སྡོམ་གསུམ་རབ་དབྱེའི་སྤྱི་དོན་ཡིད་བཞིན་ནོར་བུ།

༼ཏ༽༄༅། །སྡོམ་གསུམ་རབ་དབྱེའི་སྤྱི་དོན་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ།།

བློ་ཆེན་ཤེས་བྱ་ཀུན་ལ་ལེགས་སྦྱངས་ཤིང་། །བརྩེ་ཆེན་མཐའ་ཡས་འགྲོ་བ་བུ་བཞིན་གཟིགས། །རྒྱ་ཆེན་མཛད་པ་ནམ་མཁའི་མཐར་སོན་པ། །པཎ་ཆེན་འཇམ་དབྱངས་བླ་མས་བདག་སྐྱོངས་ཤིག །གང་གི་མཁྱེན་རབ་གསལ་བའི་ཉི་འོད་ཀྱིས། །ཐུབ་བསྟན་དགའ་ཚལ་རྒྱས་པ་ལས་བྱུང་བའི། །སྡོམ་གསུམ་གསེར་གྱི་པདྨའི་འཛུམ་ཕྲེང་གིས། །བློ་ལྡན་བློ་མིག་དགའ་བ་བསྐྱེད་པར་བྱ། །འདིར་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི་སྤྱིའི་དོན་གཏན་ལ་དབབ་པ་ལ་དོན་གསུམ་སྟེ། བསྟན་བཅོས་འདི་གང་ཟག་གང་གིས་བརྩམས་པ། དགོས་པ་ཅིའི་ཕྱིར་བརྩམས་པ། དེ་ལྟར་བརྩམས་པའི་བརྗོད་བྱ་གཏན་ལ་དབབ་པའོ། །དང་པོ་ནི། རབ་དཀར་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས། རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་བགྲོད་པའི་གནས། གཙང་གྲོམ་པ་ལ་སྟོད་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་སྐུ་འཁྲུངས་པ། མི་ནས་མིར་གྱུར་པའི་སྐྱེ་བ་ཉི་ཤུ་རྩ་ལྔའི་བར་དུ་མགོན་པོ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་རིག་པའི་གནས་མཐའ་དག་ལ་སྦྱངས་པས། གཞོན་ནུའི་དུས་ཉིད་ནས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཏེ། ནང་དུ་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལས་མ་གཡོས་བཞིན་དུ་འཆད་རྩོད་རྩོམ་པའི་འོད་ཟེར་གྱིས། ཐུབ་པའི་བསྟན་པ་ཆེས་ཆེར་གསལ་བར་མཛད་ཅིང་། སྐལ་ལྡན་གྱི་འགྲོ་བ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་པ། ཁྱད་པར་སྐྱེ་བ་འདིའི་འོག་རོལ་དུ་མཁའ་ལ་གནས་པའི་རིག་པ་འཛིན་པར་གྱུར་ནས་ས་ལམ་ཕལ་ཆེར་བགྲོད་དེ། དེ་ནས་ཤར་ཕྱོགས་མུ་མུ་ནིའི་ཞིང་ཁམས་སུ་རྒྱལ་པོ་ཉི་མའི་སྟོབས་འཕེལ་གྱི་སྲས་སུ་འཁྲུངས་ཏེ་ཾདེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་ཞེས་བྱ་བར་འགྱུར་བར་མངོན་སུམ་དུ་ལུང་བསྟན་པ་བརྙེས་པ་མཚན་ཡོངས་སུ་གྲགས་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་ནི་བསྟན་བཅོས་འདིའི་རྩོམ་པ་པོ་ཡིན་ནོ། །གཉིས་པ་ནི། འོ་ན་བསྟན་བཅོས་འདིར་གཞན་གྱི་གྲུབ་པའི་མཐའ་ལ་ལུང་རིགས་ཀྱི་གནོད་བྱེད་མང་དུ་བརྗོད་ཅིང་། ཟུར་ཟའི་ཚིག་ཀྱང་འགའ་ཞིག་སྣང་བའི་ཕྱིར་ན། རང་ཉིད་མཁས་པའི་གྲགས་པ་བསྒྲགས་ཏེ་འཁོར་དང་ཟང་ཟིང་བསྒྲུབ་པའི་ཕྱིར་བརྩམས་པ་ཡིན་ནམ། གཞན་གྱི་འཁོར་དང་ལོངས་སྤྱོད་ལ་ཕྲག་དོག་གིས་ཀུན་ནས་བསླངས་ཏེ། དེ་དག་ལ་གནོད་པའི་ཕྱིར་བརྩམས་པ་ཡིན་ནམ། དེ་ལས་གཞན་པའི་དགོས་པ་ཁྱད་པར་ཅན་ཞིག་ཡོད་པ་ཡིན་ཞེ་ན། དང་པོ་གཉིས་ནི་མ་ཡིན་ཏེ། གཞུང་ལས། འཁོར་དང་ཟང་ཟིང་སྒྲུབ་པའི་ཕྱིར། །བདག་གིས་སེམས་ཅན་བསྡུས་པ་མིན། །ཞེས་དང་། བདག་ནི་སེམས་ཅན་ཀུན་ལ་བྱམས། །གང་ཟག་ཀུན་ལ་བདག་མི་སྨོད། །ཅེས་གསུངས་ཞིང་། རྣམ་ཐར་བཟང་པོ་ལས་འབྲས་མེད་ཕྱིར་ན་བརྫུན་མི་གསུང་བར་རྗེས་སུ་དཔོགས་པའི་ཕྱིར་རོ། །དེས་ན་འདི་ལ་དགོས་པ་ཁྱད་པར་ཅན་ཞིག་ཡོད་པ་ཡིན་ཏེ། འདི་ལྟར་སྐྱེ་རྒུ་རྣམས་ཀྱི་གནས་སྐབས་དང་། མཐར་ཐུག་གི་ཕན་བདེ་མ་ལུས་པ་ནི་རྒྱལ་བའི་བསྟན་པ་ལ་རག་ལས་ལ། དེ་ཡང་སངས་རྒྱས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་ཉམས་སུ་བླངས་པ་ལས་ཕན་བདེའི་འབྲས་བུ་འབྱུང་ཞིང་། ནོར་བར་སྤྱོད་པ་ལས་མི་འབྱུང་བས་ན་དམ་ཆོས་འཁྲུལ་བར་སྤྱོད་པའི་ལག་ལེན་བཀག་ནས་བསྟན་པའི་ཉམས་ལེན་མ་འཁྲུལ་བར་ཤེས་པའི་ཕྱིར་དུ་བརྩམས་པ་ཡིན་ནོ། །འོ་ན་རྒྱ་བོད་དུ་བྱུང་བའི་འཁྲུལ་པའི་ལག་ལེན་ཐམས་ཅད་འགོག་པར་བྱེད་དམ་ཞེ་ན། འཕགས་པའི་ཡུལ་དུ་བྱུང་བའི་ཆོས་ལོག་རྣམས་ནི་འདིར་མི་འགོག་སྟེ། དེ་ཡང་ཕྱི་རོལ་མུ་སྟེགས་བྱེད་ལ་ལྟ་བ་ངན་པས་ཀུན་ནས་བསླངས་པའི་གྲུབ་མཐའ་ཕྱིན་ཅི་ལོག་བསམ་གྱིས་མི་ཁྱབ་པ་བྱུང་བ་རྣམས། ཕྱོགས་གླང་ཆོས་གྲགས་ལ་སོགས་པའི་མཁས་པ་རྣམས་ཀྱིས་སུན་ཕྱུང་། སངས་རྒྱས་པ་ཉིད་ལ་ཡང་བཀའ་བསྡུ་དང་པོའི་རྗེས་སུ་ཡངས་པ་ཅན་གྱི་དགེ་སློང་གིས་མི་རུང་བའི་གཞི་བཅུ་བྱས་པ་རྣམས་གྲགས་པ་ལ་སོགས་པའི་དགྲ་བཅོམ་པ་བདུན་བརྒྱས་སུན་ཕྱུང་ནས་བཀའ་བསྡུ་གཉིས་པ་མཛད། དེའི་རྗེས་སུ་དགེ་སློང་ལྷ་ཆེན་པོ་ཞེས་བྱ་བས་ཆོས་ལོག་མང་དུ་བཤད་པ་རྣམས། དགྲ་བཅོམ་པ་ལྔ་བརྒྱ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཁྲི་དྲུག་སྟོང་གིས་སུན་ཕྱུང་ནས་བཀའ་བསྡུ་གསུམ་པ་མཛད། ཐེག་པ་ཆེན་པོ་ལ་ཡང་ཆོས་མངོན་པར་དགྲ་ལན་གསུམ་དར་ནས་ཅུང་ཟད་ནུབ་པའི་ཚེ་འཕགས་པ་ཐོགས་མེད་ཀྱིས་མི་ཕམ་མགོན་པོ་ལས་གསན་ནས་ཤིན་ཏུ་དར་བར་མཛད། གཞན་ཡང་གྲུབ་མཐའ་འོག་མ་འོག་མ་རྣམས་ལ་གོང་མ་གོང་མ་ལ་ལྟོས་པའི་ལྟ་སྤྱོད་ནོར་བ་བྱུང་བ་རྣམས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པའི་ཚུལ་གྱིས་འཕགས་པ་ཀླུ་སྒྲུབ་ལ་སོགས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ལེགས་པར་སུན་ཕྱུང་བས། དེ་དག་གི་རྗེས་སུ་འཇུག་པ་ད་ལྟ་ཉུང་བའི་ཕྱིར་རོ། །དེ་ཡང་གཞུང་ལས། མུ་སྟེགས་བྱེད་དང་ཉན་ཐོས་དང་། །ཐེག་པ་ཆེན་པོ་འགའ་ཞིག་ལའང་། །འཁྲུལ་པ་ཡོད་མོད་མཁས་རྣམས་ཀྱིས། །སུན་ཕྱུང་ཕྱིར་ན་འདིར་མ་བཤད། །ཅེས་དང་། སངས་རྒྱས་བསྟན་པ་དྲི་མ་མེད། །ཅེས་པ་ནས། བསྟན་པའི་འཕེལ་འགྲིབ་དུ་མ་བྱུང་། །ཞེས་པའི་བར་གྱི་བསྟན་ནོ། །འོ་ན་གངས་རིའི་ཁྲོད་འདིར་བྱུང་བའི་ཆོས་ལོག་ཐམས་ཅད་འདིར་འགོག་གམ་ཞེ་ན་མ་ཡིན་ཏེ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱ་ནག་དགེ་སློང་གིས་ཆོས་ལོག་བསྟན་པ་རྣམས་མཁས་པ་ཀ་མ་ལ་ཤཱི་ལས་སུན་ཕྱུང་། དེ་ནས་གླང་དར་མས་བསྟན་པ་སྣུབས་ནས་སྦྱོར་སྒྲོལ་ལམ་དུ་བྱེད་པ་ལ་སོགས་འཁྲུལ་བ་མང་དུ་འཕེལ་བ་རྣམས་སྐྱེས་བུ་དམ་པ་རིན་ཆེན་བཟང་པོས་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ་ཞེས་བྱ་བའི་བསྟན་བཅོས་མཛད་ནས་ཆོས་ལོག་ནུབ་པར་མཛད། དེའི་སློབ་མ་ཞི་བ་འོད་ཀྱིས་ཀྱང་སྔགས་ལོག་སུན་འབྱིན་མཛད། དེའི་འོག་ཏུ་ཆོས་ལོག་ཅུང་ཟད་འཕེལ་བ་རྣམས་འགོས་ཁུག་པ་ལྷས་བཙས་ཀྱིས་ཆོས་ལོག་སུན་འབྱིན་ཞེས་བྱ་བའི་བསྟན་བཅོས་མཛད་ནས་སུན་ཕྱུང་སྟེ། དེ་ནས་ཆོས་རྗེ་ས་སྐྱ་པ་བཞུགས་པ་ཡན་ཆད་དུ་ཆོས་ལོག་སྤྱོད་པ་ཉུང་བའི་ཕྱིར་རོ། །དེ་ཡང་གཞུང་ལས། ཕྱིས་ནས་གངས་རིའི་ཁྲོད་འདི་རུ། །ཞེས་པ་ནས། ཆོས་ལོག་སྤྱོད་པ་ཉུང་ཞེས་ཐོས། །ཞེས་པའི་བར་གྱིས་བསྟན་ནོ། །འོ་ན་གང་འགོག་པ་ཡིན་ཞེ་ན། ཕྱི་ནས་ཕག་མོའི་བྱིན་རླབས་དང་། །སེམས་བསྐྱེད་རྨི་ལམ་མ་ལ་སོགས། །ཡི་དམ་སྒོམ་པ་དཀྲོང་བསྐྱེད་དང་། །དཀར་པོ་ཆིག་ཐུབ་ལ་སོགས་པ། །སངས་རྒྱས་བསྟན་དང་འགལ་བ་ཡི། །ཆོས་ལོག་དུ་མ་དེང་སང་འཕེལ། །ཞེས་པ་ལྟར། ཆོས་རྗེ་ས་སྐྱ་པ་འདས་པ་ནས་བཟུང་སྟེ་བསྟན་བཅོས་འདི་མ་བརྩམས་པའི་བར་གྱི་ཆོས་ལོག་མང་དུ་བྱུང་བ་རྣམས་གཙོ་བོར་འགོག་པའི་ཕྱིར་བསྟན་བཅོས་འདི་བརྩམས་པ་ཡིན་ནོ། །གསུམ་པ་ལ་གསུམ་སྟེ། བསྟན་པའི་ཉམས་ལེན་ཐམས་ཅད་སྡོམ་གསུམ་གྱི་ཉམས་ལེན་དུ་འདུས་པར་བསྟན་པ། དེ་གཞུང་གིས་ཇི་ལྟར་བསྟན་པའི་ཚུལ། བསྟན་བྱ་སྡོམ་གསུམ་གྱི་མཐའ་དཔྱད་པའོ། །དང་པོ་ནི། འོ་ན་གཞུང་འདིར་ལག་ལེན་འཁྲུལ་པ་ཐམས་ཅད་བཀག་ནས་སངས་རྒྱས་ཀྱི་བསྟན་པའི་ཉམས་ལེན་མ་འཁྲུལ་བ་གཅིག་སྟོན་ན་བསྟན་བཅོས་འདིའི་མཚན་ལ་སྡོམ་གསུམ་རབ་དབྱེ་ཞེས་པ་དང་། གཞུང་གི་སྐབས་ཀྱང་སྡོམ་པ་གསུམ་གྱི་སྒོ་ནས་སོ་སོར་བཅད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན་བཤད་པར་བྱ་སྟེ། དེ་ཡང་སངས་རྒྱས་ཀྱི་བསྟན་པའི་ཉམས་ལེན་མ་ལུས་པ་སྡོམ་པ་གསུམ་གྱི་ཉམས་ལེན་གྱི་ཁོངས་སུ་འདུས་པ་ཡིན་ཏེ། འདི་ལྟར་བསྟན་པའི་ཉམས་ལེན་ལ་ཉན་ཐོས་འདུལ་བ་དང་ཐུན་མོང་བའི་བསྟན་པའི་ཉམས་ལེན། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་བའི་བསྟན་པའི་ཉམས་ལེན། རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་བསྟན་པའི་ཉམས་ལེན་དང་གསུམ་ཡོད་པ་ལས། དང་པོ་ནི་སོ་སོར་ཐར་པའི་མདོ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་ལྟར། ཐོག་མར་གཞན་གནོད་གཞིར་བཅས་སྤོང་བའི་སྡོམ་པ་བླངས་ནས་གཙོ་བོར་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་ཉམས་སུ་ལེན་པ་ཡིན་ལ། དེ་ནི་སོ་ཐར་གྱི་སྡོམ་པའི་ཁོངས་སུ་འདུས་ཏེ། སོ་ཐར་གྱི་སྡོམ་པ་ཡང་གཞན་གནོད་གཞིར་བཅས་སྤོང་བ་ལ་འཇོག་དགོས་པའི་ཕྱིར་རོ། །གཉིས་པ་ནི་རྡོ་རྗེ་གུར་ལས། སྟོང་ཉིད་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་རྣམ་སྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་པ་ལྟར། སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་རྟོགས་པའི་ཤེས་རབ་ཟུང་དུ་ཆུད་པའི་སྒོ་ནས་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐབས་ཁྱད་པར་བ་ཡིན་ལ། དེ་ནི་བྱང་སེམས་ཀྱི་སྡོམ་པའི་ཉམས་ལེན་གྱི་ཁོངས་སུ་འདུས་ཏེ། བྱང་སེམས་ཀྱི་སྡོམ་པ་ནི། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་ལ་འཇོག་པའི་ཕྱིར་རོ། །གསུམ་པ་ནི། རྡོ་རྗེ་རྩེ་མོ་ལས། སྨིན་པ་དང་ནི་གྲོལ་བའི་ལམ། །སངས་རྒྱས་བྱང་ཆུབ་བསྟན་པའི་མཆོག །ཅེས་པ་ལྟར། རང་གི་ལུས་ངག་ཡིད་གསུམ་དང་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་དབྱེར་མེད་དུ་བྱིན་གྱིས་བརླབས་པའི་ས་བོན་འདེབས་པ་སྨིན་བྱེད་ཀྱི་དབང་དང་། དེ་ཉིད་གོང་ནས་གོང་དུ་འཕེལ་བར་བྱེད་པ་གྲོལ་བྱེད་ཀྱི་ལམ་གཉིས་སུ་འདུས་པ་ཡིན་ལ། དེ་ནི་སྔགས་སྡོམ་གྱི་ཉམས་ལེན་གྱི་ཁོངས་སུ་འདུས་ཏེ་སྔགས་སྡོམ་གྱི་ཉམས་ལེན་ནི་སྨིན་གྲོལ་གཉིས་ལ་འཇོག་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་བསྟན་པའི་ཉམས་ལེན་ཐམས་ཅད་སྡོམ་གསུམ་གྱི་ཉམས་ལེན་གྱི་ཁོངས་སུ་འདུས་པར་ཤེས་པའི་ཕྱིར་དུ་མཚན་འདོགས་ལུགས་དང་། གཞུང་གི་མཚམས་གཅོད་ཚུལ་དེ་ལྟར་ཡིན་པར་ཤེས་པར་བྱའོ།།  །།གཉིས་པ་གཞུང་འདིར་ཇི་ལྟར་བསྟན་པའི་ཚུལ་ལ་གསུམ་སྟེ། སྐབས་དང་པོར་སོ་སོར་ཐར་པ་བསྟན་ཚུལ་ནི། ཐོག་མར་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་བསྟན་པས་གཞན་བསྟན་བཅོས་ལ་འཇུག་པའི་ཆེད་དུ་མཆོད་པར་བརྗོད་པ་དང་། རྩོམ་པ་མཐར་ཕྱིན་པའི་ཆེད་དུ་བཤད་པར་དམ་བཅའ་བ་དང་། གང་ལ་ལོག་རྟོག་ཞུགས་པའི་གཞི་ངོས་གཟུང་བའི་ཆེད་དུ་ལུས་རྣམ་པར་གཞག་པ་རྣམས་ནི་གཞུང་སྤྱིའི་སྔོན་འགྲོ་ཡིན་ལ། དེ་ནས། སོ་སོར་ཐར་པའི་སྡོམ་པ་ལ། །ཉན་ཐོས་ཐེག་ཆེན་ལུགས་གཉིས་ཡོད། །ཞེས་གཉིས་སུ་ཕྱེ་ནས། ཉན་ཐོས་ཀྱི་སོ་སོར་ཐར་པ་ལ་གཏན་ཁྲིམས་བདུན་གྱི་གནས་སྟོང་གི་དུས་བཤད་པ་དང་། དེ་ལ་ལོག་རྟོག་དགག་པ་དང་། བསྙེན་གནས་བྱེ་བྲག་ཏུ་བཤད་པ་གསུམ་ནི་རིམ་བཞིན། ཉན་ཐོས་རྣམས་ཀྱི་སྐྱབས་འགྲོ་ཞེས་སོགས་དང་། ཁ་ཅིག་ཇི་སྲིད་འཚོ་བའི་སྒྲ། །ཞེས་སོགས་དང་། བྱེ་བྲག་སྨྲ་བའི་བསྙེན་གནས་ཀྱང་། །ཞེས་སོགས་ཀྱིས་བསྟན་ནོ། །གཉིས་པ་ཐེག་ཆེན་གྱི་སོ་ཐར་ལ་དང་པོ་ལེན་པའི་ཆོ་ག བར་དུ་བསྲུང་བའི་བསླབ་བྱ། མཐར་གཏོང་བའི་ཚུལ་གསུམ་ནི་རིམ་པ་བཞིན། ཐེག་པ་ཆེན་པོ་ལས་བྱུང་བའི། །ཞེས་སོགས་དང་། དེ་ནས་བྱང་ཆུབ་སེམས་དཔའ་ཡི། །ཞེས་སོགས་དང་། ཐེག་ཆེན་སོ་སོར་ཐར་ཡིན་ཡང་། །ཞེས་སོགས་ཀྱིས་བསྟན་ནོ། །མདོར་ན་དེ་དག་གིས་ནི་སོ་སོར་ཐར་པ་དངོས་བསྟན་ནས། སོ་ཐར་གྱི་བསླབ་པའི་གཙོ་བོ་ནི། ལས་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་བྱེད་པ་ཡིན་ལ། དེ་ལའང་ལས་འབྲས་ཀྱི་རྣམ་གཞག་ཕྱིན་ཅི་མ་ལོག་པར་ཤེས་དགོས་པས། ལས་འབྲས་ཀྱི་རྣམ་གཞག་སྤྱིར་བསྟན་པ་ནི། དེ་ནས་ལས་དང་རྣམ་སྨིན་གྱི། །ཞེས་སོགས་ཀྱིས་བསྟན། དེ་ལ་ལོག་པར་རྟོག་པ་ལ་གཤིས་ལ་དགེ་སྡིག་ཡོད་པར་འདོད་པའི་ལོག་རྟོག ལས་ཀྱི་འབྲས་བུ་དཀར་ནག་ཟང་ཐལ་དུ་འདོད་པའི་ལོག་རྟོག ལས་རང་གི་ངོ་བོ་ཡེ་བཀག་ཡེ་གནང་དུ་འདོད་པའི་ལོག་རྟོག་རྣམས་འགོག་པ་ནི་རིམ་བཞིན། མུ་སྟེགས་གྲངས་ཅན་པ་རྣམས་ནི། །ཞེས་སོགས་དང་། དཀར་ནག་ཟང་ཐལ་ཞེས་བྱ་བའི། །ཞེས་སོགས་དང་། ཡེ་བཀག་ཡེ་གནང་ཞེས་བྱ་བའང་། །ཞེས་སོགས་ཀྱིས་བསྟན་ནོ། །དེ་ལྟར་སོ་ཐར་ཉམས་སུ་ལེན་པ་ལའང་འཕྲལ་གྱི་སྤྱོད་པ་འདུལ་བ་དང་མཐུན་པ་དང་། ཉན་བཤད་བྱེད་ན་བསྟན་པ་དང་མཐུན་པར་བྱ་དགོས་པ་ལས་འདུལ་བ་དང་མི་མཐུན་པའི་སྤྱོད་པ་དགག་པ་ནི། མདོ་བསྐུལ་ལ་སོགས་བྱ་བ་ཀུན། །ཞེས་སོགས་ཀྱིས་བསྟན། བསྟན་པ་དང་མི་མཐུན་པའི་བཤད་ཉན་དགག་པ་ནི། ལ་ལ་རྫོགས་པའི་སངས་རྒྱས་ཀྱི། །ཞེས་སོགས་ཀྱིས་བསྟན། བསྟན་པ་དང་མཐུན་པའི་ཐོས་བསམ་སྒོམ་གསུམ་ཇི་ལྟར་བསྒྲུབ་པའི་ཚུལ་ནི། དེས་ན་སངས་རྒྱས་གསུང་རབ་དང་། །ཞེས་སོགས་ཀྱིས་བསྟན་ནོ། །གཉིས་པ་སྐབས་གཉིས་པར་བྱང་སེམས་ཀྱི་སྡོམ་པའི་ཉམས་ལེན་བསྟན་ཚུལ་ནི། སྤྱིར་སེམས་བསྐྱེད་ལ་ཉན་ཐོས་ཀྱི་ལུགས་དང་། ཐེག་ཆེན་གྱི་ལུགས་གཉིས་ལས། དང་པོ་ལ་ཐེག་པ་གསུམ་གྱི་སེམས་བསྐྱེད་གསུམ། ཕྱི་མ་ལ་དབུ་སེམས་གཉིས་ཡོད་དོ་ཞེས་སྤྱིར་བསྟན་པ་ནི། སེམས་བསྐྱེད་ལ་ནི་ཞེས་པ་ནས། བསླབ་པར་བྱ་བའང་སོ་སོར་ཡོད། །ཅེས་པའི་བར་གྱིས་བསྟན། དེས་ན་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་མ་ཐོབ་པ་འཐོབ་པར་བྱེད་པའི་ཆོ་གའི་སྐབས་སུ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་སྐྱེ་བོ་ཀུན་ལ་བྱེད་པའི་ལོག་རྟོག་དང་། དོན་དམ་སེམས་བསྐྱེད་ཆོ་གས་ལེན་པའི་ལོག་རྟོག་འགོག་པ་ནི་རིམ་པ་བཞིན། སེམས་ཙམ་པ་ཡི་སེམས་བསྐྱེད་འདི། །ཞེས་སོགས་དང་། དོན་དམ་སེམས་བསྐྱེད་ཅེས་བྱ་བ། །ཞེས་སོགས་ཀྱིས་བསྟན་ནོ། །ཐོབ་པ་མི་ཉམས་པར་བསྲུང་བའི་བསླབ་བྱ་ལ། ལྟུང་བའི་རྣམ་གཞག་སྤྱིར་བསྟན་པ་དང་། བསླབ་བྱའི་གཙོ་བོ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སྒོམ་དུ་མི་རུང་བའི་ལོག་རྟོག་འགོག་པ་དང་། མ་དག་པའི་ཐབས་ལམ་སྣ་ཚོགས་བཀག་ནས་བསྟན་པ་དྲི་མ་མེད་པ་ངོས་གཟུང་བ་རྣམས་ནི་རིམ་བཞིན། དེ་ལྟར་སེམས་ཙམ་དབུ་མ་གཉིས། །ཞེས་སོགས་དང་། བྱང་ཆུབ་སེམས་ཀྱི་བསླབ་པ་ལ། །ཞེས་སོགས་དང་། སངས་རྒྱས་དགོངས་པ་མི་ཤེས་པར། །ཞེས་སོགས་ཀྱིས་བསྟན་ནོ། །གསུམ་པ་སྐབས་གསུམ་པར་སྔགས་སྡོམ་གྱི་ཉམས་ལེན་བསྟན་པའི་ཚུལ་ནི། གཞུང་འདི་ལ་དགའ་བ་གདོང་པའི་ཊཱིཀྐ་བྱེད་པ་དག་གིས་ས་མཚམས་གཅོད་ཚུལ་མི་འདྲ་བ་མང་དུ་སྣང་མོད་ཀྱི། ཁོ་བོས་ནི་རྩོམ་པ་པོའི་དགོངས་པ་འདི་ལྟར་རྟོགས་ཏེ། དེའང་རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་སྤྱིར་རྒྱུད་སྡེ་བཞི་ལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས་གསུངས་པ་ལྟར་སྨིན་བྱེད་ཀྱི་དབང་གི་བབ་མི་འདྲ་བ་བཞི་ཡོད་ཅིང་། དེའི་རྒྱུ་མཚན་གྱིས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་གསུངས་པ་ལྟར་ལམ་གྱི་བབ་མི་འདྲ་བ་བཞི་ཡོད་པར་བཞེད་པ་ལས། གཞུང་འདིར་ནི་གཙོ་བོར་བླ་མེད་ཀྱི་ལམ་གྱི་རྣམ་གཞག་བསྟན་ཏེ། འདིར་ནི་ཉམས་ལེན་འཁྲུལ་པ་དགག་པའི་སྐབས་ཡིན་ལ། བླ་མེད་ཀྱི་ལམ་ལ་འཁྲུལ་པ་ཞུགས་པ་ཤས་ཆེ་བར་སྣང་བའི་ཕྱིར་རོ། །ཞར་བྱུང་གི་ཚུལ་དུ་ནི་རྒྱུད་སྡེ་འོག་མ་གསུམ་ལ་འཁྲུལ་པ་དགག་པའང་སྟོན་ཏེ། རྒྱུད་སྡེ་འོག་མ་གསུམ་ལ་སྨིན་བྱེད་ཀྱི་སྐབས་སུ་དབང་བཞི་ཡོད་པར་འདོད་པ་དང་། གྲོལ་བྱེད་ཀྱི་སྐབས་སུ་རིམ་གཉིས་ཡོད་པར་འདོད་པ་དང་། བྱ་རྒྱུད་ལ་བདག་བསྐྱེད་ཡོད་པར་འདོད་པ་སོགས་ཀྱི་འཁྲུལ་པ་འགའ་ཞིག་སྣང་བའི་ཕྱིར་རོ། །དོན་འདི་མ་རྟོགས་པར་ཁ་ཅིག བཅོམ་ལྡན་ཁྱོད་ཀྱིས་གསང་སྔགས་ལམ། །རིམ་པ་གཉིས་སུ་བསྡུས་ཏེ་བསྟན། །ཞེས་དང་། དབང་དང་རིམ་གཉིས་མི་ལྡན་པས། །རྡོ་རྗེ་ཐེག་པའི་བསྟན་པ་མིན། །ཞེས་དང་། རིམ་པ་གཉིས་པོ་མི་སྒོམ་པའི། །ཞེས་སོགས་ཀྱི་ཚིག་ཙམ་ལ་བརྟེན་ནས་རྒྱུད་སྡེ་འོག་མ་གསུམ་ལ་དབང་བཞི་མེད་པས་དེ་ལ་ལྟོས་པའི་རིམ་གཉིས་མེད་པ་ཡིན་གྱི། སྤྱིར་རིམ་གཉིས་ཡོད་ཅེས་སྨྲ་བ་ནི་རྡོ་རྗེ་ཐེག་པ་ལ་བློ་ཁ་མ་ཕྱོགས་ཤིང་། བྱེ་བྲག་ཏུ་རྗེ་བཙུན་ས་སྐྱ་པའི་གྲུབ་མཐའ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། དབང་གོང་མ་མེད་པར་རྫོགས་རིམ་ཡོད་པར་འདོད་པ་ནི་ས་བོན་མ་བཏབ་པར་མྱུ་གུ་འབྱུང་བར་འདོད་པ་དང་མཚུངས་པའི་ཕྱིར་དང་། བྱ་རྒྱུད་ལ་རྫོགས་རིམ་གྱི་ཐ་སྙད་མེད་པར་ཁྱེད་རང་གིས་འདོད་པ་དང་། ཁས་བླངས་དང་འགལ་བའི་ཕྱིར་དང་། འོག་མ་གསུམ་ལ་རིམ་གཉིས་ཡོད་པར་སྟོན་བྱེད་ཀྱི་རྒྱུད་འགྲེལ་རྣམ་དག་ཅིག་ཀྱང་མི་སྣང་བའི་ཕྱིར་དང་། རྗེ་བཙུན་རྩེ་མོའི་རྒྱུད་སྡེ་སྤྱི་རྣམ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་མངོན་རྟོགས་ལྗོན་ཤིང་དང་། ས་པཎ་གྱི་གཞུང་འདི་དང་གསུམ་ཆར་ལས་རིམ་གཉིས་བླ་མེད་འབའ་ཞིག་གི་ཁྱད་ཆོས་སུ་གསུངས་པའི་ཕྱིར་རོ། །ཁྱེད་ཀྱི་སྒྲུབ་བྱེད་ལྟར་ན་རྒྱུད་སྡེ་འོག་མ་གསུམ་ལ་དབང་བཞི་ཡོད་པར་ཐལ། རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །སྨིན་གྲོལ་གཉིས་ལ་འབད་པར་བྱ། །སྨིན་པར་བྱེད་པའི་དབང་བསྐུར་ཡང་། །ཞེས་པ་ནས། མཇུག་ཏུ། བླ་མ་བཙལ་ལ་དབང་བཞི་བླང་། །ཞེས་པ་དང་། གལ་ཏེ་གསང་སྔགས་བསྒོམ་འདོད་ན། །ནོར་བ་མེད་པའི་དབང་བཞི་ལོང་། །ཞེས་གསུངས་པའི་ཕྱིར། འཁོར་གསུམ་ཁས་བླངས་སོ། །གཞན་ཡང་བླ་མེད་ཀྱི་སྡོམ་ལྡན་གྱི་རྡོ་རྗེ་སློབ་དཔོན་གཅིག་གིས་རྣལ་འབྱོར་རྒྱུད་ཀྱི་དབང་གིས་སྨིན་པའི་སློབ་མ་སྣོད་ལྡན་ཞིག་ལ་དེའི་མཚན་མེད་ཀྱི་རྣལ་འབྱོར་སྟོན་པའི་ཚེ་ཡན་ལག་གི་ལྟུང་བ་འབྱུང་བར་ཐལ། དེའི་ཚེ་དབང་གོང་མ་མ་བསྐུར་བར་རྫོགས་རིམ་བསྟན་འདུག་པའི་ཕྱིར། རྟགས་ཁས་བླངས་ཏེ། རྣལ་འབྱོར་རྒྱུད་ལ་དབང་གོང་མ་མེད་པ་དང་མཚན་མེད་ཀྱི་རྣལ་འབྱོར་རྫོགས་རིམ་དུ་ཁས་བླངས་པའི་ཕྱིར། གོང་དུ་མ་ཁྱབ་ན། སྦྱོར་བ་ངེས་པར་མ་བྱས་པར། །སྐལ་མིན་གསང་བ་སྒྲོགས་པ་དང་། །ཞེས་པའི་སྐབས་ཀྱི་འཁྲུལ་སྤོང་ལྟོས་ལ་ཐུགས་རྣལ་དུ་ཞོག་ཅིག