི་རྒྱུད་ལས། དེ་ནས་ཟན་གྱི་དུས་སུ་ནི། །རྣམ་པ་ཀུན་ཏུ་ཆང་བུ་སྦྱིན། །ཞེས་དང་། འཕྲོག་མའི་མདོ་ལས། ང་ལ་སྟོན་པར་ཁས་འཆེ་བའི་ཉན་ཐོས་རྣམས་ཀྱིས་འཕྲོག་མ་བུ་དང་བཅས་པ་ལ་ཆང་བུ་སྦྱིན་པར་བྱའོ། །ཞེས་གསུངས་ལ། ཇི་ལྟར་སྦྱིན་པ་དེ་ཡི་ཆོ་ག་ནི། མཻ་ཏྲི་པའི་ལྟ་བ་ངན་སེལ་དང་། རྗེ་བཙུན་གྱིས་ལས་དང་པོ་པའི་བྱ་བ་དང་། ཆོས་རྗེ་པའི་ཐུབ་པ་དགོངས་གསལ་སོགས་ལ་ལྟོས་ཤིག གཉིས་པ་ནི། འགའ་ཞིག་ཞེས་སོགས་ཚིགས་བཅད་གཅིག་སྟེ། འབྲང་རྒྱས་བྱེད་པ་ནི་སྣར་ཐང་པ་དང་། གྲུ་གསུམ་བྱེད་པ་ནི་འབྲི་ཁུང་པའོ། །གསུམ་པ་ནི། གསང་སྔགས་རྙིང་མ་ཞེས་སོགས་བཅུའོ། །བཞི་པ་ནི། ལག་ལེན་ཐམས་ཅད་ཞེས་སོགས་ཚིགས་བཅད་གཅིག་གོ །བཞི་པ་ལ་གཉིས་ཏེ། ཕྱག་མཚན་ལ་འཁྲུལ་བ་དགག་པ། ཁ་དོག་ལ་འཁྲུལ་བ་དགག་པའོ། །དང་པོ་ནི། སངས་རྒྱས་རབ་ཏུ་ཞེས་སོགས་ལྔ་སྟེ། བོད་ཁ་ཅིག་སངས་རྒྱས་སུམ་ཅུ་སོ་ལྔ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་གྱི་ཕྱག་ཏུ་ཕུབ་དང་། རལ་གྲི་ལ་སོགས་པའི་མཚོན་ཆ་བསྐུར་བ་མཐོང་བ་ནི་མི་འཐད་དེ། སངས་རྒྱས་ཁྱིམ་པའི་ཆ་ལུགས་ཅན་ལ་རིན་པོ་ཆེ་ལ་སོགས་པའི་རྒྱན་དག་དང་ཕྱག་མཚན་མཚོན་ཆ་སོགས་འཛིན་པ་སྲིད་ཀྱི། རབ་བྱུང་གི་ཆ་ལུགས་ཅན་ལ་དེ་མི་སྲིད་དེ། ཁྱད་པར་འཕགས་བསྟོད་ལས། འཁོར་ལོ་མདུང་ཐུང་ཅན་དག་གིས། །བདུད་དཔུང་དེ་ལས་རྒྱལ་མི་ནུས། །ཁྱོད་ནི་འཁོར་ལོ་མདུང་མེད་པར། །བྱམས་པའི་མཚོན་གང་ལགས་པས་རྒྱལ། །ཞེས་གསུངས་སོ། །ཁ་ཅིག་འདིའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ནོ། །ཞེས་ཟེར་བ་དང་། ཁ་ཅིག་གཟིགས་སྣང་ཡིན་ནོ་ཞེས་ཟེར་ཞིང་། དེ་ཉིད་མདོ་སྡེ་ན་ཇི་ལྟ་བ་བཞིན་སྣང་ངོ་། །ཞེས་སྨྲ་བ་ནི་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་ཆ་ལུགས་ཀྱིས་འདུལ་བ་ལ་དེ་དང་མཐུན་པར་སྟོན་ཅིང་། ཁྱིམ་པའི་ཆ་ལུགས་ཀྱིས་འདུལ་བ་ལ་དེ་དང་མཐུན་པར་སྟོན་པའི་དོན་མ་རྟོགས་པར་མདོ་སྔོན་མ་མཐོང་བཞིན་དུ་བརྫུན་སྨྲས་པའོ། །གཉིས་པ་ལ་གཉིས་ཏེ། དངོས་དང་། ལུང་འགལ་སྤང་བའོ། །དང་པོ་ནི། བྱང་ཆུབ་མཆོག་གི་ཞེས་སོགས་ཚིགས་བཅད་བཞི་སྟེ། བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་། ས་གནོན་དང་། མཆོག་སྦྱིན་དང་། མཉམ་བཞག་དང་། སྐྱབས་སྦྱིན་གྱི་ཕྱག་རྒྱ་སོ་སོར་མཛད་པའི་རིགས་ལྔ་ཁ་དོག་སེར་འབྱམས་སུ་བྱེད་པ་མཐོང་ཞིང་མདོ་ལུགས་ཡིན་ནོ། །ཞེས་བཀའ་གདམས་པ་ལ་ལ་སྨྲ་ལ། ཁ་ཅིག་ཇོ་བོ་རྗེའི་ཞལ་གཟིགས་ཡིན་ནོ། །ཞེས་སྨྲའོ། །འདི་ནི་མི་འཐད་དེ། མདོ་ནས་རིགས་ལྔ་འདི་འདྲ་གསུངས་པ་མེད་ཅིང་། གསང་སྔགས་རྒྱུད་སྡེ་བཞིའི་ལུགས་ཀྱང་མ་ཡིན་པའི་ཕྱིར་རོ། །དེ་ཡང་བྱ་སྤྱོད་གཉིས་ཀྱི་ལུགས་མ་ཡིན་ཏེ། དེ་ལ་སངས་རྒྱས་རྡོ་རྗེའི་རིགས། པདྨའི་རིགས། དེ་བཞིན་གཤེགས་པའི་རིགས་ཏེ་གསུམ་དུ་བསྡུས་པ་མ་གཏོགས་པ་རིགས་ལྔར་བསྡུས་པ་མེད་པའི་ཕྱིར། རྣལ་འབྱོར་རྒྱུད་ཀྱི་ལུགས་ཀྱང་མ་ཡིན་ཏེ། དེ་ཉིད་འདུས་པ་སོགས་ནས་གསུངས་པའི་རིགས་ལྔ་ཁ་དོག་དཀར་པོ་དང་ནག་པོ་སོགས་ཐ་དད་ཅིང་། ཕྱག་རྒྱ་བྱང་ཆུབ་མཆོག་གི་ཕྱག་རྒྱ་སོགས་ཐ་དད་དུ་གསུངས་པའི་ཕྱིར། རྣལ་འབྱོར་གྱི་རྒྱུད་འདིའི་ལུགས་ཀྱི་རིགས་ལྔ་སྐུ་མདོག་ཐ་དད་པ་དང་། ཕྱག་རྒྱ་ཐ་དད་པ་ནི་ཡེ་ཤེས་ལྔ་མཚོན་པར་བྱེད་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐུ་ཡིན་པས་ཐ་དད་དུ་འཐད་པ་ཡིན་གྱི། སེར་འབྱམས་ཀྱིས་ནི་དེ་དག་མཚོན་པར་མི་ནུས་སོ། །བླ་མེད་ཀྱི་ལུགས་ཀྱང་མ་ཡིན་ཏེ། དུས་ཀྱི་འཁོར་ལོ་སོགས་ལས་རིགས་ལྔའི་ཁ་དོག་རྣལ་འབྱོར་རྒྱུད་ལས་གཞན་དུ་མི་བསྐྱོད་པ་ལྗང་ཁུ། དོན་གྲུབ་ནག་པོ། རིན་འབྱུང་དམར་པོ། སྣང་མཐའ་དཀར་པོ། རྣམ་སྣང་སེར་པོ་གསུངས་པ་ནི། རིམ་པ་བཞིན་དུ་འབྱུང་བ་ནམ་མཁའ། རླུང་། མེ། ཆུ། ས་རྣམ་པ་ལྔ་སྦྱོང་བའི་རྟེན་ཅིང་འབྲེལ་འབྱུང་གི་སྐུ་ཡིན་ཅིང་། སེར་འབྱམས་ཀྱིས་ནི་དེ་དག་སྦྱོང་བར་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། སངས་རྒྱས་གསེར་མདོག་ཅེས་སོགས་ལྔ་སྟེ། རིགས་ལྔ་སེར་འབྱམས་མི་འཐད་ན་སངས་རྒྱས་ལ། པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་དྲི་མ་མེད་ཅིང་དྭངས་པའི་དཔེར་གསེར་མདོག་ཅེས་གསུངས་པའམ། སྤྲུལ་སྐུ་ཕལ་ཆེ་བ་ལ་དགོངས་ཏེ་གསུངས་པ་ཡིན་གྱི། གཞན་དུ་ཐམས་ཅད་སེར་པོར་མ་ངེས་ཏེ། སངས་རྒྱས་སྨན་བླ་ནམ་མཁའི་མདོག་སྔོན་པོ་ཉིད་དུ་མདོ་ལས་གསུངས་པའི་ཕྱིར་རོ། །འོ་ན་གསེར་འོད་དམ་པ་ལས། སངས་རྒྱས་ཐམས་ཅད་ཁ་དོག་མཚུངས། །འདི་ནི་སངས་རྒྱས་ཆོས་ཉིད་ཡིན། །ཞེས་པའི་དོན་ཇི་ལྟར་འཆད་ཅེ་ན། ཁ་དོག་གང་གིས་འདུལ་བའི་གདུལ་བྱ་དེ་ལ་ཁ་དོག་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱིས་སྟོན་ཞེས་པའི་དོན་ཡིན་གྱི་ཐམས་ཅད་ཁ་དོག་སེར་པོར་སྟོན་པའི་ལུང་མ་ཡིན་ནོ། །ལྔ་པ་ལ་གསུམ་སྟེ། རང་བསྒོམ་པའི་ཡན་ལག་འཆོལ་བ་དགག་པ། གཞན་རྗེས་སུ་འཛིན་པའི་ཡན་ལག་འཆོལ་བ་དགག་པ། དེ་གཉིས་ཀ་འཆོལ་བ་དགག་པའོ། །དང་པོ་ནི། ཡི་དམ་ལྷ་ཡི་ཞེས་སོགས་ཚིགས་བཅད་གཉིས་ཏེ། དེང་སང་བཀའ་གདམས་པ་ལ་ལ་གསང་སྔགས་ལ་མི་མོས་པར་ཡི་དམ་གྱི་ལྷ་བསྒོམ་པ་དང་། སྔགས་བཟླ་བ་སོགས་བྱེད་པ་ཡང་། སངས་རྒྱས་ཀྱི་བསྟན་པ་དང་མཐུན་པ་མ་ཡིན་ཏེ། དེ་དག་མདོ་སྡེ་ལས་གསུངས་པ་མེད་ཅིང་། གསང་སྔགས་ཀྱི་རྒྱུད་སྡེའི་ལུགས་ཁོ་ན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གཞན་ཡང་སྦྱིན་སྲེག་ཞེས་སོགས་བཅུ་གཅིག་སྟེ། བཀའ་གདམས་པ་ལ་ལ། སྤྱིན་སྲེག་དང་། རོ་སྲེག་སོགས་གསང་སྔགས་ཀྱི་ལུགས་བོར་ནས་མདོ་སྡེ་ནས་གསུངས་པའི་དཀོན་མཆོག་མཆོད་པ་ཙམ་ལ་བརྟེན་པའི་ཆོ་གའི་རྣམ་གཞག་བྱེད་པ་ཡོད་པ་ཡང་མི་འཐད་དེ། ཕ་རོལ་ཏུ་ཕྱིན་པའི་མདོ་དང་སོགས་སོ། །ངན་སོང་སྦྱོང་རྒྱུད་ལས་ཅི་ལྟར་གསུངས་ན། དྲི་ཡིས་བསྐུས་པའི་ཡམ་ཤིང་གིས། །ཆོ་ག་བཞིན་དུ་སྦྱིན་སྲེག་བྱ། །ཞེས་པ་དང་། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཆུ་མཆོག་གིས་ནི་བཀྲུས་ནས་ཀྱང་། །ཞེས་པ་དང་། དེ་ཡི་གཟུགས་བརྙན་བྲི་བའམ། །གུར་གུམ་གྱིས་ནི་མིང་ཡང་བྲི། །ངན་སོང་གསུམ་གྱི་འཇིག་རྟེན་ལས། །སེམས་ཅན་རྣམས་ནི་གྲོལ་བའི་ཕྱིར། །སྔགས་མཁན་གཞན་ལ་ཕན་བརྩོན་ཞིང་། །སྙིང་རྗེ་ཅན་གྱིས་དབང་བསྐུར་རོ། །དེ་ནས་རྣལ་འབྱོར་ཅན་གྱིས་ནི། །སྔགས་དང་ཕྱག་རྒྱས་དེ་དབང་བསྐུར། །ལྷ་ཡི་གཟུགས་སུ་བརྟགས་ནས་ཀྱང་། །མཆོད་རྟེན་དབུས་སུ་གཞག་པར་བྱ། །རང་གི་ལྷའམ་ལྷ་གཞན་གྱི། །སྙིང་པོ་སྙིང་ཁར་བྲིས་ནས་ཀྱང་། །ལྷ་འདྲ་བར་ནི་སེམས་བསྐྱེད་དེ། །ཁྱིམ་གྱི་ནང་དུ་གཞག་པར་བྱ། །དེ་ཡི་མིང་ནས་སྨོས་ནས་སུ། །གུར་གུམ་བཟང་པོས་སྔགས་བྲིས་ལ། །རིམ་གྱིས་འབུམ་ནི་ཚང་ཙམ་དུ། །མཆོད་རྟེན་ལས་ནི་རབ་ཏུ་བྱ། །སྡིག་ཅན་སྡིག་ནི་ཟད་བྱའི་ཕྱིར། །བྱེ་བ་སྙེད་ནི་ཚང་བར་བྱ། །དེ་ནི་ངེས་པར་དམྱལ་བ་ནས། །འདི་བྱས་པས་ནི་གྲོལ་བར་འགྱུར། །ཞེས་གསུངས་སོ། །གཞན་ཡང་ནག་པོ་དམ་ཚིག་རྡོ་རྗེའི་ཀྱེའི་རྡོ་རྗེའི་སྦྱིན་སྲེག་དང་། རོ་སྲེག་གི་ཆོ་ག་དང་། སློབ་དཔོན་དཔའ་བོ་རྡོ་རྗེའི་རིན་ཆེན་འབར་བ་སོགས་ལས་གསུངས་པ་ཡིན་གྱི། མདོ་སྡེ་རྣམས་ནས་བཤད་པ་མེད་དོ། །གསུམ་པ་ལ་གསུམ་སྟེ། འཁྲུལ་བ་བརྗོད། དེ་དགག མ་འཆོལ་བ་བསྒྲུབ་པར་གདམས་པའོ། །དང་པོ་ནི། དེ་བཞིན་རབ་གནས་ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ལ་གསུམ་སྟེ། རབ་གནས་མདོ་ལུགས་དགག ཕྱག་རྡོར་མདོ་ལུགས་དགག ལྟུང་བཤགས་སྔགས་ལུགས་དགག་པའོ། །དང་པོ་ལ་བཞི་སྟེ། མདོར་བསྟན་པ། ཞར་ལས་བྱུང་བ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། འདི་ཡང་བརྟག་པར་ཞེས་སོགས་བཅོ་བརྒྱད་དེ། མདོ་སྡེ་ནས་རབ་གནས་མཚན་ཉིད་པ་བཤད་པ་མེད་ཅིང་། འོན་ཀྱང་རྟེན་དེ་ལ་མཆོད་པ་དང་། བསྟོད་པ་དང་། བཀྲ་ཤིས་ལ་སོགས་པའི་སྒོ་ནས་རྒྱལ་པོ་རྒྱལ་སར་བཏོན་པའི་མངའ་དབུལ་ལྟ་བུ་ལ། རབ་གནས་ཡིན་ཞེས་སྨྲ་ན་སྨྲོས་ཏེ། དེ་ནི་མིང་དུ་བཏགས་པ་ཙམ་མོ། །དེས་ན་རབ་གནས་མཚན་ཉིད་པ་ལ་སྟ་གོན་གྱི་སྐབས་སུ། ཡི་དམ་གྱི་ལྷ་བསྒོམ་ཞིང་སྔགས་བཟླ་བ་དང་། བུམ་པ་སྟ་གོན་དང་། གང་གིས་རབ་ཏུ་གནས་པར་བྱེད་པའི་ལྷ་སྟ་གོན་དང་། རབ་ཏུ་གནས་བྱའི་རྟེན་བསྐྱེད་ནས་ཡེ་ཤེས་པ་བཅུག་སྟེ། སྙན་གསན་དབབ་པ་ལ་སོགས་པའི་ཆོས་བཅུ་གསུམ་དང་། དངོས་གཞིའི་སྐབས་སུ་རྟེན་གྱི་དམ་ཚིག་པ་བསྐྱེད་པ་ལ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་ནས། སྤྱན་དབྱེ་བ་དང་། བརྟན་པར་བཞུགས་པ་དང་། སྔགས་ཀྱིས་བྱིན་གྱིས་བརླབས་པའི་མེ་ཏོག་དོར་ནས། གསོལ་བ་བཏབ་པ་དང་། མཆོད་པ་རྒྱས་པས་ལེགས་པར་མཆོད་པ་ལ་སོགས་པའི་ཆོས་བཅུ་གསུམ་དང་། རྗེས་བཀྲ་ཤིས་རྒྱས་པར་བྱེད་པ་ལ་སོགས་པའི་ཆོས་བཅུ་གསུམ་ཚང་བ་ཞིག་དགོས་ཤིང་། དེ་ལྟ་བུའི་ཆོ་ག་ནི་རབ་གནས་ཀྱི་རྒྱུད་ལ་སོགས་པ་གསང་སྔགས་ཀྱི་རྒྱུད་སྡེ་ལས་གསུངས་ཀྱི། ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་མ་ཡིན་པས། རབ་གནས་མདོ་ལུགས་མི་འཐད་དོ། །དེ་ལ་བཀའ་གདམས་པ་ལ་ལ་ཇོ་བོ་རྗེའི་གདམས་ངག་ཡིན་ནོ་ཞེས་སྨྲའོ། །འོ་ན་ཇོ་བོ་རྗེས་མདོ་སྡེ་གང་ལ་བརྟེན་པ་ཡིན་པ་སྨྲ་དགོས་ཏེ། མདོ་ལུགས་ཀྱི་མན་ངག་མདོ་ལ་བརྟེན་དགོས་པའི་ཕྱིར་རོ། །རབ་གནས་ཀྱི་སྦྱོར་དངོས་རྗེས་གསུམ་གྱི་ཆོས་བཅུ་གསུམ་པོ་དེ་དག་ཉམས་སུ་ལེན་པའི་ཚུལ་ཞིབ་པར་ནི། ཇོ་བོ་རིན་ཆེན་བཟང་པོའི་སྡོམ་ཚིག་གི་སྟེང་དུ་རྗེ་བཙུན་རིན་པོ་ཆེས། དོན་གསལ་དུ་རྒྱས་པར་བཤད་པས་དེར་བལྟ་བར་བྱའོ། །གཉིས་པ་ནི། དེང་སང་གསང་བ་ཞེས་སོགས་ཚིགས་བཅད་གཉིས་ཏེ། བཀའ་ཕྱག་པ་འགའ་ཞིག་གསང་བ་འདུས་པའི་ལྷ་བསྒོམ་ནས་སོགས་སོ། །གསུམ་པ་ནི། ལྷ་ལ་རབ་ཏུ་ཞེས་སོགས་ཚིགས་བཅད་དྲུག་དང་ཚིག་རྐང་གཅིག་སྟེ། ཚིག་རྐང་དང་པོ་དྲུག་གིས། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་མ་ཐོབ་ན། རྡོ་རྗེ་སློབ་མའི་དབང་བསྐུར་བ་ཐོབ་པས་ཀྱང་རབ་གནས་བྱར་མི་རུང་བར་བསྟན་པས་རབ་གནས་མདོ་ལུགས་མི་འཐད་པར་བསྟན། དེ་ནས་བཅུས་ནི་རྡོ་རྗེ་སློབ་མས་ཅི་ཙམ་བྱར་རུང་བའི་རང་དོན་དང་། གཞན་དོན་གྱི་བསྒྲུབ་ཚུལ་བསྟན། དེ་ནས་དགུས་ནི་རྡོ་རྗེ་སློབ་དཔོན་གྱི་ཐུན་མོང་མ་ཡིན་པའི་རང་དོན་དང་། གཞན་དོན་བསྒྲུབ་ཚུལ་བསྟན་ནོ། །དེ་དག་གི་དོན་ནི་རབ་གནས་མདོ་ལུགས་མི་འཐད་དེ། གཞན་དོན་དུ་ལྷ་ལ་རབ་ཏུ་གནས་པ་དང་། མི་ལ་དབང་བསྐུར་བྱ་བ་དང་། རང་དོན་དུ་རྟེན་དང་བརྟེན་པའི་རྣམ་དག་བསྒོམ་པ་སོགས་རྡོ་རྗེ་སློབ་མའི་དབང་བསྐུར་བ་ཐོབ་པས་ཀྱང་བྱ་བར་མ་གསུངས་ན། དབང་བསྐུར་གཏན་ནས་མ་ཐོབ་པའི་གང་ཟག་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །འོ་ན་རྡོ་རྗེ་སློབ་མའི་དབང་བསྐུར་ཙམ་ཐོབ་ནས་ཅི་ཞིག་དབང་བ་ཡིན་ཞེ་ན། རང་དོན་ཏུ་མེ་ཏོག་གང་ལ་ཕོག་པའི་ལྷ་བསྒོམ་པ་དང་དེའི་སྔགས་བཟླ་བ་དང་། དེའི་བཅུ་ཆའི་སྦྱིན་སྲེག་དང་། དེ་ལ་བརྟེན་ནས་ཞི་རྒྱས་ལ་སོགས་པའི་ལས་ཚོགས་འགའ་ཞིག་དང་། རིལ་བུ་དང་མིག་སྨན་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་དང་། ཕྱག་རྒྱའི་ཡེ་ཤེས་བསྒྲུབ་པའི་ཆོ་ག་བསྟན་པ་དང་། གསང་སྔགས་རྒྱུད་སྡེ་འོག་མ་འགའ་ཞིག་ཉན་པ་ལ་དབང་བ་ཡིན་གྱི། རྒྱུད་མཐའ་དག་འཆད་པ་དང་དབང་བསྐུར་དང་། རབ་གནས་སོགས་སློབ་དཔོན་གྱི་ཕྲིན་ལས་རྣམས་ནི་བྱར་མི་རུང་སྟེ། དེ་དག་སློབ་དཔོན་ཁོ་ནའི་ལས་ཡིན་པའི་ཕྱིར་རོ། །འོ་ན་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ནས་བྱ་དགོས་པའི་ཐུན་མོང་མ་ཡིན་པ་རྣམས་གང་ཞེ་ན། དཀྱིལ་འཁོར་གྱི་འཁོར་ལོ་བྱང་ཕྱོགས་སོ་བདུན་དང་སྦྱར་བ་འཁོར་ལོའི་དེ་ཉིད་དང་། དཀྱིལ་འཁོར་གྱི་ལྷ་རྣམས་ཕུང་ཁམས་སྐྱེ་མཆེད་དང་སྦྱར་བ་ལྷའི་དེ་ཉིད་ལ་སོགས་པ། སྦྱང་གཞི་སྦྱོང་བྱེད་ཀྱི་རྣམ་དག་སྦྱར་བའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྒོམ་པ་དང་། དབང་བསྐུར་དང་རབ་གནས་ལ་སོགས་པའི་གཞན་དོན་དང་། སངས་རྒྱས་ཀུན་གྱི་དམ་ཚིག་གི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གསུམ་དང་། ཐེག་པ་བླ་ན་མེད་པའི་སྔགས་ཀྱི་སྡོམ་པ་ཡོངས་རྫོགས་རྡོ་རྗེ་སློབ་དཔོན་ཁོ་ནའི་ལས་ཡིན་གྱི། གཞན་སློབ་མའི་དབང་ཙམ་ཐོབ་པ་དང་། དབང་བསྐུར་གཏན་མ་ཐོབ་པ་རྣམས་ཀྱིས་བྱར་མི་རུང་སྟེ། རྡོ་རྗེ་སློབ་དཔོན་གྱི་དབང་གི་གསོལ་བ་གདབ་པའི་སྐབས་སུ། འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་ཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པའང་བླ་ན་མེད་པ་སྩོལ། །ཞེས་གསུངས་པའི་ཕྱིར་རྡོ་རྗེ་སློབ་དཔོན་གྱི་ལས་འདི་དག་ནི། གཙོ་བོར་བླ་མེད་ཀྱི་དབང་དུ་བྱས་པ་ཡིན་གྱི། རྒྱུད་སྡེ་འོག་མའི་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པ་ཙམ་གྱིས། འདི་དག་ཐམས་ཅད་བྱར་རུང་བའི་ངེས་པ་མེད་དོ། །འོན་ཀྱང་དེ་དག་ལ་དབང་བསྐུར་དང་། རབ་གནས་དང་། རྒྱུད་འཆད་པ་རྣམས་ནི་རུང་ངོ་། །བཞི་པ་ནི། དེང་སང་རབ་གནས་ཞེས་སོགས་དྲུག་གོ །གཉིས་པ་ནི། ཕྱག་ན་རྡོ་རྗེའི་ཞེས་སོགས་ཚིགས་བཅད་གཅིག་སྟེ། གྲུ་གོ་ཆེའི་རྗེས་འབྲང་ཁ་ཅིག ཕྱག་ན་རྡོ་རྗེ་མདོ་ལུགས་བྱེད་པ་ནི་མི་འཐད་དེ། ཕྱག་ན་རྡོ་རྗེའི་བསྒོམ་བཟླས་ཀྱང་མདོ་སྡེ་རྣམས་སོགས་སོ། །གསུམ་པ་ནི། ལྟུང་བཤགས་སངས་རྒྱས་ཞེས་སོགས་གསུམ་མོ། །གསུམ་པ་ནི། མདོ་དང་རྒྱུད་ཀྱི་ཞེས་སོགས་ཚིགས་བཅད་གཅིག་སྟེ། མདོ་དང་རྒྱུད་ཀྱི་ཁྱད་པར་ནི། རང་དོན་དུ་ལྷ་བསྒོམ་པ་དང་། སྔགས་བཟླ་བ་དང་། གཞན་དོན་དུ་དབང་བསྐུར་བ་དང་། རབ་གནས་སོགས་ཀྱི་ཆོ་གའི་བྱ་བ་ཡོད་མེད་ཡིན་པ་དེ་ལྟར་ཤེས་ནས་མདོ་སྡེ་དང་། སྔགས་ཀྱི་ལུགས་རྣམས་མ་འདྲེས་པར་སྤྱོད་དེ་སོ་སོར་སྨྲོས་ཤིག གཉིས་པ་རྟོགས་བྱ་སྤྲོས་བྲལ་གྱི་ལྟ་བ་ལ་འཁྲུལ་བ་དགག་པ་ལ་དངོས་དང་། ཞར་ལ་རྒྱུད་སྡེ་བཞིའི་སྒྲུབ་པ་ལ་འཁྲུལ་བ་དགག་པ་གཉིས་ལས། དང་པོ་ལ་བཞི་སྟེ། ཐེག་པ་རིམ་དགུ་ལ་ལྟ་བ་ཐ་དད་ཡོད་པ་དགག རྒྱུད་སྡེ་བཞི་ལ་ལྟ་བ་ཐ་དད་ཡོད་པ་དགག རྣལ་འབྱོར་བཞི་ཐེག་པའི་རིམ་པར་འདོད་པ་དགག དེས་ན་དབུ་མ་ཡན་ཆད་ལྟ་བ་གཅིག་ཏུ་བསྟན་པའོ། །དང་པོ་ནི། ལ་ལ་ཐེག་པ་ཞེས་སོགས་བཅུ་བཞི་སྟེ། གསང་སྔགས་རྙིང་མ་བ་ལ་ལ། ཉན་ཐོས། རང་རྒྱལ། བྱང་སེམས་ཏེ། ཕྱི་མཚན་ཉིད་ཀྱི་ཐེག་པ་གསུམ། ཀྲི་ཡ་ཨུ་པ་ཡོ་ག་སྟེ། ནང་སྔགས་ཀྱི་ཐེག་པ་གསུམ། མ་ཧཱ་ཨ་ནུ་ཨ་ཏི་སྟེ། གསང་བ་མཐར་ཐུག་པའི་ཐེག་པ་གསུམ་སྟེ། དེ་ལྟར་ཐེག་པ་རིམ་དགུ་ལ་ལྟ་བ་ཐ་དད་པ་དགུ་ཡོད་ཅེས་ཟེར་རོ། །དེ་ནི་མི་འཐད་དེ། ཐེག་པ་གསུམ་དུ་བྱས་པའི་ཉན་ཐོས་དང་། ཐེག་ཆེན་ལ་སྤྲོས་བྲལ་རྟོགས་པ་དང་། མ་རྟོགས་པའི་བྱེ་བྲག་གིས་ལྟ་བའི་རིམ་པ་ཡོད་མོད་ཀྱི། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ལ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྟ་བའི་དབྱེ་བ་བཤད་པ་མེད་པའི་ཕྱིར་རོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པས་གཏན་ལ་ཕབ་པའི་སྤྲོས་བྲལ་ལས་ལྷག་པའི་རྡོ་རྗེ་ཐེག་པའི་ལྟ་བ་ཡོད་ན་ལྟ་བ་དེ་སྤྲོས་པ་ཅན་དུ་འགྱུར་ཏེ། སྤྲོས་བྲལ་ལས་འདས་པའི་ལྟ་བ་ཡིན་པའི་ཕྱིར། རྡོ་རྗེ་ཐེག་པའི་ལྟ་བ་དེ་སྤྲོས་བྲལ་ཡིན་ན་ནི། ཕ་རོལ་ཏུ་ཕྱིན་པས་གཏན་ལ་ཕབ་པའི་ལྟ་བ་དང་། ཁྱད་པར་མེད་པ་དེས་ན་བཤད་པས་གོ་བའི་ཐོས་པའི་ལྟ་བ་གཅིག་ཉིད་ཡིན་ནོ། །འོན་ཀྱང་སྤྲོས་བྲལ་དེ་རྟོགས་པའི་ཐབས་ལ་གསང་སྔགས་ཁྱད་པར་འཕགས་ཏེ། རྒྱུད་སྡེ་བཞིའི་ཉམས་ལེན་གྱི་རིམ་པ་ཐམས་ཅད་སྤྲོས་བྲལ་རྟོགས་པའི་ཐབས་ཡིན་པའི་ཕྱིར་དང་། ཕར་ཕྱིན་ཐེག་པ་ལ་སོ་སོ་སྐྱེ་བོའི་དུས་སུ་རྟགས་ལ་བརྟེན་པའི་རིགས་ཤེས་རྗེས་དཔག་གི་རྒྱུན་བསྒོམ་པ་ལས་གཞན་མེད་ཅིང་། རྡོ་རྗེ་ཐེག་པ་ལ་དབང་དང་རིམ་གཉིས་ལས་བྱུང་བའི་མཚོན་བྱེད་དཔེའི་ཡེ་ཤེས་དང་། མཐོང་ལམ་ཐོབ་པའི་ཚེ་རླུང་སེམས་དབུ་མར་ཞུགས་པས་བདེ་བས་བརྒྱན་པའི་ཚུལ་གྱིས་རྟོགས་པ་ཡོད་པའི་ཕྱིར་རོ། །གཞུང་འདི་དག་གི་དོན་ལ་གཅེས་པའི་མན་ངག་བཤད་པར་བྱ་སྟེ། སྤྱིར་ལྟ་བ་ལ་རྟོགས་བྱེད་ཀྱི་ཡེ་ཤེས་ལ་ལྟ་བར་བྱས་པ་དང་། རྟོགས་བྱའི་ཡུལ་ལ་ལྟ་བར་བྱས་པ་གཉིས་ལས་འདི་ཕྱི་མ་ཡིན་ཅིང་། དེ་ཡང་གྲུབ་མཐའ་རང་རང་གི་ལུགས་ཀྱི་རིགས་པ་ཡང་དག་གིས་དཔྱད་པའི་ཚེ། བློ་དེའི་ངོར་གནོད་པ་མེད་པར་གྲུབ་པ་ལ་ལྟ་བར་འཇོག་པ་ཡིན་པས། ཕྱི་རོལ་པ་རྣམས་ཀྱིས་ནི་རིགས་པས་དཔྱད་པའི་ཚེ། གང་ཟག་གི་བདག་གྲུབ་པ་ལ་གནོད་པ་མ་མཐོང་། ཉན་ཐོས་སྡེ་གཉིས་ཀྱིས་ནི། རྡུལ་ཕྲན་དང་ཤེས་པ་སྐད་ཅིག་མ་གྲུབ་པ་ལ་གནོད་པ་མ་མཐོང་ལ། སེམས་ཙམ་པ་རྣམས་ཀྱིས་ནི་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་གསལ་རིག་ཙམ་གྲུབ་པ་ལ་གནོད་པ་མ་མཐོང་བས། དེ་དག་གྲུབ་མཐའ་དེ་དང་དེ་དག་གི་ལྟ་བར་འཇོག་གོ །དབུ་མ་པས་ནི་གཅིག་དུ་བྲལ་ལ་སོགས་པའི་རིགས་པ་ཡང་དག་གིས་དཔྱད་པའི་ཚེ་དངོས་པོར་གྲུབ་པའི་ཆོས་ཅུང་ཟད་ཙམ་ཡང་མི་རྙེད་ཅིང་། དེ་བཀག་པའི་དངོས་མེད་ཀྱང་མི་རྙེད་དེ། དགག་བྱ་དངོས་པོ་མེད་པའི་ཕྱིར་རོ། །གཉིས་ཀའང་མི་རྙེད་དེ། རེ་རེ་བ་མེད་པའི་ཕྱིར་རོ། །གཉིས་ཀ་མ་ཡིན་པ་ཡང་མི་རྙེད་དེ། བློས་བཏགས་པའི་མཐའ་ནི་དེ་གཉིས་སུ་ཟད་པའི་ཕྱིར་རོ། །དེས་ན་མཐའ་བཞིའི་སྤྲོས་པ་གང་ཡང་མ་རྙེད་པ་ལ་སྤྲོས་བྲལ་དང་། བརྗོད་བྲལ་དང་། ཟུང་འཇུག་གི་ཐ་སྙད་བཏགས་པ་ཙམ་མོ། །འོ་ན་རིགས་པ་ཡང་དག་གི་ངོར་གནོད་པ་མེད་པར་གྲུབ་པ་ལ་ལྟ་བར་འཇོག་པ་དང་འགལ་ཏེ། དེའི་ངོར་ཅུང་ཟད་ཙམ་ཡང་གྲུབ་པ་མེད་པའི་ཕྱིར་རོ་སྙམ་ན། འདི་ལ་དགོངས་ནས་རྗེ་བཙུན་གྱིས་མངོན་རྟོགས་ལྗོན་ཤིང་ལས། དབུ་མ་པ་ལ་གནས་ལུགས་དང་ལྟ་བ་མེད་པར་གསུངས་པས་དེ་དག་གི་མིང་གིས་བཏགས་པ་ཙམ་མོ། །དེས་ན་ཐོས་པའི་ལྟ་བ་ཕ་རོལ་ཏུ་ཕྱིན་པའི་དབུ་མ་ལས་ལྷག་པ་གཞན་མེད་པའི་དོན་ཡང་། མཐའ་བཞིའི་སྤྲོས་བྲལ་དུ་གཏན་ལ་ཕབ་ན་དབུ་མའི་ལྟ་བ་དེ་ཉིད་ཡིན་ཅིང་། སྤྲོས་བྲལ་དུ་གཏན་ལ་མ་ཕབ་ན་མཐའ་བཞི་གང་རུང་ལས་མ་འདས་པས་དབུ་མ་ལས་དམན་པའོ། །དེས་ན་སྤྲོས་བྲལ་དུ་གཏན་ལ་ཕབ་པའི་ཆ་ལ་ཁྱད་པར་མེད་པ་ཡིན་གྱི། ཉམས་མྱོང་ལ་ཁྱད་པར་ཡོད་པ་ནི་བཤད་ཟིན་ཏོ། །ལྟ་བའི་འཇོག་ཚུལ་འདི་བཞིན་དུ་ཤེས་ན་གོང་དུ་བཤད་པའི་མདོ་སྔགས་ཀྱི་ཐོས་པའི་ལྟ་བ་ལ་ཁྱད་པར་མེད་པ་དང་། འོག་ཏུ་རིགས་གསུམ། རིགས་ལྔ་ལ་སོགས་པའི་ཁྱད་པར་བསྒོམ་པ་ཡིན་གྱི་ལྟ་བ་མ་ཡིན་པར་གསུངས་པ་དང་། ཀུན་རྫོབ་ལྟ་བར་འཁྲུལ་དུ་མི་རུང་བར་གསུངས་པའི་དོན་རྣམས་ཀྱང་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཁ་ཅིག་དབུ་མའི་ཞེས་སོགས་བཅུ་གཅིག་སྟེ། རྙིང་མ་པ་ཁ་ཅིག དབུ་མ་ནས་རྣལ་འབྱོར་ཆེན་པོའི་བར་ལ་དོན་དམ་དང་ཀུན་རྫོབ་ཀྱི་ལྟ་བ་གཉིས་སུ་བྱས་ནས་དོན་དམ་གྱི་ལྟ་བ་སྤྲོས་བྲལ་ཡིན་པ་ཐམས་ཅད་མཐུན་ཅིང་། ཀུན་རྫོབ་ཀྱི་ལྟ་བ་ལ་དབུ་མ་པ་ཇི་ལྟར་སྣང་བ་བཞིན་ཡིན་པ་དང་། བྱ་རྒྱུད་ཀྱི་ཀུན་རྫོབ་རིགས་གསུམ་གྱི་དཀྱིལ་འཁོར་དང་། སྤྱོད་རྒྱུད་དང་རྣལ་འབྱོར་རྒྱུད་ཀྱི་ཀུན་རྫོབ་རིགས་ལྔའི་རྒྱལ་བ་དང་། རྣལ་འབྱོར་ཆེན་པོའི་ཀུན་རྫོབ་དམ་པ་རིགས་བརྒྱ་ཡིན་པས་ཀུན་རྫོབ་ཀྱི་ལྟ་བ་ལ་བཟང་ངན་གྱི་རིམ་པ་ཡོད་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ལ་གསུམ་སྟེ། ལྟ་སྒོམ་གྱི་ཁྱད་པར་སྤྱིར་བསྟན། བསྒོམ་པའི་ཁྱད་པར་བྱེ་བྲག་ཏུ་བཤད། དེས་ན་ཀུན་རྫོབ་ལྟ་བར་མི་འཐད་པའོ། །དང་པོ་ནི། ལྟ་སྒོམ་ཞེས་སོགས་ཚིགས་བཅད་གཉིས་ཏེ། ཤེས་རབ་ཀྱིས་གནས་ལུགས་རྟོགས་པ་ལྟ་བ་དང་། དེ་རྟོགས་པའི་ཐབས་དམིགས་པའི་བྱེ་བྲག་རྣམས་བསྒོམ་པ་ཡིན་པའི་ཁྱད་པར་མ་ཕྱེད་པས་ཀུན་རྫོབ་ལྟ་བར་འདོད་ཅིང་། དེ་ལ་བཟང་ངན་འདི་འདྲའི་དབྱེ་བ་འཁྲུལ་པ་ཡིན་ཏེ། རིགས་གསུམ་སོགས་སུ་བསྒོམ་པ་ནི་སྒོམ་པ་ཡིན་གྱི་ལྟ་བ་མ་ཡིན་ཅིང་། སྒོམ་པ་ལ་ཡང་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་ལས་སྣང་བ་ལྷ་རུ་བསྒོམ་པ་གསུངས་པ་མེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སྒོམ་ཚུལ་དམིགས་པའི་ཁྱད་པར། བསྒོམ་གཞི་ཀུན་རྫོབ་ཀྱི་ཁྱད་པར་རོ། །དང་པོ་ནི། འོན་ཀྱང་བྱ་བའི་ཞེས་སོགས་ཉེར་གཉིས་ཏེ། ལུང་སྦྱོར་ཡི་གེ་མང་གིས་དོགས་པས་བཞག་པ་ནི། རྡོ་རྗེ་གུར་གྱི་འགྲེལ་པ་ལས། བྱ་བའི་རྒྱུད་ཅེས་བྱ་བ་ནི། ཕྱི་རོལ་རྔཾ་རྡུང་མ་ལ་སོགས་པའི་ལྷར་དམིགས་པ་དང་། གཙང་སྦྲ་དང་སྡོམ་པ་ལ་སོགས་པ་ལྷུར་ལེན་པའོ། །བྱ་བའི་སྦྱོར་བ་ཞེས་བྱ་བ་ནི། བདག་ལས་ཕྱི་རོལ་ཏུ་དམིགས་པའོ། །ཞེས་པ་དང་། དགྲ་ནག་གི་འགྲེལ་པ་ལས། བྱ་བ་དང་སྤྱོད་པའི་རྒྱུད་ལའང་བསྒྲུབ་བྱ་དང་སྒྲུབ་པའི་ཐབས་དུས་ཡུན་རིང་པོར་རྗེས་སུ་མི་འཇུག་སྟེ་དེ་དག་ནི་བཏགས་པ་ལས་བྱུང་བ་ཉིད་ཡིན་ཏེ། དེས་ནི་འདི་ལྟར་རས་བྲིས་ལ་སོགས་པར་རྟོགས་པའི་ལྷའི་སྟོབས་ཀྱིས་དངོས་གྲུབ་རྫོགས་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་གྱི་རྒྱུད་དུ་ནི་ཁྱད་པར་འདི་ཡོད་དེ། རང་གི་ལྷའི་རྣལ་འབྱོར་གྱིས་རས་བྲིས་ལ་སོགས་པར་རྟོགས་པའི་ལྷ་ལ་དམིགས་ནས་མཐུན་པར་བསྒྲུབ་པའི་དངོས་གྲུབ་སྒྲུབ་པར་བྱེད་དོ། །ཞེས་པ་དང་། འོད་ཟེར་ཅན་གྱི་རྟོག་པ་ལས། བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་པདྨའི་ལྟེ་བར་སེངྒེའི་ཁྲི་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་གསེར་གྱི་མདོག་ཅན། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ། རལ་པའི་དབུ་རྒྱན་འཆང་ཞིང་ཞི་བ། ཡི་གེ་མྃ་ཉིད་ཀྱིས་བརྗོད་པའི་རྣམ་པར་བསམ་པར་བྱའོ། །དེ་ནས་མདུན་དུ་ཟླ་བའི་གཟུགས་ལས་རྣམ་པར་སྣང་མཛད་ལས་བྱུང་བའི་འོད་ཟེར་ཅན་ནི། ཨོཾ་མ་རཱི་ཙྱཻ་སྭཱ་ཧཱ། ཞེས་བྱ་བས་གསེར་གྱི་མདོག་ཅན་སྐུད་པ་དང་བཅས་པའི་ཁབ་འཛིན་པའི་ཕྱག་གིས་གདུག་པ་ཅན་གྱི་ཁ་དང་། མིག་ཡང་དག་པར་དྲུབས་པ་མདུན་དུ་རྣམ་པར་བསམ་པར་བྱའོ། །ཞེས་དང་། དཱ་ན་ཤཱི་ལས། ལྷག་པའི་ལྷ་མཆོག་དེ་ཡི་མདུན་དུ་ཡང་། །བདག་ཉིད་ཇི་ལྟའི་ཁྲོ་རྒྱལ་བསམ་བྱ་སྟེ། །ཞེས་དང་། དེ་ཉིད་སྣང་བ་ལས། ཕྱག་རྒྱ་གང་དང་གང་ནས་འབྱུང་བ་དེ་དང་དེ་ཉིད་དུ་བཀྲོལ་ཏེ། ཡེ་ཤེས་པ་གཤེགས་སུ་གསོལ་ལོ། །གཞན་དུ་ན་ལྷ་ལ་བརྙས་པར་འགྱུར་ཞེས་སོགས་གསུངས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། དེ་བཞིན་ཉིད་ཀྱི་དག་པ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པ་དང་། ལྷ་སོ་སོའི་དག་པ་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་ལྷར་བསྒོམ་པ་དང་། རང་རིག་པའི་དག་པ་དེ་ཐམས་ཅད་བདེ་ཆེན་གྱི་ཡེ་ཤེས་སུ་བསྒྱུར་བ་སྟེ། དག་པ་གསུམ་གྱི་རང་བཞིན་བཤད་དེ། ཀྱཻ་རྡོ་རྗེ་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་དང་། རང་རིག་བདག་ཉིད་དག་པ་ཉིད། དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། རྒྱུད་སྡེ་འོག་མར་ཀུན་རྫོབ་ལྷར་མི་བསྒོམ་པ། རྣལ་འབྱོར་ཆེན་པོར་ཀུན་རྫོབ་ལྷར་བསྒོམ་པའོ། །དང་པོ་ནི། གལ་ཏེ་བྱ་བའི་ཞེས་སོགས་ཉེར་གཉིས་ཏེ། བྱ་རྒྱུད་ཀྱི་ཡང་ཀུན་རྫོབ་ལྷ་རུ་གནས་ན། ཟས་གཅོད་པ་ལ་སོགས་པའི་དཀའ་ཐུབ་དང་། ཁྲུས་ལ་སོགས་པའི་གཙང་སྦྲ་ག་ལ་འཐད་དེ། ལྷ་ལ་གཙང་དང་སོགས་སོ། །ཁ་ཅིག་སྤྱོད་རྒྱུད་ཀྱི་ཡང་ཀུན་རྫོབ་ཀྱི་ལྟ་བ་རྣལ་འབྱོར་གྱི་རྒྱུད་དང་མཐུན་པས་རིགས་ལྔ་ཡིན་ཅིང་། སྤྱོད་པ་བྱ་བའི་རྒྱུད་བཞིན་དུ་གཙང་སྦྲ་བྱེད་དོ། །ཞེས་ཟེར་བ་འདི་ཡང་དེ་ལྟར་ངེས་པ་མེད་དེ། སྤྱོད་རྒྱུད་འདི་ནི་ཕྱིའི་བྱ་བ་དང་། ནང་ཏིང་ངེ་འཛིན་གཉིས་ཀ་སྟོན་པའི་རྒྱུད་ཡིན་པས། ལས་ཚོགས་བསྒྲུབ་པ་སོགས་གཙང་སྦྲ་སྤྱོད་མོད་ཀྱི། ཕལ་ཆེར་བདག་ཉིད་ལྷར་བསྒོམས་ནས། རང་ཉིད་ཅི་བདེར་སྤྱོད་པར་གསུངས་པའི་ཕྱིར་རོ། །སྤྱོད་པའི་རྒྱུད་ཀྱི་ཀུན་རྫོབ་ལྷར་བསྒོམ་པ་ཉིད་ཀྱང་མེད་ཅིང་། བསྒོམ་བྱའི་ལྷ་ལ་རིགས་ལྔའི་དོན་གྲུབ་ཡང་ཐ་སྙད་མེད་ལ། ཕྱག་རྒྱ་དང་། སྐུ་མདོག་དང་། ཡེ་ཤེས་ལྔ་དང་སྦྱར་བའི་རྣམ་གཞག་ཀྱང་། རྣལ་འབྱོར་གྱི་རྒྱུད་དེ་ཉིད་བསྡུས་པ་བཞིན་དུ་དེར་མ་གསུངས་པས་རིགས་ལྔ་མེད་དོ། །འདིའི་མཚན་གཞི་ནི་ཨ་ར་པ་ཙ་ན་ལྷ་ལྔ་མ་དང་། མི་འཁྲུགས་པ་ལྷ་དགུ་མ་ལྟ་བུ་ཡིན་པར་སེམས་སོ། །ཁ་ཅིག་སྦྱོང་རྒྱུད་ལ་སྤྱོད་རྒྱུད་དུ་བྱས་ནས་རིགས་ལྔའི་ཐ་སྙད་མེད་པ་དང་། ཕྱག་རྒྱ་དང་། སྐུ་མདོག་དང་། རྣམ་གཞག་རྣལ་འབྱོར་གྱི་རྒྱུད་བཞིན་མ་གསུངས་པ་ནི་སྦྱོང་རྒྱལ་དང་། རྒྱ་མཆོག་རིན་ཆེན་སོགས་ཀྱི་ཐ་སྙད་དང་། སྦྱོང་རྒྱལ་དཀར་པོ་སོགས་ཀྱི་ཁ་དོག་དང་། རྒྱལ་མཆོག་རིན་ཆེན་མཆོག་སྦྱིན་དང་། ས་གནོན་སོགས་ཀྱི་ཕྱག་རྒྱ་མཛད་པ་ལ་འཆད་པ་ནི་མི་འཐད་དེ། རྗེ་བཙུན་གྱིས་གཞན་ཕན་སྤྱི་ཆིངས་སུ་སྦྱོང་རྒྱུད་རྣལ་འབྱོར་གྱི་རྒྱུད་དུ་གསུངས་པའི་ཕྱིར་དང་། རྒྱུད་ཉིད་ལས་ཀྱང་། ཛཿཧཱུྃ་བཾ་ཧོཿཐུགས་རྗེའི་བདག །ཚུར་གཤེགས་ཞེས་ནི་བརྗོད་ནས་ཀྱང་། །གསང་བའི་བཅིང་བ་བཅིངས་ནས་ནི། །མཛུབ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱ། །ཞེས་སོགས་ཡེ་ཤེས་པ་གཞུག་པ་བཤད་པའི་ཕྱིར་དང་། རྒྱལ་མཆོག་རིན་ཆེན་སོགས་ཀྱི་སྐུ་མདོག་དང་ཕྱག་རྒྱ་སྦྱོང་རྒྱུད་ཀྱི་དངོས་བསྟན་ལ་མེད་པའི་ཕྱིར་དང་། རྗེས་འཇུག་གིས་བཀྲལ་བའི་དབང་དུ་བྱས་ན་པཎྜི་ཏ་སྨྲྀ་ཏི་ཛྙཱ་ནས་ཡེ་ཤེས་ལྔའི་རྣམ་གཞག་དང་ཡང་སྦྱར་བའི་ཕྱིར་རོ། །ཀུན་རྫོབ་ལྷ་རུ་གནས་ན་དཀའ་ཐུབ་དང་གཙང་སྦྲ་མེད་ཅིང་། སྦྱང་གཞི་སྦྱོང་བྱེད་སྦྱར་བ་རྣལ་འབྱོར་ཆེན་པོའི་ཁྱད་ཆོས་ཡིན་པ་དེས་ན་རྣལ་འབྱོར་རྒྱུད་ཡན་ཆད་སོགས་སོ། །གཉིས་པ་ནི། རྣལ་འབྱོར་ཆེན་པོའི་ཞེས་སོགས་དྲུག་སྟེ། རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས། ཀུན་རྫོབ་སྣང་བ་འདི་ཇི་ལྟར་སྣང་བ་བཞིན་དུ་བས་པ་མ་ཡིན་པའི་ཕྱིར། བསྐྱེད་རིམ་གྱི་ཐབས་ལ་མཁས་པའི་ཁྱད་པར་གྱིས། སྦྱང་གཞི་མ་དག་པ་སྣང་བ་རྣམས། སྦྱོང་བྱེད་ཡེ་ཤེས་ལྔར་སྤྲོད་པ་དེའི་ཚེ། དམ་པ་རིགས་བརྒྱ་དང་། འབུམ་ལ་སོགས་པའི་དབྱེ་བ་རྒྱལ་བས་གསུངས་ཏེ། ཟླ་གསང་ཐིག་ལེ་ལས། རིགས་ནི་རྣམ་པ་བརྒྱར་བསྟན་དང་། །མདོ་རུ་བསྡུ་ན་རྣམ་པ་ལྔ། །ལུས་དང་ངག་དང་ཡིད་སྦྱོར་བས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་དང་། ཀྱཻ་རྡོ་རྗེ་ལས། རྒྱས་པར་རབ་ཏུ་ཕྱེ་བ་ལས། །རིགས་ནི་རྣམ་པ་དྲུག་ཏུ་བརྗོད། །རྣམ་གསུམ་རྣམ་པ་ལྔ་ཉིད་ཀྱང་། །ཞེས་དང་། རིགས་ཀྱི་ཚོགས་ལ་རིགས་ནི་དུ་མ་རྣམས། །དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཆེན་རྣམས། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །ཞེས་སོ། །དེ་ལ་དམ་པ་རིགས་བརྒྱ་ལ་ཀྱཻ་རྡོ་རྗེའི་དགོངས་པ་ནི། སྦྱང་གཞི་འབྱུང་བ་ལྔ་པོ་རེ་རེ་ལ་སྦྱང་བྱ་ཉོན་མོངས་པ་ལྔ་ལྔ་གནས་པས་ཉེར་ལྔ། དེ་རེ་རེ་ཡང་ནང་སེལ་གྱིས་ཕྱེ་ན་ཤ་ཆེན་སྤྱི་ཁྱབ་ཏུ་བཏང་བའི་བདུད་རྩི་བཞི་བཞི་སྟེ་བརྒྱའོ། །སྦྱོང་བྱེད་ལམ་ལ་སྦྱར་ན་བསྐྱེད་རིམ་གྱི་རིགས་བརྒྱ་ནི། རིགས་ལྔ་པོ་རེ་རེ་ལ་མངོན་བྱང་ཡེ་ཤེས་ལྔ་ལྔས་ཕྱེ་བས་ཉེར་ལྔ། དེ་ལ་འཁོར་ཡུམ་བཞི་བཞི་དང་ལྡན་པས་བརྒྱའོ། །རྫོགས་རིམ་གྱི་རིགས་བརྒྱ་ནི། འདིར་ཐིག་ལེ་ལ་སྦྱར་ན་ཐིག་ལེ་ཕྲ་མོ་གཅིག་ཀྱང་འབྱུང་བ་ལྔ་དང་ལྡན་པ། དེ་རེ་རེ་ཡང་བདུད་རྩི་བཞི་བཞིས་ཕྱེ་བས་ཉི་ཤུ། རྟེན་ཐིག་ལེ་གཅིག་ལ་ཡང་མཚོན་བྱེད་དཔེའི་ཡེ་ཤེས་ལྔ་ལྔ་དང་ལྡན་པས་བརྒྱའོ། །འབྲས་བུའི་དམ་པ་རིགས་བརྒྱ་ནི། སྤྲུལ་པའི་སྐུ་རིགས་ལྔ་པོ་རེ་རེ་ལ་ཡེ་ཤེས་ལྔ་ལྔས་ཕྱེ་བས་ཉེར་ལྔ། དེ་ཚད་མེད་པའམ་ལྷ་མོ་བཞི་བཞི་དང་ལྡན་པས་བརྒྱའོ། །གསང་འདུས་ཀྱི་དགོངས་པ་ནི། སྤྱོད་བསྡུས་ལས། དེ་བཞིན་གཤེགས་པ་རིགས་ལྔའམ་ཡུམ་བཞི། ས་སྙིང་། ཕྱག་རྡོར། ནམ་སྙིང་། འཇིག་རྟེན་དབང་ཕྱུག སྒྲིབ་པ་རྣམས་སེལ་ཏེ་ལྔ། གཟུགས་རྡོ་རྗེ་མ་སོགས་ལྷ་མོ་ལྔ་སྟེ། བཅུ་དགུ་པོ་རེ་རེ་ལ་རིགས་ལྔ་ལྔར་ཕྱེ་བས་དགུ་བཅུ་རྩ་ལྔ་དང་། ཡེ་ཤེས་ལྔ་སྟེ་བརྒྱ་ལ་བཤད་དོ། །རྙིང་མ་པ་རྣམས་ཀྱིས་ནི་བུདྡྷ་བཞི་བཅུ་ཞེ་གཉིས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ་དམ་པ་རིགས་བརྒྱར་འདོད་དོ། །གསུམ་པ་ནི། དེས་ན་ཀུན་རྫོབ་ཞེས་སོགས་ཚིགས་བཅད་གཅིག་སྟེ། རྒྱུད་སྡེ་འོག་མ་གསུམ་ལ་ཀུན་རྫོབ་ལྷར་བསྒོམ་པ་མེད་ཅིང་། བླ་མེད་ལ་ཀུན་རྫོབ་ལྷར་བསྒོམ་པ་ཡོད་ཀྱང་ཐབས་ཀྱི་ཁྱད་པར་ཡིན་གྱི། ལྟ་བ་མ་ཡིན་པ་དེས་ན་ཀུན་རྫོབ་སྣང་བའི་ལྡོག་པ་དང་། ལྷར་བསྒོམ་པ་མ་ཕྱེད་པས་གསང་སྔགས་རྙིང་མ་པ་རྣམས་ཀྱིས། རྒྱུད་སྡེ་བཞིའི་ཀུན་རྫོབ་ཀུན་ལྟར་བསྒོམ་ནས་དེ་ལྟ་བ་དང་འཁྲུལ་ཏེ། དེའི་བཟང་ངན་གྱི་རིམ་པ་ལ་ལྟ་བ་བཟང་ངན་གྱི་རིམ་པར་འཇོག་པའི་རྒྱུ་མཚན་དེ་ལྟར་ཡིན་ནོ། །གསུམ་པ་ལ་བཞི་སྟེ། སྔ་འགྱུར་གྱི་ལུགས་བརྗོད། ཕྱི་འགྱུར་གྱི་ལུགས་བརྗོད། ཕྱི་འགྱུར་བའི་ལུགས་འཐད་པར་སྒྲུབ། དེས་སྔ་འགྱུར་བའི་ལུགས་མི་འཐད་པར་གྲུབ་པའོ། །དང་པོ་ནི། གསང་སྔགས་སྔ་འགྱུར་ཞེས་སོགས་དྲུག་སྟེ། སྔ་འགྱུར་བ་རྣམས་ནི་རྣལ་འབྱོར་ཡོ་ག་དང་། རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་དང་། རྗེས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་དང་། ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་ག་ཞེས་བྱ་བ་རྣམ་པ་བཞི་ཐེག་པའི་རིམ་པ་ཡིན་ཞེས་ཟེར་ཞིང་། ཤིན་ཏུ་རྣལ་འབྱོར་ཐེག་པ་རིམ་དགུའི་ཡང་རྩེ་ཡིན་པས་བཟང་བར་འདོད་དོ། །གཉིས་པ་ནི། གསང་སྔགས་ཕྱི་འགྱུར་ཞེས་སོགས་ལྔ་སྟེ། དེ་དག་གི་རྣལ་འབྱོར་བཞིའི་གོ་རིམ་ཡང་སྔ་མ་དང་མི་འདྲ་ཞིང་། ངོ་བོ་ཡང་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་གྱི་རིམ་པ་ཡིན་གྱི། རྒྱུད་སྡེའི་རིམ་པར་མི་བཞེད་དེ། དགྲ་ནག་གི་རྒྱུད་ལེའུ་བཅུ་བདུན་པ་ལས། རྡོ་རྗེ་སེམས་དཔའ་རྫོགས་པ་ནི། །རྣལ་འབྱོར་ཡིན་པར་འདི་ལྟར་འདོད། །དེ་ཡི་རྒྱུ་མཐུན་ལྷ་ཡི་སྐུ། །རྗེས་ཀྱི་རྣལ་འབྱོར་ཡིན་པར་གྲགས། །འཁོར་ལོ་ཐམས་ཅད་ཡོངས་རྫོགས་པར། །ཤིན་ཏུ་རྣལ་འབྱོར་ཡིན་པར་གྲགས། །སྐུ་དང་གསུང་དང་ཐུགས་རྣམས་དང་། །ལྷ་ཡི་མིག་སོགས་བྱིན་བརླབ་དང་། །ཡེ་ཤེས་འཁོར་ལོ་གཞུག་པ་དང་། །བདུད་རྩི་མྱང་བ་དག་དང་ནི། །མཆོད་དང་བསྟོད་པ་ཆེན་པོ་དག །རྣལ་འབྱོར་ཆེན་པོ་ཞེས་བྱའོ། །ཞེས་དང་། དཔལ་མཆོག་གི་འགྲེལ་པ་ལས། དེ་ལ་དེ་ཁོ་ན་ཉིད་རྣམ་པ་ལྔ་བསྒོམས་པས། བདག་ཉིད་རང་གི་ལྷའི་ངོ་བོ་ཉིད་དུ་བསྐྱེད་པ་བསྒོམ་པའི་རྣལ་འབྱོར་ཞེས་བྱའོ། །ཡེ་ཤེས་སེམས་དཔའ་བཅུག་ནས་དེ་དང་ལྷན་ཅིག་ཏུ་གྱུར་པར་ལྷག་པར་མོས་པ་ནི་རྗེས་སུ་རྣལ་འབྱོར་ཞེས་བྱའོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་དུ་བདག་ཉིད་བསྒོམ་པ་ནི་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱའོ། །རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་། ཐམས་ཅད་ཀྱི་རྣལ་འབྱོར་རྣམ་པར་བསྒོམས་པས་སེམས་རྩེ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ནི་ཤིན་ཏུ་རྣལ་འབྱོར་ཞེས་བྱའོ། །ཞེས་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བའི་དགོངས་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། གསང་བ་འདུས་པའི་བསྐྱེད་པའི་རིམ་པ་ལ་རྣལ་འབྱོར་བཞི་སྦྱོར་བར་མཛད་པ་རྣམས་ཏིང་ངེ་འཛིན་གྱི་རིམ་པ་ཁོ་ནའོ། །གསུམ་པ་ནི། དེས་ན་རྒྱུད་སྡེ་ཞེས་སོགས་ཚིགས་བཅད་བཞི་སྟེ། རྣལ་འབྱོར་བཞི་དང་། རྒྱུད་སྡེ་བཞི་ཐ་དད་དུ་ཡོད་པ་དེས་ན། རྒྱུད་སྡེ་བཞིའི་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་བཞིའི་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དོན་མི་གཅིག་སྟེ། སྔ་མ་རྒྱུད་སྡེའི་རིམ་པ་ཡིན་ཅིང་། ཕྱི་མ་ཏིང་ངེ་འཛིན་གྱི་རིམ་པ་ཡིན་པའི་ཕྱིར། དཔེར་ན་ཀླུ་ཆེན་སོགས་སོ། །དེས་ན་གསང་སྔགས་གསར་མ་ལ་རྣལ་འབྱོར་ཆེན་པོའི་ལྟག་ན་དེ་ལས་ལྷག་པའི་རྒྱུད་སྡེ་མེད་ཅིང་། རྣལ་འབྱོར་བཞིར་བྱས་པའི་རྣལ་འབྱོར་ཆེན་པོའི་གོང་ན་བསྒོམ་པའི་དམིགས་པ་ཉིད་ཀྱང་མེད་པས། རྣལ་འབྱོར་ཆེན་པོ་ལས་བཟང་བའི་ཤིན་ཏུ་རྣལ་འབྱོར་མི་འཐད་དོ། །རྣལ་འབྱོར་ཆེན་པོ་དེ་ལས་སྐྱེས་པའི་ཡེ་ཤེས་ནི་སྤྲོས་པ་མེད་ཅིང་། བརྗོད་པ་དང་བྲལ་བ་ཡིན་པས་ལྟ་བ་ཡིན་གྱི་ཐེག་པའི་རིམ་པར་མི་བཞེད་དེ། ཐེག་པའི་རིམ་པ་ནི་ལྟ་བ་རྟོགས་བྱེད་ཀྱི་ཐབས་ཀྱི་ཁྱད་པར་ཡིན་པའི་ཕྱིར་རོ། །བཞི་པ་ནི། ལུགས་འདི་ལེགས་པར་ཞེས་སོགས་ལྔ་སྟེ། རྣལ་འབྱོར་བཞི་ཏིང་ངེ་འཛིན་གྱི་རིམ་པ་ཡིན་པ་དང་། དེ་ལས་སྐྱེས་པའི་ཡེ་ཤེས་ལྟ་བ་ཡིན་པའི་ལུགས་འདི་ལེགས་པར་ཤེས་པར་གྱུར་ན། ཨ་ཏི་ཡོ་གའི་ལྟ་བ་ཤིན་ཏུ་རྣལ་འབྱོར་ཡང་བརྗོད་བྲལ་གྱི་ཡེ་ཤེས་ཡིན་གྱི། ཐེག་པའི་རིམ་པ་མ་ཡིན་པས་བརྗོད་བྲལ་གྱི་ཡེ་ཤེས་ལ་བརྗོད་བྱ་ཐེག་པར་བྱས་པ་ནི་སོགས་སོ། །བཞི་པ་ནི། དེས་ན་ཐོས་པའི་ཞེས་སོགས་དྲུག་སྟེ། དབུ་མ་ནས་རྣལ་འབྱོར་ཆེན་པོའི་བར་ལ་རྟོགས་བྱའི་ལྟ་བ་བཟང་ངན་མེད་པ་དེས་ན་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྟ་བ་ནི་དབུ་མ་ཡན་ཆད་མཐུན་ཏེ། རྒྱུ་མཚན་དེའི་ཕྱིར་ན་རྡོ་རྗེ་མཁའ་འགྲོའི་འགྲེལ་པར་མདོ་སྡེ་ས་བཅུ་པ་དང་། དབྱིག་གཉེན་གྱིས་ཉི་ཤུ་པའི་ལུང་ཁུངས་སུ་མཛད་ནས། སྣང་བ་སེམས་སུ་བསྒྲུབ་པ་དང་། སྤྱོད་བསྡུས་སྒྲོན་མེར་བརྒྱད་སྟོང་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་མདོ་དྲངས་ནས་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་ཕབ་པ་སོགས་སོ། །རྡོ་རྗེ་ཐེག་པའི་སྐབས་སུ་ཡང་ལྟ་བའི་ལུང་སྦྱོར་ཀུན། ཕ་རོལ་ཏུ་ཕྱིན་པ་བཞིན་ཐམས་ཅད་ཀྱིས་མཛད་པའི་ཕྱིར་རོ། །འོན་ཀྱང་ལྟ་བ་དེ་རྟོགས་པའི་ཐབས་སོགས་ནི་བཤད་ཟིན་ཏོ། །གཉིས་པ་ཞར་ལ་རྒྱུད་སྡེ་བཞིའི་སྒྲུབ་པ་ལ་འཁྲུལ་པ་དགག་པ་ལ་གསུམ་སྟེ། འཁྲུལ་པ་དགག་པ་མདོར་བསྟན། མ་འཁྲུལ་པའི་སྒྲུབ་པ་རྒྱས་པར་བཤད། །དེ་དག་དཀྲུགས་པ་སྨད་པས་དོན་བསྡུ་བའོ། །དང་པོ་ནི། རྒྱུད་སྡེ་བཞི་ཡི་ཞེས་སོགས་གཉིས་སོ། །གཉིས་པ་ལ་གསུམ་སྟེ། བྱ་བའི་རྒྱུད་ཀྱི་སྒྲུབ་པ། རྒྱུད་སྡེ་བར་པ་གཉིས་ཀྱི་སྒྲུབ་པ། རྣལ་འབྱོར་ཆེན་པོའི་སྒྲུབ་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་ལྔ་སྟེ། རྒྱུད་ལས་ཇི་ལྟར་གསུངས་པའི་ཚུལ། དེ་ཉིད་གྲུབ་ཆེན་རྣམས་ཀྱིས་བཀྲལ་བའི་ཚུལ། དེ་ལས་ས་སྐྱ་པའི་བཞེད་པ་ངོས་གཟུང་བ། རྟོག་པས་བརྟགས་པའི་ལུགས་དགག གནད་ཀྱི་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ནི། སྤྱོད་པ་གསུམ་ཀ་མདོར་བསྡུས་ཏེ་བསྟན་པ་དཔུང་བཟངས། འཇུག་པའི་སྤྱོད་པ་གསལ་བར་སྟོན་པ་གསང་བ་སྤྱི་རྒྱུད། སྦྱོར་བའི་སྤྱོད་པ་གསལ་བར་སྟོན་པ་ལེགས་གྲུབ། སྒྲུབ་པའི་སྤྱོད་པ་གསལ་བར་སྟོན་པ་བསམ་གཏན་ཕྱི་མ་སྟེ། བྱ་བ་སྤྱིའི་རྒྱུད་ཆེན་བཞི་དང་། དམ་ཚིག་གསུམ་བཀོད་ལ་སོགས་པ་སོ་སོའི་རྒྱུད་སུམ་བརྒྱ་དང་དྲུག་ཅུ་ལྷག་ཙམ་ད་ལྟ་བོད་ན་བཞུགས་པ་འདི་རྣམས་ལས་བདག་བསྐྱེད་དངོས་སུ་མ་བསྟན་ཅིང་། དེར་མ་ཟད་རྒྱུད་སྡེ་གོང་མར་བྱ་རྒྱུད་ལ་བདག་བསྐྱེད་དང་། ཡེ་ཤེས་པ་གཞུག་པ་མེད་པར་གསལ་བར་བཤད་དེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་སྦྲ་བྱེད་པ་དང་། ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང་། བདག་ཉིད་ལྷའི་སྙེམས་པ་མེད་པ་དང་། རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་དང་། སྐྱོན་གྱི་རྒྱུ་རྟོག་པ་རབ་ཏུ་སྦྱོང་བས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་གནས་སོ། །ཞེས་གསུངས་སོ། །གཉིས་པ་ལ་བཞི་སྟེ། བྱ་རྒྱུད་བླ་མེད་ལྟར་བཀྲལ་བ། རྣལ་འབྱོར་རྒྱུད་ལྟར་བཀྲལ་བ། སྤྱོད་རྒྱུད་ལྟར་བཀྲལ་བ། བྱ་རྒྱུད་རང་ལུགས་ལྟར་བཀྲལ་བའོ། །དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྤྱན་རས་གཟིགས་ཕྱག་སྟོང་པའི་སྒྲུབ་ཐབས་ལས། སྤྱན་རས་གཟིགས་འཁོར་བཅས་ཡན་ལག་བཞི་རྫོགས་སུ་བསྐྱེད་པའི་བསྐྱེད་རིམ་བཤད་ནས་དེའི་འོག་ཏུ། དེ་ནས་རྫོགས་པའི་རིམ་པ་བསྒོམ་པར་བྱ་སྟེ། ཟབ་པ་དང་ཕྲ་བའི་རྫོགས་རིམ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ཞེས་འབྱུང་བ་ལྟ་བུ་སྟེ། བསྐྱེད་རྫོགས་གཉིས་ནི་བླ་མེད་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྒྲུབ་ཐབས་རྒྱ་མཚོ་དང་། ཕྱེད་དང་ཉིས་བརྒྱ་པ་དང་། བརྒྱ་རྩ་རྣམས་སུ་བཤད་པའི་བྱ་རྒྱུད་ཀྱི་ལྷའི་སྒྲུབ་ཐབས་རྣམས་དང་། ཛེ་ཏ་རིའི་གྲྭ་ལྔའི་སྒྲུབ་ཐབས་སོགས་གཞུང་ཆུང་ཕལ་ཆེ་བ་རྣམས་བླ་མེད་ལྟར་བཀྲལ་བ་ཡིན་ནོ། །ཞེས་རྗེ་བཙུན་བླ་མ་གསུང་ངོ་། །གཉིས་པ་ནི། དེ་ཉིད་བསྡུས་པའི་འགྲེལ་པར་སློབ་དཔོན་ཀུན་སྙིང་གིས། བྱ་བ་དང་། སྤྱོད་པ་དང་། གཉིས་ཀའི་རྒྱུད་ལ་སོགས་པའི་ཆོ་ག་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཀྱང་ཆོ་ག་དེ་འདི་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ། །ཞེས་དོན་དེ་བཤད་པར་བྱ་བའི་ཕྱིར། སྙིང་པོ་ཕྱག་རྒྱས་སྔགས་རིང་རྣམས། །ཇི་ལྟར་འདོད་པའི་ཚུལ་གྱིས་ནི། །ཞེས་པ་ལ་སོགས་པའི་ཚུལ་གྱིས་སྟོན་ནོ། །ཞེས་གསུངས་ཤིང་དེའི་དོན་རྣལ་འབྱོར་རྒྱུད་ལས་གསུངས་པའི་ཆོ་ག་བྱ་སྤྱོད་ཀྱི་རྒྱུད་ལ་སྦྱར་ན་རུང་ཞེས་པ་ཡིན་ལ། ཇི་ལྟར་སྦྱོར་ཚུལ་ནི། རྣམ་སྣང་སྒྱུ་དྲྭར། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་བརླབ་དང་ཡོངས་བརྟག་དང་། །གཟུགས་ཉིད་རྫོགས་པར་གྱུར་པ་ནི། །རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུང་། །ཞེས་སོགས་རྣལ་འབྱོར་གསུམ་གསུངས་པའི་དང་པོ་བྱ་རྒྱུད་ལ་སྦྱོར་བ་ཡིན་པར། དེའི་འགྲེལ་པར་སློབ་དཔོན་ཀུན་སྙིང་གིས་གསུངས་པ་ལྟར་ཡིན་གྱི། ཏིང་ངེ་འཛིན་གསུམ་ལ་སོགས་པ་རྣལ་འབྱོར་རྒྱུད་ལས་ཇི་ལྟར་གསུངས་པ་ལྟར་སྦྱོར་བ་ནི་མ་ཡིན་ནོ། །ཚུལ་འདི་དང་མཐུན་པའི་སྒྲུབ་ཐབས་ཟུར་དུ་བྱེད་པ་ནི་མ་མཐོང་ངོ་། །ཞེས་རྗེ་བླ་མས་གསུངས་སོ། །ཁོ་བོའི་རྟོག་པ་ལ་ནི་སྒྲུབ་ཐབས་རྒྱ་མཚོ་དང་། བརྒྱ་རྩ་སོགས་ནས་བཤད་པའི་བྱ་རྒྱུད་ཀྱི་ལྷའི་སྒྲུབ་ཐབས་རྣམས་རྣལ་འབྱོར་རྒྱུད་ཀྱི་དབང་དུ་བྱས་པ་བདག་ཉིད་ཆེན་པོ་འདིའི་དགོངས་པ་ཡིན་ནམ་སྙམ་སྟེ། གཞུང་འདིར་ཡང་བདག་བསྐྱེད་སྒྲུབ་ཐབས་ཡོད་པ་ནི། རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །དེ་ཡི་ལུགས་བཞིན་མཛད་པ་ཡིན། །ཞེས་དང་། འཆད་ཁ་བ་ནམ་མཁའ་འབུམ་གྱི་དྲིས་ལན་ལས། དོན་ཞགས་ལ་སོགས་པའི་རྒྱུད་ལ་བརྟེན་ནས་བདག་ལྷར་བསྐྱེད་པར་བཤད་པ་དེ་རྣལ་འབྱོར་གྱི་རྒྱུད་ཀྱི་ལུགས་སུ་བགྱིས་པར་གདའ། ཞེས་གསུངས་ཤིང་སྒྲུབ་ཐབས་དེ་དག་ལ། བདག་བསྐྱེད་དང་ཡེ་ཤེས་པ་གཞུག་པ་ཙམ་བཤད་པ་ནི། རྣལ་འབྱོར་གྱི་རྒྱུད་ལ་ཡང་མི་འགལ་ཞིང་། དེ་ལས་གཞན་པའི་བླ་མེད་ཀྱི་ཉམས་ལེན་མ་བཤད་པའི་ཕྱིར་རོ་སྙམ་དུ་སེམས་སོ། །གསུམ་པ་ནི། སློབ་དཔོན་སངས་རྒྱས་གསང་བས་བྱ་སྤྱོད་གཉིས་ཀ་གཅིག་ཏུ་བསྡུས་ནས་ཉམས་ལེན་གྱི་ཚུལ་འདྲ་བར་བཞེད་ཅིང་། བདག་བསྐྱེད་ཡོད་པའི་ཤེས་བྱེད་དུ་སྤྱོད་རྒྱུད་རྣམས་དྲངས་པར་མཛད་དེ། བསམ་གཏན་ཕྱི་མའི་འགྲེལ་པར་འདི་ཡང་གསང་སྔགས་བཟླས་བརྗོད་བྱེད་པའི་བསམ་གཏན་གྱི་ཆ་ནི་བྱ་བར། བྱ་བའི་རྒྱུད་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་དང་། དཔུང་བཟངས་དང་། དཔལ་རྟོགས་པ་བསྡུས་པ་ལ་སོགས་པ་དང་། བྱེ་བྲག་གི་རྒྱུད་འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པ་བྱང་ཆུབ་རྣམ་པར་འཕྲུལ་པའི་བྱིན་གྱིས་རློབ་པ་དང་། འཕགས་པ་ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་དང་། བྱང་ཆུབ་ཀྱི་སྙིང་པོ་དང་། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པ་ལས་གསུངས་ཏེ། ཁ་ཅིག་ཏུ་ནི་མི་མངོན་པའི་ཚུལ་དུ་བཤད། ཁ་ཅིག་ཏུ་གསལ་བར་བཤད་དེ། འདི་ལྟར་ཞེས་སོགས་གསུངས་ཤིང་། དེས་མཛད་པའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་དང་། བྱང་ཆུབ་སྙིང་པོའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་དང་། ཤུ་རངྒ་ཝརྨའི་རྣམ་འཇོམས་ཀྱི་དཀྱིལ་ཆོག་དང་། ཛེ་ཏ་རི་དང་། ཇོ་བོ་རྗེའི་མི་འཁྲུགས་པའི་སྒྲུབ་ཐབས་དང་། ཀེ་ལ་དྷ་རིའི་དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་ཐབས་རྣམས་ཀྱང་བྱ་རྒྱུད་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་སྲོལ་ཡིན་ནོ། །བཞི་པ་ནི། སློབ་དཔོན་བྱང་ཆུབ་མཆོག་གིས། དེ་བས་ན་འདི་ལྟར་ཁམས་གསུམ་པོ་འདི་དག་ནི་རྣམ་པར་ཤེས་པ་ཙམ་མོ། །ཞེས་རྣམ་པར་དཔྱད་དེ། མཐའ་དག་ནམ་མཁའ་ལྟ་བུར་བསམས་ནས། རང་གི་སེམས་ཀྱི་རྣམ་པ་ཟླ་བའི་དཀྱིལ་འཁོར་ལྟ་བུར་གནས་པ་འདི་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ནོ། །དེ་ལ་བཟླས་པའི་གསང་སྔགས་རྣམས་གོ་རིམ་བཞིན་དུ་བཀོད་པས་དེ་དག་ལས་འོད་ཟེར་སྣ་ཚོགས་རྣམ་པར་འབྱུང་ཞིང་། སེམས་ཅན་རྣམས་ཚིམ་པར་བྱས་ནས། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་དང་བཅས་པར་འོད་ཟེར་སླར་ལོག་ནས། རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་ཞུགས་པར་བསམ་མོ། །ཞེས་ཐོག་མར་བྱང་ཆུབ་ཀྱི་སེམས་བསྒོམ་པ། དེ་ཟླ་བའི་དཀྱིལ་འཁོར་དུ་བསྒྱུར་བ། དེ་ལ་གསང་སྔགས་བཀོད་པ། དེ་ལས་ལྷ་ཡི་སྐུ་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ། སླར་བསྡུས་ནས་ཟླ་བའི་དཀྱིལ་འཁོར་དུ་ཞུགས་པར་བསམ་པ་རྣམས་བཤད་ཀྱི། རང་ལྷའི་སྐུར་བསྒོམ་པ་མ་བཤད་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་རྣམ་འཇོམས་ཀྱི་འགྲེལ་པར་དཀྱིལ་འཁོར་བྲིས་ནས་རྒྱན་དགྲམ་པའི་འོག་ཏུ་གཞལ་ཡས་ཁང་བསྐྱེད་དེ། ལྷ་སྤྱན་དྲངས་ནས་མཆོད་བསྟོད་བྱས་ཏེ། བཟླས་བརྗོད་བྱ་བར་གསུངས་ཀྱི། བདག་ཉིད་ལྷར་བསྐྱེད་པར་མ་གསུངས་པ་དང་། སུ་མ་ཏི་ཀིརྟིས། བྱ་རྒྱུད་ཀྱི་རབ་གནས་ཀྱི་སྐབས་སུ། རྟེན་དང་པོར་ལྷར་མི་བསྐྱེད་པར་ལྷ་སྤྱན་དྲངས་པ་ཉིད་ཐིམ་པས་སོ་སོའི་སྐུར་བསྒོམ་པར་བཤད་པ་རྣམས་སོ། །གསུམ་པ་ནི། དེ་ལྟར་བྱ་རྒྱུད་ལ་རྒྱུད་སྡེ་གོང་མའི་དབང་དུ་བྱས་པའི་འགྲེལ་ལུགས་གསུམ་དང་། བྱ་རྒྱུད་རང་ལུགས་ལྟར་འགྲེལ་པ་དང་བཞི་ཡོད་པ་ལས། རྗེ་བཙུན་ས་སྐྱ་པ་རྣམས་ནི། ལུགས་ཕྱི་མ་འདི་ཉིད་བཞེད་དེ། བླ་ཆེན་ས་སྐྱ་པའི་རྒྱུད་སྡེ་སྤྱི་རྣམ་དང་། དེའི་གསུང་སྒྲོས་གཉན་ཕུལ་བྱུང་བས་བྲིས་པའི་བདེ་མཆོག་གི་ཊཱི་ཀ་དང་། རྗེ་བཙུན་རྩེ་མོའི་རྒྱུད་སྡེ་སྤྱི་རྣམ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་མངོན་རྟོགས་ལྗོན་ཤིང་དང་། ས་པཎ་གྱི་གཞུང་འདི་རྣམས་ལས། བྱ་རྒྱུད་ལ་བདག་བསྐྱེད་མེད་པའི་ལུགས་དེ་ཉིད་གསལ་བར་འབྱུང་བའི་ཕྱིར་རོ། །དེ་ལྟར་བཞེད་པའི་རྒྱུ་མཚན་ཡང་བདག་ཉིད་ཆེན་པོ་འདི་རྣམས་ཀྱིས་སྡེ་སྣོད་དང་། རྒྱུད་སྡེའི་རིམ་པ་ཐམས་ཅད་རང་རང་གི་ལུགས་བཞིན་དུ་སྤྱོད་པ་སངས་རྒྱས་ཀྱི་བསྟན་པ་རྣམ་དག་ཡིན་པར་དགོངས་ཤིང་། བྱ་རྒྱུད་ལ་རྒྱུད་རང་ངོས་ནས་བདག་བསྐྱེད་བཤད་པ་མེད་ཅིང་། དེར་མ་ཟད་རྒྱུད་སྡེ་གོང་མར་བྱ་རྒྱུད་ལ་བདག་བསྐྱེད་མེད་པར་གསལ་བར་བཤད་པས་སོ། །ལུང་དེ་ཉིད་ནི་སྔར་དྲངས་ཟིན་ལ་དོན་ནི་རང་ལྷའི་སྐུར་བསྒོམ་པ་སོགས་ནང་གི་བྱ་བས་འཇིགས་པར་དམིགས་ཤིང་ཤིན་ཏུ་ཁྲུས་དང་གཙང་སྦྲ་བྱེད་པ་དང་། ཡེ་ཤེས་སེམས་དཔའ་རང་ལ་འཇུག་པའི་བདེ་བ་དམ་པ་མེད་པ་དང་། འདི་ལྷའི་སྐུ་ཞལ་ཕྱག་གི་རྣམ་པ་ཅན་གྱི་སྙེམས་པ་སྟེ་ང་རྒྱལ་མེད་པ་དང་། རྒྱུད་སྡེ་གོང་མར་བཤད་པ་ལྟར་གྱི་རྨད་དུ་བྱུང་བའི་སྤྱོད་ཡུལ་མིན་པ་དང་། འཁོར་བའི་སྡུག་བསྔལ་གྱི་སྐྱོན་དང་། དེའི་རྒྱུ་བདེན་འཛིན་གྱི་རྟོག་པ་རབ་ཏུ་གཅོད་པ་སོ་སོར་རྟོག་པའི་ཤེས་རབ་བསྒོམ་པ་སྟེ། དེ་ལྟ་བུའི་ལམ་གྱིས་སངས་རྒྱས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་བཞུགས་སོ། །ཞེས་བྱ་བ་ཡིན་ནོ། །གཞན་ཡང་རིགས་པ་ནི་རྡོ་རྗེ་གུར་ལ་སོགས་པའི་རྒྱུད་སྡེ་རྣམས་ལས་རྒྱུད་སྡེ་བཞིར་གྲངས་ངེས་པར་གསུངས་པ་ལྟར་དུ་འདོད་དགོས་ལ། དེའི་ཚེ་བྱ་རྒྱུད་ལ་བདག་བསྐྱེད་ཡོད་ན་དེ་དང་། སྤྱོད་རྒྱུད་ལ་ཁྱད་པར་འབྱེད་བྱེད་གཞན་མེད་པས་རྒྱུད་སྡེ་གཅིག་ཏུ་འགྱུར་བའི་སྐྱོན་ཡོད་དོ། །འདི་བཞིན་དུ་དཔལ་འཛིན་གྱི་དགྲ་ནག་གི་འགྲེལ་པ་དང་། ལྷའི་རིགས་ཀྱི་བློ་གྲོས་ཀྱི་གུར་གྱི་འགྲེལ་པ་དང་། ཨིནྡྲ་བྷཱུ་ཏིའི་བདེ་མཆོག་གི་འགྲེལ་པ་རྣམས་ལས་ཀྱང་། བྱ་རྒྱུད་ལ་བདག་བསྐྱེད་མེད་པའི་ལུགས་དེ་ཉིད་གསལ་བར་འབྱུང་ཞིང་། དང་པོ་གཉིས་ཀྱི་ལུང་ནི་སྔར་དྲངས་ཟིན་ལ། ཕྱི་མ་ནི་གསང་བ་རྡོ་རྗེ་ཐེག་པ་ལ་གནས་པ། བྱ་བ་དང་སྤྱོད་པའི་སྒོ་ནས་ཀྱང་རིག་སྔགས་ཀྱི་རྗེས་སུ་གནང་བ་ཙམ་ལ་བརྟེན་ནས། བདག་དང་ལྷ་ཐ་དད་དུ་ལྟ་བ་ཅན་ཡོངས་སུ་བརྟགས་པ་མཚན་བཅས་དམིགས་པ་ལས་གྲུབ་པའི་དོན་མངོན་དུ་བྱེད་པར་འདོད་པའོ། །ཞེས་ཟེར་རོ། །བཞི་པ་ནི། ཕྱིས་ཀྱི་མཁས་པ་ཁ་ཅིག ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། བདག་ཉིད་ལྷའི་སྙེམས་པ་མེད་པ་དང་། ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང་། ཞེས་བྱ་རྒྱུད་ལ་བདག་བསྐྱེད་མེད་པར་བཤད་པ་ནི། དུས་ཐམས་ཅད་དུ་ལྷའི་སྙེམས་པ་མེད་པ་ལ་དགོངས་པ་ཡིན་གྱི། བདག་ལྷའི་སྐུར་བསྐྱེད་པ་གཏན་ནས་མེད་པ་མ་ཡིན་ཏེ། སློབ་དཔོན་བྱང་ཆུབ་མཆོག་གི་ལེགས་གྲུབ་ཀྱི་མངོན་རྟོགས་དང་། སངས་རྒྱས་གསང་བའི་བསམ་གཏན་ཕྱི་མའི་འགྲེལ་པ་དང་། རྣམ་འཇོམས་ཀྱི་འགྲེལ་པ་རྣམས་སུ། ལྷ་དྲུག་གི་སྒོ་ནས་ལྷའི་སྐུར་བསྒོམ་པ་བསྟན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལ་སངས་རྒྱས་གསང་བའི་ལུང་གི་བྱ་རྒྱུད་ལ་བདག་བསྐྱེད་ཡོད་པར་འདོད་ཅིང་། དུས་ཐམས་ཅད་དུ་ལྷའི་སྙེམས་པ་མེད་པར་འདོད་པ་ནང་འགལ་ཏེ། སློབ་དཔོན་དེས་མཛད་པའི་རྣམ་འཇོམས་ཀྱི་འགྲེལ་པ་ལས། དགེ་བའི་རྩ་བ་ཡང་རྒྱ་ཆེར་བསྔོ། འཕགས་པ་རྣམས་ལ་ཡང་མཆོད་པའི་ཕྱིར་བདག་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་ནི། ཞེས་སྒྲུབ་ཐབས་རྫོགས་པའི་རྗེས་ལ་རང་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས་ཐུན་མཚམས་ཀྱི་བྱ་བ་རྣམས་བྱེད་པར་བཤད་པའི་ཕྱིར་དང་། སློབ་དཔོན་དེས་བྱ་རྒྱུད་ལ་བདག་བསྐྱེད་ཡོད་པའི་ཤེས་བྱེད་དུ་ཕྱག་རྡོར་དབང་བསྐུར་སོགས་འདྲེན་པ་ཡིན་ལ། དེ་ལས་བདག་ཉིད་རང་གི་ལྷའི་གཟུགས་སུ་བྱས་ལ་ཐེ་ཚོམ་མེད་པའི་ཡིད་ཀྱིས་ང་རྒྱལ་བསྐྱེད་ཅིང་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། རྟག་ཏུ་དུས་ཐམས་ཅད་དུ་བསྐྱོད་ཀྱང་མི་གཡོ་བ་དེའི་ཚེ་ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་སངས་རྒྱས་གསང་བས་བྱ་རྒྱུད་ལ་བདག་བསྐྱེད་ཡོད་པར་བཤད་ཀྱང་། བྱ་རྒྱུད་རང་ངོས་ནས་བདག་བསྐྱེད་ཡོད་པར་མི་འགྲུབ་སྟེ། དེས་བྱ་རྒྱུད་ལ་བདག་བསྐྱེད་ཡོད་པའི་ཤེས་བྱེད་དུ་སྤྱོད་རྒྱུད་རྣམས་དྲངས་པའི་ཕྱིར་དང་། རྣམ་སྣང་མངོན་བྱང་སོགས་སྤྱོད་རྒྱུད་རྣམས་ལ་ཡང་བྱ་རྒྱུད་ཅེས་པའི་ཐ་སྙད་མཛད་པའི་ཕྱིར་ན། བྱ་སྤྱོད་གཉིས་རྒྱུད་སྡེ་གཅིག་ཏུ་བསྲེས་པའི་ལུགས་ཡིན་པའི་ཕྱིར་རོ། །ཡང་ཕྱིས་ཀྱི་བླ་མ་ཁ་ཅིག བྱ་རྒྱུད་ལ་བདག་བསྐྱེད་མེད་པར་བཤད་པའི་དོན་ནི། ཤས་ཆེར་བའི་མི་སྲོག་རྩོལ་ལ་སོགས་པ་བསམ་གཏན་གྱི་ཡན་ལག་རྣམས་བསྒོམ་མི་ནུས་པའི་གང་ཟག་ལ་དགོངས་པ་ཡིན་ལ། རང་གི་ངོ་བོ་བདག་བསྐྱེད་ཡོད་པ་ཁོ་ནར་སློབ་དཔོན་སངས་རྒྱས་གསང་བས་བཤད་པས། ཡན་ལག་བཞི་ལ་སོགས་པའི་ལྷའི་རྣལ་འབྱོར་ལ་བྱ་སྤྱོད་གཉིས་འདྲ་ལ་རྣམ་སྣང་མངོན་བྱང་ལྟ་བུ་གདུལ་བྱའི་དབང་གིས་བྱ་རྒྱུད་དུའང་གསུངས་པས། བྱ་སྤྱོད་གཉིས་གདུལ་བྱའི་དབང་གིས་འབྱེད་པ་མ་གཏོགས་པ། རྒྱུད་རང་གི་ངོ་བོའི་སྒོ་ནས་མི་འབྱེད་པས་སྤྱོད་རྒྱུད་ལ་བདག་བསྐྱེད་ཡོད་པ་ལྟར་བྱ་རྒྱུད་ལ་ཡང་ཡོད་དེ། ཕྱག་རྡོར་དབང་བསྐུར་བ་དང་། རྣམ་སྣང་མངོན་བྱང་ལས། རང་ཉིད་ལྷར་བསྒོམ་པར་གསུངས་པའི་ཕྱིར་དང་། ལེགས་སྒྲུབ་ཀྱི་མངོན་རྟོགས་ལས། བྱ་བའི་རྒྱུད་ལས་ལྷ་བསྒྲུབ་པའི་རྣལ་འབྱོར་གྱི་རིམ་པ་མ་བསྟན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཕལ་ཆེར་མ་བསྟན་ཀྱང་ཕྱག་ན་རྡོ་རྗེ་དབང་བཀུར་བ་དང་དེ་ཁོ་ན་ཉིད་བཅུ་པ་ལ་འཇུག་པ་དག་ལས་གཙོ་བོར་བསྟན་ཏོ། །གཅིག་ཏུ་ནི་དངོས་གྲུབ་ཐམས་ཅད་ནི་གསང་སྔགས་ཀྱི་ལྷ་དང་། དེ་ཁོ་ན་ཉིད་ལ་རག་ལས་པ་ཡིན་ལ་དེ་དག་རྣམ་པར་ཉམས་ན་ཞི་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་མི་འགྱུར་ལ་བླ་མ་བརྒྱུད་པ་དང་རྒྱུད་ཀྱི་ཁྱད་པར་ཅུང་ཟད་དཔྱད་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རིམ་པ་འདིས་ལྷ་ཉིད་ཀྱི་སྐུ་བསྐྱེད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ་ཞེས་དང་། ཡང་བསམ་གཏན་ཕྱི་མར། སྒྲ་དང་སེམས་དང་བཞི་ལ་གཞོལ། །ཞེས་པའི་འགྲེལ་པར། གཞི་ནི་དེ་བཞིན་གཤེགས་པའི་སྐུའི་རང་བཞིན་ནོ། །གཞི་གཉིས་པ་ནི་རང་གི་ལྷའི་གཟུགས་སོ་ཞེས་དང་། འདིའི་གཞིའི་ཚིག་དོན་རང་ལྷར་བསྐྱེད་པའི་གཞི་ལ་བྱར་མི་རུང་ན། རྣམ་སྣང་མངོན་བྱང་གི་གཞི་ནི། ཞེས་པ་རྐང་པ་གཉིས་ཀྱིས་ཀྱང་བདག་ཉིད་ལྷར་བསྐྱེད་པ་མ་བསྟན་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །བྱ་རྒྱུད་ལ་བདག་བསྐྱེད་མེད་ན། རྒྱུད་སྡེ་གོང་མར་ལྷ་ཕོ་མོ་ཕན་ཚུན་བལྟས་པའི་བདེ་བ་ལམ་དུ་བྱེད་པ་ཡོད་པར་གསུངས་པ་དང་འགལ་ཏེ། རྣམ་སྣང་དང་། སྤྱན་མ་སོགས་ཀྱི་ལྷ་ལ་ཆགས་པ་མི་སྲིད་པས་ལྷ་དེའི་ང་རྒྱལ་འཆང་བའི་སྒྲུབ་པ་པོ་ལ་བྱ་བ་སྐབས་ཀྱི་དོན་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་བྲིས་པ་དེ་རྣམས་རིམ་པ་བཞིན་མི་འཐད་པར་སྟོན་པ་ནི། འོ་ན་བྱ་རྒྱུད་ཤས་ཆེར་ལ་བལྟས་པའི་བདེ་བ་ལམ་བྱེད་མེད་པར་འགྱུར་ཏེ། བྱ་རྒྱུད་ཤས་ཆེར་ལ་བདག་བསྐྱེད་མེད་པའི་ཕྱིར་རོ། །སྲོག་རྩོལ་ལ་སོགས་པ་བསམ་གཏན་གྱི་ཡན་ལག་བསྒོམ་མི་ནུས་པའི་གང་ཟག་དེ་བྱ་རྒྱུད་ཀྱི་གདུལ་བྱའི་གཙོ་བོ་ཡིན་ནམ་མ་ཡིན། དང་པོ་ལྟར་ན་གདུལ་བྱའི་གཙོ་བོ་ལ་བསྟན་པའི་ལམ་དེ་བྱ་རྒྱུད་ཀྱི་ལམ་རྣམ་དག་མ་ཡིན་པར་འགྱུར་ཏེ། བྱ་རྒྱུད་ཀྱི་ལམ་རྣམ་དག་ལ་བདག་བསྐྱེད་དགོས་ཤིང་། བསམ་གཏན་གྱི་ཡན་ལག་བསྒོམ་མི་ནུས་པ་དེ་ལ་བདག་བསྐྱེད་མ་བསྟན་པའི་ཕྱིར་རོ། །གཉིས་པ་ལྟར་ན། བྱ་རྒྱུད་ཤས་ཆེ་བ་རྒྱུད་རང་གི་གདུལ་བྱའི་གཙོ་བོ་མ་ཡིན་པ་ལ་བསྟན་པར་འགྱུར་ཏེ། བྱ་རྒྱུད་ཤས་ཆེར་ལ་བདག་བསྐྱེད་མེད་ཅིང་། བདག་བསྐྱེད་མེད་པ་རྣམས་བསམ་གཏན་གྱི་ཡན་ལག་བསྒོམ་མི་ནུས་པ་དེ་ལ་བསྟན་པའི་ཕྱིར་རོ། །སངས་རྒྱས་གསང་བའི་ལུང་གིས་བྱ་རྒྱུད་ལ་བདག་བསྐྱེད་ཡོད་པར་མི་འགྲུབ་པ་ནི་གོང་དུ་བཤད་ཟིན་ཅིང་། གཞན་ཡང་སློབ་དཔོན་དེས་བསམ་གཏན་ཕྱི་མའི་འགྲེལ་པར། བྱ་རྒྱུད་ལ་བདག་བསྐྱེད་ཡོད་པའི་ཤེས་བྱེད་དུ་དྲངས་པའི་ལེགས་གྲུབ་དང་། དཔུང་བཟང་གཉིས་ལས་ནི་བདག་བསྐྱེད་བསྟན་པ་མི་སྣང་ལ། རིག་སྔགས་འཆང་བའི་སྡེ་སྣོད་ཀྱི་ལུང་ནི། རི་མོ་ལ་གནས་པའི་བསམ་གཏན་བྱ་བའི་ལུང་དུ་སྣང་ངོ་། །རྟོག་བསྡུས་ནི་བོད་ན་མི་བཞུགས་ཀྱང་ཡོ་གའི་འགྲེལ་པ་ཨ་ཝ་ཏ་རར། རྟོག་པ་ཐམས་ཅད་བསྡུས་པ་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་དགོངས་པ་འགྲེལ་པ་ལས་ཀྱང་། ཞེས་རྣལ་འབྱོར་གྱི་རྒྱུད་དུ་བཤད་ཅིང་། རྣམ་སྣང་མངོན་བྱང་དང་། ཕྱག་རྡོར་དབང་བསྐུར་བ་གཉིས་ནི། སྤྱོད་རྒྱུད་ཡིན་པས་དེ་གསུམ་གྱི་ལུང་གིས་བྱ་རྒྱུད་རང་ངོས་ནས་བདག་བསྐྱེད་ཡོད་པར་མི་འགྲུབ་བོ། །ཡང་རྣམ་སྣང་མངོན་བྱང་ལྟ་བུ་གདུལ་བྱའི་དབང་གིས་བྱ་རྒྱུད་དུ་གསུངས་པའི་དོན། བྱ་རྒྱུད་དུ་འགྲེལ་བའི་གང་ཟག་ཡོད་པ་ལ་བྱེད་དམ། བྱ་རྒྱུད་ཀྱི་གདུལ་བྱས་ཉམས་སུ་ལེན་དུ་རུང་བ་ལ་བྱེད། དང་པོ་ལྟར་ན། གསང་བ་འདུས་པ་ཡང་ཡོ་གར་འགྱུར་ཏེ། གྲུབ་ཆེན་ཀུན་སྙིང་གིས་བཀྲལ་བའི་ཕྱིར་རོ། །གཉིས་པ་ལྟར་ན་རྒྱུད་སྡེ་གོང་མ་གསུམ་ཀ་ཡང་བྱ་རྒྱུད་དུ་འགྱུར་ཅིང་དེ་གཉིས་ཀ་ལ་འདོད་ན། རྒྱུད་སྡེ་བཞི་ཀ་གདུལ་བྱའི་དབང་གིས་འབྱེད་པ་མ་གཏོགས་པ་རྒྱུད་རང་གི་ངོ་བོའི་སྒོ་ནས་མི་འབྱེད་པར་མཚུངས་སོ། །བྱ་སྤྱོད་གཉིས་གདུལ་བྱའི་དབང་གིས་འབྱེད་ཀྱི་རང་གི་ངོ་བོའི་སྒོ་ནས་མི་འབྱེད་པ་ལ་དཔྱད་ན་རྣམ་སྣང་མངོན་བྱང་ལྟ་བུ་གདུལ་བྱའི་དབང་གིས་སྤྱོད་རྒྱུད་ཡིན་གྱི་བྱ་རྒྱུད་མ་ཡིན་ཞེས་སྨྲའམ། གདུལ་བྱའི་དབང་གིས་བྱ་རྒྱུད་ཡིན་གྱི་སྤྱོད་རྒྱུད་མ་ཡིན་ནོ་ཞེས་སྨྲའམ། གདུལ་བྱའི་དབང་གིས་གཉིས་ཀ་ཡིན་ཞེས་སྨྲ། དང་པོ་ལྟར་ན་དེ་གདུལ་བྱའི་དབང་གིས་བྱ་རྒྱུད་དུ་གསུངས་པར་ཁས་བླངས་པ་དང་དངོས་སུ་འགལ་ལོ། །གཉིས་པ་ལྟར་ན་དེ་སྤྱོད་རྒྱུད་གཏན་མ་ཡིན་པར་འགྱུར་ཏེ། གདུལ་བྱའི་དབང་གིས་བྱ་རྒྱུད་ཁོ་ན་ཡིན་ཅིང་རང་གི་ངོ་བོའི་སྒོ་ནས་བྱ་སྤྱོད་གཉིས་ལ་ཁྱད་པར་མེད་པའི་ཕྱིར་རོ། །གསུམ་པ་ལྟར་ན་བྱ་སྤྱོད་གཉིས་གདུལ་བྱའི་དབང་གིས་འབྱེད་པར་ཁས་བླངས་པ་དང་འགལ་ལོ། །ཡང་བྱ་སྤྱོད་གཉིས་ཀ་གདུལ་བྱའི་དབང་གིས་འབྱེད་པའི་ཤེས་བྱེད་དུ་རྣམ་སྣང་མངོན་བྱང་གདུལ་བྱའི་དབང་གིས་བྱ་རྒྱུད་དུ་གསུངས་པའི་ཕྱིར། ཞེས་བཀོད་པ་ནི་གདུལ་བྱའི་དབང་གིས་སོ་སོར་འབྱེད་དེ། གདུལ་བྱའི་དབང་གིས་སྤྱོད་རྒྱུད་ཀྱང་བྱ་རྒྱུད་ཡིན་པའི་ཕྱིར། ཞེས་པར་སོང་བས་འདི་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཁྲེལ་བར་མི་འགྱུར་རམ། གཞན་ཡང་རྣམ་སྣང་མངོན་བྱང་ལ་སོགས་པའི་སྤྱོད་རྒྱུད་རྣམས་བྱ་རྒྱུད་དུ་ཁས་ལེན་ནམ། བྱ་རྒྱུད་མ་ཡིན་པར་སྤྱོད་རྒྱུད་དུ་ཁས་ལེན། དང་པོ་ལྟར་ན་རྒྱུད་འགྲེལ་ཚད་ལྡན་རྣམས་ལས་རྒྱུད་སྡེ་བཞིར་གསུངས་ཤིང་། ཁྱེད་རང་གིས་ཀྱང་ཁས་བླངས་པ་དང་འགལ་ལོ། །གཉིས་པ་ལྟར་ན་གདུལ་བྱའི་དབང་གིས་དེ་ལྟར་དུ་ཁས་ལེན་ནམ། རང་གི་ངོ་བོའི་སྒོ་ནས་ཁས་ལེན། དང་པོ་ལྟར་ན་དེ་གདུལ་བྱའི་དབང་གིས་བྱ་རྒྱུད་དུ་གསུངས་པར་ཁས་བླངས་པ་དང་དངོས་སུ་འགལ། ཕྱི་མ་ལྟར་ན་བྱ་སྤྱོད་གཉིས་རང་གི་ངོ་བོའི་སྒོ་ནས་མི་འབྱེད་པར་ཁས་བླངས་པ་དང་འགལ་ལོ། །འདིའི་རྗེས་འབྲངས་གངས་རིའི་ཁྲོད་ན་གནས་པ་རྣམས་ཀྱིས་ཉིན་མཚན་བརྒྱར་འབད་པས་སོམས་ལ་ལན་སྨྲོས་ཤིག ཡང་འདི་དང་ཕྱོགས་སྔ་གོང་མ་གཉིས་ཀས་ལེགས་གྲུབ་ཀྱི་མངོན་རྟོགས་ལས་བདག་བསྐྱེད་བསྟན་པར་འདོད་པ་ནི་ཤིན་ཏུ་འཁྲུལ་ཏེ། དེ་ལས་རིམ་པ་འདིས་ལྷ་ཉིད་ཀྱི་སྐུ་བསྐྱེད་པར་བྱའོ། །ཞེས་པའི་མཇུག་ཏུ་མདུན་བསྐྱེད་བསྒྲུབ་ཚུལ་བསྟན་གྱི། སྒྲུབ་ཐབས་དེའི་དབུ་ཞབས་གང་དུ་ཡང་བདག་ཉིད་ལྷར་བསྐྱེད་པ་མ་གསུངས་པའི་ཕྱིར་རོ། །འོ་ན་སྔར་དྲངས་པའི་ལུང་དེའི་དོན་ཇི་ལྟར་ཡིན་སྙམ་ན། བྱ་བའི་རྒྱུད་ལས། མདུན་དུ་ལྷ་བསྒྲུབ་པའི་རྣལ་འབྱོར་གྱི་རིམ་པ་མ་བསྟན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་བྱ་བ་སོ་སོའི་རྒྱུད་ཕལ་ཆེར་ལས་མ་བསྟན་ཀྱང་། ཕྱག་རྡོར་དབང་བསྐུར་སོགས་ནས་བསྟན་ཞེས་པའི་དོན་ནོ། །འོ་ན་ཕྱག་རྡོར་དབང་བསྐུར་སོགས་ནས་བདག་བསྐྱེད་ཀྱང་གསུངས་སོ་སྙམ་ན་སྐྱོན་མེད་དེ། སློབ་དཔོན་འདིས་བྱ་སྤྱོད་གཉིས་ཀ་ལ་བྱ་རྒྱུད་ཀྱི་ཉམས་ལེན་སྦྱར་ནས་བདག་བསྐྱེད་མེད་པར་འདོད་པའི་ཕྱིར་རོ། །བསམ་གཏན་ཕྱི་མའི་གཞི་ཡི་ཚིག་དོན་རང་ལྷར་བསྐྱེད་པ་ལ་བྱར་མི་རུང་ན། རྣམ་སྣང་མངོན་བྱང་གི་གཞི་ནི་ཞེས་པ་རྐང་པ་གཉིས་ཀྱིས་ཀྱང་བདག་ཉིད་ལྷར་བསྐྱེད་པ་མ་བསྟན་པར་འགྱུར་རོ། །ཞེས་སྨྲ་བ་ནི་རྣམ་པར་མ་བརྟགས་པ་སྟེ། འོ་ན་རྣམ་སྣང་མངོན་བྱང་ལས་གཞི་གཉིས་མ་གསུངས་པར་འགྱུར་ཏེ། བསམ་གཏན་ཕྱི་མར་སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་གཞི་གཅིག་ལས་མ་གསུངས་པའི་ཕྱིར་རོ། །ཁྱབ་པ་ཁས་བླངས་སོ། །དེས་ན་བསམ་གཏན་ཕྱི་མའི་གཞིའི་ཚིག་དོན་རང་ལྷར་བསྐྱེད་པ་ལ་བཤད་ན། དེའི་དོན་མདུན་དུ་ལྷ་བསྐྱེད་པ་ལ་བཤད་དུ་མི་རུང་བར་འགྱུར་ཏེ། གཞི་གཅིག་ལས་མེད་པའི་ཕྱིར་རོ། །འདོད་ན་རྣམ་སྣང་མངོན་བྱང་གི་གཞི་གཉིས་པ་ནི་ཞེས་པའི་རྐང་པ་གཉིས་ཀྱིས་མདུན་དུ་ལྷ་བསྐྱེད་པ་མ་བསྟན་པར་འགྱུར་ཅིང་། ཁྱབ་པ་ཁས་བླངས་སོ། །འོ་ན་བསམ་གཏན་ཕྱི་མའི་འགྲེལ་པར་གཞི་གཉིས་གསུངས་པ་དང་འགལ་ལོ་སྙམ་ན། སློབ་དཔོན་དེས་བྱ་སྤྱོད་གཉིས་ཀ་ལ་སྤྱོད་རྒྱུད་ཀྱི་ཉམས་ལེན་སྦྱར་བར་བཞེད་ནས་བསམ་གཏན་ཕྱི་མའི་གཞི་གཅིག་པོ་དེ་ཉིད་ལ་རྣམ་སྣང་མངོན་བྱང་གི་གཞི་གཉིས་ཀའི་དོན་བཤད་པ་ཡིན་པས་སྐྱོན་མེད་དོ། །དེས་ན་རྣམ་སྣང་མངོན་བྱང་ལས་གཞི་གཉིས་གསུངས་ཤིང་། བསམ་གཏན་ཕྱི་མར་གཅིག་ལས་མ་གསུངས་པས་ཀྱང་། བྱ་རྒྱུད་ལ་བདག་བསྐྱེད་མེད་པར་གྲུབ་བོ། །འདི་ནི་ཁོ་བོ་འབའ་ཞིག་གིས་རྟོགས་པས་ལུགས་འདི་ལ་མོས་པ་ཡོད་པ་རྣམས་ཀྱིས་དགའ་བ་སྒོམས་ཤིག བལྟས་པའི་བདེ་བ་ལམ་བྱེད་ཡོད་ན། ལྷ་དེའི་ང་རྒྱལ་བསྒོམ་པའི་སྒོ་ནས་བལྟས་པའི་བདེ་བ་བསྒོམ་པར་འདོད་པ་ནི་དོན་མ་རྟོགས་པ་སྟེ། རང་ཉིད་ཐ་མལ་དུ་གནས་ནས་མདུན་གྱི་ལྷ་ལ་བལྟས་པས་བལྟས་པའི་བདེ་བ་འདྲེན་ནུས་པའི་ཕྱིར་རོ། །ལྔ་པ་ནི་དེ་ལྟར་བྱ་རྒྱུད་ཀྱི་ལྷ་ལ་རྒྱུད་སྡེ་གོང་མའི་ཉམས་ལེན་སྦྱར་བ་དང་། བྱ་བ་སྤྱིའི་རྒྱུད་ཆེན་བཞི་ནས་བཤད་པའི་ཉམས་ལེན་སྦྱར་བ་གཉིས་ལས། དང་པོ་ལ་སྤྱོད་རྒྱུད་ཀྱི་ཉམས་ལེན་སྦྱར་ན་བདག་བསྐྱེད་ཡོད་ཅིང་། རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན་སྦྱར་ན་ཡེ་ཤེས་པ་གཞུག་པ་ཡང་ཡོད་ལ། བླ་མེད་ཀྱི་ཉམས་ལེན་སྦྱར་ན་རིམ་གཉིས་ཀྱང་ཡོད་དོ། །དེ་དག་གིས་བྱ་རྒྱུད་རང་ངོས་ནས་བདག་བསྐྱེད་ཡོད་པ་མི་འགྲུབ་སྟེ། དཔེར་ན་སེམས་ཙམ་པའི་གཞུང་ནས་བཤད་པའི་བྱང་སེམས་ཀྱི་སྤྱོད་པ་ལ་དབུ་མའི་ལྟ་བ་སྦྱར་ནས་ཉམས་སུ་ལེན་པའི་ཚེ། སེམས་ཙམ་པ་རང་ངོས་ནས་དབུ་མའི་ལྟ་བ་ཡོད་པར་མི་འགྲུབ་པ་བཞིན་ནོ། །གཉིས་པ་ནི། བདག་བསྐྱེད་སོགས་གཏན་ནས་མེད་དེ། སྤྱི་རྒྱུད་བཞི་དང་། སོ་སོའི་རྒྱུད་རྣམས་ནས་བདག་བསྐྱེད་མ་གསུངས་ཤིང་། བདག་བསྐྱེད་མེད་པར་རྒྱུད་སྡེ་གོང་མ་ནས་དངོས་སུ་གསུངས་པའི་ཕྱིར་རོ། །གནད་འདི་དག་ནི་འགྲན་ཟླ་ཀུན་དང་བྲལ་བའི་རྗེ་བཙུན་བླ་མའི་བཀའ་དྲིན་ལས། ཁོ་བོས་ཀྱང་ཇི་ལྟ་བ་བཞིན་སྨྲ་བར་ནུས་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ནི། བྱ་བའི་རྒྱུད་ལ་ཞེས་སོགས་ཉེར་གཉིས་ཏེ། བདག་བསྐྱེད་ཡོད་པའི་དེ་ལྟར་བྱེད་ན། སྨྱུང་གནས་མེད་དེ་བདག་ཉིད་སོགས་སོ། །གལ་ཏེ་སྨྱུང་གནས་བྱེད་འདོད་ན། རང་ཉིད་ཐ་མལ་སོགས་ཏེ་གཞུང་ལྷག་མ་རྣམས་ཀྱིས་ནི། དཔུང་བཟང་དང་ལེགས་གྲུབ་ནས་བཤད་པའི་བྱ་རྒྱུད་དང་འབྲེལ་བའི་ཀུན་དུ་སྤྱོད་པ་སྟོན་ནོ། །གཉིས་པ་ནི། སྤྱོད་དང་རྣལ་འབྱོར་ཞེས་སོགས་བཅུ་གསུམ་སྟེ། རྒྱུད་སྡེ་དེ་གཉིས་ལས་ལས་ཚོགས་བསྒྲུབ་པ་འགའ་ཞིག་ལ་གཙང་སྦྲ་བཤད་པ་ཡོད་དེ། ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས། དེས་ཟས་མི་འཚལ་བར་ལག་ན་རྡོ་རྗེ་ལ་བལྟ་ཞིང་ལན་གསུམ་བཟླས་བརྗོད་བགྱིས་ན་རྒྱལ་སྲིད་ཐོབ་པར་འགྱུར། ཞེས་དང་། རྡོ་རྗེ་ས་འོག་གི་རྒྱུད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། གནོད་སྦྱིན་རྣམས་ལ་དཀར་གསུམ་གྱིས་མཆོད་པར་བྱའོ། །ཆང་ནི་ཀུན་ཏུ་སྤང་བར་བགྱིའོ། །ཤ་རྣམས་ནི་འོས་པ་དང་ཤིས་པ་དྲང་བར་བྱའོ་ཞེས་སོ། །རབ་ཏུ་གནས་པའི་རྒྱུད་ལས། བདེར་གཤེགས་ལྷག་མ་འདི་དག་ནི། །ཟོ་ཤིག་སྡིག་པ་དག་པར་འགྱུར། །ཞེས་གསུངས་ལ། འབྱུང་པོའི་གཏོར་མ་ནི་འདིར་ཡང་མི་ཟ་སྟེ། རྒྱུད་སྡེ་འོག་མ་གསུམ་ལ་སྣང་བ་ཐམས་ཅད་ལྷར་བསྒོམ་པ་མེད་པའི་ཕྱིར། གསུམ་པ་ནི། རྣལ་འབྱོར་ཆེན་པོའི་ཞེས་སོགས་བདུན་ཏེ། རྒྱུད་དེ་ལས་ཨ་ཝ་དྷཱུ་ཏཱི་གཉིས་སྤངས་ཀྱི་སྤྱོད་པ་སོགས་ལ་འབྱུང་པོའི་གཏོར་མ་ཟ་བའང་གནང་སྟེ། ཀྱཻ་རྡོ་རྗེ་ལས། བཟའ་བཅའ་དེ་ཉིད་བཏུང་བ་ཉིད། །ཇི་ལྟར་རྙེད་པ་རབ་ཏུ་བཟའ། །ཡིད་འོང་མི་འོང་རྣམ་རྟོག་ཕྱིར། །ཞེན་པ་ཙམ་དུའང་མི་བྱའོ། །ཞེས་སོ། །དཀའ་ཐུབ་ལ་སོགས་པའི་བརྟུན་ཞུགས་འགོག་སྟེ། གསང་བ་འདུས་པ་ལས། དཀའ་ཐུབ་དཀའ་སྤྱད་མི་བཟོད་པ། །བསྟེན་ན་འགྲུབ་པར་མི་འགྱུར་ཅིང་། །ཞེས་སོ། །འཇུག་པ་བདེ་བའི་རྣལ་འབྱོར་ནི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །ཞེས་པ་ལྟར་བླ་མེད་དུ་འཇུག་པ་བདེ་བའི་རྣལ་འབྱོར་འདི་དག་རྒྱས་པར་སོགས་སོ། །གསུམ་པ་ནི། གྲུབ་མཐའི་རྣམ་དབྱེ་ཞེས་སོགས་ཚིགས་བཅས་གཅིག་གོ །བཞི་པ་ཕྱག་ཆེན་གོམས་པས་འཁོར་འདས་བསྲེ་བའི་སྤྱོད་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། སྤྱོད་པའི་སྔོན་དུ་འགྲོ་བ་དྲོད་དང་། དྲོད་ཐོབ་པས་སྤྱད་པའི་སྤྱོད་པ་དངོས་སོ། །དང་པོ་ལ་དྲུག་སྟེ། ངོ་བོ། དབྱེ་བ། སོ་སོའི་མཚན་ཉིད། མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་བརྟན་པར་བྱེད་པའི་དུས། དྲོད་དང་སྤྱོད་པ་མཚམས་སྦྱོར་བའོ། །དང་པོ་ནི། ཏིང་ངེ་འཛིན་ལས་སྐྱེས་པའི་ལུས་ངག་ཡིད་གསུམ་གྱི་མཐུའམ། ནུས་པའི་ཁྱད་པར་ལ་དྲོད་ཅེས་བྱའོ། །གཉིས་པ་ནི། དྲོད་ཆུང་འབྲིང་ཆེན་པོ་གསུམ་མོ། །གསུམ་པ་ལ་དྲོད་ཆུང་བ་ནི། མཉམ་གཞག་ཏུ་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པ་སྙམ་བྱེད། ཉོན་མོངས་པ་གློ་བུར་བ་ཟློག་པ་སྙམ་བྱེད་པའོ། །དྲོད་འབྲིང་པོ་ནི་ཚར་གཅད་དང་རྗེས་གཟུང་གི་ལས་གང་རུང་ཞིག་ནུས་པའོ། །དྲོད་ཆེན་པོ་ནི། ཚར་གཅད་དང་རྗེས་གཟུང་གི་ལས་གཉིས་ཀ་ནུས་པ་སྟེ། རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་ཆ་མཉམ་པ་ཞེས་བྱའོ། །བཞི་པ་ནི། དྲོད་ཆུང་ངུ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་རིམ་པ་གཉིས་བསྒོམ་པ་ཉིད་ཡིན་ལ། འབྲིང་མ་ཐོབ་པ་ཐོབ་པར་བྱེད་པ་ནི་ཀུན་འདར་གྱི་གསང་སྤྱོད་ཡིན་ཅིང་། ཆེན་པོ་མ་ཐོབ་པ་ཐོབ་པར་བྱེད་པ་ནི་དྲག་ཤུལ་གྱི་ལས་སོ། །ལྔ་པ་ནི། ཟླ་བ་ཕྱེད་དུ་སྔར་གྱི་དེ་ལ་གོམས་པར་བྱེད་ཅིང་གནས་པར་བྱེད་པའོ། །དྲུག་པ་ནི་དྲོད་ཆུང་ངུ་ཐོབ་ནས་ཀུན་འདར་གསང་ནས་སྤྱོད་ལ། འབྲིང་ཐོབ་ནས་འཇིག་རྟེན་པའི་མངོན་དུ་སྤྱོད་ཅིང་། ཆེན་པོ་ཐོབ་ནས་ཀུན་ཏུ་བཟང་པོ་སྤྱོད་དོ། །གཉིས་པ་ལ་དྲུག་སྟེ། ངོ་བོ། དབྱེ་བ། མཚན་ཉིད། སྤྱད་པའི་དུས། རྟེན་གྱི་གང་ཟག སྤྱད་པའི་དགོས་པའོ། །དང་པོ་ནི། ནང་དུ་དེ་ཁོ་ན་ཉིད་ཀྱི་རྟོགས་པས་ཀུན་ནས་བསླངས་པའི་ཕྱི་རོལ་ཏུ་ལུས་ངག་གཡོ་ཞིང་རྒྱུ་བ་ཅི་འདོད་བྱེད་པའི་ཁྱད་པར་ལ་སྤྱོད་པ་ཞེས་བྱ་སྟེ། ལུས་དང་། བཟའ་བ་དང་། བཏུང་བ་དང་། རྒྱན་ཆ་དང་། གནས་དང་། སྣོད་དང་། སྤྱོད་པ་བྱེད་པའི་དུས་དང་། གྲོགས་ལ་སོགས་པ་རྣམས་ལ། བཟང་ངན་གྱི་བླང་དོར་མེད་པར་ཅི་དགའ་སྤྱོད་པའོ། །གཉིས་པ་ལ་ཀུན་འདར་གྱི་སྤྱོད་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་གཉིས་ལས། དང་པོ་ལ་མིང་གི་རྣམ་གྲངས། སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། རྒྱལ་བུ་གཞོན་ནུའི་སྤྱོད་པ་དང་། གསང་སྤྱོད་ཅེས་བྱའོ། །གཉིས་པ་ལ་མིང་གི་རྣམ་གྲངས། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་དང་། རྒྱལ་ཚབ་ཆེན་པོའི་སྤྱོད་པ་དང་། འཇིག་རྟེན་པའི་མངོན་དུ་སྤྱོད་པ་ཞེས་བྱའོ། །གསུམ་པ་ནི་ཅིའི་ཕྱིར་མིང་དེ་སྐད་དུ་བརྗོད་ཅེ་ན། འཇིག་རྟེན་པ་རྣམས་འཇིགས་ཤིང་འདར་བས་ཀུན་འདར་རམ། ཀུན་འདར་གྱི་སྒྲ་ཨ་ཝ་དྷཱུ་ཏཱི་ཞེས་པ་གཉིས་སྤངས་ཞེས་བྱ་བར་ཡང་འགྱུར་བས་ན། བཟའ་བྱ་དང་བཟའ་བྱ་མ་ཡིན་པ་སོགས་བླང་དོར་གཉིས་སུ་མེད་པར་སྤྱོད་པས་ན་གཉིས་སྤངས། སྨྱོན་པར་བརྫུས་ཏེ་རིགས་ལ་སོགས་པ་གསང་ནས་སྤྱོད་པས་ན་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། རྒྱལ་ཚབ་ཆེན་པོ་དྲོད་ཆེན་པོ་མ་ཐོབ་པས་ན་རྒྱལ་བུ་གཞོན་ནུའི་སྤྱོད་པ་དང་། རྣལ་འབྱོར་པར་ཁས་མི་ལེན་པར་གསང་སྟེ་སྤྱོད་པས་ན་གསང་སྤྱོད་ཅེས་བྱའོ། །གཉིས་པ་ལ་སྣང་བ་ཐམས་ཅད་རང་གི་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་ཀུན་ཏུ་བཟང་པོར་རྟོགས་པས་ན་ཀུན་ཏུ་བཟང་པོ་དང་། རྣམ་ཤེས་དང་ཡེ་ཤེས་ཆ་མཉམ་པས་གཞན་དོན་ཐོགས་མེད་དུ་ནུས་པས་ན་རྒྱལ་ཚབ་ཆེན་པོ་དང་། འཇིག་རྟེན་པའི་མངོན་དུ་སྤྱོད་པས་ན་མངོན་སྤྱོད་ཅེས་བྱའོ། །བཞི་པ་ནི་དྲོད་ཆུང་ངུ་ཐོབ་ནས་ཀུན་འདར་གསང་སྟེ་སྤྱོད་པ་ཞེས་བྱ་བ་མཚན་མོའི་དུས་བཟའ་བྱ་དང་། བཟའ་བྱ་མ་ཡིན་པ་གཉིས་སུ་མེད་པ་ལ་སོགས་པ་སྤྱོད་ལ། ཉིན་མོ་རང་གི་རིགས་དང་མཐུན་པར་སྤྱོད་དོ། །དེས་དྲོད་འབྲིང་པོ་སྐྱེས་པ་ན་ཀུན་འདར་མངོན་དུ་སྤྱོད་པ་ཞེས་བྱ་བ་རང་གི་ཡུལ་འཁོར་སྤངས་ཏེ། རིགས་ལ་སོགས་པ་གསང་ནས་སྤྱོད་པ་ཞེས་བྱ་བ་སྨྱོན་པར་བརྫུས་ཏེ་སྤྱོད་པ་ཡིན་ནོ། །དེས་དྲོད་ཆེན་པོ་འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཡེ་ཤེས་ཐོབ་པ་ན། ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་དོ། །ལྔ་པ་ནི་དྲོད་ཐོབ་ཅིང་སེམས་ཅན་གྱི་དོན་དུ་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་འདོད་པའི་ཆོས་གཉིས་དང་ལྡན་པ་གཅིག་གིས་སྤྱོད་པ་སྤྱད་པ་ཡིན་གྱི། གང་ཡང་རུང་བ་གཅིག་མ་ཚང་ན་ནི་མ་ཡིན་ནོ། །དྲུག་པ་ལ་གསུམ་ལས། ཀུན་འདར་གསང་ནས་སྤྱོད་པའི་དགོས་པ་ནི། རང་གི་སེམས་ཀྱི་བརྟན་གཡོ་བརྟགས་པའི་ཆེད་ཡིན་ལ། ཀུན་འདར་མངོན་དུ་སྤྱོད་པའི་དགོས་པ་ནི། གྲུབ་པའི་ས་དང་གྲོགས་དབང་དུ་བྱ་བའི་ཆེད་ཡིན་ཅིང་། ཀུན་ཏུ་བཟང་པོའི་སྤྱོད་པའི་དགོས་པ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡིན་ནོ། །དེ་ལྟར་སྤྱོད་པ་གཉིས་ལས། གཞུང་འདིར་ཀུན་འདར་གྱི་སྤྱོད་པ་སྟོན་པ་ཡིན་ཅིང་། དེ་ལ་ཡང་གསང་སྤྱོད་དང་། མངོན་སྤྱོད་གཉིས་ལས། ཕྱི་མ་སྟོན་ཏེ། གང་ཟག་དང་གནས་ལ་ལོག་པར་རྟོག་པའི་གཞི་ནི་དེ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། སྤྱོད་པའི་རྣམ་གཞག་སྤྱིར་བསྟན་པ། ལོག་རྟོག་དགག་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དབང་བཞི་ཡོངས་སུ་ཞེས་སོགས་བཅོ་ལྔ་སྟེ། དབང་བཞི་རྫོགས་པར་ཐོབ་ཅིང་། རིམ་གཉིས་ཤེས་པའི་གང་ཟག་དེས། དང་པོར་བར་ཆད་ཉུང་བས་རང་གི་ཁྱིམ་དུ་བསྒོམ། བརྟན་པ་ཅུང་ཟད་ཐོབ་ནས་བརྩོན་འགྲུས་རྩོམ་པས་དུར་ཁྲོད་སོགས་སུ་བསྒོམ། བརྟན་པ་ཆེན་པོ་དྲོད་འབྲིང་གི་རྟོགས་པ་ཐོབ་ནས། གང་ཞིག་སོར་མོ་གཅིག་སྟོན་དང་། །གཉིས་ཀྱིས་ལེགས་པར་འོངས་པ་ཡིན། །ཞེས་སོགས་ལུས་བརྡ་དང་། མ་ད་ན་ཆང་། བ་ལ་ཤ་ཞེས་སོགས་ངག་གི་བརྡ་རྣམས་ལ་ལེགས་པར་སྦྱངས་ཞིང་། བླང་དོར་གཉིས་སུ་མེད་པའི་དེ་ཉིད་རྟོགས་པའི་གང་ཟག་དེས་སྤྱོད་པ་སྤྱད་དོ། །དགོས་པ་ནི་ནང་གི་ས་རྣམས་བགྲོད་པར་བྱ་བ་དང་། ཕྱི་ནང་གི་པུ་ལི་ར་མ་ལ་ཡ་ལ་སོགས་པའི་ཡུལ་རྣམས་དབང་དུ་བསྡུ་བའི་ཕྱིར་ཡིན་ཏེ། དེ་ཡང་ཕྱི་རོལ་པུ་ལི་ར་མ་ལ་ཡ་ལ་སོགས་པའི་ཡུལ་བཞིན། ས་དང་པོ་ཐོབ་པའི་ཚུལ་བཟུང་བའི་མཁའ་འགྲོ་མ་གནས་པ་རྣམས་དབང་དུ་འདུས་པས། ནང་དུ་སྤྱི་བོ་ལ་སོགས་པའི་ཡུལ་བཞིའི་རླུང་སེམས་དབུ་མར་འདུས་པས། ས་དང་པོའི་རྟོགས་པ་སྐྱེ་བ་ལ་སོགས་པའོ། །གནས་གང་དུ་སྤྱོད་པ་སྤྱད་ན། གནས་དང་ཉེ་བའི་གནས་ལ་སོགས་པ་བཅུ་གཉིས་ལས་ཕྱེ་བའི་ཡུལ་སུམ་ཅུ་སོ་གཉིས་དང་། གླིང་བཞི་དང་། གླིང་བཞི་གཅིག་ཏུ་སྡོམ་པ་སྟེ་སུམ་ཅུ་སོ་བདུན་དུའོ། །ངོ་བོ་ནི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའོ། །གང་ལས་གསུངས་ན་ལུགས་འདི་སོགས་སོ། །མཐར་ཐུག་གི་དགོས་པ་ནི། འདི་འདྲའི་སོགས་སོ། །གཉིས་པ་ལ་གསུམ་སྟེ། གང་གིས་རྒྱུ་བའི་གང་ཟག་ལ་འཁྲུལ་པ་དགག་པ། གང་དུ་རྒྱུ་བའི་གནས་ལ་འཁྲུལ་པ་དགག་པ། དེ་གཉིས་ཀའི་མཇུག་བསྡུའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དང་མི་ལྡན་པའི་གང་ཟག་སྤྱོད་པ་སྤྱད་པ་དགག་པ། མཚན་ཉིད་དང་ལྡན་པའི་གང་ཟག་སྤྱོད་པ་སྤྱད་པའི་དགོས་པ། དེས་གྲུབ་པའི་དོན་བསྟན་པའོ། །དང་པོ་ནི། དེང་སང་གསང་སྔགས་ཞེས་སོགས་ཚིགས་བཅད་ལྔ་སྟེ། དེང་སང་རིམ་གཉིས་མི་བསྒོམ་པར། ཡུལ་ཆེན་སུམ་ཅུ་སོ་བདུན་དུ་སྤྱོད་པའི་ཆེད་དུ་འགྲོ་བ་ནི་སངས་རྒྱས་ཀྱིས་མ་གསུངས་ཏེ། རིམ་པ་གཉིས་པོ་མི་སྒོམ་པའི་སྒོམ་ཆེན་བཟང་ཡང་ས་དང་པོ་ཡན་ཆད་ཀྱི་རྟོགས་པ་བསྐྱེད་ནུས་པ་ཡང་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་སེམས་ལ་གནད་དུ་བསྣུན་པའི་བསྒོམ་ཆེན་ལས་མ་འདས་ལ། མདོ་ལས། ས་ལམ་གྱི་རྟོགས་པ་བསྐྱེད་པའི་ཆེད་དུ་ཡུལ་ཆེན་དེ་དག་ཏུ་འགྲོ་བའི་ཆོ་ག་བཤད་པ་མེད་པའི་ཕྱིར། ཡུལ་ཆེན་བགྲོད་ནས་ས་ལམ་གྱི་རྟོགས་པ་བསྐྱེད་པ་ནི། ནང་ལུས་ཀྱི་གནས་དེ་དང་། དེ་དག་གི་རླུང་སེམས་དབུ་མར་ཞུགས་པའི་ཆེད་ཡིན་པའི་ཕྱིར། འདིར་ཁ་ཅིག་རིམ་གཉིས་མི་བསྒོམ་པའི་ཉམས་ལེན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་དུ་བྱས་ནས། རྒྱུད་སྡེ་བཞི་ཀ་ལ་རིམ་གཉིས་ཡོད་པར་འདོད་པ་ནི་སྐབས་ཀྱི་དོན་མ་རྟོགས་པ་སྟེ། འདི་ལ་བླ་མེད་ཀྱི་ཉམས་ལེན་མེད་པས་སྤྱོད་པ་བྱེད་པ་དགག་པའི་སྐབས་ཡིན་པས། རྒྱུད་སྡེ་འོག་མ་གསུམ་གྱི་ཉམས་ལེན་བྱེད་པ་ལ་ཡང་སྤྱོད་པ་སྤྱད་པ་མེད་པར་འཆད་དགོས་པའི་ཕྱིར་རོ། །ཁ་ཅིག་ཕ་རོལ་ཏུ་ཕྱིན་པའི་སྒོམ་ཆེན་བདག་འཛིན་སྤོང་བ་དང་། སྙིང་རྗེ་ཆེན་པོ་བསྒོམ་པ་ཙམ་ལ་འཆད་པ་ནི། རྒྱུད་སྡེ་འོག་མ་གསུམ་གྱི་ཉམས་ལེན་བྱེད་པ་ལ་ཡང་དེ་ཙམ་ལས་མེད་པའམ། རིམ་གཉིས་ཡོད་པར་འདོད་དགོས་པས་མི་འཐད་དོ། །དེས་ན་སྐབས་ཀྱི་དོན་ནི་སྒོམ་ཆེན་བཟང་པོ་ཞེས་པ་ས་དང་པོ་ཡན་ཆད་ཀྱི་རྟོགས་པ་སྐྱེས་པ་ཡིན་ལ། དེ་ལ་སེམས་ལ་གནད་དུ་བསྣུན་ནས་སྐྱེས་པ་དང་། ལུས་ལ་གནད་དུ་བསྣུན་ནས་སྐྱེས་པ་གཉིས་ལས། རིམ་གཉིས་མ་བསྒོམ་པར་སྐྱེས་པ་ནི་སེམས་ལ་གནད་དུ་བསྣུན་ནས་སྐྱེས་པ་ཡིན་པས། རྒྱུད་སྡེ་འོག་མ་གསུམ་གྱི་ས་ལམ་གྱི་རྟོགས་པ་བསྐྱེད་པའི་ཚུལ་ཡང་། སེམས་ལ་གནད་དུ་བསྣུན་པ་ལས་མ་འདས་པའི་ཕྱིར་ན། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ས་ལམ་གྱི་རྟོགས་པ་བསྐྱེད་པའི་ལུགས་སུ་སྟོན་པ་ཡིན་གྱི། ཉམས་ལེན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་དུ་འདུས་པ་ནི་མ་ཡིན་ནོ། །ཚུལ་འདི་ཇི་ལྟ་བ་བཞིན་རྟོགས་པ་ནི་དམ་པའི་མགོན་གྱིས་ཟིན་པ་ཁོ་བོ་འབའ་ཞིག་གོ །གལ་ཏེ་གསང་སྔགས་མི་བསྒོམ་ཞིང་རྟོགས་པ་ཡོད་པར་རློམ་པ་ཡིས་ཡུལ་དེར་ཕྱིན་ན་བར་ཆད་འབྱུང་ཞིང་། རློམ་པ་དང་། རྟོགས་པ་ཅི་ཡང་མེད་པའི་སྒོམ་ཆེན་གྱིས་ཕྱི་ན་ཡང་ཕན་གནོད་གང་ཡང་མེད་དེ་དཔེར་ན་ཨོ་རྒྱན་སོགས་སོ། །གཉིས་པ་ནི། གསང་སྔགས་བསྒོམ་པའི་ཞེས་སོགས་དྲུག་སྟེ། མཚན་ཉིད་དེ་དག་དང་ལྡན་པའི་གང་ཟག་ལ་ཡུལ་དེར་གནས་པའི་མཁའ་འགྲོ་མ་ས་དང་པོ་སོགས་ཐོབ་པའི་ཚུལ་བཟུང་བ་རྣམས་ཀྱིས་བྱིན་གྱིས་བརླབས་ནས། ནང་དུ་ས་རྣམས་བགྲོད་པ་འདིའི་དོན་སོགས་སོ། །གསུམ་པ་ནི། དེས་ན་གསང་སྔགས་ཞེས་སོགས་གཉིས་སོ། །གཉིས་པ་ལ་གཉིས་ཏེ། ཏི་སེ་གངས་ཅན་དུ་འདོད་པ་དགག་པ། ཙཱ་རི་གནས་ཆེན་དུ་འདོད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། དགག་པ་སྤྱིར་བསྟན། ལུང་འགལ་བྱེ་བྲག་ཏུ་བཤད། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། དཔལ་ལྡན་དུས་ཀྱི་ཞེས་སོགས་བཅུ་གཅིག་སྟེ། དུས་འཁོར་གྱི་འཇིག་རྟེན་ཁམས་ལེ་ལས་གསུངས་པའི་རི་བོ་གངས་ཅན་དང་། མངོན་པའི་གཞུང་ལས་གསུངས་པའི་རི་བོ་སྤོས་ངད་ལྡན་གྱི་བྱང་ན། བྲག་རི་གསེར་གྱི་བྱ་སྐྱིབས་ལྷ་མ་ཡིན་གྱི་ཕུག ཆུ་ཞེང་དཔག་ཚད་ལྔ་བཅུ། དཔངས་དཔག་ཚད་ཕྱེད་དང་བཞི་པ། བྲག་ཕྲན་ལྔ་བརྒྱས་བསྐོར་བ། དེའི་བྱང་ན་ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་ཤིང་ཕྲན་ལྔ་བརྒྱས་བསྐོར་བ། དེའི་ཤར་ན་རྫིང་བུ་དལ་འབབ་མཚོ་མ་དྲོས་པ་དང་མཉམ་པ་རྫིང་བུ་ལྔ་བརྒྱས་བསྐོར་བ་ཡོད། དེར་གླང་པོ་ཆེ་རབ་བརྟན་འཁོར་ལྔ་བརྒྱས་བསྐོར་བ་གནས་ཤིང་། དབྱར་ཟླ་བ་བཞི་སཱ་ལའི་ཚལ་དུ་འགྲོ། དགུན་ཟླ་བ་བཞི་གསེར་གྱི་བྱ་སྐྱིབས་སུ་སྡོད། རི་སྤོས་ངད་ལྡན་པའི་ཚུ་རོལ་ན་མཚོ་མ་དྲོས་པ་ཡོད་ལ། དེའི་ཚུ་རོལ་ན་རི་བོ་གངས་ཅན་ཡོད་པར་གསུངས་ཤིང་། མཚོ་མ་དྲོས་པ་བཅོམ་ལྡན་འདས་དགྲ་བཅོམ་ལྔ་བརྒྱ་དང་བཅས་པ། རང་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་མཛད་པའི་གནས་ཡིན་པར་གསུངས་པའི་རི་བོ་གངས་ཅན་དེ་ནི་མངའ་རིས་ཀྱི་ཏི་སེ་འདི་མ་ཡིན་ཅིང་། མ་དྲོས་པའི་རྒྱ་མཚོ་ཡང་མ་ཕམ་གཡུ་མཚོ་མ་ཡིན་ཏེ། གླང་པོ་རྣམས་ཀྱང་སོགས་སོ། །གཉིས་པ་ལ་ལྔ་སྟེ། དུས་ཀྱི་འཁོར་ལོའི་དང་། མངོན་པའི་དང་། མུ་སྟེགས་བྱེད་ཀྱི་དང་། རྨ་བྱ་ཆེན་མོའི་མདོའི་དང་། ཕལ་པོ་ཆེའི་ལུང་དང་འགལ་བའོ། །དང་པོ་ནི། དཔལ་ལྡན་དུས་ཀྱིས་ཞེས་སོགས་ཉེར་གཉིས་ཏེ། ད་ལྟའི་ཏི་སེ་འདི་དུས་ཀྱི་འཁོར་ལོ་ནས་བཤད་པའི་རི་བོ་གངས་ཅན་མ་ཡིན་ཏེ། དེའི་འགྲམ་ན་ཤམ་བྷ་ལ་མེད་པའི་ཕྱིར་དང་། རྫུ་འཕྲུལ་དང་མི་ལྡན་པས་ཀྱང་བགྲོད་ནུས་པའི་ཕྱིར། ཁྱབ་པ་ཡོད་དེ། དཔལ་ལྡན་དུས་ཀྱི་འཁོར་ལོ་ལས་སོགས་སོ། །དེ་ལྟར་ཡང་བསྡུས་རྒྱུད་ལས། ལན་ཚྭ་ཆང་དང་ཆུ་དང་འོ་མ་ཞོ་དང་མར་དང་སྦྲང་རྩིའི་རྒྱ་མཚོ་རྣམས་དང་རི་བདུན་ནི། །འོད་སྔོན་པོ་དང་མནྡ་རྭ་བའི་རི་སྟེ་རྩུབ་ལྡན་ནོར་འོད་ཚད་ལྡན་གྲང་བའི་རི་རྡོ་རྗེ། །གླིང་རྣམས་ཟླ་བ་དང་ནི་རབ་དཀར་རབ་མཆོག་ཀུ་ཤ་མིའམ་ཅི་སྟེ་ཁྲུང་ཁྲུང་དྲག་པོ་རྣམས། །ལོངས་སྤྱོད་པ་རྣམས་ཉིད་དེ་འཛམ་གླིང་བདུན་པ་ལས་ཀྱི་ས་རྣམས་ལ་ནི་མི་རྣམས་གནས་པའོ། །ཞེས་རི་རབ་ལ་མཚོ་བདུན་དང་། རི་བདུན་དང་། གླིང་བདུན་གྱིས་ཁོར་ཡུག་དུ་བསྐོར་ནས་ཡོད་པའི་གླིང་ཕྱི་མ་འཛམ་གླིང་ཆེན་པོ་ཡིན་ཅིང་། དེ་ལ་དུམ་བུ་བཅུ་གཉིས་སུ་བྱས་པའི་ལྷོའི་ཆ་ནི་འཛམ་གླིང་ཆུང་ངུ་ཡིན་པ། དེའི་ཆུ་ཞེང་ཆེ་བ་ལ་སི་ཏ་ཡོད། དེའི་བྱང་ན་རི་བོ་གངས་ཅན་ཡོད་ཅིང་། རི་བོ་གངས་ཅན་གྱིས་བསྐོར་བའི་དབུས་ན་ཤམ་བྷ་ལའི་ཡུལ། ས་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པ་དབུས་ཀྱི་སུམ་ཆ་ལྟེ་བར་བྱས་པ་ལ་ཀེ་ལ་ཤའི་རི་བོར་གྲགས་ཤིང་། དེ་ལ་རྒྱལ་པོའི་ཕོ་བྲང་ཀཱ་ལ་པ་དང་། དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་དང་། མ་ལ་ཡའི་སྐྱེད་མོས་ཚལ་ཡོད་ལ། འདབ་མ་བརྒྱད་པོ་རེ་རེ་ལ་གྲོང་ཁྱེར་བྱེ་བ་བཅུ་གཉིས་རེ་ཡོད་ཅིང་། བྱེ་བ་ཕྲག་རེ་ལ་རྒྱལ་པོ་རེ་ཡོད་པས་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་ཡོད་དེ། དེ་ལྟར་ཡང་། གངས་རི་མཆོག་གི་ཕྱོགས་རྣམས་མ་ལུས་ཀུན་ནས་ཡང་དག་བསྐོར་བ་དེ་དག་དབུས་སུ་ཀེ་ལ་ཤ །ས་ལ་ཀེ་ལ་ཤ་ཡ་དུམ་བུར་གངས་རི་ལྡན་པ་དེ་ཡི་སུམ་ཆ་ཀུན་ནས་ཤེས་བྱ་སྟེ། །ཕྱི་རོལ་དུ་ཡང་ཡུལ་རྣམས་ཉིན་བྱེད་འདབ་མ་རེ་རེའི་གླིང་རྣམས་ཀུན་གྱིས་བརྒྱན་པར་བརྗོད་པ་སྟེ། །གཡས་ཀྱི་ཕྱེད་དུ་ཐུབ་མཆོག་གནས་གྲོང་ཤམ་བྷ་ལ་ཞེས་བྱ་བ་གྲོང་ཁྱེར་བྱེ་བ་ཡང་དག་གནས། །ཞེས་སོགས་སོ། །དེར་རྒྱལ་པོ་ཉི་མའི་འོད་ཅེས་བྱ་བ་བྱུང་བའི་སྲས་ཟླ་བ་བཟང་པོ་ལ་སྟོན་པས་འབྲས་སྤུངས་སུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ནས་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས་སོ། །དེས་ཤམ་བྷ་ལར་རྩ་རྒྱུད་ལོ་གཅིག་གསུངས། དེའི་བརྒྱུད་པ་ལྷ་དབང་། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན་རྣམས་ཀྱིས་ལོ་བརྒྱ་བརྒྱ་རྩ་རྒྱུད་གསུངས་སོ། །དེ་ནས་འཇམ་དབྱངས་གྲགས་པས་ལོ་བརྒྱར་རྩ་རྒྱུད་གསུངས་ནས་བསྡུས་རྒྱུད་མཛད། དེ་ནས་པདྨ་དཀར་པོས་བསྡུས་རྒྱུད་ཀྱི་འགྲེལ་པ་དྲི་མེད་འོད་མཛད་དོ། །དེ་ནས་བཟང་པོ་རྣམ་རྒྱལ། བཤེས་གཉེན་བཟང་པོ་ལ་སོགས་པ་རིགས་ལྡན་གྱི་རྒྱལ་པོ་མང་དུ་བྱུང་ངོ་། །སྙིགས་མའི་དུས་རྟགས་ཙམ་འཛིན་པར་གྱུར་པ་ན། ཧོར་ཡུལ་གྱི་བྱང་ཕྱོགས་དག་སྦྱིན་ཅེས་བྱ་བར་ལྷ་མ་ཡིན་གྱི་སྤྲུལ་པ་ཀླ་ཀློའི་རྒྱལ་པོ་སྟོབས་ཅན་ཞིག་བྱུང་སྟེ། ཡུལ་དབུས་དང་། བོད་རྣམས་འཇོམས་ཤིང་། འཛམ་གླིང་ཆུང་ངུའི་ཕྱེད་དབང་དུ་བསྡུས་ཏེ། འཁོར་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་ཡོད་པས་སྟོབས་ཀྱིས་དྲེགས་ནས་ཤམ་བྷ་ལར་དམག་འདྲེན་པར་རྩོམ་མོ། །དེའི་ཚེ་འཇམ་དཔལ་གྱི་སྤྲུལ་པ་དྲག་པོ་འཁོར་ལོ་ཅན་ཞེས་བྱ་བའི་རྒྱལ་པོ་སོགས་སོ། །གཉིས་པ་ནི། མངོན་པ་ལས་ཞེས་སོགས་བཅུ་སྟེ། ད་ལྟའི་མ་ཕམ་འདི་མ་དྲོས་པར་འདོད་པ་མངོན་པའི་གཞུང་དང་འགལ་ཏེ། མངོན་པ་ལས་ཡུལ་དབུས་འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་རི་བོ་གངས་ཅན་ཡོད་ལ། དེ་ནས་རི་སྤོས་ངད་ལྡན་པ་ཡོད་པའི་ཚུ་རོལ་དཔག་ཚད་བཅུ་འོངས་པ་ན། མཚོ་མ་དྲོས་པ་ཆུ་ཞེང་དང་ཟབས་སུ་དཔག་ཚད་ལྔ་བཅུ་ལྔ་བཅུ་ཡོད་པ་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་ཡོད་ལ། དེའི་གཡས་རོལ་ན་ཤིང་འཛམ་བུ་ཞེས་བྱ་བ་འབྲས་བུ་རྫ་མ་ཙམ་རོ་སྦྲང་རྩི་འདྲ་བ་ཆུ་ནང་དུ་ལྷུང་བ་ཉ་རྣམས་ཀྱིས་ཟོས་པའི་ལྷག་མ་འཛམ་བུ་ཆུ་བོའི་གསེར་དུ་འགྱུར་བ་ཡོད་དོ། །ཞེས་སོགས་ཀྱི་མཚན་ཉིད་རྒྱས་པར་གསུངས་པའི་ཕྱིར་དང་། མཛོད་འགྲེལ་ལས། དེར་ནི་རྫུ་འཕྲུལ་དང་མི་ལྡན་པའི་མིས་བགྲོད་པར་དཀའ་འོ། །ཞེས་བཤད་ཅིང་ད་ལྟའི་ཏི་སེ་སོགས་སོ། །གསུམ་པ་ནི། མུ་སྟེགས་བྱེད་པའི་ཞེས་སོགས་བཅུ་བཞི་སྟེ། རྒྱས་པའི་བསྟན་བཅོས་གཞོན་ནུ་འབྱུང་བ་དང་། བྷ་ར་ཏ་ཀ་ལས། གླིང་འདིའི་ཤར་ནུབ་གཉིས་ཀྱི་རྒྱ་མཚོ་ལ་ཐུག་གི་བར་རི་བོ་གངས་ཅན་གྱིས་ཁྱབ་པར་བཤད་པ་དང་། སྔོན་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་དགའ་བྱེད་ཀྱི་ཆུང་མ་རོལ་རྙེད་མ་ལང་ཀ་མགྲིན་བཅུས་ཕྲོགས་ནས་དེ་ལ་དམག་དྲངས་ཏེ། སྲིན་པོ་ཕལ་ཆེར་བསད་པའི་ཚེ་མགྲིན་བཅུའི་སྤུན་ཟླ་བསམ་གཏན་བསྒོམ་པ་ཞིག་གིས་རླུང་དྲག་པོ་བརྔུབས་པས་དགའ་བྱེད་དང་། ཧ་ནུ་མནྡྷ་མ་གཏོགས་དམག་དཔུང་ཐམས་ཅད་ཀེང་རུས་སུ་སོང་ནས་དེ་གསོ་བའི་ཕྱིར་རི་བོ་གངས་ཅན་བླངས་ནས་དེ་ལ་ཡོད་པའི་བདུད་རྩི་གཏོར་བས་སོས་པར་གྱུར་ཏེ་སྤྲེའུ་ཧ་ནུ་མནྡྷས་སླར་ཡང་གངས་རི་རང་གནས་སུ་འཕངས་པའི་དུམ་བུ་ཞིག་ལམ་དུ་ཆད་པ་དེ་ཏི་སེ་ཡིན་ཞེས་གྲོག་མཁར་བ་སྨྲ་བ་དེས་ན། ཕྱི་ནང་གང་གི་ལུགས་ལ་ཡང་དབང་ཕྱུག་ཆེན་པོའི་གནས་སོགས་སོ། །གླང་པོ་ཆེ་ས་སྲུང་གི་བུས་བསྟེན་པ་ནི་འདུལ་བ་ལུང་ལས་བཤད་ལ། གདགས་པ་ལས་ནི་རབ་བརྟན་གྱིས་བསྟེན་པར་བཤད་དོ། །བཞི་པ་ནི། རྨ་བྱ་ཆེན་མོའི་ཞེས་སོགས་གཉིས་ཏེ། མདོ་དེ་ལས་ཀྱང་རིའི་རྒྱལ་པོ་གངས་ཅན་དང་། རིའི་རྒྱལ་པོ་ཏི་སེ་དང་ཞེས་ཐ་དད་དུ་གསུངས་པ་དང་འགལ་ལོ། །ལྔ་པ་ནི། ཕལ་པོ་ཆེ་ཡི་ཞེས་སོགས་ཚིགས་བཅད་བདུན་ཏེ། ད་ལྟའི་མ་ཕམ་འདི་ལ་ནི། ཕལ་པོ་ཆེ་ནས་གསུངས་པ་ཡི། མཚན་ཉིད་འདི་དག་གང་ཡང་མེད་པས་མ་དྲོས་པ་ཡིན་པར་འགལ་ལོ། །གསུམ་པ་ལ་གཉིས་ཏེ། ཉེས་སྤོང་བརྗོད་པ། དེ་དགག་པའོ། །དང་པོ་ནི། དེ་ལ་ཁ་ཅིག་ཞེས་སོགས་ལྔ་སྟེ། སྔར་བཤད་པ་དེ་དག་ལ་སྐྱོན་སྤོང་བར་འདོད་པ་ཁ་ཅིག ད་ལྟ་མཚན་ཉིད་དེ་དག་དང་མི་ལྡན་ཡང་གངས་ཅན་དང་། མ་དྲོས་པ་མ་ཡིན་པར་མི་འགྱུར་ཏེ། བྱ་རྒོད་ཕུང་པོའི་རི་ལ་ཡང་དཀོན་བརྩེགས་ཀྱི་སྡོམ་གསུམ་བསྟན་པའི་གླིང་གཞིར་མཐོ་བ་དང་། ཟླུམ་པ་དང་། ཤིང་ལྗོན་པ་སྣ་ཚོགས་དང་། འདབ་ཆགས་མཛེས་ཤིང་ཡིད་དུ་འོང་བ་དུ་མ་སྐད་སྙན་པ་སྒྲོག་པ་དང་། ལྷ་རྫས་ཀྱི་མེ་ཏོག་དྲི་བསུང་ཕུན་སུམ་ཚོགས་པས་ཁྱབ་པར་བཤད་པ་རྣམས་ད་ལྟ་མེད་པས། དུས་སྙེགས་པའི་སྟོབས་ཀྱིས་ཡུལ་ཀུན་ཀྱང་རྣམ་པར་འགྱུར་བར་སྣང་བའི་ཕྱིར་ཞེས་སོ། །གཉིས་པ་ལ་གཉིས་ཏེ། འཆད་ཚུལ་གཉིས་ཀྱི་རང་བཞིན་བཤད། དེ་ཉིད་སྐབས་ཀྱི་ལན་ལ་སྦྱར་བའོ། །དང་པོ་ལ་གཉིས་ཏེ། སྒྲོ་སྐུར་སྐྱོན་དུ་འགྱུར་མི་འགྱུར་དཔྱད། དེ་ཡི་དཔེར་བརྗོད་སོ་སོར་བཤད་པའོ། །དང་པོ་ནི་འདི་ཡང་ཕྱེ་སྟེ་ཞེས་སོགས་བཅུ་བཞི་སྟེ། སྤྱིར་འཆད་ཚུལ་ལ་དངོས་པོའི་གནས་ལུགས་འཆད་པ་དང་སྐྱོན་ཡོན་བསྔགས་པའི་སྐབས་གཉིས་ཡོད་པ་ལས། དང་པོ་ལ་སྒྲོ་སྐུར་བརྗོད་ན་གནས་ལུགས་ངོས་མི་ཟིན་པས་སྐྱོན་དུ་འགྱུར་ལ། ཕྱི་མ་ལ་སྒྲོ་སྐུར་སྐྱོན་དུ་མི་འགྱུར་ཏེ། ཡོན་ཏན་བསྔགས་པའི་སྐབས་ཡིན་གྱི་གནས་ལུགས་འཆད་པའི་སྐབས་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དཔེར་ན་བ་གླང་ཞེས་སོགས་ཉེར་གཉིས་ཏེ། འཆད་ཚུལ་གཉིས་པོ་ལ་སྒྲོ་སྐུར་སྐྱོན་དུ་འགྱུར་མི་འགྱུར་དཔེའི་སྒོ་ནས་བཤད་པའོ། །གཉིས་པ་ནི། དེས་ན་བྱ་རྒོད་ཞེས་སོགས་ཚིགས་བཅད་གཉིས་ཏེ། བྱ་རྒོད་ཕུང་པོ་སོགས་ཀྱི་ཡོན་ཏན་བཤད་པ་ད་ལྟ་མེད་པ་དང་། གངས་ཅན་དང་། མ་དྲོས་པ་སོགས་ཀྱི་མཚན་ཉིད་བཤད་པ་ད་ལྟ་མེད་པ་མི་མཚུངས་ཏེ། སྔ་མ་ནི་མདོ་སྡེ་དེ་ལ་ངེས་པ་བསྐྱེད་པའི་ཆེད་དུ་སྔོན་ཕུན་སུམ་ཚོགས་པ་ལྔ་འཛོམ་པའི་དུས་སུ་མདོ་སྡེ་འདི་འབྱུང་ངོ་ཞེས་སྙན་དངགས་ཀྱི་གཞུང་བཞིན་དུ་ཡོན་ཏན་བསྔགས་པའི་སྐབས་ཡིན་པའི་ཕྱིར་དང་། རྣམ་པ་གཞན་དུ་ཐེག་ཆེན་གྱི་མདོ་སྡེ་གསུངས་པའི་ཚེ། བཅོམ་ལྡན་འདས་ཀྱིས་ས་ཕྱོགས་བྱིན་གྱིས་བརླབས་པས་འཁོར་ཐམས་ཅད་ཀྱིས་དེ་ལྟར་མཐོང་བ་ཡིན་ཏེ། མདོ་སྡེ་གཞན་ལས་ཀྱང་མི་མཇེད་ཀྱི་འཇིག་རྟེན་གྱི་ས་ཕྱོགས་ལག་མཐིལ་ལྟར་མཉམ་པ། སྡོང་དུམ་དང་། ཚེར་མ་དང་། མི་གཙང་བའི་ལྗན་ལྗིན་དང་། རི་ནག་པོ་མེད་པར་གྱུར་ཏོ་ཞེས་གསུངས་པ་དང་མཐུན་པའི་ཕྱིར་དང་། ཕྱི་མ་ནི་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་འཆད་པའི་སྐབས་ཡིན་པས་དངོས་པོའི་གནས་ལུགས་འཆད་པ་ཡིན་ཅིང་། དེ་ལ་འཁྲུལ་ན་སོགས་སོ། །གཉིས་པ་ནི། ཙཱ་རི་ཏྲ་ཞེས་སོགས་བཅུ་གཅིག་སྟེ། གནས་འཐུང་གཅོད་ཀྱི་བྱེ་བྲག་ཙཱ་རི་ཏྲ་ནི། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་ཡོད་པར་གསུངས་པས། ཀོང་ཡུལ་གྱི་ཙཱ་རི་ཙཱ་གོང་ནི་དེ་མ་ཡིན་ནོ། །ཁ་ཅིག་གནས་ཞིང་གི་བྱེ་བྲག་དེ་ཝཱི་ཀོ་ཊ་ལ་གཉིས་ཡོད་པའི་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་ན་ཡོད། ཆུང་བ་གཞན་ཞིག་ཀོང་ཡུལ་གྱི་ཙཱ་རི་ཡིན་ཞེས་ལ་ལ་སྨྲ་བ་ནི། དེའི་ཕྱོགས་ན་བྷ་ཏྲའི་ཤིང་ཡོད་ན་ཡུལ་དེ་དེ་ཝཱི་ཀོ་ཊ་ཡིན་པ་ལ་སྐྱོན་མེད་དེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་སོགས་སོ། །དེ་ཡང་རྒྱུད་དུ། གྱེན་དུ་འབར་ཊ་ཞེས་བྱ་བ། །ཀྵེ་ཊ་པ་ལ་གཙིགས་པ་ཆེ། །དེ་ཝཱི་ཀོ་ཊ་སྣ་ཆེན་མོ། །སྟོབས་པོ་ཆེ་ནི་སྐྱེ་གནས་བྱུང་། །ལྷ་མོ་ལག་ན་མདུང་ཅན་ཏེ། །རྣལ་འབྱོར་དབང་ཕྱུག་ཀུན་གྱི་མཆོག །གནས་དེར་ལྷ་མོ་དྲག་ཆེན་མོ། །བྷ་ཏྲའི་ཤིང་ལ་བརྟེན་ཏེ་གནས། །བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །རང་བྱུང་གི་ནི་སྐྱེ་གནས་བྱུང་། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །ཞི་ཞིང་གསལ་བའི་གཟུགས་ཅན་ཏེ། །ཡུལ་དེར་གནས་པའི་ལྷ་མོ་དེ། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །ཞེས་སོ། །གསུམ་པ་ནི། ཏི་སེ་དང་ནི་ཞེས་སོགས་དགུའོ། །ལྔ་པ་དེ་ལ་བརྟེན་ནས་ས་ལམ་བགྲོད་དེ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལ་གཉིས་ཏེ། མཐར་ཐུག་གི་འབྲས་བུ་ལ་འཁྲུལ་པ་དགག་པ། གནས་སྐབས་ཀྱི་འབྲས་བུ་ལ་འཁྲུལ་པ་དགག་པའོ། །དང་པོ་ལ་ལྔ་སྟེ། རྒྱུ་འབྲས་རིགས་མི་མཐུན་དགག་པ། རྒྱུ་འབྲས་ཕྱིན་ཅི་ལོག་དགག་པ། རྒྱུ་མེད་པར་འབྲས་བུ་འབྱུང་བ་དགག་པ། རྒྱུ་མ་ཚང་བར་འབྲས་བུ་འབྱུང་བ་དགག་པ། འབྲས་བུའི་ངོ་བོ་ལ་འཁྲུལ་པ་དགག་པའོ། །དང་པོ་ལ་གཉིས་ཏེ། ཆིག་ཐུབ་ལས་སྐུ་གསུམ་འབྱུང་བ་དགག་པ། ཆིག་ཐུབ་རང་གི་ངོ་བོ་དགག་པའོ། །དང་པོ་ནི། ཁ་ཅིག་དཀར་པོ་ཞེས་སོགས་དྲུག་སྟེ། ཞང་འཚལ་པ་ལ་སོགས་པ་ཁ་ཅིག དཀར་པོ་ཆིག་ཐུབ་ཞེས་བྱ་བ། སྟོང་ཉིད་ཁོ་ན་བསྒོམ་པ་ལས་འབྲས་བུ་སྐུ་གསུམ་འབྱུང་ཞེས་ཟེར་བ་མི་འཐད་དེ། གཅིག་ལ་སོགས་སོ། །དེ་ཡང་སྤྱོད་འཇུག་ཏུ། རྐྱེན་གཅིག་གིས་ནི་ཀུན་ནུས་པ། །གང་ན་ཡང་ནི་ཡོད་མ་ཡིན། །སྣ་ཚོགས་རྐྱེན་ལས་བྱུང་བ་ཡི། །སྒྱུ་མ་དེ་ཡང་སྣ་ཚོགས་ཉིད། །ཅེས་སོ། །གཉིས་པ་ལ་བཞི་སྟེ། ཆིག་ཐུབ་ཐབས་དང་བཅས་ན་ཁས་བླངས་འགལ་བ། ཐབས་དང་བྲལ་ན་ལུང་རིགས་གཉིས་དང་འགལ་བ། དེས་ན་ཐབས་མཁས་ལམ་གྱི་གཙོ་བོར་བསྒྲུབ་པ། སྟོང་ཉིད་ཁོ་ན་བསྒོམ་པའི་ཉེས་དམིགས་བསྟན་པའོ། །དང་པོ་ལ་གཉིས་ཏེ། དངོས་དང་། ལུང་འགལ་སྤོང་བའོ། །དང་པོ་ནི་འགའ་ཞིག་ཆིག་ཐུབ་ཞེས་སོགས་ཚིགས་བཅད་གཉིས་ཏེ། དྭགས་པོ་ལྷ་རྗེ་ལ་སོགས་པ་འགའ་ཞིག་ཆིག་ཐུབ་བསྒོམ་པའི་རྗེས་ལ་བསྔོ་བ་བྱ་དགོས་ཟེར་བ་མི་འཐད་དེ། འོ་ན་ཆིག་ཐུབ་སོགས་སོ། དེས་ན་ཆིག་ཐུབ་འདི་འདྲའི་ལུགས་སངས་རྒྱས་ཀྱིས་གསུངས་པ་མི་འཐད་དེ། ཐབས་གཞན་དང་བཅས་ན་ཆིག་ཐུབ་མ་ཡིན་ཅིང་། ཐབས་དང་བྲལ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྙིང་རྗེའི་རྩ་བ་ཅན། བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བ་ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། ཐུབ་པས་སྟོང་ཉིད་ཞེས་སོགས་བཅུ་སྟེ། འོ་ན་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དམ་པའི་ཆོས་ནི་འཛིན་པ་དང་། །བྱང་ཆུབ་སེམས་ཀྱི་བསོད་ནམས་དེས། །སྟོང་པ་ཉིད་ལ་མོས་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། སྟོང་ཉིད་ལ་བསྔགས་པ་ནི། དངོས་པོར་འཛིན་པ་བཟློག་པའི་ཕྱིར་ཡིན་གྱི། དེ་ཁོ་ནས་ཐོབ་པ་ནི་མ་ཡིན་ཏེ། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །ཞེས་གསུངས་པ་བཞིན་ནོ། །དཔེར་ན་སངས་རྒྱས་ཕྱག་འཚལ་སོགས་སོ། །དམ་ཆོས་པད་དཀར་ལས། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱོར། །ཡོངས་སུ་ཚང་ངམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལུས་ཀྱང་ལན་གཅིག་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱེད་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཞེས་དང་། མཆོད་རྟེན་བསྐོར་བའི་གཟུངས་ལས། གཟུངས་འདི་ལན་གཅིག་བརྗོད་པས། ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་བསྐོར་བ་བྱས་པར་འགྱུར་རོ། །ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་དག་པར་འགྱུར་རོ། །དགེ་བ་སྣ་གཅིག་བྱས་པ་ཡང་བྱེ་བ་ཕྲག་ཏུ་འགྱུར་རོ་ཞེས་གསུངས། རྟེན་འབྲེལ་སྙིང་པོའི་གཟུངས་ལས། སྙིང་པོ་འདི་ལན་གཅིག་བརྗོད་པས་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་བཟློག་པར་འགྱུར་རོ་ཞེས་དང་། དོན་ཞགས་དང་། ཚེ་དཔག་མེད་དང་། སྦྱོང་རྒྱུད་ནས་གསུངས་པའི་སྔགས་འབྲུ་འགའ་ཞིག་དྲན་པ་ཙམ་གྱིས་སྡིག་པ་ཀུན་ལས་གྲོལ་བར་འགྱུར་རོ། །ཞེས་གསུངས་པའི་དགོངས་པ་མི་ཤེས་པར་ཚིག་འབྲུ་སྒྲ་ཇི་བཞིན་པ་ཙམ་ལ་བརྟེན་པར་མི་བྱའོ། །གཉིས་པ་ལ་གཉིས་ཏེ། རིགས་པ་དང་འགལ་བ། ལུང་དང་འགལ་བའོ། །དང་པོ་ནི། མདའ་རྐྱང་ལ་ནི་ཞེས་སོགས་བདུན་ནོ། །གཉིས་པ་ནི། རྡོ་རྗེ་གུར་ལས་ཞེས་སོགས་ཚིགས་བཅད་དགུ་སྟེ། ཐབས་དང་བྲལ་བའི་སྟོང་ཉིད་ཁོ་ན་བསྒོམས་པས་སངས་རྒྱས་འབྱུང་བར་འདོད་པ་མི་འཐད་དེ། རྡོ་རྗེ་གུར་དང་། རྣམ་སྣང་མངོན་བྱང་དང་། རྣམ་འགྲེལ་གྱི་ལུང་གསུམ་དང་འགལ་བའི་ཕྱིར་རོ། །ལུང་དང་པོའི་དོན་ནི། གལ་ཏེ་སྟོང་པ་ཉིད་དུ་ལྟ་བ་ཁོ་ན་སངས་རྒྱས་ཐོབ་པའི་ཐབས་ཡིན་ན། དེའི་ཚེ་སངས་རྒྱས་ཉིད་མི་འབྱུང་སྟེ། འབྲས་བུའི་འདྲ་བ་ནི་རྒྱུའི་འདྲ་བ་ལས། གཞན་མ་ཡིན་པའི་ཕྱིར་རོ། །དེས་ན་ཐབས་ནི་སྟོང་པ་ཉིད་དུ་ལྟ་བ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་སྟོང་ཉིད་ལ་བསྔགས་པ་གསུངས་པའི་དགོས་པ་ནི། བདེན་འཛིན་གྱི་ལྟ་བ་རྣམས་ལས་བཟློག་པ་དང་། མུ་སྟེགས་བྱེད་བདག་ཏུ་ལྟ་བ་རྣམས་ཀྱིས་བདག་ཏུ་ཞེན་པའི་བསམ་པ་བཟློག་པའི་ཕྱིར་དུ། སྟོང་ཉིད་ཀྱི་ལྟ་བ་རྒྱལ་བ་རྣམས་ཀྱིས་གསུངས་པ་ཡིན་ནོ། །སྟོང་ཉིད་ཁོ་ནས་སངས་རྒྱས་ཐོབ་པ་མ་ཡིན་ཅིང་སྟོང་ཉིད་བསྒོམ་པ་དགོས་པ་ཡོད་པ་དེའི་ཕྱིར་ན། ཐབས་ཤེས་ཟུང་འཇུག་གིས་སངས་རྒྱས་འགྲུབ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་ཞེས་བྱ་བའི་རྫོགས་རིམ་གྱི་ཐབས་ནི་བདེ་བའི་སྡོམ་པ་སྟེ་ཤེས་རབ་ཡིན་ལ། སངས་རྒྱས་ང་རྒྱལ་རྣལ་འབྱོར་ནི་བསྐྱེད་རིམ་སྟེ། ཐབས་ཡིན་པས་དེ་གཉིས་ཀྱིས་སངས་རྒྱས་ཉིད་དུ་ངེས་པར་འགྲུབ་ཅེས་པའི་དོན་ནོ། །ལུང་གཉིས་པ་ལ། ཚིགས་བཅད་དང་པོས་ནི་ཐབས་དང་བྲལ་བའི་ཤེས་རབ་ཀྱིས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་སྟོན་ཅིང་། ཕྱི་མས་ནི་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ་ཐབས་ཤེས་ཟུང་འཇུག་དགོས་པར་བསྟན་ནོ། །ལུང་གསུམ་པའི་ཚིགས་བཅད་དང་པོ་ནི། ཐབས་མང་པོས་ཡུན་རིང་དུ་གོམས་པས་སྐྱོན་ཡོན་གྱི་གནས་ཚུལ་རབ་ཏུ་གསལ་བ་ཐོབ་པ་བསྟན། དེ་ནས་ཚིག་རྐང་གཉིས་ཀྱིས་དེ་ཐོབ་པ་སྒྲིབ་གཉིས་ཀྱི་རྒྱུའི་བག་ཆགས་སྤངས་པར་བསྟན། དེ་ནས་གཉིས་ཀྱིས་གཞན་དོན་ལ་འཇུག་པ་ཅན་གྱི་ཐུབ་པ་ཆེན་པོ་ཉན་རང་ལས་ཁྱད་པར་དུ་འཕགས་པར་བསྟན། དེ་ནས་གཉིས་ཀྱིས་དེ་ཉིད་ཀྱི་ཕྱིར་ན་རྒྱུའི་དུས་སུ་ཐབས་གོམས་པ་དེ་ཉིད་འབྲས་བུའི་དུས་ཀྱི་སྟོན་པའི་རྒྱུ་ཡིན་པས། ཚད་མ་མདོར་སྟོན་པ་ཞེས་པའི་མིང་གིས་བཏགས་པར་བཞེད། ཅེས་བསྟན་ནོ། །གསུམ་པ་ལ་གསུམ་སྟེ། རྣམ་གྲོལ་བཟང་ངན་ཐབས་ཀྱིས་བྱེད་པར་བསྟན། དེ་ལ་ཡིད་ཆེས་ལུང་གི་སྒྲུབ་བྱེད་འགོད། རྣམ་གྲོལ་བཟང་པོ་འདོད་པས་ཐབས་ལ་འབད་པར་གདམས་པའོ། །དང་པོ་ནི། དེས་ན་ཐབས་ཞེས་སོགས་བཅོ་ལྔ་སྟེ། རྫོགས་པའི་བྱང་ཆུབ་བསྒྲུབ་པའི་རྒྱུ་ཐུན་མོང་མ་ཡིན་པ་ནི་ཐབས་ལ་མཁས་པ་ཡིན་ཏེ། བྱང་ཆུབ་གསུམ་ཀ་ཡང་སྟོང་ཉིད་བསྒོམ་པས་རྣམ་པར་གྲོལ་བ་ཐོབ་པར་མཚུངས་ན་ཡང་། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་པའི་བྱང་ཆུབ་ནི་ཐབས་མཁས་ཁོ་ན་ལས་བྱུང་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། བྱམས་པའི་ལུང་། དཔའ་བོའི་ལུང་ངོ་། །དང་པོ་ནི། དེ་ཡང་མདོ་སྡེ་ཞེས་སོགས་དྲུག་སྟེ། དཔེ་ཇི་ལྟར་ན་མདུད་པའི་བྱེ་བྲག་གིས་གོས་ལ་ཚོན་བཀྲ་བ་དང་། མི་བཀྲ་བ་དེ་བཞིན་དུ་སེམས་བསྐྱེད་དང་སྨོན་ལམ་གྱི་འཕེན་པའི་དབང་གིས་ཐེག་པ་གསུམ་ལ་གྲོལ་བའི་དབང་གིས་ཡེ་ཤེས་བཀྲ་མི་བཀྲ་འབྱུང་ངོ་ཞེས་དེ་སྐད་གསུངས་པ་ཡང་འབྲས་བུའི་བཟང་ངན་ཐབས་ཀྱིས་བྱེད་པའི་ཞེས་གསུངས་པ་ཡང་དོན་འདི་ཉིད་ཡིན་ནོ། །གཉིས་པ་ནི། སློབ་དཔོན་མ་ཏི་ཞེས་སོགས་དྲུག་སྟེ། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། བསེ་རུའི་རྭ་དང་འདྲ་བའི་རང་སངས་རྒྱས་དང་། སྟོན་པ་ཁྱེད་ཀྱི་རྗེས་སུ་འགྲོ་ཞིང་སློབ་པའི་ཉན་ཐོས་ཉོན་མོངས་ཞི་བ་ཙམ་གྱིས་ཁྱེད་དང་མཚུངས་ཀྱང་རང་དོན་སྟོབས་སོགས་ཀྱི་ཡོན་ཏན་དང་། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བྱུང་བ་ལ་སོགས་པའི་བསམ་ཡས་ཡོན་ཏན་གྱི་ཚོགས་ཀྱིས་མ་ཡིན་ཞེས་གསུངས་པ་ཡང་དོན་འདི་ཉིད་ཡིན་ནོ། །གསུམ་པ་ནི། དེས་ན་སངས་རྒྱས་ཞེས་སོགས་དྲུག་སྟེ། བརྒྱད་སྟོང་པར་རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་རྟོག་མོད་ཀྱི་མངོན་སུམ་དུ་བྱའོ་སྙམ་དུ་མི་རྟོག་གོ །ཡོངས་སུ་འདྲིས་པར་བྱའོ་སྙམ་དུ་མི་རྟོག་གོ །མངོན་སུམ་དུ་བྱ་བའི་དུས་འདི་ཡིན་ནོ་སྙམ་དུ་མི་རྟོག་གོ་ཞེས་སོ། །བཞི་པ་ནི། སྟོང་ཉིད་རྐྱང་པ་ཞེས་སོགས་བཅུ་གསུམ་སྟེ། སྟོང་ཉིད་རྐྱང་པ་བསྒོམས་ན་ཆད་ལྟར་འགྱུར་བས་སྟོང་ཉིད་ཀྱང་རྟོགས་མི་ནུས་ཤིང་། གལ་ཏེ་སྟོང་ཉིད་རྟོགས་ན་ཡང་ཉན་ཐོས་ཀྱི་འགོག་པར་ལྟུང་སྟེ། འཕགས་པ་དཀོན་མཆོག་སོགས་སོ། །གཉིས་པ་ནི། ལ་ལ་སྟོང་ཉིད་ཞེས་སོགས་དྲུག་གོ །གསུམ་པ་ནི། ཁ་ཅིག་ས་ལམ་ཞེས་སོགས་བཅུ་བཞི་སྟེ། ཞང་འཚལ་པ་ལ་སོགས་པ་ཁ་ཅིག ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་བརྩི་བའི་རྨོངས་པ་འཁྲུལ། །ཞེས་ས་ལམ་མི་བགྲོད་པར་འཚང་རྒྱ་བར་འདོད་པ་དང་། ཏི་སེ་ལ་སོགས་པ་སྐོར་བ་དང་མཉམ་དུ། རྩ་མདུད་མེད་པ་སོགས་འདོད་པ་ཡང་རྒྱུད་སྡེའི་དགོངས་པ་མ་ཤེས་པ་ཤིན་ཏུ་འགལ་བ་ཡིན་ཏེ། ཕྱི་རུ་ཡུལ་ཉི་ཤུ་རྩ་བཞི་པོ་རྣམས་བགྲོད་པ་དང་། ནང་དུ་རྩ་མདུད་གྲོལ་བ་ནི། རྣལ་འབྱོར་པས་ས་བཅུ་ལ་སོགས་བགྲོད་པའི་རྟེན་འབྲེལ་ཉིད་ཀྱིས་འབྱུང་བ་ཡིན་པའི་ཕྱིར་རོ། །འདི་དོན་རྣལ་འབྱོར་ཆེན་པོའི་སོགས་ཏེ། སམྦུ་ཊི་ལས། གནས་དང་ཉེ་བའི་གནས་སོགས་བཅུ། རབ་དགའ་ལ་སོགས་པའི་ས་བཅུ་ལ་སྦྱར་བ་དང་། ཀྱཻ་རྡོ་རྗེ་ལས། གནས་དང་ཉེ་བའི་གནས་དང་ནི། །ཞེས་སོགས་ཀྱི་མཇུག་ཏུ། འདི་རྣམས་ས་ནི་བཅུ་གཉིས་ཏེ། །ཞེས་ཕྱི་ནང་གི་གནས་རྣམས་དང་རབ་དགའ་ལ་སོགས་པའི་ས་རྣམས་སྦྱོར་བ་བླ་མེད་ཀྱི་དགོངས་པ་ཡིན་ནོ། །བཞི་པ་ནི། ལ་ལ་དབང་བཞི་ཞེས་སོགས་དྲུག་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་སྐུ་གསུམ་གྱི་རྣམ་གཞག་མཛད་ཅིང་། རྡོ་རྗེ་ཐེག་པར་སྐུ་བཞིའི་རྣམ་གཞག་མཛད་པའི་རྒྱུ་མཚན་ཡང་འབྲས་བུ་སྐུ་བཞི་ལ་རྒྱུ་སྨིན་བྱེད་ཀྱི་དབང་བཞི་དང་། གྲོལ་བྱེད་ཀྱི་ལམ་བཞི་དགོས་པའི་ཕྱིར་རོ། །ལྔ་པ་ནི། ཁ་ཅིག་འབྲས་བུའི་ཞེས་སོགས་དྲུག་སྟེ། གསང་འདུས་པ་ཁ་ཅིག་འབྲས་བུའི་མཐར་ཐུག་ནི། འོད་གསལ་སྟོང་ཉིད་ཡིན། ཞེས་སྨྲ་བ་ཐོས་པ་འདི་ནི་འཕགས་པ་ཡབ་སྲས་ཀྱི་དགོངས་པ་མ་ཡིན་ཏེ། རིམ་ལྔ་དང་ནི་སོགས་སོ། །དེ་ཡང་རིམ་ལྔ་ལས། ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་དེ་ནས་འགྱུར། །ཞེས་དང་། སྤྱོད་བསྡུས་ལས། བྱང་ཆུབ་ཀྱི་ཤིང་དྲུང་ལ་བཞུགས་ནས་མཚན་ཕྱེད་ཀྱི་དུས་སུ་འོད་གསལ་མངོན་དུ་མཛད་དེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས་བཞེངས་ནས། འགྲོ་བ་རྣམས་ལ་སྟོན་པར་མཛད་པ་ཡིན་ནོ་ཞེས་སོ། །གཉིས་པ་གནས་སྐབས་ཀྱི་འབྲས་བུ་ལ་འཁྲུལ་པ་དགག་པ་ལ་གསུམ་སྟེ། གྲུབ་ཐོབ་ལས་རྟོགས་ལྡན་བཟང་བ་དགག་པ། ཉམས་ལས་གོ་རྟོགས་བཟང་བ་དགག་པ། རྣལ་འབྱོར་བཞི་པོ་འཕགས་པའི་ས་ལ་སྦྱར་བ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཕྱག་རྒྱ་བ་ལ་ལ་གྲུབ་ཐོབ་ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ནི། འདི་འདྲ་འཕགས་པའི་ཞེས་སོགས་ཉེར་གཉིས་ཏེ། ཐེག་ཆེན་འཕགས་པ་མ་ཡིན་པ་ལ་གྲུབ་ཐོབ་མེད་པའི་རྒྱུ་མཚན། མདོ་སྡེ་རྒྱན་ལས། ས་རྣམས་ཐམས་ཅད་མ་གྲུབ་དང་། །གྲུབ་པ་དག་ཏུ་ཤེས་པར་བྱ། །གྲུབ་པ་དག་ཀྱང་མ་གྲུབ་དང་། །གྲུབ་པ་དག་ཏུ་ཡང་འདོད་དོ། །ཞེས་མོས་སྤྱོད་ཀྱི་ས་མ་གྲུབ་པ་དང་། ས་དང་པོ་ཡན་ཆད་གྲུབ་པ་ཡིན་ཅིང་། དེ་ལ་ཡང་ས་བདུན་པ་མན་ཆད་མ་གྲུབ་པ་དང་། ས་བརྒྱད་པ་ཡན་ཆད་གྲུབ་པ་ཡིན་ནོ་ཞེས་སོགས་གསུངས་པ་ཡང་། གྲུབ་ཐོབ་ས་དང་པོ་ཡན་ཆད་ལ་འཇོག་པའི་དགོངས་པ་དེ་ཉིད་ཡིན་ནོ། །ལམ་འབྲས་ལས་ཀྱང་། གྲུབ་མཐའ་བཞི་པོ་ས་དང་པོ་ཡན་ཆད་ལ་འཇོག་པས། ངེད་ཀྱི་ལུགས་ཀྱི་གྲུབ་ཐོབ་དེ་འདྲ་ཡིན་ཅིང་། གྲུབ་ཐོབ་ལས་བཟང་བའམ་རྟོགས་ལྡན་གྱི་མཚན་ཉིད་འདི་ཡིན་ནོ་ཞེས་མདོ་རྒྱུད་ལས་གསུངས་པ་མེད་པས། གྲུབ་ཐོབ་ལས་བཟང་བའི་རྟོགས་ལྡན་བླུན་པོ་ལ་སོགས་སོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། གླིང་རས་ལ་སོགས་པ་ལ་ལ་ཉམས་དང་ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ནི། འདི་ཡང་རེ་ཞིག ཞེས་སོགས་ཚིགས་བཅད་དྲུག་སྟེ། ཉམས་ཞེས་བྱ་བ་དེ། འདིར་བརྟགས་པའི་མཐའ་གསུམ་པོ་གང་ཡིན་ནའང་། དེ་ལས་གོ་རྟོགས་བཟང་བ་མི་འགྲུབ་སྟེ། གོ་རྟོགས་གཉིས་པོ་ཡང་དེའི་ནང་དུ་འདུས་པ་ཡིན་པའི་ཕྱིར་རོ། །གོ་བ་དང་རྟོགས་པ་གཉིས་ནི། རྣམ་གྲངས་ཡིན་གྱི་ངོ་བོ་ཐ་དད་མ་ཡིན་ཏེ། ག་ཏ་ཞེས་པ་དང་། ས་མ་ཡ་ཞེས་པ་སྐབས་ཐོབ་ཀྱིས་གཉིས་ཀ་ཡང་གོ་བ་དང་། རྟོགས་པ་གཉིས་ཀ་ལ་འཇུག་པའི་ཕྱིར་རོ། །ལམ་འབྲས་ལ་སོགས་པའི་གཞུང་ལུགས་འགའ་ལས་བསྒོམ་པའི་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ་དང་། རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་དག་པའི་སྣང་བར་བཤད་པ་ཡོད་ཅིང་། བསྒོམ་ཉམས་སྐྱོན་ཡོད་མེད་ཕྱེད་པས་ས་བཅུ་གསུམ་པའོ་ཞེས་སངས་རྒྱས་ཀྱི་ས་ལ་བཤད་པ་ཡང་མཐོང་བས་དེ་འདྲའི་ཉམས་དང་སོགས་སོ། །གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རྩེ་གཅིག་དང་ནི་ཞེས་སོགས་དྲུག་སྟེ། ཕྱག་རྒྱ་བ་རྣམས་ལ་གྲགས་པའི་བསྒོམ་རྣལ་འབྱོར་བཞི་ཞེས་བྱ་བ་འདི་མར་པའི་སློབ་མ་རྣམས་ལ་མེད་ཅིང་། དུས་ཕྱིས། ཀོང་ནེ་རུ་བ་ལ། དྭགས་པོ་ལྷ་རྗེས་རྩད་ཆོད་ནས་ཕྱག་རྒྱ་ཆེན་པོ་ལ་སྦྱར་བ་ཡིན་ལ། ངོ་སྤྲོད་པའི་ཚེ་ན། མཐོང་ལམ་སོགས་སུ་སྤྲོད་དོ། །གཉིས་པ་ལ་གཉིས་ཏེ། སོ་སྐྱེ་ལ་ཆོས་མཐུན་བརྩི་ན་དཔྱད་པར་བྱ་བ། འཕགས་པའི་ས་ལ་སྦྱར་ན་མདོ་རྒྱུད་དང་འགལ་བའོ། །དང་པོ་ནི། འདི་ཡང་ཕྱེ་སྟེ། ཞེས་སོགས་ཉེར་དགུ་སྟེ། རྣལ་འབྱོར་བཞི་པོ་ས་བཅུ་གཅིག་ལ་སྦྱོར་བའི་ས་བཅུ་གཅིག་པོ་འདི་སོ་སྐྱེའི་ས་ལ་ཆོས་མཐུན་ཙམ་བརྩིའམ། འཕགས་པའི་ས་ཁོ་ན་ལ་སྦྱོར། དང་པོ་ལྟར་ན། ཆོས་ནས་གསུངས་ན་བརྩི་ཡང་འགའ་ཡང་འགལ་བ་མེད་དེ། དཔེར་ན་དཀོན་མཆོག་བརྩེགས་པའི་རྨི་ལམ་ངེས་བསྟན་གྱི་ལེའུ་ལས། ཐུབ་པའི་མཆོད་རྟེན་སོགས་སོ། །འདི་དག་ཀྱང་ཚོགས་ལམ་དང་སྦྱོར་ལམ་དང་པོ་གསུམ་པོ་རེ་རེ་ལ་ཡང་གསུམ་གསུམ་སྟེ། མོས་པས་སྤྱོད་པའི་ས་ལ་ས་བཅུར་བྱས་ནས་སྦྱར་བ་ཡིན་གྱི། འཕགས་པའི་མིན་པ་དེ་བཞིན་དུ་རྩེ་གཅིག་སོགས་ལའང་སོགས་སོ། །གཉིས་པ་ནི། ཅི་སྟེ་འཕགས་པའི་ཞེས་སོགས་གཉིས་སོ། །དེ་རྣམས་ཀྱིས་སྡོམ་གསུམ་སོ་སོའི་དོན་རྣམས་ཞིབ་ཏུ་བཤད་ཟིན་ཏོ། །གཉིས་པ་རྩོད་པ་སྤོང་བ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། ཁ་ཅིག་ཐེག་པ་ཞེས་སོགས་གཉིས་ཏེ། དམ་པ་ཕྱར་ཆུང་བ་ལ་སོགས་པ་ཁ་ཅིག ཐེག་པ་ཆེ་ཆུང་གི་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་རང་རང་གི་གཞུང་ལུགས་ནས་བཤད་པ་བཞིན་རང་ས་ན་བདེན་པ་ཡིན་པས། མདོ་རྒྱུད་ནས་མ་བཤད་པས་དེ་དག་སུན་ཕྱུང་བར་མི་ནུས་སོ། །ཞེས་ཀུན་ལ་སྒྲོགས་པར་བྱེད་དོ། །གཉིས་པ་ལ་བཞི་སྟེ། སྨྲས་ཚད་བདེན་པ་དགག་པ། གྲུབ་མཐའ་ཐམས་ཅད་བདེན་པ་དགག་པ། གྲངས་ངེས་ཐམས་ཅད་བདེན་པ་དགག་པ། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། གལ་ཏེ་སྨྲས་ཚད་ཞེས་སོགས་གཉིས་ཏེ། ཐེག་པ་རང་ས་ནས་བདེན་པའི་དོན་སྨྲས་ཚད་བདེན་པ་ལ་བྱེད་དམ། གྲུབ་མཐའ་ཀུན་བདེན་པ་ལ་བྱེད་དམ། སངས་རྒྱས་པའི་ཐེག་པ་ཀུན་བདེན་པ་ལ་བྱེད། ཅེས་བརྟགས་ནས་དང་པོ་འདིས་འགོག་ཅིང་། ཕྱི་མ་གཉིས་འོག་ཏུ་འགོག་གོ །གཉིས་པ་ནི། འོན་ཏེ་གྲུབ་མཐའ་ཞེས་སོགས་བཅོ་ལྔ་སྟེ། བརྟག་པ་གཉིས་པ་ལྟར་ན། དབང་ཕྱུག་པ་སྲོག་གི་མཆོད་སྦྱིན་བྱས་པས་ཐར་པ་ཐོབ་ཞེས་འཚེ་བ་ཆོས་སུ་སྨྲ་བ་དང་། རྒྱང་འཕེན་པ་འཇིག་རྟེན་ཕ་རོལ་མེད་པར་སྨྲ་བ་སོགས་ལོག་ལྟ་ཐམས་ཅད་བདེན་པར་འགྱུར་རོ། །གལ་ཏེ་མུ་སྟེགས་སོགས་ནས། རང་ས་ནས་ནི་བདེན་སྙམ་ན། སྦྱིན་སོགས་ཕལ་ཆེར་བདེན་མོད་ཀྱང་། དཀོན་མཆོག་ལ་སྐྱབས་སུ་མི་འགྲོ་བས་སྐྱབས་གནས་ཀྱི་གནད་དང་། རྟག་ཆད་གང་རུང་དུ་འཛིན་པས་ལྟ་བའི་གནད། མེ་ལྔ་བསྟེན་པ་སོགས་ཐར་ལམ་དུ་འདོད་པས་ཐབས་ཀྱི་གནད་རྣམས་འཁྲུལ་པས་ན། སྦྱིན་སོགས་ཀྱི་ཆོས་གཞན་བཟང་ཡང་འཁོར་བ་ལས་སྐྱོབ་པར་མི་ནུས་སོ། །གསུམ་པ་ལ་གཉིས་ཏེ། སངས་རྒྱས་ཀྱི་གསུང་ལ་གཉིས་སུ་ཕྱེ་བ། དེ་དག་ཇི་ལྟར་ལེན་པའི་ཚུལ་ལོ། །དང་པོ་ནི། ཅི་སྟེ་སངས་རྒྱས་ཞེས་སོགས་བཅོ་བརྒྱད་དེ། བརྟག་པ་གསུམ་པ་ལྟར་ན། སྤྱིར་སངས་རྒྱས་ཀྱི་གསུང་ལ་བརྗོད་བྱའི་སྒོ་ནས་དྲང་དོན་དང་། ངེས་དོན་གཉིས་སུ་ཡོད་དེ། བློ་གྲོས་མི་ཟད་པའི་མདོ་ལས། མདོ་གང་ལས་ཀུན་རྫོབ་ཀྱི་བདེན་པ་གསུངས་པ་འདི་ནི་དྲང་བའི་དོན་ཡིན་ནོ། །མདོ་གང་ལས་ངེས་པའི་དོན་མངོན་སུམ་དུ་བྱ་བའི་ཕྱིར་གསུངས་པ་འདི་ནི་ངེས་པའི་དོན་ཏོ་ཞེས་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་སྐྱེས་བུ་གང་ཟག་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་པའོ། །རྗོད་བྱེད་ཀྱི་སྒོ་ནས་སྒྲ་ཇི་བཞིན་པ་དང་། ཇི་བཞིན་མ་ཡིན་པ་གཉིས་སུ་གསུངས་ཏེ། སྒྲ་ཇི་བཞིན་པ་ལ་ཚད་མས་གནོད་པ་འབབ་པ་དང་། མི་འབབ་པ་གཉིས་ཡོད་པའི་ཕྱིར་རོ། །ཐེག་པའི་སྒོ་ནས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་གཉིས་སུ་གནས་ཏེ། འཇིག་རྟེན་པ་རྣམས་བསྟན་པ་ལ་འཇུག་པའི་ཆེད་དུ་གསུངས་པ་དང་། བསྟན་པ་ལ་ཞུགས་པ་རྣམས་བྱང་ཆུབ་ཐོབ་པའི་ཆེད་དུ་གསུངས་པ་རྣམ་པ་གཉིས་སུ་ཡོད་པའི་ཕྱིར། བཤད་ཚུལ་གྱི་སྒོ་ནས་དགོངས་པ་དང་། ལྡེམ་པོར་དགོངས་པ་དང་། དྲང་པོར་དགོངས་པ་དང་གསུམ་ཡོད་དེ། ཉེས་པ་བརྒྱད་ཀྱི་གཉེན་པོར་དགོངས་པ་ཅན་རྣམ་པ་བཞི་གསུངས་པ་དང་། དགོངས་གཞིའི་ཆེད་དུ་ལྡེམ་དགོངས་བཞི་གསུངས་པ་དང་། སྒྲ་ཇི་བཞིན་གྱི་དོན་ཉམས་སུ་ལེན་པའི་ཆེད་དུ་དྲང་པོར་གསུངས་པ་རྣམས་སུ་ཡོད་པའི་ཕྱིར་རོ། །དེ་ལ་དགོངས་པ་བཞི་ནི། སངས་རྒྱས་ལ་བརྙས་པའི་གཉེན་པོར་ང་ཉིད་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་མཉམ་པ་ཉིད་ལ་དགོངས་པ་དང་། ཆོས་ལ་བརྙས་པའི་གཉེན་པོར། སངས་རྒྱས་བྱེ་བ་ཕྲག་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་ན་ཆོས་དེ་རྟོགས་པར་འགྱུར་རོ་ཞེས་དོན་གཞན་མངོན་སུམ་དུ་རྟོགས་པ་ལ་དགོངས་པ་དང་། ལེ་ལོའི་གཉེན་པོར་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་འདེབས་ན་དེར་སྐྱེའོ་ཞེས་དུས་གཞན་ལ་དགོངས་པ་དང་། དགེ་བ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར། དགེ་བ་འདི་ལྟ་བུ་ནི་དམན་ལ་གཞན་ནི་མཆོག་གོ་ཞེས་གང་ཟག་གི་བསམ་པ་ལ་དགོངས་པའོ། །གཞན་ཡང་ང་རྒྱལ་དང་། འདོད་ཆགས་དང་། འགྱོད་པ་དང་། མ་ངེས་པ་ལྡོག་པའི་གཉེན་པོར་སངས་རྒྱས་ཀྱི་སྐུ་ལ་བསྔགས་པ་དང་། དག་པའི་ཞིང་ལ་བསྔགས་པ་དང་། མཚམས་མེད་བྱས་པ་ཡང་མཐོ་རིས་སུ་སྐྱེ་བར་གསུངས་པ་དང་། ཉན་ཐོས་དགྲ་བཅོམ་པ་སངས་རྒྱས་སུ་ལུང་བསྟན་པ་རྣམས་ཀྱང་དགོངས་པ་ཅན་ནོ། །ལྡེམ་དགོངས་བཞི་ནི། ཉན་ཐོས་པ་རྣམས་ཐེག་པ་ཆེན་པོ་ལ་གཞུག་པའི་ཕྱིར། གཟུགས་སོགས་ཡོད་པར་གསུངས་པ་གཞུག་པ་ལྡེམ་པོར་དགོངས་པ་དང་། ངོ་བོ་ཉིད་གསུམ་ལ་དགོངས་ནས་ཆོས་རྣམས་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པར་གསུངས་པ་མཚན་ཉིད་ལྡེམ་དགོངས་དང་། སྔར་གྱི་དགོངས་པ་ཅན་བཞི་པོ་གཉེན་པོར་ལྡེམ་དགོངས་དང་། བརྗོད་བྱ་ཟབ་མོ་སྒྲ་ཇི་བཞིན་པ་མ་ཡིན་པར་གསུངས་པ་བསྒྱུར་བ་ལྡེམ་དགོངས་རྣམས་སོ། །སངས་རྒྱས་ཀྱི་གསུང་ལ་བཤད་ཚུལ་དེ་ལྟར་འབྱུང་བའི་དཔེ་ནི། དེ་ལ་འཇིག་རྟེན་མཐུན་འཇུག་སོགས་སོ། །གཉིས་པ་ནི། དེས་ན་དྲང་བའི་ཞེས་སོགས་བཅུ་སྟེ་སངས་རྒྱས་ཀྱི་གསུངས་ལ་དྲང་དོན་དང་། ངེས་དོན་སོགས་ཀྱི་དབྱེ་བ་མང་དུ་ཡོད་པ་དེས་ན་དྲང་དོན་སོགས་དེ་ལྟར་བདེན་པར་མི་གཟུང་ཞིང་། ངེས་དོན་སོགས་ཇི་ལྟར་གསུངས་པ་བཞིན་བདེན་པར་གཟུང་དགོས་པའི་ཕྱིར་ན། དྲང་ངེས་ཤེས་པའི་སྒོ་ནས་སངས་རྒྱས་ཀྱི་གསུང་ལེན་པར་བྱའི། ཐམས་ཅད་རང་ས་ན་བདེན་པས་བླང་བར་བྱ་བ་ནི་མ་ཡིན་ནོ། །བཞི་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་མུ་སྟེགས་ཞེས་སོགས་དགུའོ། །གཉིས་པ་ནི། སངས་རྒྱས་དྲང་དོན་ཞེས་སོགས་བཅུ་བཞི་སྟེ། སངས་རྒྱས་ཀྱི་གསུང་ལ་དྲང་ངེས་གཉིས་ཡོད་ཀྱང་། དྲང་དོན་ནི་ངེས་དོན་ལ་འཁྲིད་པའི་ཆེད་ཡིན་ཅིང་། མུ་སྟེགས་ལ་བདེན་པ་སྲིད་ཀྱང་དེས་བརྫུན་པ་ཉིད་ལ་སྦྱོར་བར་བྱེད་པ་དེས་ན་སོགས་སོ། །དེ་བཞིན་དུ་གངས་ཅན་འདི་ན་ཡང་། ལུས་ངག་གི་རྣམ་ཐར་བཟང་པོ་བསྟན་ནས། དཀར་པོ་ཆིག་ཐུབ་ལ་སོགས་པའི་ལོག་པའི་ཆོས་ལ་སྦྱར་བ་མཐོང་ནས། མུ་སྟེགས་བྱེད་ཀྱི་ཆོས་བཞིན་དུ་ངེད་ཀྱིས་སྤོང་ཞིང་། སློབ་མའི་བློ་དང་འཚམ་པར་ཐོག་མར་ཐེག་པ་སྣ་ཚོགས་ཀྱི་ཚུལ་བསྟན་ནས། སངས་རྒྱས་སྒྲུབ་པའི་ཐབས་ཤེས་ཟུང་འཇུག་དང་། རིམ་གཉིས་ཀྱི་གནད་རྣམས་སངས་རྒྱས་ཀྱི་གསུང་བཞིན་དུ་ཡང་དག་པར་སྟོན་པར་མཛད་པའི་བླ་མ་དེ་སངས་རྒྱས་ཉིད་དུ་བདག་གིས་གཟུང་ངོ་། །གསུམ་པ་གནད་མ་འཁྲུལ་པར་བསྒྲུབ་པར་གདམས་པའི་སྒོ་ནས་མཇུག་བསྡུ་བ་ལ་གསུམ་སྟེ། མ་འཁྲུལ་བའི་གནད་བསྒྲུབ་པར་གདམས། འཁྲུལ་བའི་གྲུབ་མཐའ་སུན་དབྱུང་བར་གདམས། གློ་བུར་གྱི་ཆོས་ལ་བརྟག་དཔྱད་བྱ་བར་གདམས་པའོ། །དང་པོ་ལ་གཉིས་ཏེ། གནད་བཅོས་པ་ཉེས་དམིགས་ཆེ་བས་སྤང་བར་གདམས། གནད་བཅོས་པའི་བདུད་ཤེས་ནས་སྤང་བར་གདམས་པའོ། །དང་པོ་ལ་གསུམ་སྟེ། ཚིག་གི་གནད་བཅོས་པ་ལ་སྔོན་བྱུང་གི་དཔེ་དང་སྦྱར། དོན་གྱི་གནད་བཅོས་པ་ད་ལྟར་གྱི་གྲུབ་མཐའ་དང་སྦྱར། དེས་ན་ཉེས་དམིགས་ཆེ་བས་སྤང་བར་གདམས་པའོ། །དང་པོ་ནི། ཆོས་གཞན་ལེགས་པར་ཞེས་སོགས་ཚིགས་བཅད་བརྒྱད་དེ། སྔར་བཤད་པ་དེ་ལྟར། སྡོམ་པ་གསུམ་གྱི་ཉམས་ལེན་གྱི་གནད་རྣམས་སངས་རྒྱས་ཀྱི་གསུང་བཞིན་དུ་མ་འཆུགས་པར་བསྒྲུབ་དགོས་པའི་རྒྱུ་མཚན་ནི། ཡན་ལག་གི་ཆོས་གཞན་ལེགས་པར་སྟོན་ན་ཡང་། ཆོས་ཀྱི་གནད་རྣམས་སོགས་སོ། །དཔེ་ནི་འདས་པའི་དུས་ན་སོགས་ཏེ། ད་དུང་སྔར་གྱི་དངོས་གྲུབ་དེ་མ་ཡིན་པ་ཞེས་གནད་བཅོས་པའི་ཚིག་འདི་ཡིས་སྔར་གྱི་ས་ཡ་ཕྲག་ཕྱེད་དང་བཅུ་གསུམ་ཐུབ་པའི་དངོས་གྲུབ་ཐམས་ཅད་ཡལ་ནས། ས་ཡ་ཕྲག་ཕྱེད་ལས་མི་ཐུབ་པར་གྱུར་ཏོ། །གསེར་ཅན་གྱིས་ཞེས་སོགས་ཀྱི་དོན་ཡང་ལྷ་མ་ཡིན་གྱི་དབང་པོ་གསེར་ཅན་གྱིས། དབང་ཕྱུག་ཆེན་པོ་ལྷའི་ལོ་འབུམ་ཕྲག་བཅུ་དྲུག་བསྒྲུབས་པས་གྲུབ་སྟེ། དངོས་གྲུབ་གང་འདོད་པ་སློངས་ཤིག་ཟེར་རོ། །གསེར་ཅན་གྱིས་བདག་ཁང་པའི་ནང་དང་ཕྱི་དང་ས་དང་ནམ་མཁའ་མི་གསོད་པ་དུག་དང་། མཚོན་དང་། མི་དང་། མི་མ་ཡིན་པ་གང་གིས་ཀྱང་མི་གསོད་པའི་དངོས་གྲུབ་ཞུ་བྱས་པས་དེ་བཞིན་དུ་བྱིན་ནོ། །དེ་ནས་གསེར་ཅན་གྱི་བུ་ཐ་ཆུང་ཡུལ་གཞན་དུ་འཁྱམས་པ་ལ་ཁྱབ་འཇུག་གིས་ཁྱོད་རང་ཕའི་གམ་དུ་སོང་ལ། ཐེམ་པའི་སྟེང་དུ་ཁྲི་བརྩིགས་ལ་ཕ་ཞོག