འོ་ན་བླ་མེད་ཀྱི་ལམ་གྱི་རིམ་པ་ཇི་ལྟར་ཞེ་ན། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་བཞེད་པས་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང་། །མི་འཕྲོགས་པ་ཡིས་རབ་ཕྱེ་བའོ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བར་བརྗོད། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ཤེས་བྱེད་དུ་མཛད་ནས་རྒྱུད་དོན་མངོན་རྟོགས་ཀྱི་རིམ་པར་སྡེབས་ན་རྒྱུ་རྒྱུད། ཐབས་རྒྱུད། འབྲས་བུའི་རྒྱུད་གསུམ། ཐབས་རྒྱུད་ལ་སྨིན་བྱེད་དབང་དང་གྲོལ་བྱེད་ལམ་གཉིས། ཕྱི་མ་ལ་མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལྔ་དངོས་གྲུབ་གཉིས་ཀ་སྒྲུབ་པའི་མངོན་པར་རྟོགས་པ་ལྔ། གཉིས་ཀ་ལ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པ་སྟེ་བཅུ་གཅིག་ཏུ་མཛད་དོ། །འཕགས་པ་ཀླུ་སྒྲུབ་ཀྱིས་རྡོ་རྗེ་ཕྲེང་བའི་རྒྱུད་ཤེས་བྱེད་དུ་མཛད་ནས་གསང་བ་འདུས་པའི་རྒྱུད་ཀྱི་མངོན་པར་རྟོགས་པ་ལ་བསྐྱེད་རིམ་ལུས་དབེན་དང་བཅས་པ་སྔོན་དུ་སོང་བའི་དབང་དུ་བྱས་ཏེ་རྫོགས་རིམ་ལ་རིམ་པ་ལྔར་མཛད་དོ། །དེ་ཉིད་ལ་འཕགས་པ་ལྷས་ཉམས་སུ་ལེན་པའི་དབང་དུ་མཛད་ནས་ཐོག་མར་སངས་རྒྱས་པའི་ཐེག་པའི་བསམ་པ་ལ་བསླབ་པ། དེ་ནས་ཐེག་པ་གསར་པ་དྲན་པ་གཅིག་པའི་མངོན་པར་རྟོགས་པ་ལ་བསླབས་པ། དེ་ནས་རྟོགས་པའི་རྣལ་འབྱོར་ལ་བསླབ་པ། དེ་ནས་དབེན་པ་གསུམ་དང་། བདེན་པ་གཉིས་དང་། ཟུང་འཇུག་ལ་བསླབས་པ་སྟེ། རིམ་པ་དགུར་མཛད་དོ། །དཔལ་ལྡན་ཟླ་བས་ནི་རྒྱུད་དོན་མ་ལུས་པ་རིམ་པ་ལྔར་བསྡུས་པའི་དབང་དུ་བྱས་ནས་བསྐྱེད་རིམ་ལ་རིམ་པ་དང་པོ་དང་། རྫོགས་རིམ་ལ་རིམ་པ་བཞིར་མཛད་དོ། །གཞན་ཡང་རྒྱུད་དོན་དག་པ་གསུམ་དུ་བསྡུས་པ་དང་། བདག་ཉིད་ཅན་གསུམ་དུ་བསྡུས་པ་དང་། གནས་པ་བཞིར་བསྡུས་པ་དང་། སྨིན་གྲོལ་གཉིས་སུ་བསྡུས་པ་སོགས་མང་དུ་ཡོད་པ་ལས་འདི་ནི་རྣལ་འབྱོར་དབང་ཕྱུག་གི་དགོངས་པ་གཞིར་བཞག་ནས་མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པའི་གཙོ་བོ་གོ་རིམ་དུ་སྟོན་པ་ནི་གཞུང་ལས། ཕ་རོལ་ཕྱིན་གཞུང་མི་ནུས་པར། །གལ་ཏེ་གསང་སྔགས་སྒོམ་འདོད་ན། །ནོར་བ་མེད་པའི་དབང་བཞི་ལོང་། །འཁྲུལ་པ་མེད་པའི་རིམ་གཉིས་བསྒོམ། །དེ་ལས་བྱུང་བའི་ཡེ་ཤེས་ནི། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །དེ་ནས་འཁོར་འདས་བསྲེ་བའི་ཕྱིར། །རྣམ་པར་དག་པའི་སྤྱོད་པ་སྤྱད། །ནང་གི་ས་ལམ་ཀུན་བསྒྲོད་ནས། །རྡོ་རྗེ་འཛིན་པའི་ས་དགེ་བ། །བཅུ་གསུམ་པ་ནི་ཐོབ་པར་འགྱུར། །ཞེས་གསུངས་པ་དང་སྦྱར་ན། སྨིན་བྱེད་ནོར་བ་མེད་པའི་དབང་བཞི། གྲོལ་བྱེད་འཁྲུལ་བ་མེད་པའི་རིམ་པ་གཉིས། དབང་དང་ཡེ་ཤེས་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ། ཕྱག་ཆེན་གོམས་པས་འཁོར་འདས་བསྲེ་བའི་སྤྱོད་པ། དེ་ལ་བརྟེན་ནས་ས་ལམ་བསྒྲོད་དེ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་དང་ལྔ་ལས། དང་པོ་སྨིན་བྱེད་དབང་ལ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་གཅིག་གིས་སློབ་མ་སྣོད་ལྡན་གཅིག་ལ་རྒྱུད་སྡེ་ལས་གསུངས་པའི་དཀྱིལ་འཁོར་དུ་ཆོ་ག་འཁྲུལ་པ་མེད་པས་དབང་བསྐུར་ན་སྔགས་སྡོམ་ཐོབ་པར་འགྱུར་བ་ཡིན་མོད་ཀྱི། བོད་འདིར་ནི་སྨིན་བྱེད་འདི་ལ་འཁྲུལ་བ་ཤིན་ཏུ་མང་བར་སྣང་སྟེ། དེ་ཐམས་ཅད་ཀྱང་བསྡུ་ན་དབང་བསྐུར་མི་དགོས་པར་འདོད་པའི་ལོག་རྟོག དགོས་ཀྱང་ཕྱིས་ནས་ཁས་ལེན་བྱེད་པའི་ལོག་རྟོག ཐོག་མར་བྱེད་ཀྱང་བྱིན་རླབས་ཙམ་སྨིན་བྱེད་དུ་འདོད་པའི་ལོག་རྟོག དཀྱིལ་འཁོར་མ་དག་པའི་དབང་བསྐུར་སྨིན་བྱེད་དུ་འདོད་པའི་ལོག་རྟོག སློབ་མ་གྲངས་ངེས་མེད་པ་ལ་ཆོ་ག་འཁྲུལ་པར་བྱེད་པ་སྨིན་བྱེད་དུ་འདོད་པའི་ལོག་རྟོག རྒྱུད་སྡེ་འོག་མ་ལ་དབང་བཞི་ཡོད་པར་འདོད་པའི་ལོག་རྟོག གཏོར་མའི་དབང་དང་ཏིང་ངེ་འཛིན་གྱི་དབང་བསྐུར་སྨིན་བྱེད་དུ་འདོད་པའི་ལོག་རྟོག བླ་མའི་ལུས་ཀྱི་དཀྱིལ་འཁོར་ལས་སྨིན་བྱེད་ལེན་པར་འདོད་པའི་ལོག་རྟོག་སོགས་སུ་འདུས་པ་རྣམས་ཞིབ་ཏུ་འགོག་པ་ནི། རྡོ་རྗེ་ཐེག་པའི་ལམ་ཞུགས་ཏེ། །ཞེས་པ་ནས། བདུད་ཀྱི་བྱིན་བརླབས་ཡིན་ཤེས་བྱ། །ཞེས་པའི་བར་གྱིས་བསྟན་ནོ། །ཞར་ལ་དབང་ལས་ཐོབ་པའི་དམ་ཚིག་བསྲུང་མི་དགོས་པར་འདོད་པའི་ལོག་རྟོག་འགོག་པ་ནི། ཁ་ཅིག་གསང་སྔགས་གསང་བ་ལ། །ཞེས་སོགས་སོ། །གཉིས་པ་གྲོལ་བྱེད་འཁྲུལ་བ་མེད་པའི་རིམ་གཉིས་སྟོན་པ་ནི། ཁ་ཅིག་འཁྲུལ་དང་མ་འཁྲུལ་མེད། །ཞེས་སོགས་ཏེ། དེ་ཡང་སྤྱིར་སངས་རྒྱ་བའི་རྒྱུ་ལ་ཐབས་ཤེས་གཉིས་དགོས་ཤིང་། བྱེ་བྲག་ཏུ་བླ་མེད་ཀྱི་ལམ་གྱིས་སངས་རྒྱ་བ་ལ་རིམ་པ་གཉིས་ཆར་བསྒོམ་དགོས་ཀྱང་ཁ་ཅིག ཐབས་ལམ་རེ་རེས་སངས་རྒྱ་བ་ཡིན་གྱི་རིམ་པ་གཉིས་ཆར་བསྒོམ་པ་ལ་དགོས་པ་མེད་དོ། །ཞེས་སྨྲ་བ་རྣམས་བཀག་ནས། བླ་མེད་ཀྱི་ལམ་རིམ་པ་གཉིས་སུ་བསྒྲུབ་པའོ། །གསུམ་པ་དབང་དང་རིམ་གཉིས་ལས་བྱུང་བའི་ཕྱག་ཆེན་ལ་རྟོགས་བྱེད་ཕྱག་ཆེན་གྱི་ཡེ་ཤེས་དང་། རྟོགས་བྱ་སྤྲོས་བྲལ་གྱི་ལྟ་བ་གཉིས་ལ། དང་པོ་ནི། དབང་གསུམ་པའི་ཐབས་དང་རིམ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམས་པ་ལས་སྐྱེས་པའི་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་རང་གི་ངོ་བོ་རྣལ་འབྱོར་པས་ཉམས་སུ་མྱོང་ཡང་འདི་ལྟ་བུའོ། །ཞེས་ཚིག་གི་སྒོ་ནས་སྟོན་པར་མི་ནུས་པས་ན། བརྗོད་པ་དང་བྲལ་བའོ། །དེ་ལ་མཚོན་བྱེད་དཔེའི་ཡེ་ཤེས་དང་། མཚོན་བྱ་དོན་གྱི་ཡེ་ཤེས་གཉིས། དང་པོ་ནི། ཆོས་ཉིད་མངོན་སུམ་དུ་མཐོང་བ་མ་ཡིན་ཡང་། དེ་དང་བརྗོད་པ་དང་བྲལ་ཞིང་བདེ་སྟོང་ཟུང་དུ་ཆུད་པར་ཆ་འདྲ་བས་ན་དཔེའི་ཡེ་ཤེས་ཞེས་བྱ་སྟེ། དེ་ལ་ལོག་པར་རྟོག་པ་ལ་རྩ་འགའ་ཞིག་གི་བྱེད་པས་རྟོག་པ་ཁ་འཚོམ་ཙམ་ལ་ཕྱག་ཆེན་དུ་འདོད་པ་འགོག་པ་ནི། ཕྱག་རྒྱ་ཆེན་པོ་སྒོམ་ན་ཡང་ཞེས་སོགས་སོ། །གཉིས་པ་མཚོན་བྱ་དོན་གྱི་ཡེ་ཤེས་ནི་ས་དང་པོ་མཐོང་བའི་ལམ་སྐྱེས་པ་ཡིན་ལ། དེ་ལ་ལོག་པར་རྟོག་པ་ནི་ཁ་ཅིག་གིས་ཞི་གནས་ཅུང་ཟད་ཙམ་དང་སྣང་སྟོང་གི་རྟོག་པ་ཕྲ་མོ་ལ་མཐོང་ལམ་དུ་འདོད་པ་འགོག་པ་ནི་ལ་ལ་ཞི་གནས་ཅུང་ཟད་དང་སོགས་སོ། །ཞར་ལས་བྱུང་བ་ལ་ཐེག་པ་གསུམ་གྱི་ལག་ལེན་འཁྲུལ་པ་འགོག་པ་དང་། ཐེག་པ་ཆེ་ཆུང་གི་བླ་མའི་དབྱེ་བ་དང་། གཏོར་མ་དང་ཕུད་མཆོད་ཀྱི་ལག་ལེན་འཁྲུལ་པ་དགག་པ་དང་། ལྷའི་སྐུ་མདོག་དང་ཕྱག་མཚན་ལ་འཁྲུལ་པ་དགག་པ་དང་། རབ་གནས་དང་སྦྱིན་སྲེག་གསང་འདུས་སོགས་མདོ་ལུགས་སུ་འདོད་པ་དགག་པ་ནི། ཐེག་པ་གསུམ་གྱི་ལག་ལེན་ཡང་ཞེས་སོགས་སོ། །འོ་ན་འདི་རྣམས་ཕྱག་ཆེན་གྱི་སྐབས་སུ་འབྱུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན་རྟོག་པ་ཁ་འཚོམ་ཙམ་དང་སྣང་སྟོང་རྟོག་པ་ཕྲ་མོ་ཙམ་སྐྱེས་ན། ད་ནི་ཆོས་ཐམས་ཅད་དུ་མ་རོ་གཅིག་ཡིན་པས་ལག་ལེན་འཁྲུལ་མ་འཁྲུལ་གྱི་དབྱེ་བ་མེད་དོ་ཞེས་སྨྲ་བ་རྣམས་དགག་པའི་ཆེད་དུ་ཡིན་ནོ། །གཉིས་པ་རྟོགས་བྱ་སྤྲོས་བྲལ་གྱི་ལྟ་བ་ནི་ཉན་ཐོས་རྣམས་ཀྱིས་ནི་གང་ཟག་གི་བདག་མེད་ཙམ་ལས་གཏན་ལ་འབེབས་མི་ནུས་ལ། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ལས་ནི་ཆོས་ཐམས་ཅད་སྤྲོས་བྲལ་དུ་གཏན་ལ་འབེབས་པའི་ཕྱིར་ན་དེ་གཉིས་ལ་ཁྱད་པར་ཡོད་ལ། གསང་སྔགས་རྡོ་རྗེ་ཐེག་པ་ལས་ནི་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ལྟ་བ་ལ་ཕ་རོལ་ཏུ་ཕྱིན་པ་ལས་ལྷག་པ་གཞན་མེད་དོ། །དེས་སྤྲོས་བྲལ་དུ་གཏན་ལ་མ་ཕབ་པའི་ཆོས་གང་ཡང་མེད་པའི་ཕྱིར་རོ། །དེ་ལ་ལོག་པར་རྟོག་པ་ལ་ཐེག་པ་རིམ་པ་དགུ་ལ་ལྟ་བ་ཐ་དད་ཡོད་པར་འདོད་པ་དང་། དབུ་མ་ནས་བཟུང་སྟེ་གསང་སྔགས་རྒྱུད་སྡེ་བཞི་ལ་ལྟ་བ་ཐ་དད་ཡོད་པར་འདོད་པ་དང་། རྣལ་འབྱོར་བཞི་ལ་ལྟ་བ་ཐ་དད་ཡོད་པར་འདོད་པ་འགོག་པ་རྣམས་ནི་རིམ་བཞིན་ལ་ལ་ཐེག་པ་རིམ་དགུ་ལ་ཞེས་སོགས་དང་། ཁ་ཅིག་དབུ་མའི་ལྟ་བ་ནི་ཞེས་སོགས་དང་། གསང་སྔགས་སྔ་འགྱུར་བ་རྣམས་ནི་ཞེས་སོགས་སོ། །ཞར་ལ་རྒྱུད་སྡེ་བཞིའི་སྒྲུབ་པ་ལ་འཁྲུལ་པ་དགག་པ་ནི་རྒྱུད་སྡེ་བཞི་ཡི་སྒྲུབ་པ་ཞེས་སོགས་སོ། །འདི་ལྟ་བའི་སྐབས་སུ་འབྱུང་བའི་རྒྱུ་མཚན་ནི། དེ་ལྟར་རྒྱུད་སྡེ་བཞི་ལ་ལྟ་བ་ཐ་དད་མེད་ན། སྒྲུབ་པ་ཡང་ཐ་དད་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། སྒྲུབ་པ་ཐ་དད་ནི་ལྟ་བའི་ཁྱད་པར་མ་ཡིན་པར་ཐབས་ཀྱི་ཁྱད་པར་ཡིན་ནོ་ཞེས་པའི་ཚུལ་གྱིས་སོ། །བཞི་པ་ཕྱག་ཆེན་བསྒོམས་ནས་འཁོར་འདས་བསྲེ་བའི་སྤྱོད་པ་ནི། སྤྱིར་ས་ལམ་གྱི་རྟོགས་པ་སྐྱེ་ཚུལ་ལ་རྟེན་ལུས་ལ་གནད་དུ་བསྣུན་ནས་བསྐྱེད་པ་དང་། བརྟེན་པ་སེམས་ལ་གནད་དུ་བསྣུན་ནས་བསྐྱེད་པ་དང་གཉིས་པས། ཕྱི་མ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཡིན་ལ། དང་པོ་ནི། ནང་ལུས་ཀྱི་སྤྱི་བོ་ལ་སོགས་པའི་གནས་སུམ་ཅུ་རྩ་བདུན་གྱི་རླུང་སེམས་དབུ་མར་གཞུག་ནས་ས་བཅུ་གསུམ་གྱི་རྟོགས་པ་བསྐྱེད་པ་ཡིན་ནོ། །དེ་ལ་ཕྱི་འཛམ་བུ་གླིང་གི་པུ་ལི་ར་མ་ལ་ཡ་ལ་སོགས་པའི་ཡུལ་རྣམས་དབང་དུ་འདུ་ཞིང་། དེར་གནས་པའི་མཁའ་འགྲོ་མ་རྣམས་དབང་དུ་གྱུར་པ་ལས་ནང་ལུས་ཀྱི་སྤྱི་བོ་ལ་སོགས་པའི་རླུང་སེམས་དབུ་མར་ཞུགས་པ་ཡིན་ལ། དེའི་ཆེད་དུ་སྤྱོད་པ་བྱེད་པ་ལ་ནི་རིམ་གཉིས་ཀྱི་རྟོགས་པ་བརྟན་ཞིང་བརྡ་དང་བརྡའི་ལན་ཤེས་པ་ཞིག་གིས་གང་དུ་རྒྱུ་བའི་གནས་ངོ་ཤེས་པར་བྱེད་དགོས་པ་ལས། བོད་འདིར་ནི་དབང་བསྐུར་ཙམ་ཡང་མ་ཐོབ་ན། རིམ་གཉིས་ཀྱི་རྟོགས་པ་བརྟན་པ་ལྟ་སྨོས་ཀྱང་ཅི་དགོས་པ་དག་གིས། གང་དུ་རྒྱུ་བའི་གནས་ཏི་སེ་ལ་གངས་ཅན་དུ་འཁྲུལ། ཙ་རི་ལ་ཙ་རི་ཏྲ་རུ་འཁྲུལ་བ་རྣམས་འགོག་པ་ནི་དབང་བཞི་ཡོངས་སུ་རྫོགས་པ་དང་ཞེས་སོགས་སོ། །ལྔ་པ་དེ་ལ་བརྟེན་ནས་ས་ལམ་བགྲོད་དེ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལ། མཐར་ཐུག་གི་དང་གནས་སྐབས་ཀྱི་འབྲས་བུ་གཉིས་ལས། དང་པོ་ནི། དབང་གི་དུས་སུ་ཡང་ཟུང་འཇུག་ཏུ་བླང་། ལམ་གྱི་དུས་སུ་ཡང་ཟུང་འཇུག་ཏུ་བསྒོམས་པ་ལས་འབྲས་བུའི་དུས་སུ་ཡང་ཟུང་འཇུག་ཏུ་འབྱུང་བ་ཡིན་མོད་ཀྱི། དེ་ལ་ལོག་པར་རྟོག་པ་ནི་དཀར་པོ་ཆིག་ཐུབ་ལས་འབྲས་བུ་སྐུ་གསུམ་འབྱུང་བར་འདོད་པ་དང་། ཟུང་འཇུག་བསྒོམས་པ་ལས་འབྲས་བུ་འོད་གསལ་གཅིག་པུ་འདོད་པ་དང་། ས་ལམ་མ་བགྲོད་པར་སངས་རྒྱས་འདོད་པ་དང་། དབང་བཞི་དང་ལམ་བཞི་མེད་པར་འབྲས་བུ་སྐུ་བཞི་འདོད་པ་དང་། འབྲས་བུའི་མཐར་ཐུག་འོད་གསལ་དུ་འདོད་པ་རྣམས་འགོག་པ་ནི། ཁ་ཅིག་དཀར་པོ་ཆིག་ཐུབ་ལས་ཞེས་པ་ནས། ལྟ་བ་མཐར་ཐུག་ཡིན་པར་གསུངས་ཞེས་པའི་བར་རོ། །གཉིས་པ་གནས་སྐབས་ཀྱི་འབྲས་བུ་ནི་ས་དང་པོ་ཡན་ཆད་ཀྱི་རྟོགས་པ་སྐྱེས་པ་ལ་གྲུབ་པ་ཐོབ་པ་ཞེས་པའི་ཐ་སྙད་ལམ་འབྲས་དང་མདོ་སྡེ་རྒྱན་ལས་གསུངས་ལ། དེ་ལས་གཞན་རྟོགས་ལྡན་སོགས་ཀྱི་ཐ་སྙད་གསུངས་པ་མེད་ཀྱང་། ཁ་ཅིག་གྲུབ་ཐོབ་ལས་རྟོགས་ལྡན་བཟང་ཞེས་པ་དང་། ཉམས་ངན་ལ་གོ་བ་འབྲིང་རྟོགས་པ་བཟང་བར་འདོད་པ་རྣམས་འགོག་པ་ནི་ལ་ལ་གྲུབ་ཐོབ་ངན་ཞེས་ཟེར་ཞེས་སོགས་སོ། །དེས་ན་སྔར་དྲངས་པའི་གཞུང་དང་སྦྱར་ན་སྔགས་སྡོམ་གྱི་སྐབས་ཀྱི་བརྗོད་བྱའི་གཙོ་བོ་ནི་འདི་ཡན་ཆད་ཀྱིས་རྫོགས་པ་ཡིན་ལ། འདི་ལྟ་བུའི་ལམ་གྱི་སྲོལ་འབྱེད་ཚུལ་རྟོགས་ན་རྡོ་རྗེ་ཐེག་པའི་བསྟན་པའི་བབས་ཡོངས་རྫོགས་རྟོགས་པར་འགྱུར་ཞིང་གཞུང་འདི་ནས་བཤད་པའི་དགག་སྒྲུབ་ཐམས་ཅད་ཀྱང་ལམ་སྲོལ་ཡོངས་སུ་རྫོགས་པ་ལ་སྦྱོར་ཤེས་པར་འགྱུར་རོ། །གང་དག་འདི་ནས་བཤད་པའི་རང་ལུགས་ཀྱི་ལམ་སྲོལ་ལ་བློ་ཁ་མ་ཕྱོགས་པར་དོན་མེད་ཀྱི་ས་བཅད་འདེབས་པ་ནི་འོ་མའི་བུམ་པ་ལོགས་སུ་བཞག་ནས་ཆུ་བསྲུབས་པ་ལས་མར་གྱི་ཉིང་ཁུ་འབྱུང་བར་འདོད་པ་དང་མཚུངས་སོ། །ཁོ་བོས་ནི་ཡོངས་འཛིན་མཁས་པའི་དྲུང་དུ་རྒྱུད་སྡེ་ལ་ལེགས་པར་སྦྱངས་ཞིང་ལུགས་འདི་ལ་ཡིད་ཆེས་པའི་མོས་པ་བརྟན་པོས་རྟོགས་པ་ཡིན་ལ་དོན་དུ་གཉེར་བ་ཡོད་ན་གཞན་དག་ཀྱང་དེ་བཞིན་དུ་གྱིས་ཤིག དེ་ནས་ཁ་ཅིག་ཐེག་པ་རང་ས་ན་ཞེས་པ་མན་ཆད་ནི་གཞུང་སྤྱི་ལ་རྩོད་པ་སྤང་བའི་སྒོ་ནས་དོན་བསྡུ་བ་སྟོན་ཏེ། འདི་ལྟར་སྔར་བཤད་པའི་དགག་སྒྲུབ་དེ་ཐམས་ཅད་ཀྱང་ངེས་པ་མེད་དེ་ཐེག་པ་རང་ས་ན་བདེན་པའི་ཕྱིར་ཞེ་ན། དེ་འགོག་པ་དང་འཁྲུལ་པ་ཕྲན་ཚེགས་ནས་འགོག་པ་ཐམས་ཅད་ཆོས་ཀྱི་གནད་མི་འཆུགས་པར་བྱ་བའི་ཆེད་ཡིན་པས་གནད་མ་འཆུགས་པ་གལ་ཆེའོ་ཞེས་སྟོན་པ་དང་། གནད་འཆོས་པའི་བདུད་ཇི་ལྟར་བྱུང་བའི་ཚུལ་གླེང་གཞི་དང་བཅས་པ་སྟོན་པ་དང་། འཁྲུལ་པའི་གྲུབ་མཐའ་ལུང་རིགས་ཀྱིས་སུན་འབྱིན་པའི་ཚུལ་གླིང་གཞི་དང་བཅས་ཏེ་སྟོན་པ་དང་། བྱེ་བྲག་ཏུ་ལུང་གི་སུན་འབྱིན་པའི་ཚུལ། ལུང་སྦྱོར་ཇི་ལྟར་བྱེད་པའི་ཚུལ་དང་། ཁུངས་ནས་མ་བྱུང་བའི་གདམས་ངག་དང་མདོ་རྒྱུད་དུ་གྲགས་པ་རྣམས་ཚད་མར་མི་རུང་བར་བསྟན་པ་དང་། སྐུ་གཟུགས་རིང་བསྲེལ་དང་གློ་བུར་གྱི་ལྟས་རྣམས་མཁས་པ་ལ་དྲིས་ནས་བརྟག་དཔྱད་བྱ་དགོས་པར་བསྟན་པ་དང་། ཚིག་ལ་འཁྲུལ་པ་དགག་པ་རྣམས་ནི་རིམ་པ་བཞིན། ཁ་ཅིག་ཐེག་པ་རང་ས་ན་ཞེས་སོགས་དང་། ཆོས་གཞན་ལེགས་པར་སྟོན་ན་ཡང་ཞེས་སོགས་དང་། དེ་ལ་གནད་རྣམས་འཆོས་པའི་བདུད་ཞེས་སོགས་དང་། འཁྲུལ་པའི་གྲུབ་མཐའ་སུན་འབྱིན་པའི་ཞེས་སོགས་དང་། བླུན་པོ་མཁས་པར་འཆོས་པ་འགའ་ཞེས་སོགས་དང་། སྙན་བརྒྱུད་དང་ནི་ཆིག་བརྒྱུད་དུ་ཞེས་སོགས་དང་། རིང་བསྲེལ་དང་ནི་ཐུགས་དང་ལྗགས། །ཞེས་སོགས་དང་། དེ་ནས་ཚིག་ལ་འཁྲུལ་པ་ཡི། །ཞེས་སོགས་ཀྱིས་སྟོན་ནོ། །དེ་ནས་སངས་རྒྱས་གསུང་རབ་དྲི་མ་མེད། །ཞེས་སོགས་ཀྱིས་ནི་བསྟན་བཅོས་བརྩམ་པའི་དགོས་པ་བསྟན་པར་སྔར་བཤད་ཟིན། བདག་ནི་སེམས་ཅན་ཀུན་ལ་བྱམས་ཞེས་སོགས་ཀྱིས་བསྟན་བཅོས་བརྩམ་པའི་ཀུན་སློང་བརྩེ་བ་སྙིང་རྗེ་ཆེན་པོ་བསྟན་ལ། བདག་གི་སྒྲ་དང་ཚད་མ་བསླབས། །ཞེས་སོགས་ཀྱིས་མཁས་པའི་ཤེས་རབ་བསྟན་ནོ། །དེ་དག་གིས་ནི་སྡོམ་གསུམ་གྱི་ཉམས་ལེན་གཞུང་གིས་ཇི་ལྟར་བསྟན་པའི་ཚུལ་བརྗོད་ཟིན་ནོ།།  །།གསུམ་པ་བསྟན་བྱ་སྡོམ་གསུམ་གྱི་མཐའ་དཔྱད་པ་ལ་གསུམ་སྟེ། སྡོམ་པ་སྤྱིའི་རྣམ་བཞག སྐབས་སུ་བབས་པའི་སྡོམ་གསུམ་ངོས་བཟུང་བ། དེ་ཉིད་ཀྱི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། སྡོམ་པ་གསུམ་གྱི་རྣམ་གྲངས། སྡོམ་པ་གཉིས་ཀྱི་རྣམ་གྲངས། སྡོམ་པ་གཅིག་ཏུ་ཐམས་ཅད་འདུས་པའི་ཚུལ་ལོ། །དང་པོ་ལ་བཞི་སྟེ། སྡེ་སྣོད་སྤྱི་ལ་གྲགས་པའི་སྡོམ་གསུམ། ཉན་ཐོས་ཀྱི་སྡེ་སྣོད་ལ་གྲགས་པའི་སྡོམ་གསུམ། ཐེག་ཆེན་གྱི་སྡེ་སྣོད་ལ་གྲགས་པའི་སྡོམ་གསུམ། གསང་སྔགས་ཀྱི་རྒྱུད་སྡེ་ལ་གྲགས་པའི་སྡོམ་གསུམ་མོ། །དང་པོ་ནི། སོ་ཐར་བསམ་གཏན། ཟག་མེད་ཀྱི་སྡོམ་པ་གསུམ་ལ་སྡོམ་པ་གསུམ་དུ་འཇོག་པ་ནི་ཐེག་པ་ཆེ་ཆུང་གི་མངོན་པའི་སྡེ་སྣོད་ཀུན་མཐུན་ཏེ། བྱང་ཆུབ་གསུམ་ཐོབ་པར་བྱེད་པ་ལ་ཟག་མེད་ཀྱི་ཤེས་རབ་ཀྱི་རང་རང་གི་སྤང་བྱའི་ཉོན་མོངས་སྤོང་དགོས། ཤེས་རབ་དེ་ཡང་ཏིང་ངེ་འཛིན་རྣམ་པར་དག་པའི་ཞི་གནས་ལ་བརྟེན། ཞི་གནས་དེ་ཡང་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་དགོས་པའི་དབང་དུ་བྱས་ཏེ་ལྷག་པའི་བསླབ་པ་གསུམ་གསུངས་པ་དང་དོན་གཅིག་གོ །གཉིས་པ་ལ་མཛོད་འགྲེལ་དུ་ཚིགས་གསུམ་རིམ་ཅན་དུ་བླངས་པའི་ཚེ་སྤོང་བའི་འཕེལ་བ་དང་ལྡན་པའི་ཕྱིར་སྡོམ་པ་དེ་དག་ལྔ་དང་། བཅུ་དང་། ཉིཾ་ཤུཾ་ཞེས་བྱ་བ་ལྟ་བུ་དང་། དོང་ཙེ་གཅིག་དང་། གཉིས་ཞེས་བྱ་བ་བཞིན་དུ། གཞན་དང་གཞན་ཞེས་བྱ་བའམ། འོན་ཏེ་དེ་དག་ཐམས་ཅད་ཐ་དད་པ་ཉིད་གཅིག་ཏུ་སྐྱེ་ཞེ་ན་སྨྲས་པ། ཐ་དད་དེ་དག་ནི་མ་འདྲེས་པ་ཉིད་དེ་སྡོམ་པ་གསུམ་ལ་སྲོག་གཅོད་པ་སྤོང་བ་གསུམ་ནས་སྤྱོད་པར་འགྱུར་བའི་ལྟུང་བ་སྤོང་བ་གསུམ་གྱི་བར་དུ་མཚན་ཉིད་ཐ་དད་པར་སྐྱེ་སྟེ། ལྷག་མ་རྣམས་ཀྱང་དེ་དང་འདྲའོ། །ཞེས་གསུངས་པའི་སྡོམ་པ་གསུམ་ནི་བསླབ་ཚིགས་གསུམ་ལ་ཐ་སྙད་མཛད་པར་སྣང་ངོ་། །ཡང་སོ་ཐར་གྱི་མདོ་ལས། ལུས་ངག་ཡིད་གསུམ་གྱི་སྡོམ་པའི་ཐ་སྙད་གསུངས་པ་ནི། བྱེ་བྲག་ཏུ་སྨྲ་བས་ཡིད་ཀྱི་སྡོམ་པ་སྡོམ་པ་བཏགས་པ་བར་འདོད་ཀྱང་མདོ་སྡེ་པ་ཡན་ཆད་ཀྱིས་གསུམ་ཀར་ཡང་སྡོམ་པ་མཚན་ཉིད་པར་བཞེད་པ་སྟེ། དེ་ལྟར་ན་ཉན་ཐོས་ཀྱི་སྡེ་སྣོད་ལས་རྣམ་གྲངས་གཉིས་གསུངས་སོ། །གསུམ་པ་ནི་ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ་བྱང་ཆུབ་སེམས་དཔའི་བསླབ་པ་གསུམ་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་དུ་གསུངས་པས་བྱང་ཆུབ་སེམས་དཔའི་སྡོམ་པ་གསུམ་གྱི་ཐ་སྙད་ཀྱང་ཐོབ་ཅིང་དཀོན་མཆོག་བརྩེགས་པའི་སྡོམ་གསུམ་བསྟན་པའི་ལེའུར། འདི་གསུམ་གྱི་རྣམ་གཞག་རྒྱས་པར་གསུངས་ནས་སྡོམ་གསུམ་བསྟན་པའི་ལེའུ་ཞེས་གསུངས་པས་ཀྱང་གྲུབ་བོ། །བཞི་པ་ནི། སཾ་བུ་ཊིའི་རྒྱུད་ལས། སྡོམ་པ་གསུམ་གྱི་རྣམ་བཞག་གཉིས་གསུངས་པ་ལས། །དང་པོ་ནི། རྗེ་བཙུན་རྩེ་མོས། འདིར་སྡོམ་པའི་རྣམ་པར་གཞག་པ་གསུམ་མཐོང་སྟེ། ཞེས་གསུངས་ནས། གསུམ་པོའི་ངོས་འཛིན་ཇི་ལྟར་དུས་གསུམ་མགོན་པོ་རྣམས་ཞེས་སོགས་ཀྱི་སྐབས་ནས་བསྟན་པ་དང་། ཀུན་ནས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ནས་སྣ་ཚོགས་སྡོམ་པ་ཡིས། །ཞེས་པའི་སྐབས་ནས་བསྟན་པ་དང་། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཨཾ་གི་རྣམ་པ་སྡོམ་པའི་གནས། །ཞེས་པའི་སྐབས་ནས་བསྟན་པ་གསུམ་ལ་ངོས་འཛིན་པར་མཛད་པས། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་སྡོམ་པ། བསྐྱེད་རིམ་གྱི་སྡོམ་པ། རྫོགས་རིམ་གྱི་སྡོམ་པ་གསུམ་ལ་སྡོམ་པ་གསུམ་གྱི་ཐ་སྙད་མཛད་པར་སྣང་ངོ་། །ཡང་དམ་ཚིག་ལ། སྐུ། གསུང་། ཐུགས་ཀྱི་དམ་ཚིག་ཏུ་བཤད་པས། དེ་གསུམ་གྱིས་སྡོམ་པ་གསུམ་གྱི་ཐ་སྙད་འཐོབ་སྟེ། བརྟག་པ་བཅུ་པ་ལས། བུད་མེད་དམ་ནི་སྐྱེས་པའི་ལུས། །ལས་ནི་དུ་མས་བསྐྱེད་པས་ན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེའི་དམ་ཚིག་གོ །སེམས་ཅན་སྣ་ཚོགས་གདུང་བ་དང་། །ཀུན་རྟོག་དྲྭ་བའི་རྣམ་རྟོག་གིས། །སེམས་ལ་སྨད་པར་མི་བྱ་སྟེ། །ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ །ཕྲག་དོག་ཉིད་ཀྱིས་མ་རངས་པས། །ཚིག་རྩུབ་ལ་སོགས་སྨྲ་མི་བྱ། །རྣ་བ་བདེ་བར་བྱེད་པ་ཉིད། །གསུང་གི་རྡོ་རྗེའི་དམ་ཚིག་གོ །ཞེས་དང་པོ་གཉིས་ཀྱིས་གཞན་གྱི་ལུས་དང་སེམས་ལ་མི་སྨོད་པ་དམ་ཚིག་ཏུ་དངོས་སུ་བསྟན་ནས། རང་གི་ལུས་དང་སེམས་ཀྱིས་མི་དགེ་བ་དྲུག་སྤངས་པ་དམ་ཚིག་ཏུ་ཤུགས་ལ་བསྟན། ཕྱི་མས་རང་གི་ངག་གི་མི་དགེ་བ་བཞི་སྤངས་པ་དམ་ཚིག་ཏུ་དངོས་སུ་བསྟན་ནས་གཞན་གྱི་ངག་ལ་མི་སྨོད་པ་དམ་ཚིག་ཏུ་ཤུགས་ལ་བསྟན་ནོ། །གྲུབ་ཆེན་སྨན་པའི་ཞབས་ཀྱིས་ལུས་ཀྱི་ལས་བཟང་ངན་ལ་བླང་དོར་མི་བྱེད་པ་ལུས་ཀྱི་སྡོམ་པ་དང་། དེ་བཞིན་དུ་ངག་དང་། ཡིད་ཀྱི་ལས་བཟང་ངན་ལ་བླང་དོར་མི་བྱེད་པ་ངག་དང་ཡིད་ཀྱི་སྡོམ་པར་གསུངས་པ་ནི་བརྟན་པ་ཐོབ་པའི་དམ་ཚིག་ལ་དགོངས་པར་སྣང་ངོ་། །ཡང་རྡོ་རྗེ་རྩེ་མོ་ལས། སྡོམ་པ་གསུམ་ལ་གནས་པ་ནི། །དང་པོ་ཁྲུས་སུ་བཤད་པ་ཡིན། །ཞེས་དང་། སྲོག་གཅོད་རྐུ་དང་འཁྲིག་པ་དང་། །བརྫུན་དང་ཆང་ནི་རྣམ་སྤངས་ཏེ། །ཁྱིམ་པའི་སྡོམ་ལ་ལེགས་གནས་ནས། །གསང་སྔགས་རྒྱལ་པོ་རབ་ཏུ་བསྒྲུབ། །གལ་ཏེ་དེ་དག་རབ་བྱུང་གྱུར། །སྡོམ་པ་གསུམ་དང་ཡང་དག་ལྡན། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་ངོ་བོའོ། །ཞེས་སོ་ཐར། བྱང་སེམས། རིག་པ་འཛིན་པའི་སྡོམ་པ་གསུམ་ལ་སྡོམ་གསུམ་གྱི་ཐ་སྙད་མཛད་པ་སྟེ། དེ་ལྟར་ན་གསང་སྔགས་ཀྱི་རྒྱུད་སྡེ་ལས་གསུངས་པའི་རྣམ་གྲངས་བཞིའོ། །གཉིས་པ་སྡོམ་པ་གཉིས་ཀྱི་རྣམ་གཞག་ལ་གསུམ་སྟེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྡོམ་པ་གཉིས། བསྐྱེད་རིམ་གྱི་སྡོམ་པ་དང་། རྫོགས་རིམ་གྱི་སྡོམ་པ་གཉིས། ཕྱི་དང་ནང་གི་སྡོམ་པ་གཉིས་སོ། །དང་པོ་ནི། སྨན་ཞབས་ཀྱིས། དམ་ཚིག་ལ་ཡང་རྣམ་གཉིས་ཏེ། །ཐུན་མོང་སྡོམ་པར་བསྟན་པ་དང་། །ཐུན་མོང་མ་ཡིན་སྡོམ་པའོ། །ཞེས་གསུངས་ནས། དེ་གཉིས་ཀྱི་ངོས་འཛིན་ཞལ་ལུང་གི་འགྲེལ་པར་རིག་པའི་དབང་ལྔ་མན་ཆད་དུ་ཐོབ་པའི་སྡོམ་པ་ལ་ཐུན་མོང་དང་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་སུ་ཐོབ་པ་ལ་ཐུན་མོང་མ་ཡིན་པར་གསུངས་སོ། །གཉིས་པ་ནི། སྡོམ་འབྱུང་གི་རྒྱུད་ཀྱི་རིམ་པར་ཕྱེ་བ་དང་པོར། ཀྱཻ་རྣམ་པ་ཀུན་གྱི་མཆོག་ལྡན་པའི། །བསྐྱེད་པའི་རིམ་པའི་སྡོམ་པ་དང་། །རྫོགས་པའི་སྡོམ་པ་ཇི་ལྟ་བུ། །ཞེས་པའི་ལན་དུ་རིམ་པར་ཕྱེ་བར་གཉིས་པར་བསྐྱེད་རིམ། གསུམ་པར་རྫོགས་རིམ་བསྟན་ནོ། །དེ་བཞིན་དུ་འདུས་པའི་རྒྱུད་ཕྱི་མར། དེ་བཞིན་སྡོམ་པ་ཅི་ལྟ་བུ་ཞེས་དྲིས་པའི་ལན་དུ། སངས་རྒྱས་རྣམས་ཀྱིས་དེར་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་རྩ་རྒྱུད་ལེའུ་བཅུ་བདུན་པར་བསྟན་པའི་ཉམས་ལེན་ཐམས་ཅད་རིམ་པ་གཉིས་སུ་འདུས་པ་དེ་ཉིད་སྡོམ་པ་ཡིན་པར་གསུངས་སོ། །གསུམ་པ་ནི། རྗེ་བཙུན་གྱིས་ཌོམ་བྷི་བའི་ལམ་ལས། སྡོམ་པ་ལ་ཕྱིའི་སྡོམ་པ་དང་། ནང་གི་སྡོམ་པ་གཉིས་སུ་བྱས་ནས་གསུམ་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་སྡོམ་པ་གསུམ་པོ་རེ་རེ་ལ་ཡང་ཕྱི་ནང་གི་སྡོམ་པ་གཉིས་གཉིས་གསུངས་སོ། །གཉིས་པ་ནི། མདོ་སྡུད་པ་ལས། ཉི་མ་མཁའ་ལ་འགྲོ་བའི་ཟེར་གྱིས་ཟིལ་ནོན་པའི། །མདུན་གྱི་བར་སྣང་ལ་ནི་མུན་པ་མི་གནས་བཞིན། །ཤེས་རབ་ཕ་རོལ་ཕྱིན་ལ་བསླབ་པ་བྱས་རྣམས་ཀྱི། །ཕ་རོལ་ཕྱིན་པ་ཐམས་ཅད་འདིར་ནི་འདུས་པར་གསུངས། །ཞེས་ཤེར་ཕྱིན་གྱི་བསླབ་པར་བསླབ་པ་ཐམས་ཅད་འདུས་པ་ལྟ་བུའོ། །དེ་ལ་སྡོམ་པའི་ཐ་སྙད་མེད་དོ་སྙམ་ན་ཡོད་དེ། དེ་ཉིད་ལས། གང་ལ་སྡོམ་དང་སྡོམ་པ་མ་ཡིན་རློམ་སེམས་མེད། །འདི་ནི་ཚུལ་ཁྲིམས་སྡོམ་པར་རྣམ་པར་འདྲེན་པས་གསུངས། །ཞེས་སོ། །གཉིས་པ་སྐབས་སུ་བབ་པའི་སྡོམ་གསུམ་ངོས་འཛིན་པ་ནི། སོ་ཐར། བྱང་སེམས། རིག་པ་འཛིན་པའི་སྡོམ་པ་གསུམ་སྟེ། འདི་གསུམ་གྱིས་བསྟན་པའི་ཉམས་ལེན་མ་ལུས་པ་བསྡུས་ཀྱང་གསུམ་པོ་ཕྱོགས་གཅིག་ཏུ་བསྒྲིགས་པའི་རྣམ་པར་གཞག་པ་ནི་གསང་སྔགས་ཀྱི་རྒྱུད་སྡེ་མ་ཡིན་པར་གཞན་ལ་མེད་དེ། ཉན་ཐོས་ཀྱི་སྡེ་སྣོད་ལ། སྡོམ་པ་གོང་མ་གཉིས་ཀྱི་རྣམ་གཞག་མེད། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལ་སྔགས་སྡོམ་གྱི་རྣམ་གཞག་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཉན་ཐོས་སྡེ་པ་དག་བྱང་ཆུབ་གསུམ་པོ་གང་རུང་དུ་སེམས་བསྐྱེད་ནས་སོ་ཐར་གྱི་སྡོམ་པ་བསྲུངས་ཏེ། ཞི་ལྷག་གཉིས་བསྒོམས་པས་བྱང་ཆུབ་དེ་དང་དེ་ཐོབ་པར་འདོད། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ལས་ནི་བྱང་སེམས་ཀྱི་སྡོམ་པས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་ནུས་ཀྱང་དེའི་རྟེན་དུ་ཐེག་ཆེན་སོ་ཐར་ངེས་པར་དགོས་པར་འདོད། གསང་སྔགས་ཀྱི་རྒྱུད་སྡེ་ལས་ནི་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ་གཙོ་བོར་སྔགས་སྡོམ་དགོས་ཀྱང་དེའི་རྟེན་དུ་ཡང་བྱང་སེམས་དང་སོ་ཐར་གཉིས་ངེས་པར་དགོས་པས་སྡོམ་པ་གསུམ་ཆར་ཉམས་སུ་ལེན་དགོས་པར་བཞེད་པའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ན་དངོས་གཞིའི་སྐབས་སུ་སྔགས་སྡོམ་ལེན་པའི་ཚེ་སྔོན་འགྲོ་ལ། སོ་ཐར་དང་། བྱང་སེམས་གཉིས་ལེན་པའི་ཆོ་ག་ཡོད་པ་དང་། དངོས་གཞིའི་སྐབས་སུ་བསྐྱེད་རྫོགས་བསྒོམས་པའི་ཚེ་སྔོན་འགྲོར་སོ་ཐར་དང་། བྱང་སེམས་ཀྱི་ཉམས་ལེན་ཡོད་པ་དང་སྔགས་སྡོམ་གྱི་རྩ་ལྟུང་བསྲུང་བའི་ཚེ་སོ་ཐར་དང་། བྱང་སེམས་ཀྱི་རྩ་ལྟུང་ཀྱང་བསྲུང་དགོས་པ་ལས་ཤེས་སོ། །དང་པོ་ནི་དཀྱིལ་ཆོག་ཕལ་ཆེར་ལས། རང་གི་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་བློ་ཅན་རྣམས་ལ་ནི། །དེ་བཞིན་གཤེགས་པས་གསུངས་པ་ཡི། །ཡང་དག་ཆོ་ག་རྗེས་སུ་གནང་། །ཞེས་པའི་ཚིག་རྐང་དང་པོས་སོ་ཐར། གཉིས་པས་བྱང་སེམས། ཕྱི་མ་གཉིས་ཀྱིས་སྔགས་སྡོམ་འབོགས་པའི་ཆོ་ག་བསྟན། དེ་བཞིན་དུ་གསོལ་བཏབ་ཀྱི་སྐབས་སུ། དམ་ཚིག་དེ་ཉིད་བདག་ལ་སྩོལ། །ཞེས་པས་སྔགས་སྡོམ། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཞེས་པས་དེའི་རྟེན་དུ་བྱང་སེམས་ཀྱི་སྡོམ་པ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཞེས་པས་དེའི་རྟེན་དུ་སོ་ཐར་གྱི་སྡོམ་པ་སྩོལ་བར་གསོལ་བ་གདབ་ཅིང་། དེའི་གོ་རིམ་བཞིན་དུ་བསྒྲག་པའི་ཚེ། རྡོ་རྗེ་རྩེ་མོར། རིགས་ལྔ་སོ་སོའི་དམ་ཚིག་གིས་སྔགས་སྡོམ། དེ་ལས་གཞན་ཡང་བཅུ་བཞི་ནི། །ཞེས་སོགས་ཀྱིས་བྱང་སེམས། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །ཞེས་སོགས་ཀྱིས་སོ་ཐར་གྱི་སྡོམ་པ་བསྒྲག་པར་མཛད་དོ། །བཟུང་བའི་ཚེ་རྟེན་དང་བརྟེན་པ་ཡིན་པས་ཐོག་མར་རྒྱུན་བཤགས་ཀྱིས་སོ་ཐར་དང་། བྱང་སེམས་བཟུང་། རིགས་ལྔའི་སྡོམ་བཟུང་གིས་བསྲུང་བར་ཁས་བླངས་པ་ཙམ་ཞིག་གཟུང་ནས། སྡོམ་པ་རང་གི་ངོ་བོ་དངོས་གཞིའི་ཆོ་གས་བསྐྱེད་པར་མཛད་པ་འདི་ནི་དཀྱིལ་འཁོར་གྱི་ཆོ་ག་གཅིག་ཉིད་ལ་སྡོམ་གསུམ་ལེན་པའི་ཚུལ་གསལ་བ་ཡིན་ཀྱང་། མན་ངག་གིས་མིག་དང་བྲལ་བ་དག་གིས་ནི་མོས་པ་ཙམ་ཡང་བྱ་དཀའ་བར་སྣང་ངོ་། །དངོས་གཞི་ལ་བསྐྱེད་རྫོགས་ཉམས་སུ་ལེན་པའི་ཚེ་སྔོན་འགྲོར་སྡོམ་པ་འོག་མ་གཉིས་ཉམས་སུ་ལེན་པ་ནི་རྒྱུན་བཤགས་ཀྱི་གནད་ལས་ཤེས་ཏེ་འདིར་མ་སྤྲོས་སོ། །སྔགས་ཀྱི་རྩ་ལྟུང་བསྲུང་བའི་ཚེ་འོག་མ་གཉིས་ཀྱི་རྩ་ལྟུང་ངེས་པར་བསྲུང་དགོས་པ་ནི། བདེར་གཤེགས་བཀའ་འདས་ཀྱི་རྩ་ལྟུང་བསྲུང་ཚུལ་ལས་ཤེས་ཏེ། འདི་དག་ལ་དགོངས་ནས་ས་པཎ་གྱིས། བླ་མ་བཙལ་ལ་དབང་བཞི་བླང་། །དེ་ཡིས་སྡོམ་པ་གསུམ་ལྡན་འགྱུར། །ཞེས་དང་། སྡོམ་པ་གསུམ་དང་ལྡན་པ་ཡི། །རིམ་གཉིས་ཟབ་མོའི་གནད་ཤེས་ན། །ཞེས་སོགས་གསུངས་པར་ཤེས་པར་བྱའོ། །གསུམ་པ་དེ་ཉིད་གཏན་ལ་དབབ་པ་ལ་དྲུག་སྟེ། སྡོམ་པ་གསུམ་གྱི་ངོ་བོ་ངོས་བཟུང་བ། མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག ཐོབ་པ་མི་ཉམས་པར་བསྲུང་བའི་བསླབ་བྱ། ཉམས་ན་ཕྱིར་བཅོས་པའི་ཚུལ། སྡོམ་པ་གནས་གཏོང་གི་ཚུལ་དཔྱད་པ། གསུམ་ལྡན་གྱི་གང་ཟག་གིས་སྡོམ་གསུམ་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། སྡོམ་གསུམ་སོ་སོའི་ངོ་བོ། རེ་རེ་ཡང་ལྔ་ལྔས་གཏན་ལ་དབབ་པའི་ཚུལ་ལོ། །དང་པོ་ལ་གསུམ་ལས། དང་པོ་སོ་ཐར་ལ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤོང་བའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ། སོ་ཐར་གྱི་སྡོམ་པ་ནི་ངོ་བོ་རྣམ་པར་རིག་བྱེད་དང་། རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་བསྡུས་པ། གང་ཟག་དང་ཐོབ་པ་ཐག་པ་ལྟ་བུས་སྦྲེལ་བ། དུས་ཇི་སྲིད་འཚོ་དང་། ཉིན་ཞག་གི་མཐའ་ཅན་དུ་འདོད་དེ། མཛོད་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་སོ་སོ་ཐར་ཞེས་བྱ། །ཞེས་རིག་བྱེད་མ་ཡིན་པ་དང་། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་ཞེས་རྣམ་པར་རིག་བྱེད་ཀྱང་གསུངས་པ་དང་། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །ཞེས་གསུངས་སོ། །དགའ་གདོང་པ།་་་་་བོད་ཁ་ཅིག་ཐེག་པ་ཆེན་པོའི་སྐབས་སུ་ཡང་བྱེ་བྲག་སྨྲ་བའི་འདོད་པ་བཞིན་དུ་སོ་ཐར་རིས་བརྒྱད་པོ་གཟུགས་ཅན་དུ་འདོད་དེ། སྒྲུབ་བྱེད་ནི་རང་གི་ཉེར་ལེན་ལུས་ངག་ལས་སྐྱེས་པའི་ཕྱིར་དང་། བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་བཤད་པའི་ཆོ་གས་ལེན་དགོས་ཤིང་དེ་ལས་གཟུགས་ཅན་དུ་སྐྱེ་བ་བྱེ་བྲག་སྨྲ་བ་འདོད་པའི་ཕྱིར་རོ། །དེ་བཞིན་དུ་ཆོ་ག་ཉན་ཐོས་ཀྱི་ལུགས་བཞིན་དུ་བྱས་པའི་ཐེག་ཆེན་སོ་སོར་ཐར་པ་ཡང་གཟུགས་ཅན་ཡིན་ཏེ། ཆོ་ག་དེ་ལས་སྐྱེས་པའི་ཕྱིར། གལ་ཏེ་སོ་ཐར་གྱི་སྡོམ་པ་སེམས་སུ་ཁས་བླངས་ན། སོ་སོར་ཐར་པའི་སྡོམ་པ་ནི། །སེམས་ལས་སྐྱེས་ཕྱིར་གཟུགས་ཅན་མིན། །དེས་ན་ཇི་སྲིད་སེམས་མ་ཉམས། །དེ་ཡི་བར་དུ་སྡོམ་པ་ཡོད། །ཅེས་པ་ཡང་རང་ལ་མཚུངས་པར་འགྱུར་ཏེ། སོ་ཐར་གྱི་སྡོམ་པ་སེམས་སུ་ཁས་བླངས་པའི་ཕྱིར་རོ། །དེས་ན་སོ་ཐར་གྱི་སྡོམ་པ་ཡིན་ན། གཟུགས་ཅན་ཡིན་པས་ཁྱབ། བྱང་སེམས་ཀྱི་སྡོམ་པ་ཡིན་ན་སེམས་ཡིན་པས་ཁྱབ་ཅེས་སྨྲའོ། །འདི་ནི་ཡང་དག་པ་མ་ཡིན་ཏེ། སོ་ཐར་གྱི་སྡོམ་པ་ཉེར་ལེན་ལུས་ངག་ལས་སྐྱེ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་འདོད་པ་དང་འགལ་ཏེ། ལུས་ངག་ནི་འབྱུང་འགྱུར་ཡིན་ལ། རིག་བྱེད་མ་ཡིན་པའི་གཟུགས་ནི་རང་གི་ཉེར་ལེན་འབྱུང་བ་ལས་སྐྱེ་བར་འདོད་པའི་ཕྱིར་ཏེ། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་བཤད་པའི་ཕྱིར། སེམས་ཙམ་ལུགས་ཀྱི་ཆོ་ག་ལས་སྐྱེས་པའི་བྱང་སེམས་ཀྱི་སྡོམ་པ་དེ་བདེན་གྲུབ་དུ་ཐལ། དེ་སེམས་ཙམ་ལུགས་ཀྱི་ཆོ་ག་ལས་སྐྱེ་ཤིང་། ཆོ་ག་དེ་ལས་བྱང་སེམས་ཀྱི་སྡོམ་པ་བདེན་གྲུབ་སྐྱེ་བར་སེམས་ཙམ་པ་འདོད་པའི་ཕྱིར། བྱང་སའི་ཚུལ་ཁྲིམས་ལེའུར་བཤད་པའི་སོ་ཐར་རིགས་བདུན་པོ་དེ་ཡང་གཟུགས་ཅན་དུ་ཐལ། སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། འདོད་ན། དེ་ནས་བཤད་པའི་ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས་དེ་ཡང་གཟུགས་ཅན་དུ་ཐལ། དེའི་ཕྱིར། ཁྱབ་སྟེ། ཚུལ་ཁྲིམས་ལེའུ་ལས། ཚུལ་ཁྲིམས་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པའི་རིགས་བདུན་པོ། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ། ཞེས་གསུངས་པས་སོ། །གོང་དུ་འདོད་ན། དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱང་གཟུགས་ཅན་དུ་ཐལ། འདོད་པའི་ཕྱིར། འདོད་ན་སེམས་སུ་ཐལ། བྱང་སེམས་ཀྱི་སྡོམ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །སེམས་ལས་སྐྱེས་ཕྱིར་གཟུགས་ཅན་མིན། །ཞེས་སོགས་སྒྲ་ཇི་བཞིན་དུ་ཁས་ལེན་ན། ཉོན་མོངས་ཤེས་བྱའི་སྒྲིབ་པ་ནི། །སེམས་ལས་སྐྱེས་ཕྱིར་གཟུགས་ཅན་མིན། །དེས་ན་ཇི་སྲིད་སེམས་མ་ཉམས། །དེ་ཡི་བར་དུ་སྒྲིབ་པ་ཡོད། །ཅེས་པའང་རང་ལ་མཚུངས་པར་འགྱུར་ཏེ། སྒྲིབ་གཉིས་སེམས་ཀྱི་སྟེང་ནས་འཇོག་པའི་ཕྱིར་རོ་ཞེས་བརྗོད་ན་ལན་ཅི་ཡོད། འོ་ན་དེའི་དོན་གང་ཡིན་ཞེ་ན། བྱང་སེམས་ཀྱི་སྡོམ་པ་ནི་སེམས་ཇི་སྲིད་གནས་ཀྱི་བར་དུ་ཁས་བླངས་པ་ལས་སྐྱེ་བའི་ཕྱིར། སེམས་མ་ཉམས་པ་དེ་སྲིད་དུ་སྡོམ་པ་ཡོད་དོ། །དེ་ལ་བྱེ་བྲག་སྨྲ་བས་སྡོམ་པ་ཡིན་ན་གཟུགས་ཅན་ཡིན་དགོས་པས། ལུས་ཞིག་པའི་ཚེ་གཏོང་ངོ་ཞེ་ན། མ་ཡིན་ཏེ། གཟུགས་ཅན་དུ་མི་འདོད་པའི་ཕྱིར་ཞེས་པའི་དོན་ནོ། །ཐེག་པ་ཆེན་པོའི་སྐབས་སུ་སྡོམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡིན་པ་ལྟ་ཞོག རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཉིད་ཀྱང་ཁས་བླངས་ན། བྱེ་བྲག་སྨྲ་བས། རྣམ་གསུམ་དྲི་མེད་གཟུགས་གསུངས་དང་། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །ཞེས་པའི་སྒྲུབ་བྱེད་རྣམས་སུའི་ངོར་འགོད་པ་ཡིན་སྨྲ་དགོས་སོ། །དེས་ན་བདག་ཉིད་ཆེན་པོས། གྲུབ་མཐའི་རྣམ་དབྱེ་མ་ཕྱེད་ཅིང་། །རྒྱུད་སྡེའི་རིམ་པ་མི་ཤེས་པར། །རྣམ་གཞག་ལེགས་ལེགས་འདྲ་ན་ཡང་། །ལྷྭམ་དཔེ་ཞྭ་ལ་བཀབ་པ་ཡིན། །ཞེས་གསུངས་པའང་འདི་འདྲའི་རིགས་ཅན་ལ་དགོངས་སོ། །གཉིས་པ་རང་ལུགས་གཞག་པ་ནི། སོ་སོར་ཐར་པའི་སྡོམ་པའི་ངོ་བོ་ནི་ངེས་འབྱུང་གི་བསམ་པས་རྐུན་ནས་བསླངས་ཏེ། གཞན་གནོད་གཞིར་བཅས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །ངེས་འབྱུང་གི་བསམ་པ་མེད་པའི་དགེ་སློང་གི་སྡོམ་པ་སོགས་ནི་སོ་ཐར་གྱི་སྡོམ་པར་མི་འགྱུར་ཏེ། ཕྱི་མ་ལྷ་མིའི་གོ་འཕང་ཙམ་དོན་དུ་གཉེར་བའི་སྡོམ་པ་ནི་ལེགས་སྨོན་དང་། ཚེ་འདིར་རྒྱལ་པོའི་ཆད་པས་འཇིགས་པ་དང་། ནད་གདོན་སོགས་ཀྱིས་འཇིགས་ནས་བསྲུང་བའི་སྡོམ་པ་ནི་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །དེས་ན་སོ་ཐར་དུ་འགྱུར་བ་ལ་ངེས་འབྱུང་གི་བསམ་པ་ངེས་པར་དགོས་ཏེ། མདོ་རྩ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་པ་དང་། སུམ་བརྒྱ་པ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །ཞེས་དང་། མཛོད་འགྲེལ་ལས། ཅི་ཕྱི་རོལ་པ་རྣམས་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་དམ་ཞེ་ན། ཡོད་མོད་ཀྱི། སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྲིད་པ་ལ་བརྟེན་པའི་ཕྱིར་གཏན་དུ་སྡིག་པ་ལས་སོ་སོར་ཐར་བར་བྱེད་པ་མ་ཡིན་ནོ་ཞེས་གསུངས་སོ། །དམར་སྟོན་གྱིས་མདོ་རྩར། སྐྱབས་སུ་འགྲོ་བར་ཁས་བླངས་པའི་ཚིག་རྩོམ་པ་དང་ཞེས་པའི་དོན། རྒྱ་ཆེར་འགྲེལ་ལས། སངས་རྒྱས་ལ་མྱ་ངན་ལས་འདས་པའི་ལམ་སྟོན་པའི་སྟོན་པ། ཆོས་ལ་མྱ་ངན་ལས་འདས་པའི་ལམ་དངོས། དགེ་འདུན་ལ་མྱ་ངན་ལས་འདས་པའི་ལམ་སྒྲུབ་པའི་ཟླ་གྲོགས་ཞུ་བའི་དོན་དུ་བཤད་པས། སྐྱབས་འགྲོ་ཡིན་ན་ངེས་འབྱུང་གི་བསམ་པས་ཟིན་པས་ཁྱབ་པར་གྲུབ་ལ། དེའི་རྒྱུ་མཚན་གྱིས་དགེ་བསྙེན་གྱི་སྡོམ་པ་སོགས་རིས་བརྒྱད་ཆར་ལ་ཡང་ངེས་འབྱུང་གི་བསམ་པས་ཁྱབ་པའི་ཕྱིར། སོ་ཐར་ཁོ་ན་ཡིན་པར་གྲུབ་བོ་ཞེས་བཤད་པ་ནི་མི་འཐད་དེ། མདོ་རྩར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་རིས་བརྒྱད་ལ། སྤྱིར་འཇིགས་སྐྱོབ། ལེགས་སྨོན། ངེས་འབྱུང་གིས་ཟིན་པ་གསུམ་ཡོད་པ་ལས། འདིར་ནི་ཕྱི་མ་ཁོ་ནའི་དབང་དུ་བྱས་ནས་བཤད་ཅེས་པའི་དོན་ཡིན་པས་མདོ་རྩའི་དངོས་བསྟན་གྱི་རྩ་བ་སྐྱབས་འགྲོ་དང་། དེ་ཉིད་རྩ་བར་བྱས་པའི་རིས་བརྒྱད་ལ་སོ་ཐར་གྱིས་ཁྱབ་ཀྱང་། སྤྱིར་དེ་དག་ལ་སོ་ཐར་གྱི་མ་ཁྱབ་པའི་ཕྱིར་རོ། ཤ་པྲ་་་་་།ཁ་ཅིག་འདིའི་དོན་དུ་བསམ་ནས། སོ་ཐར་ལ་འཇིག་སྐྱོབ། ལེགས་སྨོན། ངེས་འབྱུང་གི་ཚུལ་ཁྲིམས་གསུམ་ཡོད་པར་སྨྲ་བ་དག་ནི་མཆུའི་རྣམ་འགྱུར་ཉུང་ན་ཁ་མཛེས་པ་ཡིན་ནོ། །གཞན་ལ་གནོད་པ་ནི་ལུས་ངག་གི་མི་དགེ་བ་བདུན་དང་། གཞི་ནི་སྤྱིར་དོན་ལྔ་ལ་འཇུག་པ་ལས་འདིར་རྒྱུའི་དོན་ཏེ་ཡིད་ཀྱི་མི་དགེ་བ་གསུམ་མོ། །བཅས་པ་ནི་ཕན་ཚུན་སྡུད་པ་སྟེ། མདོར་ན་སོ་ཐར་རིས་བདུན་ཆར་ཡང་མི་དགེ་བ་བཅུ་སྤོང་དུ་གྲུབ་སྟེ། མདོ་ལས། དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ། ཆོས་དགེ་བ་བཅུ་སྤྱོད་པ་ཞེས་གསུངས་པའི་དགོངས་པ་ཡང་ཡིན་ལ། བརྟག་གཉིས་ལས། དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །ཞེས་པའི་དོན། གཏན་ཁྲིམས་བདུན་ཆར་མི་དགེ་བ་བཅུ་སྤོང་དུ་གསུངས་པའི་དགོངས་པ་ཡང་དེ་ཉིད་ཡིན་ནོ། །འོ་ན་སྣ་གཅིག་སྤྱོད་པ་སོགས་ལ་མ་ཁྱབ་ཅིང་། བསྙེན་པར་རྫོགས་པ་དང་མ་རྫོགས་པའི་སྡོམ་པའི་ཁྱད་པར་སྤོང་བདུན་དང་སྤོང་བཞི་ལ་འཇོག་པ་ཡང་མི་འཐད་པར་འགྱུར་ཏེ། བདུན་ཆར་ཡང་མི་དགེ་བ་བཅུ་སྤོང་དུ་མཚུངས་པའི་ཕྱིར་ཞེ་ན། གཏན་ཁྲིམས་བདུན་གྱི་དགེ་བསྙེན་ནི་ཡོངས་རྫོགས་ཀྱི་དགེ་བསྙེན་ལ་འཇོག་པས་སྐྱོན་དང་པོ་མེད་ཅིང་། སྐྱོན་གཉིས་པ་ཡང་མེད་དེ། སྤོང་བདུན་དང་སྤོང་བཞི་ནི་སྤང་བྱ་ཅི་ཙམ་སྤོང་བའི་གྲངས་ཀྱིས་འཇོག་པ་མ་ཡིན་གྱི། དང་པོར་ཡང་དག་པར་བླངས་པའི་ཚེ་ལུས་ངག་གི་རང་བཞིན་གྱི་ཁ་ན་མ་ཐོ་བ་བདུན་ཆར་སྤོང་བ་དང་། བཞི་སྤོང་བ་ཡང་དག་པར་བླངས་པའི་སྒོ་ནས་འཇོག་པ་ཡིན་པའི་ཕྱིར་ཏེ། མཛོད་འགྲེལ་ལས། ལུས་དང་ངག་གི་ལས་སྤོང་བར་བྱ་བ་ཐམས་ཅད་སྤོང་བ་ཡང་དག་པར་བླངས་པས་ནི་དགེ་སློང་ཡིན་ནོ། །ཞེས་གསུངས་པས་སོ། །བླངས་པའི་ཚེ་ཡང་བཅས་པའི་ཁ་ན་མ་ཐོ་བའི་སྒོ་ནས་ནི་མི་འཇོག་སྟེ། གཞན་དུ་ན་དགེ་བསྙེན་གྱི་སྡོམ་པ་སྤོང་ལྔ་དང་། བསྙེན་གནས་ཀྱི་སྡོམ་པ་སྤོང་བརྒྱད་སོགས་སུ་ཐལ་བའི་ཕྱིར་རོ། །གནད་འདི་དག་མ་རྟོགས་པ་ཁ་ཅིག གཞན་གནོད་གཞི་བཅས་སྤོང་བ་དགེ་སློང་གི་སྡོམ་པར་འདོད་པ་དང་། གཞིའི་དོན་གཞི་བསམ་སྦྱོར་བ་མཐར་ཐུག་གི་ནང་ཚན་དུ་གྱུར་པའི་གཞི་ལ་འཆད་པ་ནི་རྣམ་པར་འཁྱམས་ཏེ། དེ་ལྟར་ན་གཞན་གནོད་གཞི་བཅས་སྤོང་བ་མི་སྲིད་པར་ཐལ་བའི་ཕྱིར་རོ། །ལ་ལ་དག་གཞན་གནོད་གཞི་བཅས་སྤོང་བ་སོ་ཐར་གྱི་སྡོམ་པར་བཤད་པ་རྒྱ་གར་གྱི་གཞུང་འགྲེལ་གང་ན་ཡང་མེད་དོ། །ཞེས་འཛེར་བ་ནི་ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་བཤད་མ་མཐོང་བར་ཟད་དོ། །དེས་ན་གཞུང་དེ་ལ་བརྟེན་ནས། ས་སྐྱའི་རྗེ་བཙུན་གོང་མ། མཆིམས་ནམ་མཁའ་གྲགས། དཔངས་ལོ་ཆེན་པོ། བུ་སྟོན་ཁ་ཆེ་སོགས་མཁས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་གསུངས་པ་འདི་ཉིད་བཟུང་ན་ལེགས་སོ། །སེམས་པ་མཚུངས་ལྡན་དང་བཅས་པའི་དོན་ནི། ཀུན་ལས་བཏུས་ལས། ཡོན་ཏན་དེ་དང་དེའི་སྐབས་སུ། སེམས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སོགས་གང་གཙོ་བོ་ཡིན་པ་དེ། ཡོན་ཏན་དེ་དང་དེར་སོང་བའི་སྟོབས་ཀྱིས་མཚུངས་ལྡན་གཞན་རྣམས་ཀྱང་ཡོན་ཏན་དེ་དང་དེར་སོང་བ་ལ་དགོངས་ནས་འདི་འདྲའི་རིགས་ཅན་མང་དུ་གསུངས་པ་ལས་འདིར་ནི་སེམས་པ་གཙོ་བོ་ཡིན་པས་དེ་དང་མཚུངས་ལྡན་རྣམས་ཀྱང་སྡོམ་པར་སོང་བའི་དོན་ཏོ། །འོ་ན་དགེ་སློང་གཉིད་མཐུག་པོ་ལོག་པའམ། ཞེ་སྡང་དྲག་པོ་སྐྱེས་པའི་སྐབས་དང་། འགོག་པ་ལ་སྙོམས་པར་འཇུག་པའི་ཚེ་དགེ་སློང་གི་སྡོམ་པ་མེད་པར་འགྱུར་རོ་ཞེ་ན། བྱེ་བྲག་སྨྲ་བས་འདིའི་སྐྱོན་འབྱུང་བར་བསམ་ནས་གཟུགས་ཅན་དུ་འདོད་ལ། ཀུན་ལས་བཏུས་ལས་དབང་ལྡན་གྱི་ཚུལ་དུ་ཡོད་པར་འདོད་པ་ཉིད་འདིར་སྦྱར་ན་ཡང་རུང་མོད་ཀྱི། སྤྱིར་ནི་འཐོབ་རྒྱུས་འཐོབ་ཅིང་། གཏོང་རྒྱུས་མ་བཏང་བས་ད་ལྟ་མངོན་གྱུར་མེད་ཀྱང་ཡོད་ཅེས་པའི་ཐ་སྙད་འཐོབ་སྟེ། དཔེར་ན་དངོས་པོ་འགའ་ཞིག་སྐྱེད་དུ་བཏང་ཟིན་པས། ད་ལྟ་མེད་ཀྱང་ཡོད་ཅེས་པའི་ཐ་སྙད་འཐོབ་པ་བཞིན་ནོ། །འདི་དག་ནི་འོག་མ་དག་གི་སྐབས་སུ་ཡང་དྲན་པར་བྱའོ། །སོ་ཐར་ལ་དབྱེ་ན་ཉན་ཐོས་ཀྱི་སོ་ཐར་དང་། ཐེག་ཆེན་གྱི་སོ་ཐར་གཉིས་ལས། དང་པོ་ནི། རང་དོན་དུ་དམན་པའི་བྱང་ཆུབ་ལ་དམིགས་ཏེ་གཞན་གནོད་གཞི་བཅས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །དེ་ལ་དབྱེ་ན་ཉན་ཐོས་ཀྱི་སོ་སོར་ཐར་པ་རིས་བརྒྱད་དོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་ཏེ། གཞན་གནོད་གཞི་བཅས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །དེ་ལ་དབྱེ་ན་ཆོ་ག་ཉན་ཐོས་དང་ཐུན་མོང་བའི་ཐེག་ཆེན་གྱི་སོ་ཐར། ཆོ་ག་ཐུན་མོང་མ་ཡིན་པའི་ཐེག་ཆེན་གྱི་སོ་ཐར། ཆོ་ག་གོང་མ་དང་ཐུན་མོང་བའི་ཐེག་ཆེན་གྱི་སོ་ཐར་དང་གསུམ་ལས། དང་པོ་ནི། བསམ་པ་ཐེག་ཆེན་སེམས་བསྐྱེད་ཀྱིས་ཀུན་ནས་བསླངས་ཏེ་ཆོ་ག་ཉན་ཐོས་ཀྱི་ལུགས་བཞིན་བྱས་པའི་སོ་ཐར་རིས་བརྒྱད་དོ། །གཉིས་པ་ལ་སྔོན་གྱི་ཆོ་ག་ལས་ཐོབ་པ་དང་། ད་ལྟར་གྱི་ཆོ་ག་ལས་ཐོབ་པ་གཉིས་ལས། དང་པོ་ནི། རྒྱལ་སྲས་བྱམས་པ་དང་། འཇམ་དབྱངས་སོགས་ཀྱིས་འགྲོ་བ་མང་པོ་ལ་བསྙེན་རྫོགས་བྱས་པར་བཤད་པའི་སྡོམ་པ་རྣམས་དང་། ཙནྡན་སྤོས་ཀྱི་ངད་ལྡན་པའི་དགེ་སློང་གི་རྒྱུད་ཀྱི་སྡོམ་པ་ལྟ་བུའོ། །གཉིས་པ་ནི། དོན་ཡོད་ཞགས་པ་ལས་བཤད་པའི་གསོ་སྦྱོང་གི་སྡོམ་པ་དང་། མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་པའི་སེམས་བསྐྱེད་ཀྱི་ཆོ་གའི་སྔོན་འགྲོའི་སྐྱབས་འགྲོའི་སྡོམ་པ་ལྟ་བུའོ། །གསུམ་པ་ནི། སེམས་བསྐྱེད་ཀྱི་ཆོ་གའི་སྨོན་སེམས་ཀྱི་སྐབས་སུ་ཐོབ་པའི་སོ་ཐར་དང་། དབང་བསྐུར་གྱི་ཆོ་གའི་སྟ་གོན་གྱི་སྐབས་སུ་ཐོབ་པའི་སྡོམ་པ་ལྟ་བུའོ། །དེས་ན་སྡོམ་པ་གསུམ་ཀ་ལ་སོ་ཐར་གྱི་སྡོམ་པས་ཁྱབ་པ་འདི་ནི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་དགོངས་པ་བླ་ན་མེད་པ་སྟེ། རྗེ་བླ་མ་མུས་པ་ཆེན་པོའི་ཞལ་ལས་ཁོ་བོས་རྙེད་པའོ། །གསུམ་པ་རྩོད་པ་སྤོང་བ་ནི། དེ་ལྟར་སྡོམ་པ་གསུམ་ཀ་ལ་སོ་ཐར་གྱིས་ཁྱབ་ན། སོ་ཐར་གྱི་སྡོམ་པ་ཤི་འཕོས་ནས་ཀྱང་རྗེས་སུ་འབྲངས་བར་ཐལ། སྡོམ་པ་གོང་མ་གཉིས་ཤི་འཕོས་ནས་ཀྱང་རྗེས་སུ་འབྲངས་བའི་ཕྱིར་རོ། །འདོད་ན་མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང་། །ཞེས་དང་། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །ཞེས་དང་ནི། གཞུང་ལས། ཤི་བའི་ཚེ་ན་སྡོམ་པ་གཏོང་། །ཞེས་དང་། དེས་ན་སོ་སོར་ཐར་པ་ཡི། །སྡོམ་པ་ཤི་ཡང་ཡོད་དོ་ཞེས། །སྨྲ་བའི་སྐྱེས་བུ་དེ་ལ་ནི། །སྡེ་སྣོད་རྣམ་དབྱེ་མེད་པར་ཟད། །ཅེས་བཤད་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། དེ་དག་ནི་ཆོ་ག་ཐུན་མོང་བའི་དབང་དུ་བྱས་པ་ཡིན་ལ། ཆོ་ག་ཐུན་མོང་བའི་རིས་བདུན་ནི་ཤི་འཕོས་ནས་གཏོང་བ་ཁོ་བོ་ཡང་འདོད་པའི་ཕྱིར་རོ། །གཉིས་པ་བྱང་སེམས་ཀྱི་སྡོམ་པའི་ངོ་བོ་ནི། ཆོས་རྗེ་ས་པཎ་གྱིས་སེམས་བསྐྱེད་ཀྱི་ཆོ་ག་ལས་ཡང་དག་པར་བླངས་པ་བརྡའ་ལས་བྱུང་བའི་ཀུན་རྫོབ་པའི་སེམས་བསྐྱེད་པ་འདི་ལ་མི་མཐུན་ཕྱོགས་སྤོང་བའི་སེམས་པ་རྒྱུན་ཆགས། ཡོད་ན་སྡོམ་པར་འགྱུར་བས་དེ་བཤད་ན། བྱང་ཆུབ་སེམས་དཔའི་སྡོམ་པ་སྤྱིའི་མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་། བསླབ་པར་བྱ་བ་གསུམ་གྱིས་ངེས་པར་བྱའོ། །དང་པོ་ནི། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་མི་མཐུན་ཕྱོགས་སྤོང་བའི་སེམས་དཔའ་རྒྱུན་ཆགས་པའོ། །གཉིས་པ་ལ་སྨོན་འཇུག་གཉིས་སོ། །དེ་གཉིས་ཀྱི་མཚན་ཉིད་ལ་འཇིག་རྟེན་པའི་སེམས་སྨོན་པ་ཡིན་ལ། ས་ཐོབ་པ་ཡན་ཆད་འཇུག་པའོ། །ཞེས་གསུངས་པ་ནི་ལུང་ཆོས་ལ་འདྲིས་ཆུང་བར་ཟད་དེ། བསླབ་བཏུས་སུ་འཇུག་པའི་སྡོམ་པ་སོ་སྐྱེ་ཉིད་ལ་བཤད་དོ། །དེས་ན་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་དང་། དེའི་དོན་དུ་སྤྱོད་པ་སྒྲུབ་པར་འདོད་པའོ། །དེ་ལ་གཞན་དག་སྨོན་པ་ལ་སྡོམ་པ་མེད་དེ། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་བཤད་པས་སོ། །ཞེས་ཟེར་རོ། །བདག་གི་བླ་མ་དཔལ་ས་སྐྱ་པའི་ཞལ་ནས་ནི། སྨོན་པའི་སེམས། སྨོན་པའི་སེམས་བསྐྱེད། སྨོན་པ་མི་ཉམས་པར་བསྲུང་བ་གསུམ་དང་། འཇུག་པའི་སེམས། འཇུག་པའི་སེམས་བསྐྱེད། འཇུག་པ་མི་ཉམས་པར་བསྲུང་བ་དང་གསུམ་ཡོད་དོ། །ཞེས་གསུངས་པ་ནི་མདོ་རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ངེས་པའོ། །དེའི་རྗེས་སུ་འབྲངས་ནས་སྨོན་འཇུག་གི་སེམས་རྐྱང་པ་སྡོམ་པ་མ་ཡིན་ལ་སྨོན་འཇུག་གི་སེམས་བསྐྱེད་པ་ལ་མི་མཐུན་པ་གཞི་དང་བཅས་པའི་སྤོང་སེམས་ཡོད་ན་གཉིས་ཀ་ལ་ཡང་སྡོམ་པར་འགྱུར་ཏེ། མཚན་ཉིད་དང་ལྡན་པའི་ཕྱིར་རོ། །སྡོམ་པའི་མཚན་ཉིད་དང་ལྡན་ཡང་སྡོམ་པར་མི་འགྱུར་ན་སྡོམ་པ་གཞན་ཐམས་ཅད་ཀྱང་སྡོམ་པར་མི་འགྱུར་རོ། །སློབ་དཔོན་ཞི་བ་ལྷ་ནི་སྡོམ་པས་མ་ཟིན་པའི་སྨོན་པ་རྐྱང་པ་ལ་བསོད་ནམས་རྒྱུན་ཆགས་སུ་མི་འབྱུང་བར་བཞེད་པ་ཡིན་གསུངས་སོ། །དེས་ན་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་གོང་འོག་གི་བསླབ་བྱ་ཐམས་ཅད་ཀྱང་བྱང་སེམས་ཀྱི་སྡོམ་པར་འདུས་པ་ཡིན་ཏེ། གོང་དུ་གསུངས་པའི་མཚན་ཉིད་རྣམས་ཚང་བའི་ཕྱིར་རོ། །རྗེ་བཙུན་གྱི་བཞེད་པ་ཡང་འདི་ཡིན་ཏེ། རྩ་ལྟུང་འཁྲུལ་སྤོང་ལས། ལྟུང་བའི་ངོ་བོ་འདི་ལ་ཁ་ཅིག་སྨོན་པའི་སྟེང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་སྤོང་བ་ཡང་ཡིན་ནོ། །ཞེས་སྨྲ་བ་ཡོད་དེ། དེ་དག་ནི་དེ་ལྟར་མ་ཡིན་ཏེ། དེ་ལྟ་ན་གོང་འོག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་འཇུག་པ་ཡིན་པའི་ཕྱིར། ལྔ་པའི་ཁོངས་སུ་འདུ་བའི་སྐྱོན་ཡོད་དོ། །ཞེས་གསུངས་སོ། །དེས་ན་བྱང་སེམས་ཀྱི་སྡོམ་པའི་མཚན་ཉིད། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་གང་ཞིག མི་མཐུན་ཕྱོགས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །འདི་ལ་རྣམ་དབྱེ་ཤེས་པའི་ཆེད་དུ་ཆོ་གའི་སྒོ་ནས་དབྱེ་ན་སོ་ཐར་དང་ཆོ་ག་ཐུན་མོང་བའི་བྱང་སེམས་ཀྱི་སྡོམ་པ། ཆོ་ག་ཐུན་མོང་མ་ཡིན་པའི་བྱང་སེམས་ཀྱི་སྡོམ་པ། དབང་བསྐུར་དང་ཆོ་ག་ཐུན་མོང་བའི་བྱང་སེམས་ཀྱི་སྡོམ་པ་དང་གསུམ་ལས། དང་པོ་ནི། སྔར་བཤད་པའི་ཐེག་ཆེན་སོ་ཐར་ཐམས་ཅད་དོ། །དེས་ན་ཉན་ཐོས་ཀྱི་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་གཉིས་རྣམ་པ་ཐམས་ཅད་དུ་འགལ་བ་ཡིན་གྱི་བྱང་སེམས་ཀྱི་སོ་ཐར་དང་ནི་མི་འགལ་ཏེ། གང་ལ་ཐེག་ཆེན་སོ་ཐར་གྱི་མཚན་ཉིད་ཚང་བ་དེ་ལ་བྱང་སེམས་ཀྱི་སྡོམ་པའི་མཚན་ཉིད་ཀྱང་ཚང་ལ། གང་ལ་བྱང་སེམས་ཀྱི་སྡོམ་པའི་མཚན་ཉིད་ཚང་བ་དེ་ལ་ཐེག་ཆེན་སོ་ཐར་གྱི་སྡོམ་པའི་མཚན་ཉིད་ཀྱང་ཚང་བའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་ཕྱིར་དུ་བསྲུང་བའི་སྡོམ་པ་ཡིན་ན། བྱང་སེམས་ཀྱི་སྡོམ་པ་ཡིན་དགོས་ཤིང་། གཞན་ལ་ཕན་པ་ཁྱད་པར་ཅན་བསྒྲུབ་པ་ལ་གཞན་ལ་གནོད་པ་སྤོང་བས་ཁྱབ་པའི་ཕྱིར་རོ། །གཉིས་པ་ནི། དབུ་སེམས་ཀྱི་ཆོ་ག་ལས་ཐོབ་པའི་སྨོན་འཇུག་གི་སྡོམ་པ་ལྟ་བུའོ། །གསུམ་པ་ནི། དབང་བསྐུར་གྱི་ཆོ་གའི་སྟ་གོན་གྱི་དུས་སུ་ཐོབ་པའི་བྱང་སེམས་ཀྱི་སྡོམ་པ་དང་། དངོས་གཞིའི་སྐབས་སུ་ཐོབ་པའི་སྔགས་སྡོམ་ལྟ་བུའོ། །གསུམ་པ་རིག་འཛིན་གྱི་སྡོམ་པའི་ངོ་བོ་ནི། རྩ་ལྟུང་འཁྲུལ་སྤོང་ལས། རིག་པ་འཛིན་པ་ནི་དེ་དག་ཀྱང་ལྷའི་རྣམ་པའམ། ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པས་ན། འདི་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ལ། སྡོམ་པ་ཉི་ཤུ་པའི་ཊཱི་ཀར། དེའི་སྟེང་དུ་རིག་པ་འཛིན་པ་ནི་རིག་པ་འཛིན་པའི་སྡོམ་པ་ཡིན་ནོ། །ཞེས་གསུངས་པ་ནི་རྒྱུད་སྡེ་བཞི་ཆར་ལ་འཇུག་སྟེ། རྒྱུད་སྡེ་འོག་མ་གསུམ་ལ་མཚན་བཅས་ཀྱི་རྣལ་འབྱོར་ནི་ལྷའི་རྣམ་པས་བྱིན་གྱིས་བརླབ་པ་དང་། མཚན་མེད་ཀྱི་རྣལ་འབྱོར་ནི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབ་པའི་དོན་ཡིན་པའི་ཕྱིར་དང་། བླ་མེད་ལ་བསྐྱེད་རིམ་ནི་ལྷའི་རྣམ་པས་བྱིན་གྱིས་བརླབ་པ་དང་། རྫོགས་རིམ་ནི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར་རོ། །གཉན་གྱི་མུ་ཏིག་ཕྲེང་བར། རིག་པ་ནི་དཀྱིལ་འཁོར་དུ་ཞུགས་པའི་དུས་སུ་མེ་ཏོག་གང་ལ་ཕོགས་པའི་ལྷ་དང་། དེའི་སྔགས་ཡིན་ལ་དེ་འཛིན་པ་ནི་བསྒོམ་བཟླས་ཀྱི་སྒོ་ནས་དེ་མཉེས་པར་བྱེད་པའོ། །ཞེས་གསུངས་པ་ནི་རིག་པ་འཛིན་པའི་ཉམས་ལེན་ཙམ་ལ་དགོངས་པར་སྣང་ཞིང་། དཀྱིལ་ཆོག་རྣམས་ལས་རིག་པའི་དབང་ལྔའི་སྒྲ་དོན་བཤད་པ་ལྟར་ན། རིག་པ་ནི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ལྔ་གནས་གྱུར་པའི་ཡེ་ཤེས་ལྔ་ཡིན་ལ། དེ་འཛིན་པ་ནི་སྒྲུབ་པར་བྱེད་པ་དང་། བསྒྲུབ་པར་བྱས་པ་གཉིས་ལ་འཇུག་གོ །དེས་ན་དེ་དག་གི་དོན་གཏན་ལ་དབབ་པ་ནི་སྔགས་སྡོམ་གྱི་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་ཁྱད་པར་ཅན་གང་ཞིག མི་མཐུན་ཕྱོགས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །སངས་རྒྱས་ཀྱི་ས་ལ་མ་ཁྱབ་པར་ཐལ་བའི་སྐྱོན་མེད་དེ། སྐྱོབ་པའི་ཐབས་ཞེས་པ་སྐྱོབ་པར་བྱེད་པ་དང་། བསྐྱབས་ཟིན་པ་གཉིས་ཀ་ལ་འཇུག་པའི་ཕྱིར་རོ། །དཔེར་ན་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་དེ་བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་ཀ་ལ་འཇུག་པས། སངས་རྒྱས་ཀྱི་ས་ལ་མ་ཁྱབ་པར་ཐལ་བའི་སྐྱོན་མེད་པར་ས་པཎ་ཉིད་ཀྱིས་གསུངས་པ་བཞིན་ནོ། །འདི་ལ་གང་སྐྱོབ་པ་དང་། གང་ལས་སྐྱོབ་པ་དང་། གང་གིས་སྐྱོབ་པ་དང་གསུམ་ལས། དང་པོ་ནི། སྔགས་ཀྱི་སྐད་དོད་ལ་མནྟྲ་ཞེས་པའི་མན་ནི་མ་ནོ་སྟེ། ཡིད་དང་། ཏ་ར་ནི་སྐྱོབ་པ་ལ་འཇུག་པས་དབང་པོ་དང་། ཡུལ་གྱི་རྐྱེན་ལས་བྱུང་བའི་ཚོགས་དྲུག་གམ། ཕྱི་མ་ལ་གསུམ་དུ་ཕྱེ་བས་ཚོགས་བརྒྱད་ལ་ཡིད་ཅེས་པའི་ཐ་སྙད་བྱས་པ་དེ་ཉིད་དོ། །གཉིས་པ་ནི། མཚན་རྟོག་ལས་ཏེ། མཚན་མ་ནི་ཡུལ་གྱི་སྤུ་རིས་སོ་སོ་བ་ཡིན་ལ། རྟོག་པ་ནི་དེ་དང་དེར་མངོན་པར་ཞེན་པ་སྟེ་འདི་ལ་ཐ་མལ་གྱི་མཚན་མ་ལ་མངོན་པར་ཞེན་པ་དང་ལྷའི་མཚན་མ་ལ་མངོན་པར་ཞེན་པ་གཉིས་ཡོད་དོ། །གསུམ་པ་ནི། ཐབས་ཁྱད་པར་ཅན་གྱིས་ཏེ་ཐེག་པ་དམན་པའི་ཉམས་ལེན་ལ་ལྟོས་ནས་ཐེག་ཆེན་གྱི་ཉམས་ལེན་ཐབས་ཁྱད་པར་ཅན་ཡིན་ལ། དེ་ལ་ལྟོས་ནས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གཉིས་ཐབས་ཁྱད་པར་ཅན་ཡིན་པ་སྟེ་དེས་སྐྱོབ་བོ། །དེ་ལྟར་ཡང་འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་ལས་གང་དང་གང་བྱུང་བ། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་སྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །གཉིས་པ་ལ་གསུམ་སྟེ། བརྗོད་བྱ་དོན་གྱི་རྒྱུད་ཀྱི་སྒོ་ནས་དབྱེ་བ། རྗོད་བྱེད་རྒྱུད་སྡེ་བཞིའི་སྒོ་ནས་དབྱེ་བ། གང་ལས་ཐོབ་པའི་ཆོ་གའི་སྒོ་ནས་དབྱེ་བའོ། །དང་པོ་ལ་རྒྱུ་རྒྱུད་ཀྱི། ཐབས་རྒྱུད་ཀྱི། འབྲས་རྒྱུད་ཀྱི་སྔགས་སྡོམ་གསུམ་ལས། དང་པོ་ནི། སྣང་བའི་ཆོས་ཐམས་ཅད་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་སྡོམ་པ་སྟེ། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཐབས་ཁྱད་པར་ཅན་མཚན་བཅས་མཚན་མེད་གཉིས་སམ། བསྐྱེད་རྫོགས་གཉིས་ཏེ། དེར་ནི་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་དང་། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ་ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། སྣང་བ་ཐམས་ཅད་རང་སྣང་གི་ཡེ་ཤེས་ཀྱི་ངོ་བོར་སྡོམ་པ་སྟེ། དེ་ནས་ཆོས་ཀུན་སྡོམ་གཅིག་པའི། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་གསུམ་ལས་རྒྱུ་རྒྱུད་ནི་སྔགས་སྡོམ་བཏགས་པ་བ་དང་། ཐབས་རྒྱུད་དང་འབྲས་རྒྱུད་ནི་མཚན་ཉིད་པ་སྟེ། རྗེ་བཙུན་རྩེ་མོས། དེ་ཁོ་ན་ཉིད་བསྡུས་པ་ཞེས་པའི་མིང་གིས་ཐབས་རྒྱུད་དང་། འབྲས་རྒྱུད་དངོས་སུ་བསྟན་ནས། རྒྱུ་རྒྱུད་ཤུགས་ལས་ཤེས་པར་གསུངས་པའི་དོན་རྟོགས་ན་འདི་འགྲུབ་བོ། །གཉིས་པ་ལ་བྱ་རྒྱུད་ཀྱི། སྤྱོད་རྒྱུད་ཀྱི། རྣལ་འབྱོར་རྒྱུད་ཀྱི། བླ་མེད་ཀྱི་སྔགས་སྡོམ་དང་བཞི་ལས། ངོ་བོ་རིམ་པ་བཞིན། བལྟས་པའི་བདེ་བ་ལམ་བྱེད་ཀྱིས་དང་། དགོད་པའི་བདེ་བ་ལམ་བྱེད་ཀྱིས་དང་། ལག་བཅངས་ཀྱི་བདེ་བ་ལམ་བྱེད་ཀྱིས་དང་། གཉིས་གཉིས་འཁྱུད་པའི་བདེ་བ་ལམ་བྱེད་ཀྱིས་ཡིད་མཚན་རྟོགས་ལས་སྐྱོབ་པའི་ཐབས་ཁྱད་པར་ཅན་གང་ཞིག མི་མཐུན་ཕྱོགས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །གསུམ་པ་ལ་གསུམ་སྟེ། སྟ་གོན་གྱི་སྐབས་སུ་ཐོབ་པ། འཇུག་པའི་སྐབས་སུ་ཐོབ་པ། དངོས་གཞིའི་སྐབས་སུ་ཐོབ་པའོ། །དང་པོ་ནི། སོ་ཐར་དང་། བྱང་སེམས་རྒྱུན་བཤགས་ཀྱི་སྐབས་སུ་ཐོབ་པ་དང་། སྔགས་སྡོམ་གྱི་རང་ལྡོག་གནས་གསུམ་བྱིན་བརླབས་ཀྱི་སྐབས་སུ་ཇི་ཙམ་ཐོབ་པ་ཐམས་ཅད་སྐབས་འདིར་སྔགས་སྡོམ་གྱི་ངོ་བོར་སྐྱེ་བའོ། །གཉིས་པ་ལ་ཕྱི་འཇུག་གི་འདོད་པ་དྲིས་པའི་ལན་དང་། ཟླ་བ་རྡོ་རྗེ་ངོ་སྤྲད་པའི་སྐབས་སུ་ཐོབ་པ་དང་། ནང་འཇུག་གི་དམ་བཞག་དང་། ཡེ་ཤེས་དབབ་པ་དང་། དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པའི་སྐབས་སུ་ཐོབ་པ་རྣམས་ལ། རྗེ་བཙུན་རྩེ་མོས། ལྷ་དང་སྐལ་བ་མཉམ་པ་ཞེས་གསུངས་པའི་སྡོམ་པ་ཐོབ་པ་རྣམས་སོ། །གསུམ་པ་ལ་བུམ་དབང་གི་སྐབས་སུ་ཐོབ་པ་དང་། དབང་གོང་མའི་སྐབས་སུ་ཐོབ་པ་གཉིས་ནི་བླ་མེད་ཀྱི་དབང་དུ་བྱས་ལ། རྒྱུད་སྡེ་འོག་མ་གསུམ་ལ་རང་རང་གི་དབང་གི་དངོས་གཞིའི་སྐབས་སུ་ཐོབ་པ་རྣམས་སོ། །གཉིས་པ་རེ་རེ་ཡང་དོན་ལྔ་ལྔས་གཏན་ལ་དབབ་པའི་ཚུལ་ནི། རྗེ་བཙུན་རྩེ་མོས། གང་དུ་སྡོམ་པའི་གནས། གང་སྡོམ་པའི་ངོ་བོ། ཐབས་གང་གིས་སྡོམ་པ། སྡོམ་པ་དང་ལྡན་པའི་རྟེན་གྱི་གང་ཟག་དང་བཞི་ལས། གང་སྡོམ་པའི་ངོ་བོ་ལ་གྲངས་ཇི་སྙེད་ཅིག་སྡོམ་པ། སྤང་བྱ་གང་སྡོམ་པ། སྡོམ་པ་རང་གི་ངོ་བོ་དང་གསུམ་དུ་གསུངས་ཞིང་། དེ་དག་བསྐྱེད་རིམ་དང་། བྱང་སེམས་ཀྱི་སྡོམ་པ་ལ་ཡང་སྦྱར་བར་གསུངས་སོ། །རྗེ་བཙུན་གྱིས་གང་དུ་སྡོམ་པའི་གནས། གྲངས་ཇི་སྙེད་ཅིག་སྡོམ་པ། སྤང་བྱ་གང་སྡོམ་པ། ཐབས་གང་གིས་སྡོམ་པ། སྡོམ་པ་རང་གི་ངོ་བོ་དང་ལྔ་གསུངས་ཤིང་། རེ་རེ་ལ་ཡང་སོ་ཐར་དཔེར་བྱས་ནས་རྫོགས་རིམ་ལ་སྦྱར། སྤང་བྱ་གང་སྡོམ་གྱི་སྐབས་སུ་བྱང་སེམས་ཀྱི་སྡོམ་པ་ཡང་དཔེར་མཛད་དོ། །དེ་དག་གི་དོན་སོ་ཐར། བྱང་སེམས། བསྐྱེད་རིམ། རྫོགས་རིམ་གྱི་སྡོམ་པ་དང་བཞི་ཆར་ལ་སྦྱར་ན་གོང་དུ་སྡོམ་པའི་གནས་ནི་སོ་ཐར་ལ། ནཱ་ལེནྟྲ་ལ་སོགས་པ་སྡེ་པ་བཞི་པོ་འདུ་བའི་གནས། བྱང་སེམས་ལ། རྟེན་གྱི་ཡུལ་མཆོད་པར་བྱ་བ་ཉིད་དུ་བྱེད་པ་ཞེས་པ་ལྟར། གང་ཟག་རེ་རེ་ཡང་གང་དུ་བཞུགས་པའི་གནས། བསྐྱེད་རིམ་ལ། མཉམ་གཞག་ལྟར་ན་རང་སེམས། རྗེས་སྤྱོད་ལྟར་ན་སྣང་བའི་དངོས་པོ་གང་དུ་ཡོད་པ། རྫོགས་རིམ་ལ་རང་བྱིན་བརླབས་ལྟར་ན། སྤྱིར་རྩ་འཁོར་ལོ་ཐམས་ཅད་དང་། ཁྱད་པར་དུ་ལྟེ་བའི་གནས། དཀྱིལ་འཁོར་འཁོར་ལོ་ལྟར་ན་དབང་གི་གནས་སོ། །གྲངས་ཇི་སྙེད་ཅིག་སྡོམ་པ་ནི་སོ་ཐར་ལ། ལུས་ངག་གི་བསླབ་པར་བྱ་བ་ཇི་སྙེད་ཡོད་པ་རྣམས་ལྔ་དང་། བརྒྱད་དང་། བཅུ་དང་། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སོགས་སུ་སྡོམ། བྱང་སེམས་ལ། སེམས་ཀྱི་བསླབ་པར་བྱ་བ་ཐམས་ཅད་ཚུལ་ཁྲིམས་གསུམ་མམ། ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་སྡོམ། བསྐྱེད་རིམ་ལ་མཉམ་གཞག་ལྟར་ན་སྦྱང་གཞི་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོ་དེར་སྡོམ། རྗེས་སྤྱོད་ལྟར་ན་ལྷག་པའི་ལྷའམ། ལྷ་སོ་སོའི་ངོ་བོར་སྡོམ། རྫོགས་རིམ་ལ། ཕྱི་རོལ་དུ་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་ནང་དུ་རྩ་འཁོར་ལོ་བཞི་ལ་སོགས་པར་སྡོམ་མོ། །སྤང་བྱ་གང་སྡོམ་པ་ནི་སོ་ཐར་ལ་ལུས་ངག་གི་ཁ་ན་མ་ཐོ་བ། བྱང་སེམས་ལ་སེམས་ཀྱི་ཁ་ན་མ་ཐོ་བ། བསྐྱེད་རིམ་ལ་ཐ་མལ་གྱི་རྣམ་རྟོག རྫོགས་རིམ་ལ་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་སྡོམ་མོ། །ཐབས་གང་གིས་སྡོམ་པ་ནི་སོ་ཐར་ལ་གསོལ་བཞིའི་ལས་ལ་སོགས་པ་དང་། བྱང་སེམས་ལ་དབུ་སེམས་ཀྱི་ཆོ་ག་སོགས་དང་། བསྐྱེད་རྫོགས་གཉིས་ལ་དང་པོར་དབང་གི་ཆོ་ག་དང་། ཕྱིས་མངོན་དུ་བྱེད་པ་ནི་བསྐྱེད་རྫོགས་བསྒོམས་པའི་ཐབས་ཀྱིས་སོ། །སྡོམ་པ་རང་གི་ངོ་བོ་ནི་སམ་པ་ར་ཞེས་པ་བདེ་བའི་མཆོག་ལ་འཇུག་པས། དེས་བདེ་བར་གྱུར་པས་ན་སྡོམ་པ་སྟེ། སོ་ཐར་ལ་མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ་ཞེས་དང་། བྱང་སེམས་ལ། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་དང་། བསྐྱེད་རིམ་ལ། ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་དང་། རྫོགས་རིམ་ལ། རང་རིག་བདེ་བ་ཆེན་པོ་ཉིད། །ཅེས་པ་ལྟ་བུའོ། །སྐབས་འདིའི་བདེ་བ་ནི་ཚོར་བ་བདེ་བ་དང་། ཤིན་ཏུ་སྦྱངས་པའི་བདེ་བ་སོགས་མ་ཡིན་གྱི། རང་རང་གི་སྤང་བྱ་མི་མཐུན་པའི་ཕྱོགས་སྡོམ་པས་བདེ་བའི་མཆོག་ཏུ་གྱུར་པའོ། །གཉིས་པ་ལ་གསུམ་སྟེ། ལེན་པའི་ཆོ་ག བླང་བའི་ཡུལ། རྟེན་གྱི་གང་ཟག་གོ །དང་པོ་ལ་གསུམ་ལས། དང་པོ་སོ་ཐར་གྱི་ཆོ་ག་ལ་གཉིས་ཏེ། ཉན་ཐོས་ཀྱི་སོ་ཐར་གྱི་ཆོ་ག་དང་། ཐེག་ཆེན་གྱི་སོ་ཐར་གྱི་ཆོ་གའོ། །དང་པོ་ལ་གསུམ་སྟེ། བསྙེན་གནས་ལེན་པའི་ཆོ་ག སྐྱེས་པའི་བསླབ་ཚིགས་གསུམ་ལེན་པའི་ཆོ་ག དེ་བུད་མེད་ཀྱི་བསླབ་ཚིགས་བཞི་ལ་སྦྱར་བའོ། །དང་པོ་ནི། མཛོད་ལས། དམའ་བར་འདུག་སྨྲས་བཟླས་པ་ཡིས། །མི་བརྒྱན་ནམ་ནི་ནང་བར་དུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་ནོད་པར་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི་ཀརྨ་ཤ་ཏཾ་ལས། སྔོན་དང་དགེ་བསྙེན་བསླབ་པ་དང་། །ཞུ་དང་མཁན་པོ་དང་པོ་དང་། །རབ་བྱུང་དགེ་ཚུལ་གྲིབ་ཚོད་དང་། །བསླབ་པ་བརྗོད་པ་ཐ་མ་ཡིན། །དང་པོར་བྱ་དང་མཁན་པོ་དང་། །ཆོས་གོས་གཉིས་དང་ལྷུང་བཟེད་གཉིས། །སྤྲོ་བྱ་གསོལ་བ་གསང་སྟོན་དང་། །ཞུ་དང་གསོལ་དང་གསོལ་བ་དང་། །དྲི་དང་ལས་དང་གྲིབ་ཚོད་དང་། །ཉིན་མཚན་དུས་ཚོད་གནས་རྣམས་དང་། །ལྟུང་དང་དགེ་སྦྱོང་མཆོག་འདོད་དང་། །ཚུལ་ཁྲིམས་མཉམ་དང་ཚུལ་འབྲེལ་དང་། །དུལ་དང་དགོས་དང་མ་བརྗོད་དང་། །གུས་པ་དང་ནི་བསྒྲུབ་བྱ་བ། །མུ་སྟེགས་གནས་པ་སྦྱིན་པ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་གསུངས་པ་ལྟར་བཤད་ན་སྔོན་དང་ཞེས་པས་ནི་གསོལ་བ་བཏབ་པ་སྔོན་དུ་སོང་ནས་གསོལ་བཞིའི་ལས་ཀྱིས་ཅིག་ཆར་རབ་ཏུ་བྱུང་བ་དང་བསྙེན་རྫོགས་བྱེད་པའི་སྔོན་གྱི་ཆོ་ག་བསྟན་ནོ། །དགེ་བསྙེན་ཞེས་པས་ནི་བར་ཆད་དྲི་བ་སྔོན་དུ་སོང་ནས་སྐྱབས་སུ་འགྲོ་བ་རྩོམ་བྱེད་དུ་བྱས་ཏེ་དགེ་བསྙེན་དུ་བསྒྲུབ་པའོ། །བསླབ་པ་ཅེས་པས་ནི་དེའི་འོག་ཏུ་དགེ་བསྙེན་གྱི་བསླབ་པ་བརྗོད་པའོ། །ཞུ་དང་ཞེས་པས་ནི་བསྒྲུབ་བྱ་དེ་རབ་བྱུང་དུ་སྒྲུབ་པའི་ཞུ་བའི་དགེ་སློང་ལ་གཏད་ནས་དེས་ཀྱང་དགེ་འདུན་ལ་ཞུ་བའོ། །མཁན་པོ་ཞེས་པ་ནི་མཁན་པོར་གསོལ་བ་གདབ་པའོ། །དང་པོ་ཞེས་པ་ནི་དེའི་འོག་ཏུ་དགེ་སློང་གཞན་ཞིག་གིས་གཙུག་ཕུད་བྲེགས་ཏེ་ཁྲུས་བྱས། མཁན་པོར་འོས་པ་དེས་ཡོ་བྱད་ལྔ་བྱིན་ནས་མཚན་བཏགས་པའོ། །རབ་བྱུང་ཞེས་པ་ནི་དེའི་འོག་ཏུ་བར་མ་རབ་བྱུང་ཏུ་བསྒྲུབ་པའོ། །དགེ་ཚུལ་ཞེས་པ་ནི་དེའི་འོག་ཏུ་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ་དགེ་ཚུལ་དུ་སྒྲུབ་པའོ། །གྲིབ་ཚོད་ཅེས་པ་ནི་གྲིབ་ཚོད་གཞལ་ཏེ་དེའི་འོག་ཏུ་དུས་བརྗོད་པའོ། །བསླབ་པ་བརྗོད་པ་ཐ་མ་ཡིན་ཞེས་པ་ནི་དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་བརྗོད་པ་སྟེ། དེ་ཡན་ཆད་ནི་དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་བསྒྲུབ་པའི་ཆོ་གའོ། །དང་པོར་བྱ་དང་ཞེས་པ་ནི་བསྒྲུབ་བྱ་དེ་ལོ་ཉི་ཤུ་ལོན། ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བསྙེན་པར་རྫོགས་པར་འདོད་པ་ན་མཁན་པོར་འོས་པ་དེས། ལས་བྱེད་པའི་སློབ་དཔོན། གསང་སྟེ་སྟོན་པའི་སློབ་དཔོན། ལས་གྲལ་དུ་འདུས་པའི་དགེ་སློང་རྣམས་ལ་གསོལ་བ་བཏབ་ནས་དེ་རྣམས་ཀྱིས་ཀྱང་རང་རང་གི་ལྟུང་བ་བཤགས་པར་འོས་པ་རྣམས་བཤགས། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ནས་ལས་གྲལ་དུ་འདུས་པའོ། །མཁན་པོ་ཞེས་པ་ནི་བསྙེན་པར་རྫོགས་པའི་མཁན་པོར་གསོལ་བ་བཏབ་པའོ། །ཆོས་གོས་དང་པོ་ནི་མཁན་པོས་ཆོས་གོས་གསུམ་བྱིན་གྱིས་བརླབས་ནས་གནང་བའོ། །ཆོས་གོས་གཉིས་པ་ནི་ཆོས་གོས་དྲུབས་ཟིན་པ་མེད་ན་ཆོས་གོས་ཀྱི་རྒྱུ་བྱིན་གྱིས་བརླབས་ནས་གནང་བའོ། །ལྷུང་བཟེད་དང་པོ་ནི་ལྷུང་བཟེད་དགེ་འདུན་ལ་བསྟན་པའོ། །གཉིས་པ་ནི་མཁན་པོས་བྱིན་གྱིས་བརླབས་ནས་གནང་བའོ། །སྤྲོ་བྱ་ཞེས་པ་ནི་ལས་སློབ་ཀྱིས་གསང་སྟེ་སྟོན་པ་གང་ཡིན་དྲིས་ནས་སྤྲོར་གཞུག་པའོ། །གསོལ་བ་ཅེས་པ་ནི་གསང་སྟོན་བསྐོ་བའི་ཕྱིར་དུ་གསོལ་བ་འབའ་ཞིག་པའི་ལས་བྱེད་པའོ། །གསང་སྟོན་ཞེས་པ་ནི་གསང་སྟེ་སྟོན་པའི་སློབ་དཔོན་གྱིས་བསྒྲུབ་བྱ་ལ་ལྐོག་ཏུ་བར་ཆད་དྲི་བའོ། །ཞུ་དང་ཞེས་པ་ནི་གསང་སྟོན་གྱིས་བསྒྲུབ་བྱ་བར་ཆད་ཀྱིས་དག་པར་དགེ་འདུན་ལ་ཞུ་བའོ། །གསོལ་དང་ཞེས་པ་ནི་བསྙེན་པར་རྫོགས་པའི་ཕྱིར་དུ་བསྒྲུབ་བྱས་ལས་སློབ་ཀྱི་རྗེས་ཟློས་བྱས་ཏེ་གསོལ་བ་བཏབ་པའོ། །གསོལ་བ་ཅེས་པ་ནི་ལས་སློབ་ཀྱིས་བསྒྲུབ་བྱ་ལ་སྔོན་དུ་བར་ཆད་དྲི་བའི་ཆེད་དུ་གསོལ་བ་འབའ་ཞིག་པའི་ལས་བྱེད་པའོ། །དྲི་དང་ཞེས་པ་ནི་མངོན་དུ་བར་ཆད་དྲི་བའོ། །ལས་དང་ཞེས་པ་ནི་བསྙེན་པར་རྫོགས་པའི་དངོས་གཞིའི་གསོལ་བ་དང་བཞིའི་ལས་བྱེད་པའོ། །གྲིབ་ཚོད་ཅེས་པ་ནི་ཐུར་མ་སོར་བཞི་པས་གྲིབ་ཚོད་གཞལ་བའོ། །ཉིན་མཚན་ཞེས་པ་ནི་ཉིན་མཚན་གྱི་ཆ་ཉི་ཤུ་རྩ་གཉིས་བརྗོད་པའོ། །དུས་ཚོད་ཅེས་པ་ནི་དགུན་གྱི་དུས་ལ་སོགས་པ་དུས་ཚིགས་ལྔ་བརྗོད་པའོ། །དེ་ལྟར་ན་འདི་དང་མདོ་རྩ་གཉིས་ཕྲ་རིམ་ནས་བརྗོད་པ་ཡིན་ལ་དེ་ཡང་ལུང་གཞི་ཇི་ལྟ་བ་བཞིན་དུ་བྲིས་པར་སྣང་ཞིང་དེང་སང་གཞི་འགྲེལ་མཁན་པོས་བཤད་པ་ལྟར་རགས་རིམ་ནས་བརྗོད་པ་ནི་བརྗོད་བདེ་བའི་དབང་དུ་བྱས་པའོ། །གནས་རྣམས་ཞེས་པ་ནས་བསྒྲུབ་བྱ་བ་ཞེས་པའི་བར་ནི་གདམས་ངག་བཅུ་གཅིག་བརྗོད་པའོ། །མུ་སྟེགས་གནས་པ་སྦྱིན་པ་ཞེས་པ་ནི་སྦྱོར་བའི་ཆོ་གའི་སྤྲོས་པ་སྟེ། ཤཱཀྱ་དང་མུ་སྟེགས་རལ་པ་ཅན་མ་གཏོགས་པར་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་ལ་སེམས་མགུ་བ་བརྟག་པའི་ཆེད་དུ་ཟླ་བ་བཞིར་གནས་པ་སྦྱིན་པའི་གསོལ་གཞིའི་ལས་སོ། །འདི་དག་ནི་ལས་ཆོག་གི་གོ་རིམ་མི་འཁྲུག་ཅིང་བློ་ལ་བཟུང་བདེ་བའི་ཕྱིར་དུ་ཀརྨ་ཤ་ཏཾ་གྱི་སྡོམ་ཚིག་དྲངས་ནས་ཚིག་གི་འབྲུ་གཉེར་བ་ཙམ་ཞིག་བྱས་པ་ཡིན་ལ་ལག་ལེན་ཞིབ་པར་ནི་ཀརྨ་ཤ་ཏཾ་གྱི་སྟེང་དུ་སྦྱར་ནས་མཁས་པར་བྱ་དགོས་ཏེ། ཆོ་ག་མ་འཁྲུལ་བས་བསྒྲུབ་བྱ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་ལྡན་དུ་བསྒྲུབ་པ་ནི་བསྟན་པའི་རྩ་བར་སྣང་བའི་ཕྱིར་རོ། །གསུམ་པ་ནི། དགེ་བསྙེན་མ་དང་དགེ་ཚུལ་མར་བསྒྲུབ་པའི་ཆོ་ག་ནི་བསྒྲུབ་བྱ་སྐྱེས་པའི་ཚབ་ཏུ་བུད་མེད་དང་། སྒྲུབ་བྱེད་དགེ་སློང་གི་ཚབ་ཏུ་དགེ་སློང་མ་སྦྱར་བ་མ་གཏོགས་གཞན་སྔར་དང་འདྲ་སྟེ། མདོ་རྩར་དགེ་སློང་གི་གནས་སུ་དགེ་སློང་མའོ། །རབ་ཏུ་བྱུང་བ་ཐམས་ཅད་ཀྱིའོ་ཞེས་གསུངས་སོ། །དེ་ནས་བསྙེན་པར་མ་རྫོགས་པའི་ལོ་གཉིས་ཀྱི་གོང་དུ་དགེ་སློབ་མའི་སྡོམ་པ་བླང་དགོས་ལ། དེ་ཡང་ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་མཐའ་འཁོབ་ཏུ་དྲུག་ཚོགས་ཀྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སྦྱིན་དགོས་ཏེ། མདོ་རྩར་བུད་མེད་ལ་ནི་དགེ་སློབ་མ་ཞེས་བྱ་བའི་ཚིགས་གཞན་ཡོད་དོ་ཞེས་པ་དང་། སྦྱིན་པ་ལས་སྐྱེའོ། །དགེ་སློང་མའི་དགེ་འདུན་གྱིས་སོ། །ཞེས་གསུངས་སོ། །དེ་ནས་དགེ་སློང་མར་བསྒྲུབ་པ་ལ་ཆོ་ག་ཕལ་ཆེར་ནི་དགེ་སློང་གི་དང་འདྲ་བ་ལ། ཁྱད་པར་ནི་འདིར་སྡེ་གཉིས་ཀའི་དགེ་འདུན་དགོས་པས་ཡུལ་དབུས་སུ་དགེ་སློང་བཅུ། དགེ་སློང་མ་བཅུ་གཉིས་ཏེ་ཉི་ཤུ་རྩ་གཉིས། མཐའ་འཁོབ་ཏུ་དགེ་སློང་ལྔ། དགེ་སློང་མ་དྲུག་སྟེ་བཅུ་གཅིག་དགོས་ལ། གསང་སྟེ་སྟོན་པའི་འོག་ཏུ་ཚངས་སྤྱོད་ལ་ཉེར་གནས་ཀྱི་སློབ་དཔོན་མས་བསྒྲུབ་བྱ་ལ་བར་ཆད་དྲིས་ཏེ་གསོལ་བ་བཏབ་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་སྦྱིན་དགོས་སོ། །ཆོས་གོས་སྦྱིན་པའི་སྐབས་སུ་སྔར་གྱི་གསུམ་པོའི་སྟེང་དུ་རྔུལ་གཟན་དང་། ཤིང་ང་དཔུང་ཆད་གཉིས་ཏེ་ལྔ་དགོས་སོ། །གདམས་ངག་བརྗོད་པའི་སྐབས་སུ་གནས་ཤིང་དྲུང་པ་མི་བརྗོད་པ་དང་། ལྟུང་བར་འགྱུར་བའི་རྗེས་སུ་ལྕི་བའི་ཆོས་བརྒྱད་བརྗོད་པ་སྟེ་མདོ་རྩར་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །གསང་སྟེ་སྟོན་པའི་འོག་ཏུ་དགེ་འདུན་གྱིས་དེ་སྦྱིན་པར་བྱའོ། །བར་ཆད་དྲིས་ནས་སོ། །གསོལ་བ་བྱས་ནས་སོ། །ཆོས་གོས་དག་ནི་ལྔ་ཉིད་དོ། །གནས་རྣམས་ལ་ཤིང་དྲུང་ཉིད་མ་གཏོགས་སོ། །ལྟུང་བར་འགྱུར་བ་རྣམས་ལ་བརྒྱད་ཉིད་དོ། །ལྕི་བའི་ཆོས་རྣམས་བརྗོད་པར་བྱའོ། །ལྟུང་བར་འགྱུར་བ་དང་། དགེ་སློང་བྱེད་པའི་བར་སྐབས་སུའོ་ཞེས་གསུངས་སོ། །ལྕི་བའི་ཆོས་རྣམས་ནི་མེ་ཏོག་ཕྲེང་རྒྱུད་ལས། ཚུལ་འཆལ་དགེ་སློང་མིན་པར་ནི། །མི་གླེང་ཁྲོ་བ་ཉིད་ཀྱང་ངོ་། །དགེ་སློང་རྣམས་ལས་འདི་བསྙེན་རྫོགས། །དེ་ལ་ཟླ་ཕྱེད་གདམས་ངག་གསོལ། །དགེ་སློང་བཅས་གནས་དབྱར་གནས་ནས། །ཚོགས་གཉིས་དང་ནི་དགག་དབྱེ་བྱ། །ལྕི་བའི་ཆོས་ལས་འདས་ནས་ནི། །ཟླ་ཕྱེད་ཚོགས་གཉིས་མགུ་བྱས་ཏེ། །བསྙེན་པར་རྫོགས་པར་གསར་བུ་ལ། །དགེ་སློང་མ་ཡིས་ཕྱག་བྱའོ། །ལྕི་བའི་ཆོས་བརྒྱད་འདི་དག་ནི། །དགེ་སློང་མ་ལ་གསུངས་པ་ཡིན། །ཞེས་གསུངས་སོ། །འདིར་སྡེ་སྣོད་ལ་སྦྱངས་པར་གྲགས་པ་འགའ་ཞིག་གིས་ལྕི་བའི་ཆོས་བརྒྱད་ལ་དགེ་སློང་མའི་ཕམ་པ་བརྒྱད་བགྲངས་འདུག་པ་ནི་ཡི་གེ་པས་ནོར་བར་གྱུར་ཅིང་། གཉིས་པ་ཐེག་ཆེན་སོ་ཐར་ལེན་པའི་ཆོ་ག་ལ་ཆོ་ག་ཐུན་མོང་བའི་སོ་ཐར་རིས་བརྒྱད་ནི་བསམ་པ་སེམས་བསྐྱེད་ཀྱིས་ཟིན་པ་མ་གཏོགས་ཆོ་ག་ནི་ཉན་ཐོས་དང་ཁྱད་མེད་དུ་དགོས་ཏེ། ཆོ་ག་སངས་རྒྱས་སྤྱོད་ཡུལ་ཡིན། །ཞེས་པ་ལྟར་སངས་རྒྱས་ཀྱི་གསུངས་པ་གཅིག་དགོས་ལ་ཉན་ཐོས་ཀྱི་གཞུང་ལས་བཤད་པ་ལས་གཞན་པའི་ཆོ་གའི་ལག་ལེན་མི་སྣང་བའི་ཕྱིར་རོ། །དོན་ཡོད་ཞགས་པའི་རྟོགས་པ་ལས་བཤད་པའི་གསོ་སྦྱོང་ནི་སྐུ་གཟུགས་ཀྱི་མདུན་དུ་རང་ཉིད་ཀྱིས་ལེན་པར་བཤད་དོ། །གཉིས་པ་བྱང་སེམས་ཀྱི་སྡོམ་པ་ལེན་པའི་ཆོ་ག་ལ་དབུ་མ་ལུགས་དང་། སེམས་ཙམ་ལུགས་གཉིས་ལས། དང་པོ་ནི། མགོན་པོ་འཇམ་པའི་དབྱངས་ནས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་བརྒྱུད་དེ། རྒྱལ་སྲས་ཞི་བ་ལྷའི་ཕྱག་སྲོལ་ཇོ་བོ་པུཎྱ་ཤྲཱི་ལས་བྱུང་བ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ཕྱག་ལེན་དུ་མཛད་པ་དེ་ཡིན་ལ། གཉིས་པ་ནི། མགོན་པོ་བྱམས་པ་ནས་ཐོགས་མེད་སྐུ་མཆེད་ལ་བརྒྱུད་དེ་སློབ་དཔོན་ཙནྟྲ་གོ་མིའི་ཕྱག་སྲོལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་བྱུང་བ་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ཕྱག་ལེན་དུ་མཛད་པ་དེ་ཡིན་ནོ། །དེ་ལ་ལུགས་དང་པོ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་སེམས་བསྐྱེད་ཀྱི་ཆོ་ག ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་གྱི་ཡི་དམ་བླང་བའི་ཆོ་ག སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་རྣམས་ལས་བྱུང་བ་ཆོས་རྗེ་ས་སྐྱ་པཎྜི་ཏའི་སེམས་བསྐྱེད་ཀྱི་ཆོ་ག་ཆེན་མོར་བཀོད་པ་ལས་ལག་ལེན་ཞིབ་ཏུ་ཤེས་པར་བྱ་ཞིང་། ལུགས་གཉིས་པ་ནི་བྱང་ས་དང་སྡོམ་པ་ཉི་ཤུ་པ་ལས་འབྱུང་བ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྡོམ་པ་ཉི་ཤུ་པའི་ཊཱི་ཀར་བཤད་པ་ལས་ཞིབ་ཏུ་ཤེས་པར་བྱ་སྟེ་འདིར་ཡི་གེ་མང་དུ་དོགས་པས་མ་བཀོད་དོ། །འོ་ན་ལུགས་གཉིས་པོ་ལ་ཁྱད་པར་ཅི་ཡོད་ཅེ་ན་ཆོས་རྗེ་ས་སྐྱ་པཎྜི་ཏའི་སེམས་བསྐྱེད་ཀྱི་ཆོ་ག་དང་བདག་ཉིད་ཆེན་པོ་དེའི་གསུང་སྒྲོས་ལྷོ་པ་ཐམས་ཅད་མཁྱེན་པར་རིན་ཆེན་དཔལ་གྱིས་བྲིས་པའི་སྤྱོད་འཇུག་གི་ཊཱི་ཀ་ལས་འབྱུང་བ་ལྟར་བཤད་པར་བྱ་སྟེ། དེ་ལ་བླང་བའི་ཡུལ་དང་ལེན་པའི་གང་ཟག་གི་ཁྱད་པར་ནི་འོག་ཏུ་འཆད་ཅིང་ཆོ་ག་ལ་སྦྱོང་བའི་ཁྱད་པར་ནི་དབུ་མ་པ་རྣམས་ཀྱིས་སྤྱོད་འཇུག་ལས་འབྱུང་བ་ལྟར། མཆོད་པ་འབུལ་བ་དང་། སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། བསྔོ་བ་སྟེ་ཡན་ལག་བདུན་དུ་མཛད་ལ། སེམས་ཙམ་པ་རྣམས་ཀྱིས་ནི་སྡོམ་པ་ཉི་ཤུ་པ་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །གུས་པས་ཕྱག་འཚལ་ཅི་ནུས་མཆོད། །ཅེས་གསུངས་པ་ལྟར་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་གཉིས་བྱེད་ཀྱི་ལྷག་མ་རྣམས་མི་བྱེད་དོ། །དེ་ལྟར་ཡན་ལག་བདུན་པ་བྱེད་མི་བྱེད་ཀྱི་ཁྱད་པར་ཊཱི་ཀ་གསུང་སྒྲོས་མ་ལས། དབུ་མ་ལུགས་ཀྱི་སེམས་བསྐྱེད་ནི་ཤན་པ་ལ་སོགས་པ་སོ་ཐར་གྱི་སྡོམ་པས་མ་བསྡོམས་པ་ལ་ཡང་སྐྱེ་བའི་དབང་དུ་བྱས་ནས་དེ་དག་གི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཚབ་ཆེ་བ་སྦྱངས་ནས་སྡོམ་པ་སྐྱེ་བའི་ཆེད་དུ་ཡན་ལག་བདུན་པ་མཛད་པ་ཡིན་ལ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་སྐྱེ་བ་ལ་སོ་ཐར་གྱི་སྡོམ་པས་རྒྱུད་བསྡམས་པ་སྔོན་དུ་སོང་བའི་དབང་དུ་བྱས་ནས་ཚོགས་སོག་པའི་ཡན་ལག་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་ཙམ་བྱེད་ཀྱི་སྡིག་པ་བཤགས་པ་སོགས་མི་མཛད་པར་གསུངས་སོ། །གཞན་ཡང་དབུ་མ་པ་རྣམས་ཀྱིས་ནི་བར་ཆད་དྲི་བ་མི་མཛད་ལ། སེམས་ཙམ་པ་རྣམས་ཀྱིས་ནི་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ཤེས་སམ། ཞེས་སོགས་བར་ཆད་དྲི་བར་མཛད་དོ། །དངོས་གཞིའི་ཁྱད་པར་ལ། དབུ་མ་པ་རྣམས་ཀྱིས་ནི་སྨོན་འཇུག་གཉིས་པོ་སྟབས་གཅིག་ཏུ་ལེན་ལ། སེམས་ཙམ་པ་རྣམས་ཀྱིས་ནི་ཐོག་མར་སྨོན་པ་བླངས་ནས་དེའི་རྗེས་སུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་བསླངས་ཏེ་བསླབ་བྱ་རྣམས་ཉམས་འོག་ཏུ་ཚུད་པར་བྱས་ནས་བསྒྲུབ་པར་ནུས་ན་འཇུག་སྡོམ་ལེན་ནོ། །མཇུག་གི་ཆོ་ག་ལ་དབུ་མ་པ་རྣམས་ཀྱིས་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །ཅེས་སོགས་རང་དགའ་བ་སྒོམ་པ་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །ཞེས་སོགས་གཞན་དགའ་བ་སྒོམ་དུ་འཇུག་པ་མཛད་ལ། སེམས་ཙམ་པ་རྣམས་ཀྱིས་མཁྱེན་པར་གསོལ་བར་མཛད་དེ། འདི་ལྟར་ནོད་པའི་བྱང་ཆུབ་སེམས་དཔའ་དེ་མ་ལངས་པར་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་ཤིང་འཚོ་སྐྱོང་བ་ཐམས་ཅད་ཀྱི་ཞབས་ལ་གཏུགས་ཏེ་ཐལ་མོ་སྦྱར་ནས་འདི་ལྟར་མཁྱེན་པར་མཛད་དུ་གསོལ་ཞེས་བྱ་སྟེ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་འདིས་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་ནོད་པའི་བྱང་ཆུབ་སེམས་དཔའ་འདིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་དཔང་དུ་གྱུར་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་འཕགས་པའི་ཚོགས་ལྐོག་ཏུ་གྱུར་ཀྱང་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་མཁྱེན་པ་ཅན་རྣམས་ལ་མཁྱེན་པར་གསོལ་ལོ། །ཞེས་དེ་སྐད་ལན་གཉིས་སམ་གསུམ་གྱི་བར་དུ་བརྗོད་པར་བྱའོ། །ཞེས་གསུངས་སོ། །བསླབ་བྱའི་ཁྱད་པར་དང་། ཕྱིར་བཅོས་ཀྱི་ཁྱད་པར་ནི་འོག་ཏུ་བཤད་པར་བྱའོ། །དེ་ལྟར་ན་ལུགས་འདི་གཉིས་བླང་བའི་ཡུལ། རྟེན་གྱི་གང་ཟག ལེན་པའི་ཆོ་ག བསླབ་བྱ་ཕྱིར་བཅོས་ཀྱི་སྒོ་ནས་སོ་སོར་ཕྱེ་བ་ནི། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་སྲོལ་དུ་སྣང་ཞིང་། དེང་སང་ཁོ་བོའི་བླ་མ་རྡོ་རྗེ་འཆང་དང་དབྱེར་མེད་མ་མཆིས་པ་ཀུན་དགའ་བཟང་པོ་འབའ་ཞིག་གི་ཕྱག་སྲོལ་དུ་སྣང་ངོ་། །དེ་ལ་ལོག་པར་རྟོག་པ་ཁ་ཅིག་ན་རེ། བྱང་ས་ནས་བྱུང་བའི་སེམས་བསྐྱེད་ཀྱི་ཆོ་ག་ལ་སེམས་ཙམ་ལུགས་དང་སྤྱོད་འཇུག་ནས་འབྱུང་བའི་སེམས་བསྐྱེད་ཀྱི་ཆོ་ག་ལ་དབུ་མ་ལུགས་ཞེས་སོ་སོར་ཕྱེ་བ་མི་འཐད་དེ། དབུ་སེམས་གཉིས་ཀས་ལུགས་གཉིས་ཀ་ཉམས་སུ་ལེན་དུ་རུང་བའི་ཕྱིར། ཞེས་ཟེར་བ་ནི་སྨྲ་བས་ཕོངས་པར་ཟད་དེ། འོ་ན་ཁྱེད་རང་གི་བླ་མས་ཀླུ་སྒྲུབ་ནས་བརྒྱུད་པའི་ལམ་རིམ་ལ་ཟབ་མོ་ལྟ་བ་དང་། ཐོགས་མེད་ནས་བརྒྱུད་པའི་ལམ་རིམ་ལ་རྒྱ་ཆེན་སྤྱོད་པ་ཞེས་གཉིས་སུ་ཕྱེ་བ་ཡང་མི་འཐད་པར་ཐལ། དེ་གཉིས་ཀས་ཀྱང་ལྟ་སྤྱོད་གཉིས་ཀ་ཉམས་སུ་ལེན་དུ་རུང་བའི་ཕྱིར། གསུམ་ཆར་ཁས། གཞན་ཡང་བྱམས་མགོན་གྱིས་ཡུམ་དོན་འགྲེལ་པ་ལ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་འབེབས་པ་དང་། ཀླུ་སྒྲུབ་ཀྱི་ཡུམ་དོན་འགྲེལ་པ་ལ་དངོས་བསྟན་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པ་ཞེས་གཉིས་སུ་དབྱེར་མི་རུང་བར་ཐལ། དེ་གཉིས་ཀས་ཀྱང་མངོན་རྟོགས་ཀྱི་རིམ་པ་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ཀ་ཉམས་སུ་ལེན་དུ་རུང་བའི་ཕྱིར་རོ། །ཞེས་སོགས་མཐའ་ཡས་པ་བརྗོད་པར་བྱའོ། །དེས་ན་སེམས་ཙམ་པ་ལྟ་བ་དམའ་བས་དེ་དང་མཐུན་པར་སྤྱོད་པ་ཡང་དོག་པའི་ཆོ་ག་དང་། དབུ་མ་པ་ལྟ་བ་མཐོ་བས་དེ་དང་མཐུན་པར་སྤྱོད་པ་ཡངས་པའི་སེམས་བསྐྱེད་ཀྱི་ཆོ་ག་གཉིས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ཤིང་རྗེས་འཇུག་གི་གྲུབ་ཆེན་རྣམས་ཀྱིས་ཀྱང་དེ་ལྟར་དུ་བཀྲལ་བར་ཤེས་པར་བྱའོ། །གསུམ་པ་སྔགས་སྡོམ་ལེན་པའི་དབང་བསྐུར་གྱི་ཆོ་ག་ལ་བཞི་སྟེ། གང་དུ་བསྐུར་བའི་དཀྱིལ་འཁོར། ཇི་ལྟར་བསྐུར་བའི་ཆོ་ག དེ་ལྟར་བསྐུར་བའི་དགོས་པ། དེ་ལས་སྔགས་སྡོམ་ཐོབ་པའི་དུས་བསྟན་པའོ། །དང་པོ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར། སྤྲུལ་པའི་དཀྱིལ་འཁོར། ཏིང་ངེ་འཛིན་གྱི་དཀྱིལ་འཁོར། རྡུལ་ཚོན་གྱི་དཀྱིལ་འཁོར། རས་བྲིས་ཀྱི་དཀྱིལ་འཁོར་རྣམས་ལས། དང་པོ་ནི། སངས་རྒྱས་རྡོ་རྗེ་འཆང་གིས་རྒྱུད་གསུངས་པའི་ཚེ་འཁོར་རྣམས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བའི་ཆེད་དུ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་དཀྱིལ་འཁོར་རོ། །གཉིས་པ་ནི། ས་ལ་གནས་པའི་འཕགས་པ་རྣམས་དང་། སོ་སོའི་སྐྱེ་བོ་ལས་དག་པ་རྣམས་ཀྱི་དོན་དུ་སྤྲུལ་པ་མཆོག་གིས་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་སུ་སྤྲུལ་པ་སྟེ། དེ་ལས་གཙོ་བོ་གྲུབ་པའི་ས་ལ་གནས་པ་རྣམས་ཀྱིས་དབང་བླང་ཞིང་སོ་སྐྱེ་ལས་དག་པ་འགའ་ཞིག་གིས་དབང་བླངས་པས་དེ་མ་ཐག་ཏུ་གྲུབ་པའི་ས་ཐོབ་པ་ཡང་ཡོད་དེ། དཔལ་ལྡན་ཆོས་སྐྱོང་གིས་བདག་མེད་མའི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བླངས་པ་ལས་ས་དང་པོ་མངོན་དུ་བྱས་པ་བཞིན་ནོ། །གསུམ་པ་ནི། ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་སོ་སོའི་སྐྱེ་བོའི་རྡོ་རྗེ་སློབ་དཔོན་དང་འཕགས་པའི་གང་ཟག་འགའ་ཞིག་གིས་ལུས་ངག་གི་བྱེད་པ་མེད་པར་ཏིང་ངེ་འཛིན་འབའ་ཞིག་གིས་ས་ཆོག་ནས། མཇུག་གི་ཆོ་ག་ཚང་བའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བཞེངས་པའོ། །འདི་ལ་ཏིང་ངེ་འཛིན་བརྟན་མི་བརྟན་གྱི་བྱེ་བྲག་གིས་དཀྱིལ་འཁོར་རང་གི་ལྟ་ནུས་ཤིང་གཞན་ལ་ཡང་བསྟན་ནུས་པ་དང་། རང་གིས་ལྟ་ནུས་ཀྱི་གཞན་ལ་བསྟན་མི་ནུས་པ་གཅིག་ཡོད་དོ་ཞེས་བླ་མ་གསུང་ངོ་། །དབང་བསྐུར་བ་ལ་ནི། གཞན་ལ་བསྟན་ནུས་པ་དགོས་ཏེ། དཔའ་བོ་རྡོ་རྗེས་འབྲོག་མི་ལོ་ཙཱ་བ་ལ་དབང་བསྐུར་བ་གསུངས་པ་ལྟ་བུའོ། །དེང་སང་བོད་འདིར་རྒྱུད་སྡེ་ལ་བློ་ཁ་མ་ཕྱོགས་པ་མང་དུ་འཚོགས་ནས་མདུན་དུ་ཚོམ་བུའི་དཀྱིལ་འཁོར་གཅིག་བཀོད་དེ་གསང་བ་འདུས་པའི་མཎྜལ་མཆོད་པའི་ཆོ་ག་བོན་པོའི་གཤིན་དབྱངས་འཐེན་པ་ལྟར་གྱེར་འདོན་དུ་བྱེད་པ་ལ་བསམ་གཏན་སྒྲུབ་མཆོད་དུ་མིང་བཏགས་པ་ནི་གསང་སྔགས་ཀྱི་རྣམ་གཞག་ཚིག་ཙམ་ཡང་རྣ་བའི་བུ་གར་མ་སོང་བ་མཚོན་པར་བྱེད་དེ། འདི་ལུང་དང་། རིགས་པ་དང་། རང་གིས་ཁས་བླངས་པའི་གྲུབ་མཐའ་དང་འགལ་བ་གསང་སྔགས་སུ་ཁས་བླངས་པའི་ཕྱིར་རོ། །དང་པོ་ནི། སློབ་དཔོན་ཨ་བྷ་ཡས། སྔར་བཤད་པ་ལྟར་ལུས་ངག་གི་རྩོལ་བ་མེད་པར་ཡིད་འབའ་ཞིག་གིས་དཀྱིལ་འཁོར་བཞེངས་པ་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། བསམ་གཏན་གྱི་དཀྱིལ་འཁོར། དེའི་སྒྲུབ་མཆོད་ལ་ཏིང་ངེ་འཛིན་གྱི་སྒྲུབ་མཆོད་དང་། བསམ་གཏན་གྱི་སྒྲུབ་མཆོད་དུ་གསུངས་པ་དང་འགལ་ལོ། །གཉིས་པ་ནི། བསམ་གཏན་གྱི་སྒྲུབ་མཆོད་ཡིན་ན་ལུས་ངག་གི་རྩོལ་བ་མེད་པར་དམིགས་པའི་དོན་ལ་རྩེ་གཅིག་པ་ཞིག་དགོས་ལ། ཁྱོད་ཀྱི་ཆོ་ག་དེ་ནི་ལུས་ངག་གི་སྤྲོས་པའི་རང་བཞིན་དུ་སྣང་བའི་ཕྱིར་རོ། །གསུམ་པ་ནི། ཁྱེད་རང་རྣམས་ཀྱིས་ཁས་བླངས་པའི་གསང་སྔགས་ལམ་རིམ་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་དང་པོ་པས་སྤྲུལ་མི་ནུས་པར་བཤད་པ་དང་འགལ་ལོ། །བཞི་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ནི་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་སྨིན་པར་བྱེད་པའི་དབང་དུ་མཛད་ནས་རྒྱལ་བ་རྡོ་རྗེ་འཆང་གིས་རྒྱུད་སྡེ་རྣམས་ལས་འདི་རྒྱས་པར་གསུངས་སོ། །དེ་ལ་རྣལ་འབྱོར་དབང་ཕྱུག་བིརྺ་པའི་བཞེད་པས་ལས་དང་པོ་པ་མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་གི་མངོན་པར་རྟོགས་པ་བདུན་ལྡན་དགོས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དགོས་པར་བཞེད་དོ། །དེ་ནི་རྗེ་བཙུན་ནཱ་རོ་པ་ཡང་བཞེད་དེ། དབང་མདོར་བསྟན་གྱི་འགྲེལ་པར་དབང་བདུན་པོ་འདི་དག་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རྣམ་པར་སྤངས་ནས་གཞན་རས་བྲིས་ལ་སོགས་པར་བསྐུར་བར་བྱ་བ་མ་ཡིན་ནོ། །ཞེས་གསུངས་སོ། །གཞུང་འདིར་ནི་བིརྺ་པའི་དགོངས་པ་གཞིར་གཞག་ནས་ལས་དང་པོ་པ་སྨིན་པར་བྱེད་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དགོས་པར་གསུངས་ཏེ། དེང་སང་གང་ཟག་རབ་འབྲིང་ཀུན། །རྡུལ་ཚོན་གྱི་ནི་དཀྱིལ་འཁོར་དུ། །དབང་བསྐུར་བྱ་བར་གསུངས་མོད་ཀྱི། །གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཞེས་གསུངས་སོ། །ལྔ་པ་རས་བྲིས་ཀྱི་དཀྱིལ་འཁོར་ནི། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། རི་མོར་གནས་པའི་ལས་དང་ནི། །ཐིག་ལས་ཚོན་དགྱེའི་རིམ་པ་བསྟན། །འགྲོ་བ་འདི་དག་རང་བཞིན་གྱི། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་དང་། སློབ་དཔོན་ཛཱ་ཡ་སེ་ནས། རྡུལ་ཚོན་བྲི་བར་མ་ནུས་ན། །དཀྱིལ་འཁོར་དང་མཉམ་རས་ལ་ནི། །ངེས་པར་བཅོམ་ལྡན་ཧེ་རུ་ཀ །ཕྱག་རྒྱའི་ཚོགས་དང་བཅས་པར་བྲི། །ཞེས་དང་། སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་རས་བྲིས་ལ་བརྟེན་ནས་གསུངས་པ་དང་། སློབ་དཔོན་ཨ་བྷ་ཡས་རྡོ་རྗེ་ཕྲེང་བར་བཤད་པའི་དཀྱིལ་འཁོར་རྣམས་རས་བྲིས་དང་རྡུལ་ཚོན་གཉིས་གཉིས་གསུངས་པ་དང་། རྗེ་བཙུན་རྩེ་མོས་རས་བྲིས་ལ་བརྟེན་པའི་ལུགས་འདི་ནི་བདེ་མཆོག་ཨ་བྷི་དྷ་ན་ལ་བརྟེན་ནས། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་དང་། སློབ་དཔོན་དགའ་རབ་རྡོ་རྗེ་ལ་སོགས་པས་གསུངས་ལ་དེང་སང་རྒྱ་གར་ན་ཡང་ཆོ་ག་ཕལ་ཆེར་འདི་ལ་བྱེད་ལ་བླ་མ་གོང་མ་རྣམས་ཀྱང་སྐབས་སྐབས་སུ་ཕྱག་ལེན་འདི་ལ་མཛད་པས། ལུགས་འདི་ཧ་ཅང་མི་ལེགས་པ་ཡང་མ་ཡིན་ནོ། །ཞེས་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་གཞན་ཕན་སྤྱི་ཆིངས་སུ་སྦྱོང་རྒྱུད་ནས་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བཅུ་གཉིས། རས་བྲིས་ཀྱི་དཀྱིལ་འཁོར་བཅུ་གཉིས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཅུ་གཉིས་གསུངས་པས་འདི་རྣམས་ཀྱི་བཞེད་པ་ལ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྨིན་བྱེད་ཀྱི་དབང་བསྐུར་དུ་རུང་བར་བཞེད་དོ། །དེ་ལ་བདག་གི་བླ་མ་ནི་སྔར་རྒྱུད་མ་སྨིན་པ་གསར་དུ་སྨིན་པར་བྱེད་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དགོས་ཤིང་། དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་ཀྱི་དབང་ཐོབ་ནས་དཀྱིལ་འཁོར་གཞན་དུ་དབང་བསྐུར་བ་ལ་རས་བྲིས་ལ་བརྟེན་ནས་ཀྱང་རུང་བར་བཞེད་དོ། །གཉིས་པ་ཇི་ལྟར་བསྐུར་བའི་ཆོ་ག་ནི་གསང་བ་སྤྱི་རྒྱུད་ལས། རྣམ་དཔྱད་དང་པོ་ས་གཞི་གཟུང་། །གཉིས་པ་ལ་ནི་སྟ་གོན་བྱ། །ནུབ་གསུམ་པ་ལ་འཇུག་པ་ཤིས། །ཞེས་གསུངས་པ་ལྟར་ནུབ་དང་པོ་སའི་ཆོ་ག གཉིས་པ་སྟ་གོན་གྱི་ཆོ་ག གསུམ་པ་དངོས་གཞིའི་ཆོ་ག་གསུམ་ལས། དང་པོ་ལ་རྒྱུད་སྡེ་རྣམས་ལས་ཇི་སྙེད་གསུངས་པ་ཐམས་ཅད། ས་བརྟག་པ། ས་བླང་བ། ས་སྦྱང་བ། ས་བཟུང་བ་དང་བཞིར་འདུས་སོ། །གཉིས་པ་སྟ་གོན་ནི་སཾ་བུ་ཊིའི་བརྟག་པ་བདུན་པའི་རབ་བྱེད་བཞི་པ་ལས། ས་ཡི་ལྷ་མོ་སྟ་གོན་དང་། རྒྱུད་ཕྱི་མར་ལྷ་སྟ་གོན། བུམ་པ་སྟ་གོན་གྱི་ཆོ་ག སློབ་མ་སྟ་གོན་བཞི་གསུངས་སོ། །གསུམ་པ་དངོས་གཞིའི་ཆོ་ག་ལ་དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ། སྒྲུབ་ཅིང་མཆོད་པ། བདག་ཉིད་འཇུག་ཅིང་དབང་བླང་བ། སློབ་མ་འཇུག་ཅིང་དབང་བསྐུར་བ་དང་བཞི་ལས། དང་པོ་ལ་ཐིག་གིས་བྲི་བ་དང་། ཚོན་གྱིས་བྲི་བ་གཉིས་ལས། དང་པོ་ལ་ཡང་རྒྱུད་སྡེ་ཕལ་ཆེར་གྱི་དངོས་བསྟན་དུ་གྱུར་པ་ཐིག་སྐུད་ཆ་ཕྲན་དྲུག་ཅུ་རེ་བཞི་པའི་ཕྱོགས་དང་། ཨ་བྷ་ཡ་རྗེས་འབྲང་དང་བཅས་པའི་བཞེད་པ་ཆ་ཕྲན་དགུ་བཅུ་གོ་དྲུག་པའི་ཕྱོགས་གཉིས་སོ། །ཚོན་གྱིས་བྲི་བ་ལ་སྐུ་ཕྱག་རྒྱ་ཆེན་པོ་བྲི་བ། གསུང་ཡིག་འབྲུ་བྲི་བ། ཐུགས་ཕྱག་མཚན་བྲི་བ། དེ་ཡང་མ་ནུས་ན། མཚན་མ་ཙམ་བྲི་བ་སྟེ་བཞིར་གསུངས་སོ། །གཉིས་པ་ལ་སྒྲུབ་པ་དང་། མཆོད་པ་གཉིས་ལས། དང་པོ་ལ་བདག་མདུན་ཐ་དད་པའི་སྒྲུབ་ཚུལ་དང་། ཐ་མི་དད་པའི་སྒྲུབ་ཚུལ་གཉིས་སོ། །གཉིས་པ་ལ་བྱེ་བྲག་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཕྱི་ནང་གསང་བ་དེ་ཁོ་ཉིད་ཀྱི་མཆོད་པ་བཞིར་འདུས་སོ། །གསུམ་པ་བདག་ཉིད་འཇུག་ཅིང་དབང་བླང་བ་ནི། སཾ་བུ་ཊིར། སྔགས་ཀྱི་ལམ་གྱི་རྗེས་བཙལ་བས། །གང་ཚེ་མཁས་པས་དབང་བསྐུར་བ། །སངས་རྒྱས་ཀུན་གྱི་མངོན་སུམ་དུ། །དཀྱིལ་འཁོར་བདེ་བར་གཤེགས་ནས་སུ། །འཇིག་རྟེན་ཁམས་ནི་མཐའ་ཡས་བདག །བློ་དང་ལྡན་པས་དེ་བཞིན་བླང་། །རང་བྱིན་བརླབས་པའི་གནས་ཐོབ་ནས། །དམ་ཚིག་ཉམས་པས་འཇིགས་པ་ཡི། །རྫོགས་སངས་རྒྱས་ཀྱི་དོན་དམ་ལས། །སྔགས་ཀྱི་ལམ་ནི་དེ་བཞིན་གསུངས། །ཞེས་གསུངས་པའི་དགོངས་པར་མཛད་ནས། སློབ་མ་ལ་དབང་བསྐུར་བའི་སྔོན་དུ་སློབ་མ་ལ་ཇི་ཙམ་བསྐུར་བ་རང་ཉིད་ཀྱིས་བདག་འཇུག་གི་ཚུལ་དུ་ལེན་པ་ནི་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་ཕྱག་ལེན་དུ་སྣང་ངོ་། །བཞི་པ་སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་འཇུག་པའི་ཆོས་རྣམས་སྔོན་དུ་སོང་ནས་དབང་གི་དངོས་གཞི་ལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་ཅོད་པཎ་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་ཕྱེ། །དེ་བཞིན་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །རྒྱུད་སྡེ་བཞི་ལ་དབང་བསྐུར་གྱི་བབས་མི་འདྲ་བ་བཞི་ཡོད་པ་ལས། བུམ་དབང་ལ་སོགས་པའི་དབང་རྣམ་པ་བཞི་ནི་རྣལ་འབྱོར་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་པས། དེ་འཆད་པ་ལ་གསུམ་སྟེ། དབང་བཅུ་བཞིར་དབྱེ་བ། དེ་བཅུ་གཅིག་ཏུ་བསྡུ་བ། དེ་བཞིར་བསྡུ་བའོ། །དང་པོ་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པ་དོན་ནི་དམ་པའོ། །གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེའོ། །རྣམ་པ་གསུམ་ནི་རྒྱུ་ཡི་དབང་། །བཞི་པ་འབྲས་བུར་ཤེས་པར་བྱ། །ཞེས་པ་དང་། སྡོམ་འབྱུང་ལས། རིགས་ཀྱི་ལྷར་ངེས་མེ་ཏོག་ཕྲེང་། །ཆུ་དང་ཅོད་པཎ་རྡོ་རྗེ་དང་། །དྲིལ་བུ་དང་ནི་མིང་གི་དབང་། །བདེར་གཤེགས་ལྔ་ཡི་བདག་ཉིད་དབང་། །བརྟུལ་ཞུགས་དང་ནི་ལུང་བསྟན་ཉིད། །རྗེས་གནང་དང་ནི་དབུགས་དབྱུང་དང་། །ཕྱིར་མི་ལྡོག་པ་སློབ་དཔོན་དབང་། །བུམ་པ་ལས་ནི་བྱུང་བའོ། །གཉིས་པ་གསང་བའི་མཆོག་ཡིན་ཏེ། །གསུམ་པ་ཤེས་རབ་ཡེ་ཤེས་ཡིན། །བཞི་པ་དེ་ལྟར་ཡང་དེ་ནི། །ཞེས་དང་ཕྱག་ཆེན་ཐིག་ལེ་ལས། །དབང་བསྐུར་བ་ཡི་རིམ་པ་ལས། །འབྲས་བུ་ཡི་ནི་གསུམ་དུ་བསྟན། །དང་པོ་སློབ་དཔོན་དབང་དང་གཅིག །གཉིས་པ་གསང་བའི་དབང་ནི་མཆོག །ཤེས་རབ་ཡེ་ཤེས་བཅུ་གསུམ་པ། །དེ་ལྟར་དེ་ནི་བཅུ་བཞི་པའོ། །དབང་རེ་ལ་ནི་ས་རེའོ། །དེ་རྣམས་ས་ཡི་དབང་ཕྱུག་བདག །ཞེས་པ་དང་། སངས་རྒྱས་ཐོད་པའི་རྒྱུད་ལས། གསང་བ་སྤྱི་ཡི་ལྔ་དང་ནི། །བདུན་དང་བཅུ་བཞིར་བཤད་པ་དང་། །གཉིས་ཀར་བཅུ་བཞིར་འདུས་པ་ཡི། །ཞེས་དང་། དྲིལ་བུ་དཀྱིལ་ཆོག་ལས། སློབ་དཔོན་དབང་སོགས་དབྱེ་བ་ཡིས། །དབང་བསྐུར་རྣམ་པ་བཞིར་བཤད་དེ། །ཆུ་ཡི་དབང་སོགས་དབྱེ་བ་ཡིས། །བཞི་པོ་དེ་ཡང་བཅུ་བཞིའོ། །ཞེས་གསུངས་སོ། །གཉིས་པ་དེ་བཅུ་གཅིག་ཏུ་བསྡུ་བ་ནི། བུམ་དབང་ལ་བརྒྱད་དུ་ཕྱེ་ནས་དབང་གོང་མ་གསུམ་དང་བཅུ་གཅིག་ཏུ་བྱེད་པའི་ལུགས་དང་། བྱིས་པ་འཇུག་པའི་དབང་བདུན་དང་། དབང་གོང་མ་བཞི་སྟེ་བཅུ་གཅིག་ཏུ་བྱེད་པའི་ལུགས་གཉིས་ལས། དང་པོ་ནི་རྡོ་རྗེ་གུར་ལས། དང་པོ་ཆུ་ཡི་དབང་བསྐུར་ཡིན། །གཉིས་པ་ཅོད་པཎ་དབང་ཡིན་ལ། །གསུམ་པ་དར་དཔྱངས་དབང་བསྐུར་ཡིན། །བཞི་པ་རྡོ་རྗེ་དྲིལ་བུའོ། །ལྔ་པ་རིགས་ཀྱི་བདག་པོ་སྟེ། །མིང་གི་དབང་བསྐུར་དྲུག་པ་ཡིན། །སངས་རྒྱས་བཀའ་བསྒོ་བདུན་པ་སྟེ། །བརྒྱད་པ་བུམ་པའི་དབང་བསྐུར་ཡིན། །དགུ་པ་གསང་བའི་དབང་བསྐུར་ཡིན། །ཤེས་རབ་ཡེ་ཤེས་བཅུ་པ་ཡིན། །དེ་ཉིད་རྡོ་རྗེ་སྦྱོར་བ་དང་། །བརྟུལ་ཞུགས་ཐམས་ཅད་བྱིན་ནས་སུ། །བདག་ཉིད་སྟོན་པས་ལུང་བསྟན་བྱ། །ཆོ་ག་དེ་ལྟར་ཁྱོད་ལ་བཤད། །ཅེས་དང་། ཡེ་ཤེས་ཐིག་ལེ་ལས། ཆུ་དང་དབུ་རྒྱན་རྡོ་རྗེ་དང་། །དྲིལ་བུ་མིང་དང་བརྟུལ་ཞུགས་དང་། །ལུང་བསྟན་པ་དང་སྐྱབས་སྦྱིན་དང་། །སྔགས་དང་ཕྱག་རྒྱ་ཡེ་ཤེས་སོ། །རྣལ་འབྱོར་རྒྱུད་ལ་མོས་པ་ལ། །དབང་བརྒྱད་ཕྱེ་ལ་སྦྱིན་པར་བྱ། །རྣལ་འབྱོར་བླ་མ་ལ་མོས་ལ། །བཅུ་གཅིག་བདག་ཉིད་སྦྱིན་པར་བྱ། །ཞེས་གསུངས་སོ། །གཉིས་པ་ནི། དང་པོའི་སངས་རྒྱས་མཆོག་གི་རྒྱུད་ལས། ཆུ་དང་ཅོད་པཎ་དར་དང་ནི། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་དང་། །མིང་རྒྱལ་དབང་ནི་རྣམ་པ་བདུན། །བྱིས་པ་རྣམས་ནི་བཟུང་ཕྱིར་ཡིན། །གསུམ་པོ་འཇིག་རྟེན་ཀུན་རྫོབ་དང་། །བཞི་པ་དོན་གྱི་དམ་པའོ། །བུམ་པ་གསང་བའི་དབང་དང་ནི། །ཤེས་རབ་ཡེ་ཤེས་ཞེས་བྱ་དང་། །དེ་ནས་ཤེས་རབ་ཆེན་པོ་ཡི། །ཡེ་ཤེས་ཞེས་བྱ་རྫོགས་པ་དག །འགྱུར་དང་མི་འགྱུར་བར་འཆད་ཅན། །བར་ཆད་མེད་པ་དེ་ལས་གཞན། །ཞེས་གསུངས་སོ། །དེ་ལྟར་ན་སྔར་བཤད་པའི་དབང་བཅུ་བཞི་པོ་ཡང་འདིར་བཤད་པའི་བཅུ་གཅིག་ཏུ་འདུས་ཏེ། སྔ་མ་ནི་བུམ་དབང་ལ་བཅུ་གཅིག་ཏུ་ཕྱེ་ཞིང་། ཕྱི་མ་ནི་བུམ་དབང་ལ་བདུན་དུ་ཕྱེ་བ་ཙམ་དུ་ཟད་པའི་ཕྱིར་རོ། །གསུམ་པ་དེ་བཞིར་བསྡུ་བ་ནི་བརྟག་གཉིས་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ཏེ། །དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་པ་དང་། དགོད་པ་དག་པ་སློབ་དཔོན་ཉིད། །ལྟ་བ་གསང་བ་དེ་བཞིན་ཏེ། །ལག་བཅངས་ལ་ནི་ཤེས་རབ་ཉིད། །གཉིས་གཉིས་འཁྱུད་པ་དེ་ཡང་ཉིད། །སེམས་ཅན་རྣམས་ཀྱིས་དངོས་གྲུབ་ཕྱིར། །དབང་ནི་རྣམ་པ་བཞི་ཞེས་བཤད། །ཅེས་པ་དང་། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། དབང་ནི་རྣམ་པ་བཞི་དག་ཏུ། །རྒྱུད་འདི་ལས་ནི་རབ་ཏུ་བསྒྲགས། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་བ་ཞེས་བྱར་བརྗོད། །ཤེས་རབ་ཡེ་ཤེས་གསུམ་པ་ཡིན། །དེ་ནི་དེ་ལྟར་ཡང་བཞི་པ། །ཞེས་གསུངས་སོ། །དེས་ན་སྔར་བཤད་པའི་དབང་བཅུ་བཞི་དང་བཅུ་གཅིག་པོ་རྣམས་ཀྱང་བུམ་དབང་གིས་དབྱེ་བསྡུ་ཙམ་དུ་ཟད་པས་རྣལ་འབྱོར་བླ་མེད་ཀྱི་དབང་ཐམས་ཅད་བཞི་པོ་འདིར་མ་འདུས་པ་མེད་དོ། །དེའི་རྒྱུ་མཚན་ཡང་སྦྱང་བྱ་དྲི་མ་བཞི་ཡིན་པ་དང་། བསྒོམ་བྱ་ལམ་བཞི་ཡིན་པ་དང་། ཐོབ་བྱ་འབྲས་བུ་བཞི་ཡིན་པ་སོགས་རྣལ་འབྱོར་དབང་ཕྱུག་གི་མན་ངག་བརྒྱུད་པ་ལས་ཤེས་པར་བྱའོ། །གསུམ་པ་དེ་ལྟར་བསྐུར་བའི་དགོས་པ་ལ་གཉིས་ལས། དང་པོ་དབང་མ་བསྐུར་བའི་ཉེས་དམིགས་ནི་དམ་པ་དང་པོ་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང་། །ཟབ་མོའི་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང་། །དམྱལ་བར་འགྱུར་གྱི་གྲོལ་བ་མེད། །ཅེས་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མ་མཚུངས་པར་ནི། །མི་ཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་དང་། སངས་རྒྱས་ཐོད་པའི་གསུམ་པ་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །དཔེར་ན་པི་ཝང་སྦྱོར་ཚོགས་ཀུན། །རྒྱུད་དང་བྲལ་ན་རྡུང་མི་ནུས། །དེ་བཞིན་དབང་དང་བྲལ་བ་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །རྨོངས་པ་གང་གིས་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་སྙེད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །ཞེས་དང་། བདེ་མཆོག་ལས། དཀྱིལ་འཁོར་འདི་ནི་མ་མཐོང་བར། །རྣལ་འབྱོར་པ་ནི་དངོས་གྲུབ་འདོད། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང་། །རྨོངས་པ་ཕུབ་མ་བརྡུང་དང་མཚུངས། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང་། །དམ་ཚིག་རྣམས་ནི་སྤངས་པ་དང་། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་དང་། རྡོ་རྗེ་གུར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །དབང་བསྐུར་མེད་པའི་རྣལ་འབྱོར་པ། །གང་གིས་རབ་གནས་མ་མཐོང་ཞིང་། །གང་གིས་སྦྱིན་སྲེག་མ་བྱས་ན། །འཇིག་རྟེན་འདི་དང་གཞན་དུ་ཡང་། །དེ་ལ་དངོས་གྲུབ་མཆོག་ཉིད་མེད། །ཞེས་པ་དང་། ཕྱག་ཆེན་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །ཞེས་དང་། གཞུང་འདིར་ཡང་། དབང་དང་རིམ་གཉིས་མི་ལྡན་པས། །རྡོ་རྗེ་ཐེག་པའི་བསྟན་པ་མིན། །ཞེས་པ་དང་། །དགེ་སློང་སྡོམ་པ་མེད་པ་དང་། །རྒྱལ་སྲས་སེམས་བསྐྱེད་མ་ཐོབ་དང་། །སྔགས་པ་དབང་བསྐུར་མེད་པ་གསུམ། །སངས་རྒྱས་བསྟན་པའི་ཆོམ་རྐུན་ཡིན། །ཞེས་གསུངས་སོ། །གཉིས་པ་དབང་བསྐུར་བའི་ཕན་ཡོན་ནི། གསང་བ་འདུས་པ་འབུམ་པ་ལས། བསྐལ་པ་ས་ཡར་བྱས་པ་ཡི། །སྔོན་དུ་ཡོད་པའི་སྡིག་པ་ཀུན། །དེ་ཀུན་འཛད་པར་གྱུར་པ་ཡི། །དཀྱིལ་འཁོར་འདི་འདྲ་མཐོང་བས་སོ། །ཞེས་པ་དང་། སྡོམ་བྱུང་ལས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཆོག་ཏུ་རབ་ཞུགས་མཐོང་བ་ན། །དེང་ཁྱོད་སྡིག་པ་ཐམས་ཅད་ལས། །རྣམ་གྲོལ་བཟང་པོར་གྱུར་པར་གནས། །ཞེས་པ་དང་། ཧེ་རུ་ཀ་སྔོན་བྱུང་ལས། དཀྱིལ་འཁོར་རྒྱལ་པོ་མཐོང་ནས་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བའི་གཉིས་པ་ལས། ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་པ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཞེས་དང་། དུག་ནི་སྔགས་ཀྱིས་འཇོམས་པ་བཞིན། །སྔགས་ཀྱི་དག་བྱེད་བཅུད་ལེན་བྱེད། །དེ་བཞིན་སློབ་མ་དབང་སོགས་ཀྱིས། །མ་དག་པ་ནི་དག་པར་འགྱུར། །ཞེས་པ་དང་། ཡང་ཕྱག་ཆེན་ཐིག་ལེ་ལས། དང་པོ་རེ་ཤིག་གང་ཚེ་སློབ། །ལན་གཅིག་དབང་རྣམས་ཀྱིས་ནི་བསྐུར། །དེ་ཚེ་གསང་ཆེན་བཤད་པ་ཡི། །ངེས་པ་སྣོད་དུ་འགྱུར་བའོ། །ཞེས་དང་། སྡོམ་འབྱུང་ལས། དབང་བསྐུར་འདི་དག་ཡང་དག་ལྡན། །དེ་ནི་དམ་ཚིག་ཅན་ཞེས་བྱ། །ཞེས་དང་། སངས་རྒྱས་ཐོད་པ་ལས། ཕྱི་ནང་གསང་བར་བཅས་པ་ཡི། །དབང་བསྐུར་ཙམ་གྱིས་ནམ་མཁའ་ཡི། །དཀྱིལ་ནས་རྔ་ཡི་སྒྲ་གྲག་ཅིང་། །མེ་ཏོག་ཙནྡན་ཆར་འབབ་འགྱུར། །དེ་ནས་རྣལ་འབྱོར་མ་དེ་རྣམས། །རྩ་ཡི་འཁོར་ལོ་ལ་ནི་ཐིམ། །ཞེས་དང་། རྡོ་རྗེ་སྙིང་པོའི་འགྲེལ་པ་ལས། རྩི་དེས་ཇི་ལྟར་ཟངས་ཕུག་ནས། །སླར་ཡང་ཟངས་སུ་འགྱུར་མི་སྲིད། །དེ་བཞིན་ཡེ་ཤེས་ལུས་ཕུག་ནས། །སླར་ཡང་འགྲོ་དྲུག་ལྟུང་མི་སྲིད། །ཅེས་དང་། དཔལ་མཆོག་དང་པོ་སྟོང་ཕྲག་བཅུ་གཉིས་པ་ལས། བུམ་པའི་དབང་བསྐུར་ས་བརྒྱད་ཡིན། །གསང་བའི་དབང་བསྐུར་ས་དགུ་ཡིན། །ཤེས་རབ་ཡེ་ཤེས་བཅུ་ཡིན་ཏེ། །བཞི་པ་བཅུ་གཅིག་པར་བཤད་དོ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། རྒྱལ་བའི་སྲས་པོ་ས་བརྒྱད་པ། །དེ་སྲིད་ཐེག་པ་དམན་པས་འཇིགས། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །ཞུགས་པས་བདག་ཉིད་གྲོལ་བར་འགྱུར། །ཞེས་དང་། དཀྱིལ་འཁོར་ཆོ་ག་ཇི་ལྟ་བུ། །ཆོ་ག་ཆོས་དང་རྣལ་འབྱོར་ཏེ། །གསང་བ་ཐར་པ་ཡང་དག་འབྱུང་། །སྐྱེ་བ་འདི་ཉིད་ཁོ་ན་ལ། །རབ་དགའ་སྒྲུབ་པར་བྱེད་པ་ཡིན། །ཞེས་དང་། ནག་པོ་པའི་དཀྱིལ་ཆོག་ལས། དབང་བསྐུར་འདི་དག་ཐོབ་ནས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སངས་རྒྱས་ཀུན་གྱིས་རབ་ཏུ་མཆོད། །མཚམས་མེད་པ་དང་སྡིག་ཅན་ཡང་། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །མངོན་པར་ཞུགས་པ་ཙམ་གྱིས་ནི། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །ཞེས་པ་དང་། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ནས་ནི། །མ་བསྒོམས་པར་ཡང་སངས་རྒྱས་འགྱུར། །ཞེས་པ་དང་། གཞུང་འདིར་ཡང་། དབང་བསྐུར་ཆོས་སྒོ་ཙམ་མ་ཡིན། །གསང་སྔགས་རྟེན་འབྲེལ་ལམ་བྱེད་པས། །རྟེན་འབྲེལ་བསྒྲིགས་པའི་གདམས་ངག་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བོན་བཏབ་ནས་ནི། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་བཏགས། །ཞེས་དང་། སངས་རྒྱས་གསུང་བཞིན་མཛད་པ་ཡིན། །བླ་མ་བཙལ་ལ་དབང་བཞི་བླང་། །དེ་ཡིས་སྡོམ་པ་གསུམ་ལྡན་འགྱུར། །ཞེས་དང་། སྡོམ་པ་གསུམ་དང་ལྡན་པ་ཡིས། །རིམ་གཉིས་ཟབ་མོའི་གནད་ཤེས་ན། །དེ་ནི་ཚེ་འདིའམ་བར་དོའམ། །སྐྱེ་བ་བཅུ་དྲུག་ཚུན་ཆད་དུ། །འགྲུབ་པར་རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར་འདི་ལ་མཁས་རྣམས་གུས། །ཞེས་གསུངས་སོ། །དེ་ལྟར་དབང་མ་བསྐུར་བའི་ཉེས་དམིགས་དང་། དབང་བསྐུར་བའི་ཕན་ཡོན་རྣམས་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པ་ལེགས་པར་ཤེས་པར་བྱས་ནས། རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་རྣམ་པར་དག་པ་ཞུ་ཞིང་། དམ་ཚིག་དང་སྡོམ་པ་མི་ཉམས་པར་བསྲུང་བ་ལ་བློ་གྲོས་དང་ལྡན་པ་དག་གིས་འབད་པར་བྱའོ། །བཞི་པ་དེ་ལས་སྔགས་སྡོམ་ཐོབ་པའི་དུས་བསྟན་པ་ལ་གཉིས་ཏེ། མི་འཐད་པའི་ཕྱོགས་དགག་པ། འཐད་པའི་ཕྱོགས་རྣམ་པར་བཞག་པའོ། །དང་པོ་ནི། བོད་ཀྱི་བླ་མ་ཁ་ཅིག་ན་རེ། རྡོ་རྗེ་ཐེག་པའི་སྡོམ་པའི་དངོས་གཞི་ནི་རིགས་ལྔའི་སྡོམ་བཟུང་ལན་གསུམ་རྗེས་ཟློས་བྱས་པའི་རྗེས་སུ་ཐོབ་པ་ཡིན་པས། སྟ་གོན་ནམ་འཇུག་པའི་ཆོས་ཀྱི་གནས་སྐབས་སུ་ཐོབ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། དབང་བསྐུར་གྱི་ཆོ་ག་ནི་སྔགས་སྡོམ་རྒྱུད་ལ་བསྐྱེད་པའི་ཆེད་ཡིན་པས་སྟ་གོན་ནམ་འཇུག་པའི་ཆོས་ཀྱི་སྐབས་སུ་སྔགས་སྡོམ་རྫོགས་པར་ཐོབ་ན་དངོས་གཞིའི་ཆོ་ག་ལ་དགོས་པ་མེད་པར་ཐལ་བའི་ཕྱིར་རོ། །གཞན་དུ་ན་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་ཡང་ཆོ་ག་དེ་དང་དེའི་དངོས་གཞི་ལ་མ་ལྟོས་པར་སྦྱོར་བའི་སྐབས་སུ་ཐོབ་པར་འགྱུར་རོ། །གཉིས་པ་ནི། སྤྱིར་སྔགས་སྡོམ་ལ་ཁས་བླངས་ཀྱིས་ཐོབ་པ་དང་། ཆོ་གས་ཐོབ་པ་གཉིས་ལས། དང་པོ་ནི་སྟ་གོན་དང་འཇུག་པའི་ཆོས་ཀྱི་སྐབས་སུ་ཐོབ་ཀྱང་དངོས་གཞིའི་ཆོ་ག་ལ་མ་ལྟོས་པར་སྐབས་དེར་ཁས་བླངས་པའི་དམ་ཚིག་རྣམས་ཀྱང་བསྲུང་བར་དབང་བ་མ་ཡིན་ནོ། །འོ་ན་ཁས་བླངས་ཀྱིས་ཐོབ་ཚུལ་ཇི་ལྟར་སྙམ་ན། དབང་གི་དངོས་གཞི་ལ་བརྟེན་ནས་སྔགས་སྡོམ་མཚན་ཉིད་པ་ཐོབ་པའི་ཚེ་དམ་ཚིག་དང་སྡོམ་པ་འདི་དག་བསྲུང་བར་བྱའོ། །ཞེས་པའི་ཚུལ་གྱིས་སོ། །དོན་འདི་ལ་དགོངས་ནས་རྗེ་བཙུན་གྱིས་དགའ་སྟོན་སྤྲིང་ཡིག་ཏུ་ཚོགས་བསག་གི་སྐབས་སུ། རིགས་ལྔའི་སྡོམ་བཟུང་ལན་གསུམ་བྱས་པས་རྡོ་རྗེ་ཐེག་པའི་སྟ་གོན་དང་། ཡོལ་བའི་ཕྱི་འཇུག་དང་ནང་འཇུག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་རྣམས་སོར་ཆུད་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ཆོ་གས་ཐོབ་པ་ནི་སྔགས་སྡོམ་གྱི་གཙོ་བོ་ཡིན་པས་རྒྱུད་སྡེ་བཞི་པོ་རང་རང་གི་རྡོ་རྗེ་སློབ་དཔོན་གྱི་དབང་ཡོངས་སུ་རྫོགས་པ་ཐོབ་པ་ན་རྒྱུད་སྡེ་དེ་དང་དེའི་སྔགས་སྡོམ་གྱི་གཙོ་བོ་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །དེ་ལ་བྱ་རྒྱུད་ལ་ནི་ཆུ་དང་ཅོད་པཎ་གྱི་དབང་དང་། སྤྱོད་རྒྱུད་ལ་མིང་གི་དབང་དང་། རྣལ་འབྱོར་རྒྱུད་ལ་ཕྱིར་མི་ལྡོག་པའི་དབང་དང་། བླ་མེད་ལ་དབང་བཞི་རྫོགས་པར་ཐོབ་པའི་ཚེ་རྡོ་རྗེ་སློབ་དཔོན་གྱི་དབང་བཞི་རྫོགས་པར་ཐོབ་པ་ཡིན་པས། སྐབས་དེ་དང་དེར་རྒྱུད་སྡེ་རང་རང་གི་སྔགས་སྡོམ་རྫོགས་པར་ཐོབ་པ་ཡིན་ནོ། །འོ་ན་བྱ་སྤྱོད་གཉིས་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཇི་ལྟར་ཡོད་སྙམ་ན་སྤྱིར་རྒྱུད་སྡེ་རང་རང་གི་རྒྱུད་འཆད་པ་དང་། དབང་བསྐུར་དང་རབ་གནས་སོགས་རྡོ་རྗེ་སློབ་དཔོན་གྱི་ཕྲིན་ལས་བྱེད་པ་ལ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་དགོས་པའི་རིགས་པས་རྒྱུད་སྡེ་བཞི་ཀ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཡོད་པར་གྲུབ་ཅིང་། ལུང་གིས་ཀྱང་ཤེས་ཏེ། གསང་བ་སྤྱི་རྒྱུད་ལས་དབང་བསྐུར་བ་ནི་རྣམ་པ་བཞི། །སློབ་དཔོན་རྣམ་པར་མཁས་པ་ཡིས། །དེ་དག་ཤེས་ནས་ཅི་རིགས་སྤྱད། །སློབ་དཔོན་གོ་འཕང་རབ་བསྒྲུབ་ཕྱིར། །དང་པོ་ཡོངས་སུ་བསྒྲགས་པ་ཡིན། །རིགས་སྔགས་རྣམས་ནི་བསྒྲུབ་པའི་ཕྱིར། །གཉིས་པ་ལེགས་པར་བཤད་པ་ཡིན། །བགེགས་རྣམས་འཇོམས་པར་བྱ་བའི་ཕྱིར། །གསུམ་པ་ཡོངས་སུ་བསྒྲགས་པ་ཡིན། །བཞི་པ་འབྱོར་བ་ཐོབ་བྱའི་ཕྱིར། །ཆོ་ག་རྒྱས་པ་དེ་བཤད་དོ། །ཞེས་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་བསྒྲུབ་པའི་ཆེད་དུ་དབང་དང་པོ་ཆུ་དང་ཅོད་པཎ་གྱི་དབང་། རིགས་སྔགས་བསྒྲུབ་པའི་ཆེད་དུ་གཉིས་པ་སྔགས་ཀྱི་བཟླས་ལུང་། བགེགས་འཇོམས་པའི་ཆེད་དུ་གསུམ་པ་བྱབ་ཁྲུས་བསྲུང་གསུམ། འབྱོར་བ་ཐོབ་པའི་ཆེད་དུ་བཞི་པ་བཀྲ་ཤིས་ཀྱི་རྫས་བརྒྱད་སྦྱིན་པ་རྣམས་བཤད་པའི་ཕྱིར་རོ། །རྗེ་བཙུན་གྱིས་རིགས་གསུམ་སྤྱི་དབང་གི་ཆོ་གར་རྡོ་རྗེ་སློབ་དཔོན་གྱི་འོས་སུ་གྱུར་པ་ལ་ཆུ་དབང་རྒྱས་པ་ལོགས་སུ་བསྐུར་བར་གསུངས་པ་ནི་རྒྱུད་སྡེ་གོང་མས་རྒྱས་བཀབ་ན་ལུགས་འདི་ལ་ཡང་རྡོ་རྗེ་སློབ་མ་དང་། སློབ་དཔོན་གྱི་དབང་སོ་སོར་རུང་བར་བཞེད་དོ། །འོ་ན་ཡེ་ཤེས་ཐིག་ལེའི་རྒྱུད་ལས་རྡོ་རྗེ་སློབ་དཔོན་གྱི་དབང་རྣལ་འབྱོར་རྒྱུད་ཀྱི་ཁྱད་ཆོས་སུ་བཤད་པ་མིན་ནམ་སྙམ་ན། དེ་ནི་ཕྱིར་མི་ལྡོག་པ་འཁོར་ལོའི་དབང་ལ་དགོངས་པས་སྐྱོན་མེད་དོ། །རྣལ་འབྱོར་གྱི་རྒྱུད་ལ་ནི་གྲུབ་ཆེན་ཀུན་དགའ་སྙིང་པོས་དམ་ཚིག་དང་སྡོམ་པ་འཛིན་མི་ནུས་པར་སྡིག་པ་ཞི་བ་ཙམ་གྱི་ཆེད་དུ་དབང་ཞུ་བ་དང་། དམ་ཚིག་དང་སྡོམ་པ་སྣ་རེ་ཙམ་བསྲུང་ནུས་པ་དང་། མ་ལུས་པ་བསྲུང་ནུས་པ་དང་གསུམ་དུ་ཕྱེ་ནས། དང་པོ་ལ་འཇུག་པའི་ཆོས་ཙམ་དང་། གཉིས་པ་ལ་རྡོ་རྗེ་སློབ་མའི་དབང་དང་། གསུམ་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་གསུངས་པས་ཡོ་གའི་དམ་ཚིག་དང་སྡོམ་པ་ཡོངས་སུ་རྫོགས་པ་ཡང་རྡོ་རྗེ་སློབ་དཔོན་གྱི་དབང་ལས་ཐོབ་པ་ཡིན་ནོ། །འོ་ན་རྒྱུད་འདིའི་དམ་ཚིག་དང་སྡོམ་པ་མ་ལུས་པ་རིགས་ལྔའི་སྡོམ་བཟུང་གི་ཁོངས་སུ་འདུས་པས། དེ་དག་ནི་འཇུག་པའི་སྐབས་སུ་ཁས་བླངས་ཀྱིས་ཐོབ་པ་མ་ཡིན་ནམ་ཞེ་ན། དེར་ཁས་བླངས་པ་ཙམ་ཐོབ་ཀྱང་དེ་དག་བསྲུང་བ་ལ་དབང་བ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ལ་རག་ལས་ཏེ་དཔེར་ན་བར་མ་རབ་བྱུང་གི་སྐབས་སུ་རབ་ཏུ་བྱུང་བར་ཁས་བླངས་ཀྱང་རབ་བྱུང་གི་སྡོམ་པ་བསྲུང་བ་ནི་དགེ་ཚུལ་ལམ་དགེ་སློང་དུ་བསྒྲུབ་པའི་ཆོ་ག་ལ་ལྟོས་པ་བཞིན་ནོ། །དེས་ན་དབང་གི་དངོས་གཞིའི་སྐབས་སུ་རྡོ་རྗེ་སློབ་དཔོན་གྱི་དབང་མི་བསྐུར་ན། སྟ་གོན་དང་འཇུག་པའི་སྐབས་སུ་རིགས་ལྔའི་སྡོམ་བཟུང་མི་བྱེད་པར་གསུངས་པ་ཡང་གནད་འདི་ཡིན་ནོ། །བླ་མེད་ཀྱི་སྔགས་སྡོམ་ལ་ནི་ཁས་བླངས་ཀྱིས་ཐོབ་པ་སྔར་འདྲ་ལ། ཆོ་གས་ཐོབ་པ་ལ་བསྐྱེད་རིམ་གྱི་སྡོམ་པ་དང་། རྫོགས་རིམ་གྱི་སྡོམ་པ་གཉིས་ལས། དང་པོ་ནི། བུམ་དབང་རྫོགས་པར་ཐོབ་པའི་ཚེ་ཐོབ་པ་ཡིན་ཏེ། བུམ་དབང་ནི་བསྐྱེད་རིམ་གྱི་སྔོན་འགྲོ་ཡིན་པའི་ཕྱིར། གཉིས་པ་ནི། དབང་གོང་མ་གསུམ་རྫོགས་པར་ཐོབ་པའི་ཚེ་ཐོབ་པ་ཡིན་ཏེ། དབང་གོང་མ་གསུམ་ནི་རྫོགས་རིམ་གྱི་སྨིན་བྱེད་ཡིན་པའི་ཕྱིར། བླ་མ་གོང་མའི་གསུང་ལས་བུམ་དབང་གི་སྐབས་སུ་སྔགས་སྡོམ་རྫོགས་པ་གསུངས་པ་ནི། དཔེར་ན་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསྲུང་བ་ལ་དབང་བའི་སྡོམ་པ་ལ་དགེ་སློང་གི་སྡོམ་པར་འཇོག་པ་ལྟར། རྩ་ལྟུང་བཅུ་བཞི་དང་ཡན་ལག་གི་ལྟུང་བ་བརྒྱད་བསྲུང་བ་ལ་དབང་བའི་སྔགས་སྡོམ་སྐབས་འདིར་རྫོགས་པར་ཐོབ་པ་ལ་དགོངས་པ་ཡིན་པས་གནད་གཅིག་པ་ཡིན་ནོ། །གལ་ཏེ་རྫོགས་རིམ་གྱི་སྡོམ་པ་རྣམས་ཀྱང་བུམ་དབང་གི་སྐབས་སུ་ཐོབ་ན་བུམ་དབང་ཐོབ་པའི་གང་ཟག་དེས་དབང་གོང་མ་མ་ཐོབ་པར་རྫོགས་རིམ་སྒོམ་དུ་རུང་བར་འགྱུར་རོ། །དེ་ཡང་འདོད་ན། བུམ་དབང་མ་ཐོབ་པར་བསྐྱེད་རིམ་སྒོམ་དུ་རུང་བར་འགྱུར་བས་དབང་བཞི་དང་རིམ་པ་གཉིས་སྨིན་གྲོལ་དུ་སྦྱར་བའི་རྣམ་གཞག་ཐམས་ཅད་ཉམས་པར་འགྱུར་རོ། །འོ་ན་གོང་དུ་རྒྱུད་སྡེ་དེ་དང་དེའི་རྡོ་རྗེ་སློབ་དཔོན་གྱི་དབང་ཡོངས་སུ་རྫོགས་པར་ཐོབ་པའི་ཚེ་སྔགས་སྡོམ་ཡོངས་སུ་རྫོགས་པར་ཐོབ་པར་བཤད་པ་དང་འགལ་ཏེ། བླ་མེད་ཀྱི་སྔགས་སྡོམ་རྫོགས་པར་ཐོབ་པ་ལ་དབང་བཞི་ཆར་ཐོབ་དགོས་པའི་ཕྱིར་རོ་ཞེ་ན། བླ་མེད་ཀྱི་དབང་དུ་བྱས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་ལ་གཉིས་ལས་བུམ་དབང་གི་ནང་ཚན་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་དུ་བསྐྱེད་ནས་དམ་ཚིག་གསུམ་སྦྱིན་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་དུ་བཞག་པ་ནི་ཡོ་ག་དང་སྒོ་བསྟུན་པ་ཡིན་ལ། བླ་མེད་རང་ལུགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་དབང་ཡོངས་སུ་རྫོགས་པ་ལ་ནི་དབང་གོང་མ་གསུམ་ངེས་པར་ཐོབ་དགོས་ཏེ་བུམ་དབང་ཙམ་ཐོབ་པའི་གང་ཟག་གིས་བླ་མེད་ཀྱི་རྫོགས་པའི་རིམ་པ་རྣམས་བཤད་དུ་མི་རུང་བ་དང་། རྗེ་བཙུན་གྱིས་མངོན་རྟོགས་ལྗོན་ཤིང་ལས་བཤད་པའི་མངོན་པར་རྟོགས་པ་བཅུ་གཅིག་པོ་རྣམས་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པས་ཉམས་སུ་ལེན་རུང་བར་གསུངས་ཤིང་། རྫོགས་རིམ་དང་སྤྱོད་པ་དང་ཉེ་རྒྱུ་རྣམས་དབང་གོང་མ་མ་ཐོབ་ན་ཉམས་སུ་ལེན་དུ་མི་རུང་བའི་ཕྱིར་རོ། །འོ་ན་བླ་མེད་ཀྱི་སྔགས་སྡོམ་ལ་བསྐྱེད་རིམ་གྱི་སྡོམ་པ་དང་རྫོགས་རིམ་གྱི་སྡོམ་པ་གཉིས་སུ་ཕྱེ་བ་འཐད་ན་དེ་ལྟར་ཡིན་ཀྱང་། དེ་གཉིས་ཀྱི་ཐ་སྙད་གང་ནས་བཤད་སྙམ་ན་བཤད་པར་བྱ་སྟེ། སྐྱེས་བུ་ཆེན་པོ་བསོད་ནམས་རྩེ་མོས་ཁ་སྦྱོར་གྱི་འགྲེལ་པར་སྤྱིར་ཐེག་པ་ཆེན་པོའི་སྡོམ་པ་ལ་སེམས་བསྐྱེད་ཀྱི་སྡོམ་པ་དང་། བསྐྱེད་རིམ་གྱི་སྡོམ་པ་དང་། རྫོགས་རིམ་གྱི་སྡོམ་པ་གསུམ་དུ་མཛད་ནས། དང་པོ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པའི་སྐབས་ནས་བསྟན་པ་ལྟ་བུ། གཉིས་པ་ནི། ཀུན་ནས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ནས་སྣ་ཚོགས་སྡོམ་པ་ཡི། །ཞེས་པའི་སྐབས་ནས་བསྟན་པ་ལྟ་བུ། གསུམ་པ་ནི། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ། །ཞེས་པ་དང་། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཨཾ་གི་རྣམ་པ་སྡོམ་པའི་གནས། །ཞེས་པའི་སྐབས་ནས་བསྟན་པ་ལྟ་བུ་ཡིན་པར་གསུངས་པ་ལས་ཤེས་སོ། །དེ་དག་རེ་རེ་ལ་ཡང་གནས་གང་དུ་སྡོམ་པ། གྲངས་ཇི་སྙེད་སྡོམ་པ། སྤང་བྱ་གང་སྡོམ་པ། ཐབས་གང་གིས་སྡོམ་པ། སྡོམ་པ་རང་གི་ངོ་བོ་གང་ཡིན་པ་དང་། དོན་ཚན་ལྔ་ལྔའི་སྒོ་ནས་ཤེས་པར་བྱ་དགོས་ཏེ། འདིར་ནི་ཚིག་མང་དུ་དོག་པས་མ་སྤྲོས་སོ། །རྟོགས་པར་འདོད་ན་རྗེ་བཙུན་ས་སྐྱ་པའི་གསུང་རབ་རྒྱུད་གསུམ་ལ་དགོས་པའི་ཆོས་སྣ་བཅུ་གསུམ་པོ་བཤེས་གཉེན་མཁས་པའི་དྲུང་དུ་ཉན་པར་བྱའོ། །གཉིས་པ་གང་ལས་བླང་བའི་ཡུལ་ལ་གསུམ་ལས། དང་པོ་སོ་ཐར་བླང་བའི་ཡུལ་ལ་བྱེ་བྲག་ཏུ་སྨྲ་བས་རིས་བརྒྱད་ཀ་ཡང་ཡུལ་དགེ་སློང་ལས་བླང་དགོས་པར་འདོད་ཅིང་མདོ་སྡེ་པས་ནི་བསྙེན་གནས་ཀྱི་སྡོམ་པ་དགེ་བསྙེན་ཡན་ཆད་གང་ཡང་རུང་བ་ལས་བླང་དུ་རུང་བར་འདོད་དེ། དྲང་སྲོང་གནས་འཇོག་གི་མདོ་ལས། དགེ་སློང་ངམ་བྲམ་ཟེའམ་ཁྱིམ་པའམ་རབ་ཏུ་བྱུང་བ་གང་ཡང་རུང་བ་ཆོ་ག་ཤེས་པ་ཞིག་གི་མདུན་དུ་འདུག་ལ་ཞེས་པ་དང་། ལུང་རྣམ་འབྱེད་ལས་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྐྱེ་བོ་མང་པོ་ལ་བསྙེན་གནས་འབོགས་པར་གསུངས་པའི་ཕྱིར་རོ། ཞེས་འདོད་དོ། །ཐེག་ཆེན་སོ་ཐར་ལ་གཉིས་ལས། ཆོ་ག་ཐུན་མོང་བ་བླང་བའི་ཡུལ་ལ་ནི་སྔར་བཤད་པ་ལྟར་ཡིན་ལ་ཐུན་མོང་མ་ཡིན་པའི་ཐེག་ཆེན་སོ་ཐར་ལ་ནི་ཆོ་འཕྲུལ་བསྟན་པའི་མདོ་ལས། རྒྱལ་སྲས་བྱམས་པ། འཇམ་དབྱངས་ལ་སོགས་པ་ཁྱིམ་པའི་ཆ་ལུགས་ཅན་ལས་དགེ་སློང་གི་སྡོམ་པ་བླང་བར་བཤད་པ་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དེ་དག་ལས་ལ་ལ་ནི་གཞན་ལས་དང་རང་ཡང་ལེན་པར་བྱེད་དོ། །དེ་དག་ལས་ལ་ལ་ནི་རང་ཁོ་ནས་ལེན་པར་བྱེད་དེ་དགེ་སློང་གི་སྡོམ་པ་ནི་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་སློང་གི་སྡོམ་པ་ནི་ཐམས་ཅད་ཀྱིས་ཡང་དག་པར་བླང་བར་འོས་པ་མ་ཡིན་པའི་ཕྱིར། ཞེས་འཕགས་པ་ཐོགས་མེད་ཀྱིས་བཤད་དོ། །གཉིས་པ་བྱང་སེམས་ཀྱི་སྡོམ་པ་བླང་བའི་ཡུལ་ལ། བྱང་སེམས་དབུ་མ་པ་ལྟར་ན་བྱང་སེམས་ཀྱི་སྡོམ་པ་ལེན་གསོ་གཉིས་ཀ་ལ་བླ་མར་འོས་པ་མ་རྙེད་ཀྱང་དཀོན་མཆོག་གི་དྲུང་དུ་ཆོ་ག་བྱས་པས་ཆོག བྱང་སེམས་སེམས་ཙམ་པ་ལྟར་ན། སྲོག་དང་ཚངས་སྤྱོད་ལ་གནོད་ན་མ་གཏོགས་བླ་མ་ངེས་པར་དགོས་ཤིང་གལ་ཏེ་མ་རྙེད་ན་དཀོན་མཆོག་གི་དྲུང་དུ་ལེན་གསོ་གཉིས་ཀ་བྱས་པས་ཆོག་སྟེ། བྱང་ས་ལས་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་རྒྱང་གྲགས་དང་དཔག་ཚད་ཀྱི་བར་སྲོག་དང་ཚངས་སྤྱོད་ལ་མི་གནོད་ཙམ་དུ་བཙལ་ཀྱང་མ་རྙེད་ན་དཀོན་མཆོག་གི་རྟེན་གྱི་དྲུང་དུ་བདག་ཉིད་ཀྱིས་བླངས་པས་ཀྱང་སྐྱེའོ། །ཞེས་གསུངས་སོ། །བླང་བའི་ཡུལ་གྱི་མཚན་ཉིད་ཀྱང་དབུ་མ་པ་རྣམས་ཀྱིས་སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་བཤད་ལ། སེམས་ཙམ་པ་རྣམས་ཀྱིས་ནི་སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་བཤད་དོ། །གསུམ་པ་སྔགས་སྡོམ་བླང་བའི་ཡུལ་ལ། སྤྱིར་ས་ཐོབ་ནས་མཆོག་གི་སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ལས་བླང་བ་སོགས་མང་དུ་བཤད་ཀྱང་། སོ་སོའི་སྐྱེ་བོའི་སློབ་མ་སྣོད་ལྡན་ཞིག་གིས་སོ་སོའི་སྐྱེ་བོའི་རྡོ་རྗེ་སློབ་དཔོན་ལ་དབང་ཞུ་བའི་དབང་དུ་བྱས་ནས། དེའི་མཚན་ཉིད་རྒྱུད་སྡེ་རྣམས་ལས་མང་དུ་གསུངས་པ་རྣམས་མདོར་བསྡུས་ཏེ། བླ་མ་ལྔ་བཅུ་པ་ལས། བརྟན་ཅིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་སྦྱོར་བ་ཤེས། །རབ་ཏུ་དང་ཞིང་དབང་པོ་དུལ། །ཞེས་གསུངས་སོ། །དེ་ལ་དེ་ཉིད་བཅུ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུངས་ལ། ཆོ་གའི་དེ་ཉིད་བཅུ་ནི། རབ་གནས་ཀྱི་རྒྱུད་ལས། དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟངས་སྟབས་གདན་དང་ནི། །བཟླས་བརྗོད་སྦྱིན་སྲེག་མཆོད་པ་དང་། །ལས་ལ་སྦྱར་དང་སླར་བསྡུ་བའོ། །ཞེས་པ་དང་། སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ་ནི། བླ་མ་ཡོངས་བཟུང་གི་རྒྱུད་ལས། གནས་དང་དུས་དང་ལྷ་དང་སྔགས། །བགྲང་ཕྲེང་ཕྱག་རྒྱ་སྦྱིན་སྲེག་དང་། །དབང་བསྐུར་དང་ནི་རབ་གནས་ཀྱི། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །ཞེས་པ་དང་། དེ་ཁོ་ན་ཉིད་ཀྱི་དེ་ཉིད་བཅུ་ནི། རིན་ཆེན་འབར་བ་ལས། རྡོ་རྗེ་དྲིལ་བུ་ཡེ་ཤེས་དང་། །ལྷ་དང་དཀྱིལ་འཁོར་སྦྱིན་སྲེག་དང་། །སྔགས་དང་རྡུལ་ཚོན་གཏོར་མ་དང་། །དབང་བསྐུར་དེ་ཉིད་བཅུ་པའོ། །ཞེས་གསུངས་སོ། །མདོར་ན་དེང་སང་སྔགས་སྡོམ་ལེན་པའི་ཡུལ་གྱི་རྡོ་རྗེ་སློབ་དཔོན་ནི་གཞུང་འདི་ཉིད་ལས། བླ་མ་བརྒྱུད་པ་མ་ཉམས་ཤིང་། །ཆོ་ག་འཁྲུགས་པར་མ་གྱུར་པ། །ཕྱི་ནང་རྟེན་འབྲེལ་བསྒྲིག་མཁྱེན་ཅིང་། །སྐུ་བཞིའི་ས་བོན་ཐེབས་ནུས་པ། །སངས་རྒྱས་གསུང་བཞིན་མཛད་པ་ཡི། །བླ་མ་བཙལ་ལ་དབང་བཞི་བླང་། །ཞེས་གསུངས་པ་ལྟར་བཟུང་བར་བྱའོ། །གསུམ་པ་གང་གིས་བླང་བའི་རྟེན་ལ་གསུམ་སྟེ། དང་པོ་སོ་ཐར་གྱི་རྟེན་ལ་གཉིས་ཏེ། ཉན་ཐོས་སོ་ཐར་གྱི་རྟེན་དང་། ཐེག་ཆེན་སོ་ཐར་གྱི་རྟེན་ནོ། །དང་པོ་ལ་བྱེ་བྲག་ཏུ་སྨྲ་བ་ནི། རིས་བརྒྱད་ཀ་ཡང་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་མ་ཡིན་པ་གཞན་ལ་མི་སྐྱེ་བར་འདོད་དེ། མདོ་རྩར་མི་མ་ཡིན་པའི་འགྲོ་བ་པ་དང་། བྱང་གི་སྒྲ་མི་སྙན་པ་གཉིས་ནི་སྡོམ་པའི་ཞིང་ཉིད་མ་ཡིན་ནོ། །ཞེས་དང་། ཟ་མ་དང་མ་ནིང་ལ་ཡང་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པར་གསུངས་པའི་ཕྱིར་རོ། །མདོ་སྡེ་པ་ནི་བསྙེན་གནས་ཀྱི་སྡོམ་པ་དུད་འགྲོ་སོགས་འགྲོ་བ་གཞན་ལ་ཡང་སྐྱེ་བར་འདོད་དེ། འདུལ་བ་ལུང་ལས། ཀླུ་གཞོན་ནུ་ཙམ་པ་ཞེས་བྱ་བ་ཚེས་བརྒྱད་ལ་བསྙེན་གནས་བསྲུང་བར་གསུངས་པ་དང་། སྐྱེས་རབས་ལས་རི་བོང་གིས་ཀྱང་བསྙེན་གནས་བསྲུང་བར་གསུངས་པ་རྣམས་སྒྲ་ཇི་བཞིན་པར་ཁས་ལེན་པའི་ཕྱིར་རོ། །གཉིས་པ་ཐེག་ཆེན་སོ་ཐར་གྱི་རྟེན་ལ་ཆོ་ག་ཐུན་མོང་བ་རྣམས་ནི་ཆོ་ག་ཉན་ཐོས་ཀྱི་ལུགས་བཞིན་དུ་བྱེད་དགོས་པས་བྱེ་བྲག་ཏུ་སྨྲ་བས་བཤད་པ་ལྟར་བཟུང་དགོས་ལ་ཆོ་ག་ཐུན་མོང་མ་ཡིན་པའི་ཐེག་ཆེན་སོ་ཐར་གྱི་རྟེན་ནི་འགྲོ་བ་གཞན་རྣམས་ལ་ཡང་རུང་སྟེ། ཐེག་ཆེན་སེམས་བསྐྱེད་གང་ལ་བརྟེན་ནས་སྐྱེ་བའི་རྟེན་དེ་ལ་ཐེག་ཆེན་སོ་ཐར་སྐྱེ་བའི་ཕྱིར་རོ། །གཉིས་པ་བྱང་སེམས་ཀྱི་སྡོམ་པའི་རྟེན་ལ་གཉིས་ལས། དབུ་མ་ལུགས་ཀྱི་སེམས་བསྐྱེད་ནི་བརྡ་ཤེས་ཤིང་དོན་གོ་ལ་ལེན་འདོད་ཡོད་པའི་འགྲོ་བ་ཐམས་ཅད་ལ་སྐྱེ་སྟེ། སྡོང་པོ་བཀོད་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱིས། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱི་ཤར་ཕྱོགས་ནགས་ཚལ་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་ཞེས་བྱ་བར་ཆོས་ཀྱི་དབྱིངས་ཀྱི་ཚུལ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པས་རྒྱ་མཚོའི་ཀླུ་སྟོང་ཕྲག་གསུམ་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །ཞེས་པ་དང་། མདོ་སྡེ་བསྐལ་བཟང་ལས། རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་འོད་དེ་ལ། །ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་དང་། ནམ་མཁའི་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་རྒྱལ་པོ་ལ་འབྱུང་བའི་ལྟུང་བ་ལྔ་དང་། བློན་པོ་ལ་ལྔ་དང་། ལས་དང་པོ་པ་ལ་བརྒྱད་དེ་རྒྱལ་པོ་དང་བློན་པོ་ལ་ཡང་བྱང་སེམས་ཀྱི་ལྟུང་བ་འབྱུང་བར་གསུངས་པའི་ཕྱིར་དང་། དཀོན་མཆོག་བརྩེགས་པའི་གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། ལྷ་དང་མི་ཡི་སྲོག་ཆགས་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅེས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། ཀླུ་ཁྲི་ཉིས་སྟོང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གསུངས་པ་དང་། མདོ་ལས་ལྷའི་བུ་ལ་སོགས་པ་སོ་སོར་ཐར་པའི་སྣོད་མ་ཡིན་པའང་གང་དག་སེམས་མ་བསྐྱེད་པ་དེ་དག་བསྐྱེད་པར་བགྱིའོ་ཞེས་གསུངས་པ་དང་། བདུད་སྡིག་ཏོ་ཅན་བཅོམ་ལྡན་འདས་ཀྱི་དྲུང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་བཅོམ་ལྡན་འདས་ཀྱིས་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་སུ་ཆོས་སྣང་བ་ཐོབ་པ་ཞེས་བྱ་བར་འཚང་རྒྱའོ། །ཞེས་ལུང་བསྟན་ནོ། །ཞེས་ནམ་མཁའ་མཛོད་ཀྱི་མདོ་ལས་གསུངས་པའི་ཕྱིར་རོ། །གཉིས་པ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་སྐྱེ་བའི་རྟེན་ལ་ནི། སོ་ཐར་རིས་བདུན་གྱི་རྟེན་ངེས་པར་དགོས་ཏེ། ཇོ་བོ་རྗེས། སོ་སོར་ཐར་པ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་པ་དང་། བྱང་སའི་ཚུལ་ཁྲིམས་ལེའུར། དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་གང་ཞེ་ན་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང་། རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པ་ནི་ཚུལ་ཁྲིམས་ཐམས་ཅད་ཅེས་བྱའོ། །ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའི་ཚུལ་ཁྲིམས་དེ་ཡང་མདོར་བསྡུས་ན་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་ལ་ཕན་གདགས་པའི་ཚུལ་ཁྲིམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པའི་རིས་བདུན་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ། དེ་ཡང་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པར་རིག་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་སྔགས་སྡོམ་གྱི་རྟེན་ལ་སྐལ་དམན་རིམ་འཇུག་པ་དང་། སྐལ་ལྡན་གཅིག་ཆར་བ་གཉིས་ལས། དང་པོ་ལ། ཐོག་མར་འཆི་བ་མི་རྟག་པ་དང་། དལ་འབྱོར་རྙེད་དཀའི་སྒོ་ནས་ཚེ་འདི་ལ་བློ་ལྡོག་སྟེ། ཕྱི་མ་ཕན་ཆད་ཀྱི་ཆེད་དུ་བསྙེན་གནས་ཡན་ལག་བརྒྱད་པ་ཙམ་ལེན་དུ་གཞུག དེའི་འོག་ཏུ་འཁོར་བའི་ཉེས་དམིགས་དང་དལ་འབྱོར་རྙེད་དཀའི་སྒོ་ནས་འཁོར་བ་ལས་ཡིད་ལྡོག་སྟེ་བྱང་ཆུབ་ཀྱི་ཆེད་དུ་སོ་སོར་ཐར་པ་རིས་བདུན་པོ་གང་ལ་སློབ་པར་ནུས་པ་དེ་ལེན་དུ་གཞུག དེ་ནས་ཐེག་པ་འོག་མ་གཉིས་ཀྱང་གཞན་དོན་བསྒྲུབ་པའི་གེགས་སུ་མཐོང་ནས་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་ཐེག་ཆེན་སེམས་བསྐྱེད་ཀྱི་སྡོམ་པ་ལེན་དུ་གཞུག་པའི་སྤྱོད་པ་རིམ་པ་ཅན་དང་། དེ་ནས་གྲུབ་མཐའ་བཞི་དང་རྒྱུད་སྡེ་བཞི་ལ་རིམ་གྱིས་བསླབས་ཏེ་རྣལ་འབྱོར་བླ་མེད་ཀྱི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ལམ་ལ་བརྟེན་ནས་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པ་ནི་སྐལ་དམན་རིམ་འཇུག་གི་ལམ་གྱི་རིམ་པ་ཡིན་པས་འདི་ལ་ནི་སོ་ཐར་རིས་བདུན་གྱི་རྟེན་ངེས་པར་དགོས་པ་ཡིན་ནོ། །ལམ་བགྲོད་ཚུལ་དེ་ཡང་ཀྱཻ་རྡོ་རྗེ་ལས། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །དེ་ནས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེར་རྗེས་ཀྱཻ་ཡི་རྡོ་རྗེ་བསྟན། །སློབ་མས་གུས་པས་བླངས་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལ་བརྟེན་ནས་རྣལ་འབྱོར་དབང་ཕྱུག་བརྒྱུད་པ་དང་བཅས་པ་རྣམས་ཀྱིས་གདུལ་བྱ་བཀྲི་བའི་ཚུལ་དུ་སྣང་ངོ་། །གཉིས་པ་སྐལ་ལྡན་ཅིག་ཆར་པའི་རྟེན་ནི་ངེས་པ་མེད་དེ། རྒྱུད་སྡེ་རྣམས་ལས་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱང་རྒྱུད་ཉན་པའི་སྣོད་དུ་གསུངས་པ་དང་། ཨུ་རྒྱན་གྱི་གནས་ཀྱི་ཀླུ་རྣམས་ལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བས་གྲོལ་བར་གསུངས་པ་དང་། སཾ་བུ་ཊིར། ཤེས་རབ་མངོན་དུ་མ་རྙེད་ན་བྱོལ་སོང་དག་ལ་ཡང་གོམས་པར་བྱའོ། །ཞེས་བྱོལ་སོང་གི་ཕྱག་རྒྱ་བསྟེན་པར་བཤད་ཅིང་ཕྱག་རྒྱ་དེ་ཡང་དབང་བསྐུར་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ་དགོས་པའི་ཕྱིར་རོ། །གསུམ་པ་ཐོབ་པ་མི་ཉམས་པར་བསྲུང་བའི་བསླབ་བྱ་ལ་གཉིས་ཏེ། བསླབ་བྱ་སོ་སོར་བཤད་པ་དང་། ཕན་ཚུན་འགལ་ན་ཇི་ལྟར་བསྒྲུབ་པའོ། །དང་པོ་ལ་གསུམ་ལས། དང་པོ་སོ་ཐར་གྱི་བསླབ་བྱ་ལ་ཡང་གཉིས་ཏེ། ཉན་ཐོས་སོ་ཐར་གྱི་བསླབ་བྱ་དང་། ཐེག་ཆེན་སོ་ཐར་གྱི་བསླབ་བྱའོ། །དང་པོ་ལ་རིས་བརྒྱད་ལས། བསྙེན་གནས་ཀྱི་བསླབ་བྱ་ནི་མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཞེས་གསུངས་པ་ལྟར། ཚུལ་ཁྲིམས་ཀྱི་ཡན་ལག་རྩ་བ་བཞི། བག་ཡོད་ཀྱི་ཡན་ལག་ཆང་སྤོང་བ། བརྟུལ་ཞུགས་ཀྱི་ཡན་ལག་གར་སོགས་ཕྲེང་སོགས་མལ་ཆེན་མཐོ། ཕྱི་དྲོའི་ཁ་ཟས་གསུམ་སྤོང་བའོ། །དགེ་བསྙེན་ཕ་མའི་བསླབ་བྱ་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱིས་ནི་སྐྱབས་འགྲོ་བླངས་ནས་དེའི་བསླབ་བྱ་ཙམ་བསྲུང་བའོ། །སྣ་གཅིག་སྤྱོད་པས་ནི་སྲོག་གཅོད་ཙམ་སྤོང་བའོ། །སྣ་འགའ་སྤྱོད་པས་ནི་མ་བྱིན་ལེན་དང་གཉིས་སྤོང་བའོ། །ཕལ་ཆེར་སྤྱོད་པས་ནི་བརྫུན་དང་གསུམ་སྤོང་ཞིང་ཡོངས་རྫོགས་ཀྱིས་ནི་འདོད་ལོག་དང་ཆང་སྟེ་ལྔ་ཆར་སྤོང་ངོ་། །མདོ་ལས། དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ་ཆོས་དགེ་བ་བཅུ་སྤྱོད་པ་རྣམས་གསུངས་པ་ཡང་དེ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་དེ་ལས་གཞན་པའི་དགེ་བསྙེན་མི་འདོད་ལ། མདོ་སྡེ་པ་དག