དེའི་མདུན་དུ་བསྟོད་པ་འདི་སྨྲོས་ཤིག རི་བོ་རི་བོ་ལ་ནི་ཐུབ་པ་བཞུགས། །ཆུ་བོ་ཆུ་བོ་ལ་ནི་ཆུ་ལྷ་གནས། །གཞི་མདོ་གཞི་མདོ་ལ་ནི་ཞི་བ་སྟེ། །ཀུན་ཏུ་ཀུན་ལ་དབང་བྱེད་ཁྱབ་འཇུག་ཡིན། །ཞེས་བསླབས་སོ། །བུས་དེ་བཞིན་དུ་བྱས་པས་ཕ་ཁྲོས་ནས། ཐམས་ཅད་ལ་ཁྱབ་འཇུག་གནས་ན། འདི་ལ་ཡང་ཡོད་དམ། ཞེས་ཐེམ་པ་ལ་ཁུ་ཚུར་བསྣུན་པས། དེ་ནས་ཁྱབ་འཇུག་ལུས་པོ་མི། མགོ་བོ་སེང་གེ སྡེར་མོ་ལྕགས་ལས་བྱས་པ་ཞིག་བྱུང་སྟེ། གསེར་ཅན་པང་དུ་བཞག་སྟེ། སྡེར་མོས་ལྟོ་བ་ཧྲལ་ཏེ་བསད་དོ། །ཞེས་ཐོས་སོ། །དེས་ན་དེང་སང་གི་སྔགས་ལ་ཡང་། ཨོྃ་མེད་པ་ཡི་སོགས་ཏེ། གཞན་ཡང་མིང་གི་སྤེལ་ཚིག་འཇུག་པའི་མཚམས་སུ་བདག་གཞན་གྱི་མིང་འགོད་ཚུལ་ནོར་བ་དང་། ཆར་འབེབས་པ་དང་། གཅོད་པའི་སྔགས་ཤན་འབྱེད་མ་ཤེས་པ་དང་། ཞི་བ་ཤཱིནྟཾ་ཀུ་རུ་ཞེས་བྱས་པས། ཞི་བ་ཞི་བར་གྱིས་ཤིག །ཅེས་པ་དང་། མཱ་ར་ཡ་སོད་བྱས་པས། གསོད་བྱེད་སོད། ཅེས་བྱ་བར་འགྱུར་བས་སྔགས་ཀྱི་གནད་རྣམས་ལ་གཡོན་ཅན་རྣམས་ཀྱིས་བཅོས་པ་ཡི་སོགས་སོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། དེ་བཞིན་ཆོས་ཀྱི་ཞེས་སོགས་བཅུ་བདུན་ཏེ། ཚིག་གི་གནད་བཅོས་ན་དངོས་གྲུབ་ཉམས་ཤིང་འགྱངས་པ་དེ་བཞིན་དུ། ཆོས་ཀྱི་དོན་གྱི་གནད་རྣམས་ཀྱང་། ཅུང་ཟད་ཅུང་ཟད་བཅོས་པ་ལ་སོགས་སོ། །གཉིས་པ་ནི། དེ་ཡང་མདོ་ཙམ། ཞེས་སོགས་ཚིགས་བཅད་བཅུ་གསུམ་སྟེ། འདིར་གནད་བཅོས་པར་དོགས་པའི་གཞི་དགུ་ངོས་བཟུང་བ་དང་། ལུས་རྣམ་གཞག་ཏུ་ཡང་བརྗོད་བྱའི་གཙོ་བོ་རྣམས་ངོས་བཟུང་བ་ནི། ཡན་ལག་གཞན་འཁྲུལ་ཡང་གནད་འདི་རྣམས་མ་འཁྲུལ་པར་བྱས་ན་བསྒྲུབ་ནུས་ཤིང་། གནད་འདི་རྣམས་འཁྲུལ་ན་ཡན་ལག་གཞན་རྣམས་མ་འཁྲུལ་ཡང་བསྒྲུབ་པར་མི་ནུས་སོ། །ཞེས་པའི་དོན་ཡིན་ལ། རྒྱས་བཤད་ཀྱི་སྐབས་སུ་འཁྲུལ་བ་ཕྲན་ཚེགས་ནས་འགོག་པ་ནི། ཡན་ལག་ཕྲན་ཚེགས་རྣམས་ཀྱང་མ་འཁྲུལ་ན་བསྒྲུབ་ཉེ་ཞིང་འཁྲུལ་ན་གནད་རྣམས་ཀྱང་རིམ་པ་བཞིན་དུ་འཁྲུལ་བར་འགྱུར་བས། ཕྲན་ཚེགས་ཀྱང་མ་འཁྲུལ་བར་བསྒྲུབ་དགོས་སོ། །ཞེས་པའི་དོན་ནོ། །གཞུང་གི་དོན་ལ་གཞན་རྣམས་ནི་གོ་སླ་ལ། གལ་ཏེ་འདི་ནི་འཁྲུལ་འགྱུར་ན། །ཞེས་སོགས་ཀྱི་དོན་ནི། ཀྱཻ་རྡོ་རྗེ་ལས། རིགས་འཆོལ་བསྒོམ་པའི་སྦྱོར་བ་ཡིས། །དངོས་གྲུབ་མེད་ཅིང་སྒྲུབ་པོའང་མེད། །ཅེས་སོ། །བླ་མ་སྤྱི་བོར་བསྒོམ་བྱ་མ་ཡིན་ཞེས་པ་ནི། འབྲི་ཁུང་པ་རྣམས་སོ་སོ་སྐྱེ་བོའི་བླ་མ་སྤྱི་བོར་བསྒོམས་ན་ཚེ་ལ་གནོད་ཟེར་རོ། །གསུམ་པ་ནི། གནད་རྣམས་མིན་པའི་ཞེས་སོགས་བཅུ་བདུན་ཏེ། ཚིག་རྐང་དང་པོ་དྲུག་གིས་གནད་བཅོས་པ་ཉེས་དམིགས་ཆེ་བར་བསྟན། དེ་ནས་དགུས་དེའི་དཔེ་བསྟན། ཐ་མ་གཉིས་ཀྱིས་གནད་མ་འཁྲུལ་བར་བསྒྲུབ་དགོས་པར་བསྟན་ནོ། །གཉིས་པ་ལ་གསུམ་སྟེ། གནད་འཆོས་པའི་བདུད་ཇི་ལྟར་བྱུང་བའི་ཚུལ། དེས་གནད་ཇི་ལྟར་བཅོས་པའི་ཚུལ། དེ་ཤེས་ནས་སྤང་བར་གདམས་པའོ། །དང་པོ་ལ་གསུམ་སྟེ། རྣམ་པ་ཇི་ལྟར་སྟོན་པ། ཐབས་གང་གིས་བསླུ་བ། སྔོན་བྱུང་གི་དཔེ་དང་སྦྱར་བའོ། །དང་པོ་ནི། དེ་ལ་གནད་རྣམས། ཞེས་སོགས་དྲུག་སྟེ། ཆ་ལུགས་འདི་བཞིན་དུ་འབྱུང་བ་ཤེར་ཕྱིན་གྱི་མདོ་ལས་བཤད་དོ། །གཉིས་པ་ནི། འགའ་ཞིག་རྩུབ་མོར། ཞེས་སོགས་ཚིགས་བཅད་བདུན་དང་། རྐང་པ་གསུམ་སྟེ། དེ་ལྟར་བསླུ་བ་དེ་དག་བདུད་ཡིན་པའི་རྒྱུ་མཚན་ནི། མདོར་ན་སངས་རྒྱས་གསུང་རབ་དང་སོགས་སོ། །གསུམ་པ་ནི། འདི་དག་ཇི་ལྟར། ཞེས་སོགས་ཚིགས་བཅད་ཕྱེད་དང་བརྒྱད་དེ། མངའ་རིས་མང་ཡུལ་དུ་བྱུང་བའི་སངས་རྒྱས་སྐར་རྒྱལ་དུ་མིང་བཏགས་པ་དེ་ལ་འཇིག་རྟེན་ཐམས་ཅད་གུས་པས། དེ་ཚེ་རིན་ཆེན་བཟང་པོ་ཡིས་སོགས་ཏེ། སྐྱེས་བུ་དམ་པ་དེས་ཡི་དམ་ལྷ་ཡི་ལྟ་སྟངས་ཀྱིས་གཟིགས་པས་ས་ལ་ལྷུང་ནས་དྲན་པ་ཉམས་ཤིང་བརྒྱལ་བར་གྱུར་ཏོ། །དེ་ནས་ལོ་ཙཱ་བ་ཆེན་པོའི་བླ་གོས་ཀྱིས་ཁོའི་མགུལ་པ་བཅིངས། བཀའ་བསྒོ་དྲག་པོ་མཛད་པས། ཁོ་ན་རེ། མང་ཡུལ་གུ་མའི་མཚོ་ལ་གནས་པའི་ཀླུ་ཡིན། ངས་བསྟན་པའི་ཆོས་རྣམས་བོད་ཡུལ་ཐམས་ཅད་དུ་ཁྱབ་ཡོད། གཞུང་དང་གདམས་ངག་མང་པོ་ལ་ཆུ་ལ་ཚྭ་བཏབ་པ་ལྟར་དབྱེར་མེད་དུ་འདྲེས་པས་ཕྱོགས་གཅིག་ཏུ་སྡུད་མི་ཐུབ། ད་ཕྱིན་ཆད་ཆོས་ལོག་མི་སྟོན་པར་ཞུ། ཞེས་ཟེར་རོ། །གཉིས་པ་ནི། འདི་འདྲའི་རིགས་ཀྱིས་ཞེས་སོགས་ཉེར་གཉིས་ཏེ། ཆོས་གཞན་ཕལ་ཆེར་བཟང་པོར་སྟོན་ཅིང་། གནད་རྣམས་ཕྱིན་ཅི་ལོག་ཏུ་བསྟན་པས་ཕ་རོལ་བསླུ་ནུས་པ་དཔེ་དང་བཅས་པ་བཤད་པའོ། །གསུམ་པ་ནི། འདི་འདྲ་ཤེས་པར་ཞེས་སོགས་བཅུ་བདུན་ཏེ། གནད་ཇི་ལྟར་བཅོས་པའི་ཚུལ་དང་། གནད་བཅོས་པའི་བདུད་འདི་འདྲ་ཤེས་པར་བྱས་ནས་ནི་སོགས་སོ། །མགོན་པོ་བྱམས་པས་རྒྱུད་བླར་གསུངས་པ་ནི། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་ལ་སྐུར་བ་དང་། །དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །གོས་གཙང་ཚོན་གྱིས་རྣམ་བསྒྱུར་སྣུམ་གྱིས་གོས་པ་བཞིན། །ཞེས་སོ། །གཉིས་པ་འཁྲུལ་པའི་གྲུབ་མཐའ་སུན་འབྱིན་པའི་ཚུལ་ལ་གསུམ་སྟེ། སྔོན་བྱུང་མཁས་པས་འཁྲུལ་པའི་གྲུབ་མཐའ་སུན་འབྱིན་པའི་ཚུལ། རྗེས་འཇུག་མཁས་པས་འཁྲུལ་བའི་གྲུབ་མཐའ་སུན་དབྱུང་བའི་ཚུལ། དགག་སྒྲུབ་ཀྱི་ལུང་སྦྱོར་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། འཁྲུལ་པའི་གྲུབ་མཐའ། ཞེས་སོགས་ཚིགས་བཅད་བརྒྱད་དང་། རྐང་པ་གཅིག་སྟེ། ཁོ་རང་གི་ཆོས་ལུགས་ལ་ཡང་། དང་པོ་ནས་མེད་པའི་རང་བཟོ་དེ་འདྲ་དེ་ནི་ལུང་རིགས་གཞན་མི་དགོས་པར་འདི་རང་བཟོ་ཡིན་ནོ། །ཞེས་ཀུན་ལ་སྒྲོགས་པས་སུན་འབྱིན་པར་བྱའོ། །གཉིས་པ་ལ་གསུམ་སྟེ། ལུང་རིགས་ཀྱིས་གནོད་ཚུལ་སྤྱིར་བསྟན། ལུང་གིས་གནོད་ཚུལ་བྱེ་བྲག་ཏུ་བཤད། ལུང་ཁས་མི་ལེན་པ་ལ་ཇི་ལྟར་བྱ་བའོ། །དང་པོ་ནི། གལ་ཏེ་མུ་སྟེགས། ཞེས་སོགས་ཚིགས་བཅད་ཕྱེད་དང་དྲུག་སྟེ། གདོད་མ་ནས་གྲུབ་པའི་ཆོས་ལོག་ལ་ནི། རང་བཟོ་ཡིན་ཞེས་བྱར་མི་རུང་བར་རིགས་པ་གཞན་གྱིས་སུན་དབྱུང་བར་བྱ་དགོས་ལ། རིགས་པ་དང་འགལ་བ་ནི་རིགས་པས་སུན་ཕྱུང་ཞིང་། ལུང་དང་འགལ་བ་ལ་ཐུན་མོང་གི་ལུང་དང་འགལ་ན་ནི་དེ་ཉིད་ཀྱིས་སུན་ཕྱུང་ཞིང་། ཁོ་རང་གི་ལུང་དང་འགལ་ན་དེས་སུན་ཕྱུང་བར་བྱའོ། །གཉིས་པ་ལ་བཞི་སྟེ། གཞན་གྱི་ལུང་གི་འགོག་མི་ནུས་པ། རང་གི་ལུང་གིས་འགོག་ནུས་པ། དེའི་དཔེར་བརྗོད་གསལ་བར་བཤད་པ། དེས་རིགས་ཅན་གཞན་ཡང་མཚོན་པའོ། །དང་པོ་ནི། དཔེར་ན་ཕ་རོལ་ཞེས་སོགས་བཅུ་གཅིག་སྟེ། ལུང་ཁས་མི་ལེན་པ་ལུང་གཞན་གྱིས་འགོག་པར་མི་ནུས་པའོ། །གཉིས་པ་ནི། ཉན་ཐོས་གཞུང་ལུགས་ཞེས་སོགས་བཅུ་བདུན་ཏེ། རང་ཉིད་ཀྱིས་ལུང་དེ་ལུང་ཚད་མར་ཁས་བླངས་ནས། སྐབས་དེར་ལུང་དེ་དང་འགལ་བ་སྤྱོད་ན་དེས་གནོད་པའོ། །གསུམ་པ་ནི། དེ་ཡི་དཔེར་བརྗོད་ཞེས་སོགས་ཚིགས་བཅད་བཅུ་སྟེ། གཞན་རྣམས་ནི་གོ་སླ་ལ། རྡོ་རྗེ་ཕག་མོའི་བྱིན་རླབས་ཀྱིས་ཆོས་སྒོ་འབྱེད་པ་ནི། ཀོང་ནེ་རུ་པ་ནས་བརྒྱུད་པ་ཡིན་གྱི། དེ་ཡན་ཆད་ལ་མེད་པས། མར་པ་ལ་བརྒྱུད་པ་འདོད་པ་དང་འགལ་ལོ། །ནཱ་རོ་ཆོས་དྲུག་ཞེས་བྱ་བའི་ཁྲིད་ནི་མི་ལ་རས་པ་ཡན་ཆད་དུ་བྱིན་རླབས་དང་འབྲེལ་བའི་ཆོས་དྲུག་དེ་ལས་མེད་པ་ལས། ཕྱིས་བྱིན་རླབས་དང་འབྲེལ་བའི་ཆོས་དྲུག་བོར་ནས། ཀོ་བྲག་པ་དང་། ཡང་དགོན་པ་སོགས་ལམ་འབྲས་དང་ཕྱག་ཆེན་ལ་སོགས་པ་གཞན་གྱི་གདམས་ངག་བསྒོམ་པ་དང་། དྭགས་པོ་ལྷ་རྗེ་རྒྱུདཾ་དང་འབྲེལ་བའི་ཆོས་དྲུག་བསྒོམ་བཞིན་དུ། ནཱ་རོ་པ་ལ་བརྒྱུད་པ་འདེད་པར་བྱེད་པ་གཞན་དང་སོགས་སོ། །གཏེར་ནས་བྱུང་བའི་གླེགས་བམ་སོགས་རྡོ་རྗེ་འཆང་ལ་བརྒྱུད་པ་སྙེག་ཅིང་། དེ་ལའང་གཞན་དག་ལུང་ལེན་པ་རང་ཚིག་དང་འགལ་བ་ནི། གཏེར་ནས་བྱུང་བ་སོགས་ཀྱིས་རྡོ་རྗེ་འཆང་ནས་མ་བརྒྱུད་ཅིང་། གཞན་ལ་ལུང་ལེན་མི་དགོས་པར་བསྟན་པའི་ཕྱིར་རོ། །བཞི་པ་ནི། གལ་ཏེ་འདི་འདྲའི་ཞེས་སོགས་དྲུག་གོ །གསུམ་པ་ལ་གཉིས་ཏེ། ལུང་ཁས་མི་ལེན་པ་གདོད་མ་ནས་ཡོད་པ་ལ་ཇི་ལྟར་བྱ་བ། ལུང་ཁས་མི་ལེན་པ་གློ་བུར་དུ་བྱས་པ་ལ་ཇི་ལྟར་བྱ་བའོ། །དང་པོ་ནི། གལ་ཏེ་མུ་སྟེགས། ཞེས་སོགས་བཅུའོ། །གཉིས་པ་ནི། གལ་ཏེ་གདོད་ནས། ཞེས་སོགས་ཚིགས་བཅད་བཅུ་གསུམ་སྟེ། མཁས་པ་ཛྙཱ་ན་ཤྲཱིས་མུ་སྟེགས་དབྱངས་ཅན་དགའ་བའི་གྲུབ་མཐའ་སུན་འབྱིན་པ་བཞིན་ནོ། །ངེད་ལའང་དེ་འདྲ་ཞེས་སོགས་ནི། ཕྱོགས་ལྷུང་མེད་པའི་བདེན་ཚིག་སྨྲས་པའོ། །གསུམ་པ་དགག་སྒྲུབ་ཀྱི་ལུང་སྦྱོར་བའི་ཚུལ་ལ་བཞི་སྟེ། སྐབས་མ་ཕྱེད་པའི་ལུང་སྦྱོར་བླུན་པོའི་ལུགས་སུ་བསྟན་པ། སྐབས་ཕྱེད་པའི་ལུང་སྦྱོར་གྱི་དཔེ་བརྗོད་དགོད་པ། དེ་གཉིས་ཀའི་དོན་བསྡུ་བ། མཁས་རྨོངས་ཀྱི་འཁྲུལ་པའི་ཁྱད་པར་དཔེས་བསྟན་པའོ། །དང་པོ་ནི། བླུན་པོ་མཁས་པར། ཞེས་སོགས་ལྔའོ། །གཉིས་པ་ལ་གཉིས་ཏེ། ལྟ་སྒོམ་སྤྱོད་པའི་ལུང་སྦྱོར། འཇིག་རྟེན་ལས་འདས་མ་འདས་ཀྱི་ལུང་སྦྱོར་རོ། །དང་པོ་ནི། དཔེར་ན་ཕྱག་དང་། ཞེས་སོགས་ཚིགས་བཅད་ཕྱེད་དང་ལྔ་སྟེ། ཀྱཻ་རྡོ་རྗེ་ལས། བསྒོམ་མེད་སྒོམ་པ་པོའང་མེད། །ཅེས་དང་། དབུ་མ་ཤེས་རབ་ལ་འཇུག་པ་ལས། ཀུན་རྫོབ་མེད་ན་དོན་དམ་མེད། །སངས་རྒྱས་མེད་ན་སེམས་ཅན་མེད། །ལྟ་བ་མེད་ཅིང་སྒོམ་པ་མེད། །འབྲས་བུ་མེད་ཅིང་སྤྱོད་པ་མེད། །ཅེས་སོགས་གསུངས་པ་ནི། ལྟ་བའི་ལུང་ཡིན་གྱི། སྒོམ་པ་དང་སྤྱོད་པ་གཉིས་ཀྱི་ལུང་མིན་ནོ། །ཕྱག་ཆེན་ཐིག་ལེ་ལས། དབང་མེད་པ་ལ་དངོས་གྲུབ་མེད་པར་གསུངས་པ་དང་། འདུལ་བ་ལས། ཆོ་ག་འཁྲུག་ན་ལས་མི་འཆགས་པར་གསུངས་པ་དང་། སྡོམ་པ་གསུམ་གྱི་བསླབ་པ་ལས་ལོག་པར་སྤྱད་ན་ལྟུང་བ་འབྱུང་བར་བཤད་པ་དང་། རྒྱུད་སྡེ་བཞི་ཡི་ལྟ་སྒོམ་འཁྲུགས་ན་བྱིན་གྱིས་མི་རློབ་པར་གསུངས་པ་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དག་པའི་ཆོས་ལ་སོམ་ཉི་བྱེད། །ཅེས་ལྟུང་བར་གསུངས་པ་དེས་ན་ཆོ་ག་ཅི་བྱས་ཀྱང་སོགས་སོ། །གཉིས་པ་ནི། གཞན་ཡང་ལུང་སྦྱོར་ཞེས་སོགས་བཅུ་གསུམ་སྟེ། སྡོམ་པ་གསུམ་གྱི་དམ་ཚིག་རྣམས་འབད་ནས་བསྲུང་བར་གསུངས་པ་དང་། དགེ་སྡིག་ལ་བླང་དོར་ཚུལ་བཞིན་དུ་བྱེད་པར་གསུངས་པ་ནི། འཇིག་རྟེན་པ་སོ་སོ་སྐྱེ་བོ་ལ་གསུངས་པ་ཡིན་ལ། ཀྱཻ་རྡོ་རྗེ་ལས། བསླབ་དང་དབང་ལས་རྣམ་པར་གྲོལ། །ཞེས་སོགས་གསུངས་པ་རྣམས་ནི། འཁོར་བའི་རྒྱ་མཚོ་ལས་བརྒལ་བའི་འཕགས་པ་ལ་གསུངས་པ་ཡིན་ནོ། །གསུམ་པ་ནི། དེ་འདྲའི་གནས་སྐབས་ཞེས་སོགས་ཚིགས་བཅད་གཅིག་གོ །བཞི་པ་ནི། མིག་ལྡན་ཇི་ལྟར། ཞེས་སོགས་ཚིགས་བཅད་ཕྱེད་དང་དྲུག་གོ །སྔར་བཤད་པ་དེ་ལྟ་བུའི་རྣམ་དབྱེ་ཤེས་ན་ལུང་སྦྱོར་འཁྲུལ་ཡང་འཁྲུལ་བ་ཕྲན་ཚེགས་ཙམ་འབྱུང་ལ། དེ་འདྲའི་རྣམ་དབྱེ་མི་ཤེས་པར་ལུང་སྦྱོར་བྱས་ན་ལྟ་བའི་ལུང་སྤྱོད་པ་ལ་སྦྱར་ནས་དགེ་སྡིག་གི་བླང་དོར་མི་ཕྱེད་པའམ། སྤྱོད་པའི་ལུང་ལྟ་བ་ལ་སྦྱར་ནས་ཐམས་ཅད་བདེན་པར་ལྟ་བར་འགྱུར་བས། རྣམ་དབྱེ་ཕྱེད་པ་ལ་འབད་པར་བྱའོ། །གསུམ་པ་གློ་བུར་གྱི་ཆོས་ལ་བརྟག་དཔྱད་བྱ་བར་གདམས་པ་ལ་བཞི་སྟེ། གློ་བུར་གྱི་མན་ངག་ལ་བརྟག་དཔྱད་བྱ་བ། གློ་བུར་གྱི་མདོ་རྒྱུད་ལ་བརྟག་དཔྱད་བྱ་བ། གློ་བུར་གྱི་རྟེན་ལ་བརྟག་དཔྱད་བྱ་བ། གློ་བུར་གྱི་ལྟས་ལ་བརྟག་དཔྱད་བྱ་བའོ། །དང་པོ་ནི། སྙན་བརྒྱུད་དང་ནི། ཞེས་སོགས་ཚིགས་བཅད་ཕྱེད་དང་དྲུག་སྟེ། སྙན་བརྒྱུད་དང་། ཆིག་བརྒྱུད་དང་། རྨི་ལམ་གྱི་ཆོས་ལུགས་དང་། ཞལ་མཐོང་གི་ཡི་དམ་དང་། ལུང་སྟོན་པའི་སངས་རྒྱས་དང་། བླ་མའི་གསུང་སྒྲོས་རྣམས་བརྟགས་དཔྱད་བྱས་ནས། མདོ་རྒྱུད་དང་མཐུན་ན་བླང་དུ་རུང་སྟེ། སངས་རྒྱས་ཀྱི་བྱིན་བརླབས་ལས། དེ་འདྲ་འབྱུང་བ་ཡང་ཡོད་པའི་ཕྱིར་རོ། །མདོ་རྒྱུད་དང་མི་མཐུན་ན་བླང་དུ་མི་རུང་སྟེ། བདུད་ཀྱི་བྱིན་བརླབས་ལས། དེ་འདྲ་འབྱུང་བར་རྒྱལ་བས་གསུངས་པའི་ཕྱིར་རོ། །མདོ་སྡུད་པ་ལས། མིང་གི་གཞི་ལས་བདུད་ནི་ཉེ་བར་འོངས་གྱུར་ནས། །འདི་སྐད་སྨྲ་སྟེ་འདི་ནི་ཁྱེད་དང་ཕ་མ་དང་། །ཁྱོད་ཀྱི་བདུན་མེས་བརྒྱུད་ཀྱི་བར་གྱི་མིང་ཡིན་ཞིང་། །གང་ཚེ་ཁྱོད་ནི་སངས་རྒྱས་འགྱུར་བའི་མིང་འདི་ཡིན། །སྦྱངས་སྡོམ་རྣལ་འབྱོར་ལྡན་པ་ཅི་འདྲ་འབྱུང་འགྱུར་ལ། །ཁྱོད་སྔོན་ཡོན་ཏན་ཚུལ་ཡང་འདི་འདྲའོ་ཞེས་བརྗོད་དེ། །དེ་སྐད་གང་ཐོས་རློམ་སེམས་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོངས་སུ་བླངས་ཤིང་བློ་ཆུང་རིག་པར་བྱ། །ཞེས་གསུངས་སོ། །གཉིས་པ་ནི། དེས་ན་སངས་རྒྱས། ཞེས་སོགས་ཚིགས་བཅད་བདུན་ཏེ། གློ་བུར་གྱི་ཆོས་ལ་བརྟག་དཔྱད་མ་བྱས་པར་བཟུང་དུ་མི་རུང་བ་དེས་ན། སངས་རྒྱས་བསྟན་པ་སོགས་ཏེ། སྐྱེས་བུ་རྫུན་མས་སྦྱར་བའི་མདོ་རྒྱུད་གང་ཞེ་ན། ཀོའུ་ཤི་ཀའི་མདོ་སོགས་སོ། །གཞན་ཡང་གསང་སྔགས་གསར་མ་ལ་དབང་བསྐུར་རྒྱལ་པོ་དང་། ལམ་ལྔ་བཀོལ་བ་དང་། དུས་འབྱུང་དང་། ཕྱག་ན་རྡོ་རྗེ་མཁའ་འགྲོ་དང་། ར་ལི་ཉི་ཤུ་རྩ་བཞི་དང་། གཉིས་མེད་རྣམ་རྒྱལ་སོགས་དང་། རྙིང་མ་ལའང་། ཀུན་བྱེད་རྒྱལ་པོ་དང་། མདོ་དགོངས་འདུས་དང་། ཞི་ཁྲོ་སྒྱུ་འཕྲུལ་དང་། ལྷ་མོའི་སྐྱེས་རྒྱུད་དང་། བམ་རིལ་ཐོད་མཁར་ལ་སོགས་པ་བོད་ཀྱིས་སྦྱར་བའི་རྒྱུད་སྡེ་མང་པོ་ཡོད་ཅིང་། སྣང་བརྒྱད་དང་། ལས་དགེ་སྡིག་བསྟན་པ་ལ་སོགས་རྒྱ་ནག་པས་བྱས་པ་ཡིན་ནོ། །གཙུག་ཏོར་ནག་མོ་དང་། བྱ་ཁྱུང་བསམ་ཡས་མ་ལ་སོགས་པ་བོད་ཀྱི་ལྷ་འདྲེས་སྦྱར་བ་ཡིན་ཅིང་། ལྷ་མོ་གནས་མཁར་དང་། ནམ་མཁའ་ལྡིང་གི་རྟོགས་པ་ལ་སོགས་པ་མུ་སྟེགས་བྱེད་ཀྱིས་བྱས་པའི་རྒྱུད་སྡེའང་ཡོད་དོ། །དེ་དག་ལ་ནད་གདོན་ཞི་བ་སོགས་བདེན་པ་ཅུང་ཟད་ཡོད་ཀྱང་ཚད་མར་བྱར་མི་རུང་སྟེ། དེའི་འཐད་པ་རྒྱུད་བླ་མར་མགོན་པོ་བྱམས་པ་སོགས་སོ། །ལུང་འདི་ད་ལྟའི་རྒྱུད་བླ་རྩ་འགྲེལ་ན་མེད་ཀྱང་ཕྱ་བའི་ཊཱི་ཀར་འདིའི་འབྲུ་མནན་བྱུང་བས། རྔོག་འགྱུར་ན་ཡོད་པར་གསལ་ཞིང་། མར་པ་སྨོན་འགྲོ་བའི་འགྱུར་དུ་དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་ཞེས་པའི་མཇུག་ཏུ། མ་རིག་མདོངས་རྣམས་ཀྱིས་ཀྱང་སྲིན་བུའི་ཡིག་འདྲ་མུ་སྟེགས་བསྟན་བཅོས་སུའང་། །དོན་ལྡན་ཆོས་ལྡན་ཁམས་གསུམ་ཉོན་མོངས་ཟད་བྱེད་བརྗོད་གྱུར་གང་ཡིན་དང་། །འཇིག་རྟེན་སོ་སོའི་ལེགས་བཤད་གང་དེའང་བློ་ལྡན་དྲང་སྲོང་བཞིན་འཛིན་ན། །གསུང་གང་ཟག་མེད་བློ་མངའ་རྣམས་ཀྱིས་ཞལ་ནས་འབྱུང་བ་སྨོས་ཅི་དགོས། །ཞེས་འབྱུང་ངོ་། །དེའི་དོན་ནི། རྐང་པ་དང་པོས་སྲིན་བུའི་ཡི་གེ་དང་འདྲ་བའི་བདེན་པ་ཅུང་ཟད་ཡོད་པའི་མུ་སྟེགས་བྱེད་ཀྱི་བསྟན་བཅོས་དང་། གཉིས་པས་རྒྱལ་བའི་བཀའ་དང་། གསུམ་པས་སོ་སྐྱེས་བྱས་པའི་བསྟན་བཅོས་རྣམས་ཀྱང་དྲང་སྲོང་བཞིན་དུ་གུས་པས་འཛིན་ན་ཞེས་བསྟན་ཅིང་། བཞི་པས་འཕགས་པ་རྣམས་ཀྱིས་བྱས་པའི་བསྟན་བཅོས་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །ཡང་ན་རྐང་པ་དང་པོ་དང་གསུམ་པ་སྦྱར་ཞིང་། གཉིས་པ་དང་བཞི་པ་སྦྱར་ཏེ། རྒྱལ་བའི་བཀའ་དང་། འཕགས་པས་མཛད་པའི་བསྟན་བཅོས་དྲང་སྲོང་བཞིན་དུ་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །ཁ་ཅིག་འདིར་ས་པཎ་གྱིས་མེད་བཞིན་དུ་བྲིས་ཞེས་སྨྲས་པ་དང་། གཞན་དག་འདུལ་བ་ལུང་ལས། མགོན་པོ་བྱམས་པ་ཁྱོད་ཀྱིས་ནི། །བདག་ནི་ཚོང་པ་རྙེད་ལྡན་ལྟར། །ཞེས་པས་མགོན་པོ་བྱམས་པ་སངས་རྒྱས་ལ་བྱས། སྔར་ནི་དེ་ལྟར་རྣམ་གཞག་ནས། །སླར་ཡང་བླ་མའི་རྒྱུད་འདིར་ནི། །ཞེས་པས་རྒྱུད་བླ་མ་བཀའ་ཐ་མ་ལ་བྱས་ཏེ། མྱང་འདས་ཀྱི་མདོ་ལྷའི་ཟླ་བས་བསྒྱུར་བ་ལས། དཔེར་ན་ཤིང་ངམ་རྩིག་པ་ལ་སྲིན་བུས་བརྐོས་ཏེ། ཡི་གེའི་འབྲུ་འདྲ་བར་གྱུར་པ་མཐོང་ཡང་མཁས་པ་རྣམས་ཀྱིས། སྲིན་བུས་ཡི་གེ་ཤེས་སོ། །ཞེས་བརྗོད་པར་མི་བགྱིད། ཞེས་པ་དང་། མུ་སྟེགས་པ་རྣམས་ཀྱིས་བདག་བསྟན་པ་ནི། སྲིན་བུས་བརྐོས་པའི་ཡི་གེ་དང་འདྲ་སྟེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་བདག་མེད་དོ། །ཞེས་བསྟན་པ་སྟོན་པ་མཛད་དོ། །བདག་མེད་པ་ནི་སངས་རྒྱས་ཀྱི་ཚིག་ཡིན་ནོ། །ཞེས་གསུངས་པའི་དོན་གཞུང་དུ་བྱས་པ་ཡིན་གྱི། བསྟན་བཅོས་རྒྱུད་བླ་ལ་བྱས་པ་མ་ཡིན་ནོ། །ཞེས་སྨྲའོ། །དེ་ལ་དང་པོ་ནི་རང་ཉིད་ཀྱིས་མ་མཐོང་བཞིན་དུ་གཞན་ལ་སྨྲ་བར་འདོད་པ་ཙམ་ཡིན་ལ། ཕྱི་མ་ནི་ཤིན་ཏུ་མི་འཚམས་པའི་བཤད་པ་སྟེ། སྔར་མགོན་པོ་བྱམས་པས་རྒྱུད་བླར་གསུངས་ཞེས་པའི་བསྟན་བཅོས་རྒྱུད་བླ་མ་ལ་བྱས་ནས། འདིར་མགོན་པོ་བྱམས་པ་སྟོན་པ་དང་། རྒྱུད་བླ་བཀའ་ཐ་མ་ལ་བྱས་ན་གདུལ་བྱ་མགོ་རྨོངས་པར་འགྱུར་བའི་ཕྱིར་དང་། ཡོངས་སུ་གྲགས་པའི་ཐ་སྙད་བོར་ནས་ཡོངས་སུ་མ་གྲགས་པའི་བསྟན་བཅོས་ཀྱི་ནང་དུ་འཇུག་པ་ནི་རྩོམ་པ་པོ་མི་མཁས་པའི་ཚུལ་ཡིན་པའི་ཕྱིར་དང་། བཀའ་ཐ་མ་ན་ཚིགས་བཅད་དེ་ཡོད་པ་ཉིད་ཀྱིས་ཀྱང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ན་གཞུང་དེ་ཡོད་པ་མི་འགལ་བའི་ཕྱིར་རོ། །གསུམ་པ་ནི། རིང་བསྲེལ་དང་ནི། ཞེས་སོགས་ཉེར་གཅིག་སྟེ། སྤྱིར་རིང་བསྲེལ་ལ་བདེན་པ་མཐོང་བའི་ཡོན་ཏན་གྱི་སྟོབས་ཀྱིས་བྱུང་བ་དང་། སྡིག་པོ་ཆེ་ལས་འབྲས་ལ་ཡིད་མི་ཆེས་པར་བྱ་བའི་ཕྱིར་རམ། གདོན་གྱིས་བྱས་པ་དང་། འབྱུང་བཞིའི་ནུས་པ་རུས་པའི་ནང་དུ་འཁྱིམས་པ་དང་། བསྟན་པ་ལ་དགའ་བའི་ལྷས་གང་ཟག་དེ་ལ་རྗེས་འཇུག་དད་པར་བྱ་བའི་ཕྱིར་སྤྲུལ་པ་དང་བཞི་ཡོད་ཅིང་། དེ་ལས་གཞན་པ་ནི་སྐྱེས་བུ་བརྫུན་མས་གསར་དུ་བྱས་པ་ཡིན་ནོ། །ཡོན་ཏན་གྱི་སྟོབས་ཀྱིས་བྱུང་བ་ལ་ཡང་འཕགས་པ་གསུམ་ལས། སངས་རྒྱས་འཕགས་པ་ལ་འབྱུང་བ་ནི། མདོ་སྡེ་བསྐལ་བཟང་ལས། སྐུ་གདུང་རྒྱས་པ་དང་། རིལ་པོ་གཅིག་ཏུ་འདུག་པ་གཉིས་གསུངས་པ་དང་། རང་སངས་རྒྱས་ལ་འབྱུང་བ་ཡང་། སྔོན་ཝཱ་ར་ནཱ་སཱིར་སངས་རྒྱས་འབྱུང་བ་ཐོས་ནས་རང་སངས་རྒྱས་རྣམས་ཀྱིས་ལུས་མེ་ལ་སྦར་ཏེ། རིང་བསྲེལ་སྤྲུལ་པར་བཤད་པ་དང་། དེ་བཞིན་དུ་ཉན་ཐོས་དགྲ་བཅོམ་པ་འགའ་ཞིག་གིས་ཀྱང་རིང་བསྲེལ་སྤྲུལ་པར་བཤད་དོ། །ཐུགས་ལྗགས་མ་ཚིག་པར་འབྱུང་བ་དང་། སྐུ་གཟུགས་སོགས་རུས་པ་ལས་འབྱུང་བ་ཆོས་ནས་སོགས་སོ། །འོ་ན་དཀོན་བརྩེགས་ཀྱི་ཡབ་སྲས་མཇལ་བ་ལས། གྲགས་པ་མ་སྨད་དེ་དག་ནི། །རིང་བསྲེལ་དག་ཀྱང་རྒྱས་པར་འགྱུར། །དེ་དག་རྣམས་ཀྱི་རིང་བསྲེལ་ལའང་། །རྒྱལ་བའི་སྐུ་ལྔ་འབྱུང་བར་འགྱུར། །ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི་མ་འོངས་པ་ན། རིང་བསྲེལ་ལ་བརྟེན་པའི་སྐུ་གཟུགས་བཞེངས་པ་འབྱུང་བ་ལ་དགོངས་པས་སྐྱོན་མེད་དོ། །བཞི་པ་ནི། ཉི་མ་དུ་མ། ཞེས་སོགས་ཚིགས་བཅད་ཕྱེད་དང་དྲུག་སྟེ། མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ་ལས། གཙུག་ལག་ཁང་གི་སྐུ་གཟུགས་འཕོས་སམ། སྤྱན་ནས་མཆི་མ་བྱུང་ན་ཡུལ་ཁམས་དེའི་མི་དཔའ་བོ་གཅེས་པ་བུ་མང་པོ་དང་བཅས་པ་ཡུལ་ཕུད་པར་འགྱུར་ཞེས་པ་དང་། འཇིག་རྟེན་པའི་ལྷ་མཆོད་པའི་ཚེ་ལྷ་སྨྲའམ། འཛུམ་ན་རྒྱལ་པོ་ལ་བགེགས་དང་། གནོད་པ་འབྱུང་ཅེས་པ་དང་། ཐུབ་པ་ཆེན་པོ་དྲང་སྲོང་ག་རྒས་ལྟས་ཀྱི་རྣམ་པ་བསྟན་པ་ཞེས་བྱ་བའི་གཙུག་ལག་ལས། གལ་ཏེ་གང་དུ་འཇིག་རྟེན་པའི་ལྷའི་གཟུགས་གར་བྱེད་པ་རབ་ཏུ་གཡོ་བར་གྱུར་པ་དང་། སྨྲ་བར་གྱུར་པ་དང་། མིག་མཆི་མས་གང་བ་དང་། རྔུལ་བར་གྱུར་པ་དང་། གས་པར་གྱུར་པ་དང་། དུམ་བུར་གྱུར་པ་དང་། ཐམས་ཅད་ཞིག་པར་གྱུར་པ་ལ་སོགས་པས་ནི་འཇིགས་པ་རྣམ་པ་དུ་མ་འབྱུང་བ་རིག་པར་བྱའོ། །དེ་ལ་ཡང་གར་གྱིས་ནི་དམག་མང་པོ་འབྱུང་ངོ་། །ཞེས་པ་དང་། གོམ་པ་འདོར་བས་ནི་ཡུལ་བོར་ཏེ་འགྲོ་བར་འགྱུར། ཞེས་སོ། །གཉིས་པ་ཚིག་ལ་འཁྲུལ་པ་དགག་པ་ལ་གཉིས་ཏེ། དོར་བྱ་ནོར་བའི་བཤད་པ་དགག་པ། བླང་བྱ་མ་ནོར་བའི་བཤད་པ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། བོད་སྐད་ལ་བཤད་པ་ནོར་ཚུལ། རྒྱ་སྐད་ལ་བཤད་པ་ནོར་ཚུལ་ལོ། །དང་པོ་ནི། དེ་དག་དོན་ལ་ཞེས་སོགས་ཚིགས་བཅད་ཕྱེད་དང་དྲུག་སྟེ། བཅོམ་ལྡན་འདས་ཀྱིས་བཤད་པ་ལ། བདུད་བཞི་བཅོམ་པས་ན་བཅོམ། སྐལ་བ་དྲུག་དང་ལྡན་པས་ན་ལྡན། འཁོར་བའི་ཆོས་ལས་འདས་པས་ན་འདས། ཞེས་འཆད་པ་ནོར་ཏེ། བྷ་ག་ཝཱན་ཞེས་པའི་བྷ་ག་ནི་བཅོམ་པ་དང་། སྐལ་བ་དང་། ལེགས་པ་སོགས་ལ་འཇུག་ལ། ཝཱན་ཞེས་པ་ལྡན་པའི་དོན་ཡིན་པས། སྔ་མ་གསུམ་ཆར་ལ་སྦྱར་བར་བྱ་བ་ཡིན་པའི་ཕྱིར་དང་། འདས་པ་ལ་སྐད་དོད་མེད་པའི་ཕྱིར་དང་། གླེགས་བམ་གྱི་བཤད་པ་ལ། གླེགས་ཤིང་གི་བར་དུ་གླེགས་ཐག་གི་བམ་པོར་བསྡམས་པས་ན་གླེགས་བམ་ཞེས་བཤད་པ་ནོར་ཏེ། གླེགས་ཤིང་གླེགས་ཐག་ཀྱང་གླེགས་བམ་ལ་ལྟོས་པའི་ཐ་སྙད་ཡིན་པའི་ཕྱིར་རོ། །ལག་པའི་སྒྲ་དོན་འཆད་པ་ནོར་བ་ནི། མུ་དྲ་ཞེས་པ་རྒྱ་ལ་འཇུག་གི ལག་པའི་སྐད་དོད་གསར་དུ་བསྣན་པ་ཡིན་པའི་ཕྱིར་རོ། །གདོད་མའི་ཤེས་པར་འཆད་པ་ནོར་བ་ནི། ཛྙཱ་ན་ཞེས་པ་རྟོགས་པའམ་ཁོང་དུ་ཆུད་པ་ལ་འཇུག་གི་གདོད་མའི་སྐད་དོད་མེད་པའི་ཕྱིར་རོ། །རྣལ་འབྱོར་གྱི་བཤད་པ་ནོར་བ་ནི། ཡོ་ག་ཅེས་པ་སྦྱོར་བ་ལ་འཇུག་གི རྣལ་གྱི་སྐད་དོད་མེད་པའི་ཕྱིར་རོ། །འོ་ན་འདས་དང་རྒྱ་དང་ཡ་དང་། རྣལ་གྱི་སྒྲ་བསྣན་པའི་རྒྱུ་མཚན་ཅི་ཞེ་ན། དེ་དག་མ་བསྣན་ན་འཇིག་རྟེན་གྱི་ལེགས་ལྡན་དང་། འཇིག་རྟེན་གྱི་རྒྱ་དང་རྟོགས་པ་ཙམ་དང་། གཉིས་ཟུང་དུ་འཇུག་པ་ཙམ་ལ་འཁྲུལ་བར་འགྱུར་བས་ལོ་ཙཱ་བས་ཐབས་མཁས་ཀྱིས་བསྣན་པའོ། །དམག་གི་དཔུང་དུ་འཆད་པ་ནོར་བ་ནི། དེའི་སྐད་དོད་མེད་པའི་ཕྱིར་རོ། །གཏུམ་མོའི་སྒྲ་བཤད་ནོར་བ་ནི། ཙཎྜ་ལཱི་ཞེས་པ་རྣམ་རྟོག་གསོད་པའི་ཤན་པ་ལ་འཇུག་པའི་ཕྱིར་རོ། །ཀླུ་དང་རི་རབ་ནི་ཡི་གེ་ཉིད་མཐོང་བས་གསལ་ལོ། །གཉིས་པ་ནི། ཤཱཀྱའི་བུ་མོ། ཞེས་སོགས་ཚིགས་བཅད་ཉེར་གཉིས་ཏེ། དེ་དག་ལས་འགའ་ཞིག་ནི། རྒྱ་སྐད་བོད་སྐད་དུ་བསྒྱུར་མ་ཤེས་པས་ནོར་ལ། ཕལ་ཆེར་ནི་རྒྱ་སྐད་ཡིན་པར་མ་ཤེས་པར་དེ་ལ་བོད་སྐད་ཀྱི་སྒྲ་བྱས་པས་ནོར་བ་སྟེ། གཞུང་ཉིད་མཐོང་བས་རྟོགས་པར་འགྱུར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པའི་ཞེས་སོགས་བཅུ་བཞི་སྟེ། དེ་བཞིན་གཤེགས་པའི་སྒྲ་བཤད་ལ། དེ་ཁོ་ན་ཉིད་རྟོགས་པར་འཆད་པ་སོགས་སཾ་ཀྲྀ་ཏའི་སྐད་ལ་འཐད་པའི་རྒྱུ་མཚན་ནི། ཏ་ཐཱ་ག་ཏ་ཞེས་པ་དེ་ཁོ་ན་ཉིད་རྟོགས་པ་ལ་འཇུག་པ་དང་། ཨརྷ་ཏ་ཅེས་པ་ལྷ་མི་ཀུན་གྱིས་མཆོད་པར་འོས་པ་ལ་འཇུག་པ་དང་། རཱ་ཛ་ཅེས་པ་གཟི་བརྗིད་ཆེ་བ་དང་། མཛེས་པ་དང་། གསལ་བ་ལ་འཇུག་པ་དང་། ཀྵནྟེ་ཞེས་པ་རྐྱེན་ངན་པས་མི་ཕྱེད་པ་ལ་འཇུག་པ་དང་། ཀནྡྷ་ཞེས་པ་འཁུར་ཁྱེར་བས་ཕྲག་པ་ལ་འཇུག་པ་དང་། ཧེ་ཏུ་ཞེས་པ་དབྱིངས་དང་། རྒྱུ་དང་། ཁམས་གསུམ་ཀ་ལ་འཇུག་པ་དང་། བྷ་ག་ཞེས་པ་སྐལ་བ་ལ་འཇུག་པ་དང་། པུ་དུ་ར་ཛ་ཡ་ཞེས་པ་ཤིན་ཏུ་ངན་ཅིང་། ཐུབ་པར་དཀའ་བ་ལ་འཇུག་པ་དང་། ཨ་ནུ་ཤ་ཡ་ཅེས་པ་ཆོས་མངོན་དུ་འགྱུར་བའི་གནས་ལ་འཇུག་པ་དང་། ཤཱཀྱ་ནི་རྒྱ་སྐད་སོར་བཞག་པ་ཡིན་ལ། བོད་སྐད་དུ་བསྒྱུར་ན་ཕོད་པར་འཇུག་པའི་ཕྱིར་རོ། །འདི་དག་ནི་དགྲ་བཅོམ་དང་། རྒྱལ་པོ་སོགས་ཀྱི་ཚིག་ཇི་བཞིན་དུ་འཆད་པ་མ་ཡིན་པས་བོད་སྐད་ལ་ཅུང་ཟད་མི་བདེ་ཡང་ལེགས་པར་སྦྱར་བའི་སྒྲ་དག་པ་ཤིན་ཏུ་འཐད་པའི་ཕྱིར་ན་མཁས་པས་བླང་བར་བྱ་བ་ཡིན་ནོ། །གསུམ་པ་བཤད་པ་ཡོངས་སུ་རྫོགས་པའི་བྱ་བ་ལ་ལྔ་སྟེ། བསྟན་བཅོས་བརྩམ་པའི་རྒྱུ་ངོས་གཟུང་། འབྲས་བུ་བསྟན་བཅོས་གཟུང་བར་གདམས། གཟུང་བྱའི་ཆོས་ཀྱི་ཆེ་བ་བརྗོད། བརྩམས་པའི་དགེ་བ་གཞན་དོན་དུ་བསྔོ། བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་གོ །དང་པོ་ལ་གསུམ་སྟེ། དམིགས་རྐྱེན་བསྟན་པའི་འཕེལ་འགྲིབ་བྱུང་ཚུལ། ཀུན་སློང་ཟང་ཟིང་མེད་པའི་བྱམས་པ། བདག་རྐྱེན་ཕྱོགས་ལྷུང་མེད་པའི་ཤེས་རབ་བོ། །དང་པོ་ལ་བཞི་སྟེ། འཕགས་པའི་ཡུལ་དུ་འཕེལ་འགྲིབ་བྱུང་ཚུལ། བོད་ཀྱི་ཡུལ་དུ་འཕེལ་འགྲིབ་བྱུང་ཚུལ། དེས་ན་ཆོས་ལོག་སུན་དབྱུང་དགོས་པ། གཏན་གྱི་བྱ་བ་བརྟགས་ནས་བླང་བའོ། །དང་པོ་ལ་གཉིས་ཏེ། ཉན་ཐོས་ཀྱི་བསྟན་པ་ལ་བཀའ་བསྡུ་བྱུང་ཚུལ། ཐེག་ཆེན་གྱི་བསྟན་པ་ལ་འཕེལ་འགྲིབ་བྱུང་ཚུལ་ལོ། །དང་པོ་ལ་གསུམ་སྟེ། བཀའ་བསྡུ་དང་པོ། གཉིས་པ། གསུམ་པ་བྱུང་ཚུལ་ལོ། །དང་པོ་ནི། སངས་རྒྱས་བསྟན་པ་དྲི་མ་མེད། །བསྡུ་བ་དང་པོ་བྱས། ཞེས་པ་སྟེ། སྟོན་པ་མེ་མོ་ཡོས་ལ་ལྷུམས་སུ་ཞུགས་ནས་ས་ཕོ་འབྲུག་ལ་སྐུ་བལྟམས་ཤིང་། ཆུ་ཕོ་སྟག་ལ་སངས་རྒྱས་ཏེ། མེ་མོ་ཕག་གི་དཔྱིད་ཟླ་ཐ་ཆུང་ས་གས་ཉ་བའི་ཚེ། མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །དེའི་ལོ་ཕྱི་མ་ལ་རྒྱལ་པོའི་ཁབ་ཀྱི་ནགས་ཁྲོད་བྲི་ཛིའི་ལྗོངས་སུ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ཏེ། འོད་སྲུང་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་བཀའ་བསྡུ་བ་མཛད་དེ། གང་པོས་རྫུ་འཕྲུལ་གྱི་གཎྜི་བརྡུངས་པས། དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་ནས། བ་ལང་བདག་སུམ་ཅུ་རྩ་གསུམ་ན་ཡོད་པ་སྤྱན་དྲངས་པས་མ་བྱོན་ཏེ། མྱ་ངན་ལས་འདས་སོ། །དེ་ནས་འོད་སྲུང་ཆེན་པོས་དགྲ་བཅོམ་པ་རྣམས་རེ་ཤིག་མྱ་ངན་ལས་མི་འདའ་བར་དམ་ཚིག་བཅས་ནས་ཀུན་དགའ་བོ་ལ་སྐྱོན་བཏགས་ཏེ་བསྐྲད་པས་རིང་པོར་མ་ཐོགས་པར་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་ཐོག་མར་དགྲ་བཅོམ་པ་རྣམས་ཀྱི་སྣམ་སྦྱར་བཏིང་བ་ལ། འཕགས་པ་ཀུན་དགའ་བོ་བཞུགས་ཏེ་མདོ་སྡེ་བསྡུ་བ་མཛད། དེ་བཞིན་དུ་ཉེ་བ་འཁོར་གྱི་འདུལ་བའི་སྡེ་སྣོད་དང་། འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་བསྡུས་ཏེ། ཀུན་དགའ་བོ་ལ་བསྟན་པ་གཏད་ནས། རི་བྱ་རྐང་ཅན་དུ་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གྱིས་སྐུ་གདུང་དྲིལ་ནས་བྱམས་པ་མ་བྱོན་གྱི་བར་དུ་མི་ཉམས་པར་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདས་སོ། །ཀུན་དགའ་བོས་ལོ་བཞི་བཅུའི་བར་དུ་བསྟན་པ་བསྐྱངས་ནས་ཤ་ནའི་གོས་ཅན་ལ་བསྟན་པ་གཏད། དེ་ནས་རིམ་པ་བཞིན་ཉེ་སྦས་དང་། དྷི་དྷི་ཀ་དང་། ནག་པོ་དང་། ལེགས་མཐོང་ལ་གཏད་དེ། བསྟན་པའི་གཏད་རབས་བདུན་ནོ། །གཉིས་པ་ནི། དེའི་རྗེས་བསྟན་པ་དག་པར། ཞེས་སོགས་བདུན་ཏེ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན། ཡངས་པ་ཅན་གྱི་དགེ་སློང་གིས། ཧུ་ལུ་ཧུ་ལུ་ཡི་རང་དང་། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང་། །ལམ་དང་སོར་གཉིས་དཀྲུགས་དང་གདིང་། །གསེར་གྱི་རུང་བ་ཞེས་བྱ་སྟེ། །འདི་དག་རུང་མིན་གཞི་བཅུ་ཡིན། །ཞེས་མི་རུང་བའི་གཞི་བཅུ་བྱས་ཏེ། དེ་ཡང་ཆོས་མིན་གྱི་ལས་ཆོས་ཀྱི་ལས་སུ་བྱས་ཏེ། ཧུ་ལུ་ཧུ་ལུ་ཞེས་བརྗོད་པས་རུང་བར་བྱེད་པ་དང་། སྔར་བཞིན་དུ་ལས་བྱས་ནས་དགེ་སློང་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་ངོ་ཞེས་བརྗོད་ནས་རུང་བར་བྱེད་པ་དང་། རང་གི་ལག་པའི་ཀུན་སྤྱོད་ཀྱིས་ས་བརྐོས་ནས་རུང་བར་བྱེད་པ་དང་། ཇི་སྲིད་འཚོའི་བར་དུ་སྤྱོད་པའི་ལན་ཚྭ་དུས་རུང་ལ་བསྲེས་ནས་དུས་མིན་དུ་ཟ་བ་དང་། ལམ་དཔག་ཚད་ཕྱེད་ཙམ་དུ་ཕྱིན་ནས་འདུས་ཤིང་ཟ་བ་དང་། ལྷག་པོར་མ་བྱས་པའི་ཟས་ཐོག་མར་སོར་མོ་གཉིས་ཀྱིས་བཅད་ནས་ཟ་བ་དང་། ཆང་བླུག་པའི་སྣོད་ནས་ནད་པས་སྲིན་འབུ་པད་མས་ཁྲག་གཞིབས་པ་ལྟར་ཆང་གཞིབས་ཏེ་འཐུང་བ་དང་། འོ་མ་དང་ཞོ་བསྲེས་ནས་དཀྲུགས་ཏེ། དུས་མིན་དུ་ལོངས་སྤྱོད་པ་དང་། གདིང་བ་རྙིང་པ་ལས་མཐོ་གང་གིས་མ་གླན་པར་གསར་པ་ལ་སྤྱོད་པ་དང་། དྲི་ཞིམ་པོས་བྱུགས་པའི་ལྷུང་བཟེད་ཁྲི་སྟན་དང་བཅས་པ་དགེ་ཚུལ་གྱི་མགོ་བོར་བཞག་ནས། ལམ་གྱི་གཞི་མདོར་ལྷུང་བཟེད་འདིར་གསེར་དངུལ་དང་། རིན་པོ་ཆེ་བྱིན་ཅིག་ཅེས་རུང་བར་བྱེད་པའོ། །དེའི་ཚེ་གྲོང་ཁྱེར་ནོར་ཅན་ནས། དགྲ་བཅོམ་པ་གྲགས་པ་འཁོར་ལྔ་བརྒྱ་དང་བཅས་པ། ཡངས་པ་ཅན་དུ་འོངས་པས་མི་རུང་བའི་གཞི་བཅུ་བྱས་པར་རིག་ནས། དགྲ་བཅོམ་པ་ཐམས་ཅད་འདོད་ཀྱི་དྲུང་ན་གླེང་སྟེ། དམར་བུ་ཅན་གྱི་ཟླ་རྒུར་ལ་སོགས་པའི་ཕྱོགས་བཙལ་ནས། དགྲ་བཅོམ་པ་བདུན་བརྒྱ་འདུས་ཏེ། གནས་ཡངས་པ་ཅན་གྱི་ཀུསྨ་པུ་རིའི་གཙུག་ལག་ཁང་དུ། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ནས་རུང་བ་མ་ཡིན་པའི་གཞི་བཅུ་སུན་ཕྱུང་སྟེ། བཀའ་བསྡུ་བ་གཉིས་པ་བྱས་སོ། །གསུམ་པ་ནི། དེ་ལྟར་དག་པར། ཞེས་སོགས་ཚིགས་བཅད་བཅུ་གཅིག་དང་། རྐང་པ་གཅིག་སྟེ། དེ་ཡང་རྒྱ་གར་ལྷོ་ཕྱོགས་ན་དེད་དཔོན་ཞིག་ཡོད་པའི་ཆུང་མ་ལ་བུ་བཙས་པ་དང་། ལྷ་ཆེན་པོར་མིང་བཏགས་ནས་ཕ་དེ་རྒྱ་མཚོར་རིན་པོ་ཆེ་ལེན་དུ་སོང་། དེའི་ཚེ་བུ་ཆེར་སྐྱེས་ཏེ་མ་དང་ལྷན་ཅིག་འདུས་ཕ་འོངས་པའི་གཏམ་ཐོས་ཏེ། ལམ་གོལ་བར་སོང་སྟེ་ཕ་བསད། མ་ཡང་སྐྱེས་པ་གཞན་དང་ཉལ་པོ་བྱེད་པར་ཤེས་ནས་ཁྲོས་ཏེ་བསད། རང་གི་སློབ་དཔོན་དགྲ་བཅོམ་པ་ཞིག་གིས་སྡིག་པའི་རྣམ་སྨིན་བཤད་པས། འདིས་ཁོ་བོའི་བྱ་བ་དེ་དག་ཤེས་སོ་སྙམ་ནས་བཀྲོངས་ཏེ། མཚམས་མེད་ཀྱི་ལས་གསུམ་བྱས་ནས་ཕྱིས་དགོན་པར་བསྡད་དེ། ཆོས་ལོག་མང་དུ་བསྟན། ཐོ་རངས་རང་སྡིག་དྲན་ཏེ། ཀྱེ་མ་སྡུག་བསྔལ་ལོ། །ཞེས་བསྒྲགས་པས་འཁོར་གྱི་རྒྱུ་མཚན་ཞུས་པས། འཕགས་པའི་བདེན་པ་བཞི་བསྒོམས་པས་སྡུག་བསྔལ་བདེན་པ་མངོན་སུམ་དུ་མཐོང་ནས་བོས་པ་ཡིན་ནོ་ཞེས་ཟེར་རོ། །དེའི་ཚེ་འཁོར་རྣམས་ཀྱིས་དཀོན་མཆོག་གསུམ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་དྲིས་པས། ཁོ་བོས་དགྲ་བཅོམ་པར་ཁས་བླངས་ཀྱི་སྟོན་པ་ཡིན་པར་མ་སྨྲས་སོ། །དེ་དག་ལུང་སྟོན་པ་ནི། ཐེ་ཚོམ་དང་། སོམ་ཉི་ལས་བརྒལ་བའི་སངས་རྒྱས་འབའ་ཞིག་གོ །ཞེས་པ་ལ་སོགས་པའི་བརྫུན་ཚིག་གིས་ཚོགས་པ་རྣམས་ཀྱི་མགོ་བོ་བསྐོར་ནས། ལོག་འཚོ་མང་དུ་ཟོས་པས་ཤི་ནས་སེམས་ཅན་དམྱལ་བར་འགྱུར་ཞེས་གྲག་གོ །ཆོས་ལོག་དེ་དག་དགྲ་བཅོམ་རྣམས་ཀྱིས་སུན་ཕྱུང་ནས། བཀའ་བསྡུ་གསུམ་པ་བྱས་ཞེས་ཐོས་སོ། །འོན་ཀྱང་དེའི་ལེ་ལན་གྱིས་སྡེ་པ་བཅོ་བརྒྱད་པོ་རྣམས་ལ་ཡང་། འཇིག་རྟེན་འདས་པར་སྨྲ་བའི་སྡེ་པས། དགྲ་བཅོམ་ལ་ཐེ་ཚོམ་དང་། སོམ་ཉི་ཡོད་པར་འདོད་པ་དང་། ཐམས་ཅད་ཡོད་པར་སྨྲ་བས། དགྲ་བཅོམ་འབྲས་བུ་ལས་ཉམས་པ་ཡོད་པར་འདོད་པ་སོགས་ཅུང་ཟད་བསླད་པ་ཡོད་ཅེས་ཟེར་ཞིང་། དབྱིག་གཉེན་གྱི་རྣམ་བཤད་རིག་པ་ལས། བླ་མ་ཀུན་དགའ་འོད་ཙེལ་དང་། །སྡུག་བསྔལ་ཕུང་སྟོན་ས་སྟོན་དང་། །འཆར་ཁ་སྟོང་ཉིད་ཆུ་ལས་སྐྱེས། །གང་པོ་ས་མཚོ་ཆུ་ཤིང་དང་། །མྱ་ངན་འདས་དང་ཡུལ་འཁོར་སྐྱོང་། །འགྲོ་བ་མདོ་དང་དེ་བཞིན་གཞན། །ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །ཞེས་མདོ་དེ་རྣམས་འགའ་ཞིག་མ་ཚང་བ་དང་། ལུང་ཉམས་པ་རྣམས་བཀའ་བསྡུ་ཉམས་པའི་དབང་གིས་བྱུང་བ་ཡིན། ཞེས་དགོངས་སོ། །བཀའ་བསྡུ་གསུམ་པ་འདི་འདུལ་བ་ལུང་ལས་གསལ་བར་མ་བཤད་པས། འདོད་པ་མི་མཐུན་པ་དུ་མ་ཡོད་པ་ལས། རྟོག་གེ་འབར་བར་ལུགས་གཉིས་གསུངས་པ་ལས། དང་པོ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ན། གྲོང་ཁྱེར་མེ་ཏོག་གིས་བརྒྱན་པར་རྒྱལ་པོ་མྱ་ངན་མེད་བྱུང་སྟེ། དགྲ་བཅོམ་པ་རྣམས་ཀྱིས་སྐད་རིགས་མི་གཅིག་པ་བཞི་སོ་སོར་བཀླགས་པས། སློབ་མ་རྣམས་གྲུབ་མཐའ་སྣ་ཚོགས་སུ་གྱུར། དེ་ནས་དགྲ་བཅོམ་པ་དང་། སོ་སོ་སྐྱེ་བོའི་མཁས་པ་རྣམས་ཛཱ་ལནྡྷ་རའི་དགོན་པར་འདུས་ནས་བསྟན་པ་བསྡུས་སོ། །དེའི་ཚེ་སྟོན་པ་མྱ་ངན་ལས་འདས་ནས། ལོ་སུམ་བརྒྱ་སོང་ཞེས་ཟེར་ཞིང་། འོད་ལྡན་ལས་ཀྱང་དེ་དང་མཐུན་པར་གསུངས་སོ། །ལུགས་གཉིས་པ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སུམ་ཅུ་སོ་བདུན་ན། བདུད་སྡིག་ཅན་བཟང་པོ་ཞེས་བྱ་བས་བསྟན་པ་དཀྲུགས་ནས་སོ་སོར་གྱེས། དེ་ནས་ལོ་དྲུག་ཅུ་རྩ་གསུམ་ནས་གནས་བརྟན་གནས་མའི་བུས་བསྡུ་བ་གསུམ་པ་བྱས་ཞེས་ཟེར་རོ། །གཉིས་པ་ལ་གསུམ་སྟེ། འགྲིབ་པའི་ཚུལ། དར་བའི་ཚུལ། དེའི་རྗེས་སུ་བྱུང་ཚུལ་ལོ། །དང་པོ་ནི། ཐེག་པ་ཆེན་པོའི། ཞེས་སོགས་བདུན་ཏེ། ཐེག་པ་ཆེན་པོའི་བསྟན་པ་མཐའ་དག་ཀུན་དགའ་བོས་བསྡུས་པར། སློབ་དཔོན་སེང་གེ་བཟང་པོས་བཞེད་ཅིང་། རྟོག་གེ་འབར་བར་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། གསང་བའི་བདག་པོ་དང་། བྱམས་པ་ལ་སོགས་པ་རྣམས་རྩ་བའི་སྡུད་པ་པོ་ཡིན་པར་བཞེད་དོ། །འོན་ཀྱང་ཕྱག་ན་རྡོ་རྗེ་ཀུན་ཏུ་བཟང་པོ་ཀུན་དགའ་བོ་རྣམས་ནི་ངོ་བོ་གཅིག་པར་ཐུན་མོང་མ་ཡིན་པའི་གསང་བ་དང་། ཕྱག་རྡོར་དབང་བསྐུར་བར་གསུངས་པས་གང་གིས་བསྡུས་ཀྱང་འགལ་བ་མེད་ལ། ངེས་པའི་དོན་དུ་ན། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་པ་ལྟར་འཁོར་དང་སྟོན་པ་ཐ་མི་དད་པ་ཡིན་ཀྱང་གདུལ་བྱའི་ངོར་སོ་སོར་སྣང་བའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཕལ་ཆེར་དང་། བྱ་རྒྱུད་འགའ་ཞིག་ཀུན་དགའ་བོས་བསྡུས་ཤིང་། སྤྱོད་རྒྱུད་དང་། རྣལ་འབྱོར་རྒྱུད་འགའ་ཞིག་ཕྱག་ན་རྡོ་རྗེས་བསྡུས་པར་བཤད། བླ་མེད་ཀྱི་རྒྱུད་ཕལ་ཆེར་ནི་རང་རང་གི་ཞུ་བ་པོས་བསྡུས་ཏེ། བསྟན་པ་ཤིན་ཏུ་དར་བར་གྱུར་ནས་ཅུང་ཟད་ཉམས་དམས་པའི་ཚེ། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་འཕགས་པ་ཀླུ་སྒྲུབ་བྱོན་ཏེ། སའི་སྟེང་དུ་སེང་གེའི་སྒྲ་ལན་གསུམ་དུ་བསྒྲགས་ནས་ཤིན་ཏུ་དར་བར་གྱུར་ཏོ། །དེ་ནས་རེ་ཞིག་ན་ཆོས་མངོན་པ་ལ་དགྲ་ལན་གསུམ་དར་ཏེ། སངས་རྒྱས་པའི་གཎྜིའི་སྒྲ་ལ་བརྟགས་པས་མུ་སྟེགས་པ་ལ་གནོད་པར་རིག་ནས། དམག་དཔུང་བསྡུས་ཏེ་གཙུག་ལག་ཁང་མང་དུ་བཤིག་གོ །ཡང་ཡུལ་དབུས་ཀྱི་ཆོས་རྒྱལ་གྱིས་མཐའ་འཁོབ་སྟག་གཟིག་གི་རྒྱལ་པོ་ལ་གོས་སྲུབས་མེད་པ་རི་མོ་ཤིན་ཏུ་བཀྲ་བ་ཞིག་སྐྱེས་སུ་བསྐུར་ནས། སྙིང་གར་རྐང་རྗེས་ལྟ་བུ་བྲིས་པ་འདི་ངན་བྱས་པ་ཡིན་ཞེས་ཟེར་ནས། ཡུལ་དབུས་སུ་དམག་དྲངས་ཏེ་བཅོམ་ནས། གཙུག་ལག་ཁང་དང་། དགེ་འདུན་གྱི་སྡེ་མང་པོ་བརླགས་པར་བྱས་སོ། །ཡང་མུ་སྟེགས་བྱེད་ཀྱི་སྤྲང་པོ་ཞིག་གིས་དགེ་འདུན་གྱི་སྡེ་རྣམས་སུ་ཟས་སློང་བ་ལ་དགེ་ཚུལ་གཞོན་ནུ་རྣམས་ཀྱིས་ཐོ་འཚམས་པས་ཁྲོས་ཏེ། ས་འོག་ཏུ་ཞུགས་ནས་ཉི་མ་བསྒྲུབས་པས་གྲུབ་ནས་བལྟས་པ་ཙམ་གྱིས་ནང་པའི་གཙུག་ལག་ཁང་རྣམས་བསྲེགས་པའི་ཚེ། དམ་ཆོས་མངོན་པ་ལ་སོགས་པའི་སྡེ་སྣོད་ཕལ་ཆེར་བསྲེགས་ཞེས་གྲག་གོ །གཉིས་པ་ནི། དེས་ན་འཕགས་པ་ཞེས་སོགས་གསུམ་སྟེ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལ་ཉེ་བ་ན་ཐོགས་མེད་སྐུ་མཆེད་བྱོན་ཏེ། གཅེན་གྱིས་བྱམས་པ་བསྒྲུབས་པས་གྲུབ་སྟེ། དགའ་ལྡན་དུ་བྱོན་ནས་ཆོས་མངོན་པ་སྟོང་ཕྲག་བརྒྱ་པ་དང་། བྱམས་པའི་ཆོས་ལྔ་ལ་སོགས་པ་གསན་ནས་འཛམ་བུ་གླིང་དུ་བྱོན་ཏེ། ཤིན་ཏུ་དར་བར་མཛད་དོ། །གསུམ་པ་ནི། དེ་ཡི་རྗེས་ལ། ཞེས་སོགས་གསུམ་སྟེ། ཐོགས་མེད་ཀྱིས་དབྱིག་གཉེན་ལ་བཤད། དེས་ཊ་ཀ་ར་ཎ་སྡེ་བརྒྱད་ལ་སོགས་པའི་བསྟན་བཅོས་མང་དུ་མཛད་དེ། ཐེག་པ་ཆེན་པོའི་ཆོས་བཤད་པས་སློབ་མ་ལ་འདུལ་བ་འཛིན་པ་ཡོན་ཏན་འོད། མངོན་པ་འཛིན་པ་ཁ་ཆེ་བློ་བརྟན། རིགས་པ་སྨྲ་བ་ཕྱོགས་ཀྱི་གླང་པོ། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་འཛིན་པ་འཕགས་པ་གྲོལ་སྡེ་ལ་སོགས་པ་མང་དུ་བྱོན་ནོ། །གཉིས་པ་ལ་གསུམ་སྟེ། བསྟན་པ་སྔ་དར་གྱི་བྱུང་ཚུལ། ཕྱི་དར་གྱི་བྱུང་ཚུལ། སྐབས་ཀྱི་དགག་བྱའི་ཆོས་ལོག་བྱུང་ཚུལ་ལོ། །དང་པོ་ནི། ཕྱི་ནས་གངས་རིའི་ཞེས་སོགས་ཚིགས་བཅད་གཅིག་སྟེ། དེ་ལ་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནི། རྒྱ་གར་གྱི་རྒྱལ་བརྒྱུད་ཞིག་རིམ་གྱིས་བོད་དུ་འཆུགས་པ་ཡིན་ལ། དེ་ནས་གནམ་ལ་ཁྲི་བདུན། ས་ལ་ལེགས་དྲུག བར་གྱི་ལྡེ་བརྒྱད་རྣམས་རིམ་གྱིས་བྱུང་ཞིང་། དེ་ནས་བཙན་ལྔ་བྱུང་བའི་ཐ་མ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་ན་སྲོང་བཙན་སྒོམ་པོ་བྱུང་བའི་དུས་སུ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་དང་ལྔ་བརྒྱ་འདས་པའི་འོག་ཏུ་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་འབྱུང་ངོ་། །ཞེས་ལུང་བསྟན་པ་དང་མཐུན་པར་དམ་པ་ཆོས་ཀྱི་སྲོལ་བཏོད། ར་ས་འཕྲུལ་ནང་གི་གཙུག་ལག་ཁང་བརྩེགས། ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊས་དཀོན་མཆོག་སྤྲིན་ལ་སོགས་པའི་ཆོས་མང་དུ་བསྒྱུར་རོ། །དེ་ནས་རྒྱལ་རབས་ལྔ་ན་ཁྲི་སྲོང་ལྡེ་བཙན་གྱིས་སྐུ་རིང་ལ་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་དོ། །བསམ་ཡས་ཀྱི་གཙུག་ལག་ཁང་བརྩིགས། མཁན་པོ་བོ་དྷི་ས་ཏྭ་དང་། སྔགས་འཆང་པདྨ་འབྱུང་གནས་སྤྱན་དྲངས་ནས། རྣམ་དག་ཁྲིམས་ཁང་གླིང་དུ་ཁྲིམས་ཕོག་སྟེ། ལོ་ཙཱ་བ་སད་མི་མི་བདུན་ལ་སོགས་པ་རྣམས་རབ་ཏུ་བྱུང་། དགའ་ལྡན་སེམས་བསྐྱེད་གླིང་དུ་ཐེག་ཆེན་སེམས་བསྐྱེད་ཀྱི་སྡོམ་པ་འབོགས། བདུད་འདུལ་སྔགས་པ་གླིང་དུ་སྔགས་ཀྱི་དབང་བསྐུར་ཏེ། སྡོམ་པ་གསུམ་གྱི་ལག་ལེན་དར་བར་མཛད། གཞན་ཡང་པཎྜི་ཏ་མང་དུ་སྤྱན་དྲངས་ཏེ། བཀའ་དང་བསྟན་བཅོས་ཀྱི་ཆོས་མང་དུ་བསྒྱུར་ཏེ། རྒྱལ་པོ་དེའི་སྲས་མུ་ནེ་བཙན་པོ། དེའི་སྲས་སད་ན་ལེགས་འཇིང་ཡོན། དེ་ལ་སྲས་གཙང་མ། དར་མ། རལ་པ་ཅན་གསུམ་ལས། རལ་པ་ཅན་གྱི་རིང་ལ། འུ་ཤང་རྡོའི་གཙུག་ལག་ཁང་བཞེངས། ཆོས་སྔར་མ་འགྱུར་བ་མང་དུ་བསྒྱུར། བསྟན་པ་དར་རྒྱས་སུ་མཛད། དེ་ནས་གླང་དར་མས་བློན་པོ་ངན་པ་དང་གྲོས་ངན་བཤམས་ཏེ་བཀྲོངས་ནས། དར་མས་རྒྱལ་སྲིད་ལོ་ལྔ་བཟུང་ནས། རབ་བྱུང་ལ་ལ་འབེབས། ལ་ལ་གསོད། དཀོན་མཆོག་གི་མཆོད་པ་རྒྱུན་གཅོད། ལོ་པཎ་གྱི་འགྱུར་གྲྭ་རྣམས་བཤིག མི་དགེ་བའི་ཁྲིམས་བཅའ་བ་ལ་སོགས་པ་བྱས་ཏེ། སངས་རྒྱས་ཀྱི་བསྟན་པ་རྣམས་བཤིག་གོ །དེ་ནས་ལྷ་ལུང་དཔལ་གྱི་རྡོ་རྗེས། གླང་དར་མ་བཀྲོངས་སོ། །དེའི་ཚེ། གཡོ་དགེ་འབྱུང་། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་གསུམ་མདོ་ཁམས་སུ་བྲོས་ཏེ། དེ་གསུམ་གྱི་སྡོམ་ཕྲུག་ལ། བླ་ཆེན་དགོངས་པ་རབ་གསལ་བྱུང་བ་ལ། དུས་ཕྱིས་ཀྱི་མཁས་པ་མི་བཅུས་སྡོམ་པ་བླངས་ཏེ། རབ་བྱུང་གི་སྡེ་བཙུགས་པ་ལ་བསྟན་པ་བར་དར་དུ་སྔོན་གྱི་མཁས་པ་ཁ་ཅིག་བཞེད་ཅིང་། ཕྱིས་ཀྱི་མཁས་པ་ཁ་ཅིག་བསྟན་པ་སྔ་དར་དང་ཕྱི་དར་གཉིས་སུ་བྱས་ནས་དེ་ཕྱི་དར་ཡིན་ཞེས་ཟེར་རོ། །གཉིས་པ་ནི། དེ་ཚེ་བླ་མ་ཞེས་སོགས་ཉེར་གཅིག་སྟེ། དར་མ་ལ་སྲས་ཡུམ་བརྟན་དང་། འོད་སྲུང་གཉིས་ལས། འོད་སྲུང་གི་སྲས། རྗེ་དཔལ་འཁོར་བཙན། དེ་ལ་སྲས་བཀྲ་ཤིས་བརྩེགས་པ་དཔལ་དང་། ཉི་མ་མགོན་གཉིས་ལས། ཕྱི་མ་པུ་ཧྲངས་སུ་བྱོན་ཏེ། སྲས་གསུམ་བྱུང་བའི་ཆེ་ཤོས་དཔལ་ལྡེ་རིག་པ་མགོན་གྱིས་མང་ཡུལ་བཟུང་། བར་པ་བཀྲ་ཤིས་ལྡེ་མགོན་གྱིས། པུ་ཧྲངས་བཟུང་། ཆུང་བ་ལྡེ་ཙུག་མགོན་གྱིས་གུ་གེ་བཟུང་། དེ་ལ་སྲས་གཉིས་བྱུང་བས། ཆེ་ཤོས་ཁོར་རེ་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་འོད་དུ་བཏགས། གཅུང་པོ་སྲོང་དེའི་སྲས་ལྷ་ལྡེ། དེའི་སྲས་འོད་ལྡེ། ཞི་བ་འོད། ལྷ་བཙུན་བྱང་ཆུབ་འོད་གསུམ་མོ། །ལྷ་བླ་མ་ཡེ་ཤེས་འོད་ཀྱིས། ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་སོགས་པ། ཉི་ཤུ་རྩ་གཅིག་ཁ་ཆེར་བརྫངས་ཏེ། ཕྱིས་ལོ་ཆེན་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ཀྱིས། བོད་དུ་བྱོན་ནས་བསྟན་པ་དར་རྒྱས་སུ་མཛད། ལོ་ཆེན་གྱིས། ཆོས་དང་། ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་མཛད་ནས། ཆོས་ལོག་ཐམས་ཅད་ནུབ་པར་མཛད། དེའི་སློབ་མ་རྒྱལ་པོའི་སྲས་ཞི་བ་འོད་ཀྱིས། སྔགས་ལོག་སུན་འབྱིན་མཛད། འགོས་ལོ་ཙཱ་བས་ཆོས་ལོག་སུན་འབྱིན་མཛད་པ་ནས་བཟུང་སྟེ། དུས་ཕྱིས་ཆོས་རྗེ་ས་སྐྱ་པ་བཞུགས་པ་ཡན་ཆད་དུ་ཆོས་ལོག་སྤྱོད་པ་ཉུང་ཞེས་ཐོས་སོ། །གསུམ་པ་ནི། ཕྱི་ནས་ཕག་མོའི་ཞེས་སོགས་ཚིགས་བཅད་གསུམ་སྟེ། བླ་མ་ས་ཆེན་འདས་པའི་རྗེས་ནས། ཕག་མོའི་བྱིན་རླབས་ཀྱིས་ཆོས་སྒོ་འབྱེད་པ་སོགས། སངས་རྒྱས་ཀྱི་བསྟན་པ་དང་འགལ་བའི་ཆོས་ལོག་དུ་མ་འཕེལ་ཞིང་། དེའི་རྗེས་སུ་བླུན་པོ་རྣམས་འབྲང་བ་ལྟ་སྨོས་ཀྱང་ཅི་དགོས། མཁས་པ་སྦྱངས་པར་རློམ་པ་རྣམས་ཀྱང་འཇུག་པར་བྱེད་དོ། །གསུམ་པ་ལ་བཞི་སྟེ། ཕྱོགས་ཆོས་བསྒྲུབ་པ། ཁྱབ་པ་བསྒྲུབ་པ། རྟགས་འགོད་པ། དོན་བསྡུ་བའོ། །དང་པོ་ནི། འདི་འདྲའི་རིགས་ཅན་ཞེས་སོགས་དགུ་སྟེ། ཆོས་ལོག་དེ་དག་གིས་བསྟན་པ་ལ་གནོད་པར་ལྡོག་པ་དང་། རྗེས་འགྲོ་གཉིས་ཀྱི་སྒོ་ནས་བསྒྲུབ་པའོ། །གཉིས་པ་ནི། གནོད་ཀྱང་སུན་འབྱིན་ནམ་ཞེས་སོགས་ལྔ་སྟེ། བསྟན་པ་ལ་གནོད་ན་སུན་འབྱིན་དགོས་པའི་ཁྱབ་པ་བསྒྲུབ་པའོ། །གསུམ་པ་ནི། བསྟན་ལ་གནོད་པའི་ཞེས་སོགས་གཉིས་ཏེ། ཆོས་ལོག་ཀྱང་ཞེས་པ་ནི་ཆོས་ཅན་ནོ། །བསྟན་ལ་གནོད་པ་ཞེས་པ་ནི་རྟགས་སོ། །ཚིག་རྐང་ཕྱི་མ་ནི་བསྒྲུབ་བྱའི་ཆོས་སོ། །བཞི་པ་ནི། ཅི་སླད་ཞེ་ན། ཞེས་སོགས་ཚིགས་བཅད་གཅིག་གོ །བཞི་པ་ལ་གཉིས་ཏེ། གཏན་གྱི་ཉམས་ལེན་བརྟགས་ནས་བླང་བ། གཏན་གྱི་སྐྱབས་གནས་བརྟགས་ནས་བླང་བའོ། །དང་པོ་ནི། ཉི་མ་གཅིག་གི་ཞེས་སོགས་ཚིགས་བཅད་བཞི་སྟེ། དམ་པའི་ཆོས་ལ་བརྟག་དཔྱད་བྱ་དགོས་པ་དཔེའི་སྒོ་ནས་བསྟན་པའོ། །གཉིས་པ་ནི། ཉིན་གཅིག་གི་ནི། ཞེས་སོགས་བཅུ་གསུམ་སྟེ། ཆོས་སྟོན་པའི་བླ་མ་ལ་བརྟགས་དཔྱད་བྱ་དགོས་པ་དཔེའི་སྒོ་ནས་བསྟན་པའོ། །གཉིས་པ་ཀུན་སློང་ཟང་ཟིང་མེད་པའི་བྱམས་པ་ལ་གསུམ་སྟེ། ཕན་པར་བསམ་པས་ཟང་ཟིང་མེད་པ། བྱ་བ་འོས་པས་ཟང་ཟིང་མེད་པ། གཞན་ལ་བསྐུལ་བས་ཟང་ཟིང་མེད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བདག་ནི་སེམས་ཅན། ཞེས་སོགས་ཚིགས་བཅད་གཉིས་ཏེ། དེ་ལྟར་བསྟན་པའི་དགག་སྒྲུབ་བྱེད་པ་ཐམས་ཅད་ཀྱང་། གཞན་ལ་སྡང་སེམས་དང་། རང་ཉིད་ཀྱིས་གྲགས་པ་བསྒྲགས་པའི་ཆེད་དུ་མ་ཡིན་གྱི། ཀུན་སློང་འདི་ལྟ་བུ་ཁོ་ནས་བྱས་སོ་ཞེས་པའོ། །གཉིས་པ་ལ་གསུམ་སྟེ། ཕན་པ་སྡང་སེམས་ཡིན་ན་ཧ་ཅང་ཐལ། བདུད་རིགས་ཕམ་པ་སྡང་སེམས་མིན་པར་བསྟན་པ། ཀུན་སློང་ཟང་ཟིང་མེད་པར་བསྟན་པ་དངོས་སོ། །དང་པོ་ལ་ལྔ་སྟེ། བསྟན་འཛིན་ལ་ཧ་ཅང་ཐལ་བ། སྟོན་པ་ལ་ཧ་ཅང་ཐལ་བ། ལོང་འཁྲིད་ལ་ཧ་ཅང་ཐལ་བ། སྨན་པ་ལ་ཧ་ཅང་ཐལ་བ། དོན་བསྡུ་བའོ། །དང་པོ་ནི། ཀླུ་སྒྲུབ་དང་ནི། ཞེས་སོགས་ལྔ་སྟེ། གཞན་གྱི་ཆོས་ལོག་སུན་ཕྱུང་བ། གཞན་ལ་སྡང་བ་ཡིན་ན། འོག་ནས་འཆད་པ་འདི་དག་ཐམས་ཅད་ཀྱིས་གཞན་ལ་སྡང་བར་འགྱུར་ཞེས་པའོ། །གཉིས་པ་ནི། རྫོགས་པའི་སངས་རྒྱས། ཞེས་སོགས་གསུམ་མོ། །གསུམ་པ་ནི། མཁས་རྣམས་བླུན་པོའི། ཞེས་སོགས་དགུའོ། །བཞི་པ་ནི། ནད་པ་ལ་ནི། ཞེས་སོགས་ལྔའོ། །ལྔ་པ་ནི། ཆོས་ལོག་པ་དང་། ཞེས་སོགས་ལྔའོ། །གཉིས་པ་ནི། སངས་རྒྱས་འཇིག་རྟེན། ཞེས་སོགས་བཅུ་བདུན་ཏེ། མཁས་པ་རྣམས་ཀྱིས་བཤད་པ་བྱས་པས་ཆོས་ལོག་སྤྱོད་པ་དང་། བདུད་རིགས་ཕམ་པ་དེའི་སྐྱོན་མ་ཡིན་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། མཁས་པ་རྣམས་ཀྱིས་བཤད་པ་བྱེད་པ། ཆོས་ལོག་སྤྱོད་པ་ཕམ་པ་ལ་སོགས་པའི་འབྲས་བུ་རྣམས་འབྱུང་བ་འདི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར་ཏེ། མ་ཁོལ་གྱིས་ཀྱང་བསྟོད་པ་བརྒྱ་ལྔ་བཅུ་པ་ལས་སོགས་སོ། །དེས་ན་འབྲས་བུ་གསུམ་དང་ལྡན་པའི་བཤད་པ་འདི་འདྲས་བསྟན་པ་སོགས་སོ། །གསུམ་པ་ནི། བདག་ཀྱང་རྡོ་རྗེ། ཞེས་སོགས་ཚིགས་བཅད་ལྔ་སྟེ། ས་སྐྱ་པཎྜི་ཏ་བདག་གིས་ཀྱང་། ཕག་མོའི་བྱིན་རླབས་ཙམ་རེ་བྱས་པ་ལ། དཀར་པོ་ཆིག་ཐུབ་བསྟན་པ་སོགས་བྱས་ན་འཁོར་དང་། ཟང་ཟིང་འབྱུང་བར་ཤེས་མོད་ཀྱིས། འོན་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་བསམས་ནས། ཆོས་ལོག་སྤྱོད་པ་བཀག་ནས་བསྟན་པ་རྣམ་དག་བཤད་པ་ཡིན་ཏེ། འཁོར་དང་ཟང་ཟིང་བསྒྲུབ་པའི་ཆེད་དུ་སེམས་ཅན་བསྡུས་པ་མ་ཡིན་ཞིང་། སངས་རྒྱས་ཀྱི་བསྟན་པ་ཇི་ལྟ་བ་བཞིན་བསྒྲུབས་ན། སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་བསམས་པའི་ཕྱིར་རོ། །གཉིས་པ་ནི། མུ་སྟེགས་བྱེད་དང་། ཞེས་སོགས་ཚིགས་བཅད་ལྔ་སྟེ། ཚིགས་བཅད་དང་པོས་ནི། འཕགས་ཡུལ་གྱི་འཁྲུལ་པ་རྣམས་འདིར་མི་འགོག་པར་སྟོན། དེ་ནས་གཅིག་གིས། བོད་དུ་སྐབས་སུ་བབ་པའི་འཁྲུལ་པ་རྣམས་འགོག་པར་སྟོན། དེ་ནས་རྐང་པ་ལྔས་སྐབས་སུ་བབ་པ་དེ་ལ་ཡང་བཤད་དུ་མི་རུང་བ་རྣམས་འདིར་མི་འགོག་པར་སྟོན། དེ་ནས་ཚིགས་བཅད་གཅིག་གིས་བཤད་དུ་རུང་བ་རྣམས་འགོག་དགོས་པའི་རྒྱུ་མཚན་སྟོན། དེ་ནས་རྐང་པ་གསུམ་གྱིས་གཞུང་འཚམས་པར་སྟོན་ཏེ། དེ་ལྟར་ན་དགག་པར་འོས་པ་རྣམས་འགོག་ཅིང་། མི་འོས་པ་རྣམས་བཞག་པས་ན་ཀུན་སློང་རྣམ་པར་དག་པའོ། །གསུམ་པ་ནི། གལ་ཏེ་ལུང་དང་། ཞེས་སོགས་བདུན་ཏེ། ལུང་རིགས་ཀྱི་གནད་ཤེས་པའི་རྗེས་འཇུག་གིས་མཁས་པ་རྣམས་ཀྱིས་ཀྱང་དགག་སྒྲུབ་ཚུལ་བཞིན་དུ་གྱིས་ཏེ། རྒྱུ་མཚན་ནི། སངས་རྒྱས་བསྟན་དང་། སོགས་སོ། །གསུམ་པ་བདག་རྐྱེན་ཕྱོགས་ལྷུང་མེད་པའི་ཤེས་རབ་ལ་བཞི་སྟེ། ཐ་སྙད་མང་དུ་ཐོས་པ། མདོ་སྡེ་མང་དུ་ཐོས་པ། རྒྱུད་སྡེ་མང་དུ་ཐོས་པ། མན་ངག་མང་དུ་ཐོས་པའོ། །དང་པོ་ནི། བདག་གིས་སྒྲ་དང་། ཞེས་སོགས་གསུམ་སྟེ། དེ་ལ་སྒྲ་ནི་བརྡ་སྤྲོད་པར་བྱེད་པའི་བསྟན་བཅོས་ཡིན་ལ། དེའི་གཙུག་གི་ནོར་བུ་ལྟ་བུ་ཀ་ལཱ་པ་དང་། ཙཎྜ་པ་དང་། དེ་དག་གི་མིང་གི་སྒྲ་བསྒྲུབ་པ་དང་། སྒྲའི་བྱིངས་བསྒྲུབ་པ་དང་། བྱེད་པའི་ཚིག་སྒྲུབ་པ་ལ་སོགས་པ་སྒྲའི་བསྟན་བཅོས་ཡན་ལག་དང་བཅས་པ་ཐོས་པ་ཡིན་ནོ། །ཚད་མ་ནི་དོན་གྱི་འགལ་འགྲེལ་གཅོད་པའི་བསྟན་བཅོས་ཡིན་ལ། དེའི་གཙུག་གི་ནོར་བུ་ལྟ་བུ་ཚད་མ་ཀུན་ལས་བཏུས་པ་དང་། དེའི་ཚིག་དོན་གཏན་ལ་འབེབས་པ་རབ་ཏུ་བྱེད་པ་སྡེ་བདུན་ཡན་ལག་དང་བཅས་པ་ཐོས་པ་ཡིན་ནོ། །སྡེབ་སྦྱོར་ལ་རྒྱུད་འཕེལ་དང་། སྐྱེད་པ་གཉིས་ལས། དང་པོ་ལ་མཉམ་པ་དང་། ཕྱེད་མཉམ་པ་དང་། མི་མཉམ་པ་དང་གསུམ། ཕྱི་མ་ལ་འཕགས་པ་དང་། རོ་ལངས་དང་། ཕྱི་མོ་མཉམ་པ་གསུམ་སྟེ། དེ་དག་སོ་སོའི་རྣམ་པར་བཞག་པ་དང་བཅས་པ་ཐོས་སོ། །རྒྱན་ལ་སྙན་ངག་གིས་མཚན་ཉིད་སྟོན་པར་བྱེད་པ་དང་། དེ་དང་མི་འགལ་བར་སྟོན་པར་བྱེད་པ་གཉིས་ལས། དང་པོ་ལ་དབྱངས་ཅན་གྱི་མགུལ་རྒྱན་ལ་སོགས་པ་དང་། གཉིས་པ་ལ་སྐྱེས་རབས་ལ་སོགས་པ་རྣམས་ཐོས་སོ། །མིང་གི་མངོན་བརྗོད་ནི་སོ་སོ་ཡང་དག་རིག་པའི་རྒྱུར་འགྱུར་བའི་མིང་གི་རྣམ་གྲངས། དེ་ལ་ཡང་འཆི་མེད་མཛོད་དང་། སྣ་ཚོགས་གསལ་བ་ལ་སོགས་པ་ཐོས་སོ། །གཉིས་པ་ནི། འདུལ་བ་དང་ནི་ཞེས་སོགས་གཉིས་ཏེ། ཁ་ཆེ་པཎ་ཆེན་ལས། འདུལ་བ་ལུང་དང་། སོ་སོ་ཐར་པ་དང་། མདོ་རྩ་དང་། འོད་ལྡན་དང་། མེ་ཏོག་ཕྲེང་རྒྱུད་དང་། མངོན་པ་མཛོད་དང་། ཐེག་བསྡུས། རྣམ་བཤད་རིགས་པ། ཉི་ཤུ་པ། སུམ་ཅུ་པ། ཕུང་པོ་ལྔའི་རབ་བྱེད། མངོན་རྟོགས་རྒྱན་རྩ་འགྲེལ། ཤེར་ཕྱིན་བདུན་བརྒྱ་པ། བརྒྱད་སྟོང་དོན་བསྡུས་རྣམས་གསན་ཅིང་། ཞུ་དོན་ལས། མངོན་རྟོགས་རྒྱན་མ་གཏོགས་པའི་བྱམས་ཆོས་རྩ་འགྲེལ། བསླབ་པ་ཀུན་ལས་བཏུས་པའི་འགྲེལ་བཤད། དབུ་མ་བདེན་གཉིས་ཆེ་བ། དབུ་མ་རྒྱན། རིགས་ཚོགས་རྣམས་གསན་ནོ། །གསུམ་པ་ནི། གསང་སྔགས་རྒྱུད་སྡེ་ཞེས་སོགས་ཚིགས་བཅད་གཅིག་སྟེ། དེ་དག་ཐོས་པའི་ཚུལ་རྣམ་ཐར་དུ་བཤད་ཟིན་ཅིང་། ཐོས་པ་དེ་དག་མིང་རྐྱང་ཙམ་མ་ཡིན་པར། བསམ་བྱུང་གི་རིགས་པས་དཔྱད་པས་དོན་གྱི་གནད་ཇི་ལྟ་བ་བཞིན་རྟོགས་པ་ཡིན་ཏེ། ཆོས་རྗེ་ཉིད་ཀྱི་ཞལ་ནས། སྦྲང་རྩི་འཛིན་པ་སྦྲང་རྩིའི་བརྟུལ་ཞུགས་ཅན། །སྦྲང་བུ་མིན་པས་སྦྲང་རྩིའི་བཅུད་མ་རྙེད། །སྡེ་སྣོད་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོ་མིན་པས་ཤེས་བྱའི་བཅུད་མ་རྙེད། །ཞེས་སོ། །བཞི་པ་ནི། བྱེ་བྲག་སྨྲ་དང་། ཞེས་སོགས་ཚིགས་བཅད་བརྒྱད་དེ། གྲུབ་མཐའ་སྨྲ་བ་བཞིའི་གདམས་ངག་བོད་དུ་འགྱུར་བ་ཕལ་ཆེ་བ་དང་། ཕ་དམ་པའི་ཞི་བྱེད་བརྒྱུད་པ་གསུམ་དང་། ཨ་རོའི་རྫོགས་ཆེན་དང་། ཨ་མ་ལབས་ཀྱི་སྒྲོན་མའི་གཅོད་དང་། མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་ཀྱི་དོན་ཅིག་ཅར་དུ་བསྒོམ་པ་ཇོ་བོ་ནས་བརྒྱུད་པ་དང་། ཕ་རོལ་ཏུ་ཕྱིན་པའི་བློ་སྦྱོང་དོན་བདུན་མ་ལ་སོགས་པ་དང་། བཀའ་གདམས་གཞུང་པ་དང་། གདམས་ངག་གི་ལུགས་གཉིས་དང་། ས་ར་ཧའི་དོ་ཧྭ་མཛོད་ཀྱི་གླུ་ལ་སོགས་པ་སྙིང་པོ་སྐོར་དྲུག་དང་། གྲུབ་པ་སྡེ་བདུན་རྣམས་ཀྱང་ཐོས་སོ། །དེ་ལ་སྙིང་པོ་སྐོར་དྲུག་ནི། མཛོད་ཀྱི་གླུ་དང་། ཏོག་རྩེ་བའི་བསམ་མི་ཁྱབ། ལྷན་སྐྱེས་རྡོ་རྗེའི་གནས་པ་བསྡུས་པ་དང་། ཨཱརྻ་དེ་ཝའི་སེམས་ཀྱི་སྒྲིབ་སྦྱོང་དང་། དེ་ཝ་ཙནྡྲའི་ཤེས་རབ་ཡེ་ཤེས་གསལ་བ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཕྱག་རྒྱ་བཞི་པ་དང་དྲུག་གོ །གྲུབ་པ་སྡེ་བདུན་ནི། ཨིནྡྲ་བྷཱུ་ཏིས་མཛད་པའི་ཡེ་ཤེས་གྲུབ་པ་དང་། ཡན་ལག་མེད་པའི་རྡོ་རྗེས་མཛད་པའི་ཐབས་ཤེས་གྲུབ་པ་དང་། པདྨ་བཛྲའི་གསང་བ་གྲུབ་པ་དང་། ཌོཾ་བྷི་ཝའི་ལྷན་ཅིག་སྐྱེས་པ་གྲུབ་པ་དང་། དཔལ་ཆེན་མོའི་གཉིས་སུ་མེད་པ་གྲུབ་པ་དང་། ཧ་རི་ཀ་པའི་གསང་བའི་དེ་ཁོ་ན་ཉིད་གྲུབ་པ་དང་། རྣལ་འབྱོར་མ་ཙི་ཏོས་མཛད་པའི་དངོས་པོ་གསལ་བའི་དེ་ཁོ་ན་ཉིད་གྲུབ་པ་དང་བདུན་ནོ། །ཏི་ལོ་པ་དང་། ནག་པོ་སྤྱོད་པའི་རྡོ་རྗེའི་རྟོགས་པ་གླུར་བླངས་པའི་དོ་ཧྭ་དང་། རྣལ་འབྱོར་དབང་ཕྱུག་བིརྺ་པའི་དོ་ཧྭ་སེངྒེ་ཞེས་བྱ་བ་དང་། མཻ་ཏྲི་པ་དང་། ཐ་ག་པ་སོགས་ཀྱི་དོ་ཧྭའི་བྱེ་བྲག་དུ་མ་ཐོས་སོ། །འཁོན་སྟོན་གད་པ་ཀིརྟི་ནས་བརྒྱུད་པའི་རིམ་ལྔ་སྟན་ཐོག་གཅིག་པ་དང་། མར་པའི་སློབ་མ་མེས་སྟོན་ཆེན་པོ་དང་། དྭགས་པོའི་སློབ་མ་རྩང་བཞེར་དང་། རས་ཆུང་བའི་སློབ་མ་བུར་སྒོམ་པ་ལས་ཐོས་པའི་རྨོག་ཅོག་པ་ནས་བརྒྱུད་པའི་ནཱ་རོ་ཆོས་དྲུག་ལུགས་གསུམ་དང་། གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཡན་ལག་དང་བཅས་པ་དང་། འཕགས་སྐོར་གྱི་གདམས་ངག་འགོས་དང་། ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་རྣམས་དང་། དགེས་པ་རྡོ་རྗེའི་རྒྱུད་གསུམ་ཐིག་ལེའི་སྐོར་དང་བཅས་པ་རྣམས་དང་། གཤིན་རྗེའི་གཤེད་དམར་པོ་དང་། དགྲ་ནག་དང་། གདོང་དྲུག་དང་། འཇིགས་བྱེད་ལ་སོགས་པ་རྣམས་དང་། དེའི་གདམས་ངག་རྣམས་དང་། རྙིང་མ་པའི་གཤིན་རྗེ་ཚེ་བདག་དང་། ཁ་ཐུན་སོགས་ཀྱི་གདམས་ངག་དང་། འཁོར་ལོ་སྡོམ་པའི་གདམས་ངག་གསང་མཐའི་ལུགས་རྣམས་དང་། དུས་ཀྱི་འཁོར་ལོའི་སྦྱོར་དྲུག་ལ་སོགས་པ་སྦྱོར་དྲུག་གི་བྱེ་བྲག་མང་པོ་དང་། མཚན་བརྗོད་ཀྱི་བཤད་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་འགྲེལ་པ་ཆེ་ཆུང་གཉིས་དང་། སྒེག་པའི་རྡོ་རྗེས་མཛད་པའི་སྔགས་དོན་རྣམ་གཟིགས་དང་། དབུ་མ་ལ་དགའ་བས་བྱས་པའི་ཡེ་ཤེས་ཞབས་ལུགས་སུ་འགྲེལ་པ་དང་། ལམ་འབྲས་ཀྱི་ལུགས་དང་། དུས་འཁོར་གྱི་ལུགས་ཏེ་དྲུག་དང་། བིརྺ་པའི་འཆི་མེད་གྲུབ་པའི་གདམས་ངག་དང་། བརྟག་གཉིས་ལ་བརྟེན་པའི་བིརྺ་པས་ལམ་འབྲས་བུ་དང་བཅས་པས་ལམ་ཡོངས་སུ་རྫོགས་པའི་གདམས་ངག་དང་། མཚོ་སྐྱེས་ཀྱིས་བསྐྱེད་རིམ་ཟབ་པའི་ཚུལ་དགུ་རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་དང་། སམྦུ་ཊི་ལ་བརྟེན་ནས་ཏོག་རྩེ་པས་བསམ་མི་ཁྱབ་ཀྱི་གདམས་ངག་དང་། བདུད་རྩི་འོད་ལ་བརྟེན་ནས་ངག་དབང་གྲགས་པས་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་དང་། འཁོར་ལོ་བདེ་མཆོག་ལ་བརྟེན་ནས་ནག་པོ་སྤྱོད་པས་གཏུམ་མོ་ལམ་རྫོགས་དང་། ཡོན་པོ་བསྲང་བ་གཉིས་དང་། གསང་བ་འདུས་པ་ལ་བརྟེན་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཆོད་རྟེན་གྱི་དྲུང་དུ་སེམས་ཐག་བཅད་པ་དང་། དབང་ཡོན་ཏན་རིམ་པ་ལ་བརྟེན་ནས་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་ཕྱག་རྒྱས་ལམ་ཡོངས་སུ་རྫོགས་པ་དང་། བརྟག་གཉིས་ལ་བརྟེན་ནས་ཌོཾ་བྷི་ཧེ་རུ་ཀས་ལྷན་ཅིག་སྐྱེས་གྲུབ་སྟེ་ལམ་སྐོར་དགུ་དང་། དེ་ལས་འཕྲོས་པའི་ལམ་སྦས་བཤད་དང་། གྲུབ་ཆེན་བཅུ་དང་། ཕྲ་མོ་བརྒྱད་ལ་སོགས་པ་དུ་མ་དང་། གཞན་ཡང་དེང་སང་བོད་ན་གྲགས་པའི་ཁ་རག་སྐོར་གསུམ་ལ་སོགས་པ་དང་། རྒྱ་གར་ན་གྲགས་པའི་འབྲོག་མི་ལོ་ཙཱ་བས་མཁས་པ་སྒོ་དྲུག་ལས་གསན་པའི་གདམས་པ་ལ་སོགས་པ་འབད་དེ་ལེགས་པར་མཉན་ཅིང་། བསླབས་པ་དེ་དག་ཀྱང་མིང་ཙམ་མིན་པར་སོ་སོའི་གནད་ཇི་ལྟ་བ་བཞིན་དུ་རྟོགས་པ་དེའི་ཕྱིར་ན། རྒྱ་བོད་ཀྱི་ཆོས་རྣམས་ཕལ་ཆེར་ཐོས་ཤིང་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་ནོ། །དེས་ན་ས་སྐྱ་པཎྜི་ཏ་བདག་ལ། རང་གིས་ཤེས་པ་སྒྲུབ་པར་འདོད་ཅིང་། མི་ཤེས་པ་འགོག་པར་འདོད་པའི་ཕྱོགས་ལྷུང་ཡང་མེད། ཤེས་པ་རྣམས་ལ་ཡང་མ་དག་པ་ནི་རང་གཞན་སུ་ལ་འདུག་ཀྱང་དོར་ཞིང་། དག་པ་ནི་སུ་ལ་འདུག་ཀྱང་བསྒྲུབ་པ་ཡིན་པས། བསྟན་བཅོས་འདིའི་དགག་སྒྲུབ་ལ་ཕྱོགས་ལྷུང་མེད་དོ་ཞེས་དགོངས་སོ། །གཉིས་པ་འབྲས་བུ་བསྟན་བཅོས་གཟུང་བར་གདམས་པ་ནི། དེ་ཕྱིར་གཟུ་བོས་ཞེས་སོགས་གཉིས་ཏེ། ལེགས་པར་ཤེས་ཤིང་གཟུ་བོས་དཔྱད་པའི་ཕྱིར་ན། བློ་ལྡན་རྣམས་ཀྱིས་འདི་ནས་བཤད་པ་ལྟར་ཟུང་ཞེས་པའོ། །གསུམ་པ་གཟུང་བྱའི་ཆོས་ཀྱི་ཆེ་བ་བསྟན་པ་ནི། ཐུབ་པའི་བསྟན་པ་ཞེས་སོགས་ཚིགས་བཅད་གཉིས་ཏེ། དེ་ལྟ་བུའི་བསྟན་བཅོས་འདི་ནི་ཁྱད་པར་གྱི་ཆོས་དྲུག་དང་ལྡན་ཏེ་ཐུབ་པའི་བསྟན་པ་གཞིར་བྱས་པ་དང་། ལོག་ལྟའི་མུན་པ་བསལ་བ་དང་། བློ་གསལ་གྱི་བློ་གྲོས་བསྐྱེད་པ་དང་། ཀུན་སློང་དག་པས་བཤད་པ་དང་། མཁས་པ་ཀུན་གྱི་དགོངས་པ་ཕྱོགས་གཅིག་པ་ཡིན་པ་དང་། བླུན་པོས་རྟོགས་པར་དཀའ་བའོ། །དང་པོ་གསུམ་པོ་ཉི་མའི་དཔེས་སྟོན་པ་ནི་ཚིགས་བཅད་དང་པོས་སྟོན་ནོ། །དེ་ནས་རྐང་པ་གཉིས་ཀྱིས་བཞི་པ་སྟོན་ནོ། །དེ་ནས་གཉིས་ཀྱིས་ལྷག་མ་གཉིས་སྟོན་ནོ། །བཞི་པ་བརྩམས་པའི་དགེ་བ་གཞན་དོན་དུ་བསྔོ་བ་ནི། ཀུན་དགའི་ཉི་མས་ཞེས་སོགས་ཚིགས་བཅད་གཅིག་སྟེ། གཟུགས་ཅན་གྱི་རྒྱན་གྱི་སྒོ་ནས་བསྟན་བཅོས་ཀྱི་བརྗོད་བྱ་གཞན་གྱི་ཕན་བདེའི་རྒྱུར་བསྔོ་བའོ། །ལྔ་པ་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་ནི། གང་གིཾས་ཐུགས་བརྩེས་ཞེས་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་ལོག་པའི་ཆོས་རྣམས་སྤངས་ནས་སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་པ་དང་ལེགས་པར་སྤྲད་པ་ནི་གང་གིཾས་ཐུགས་བརྩེས་ཉེ་བར་བཟུང་བའི་བཀའ་དྲིན་ཡིན་པས་འཇམ་མགོན་བླ་མ་རྗེ་བཙུན་གྲགས་པ་རྒྱལ་མཚན་དེ་ལ་འདུད་ཅེས་པའོ། །གསུམ་པ་བྱས་ཤེས་དྲིན་གཟོ་བསྐྱེད་པའི་ཆེད་དུ་མཛད་བྱང་སྨྲོས་པ་ནི། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་སོགས་སོ། །དེ་ལྟར་ན་རྣམ་བཤད་འདི་ནི་དཀྱུས་ཀྱི་ས་བཅད་པས་བརྗོད་བྱའི་བབས་རྟོགས་པ་དང་། དཀའ་བའི་གནས་བཤད་པས་ཐེ་ཚོམ་གྱི་མདུད་པ་གྲོལ་བ་དང་། ཤེས་བྱེད་ཀྱི་ལུང་དྲངས་པས་དོན་ལ་ངེས་ཤེས་བསྐྱེད་པ་དང་། གཞུང་མཐོང་བས་གོ་བ་རྣམས་མ་བཤད་པས་ཡི་གེ་ཉུང་བ་དང་། དམ་པའི་གསུང་ལ་བརྟེན་པས་ཡིད་ཆེས་པའི་གནས་སུ་གྱུར་པ་སྟེ་ལྔ་པོ་འདིས། རྣམ་བཤད་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ལ། གཞུང་གི་ཚིག་སྦྱོར་རྣམས་ནི་ཇི་ལྟར་བདེ་བར་བཤད་པའི་སྒོ་ནས་གདུལ་བྱ་ལ་ཕན་གདགས་པར་བྱའོ། །སངས་རྒྱས་ཞལ་གྱི་བདུད་རྩི་རྫོགས་ལྡན་རྒྱུན། །དགྲ་བཅོམ་ཡིད་ཀྱི་ས་གཞིར་ལེགས་བསྡུས་ནས། །འཕགས་ཡུལ་མཁས་གྲུབ་ཀླུ་དབང་བསྟི་བའི་གནས། །གསུང་རབ་ཡན་ལག་བརྒྱད་ལྡན་གངས་ཆེན་མཚོ། །ལོ་པཎ་བློ་ཡི་མ་དྲོས་ལས་འཐོན་ཏེ། །ལུང་རིགས་མན་ངག་དྲི་མེད་གངྒཱའི་རྒྱུན། །གངས་ཅན་སྐྱེ་བོའི་ཡིད་ཀྱི་གདུང་སེལ་ཞིང་། །དགེ་ལེགས་ལོ་ཐོག་སྤེལ་བའི་དཔལ་དུ་འབབ། །དེ་ཚེ་ངན་རྟོག་རླུང་གིས་སྨྲ་ངན་གྱི། །ས་རྡུལ་གཡོས་པས་རྙོག་མར་བྱས་པ་གང་། །ས་སྐྱ་པ་ཞེས་ས་གསུམ་གྲགས་པ་ཡིས། སྒྲུབ་དང་སུམ་འབྱིན་ནོར་བུས་འདངས་པར་མཛད། །སོ་སོ་ཐར་དང་བྱང་སེམས་གསང་སྔགས་ཀྱི། །ཇི་བཞིན་ཉམས་ལེན་སོ་སོའི་གཞུང་ན་གསལ། །འདིར་ནི་ལོག་རྟོག་འགོག་པ་གཙོ་བོ་སྟེ། །བློ་མིག་དག་པས་ཉམས་ལེན་དོན་ཀྱང་མཐོང་། །རིས་བདུན་དུས་དང་བསྙེན་གནས་ཆོ་ག་དང་། །བསྔོ་བའི་གནད་དང་ལས་ཀྱི་འབྲས་བུ་དང་། །བསླབ་བྱའི་གནང་བཀག་ཕྲལ་གྱི་ལག་ལེན་ལ། །འཁྲུལ་བ་འགོག་པ་སོ་ཐར་སྡོམ་པའི་སྐབས། །བྱང་སེམས་ཆོ་ག་དོན་དམ་སེམས་བསྐྱེད་དང་། །བསླབ་བྱའི་གཙོ་བོ་བདག་གཞན་བརྗེ་བའི་སེམས། །དེ་དང་འབྲེལ་བའི་ཐབས་ལམ་སྣ་ཚོགས་ལ། །འཁྲུལ་བ་འགོག་པ་བྱང་སེམས་སྡོམ་པའི་སྐབས། །དབང་དང་དམ་ཚིག་རིམ་གཉིས་ཕྱག་ཆེན་དང་། །ཐེག་གསུམ་ལག་ལེན་རྟོགས་བྱའི་ལྟ་བ་དང་། །རྒྱུད་སྡེའི་སྒྲུབ་པ་སྤྱོད་པ་འབྲས་བུ་ལ། །འཁྲུལ་པ་འགོག་པ་རིག་འཛིན་སྡོམ་པའི་སྐབས། །སོ་སོ་ཐར་པ་ལེགས་གསུང་འདུལ་བ་བཞིན། །བྱང་སེམས་སྡོམ་པ་ཐེག་ཆེན་མདོ་སྡེའི་ལུགས། །གསང་སྔགས་རྒྱུད་སྡེའི་དགོངས་པ་བཞིན་སྟོན་པ། །བསྟན་བཅོས་འདི་ཡི་བརྗོད་བྱར་མཁས་པས་རྟོགས། །དེ་སླད་ཐོས་བསམ་སྒོམ་པས་གསོལ་བཏབ་ན། །དགོས་འདོད་ཀུན་འབྱུང་བསྟན་བཅོས་ཡིད་བཞིན་ནོར། །ལེགས་པར་བཤད་པའི་རྒྱལ་མཚན་རྩེར་མཆོད་ནས། །དོན་གཉེར་བློ་ཡི་རེ་བ་བསྐང་བར་བྱས། །འདི་དོན་འབྱེད་པར་རློམ་པ་མང་ན་ཡང་། །དམ་པའི་གསུང་དང་རྣམ་དཔྱོད་ཉི་འོད་ཀྱིས། །ཚིག་གི་འདབ་མ་ཕྱེ་ནས་ཟབ་དོན་གྱི། །གེ་སར་སྟོན་པ་དེང་སང་ཁོ་བོ་ཙམ། །ཀུན་གཞི་དག་པའི་ངོས་ལ་གསུང་རབ་ཚོན། །ཡོངས་འཛིན་མཁས་པའི་ཕྱག་གི་འདུ་བྱེད་དང་། །རྣམ་དཔྱོད་བརྩོན་པའི་པིར་གྱིས་བྲིས་པ་ལ། །སྣ་ཚོགས་ཤེས་བྱའི་རི་མོ་མི་འཆར་མེད། །དེ་སླད་བཀའ་དྲིན་དྲན་པས་ཡིད་གཡོས་ཏེ། །དམ་ཆོས་འོ་མས་རྣམ་དཔྱོད་ལུས་སྐྱོང་བའི། །ཡོངས་འཛིན་མ་མའི་ཚོགས་ལ་གུས་ཕྱག་འཚལ། །ད་དུང་བྱང་ཆུབ་བར་དུ་བསྐྱོང་དུ་གསོལ། །གསུང་རབ་དགོངས་གསལ་ལེགས་བཤད་འོད་སྟོང་གིས། །བསྟན་བཅོས་ཆེན་པོའི་དེ་ཉིད་གསལ་བྱས་ཏེ། །དགེ་བ་གང་དེས་བདག་གཞན་འགྲོ་བ་ཀུན། །ཐམས་ཅད་མཁྱེན་པའི་ས་ལ་གནས་པར་ཤོག །གོ་འཕང་མཆོག་དེ་མ་ཐོབ་དེ་སྲིད་དུ། །ཀུན་མཁྱེན་བླ་མའི་དྲུང་དུ་བདག་སྐྱེ་ཞིང་། །དགའ་དང་སྤྲོ་བའི་སྤུ་ལོང་ཆེར་གཡོས་ཏེ། །མཁྱེན་བརྩེ་བཟང་པོས་རྟག་ཏུ་སྐྱོང་བར་ཤོག །སྐྱེས་ཆེན་དམ་པའི་ཚོགས་རྣམས་མཉེས་བྱས་ནས། །སྡོམ་གསུམ་བཀའ་དྲིན་ཚོགས་རྣམས་ལེགས་མནོས་ཏེ། །སོ་སོའི་དམ་ཚིག་ཚོགས་རྣམས་མ་ལུས་ལ། །ཉེས་ལྟུང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །གཞན་ལ་གནོད་པའི་བསམ་སྦྱོར་རིང་དུ་སྤངས། །གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དེ་ཡང་ལྷ་དང་བདེ་བའི་ཡེ་ཤེས་སུ། །བྱིན་གྱིས་བརླབས་པའི་ཉམས་ལེན་མཐར་ཕྱིན་ཤོག །གནས་སྐབས་ཀུན་ཏུ་རྗེ་བཙུན་ས་སྐྱ་པའི། །བཤད་སྒྲུབ་ཉི་ཟླའི་སྣང་བ་འཛིན་པ་ཡིས། །རྒྱ་ཆེན་ཤེས་བྱའི་མཁའ་ལ་རབ་བགྲོད་དེ། །ཐུབ་བསྟན་གླིང་བཞི་ཀུན་ཏུ་གསལ་བར་ཤོག །སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་རྣམ་བཤད་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་གསལ་བ་ཞེས་བྱ་བ་འདི་ནི་བདེ་བར་གཤེགས་པའི་རིང་ལུགས་པ་མཐའ་དག་གི་གཙུག་གི་ནོར་བུར་གྱུར་པ་འཇམ་དབྱངས་བླ་མ་ཀུན་དགའ་བཟང་པོ་དང་། ལྷར་བཅས་འགྲོ་བའི་འདྲེན་པ་དམ་པ་རྗེ་བཙུན་དཀོན་མཆོག་རྒྱལ་མཚན་དང་། ལུང་རིགས་སྨྲ་བའི་དབང་པོ་ཀུན་མཁྱེན་སངས་རྒྱས་འཕེལ་དང་། མཐའ་ཡས་རྒྱུད་སྡེའི་མངའ་བདག་ཤེས་རབ་བཟང་པོ་ལ་སོགས་པ་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ནས་སྡེ་སྣོད་དང་རྒྱུད་སྡེའི་དོན་ལ་སྦྱངས་ཤིང་། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་གསུང་རབ་ལ་འདྲིས་པར་བྱས་ཏེ། བྱེ་བྲག་ཏུ་བསྟན་བཅོས་འདིའི་ཚིག་དོན་ཞིབ་ཏུ་མཉན་ནས། ཟབ་དོན་ལ་བློ་ཁ་ཕྱོགས་པར་གྱུར་པ་དགེ་སློང་བསོད་ནམས་སེང་གེས། ཆུ་མོ་ལུག་གི་ལོ་ནག་པ་ཟླ་བའི་ཚེས་ལ་འབྲས་ཡུལ་རྫོང་དཀར་གྱི་སྐྱེད་མོས་ཚལ་ལེགས་བཤད་སྒྲོགས་པའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བློ་ལྡན་ནོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་བུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བརྟེན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།