རྒྱན་གྱིས་བརྒྱན་པར་གྱུར་ཀྱང་ཆོས་སྤྱོད་ལ། །ཞེས་སོགས་ཀྱི་གཞུང་ལ་བརྟེན་ནས་དེའི་སྟེང་དུ་མི་ཚངས་སྤྱོད་སྤོང་བ་ཚངས་སྤྱོད་ཀྱི་དགེ་བསྙེན་ཡང་འདོད་ཅིང་། འཕགས་པ་གནས་བརྟན་པའི་སྡེ་པ་དག་བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་བླངས་པ་གོ་མིའི་དགེ་བསྙེན་ཡང་འདོད་དོ། །ཐེག་ཆེན་གྱི་སྡེ་སྣོད་ལས་ཀྱང་འདི་འབྱུང་སྟེ། དཀོན་མཆོག་བརྩེགས་པ་ལས། རྒྱལ་པོའི་བུ་སྙིང་རྗེ་ཆེར་སེམས་ཀྱིས་བསྙེན་གནས་ཡན་ལག་བརྒྱད་པ་ཇི་སྲིད་འཚོའི་བར་དུ་བླངས་པར་བཤད་པའི་ཕྱིར་རོ། །དེ་ལ་དང་པོ་ལྔ་ནི་མིང་ཆེན་གྱི་མདོ་དང་། དྲུག་པ་ནི་ལུང་རྣམ་འབྱེད་དང་། བདུན་པ་ནི་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཞུས་པར་གསུངས་ཞེས་ཁ་ཅིག་ཟེར་རོ། །སློབ་དཔོན་དབྱིག་གཉེན་གྱིས་གོ་མིའི་དགེ་བསྙེན་ཞེས་བྱ་བ་འདི་ནི་འཕགས་པ་གནས་བརྟན་པའི་མན་ངག་བརྒྱུད་པ་ལས་ཐོས་ཀྱི་བདེ་བར་གཤེགས་པས་གསུངས་པ་ནི་མ་མཐོང་ངོ་ཞེས་གསུངས་སོ། །དགེ་ཚུལ་ཕ་མའི་བསླབ་བྱ་ལ་བླངས་པ་ལས་འདས་པ་དང་། ཉེས་མེད་དང་། ཕྱོགས་མཐུན་གསུམ་ལས། དང་པོ་སུམ་བརྒྱ་པ་ལས། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤང་། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི་འཆང་བ་དང་། འབྲལ་བ་དང་། འཇོག་པ་དང་། ལྷུང་བཟེད་འཆང་བ་དང་། དགོན་པའི་འབྲལ་བ་དང་། གསོག་འཇོག་བྱེད་པ་དང་། ས་བོན་འཇོམས་པ་དང་། སྐྱེ་བ་འཇིགས་པ་དང་། བྱིན་ལེན་མ་བྱས་པར་ཟ་བ་དང་། སྤངས་པ་ཟ་བ་དང་། གསོག་འཇོག་ཟ་བ་དང་། རིན་པོ་ཆེ་ལ་རེག་པ་དང་། མེ་ལ་རེག་པ་དང་། ས་རྐོ་བ་དང་། དགེ་ཚུལ་ནང་ཉལ་བ་དང་། ལས་ཀྱི་གནས་ནས་མ་སྨྲས་པར་འགྲོ་བ་དང་། རྩ་སྔོན་ཡོད་པའི་ས་ཕྱོགས་སུ་མི་གཙང་བ་འདོར་བ་དང་། ཤིང་ལ་མི་གང་ལས་ལྷག་ཙམ་མི་འཛེག་པའོ། །གསུམ་པ་ནི་བླངས་འདས་དང་ལྟུང་མེད་མ་གཏོགས་པ་དགེ་སློང་ཕ་མའི་བཅས་པ་རྣམས་སོ། །དེ་ལ་རྩ་བ་བཞི་ལས་འཆབ་སེམས་ཀྱིས་འདས་ན་སྡོམ་པ་སླར་བླང་དུ་མེད་ཅིང་། ཡན་ལག་དྲུག་ལས་འདས་ན་བཤགས་པར་བྱ་བ་ཡིན་ཏེ། འོད་ལྡན་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་གྱུར་ན། །དགེ་སློང་བཞིན་དུ་དགེ་ཚུལ་ཡང་། །ཕྱིས་ནས་སྡོམ་པ་སྐྱེ་བ་མེད། །ཆང་འཐུང་ལ་སོགས་དྲུག་པོ་ནི། །བཤགས་ལ་ཉེས་བྱས་མཐུན་པ་ཡིན། །ཞེས་གསུངས་སོ། །ཕྱོགས་མཐུན་ལས་འདས་ན་ཡིད་ཀྱིས་སྡོམ་པར་བྱ་བ་ཡིན་ཏེ། སུམ་བརྒྱ་པ་ལས། བླང་བའི་ཕྱོགས་མཐུན་རྣམས་ལས་ཡིད་ཀྱིས་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དགེ་སློབ་མའི་བསླབ་བྱ་ནི། རྩ་བའི་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་སྡོམ་པ་སྟེ། རྒྱ་ཆེར་འགྲེལ་ལས། གཅིག་པུ་ལམ་དུ་འགྲོ་མི་བྱེད། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རིག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྤྱན་དུ་འགྱུར་བ་མི་བྱ་ཞིང་། །ཁ་ན་མ་ཐོ་བཅབ་མི་བྱ། །ཞེས་པ་དང་། གསེར་ལ་བཟུང་བར་མི་བྱ་ཞིང་། །འདོམས་ཀྱི་སྤུ་ནི་བྲེག་མི་བྱ། །ས་ནི་རྐོ་བར་མི་བྱ་སྟེ། །རྩ་སྔོན་དག་ནི་བཅད་མི་བྱ། །བྱིན་ལེན་མ་བྱས་བཟའ་མི་བྱ། །གསོག་འཇོག་བྱས་པ་བཟའ་མི་བྱ། །ཞེས་གསུངས་པ་རྣམས་སོ། །དགེ་སློང་གི་བསླབ་བྱ་ནི་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོ་སོར་བཤགས་པ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་སྤོང་བ་སྟེ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མོ། །དགེ་སློང་མ་ལ་ནི། མཐའ་བརྒྱད་དགེ་འདུན་ལྷག་མ་ཉི་ཤུ་དང་། །དེ་བཞིན་སྤོང་བ་སུམ་ཅུ་རྩ་གསུམ་དང་། །གཞན་ཡང་ལྟུང་བྱེད་བརྒྱ་དང་བརྒྱད་ཅུ་དང་། །སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང་། །བསླབ་པའི་ཕྲེང་བ་ལྷག་མར་བཅས་པ་སྟེ། །ཞི་བར་བྱེད་པ་དགེ་སློང་ཕ་དང་མཐུན། །ཞེས་པ་ལྟར་ཡིན་ལ། བསླབ་པའི་ཕྲེང་བ་ལྷག་མར་བཅས་པ་ནི། དགེ་སློང་གི་བརྒྱ་རྩ་བཅུ་གཉིས་ཀྱི་སྟེང་དུ། ཤམ་ཐབས་རྐེད་པ་སྣང་བར་མི་བགོ་བ་དང་། ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་མི་འགྲོ་བ་གཉིས་བསྣན་པ་ཐམས་ཅད་བསྡོམས་ནས་སུམ་བརྒྱ་དང་དྲུག་ཅུ་རེ་གཉིས་སོ། །གཉིས་པ་ཐེག་ཆེན་སོ་ཐར་གྱི་བསླབ་བྱ་ལ་ཆོ་ག་ཐུན་མོང་བས་ནི་རང་གིས་གང་བླངས་པའི་སོ་སོར་ཐར་པ་དེ་དགག་དགོས་ཁྱད་པར་ཅན་མེད་པའི་ཚེ་ཉན་ཐོས་ཀྱི་ཇི་ལྟ་བ་བཞིན་བསྲུང་དགོས་ཏེ། སྡོམ་པ་གཉིས་ཀྱི་བཅས་པ་ལས་དགོས་པ་མེད་པར་འདའ་བ་རྡོ་རྗེ་ཐེག་པའི་སྐབས་སུ་ལྟུང་བར་གསུངས་པའི་ཕྱིར་རོ། །སེམས་ཅན་གྱི་དོན་དུ་འགྱུར་བ་ལ་སོགས་པའི་དགོས་པ་ཁྱད་པར་ཅན་ཡོད་ན་ལུས་ངག་གི་ཁ་ན་མ་ཐོ་བ་ཐམས་ཅད་གནང་སྟེ། སྤྱོད་འཇུག་ལས། ཐུགས་རྗེ་མངའ་བ་རིང་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་པ་དང་། སྡོམ་པ་ཉི་ཤུ་པ་ལས། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཞེས་གསུངས་པ་ལྟར་རོ། །ཆོ་ག་ཐུན་མོང་མ་ཡིན་པ་ལ་གསོ་སྦྱོང་རང་གིས་ལེན་པ་ནི་བསྙེན་གནས་ཀྱི་སྡོམ་པ་དང་བསྲུང་བྱ་ཁྱད་པར་མེད་དོ། །གཉིས་པ་བྱང་སེམས་ཀྱི་སྡོམ་པའི་བསླབ་བྱ་ལ་གཉིས་ཏེ། དབུ་སེམས་ཀྱི་བསླབ་བྱ་སོ་སོར་བཤད་པ་དང་། རྩ་ལྟུང་བྱུང་བས་སྡོམ་པ་གཏོང་མི་གཏོང་དཔྱད་པའོ། །དང་པོ་ལ་དབུ་སེམས་གཉིས་ལས། དང་པོ་དབུ་མ་པའི་ལུགས་ཀྱི་བསླབ་བྱ་ལ་ཡང་གསུམ་སྟེ། དབང་རྣོན་ལ་བཅུ་བཞིར་དབྱེ་བ། དབང་འབྲིང་ལ་བཞིར་བསྟན་པ། དབང་རྟུལ་ལ་གཅིག་ཏུ་བསྟན་པའོ། །དང་པོ་ནི། ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པ། བསླབ་བཏུས་ལས། ཚིགས་སུ་བཅད་པར་བསྟན་པ་ནི། །དཀོན་མཆོག་གསུམ་གྱི་དཀོར་འཕྲོགས་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལ། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང་། །བརྩོན་རར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་བ་འབེབས་པ་དང་། །སྲོག་དང་བྲལ་བྱེད་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །ཞེས་རྒྱལ་པོ་ལ་འབྱུང་བ་ལྔ་དང་། བློན་པོ་ལ་འབྱུང་བ་ནི། དང་པོ་བཞིའི་སྟེང་དུ། གྲོང་ལ་སོགས་པ་འཇིག་པ་ཡང་། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །ཞེས་པ་དང་ལྔ་ཡིན་ལ། ལས་དང་པོ་པ་ལ་འབྱུང་བ་བརྒྱད་ནི། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་སྟོན་པ་དང་། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང་། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང་། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང་། །རང་གི་ཡོན་ཏན་བརྗོད་པ་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང་། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །དགེ་སྦྱོང་ཆད་པས་གཅོད་པ་དང་། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང་། །སྦྱིན་པ་ལེན་པར་བྱེད་པ་དང་། །ཞི་གནས་འདོར་བར་བྱེད་པ་དང་། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་ནི། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་གསུངས་སོ། །འདི་དག་རྒྱལ་པོ་ལ་འབྱུང་བའི་དང་པོ་བཞི་དང་། བློན་པོ་ལ་འབྱུང་བའི་དང་པོ་བཞི་ནི། ལྟུང་བ་གཅིག་པས་ངོ་བོའི་སྒོ་ནས་བཅུ་བཞི་ཡིན་ལ། བཅོ་བརྒྱད་དུ་ཕྱེ་བ་ནི་རྟེན་གྱི་སྒོ་ནས་ཡིན་ཅིང་། མཚམས་མེད་ལྔ་པོ་སོ་སོར་བྱས་ནས་ཉེར་གཉིས་སུ་བྱས་པ་ཡང་སྣང་ངོ་། །འོ་ན་རྟེན་གྱི་སྒོ་ནས་བཅོ་བརྒྱད་དུ་བྱེད་པ་དེ་དག་རྒྱལ་བློན་ལས་དང་པོ་པ་གསུམ་ཆར་ལ་ལྟུང་བར་འགྱུར་ན་ནི་སོ་སོར་བཅས་པ་ལ་དགོས་པ་མེད་ཅིང་གཅིག་ལ་བཅས་པ་གཞན་ལ་མི་འབྱུང་ན་ནི་ཐམས་ཅད་ཀྱང་བྱང་སེམས་དབང་རྣོན་གྱི་དབང་དུ་བྱས་པ་འགལ་ལོ་ཞེ་ན། རེ་རེས་ཀྱང་ཐམས་ཅད་བསྲུང་དགོས་མོད་ཀྱི་སོ་སོར་བཅས་པ་ནི་གང་ལ་འབྱུང་ཉེ་བ་དེའི་དབང་དུ་བྱས་པ་ཡིན་ཏེ། བསླབ་བཏུས་ལས། གལ་ཏེ་རྒྱལ་རིགས་ལ་སོགས་པ་བྱང་སེམས་ཡིན་ན་ཇི་ལྟར་དེ་དག་གི་ལྟུང་བ་ངེས་ཤིང་གཞན་ལ་ནི་མ་ཡིན། ཅིས་ཏེ་དེ་དག་སྡོམ་པ་ཅན་མ་ཡིན་ན་ནི་དེ་དག་གི་ལྟུང་བ་ཡང་ཇི་ལྟར་རྣམ་པར་བཞག་ཅིང་། སྡོམ་པ་ཅན་དེ་དག་གི་ཉེས་པས་ཟིན་པར་འགྱུར་ཞེ་ན་འདི་ལ་ཉེས་པ་མེད་དོ། །གང་དུ་གང་ལ་མང་དུ་བྱུང་བ་དེ་ལ་དེ་རང་གི་མིང་ནས་སྨོས་ཏེ་བསྟན་པས་འཇིགས་པ་བསྐྱེད་པའི་ཕྱིར་ཏེ། ཐམས་ཅད་ཀྱིས་ཀྱང་ཕན་ཚུན་དུ་ལྟུང་བ་ཐམས་ཅད་སྤང་བར་བྱའོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེ་བས་ན་གང་གིས་ཡང་དག་པར་བླངས་པ་ན་ཡང་སྐལ་བ་མེད་པ་དང་། དགེ་བའི་རྩ་བ་ཆད་པར་གྱུར་པ་དེས་སྡོམ་པ་ཅན་ལ་ཆེས་ཤིན་ཏུ་འགྱུར་ཏེ། དེ་ལྟར་དཔྱད་པས་ཆོག་གོ །ཞེས་གསུངས་སོ། །གཉིས་པ་དབང་པོ་འབྲིང་གི་བསླབ་བྱ་བཞིར་བསྟན་པ་ནི་ཐབས་ལ་མཁས་པའི་མདོའི་དོན་བསླབ་བཏུས་ལས། བྱང་ཆུབ་སེམས་ནི་ཡོངས་འདོར་དང་། །ཆགས་དང་སེར་སྣ་མི་ཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང་། །སྒྲིམས་དེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་བརྡེག་པ་དང་། །ཉོན་མོངས་པ་དང་གནས་མཐུན་པས། །ཆོས་ལྟར་བཅོས་པ་སྟོན་པའོ། །ཞེས་གསུངས་པ་རྣམས་སོ། །གསུམ་པ་དབང་རྟུལ་གྱི་བསླབ་བྱ་གཅིག་ཏུ་བསྟན་པ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་ལ་བསླབ་པ་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་འདི་ལྟར་བྱ་བ་མང་བ་བྱེད་པ་མང་བ་སྟེ། ཐམས་ཅད་ཀྱིས་ཐམས་ཅད་དུ་སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱི། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་གསུམ་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། འཐུང་ཡང་རུང་། རྟག་པར་རྒྱུན་དུ་དྲན་པ་ཡིད་ལ་བཟུང་སྟེ་བསྒོམས་ཤིག གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག རྗེས་སུ་ཡི་རང་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕུལ་གཅིག་ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག་དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བ་ཉིན་གཅིག་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཤིག རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ན་རྒྱལ་སྲིད་ཀྱང་བྱེད་ལ་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ལ་བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ན་སྨོན་པ་བྱང་ཆུབ་ཀྱི་སེམས་སྤོང་བ་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྣོ་འབྲིང་རྟུལ་གསུམ་ཐམས་ཅད་ལ་རྩ་བའི་ལྟུང་བ་ཤིན་ཏུ་ལྕི་བ་ཡིན་ཏེ། མདོ་སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་དུ་སེམས་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་སྟེ། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་དང་། སྤྱོད་འཇུག་ལས། དེ་ནི་བྱང་ཆུབ་སེམས་དཔའ་ལ། །ལྟུང་བའི་ནང་ནས་ལྕི་བ་སྟེ། །འདི་ལྟར་དེ་ནི་བྱུང་གྱུར་ན། །སེམས་ཅན་ཀུན་གྱི་དོན་ལ་དམན། །ཞེས་སོ། །གཉིས་པ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་བསླབ་བྱ་ལ་གཉིས་ཏེ། ཕམ་འདྲའི་ཉེས་བྱས་བཞི་སྤོང་བ་དང་། ཡན་ལག་གི་ཉེས་བྱས་བཞི་བཅུ་ཞེ་དྲུག་སྤོང་བའོ། །དང་པོ་ལ་ཕམ་འདྲ་བཞི་ནི་སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་སོ། ཁ་ཅིག་་་་་་ཙོང་ཁ་པ་འདིའི་ཡ་གྱལ་སོ་སོར་བགྲང་ནས་བརྒྱད་དུ་བྱེད་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་དང་འགལ་ཏེ། བྱང་སར། དེ་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་ཡོད་དེ། བཞི་གང་ཞེ་ན་ཞེས་པ་དང་། སྡོམ་པ་ཉི་ཤུ་པ་ལས། དེ་ཡི་ཉེས་པ་བཞི་པོ་ནི་ཞེས་པ་དང་། འགྲེལ་བའི་མཚམས་སྦྱོར་དུ་ཉེས་པ་བཞི་པོ་དེ་དག་ཀྱང་གང་ཡིན་ཞེ་ན་ཞེས་བཞིར་གསུངས་ཀྱི་བརྒྱད་དུ་མ་གསུངས་པའི་ཕྱིར་རོ། །ཡ་གྱལ་སོ་སོར་འདྲེན་ན་དགུར་ཡང་འགྱུར་ཏེ། རྙེད་པ་ལ་ཆགས་པས་བདག་བསྟོད་གཞན་སྨོད་གཉིས། བཀུར་སྟི་ལ་ཆགས་པས་བདག་བསྟོད་གཞན་སྨོད་གཉིས། སེར་སྣས་ཆོས་མི་སྟེར་བ་དང་ནོར་མི་སྟེར་བ་གཉིས། ཁྲོས་པས་འཚོག་པ་གཅིག ཐེག་ཆེན་སྤོང་བ་དང་། དམ་ཆོས་འདྲར་སྣང་གཉིས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་ཡན་ལག་གི་ཉེས་བྱས་བཞི་བཅུ་ཞེ་དྲུག་ནི། དགེ་བ་ཆོས་སྡུད་དང་འགལ་བ་སོ་བཞི། སེམས་ཅན་དོན་བྱེད་དང་འགལ་བ་བཅུ་གཉིས། དང་པོ་ལ་སྦྱིན་པ་དང་འགལ་བ་བདུན། ཚུལ་ཁྲིམས་དང་འགལ་བ་དགུ། བཟོད་པ་དང་འགལ་བ་བཞི། བརྩོན་འགྲུས་དང་འགལ་བ་གསུམ། བསམ་གཏན་དང་འགལ་བ་གསུམ། ཤེས་རབ་དང་འགལ་བ་བརྒྱད་ལས། དང་པོ་ལ་དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །ཅེས་པ་ནི། ཟང་ཟིང་གི་སྦྱིན་པ་དང་འགལ་བའོ། །འདོད་པའི་སེམས་ཀྱིས་རྗེས་སུ་འཇུག་ཅེས་པ་ནི་སེར་སྣའི་གཉེན་པོ་ལས་ཉམས་པའོ། །རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་ལ་ནི་ལན་མི་འདེབས། །ཞེས་པ་གཉིས་ནི་མི་འཇིགས་པའི་སྦྱིན་པའི་རྗེས་སུ་མི་མཐུན་པའོ། །མགྲོན་པོས་བདག་གིར་མི་བྱེད་དང་། །གསེར་ལ་སོགས་པ་ལེན་མི་བྱེད། །ཅེས་པ་གཉིས་ནི་གཞན་གྱི་སྦྱིན་པའི་རྐྱེན་མི་བྱེད་པའོ། །ཆོས་འདོད་རྣམས་ལ་སྦྱིན་མི་བྱེད། །ཅེས་པ་ནི་ཆོས་ཀྱི་སྦྱིན་པ་མི་བྱེད་པའོ། །གཉིས་པ་ལ་ཚུལ་ཁྲིམས་འཆལ་བ་ཡལ་བར་འདོར། །ཕ་རོལ་དད་ཕྱིར་སློབ་མི་བྱེད། །སེམས་ཅན་དོན་ལ་བྱ་བ་ཆུང་། །སྙིང་རྗེར་བཅས་ན་མི་དགེ་མེད། །ཞེས་པ་བཞི་ནི་གཞན་དོན་གཙོ་བོར་གྱུར་པ་དང་འགལ་བའོ། །འཚོ་བ་ལོག་པ་དང་དུ་ལེན། །འཕྱར་ནས་རབ་ཏུ་རྒོད་ལ་སོགས། །འཁོར་བ་གཅིག་ཏུ་བགྲོད་པར་སེམས། །ཞེས་པ་གསུམ་ནི་རང་དོན་གཙོ་བོར་གྱུར་པ་དང་འགལ་བའོ། །གྲགས་པ་མ་ཡིན་མི་སྤོང་བ། །ཉོན་མོངས་བཅས་ཀྱང་འཆོས་མི་བྱེད། །ཅེས་པ་གཉིས་ནི་གཉིས་ཀ་མཉམ་པའི་ཚུལ་ཁྲིམས་དང་འགལ་བའོ། །གསུམ་པ་གཤེ་ལ་ལན་དུ་གཤེ་ལ་སོགས། །ཁྲོས་པ་རྣམས་ནི་ཡལ་བར་འདོར། །ཕ་རོལ་ཤད་ཀྱིས་ཆགས་པ་སྦྱོང་། །ཁྲོས་པའི་སེམས་ཀྱིས་རྗེས་སུ་འཇུག །ཅེས་པའོ། །བཞི་པ་ནི་རྙེད་བཀུར་འདོད་ཕྱིར་འཁོར་རྣམས་བསྡུ། །ལེ་ལོ་ལ་སོགས་སེལ་མི་བྱེད། །ཆགས་པས་བྲེ་མོའི་གཏམ་ལ་བརྟེན། །ཞེས་པ་གསུམ་མོ། །ལྔ་པ་ནི་ཏིང་ངེ་འཛིན་གྱི་དོན་མི་ཚོལ། །བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །བསམ་གཏན་རོ་ལ་ཡོན་ཏན་ལྟ། །ཞེས་པ་གསུམ་མོ། །དྲུག་པ་ནི། ཉན་ཐོས་ཐེག་པ་སྤོང་བར་བྱེད། །རང་ཚུལ་ཡོད་བཞིན་དེ་ལ་བརྩོན། །བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། །བརྩོན་པ་བྱས་ཀྱང་དེ་ལ་དགའ། །ཞེས་པ་བཞི་ནི་ཡུལ་དམན་པ་དང་འབྲེལ་བའི་ཉེས་པའོ། །ཐེག་པ་ཆེན་པོ་སྤོང་བར་བྱེད། །བདག་ལ་བསྟོད་ཅིང་གཞན་ལ་སྨོད། །ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །དོན་ལ་སྨོད་ཅིང་ཡི་གེ་སྟོན། །ཞེས་པ་བཞི་ནི་ཡུལ་དམ་པ་དང་འབྲེལ་བའི་ཉེས་པའོ། །གཉིས་པ་སེམས་ཅན་དོན་བྱེད་དང་འགལ་བ་བཅུ་གཉིས་ནི། དགོས་པའི་གྲོགས་སུ་འགྲོ་མི་བྱེད། །ནད་པའི་རིམ་གྲོ་བྱ་བ་སྤོང་། །སྡུག་བསྔལ་སེལ་བར་མི་བྱེད་དང་། །བག་མེད་རྣམས་ལ་རིག་མི་སྟོན། །ཞེས་པ་བཞི་ནི་དོན་བྱ་བའི་སྤྱི་དང་འབྲེལ་བའོ། །དོན་བྱ་བའི་ཁྱད་པར་དང་འབྲེལ་བ་ལ་གཉིས་ལས། བྱས་ལ་ལན་དུ་ཕན་མི་འདོགས། །གཞན་གྱི་མྱ་ངན་སེལ་མི་བྱེད། །ནོར་འདོད་པ་ལ་སྦྱིན་མི་བྱེད། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། །གཞན་གྱི་བློ་དང་མཐུན་མི་འཇུག །ཡོན་ཏན་སྔགས་པ་སྨྲ་མི་བྱེད། །ཅེས་པ་དྲུག་ནི་ཕན་མི་འདོགས་པའི་ཉེས་པའོ། །རྐྱེན་དུ་འཚམས་པར་ཚར་མི་གཅོད། །རྫུ་འཕྲུལ་ལ་སོགས་སྡིག་མི་བྱེད། །ཅེས་པ་གཉིས་ནི་ཚར་མི་གཅོད་པའི་ཉེས་པའོ། །བཞི་བཅུ་ཞེ་དྲུག་པོ་འདི་དག་ལ་བྱང་ས་ལས། ཉོན་མོངས་པ་ཅན་གྱི་ཉེས་པ་དང་། ཉོན་མོངས་པ་མ་ཡིན་པའི་ཉེས་པ་དང་། ཉེས་པ་མེད་པ་གསུམ་གསུམ་དུ་ཕྱེ་ནས་གསུངས་ལ། འདིའི་འགྲེལ་པར་ཡང་། གལ་ཏེ་མ་གུས་པ་དང་སྙོམས་ལས་དང་། ལེ་ལོས་ཉེས་པ་བྱུང་ན་ནི། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གལ་ཏེ་བརྗེད་པས་ཉེས་པ་བྱུང་ན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་རོ། །སེམས་འཁྲུགས་པ་ལ་ནི་ཉེས་པ་མེད་དོ། །ཞེས་གསུངས་སོ། །འདིར་ནི་ལྟུང་བའི་རྐང་གྲངས་ཙམ་ཞིག་སྨྲོས་པ་ཡིན་ལ། རྣམ་གཞག་རྒྱས་པར་ནི་འཁྲུལ་པ་ཟད་པའི་བླ་མ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་སྡོམ་པ་ཉི་ཤུ་པའི་འགྲེལ་པར་ཤེས་པར་བྱའོ། །གཉིས་པ་རྩ་ལྟུང་བྱུང་བས་སྡོམ་པ་གཏོང་མི་གཏོང་དཔྱད་པ་ནི། ཆགས་ལོའི་དྲིས་ལེན་ལས་སྡོམ་པ་གཏོང་བའི་ཚུལ་ཡང་སོ་སོར་ཐར་པ་ལའང་ལྟུང་བ་འབྱུང་བས་སྡོམ་པ་གཏོང་བ་དང་མི་གཏོང་བའི་ལུགས་གཉིས་གདའ། དེ་བཞིན་དུ་ཐེག་པ་ཆེན་པོ་ལ་ཡང་གཉིས་ཡོད་པའི་སེམས་ཙམ་པ་ལྟུང་བས་སྡོམ་པ་གཏོང་བའི་ལུགས་སུ་གསལ། དབུ་མ་པ་ལ་ལུགས་གཉིས་ཀ་གདའ། ངེད་ཅག་སྨོན་པའི་སེམས་མ་གཏང་ན་སྡོམ་པའི་རྩ་བ་མི་གཏོང་བའི་ལུགས་དེའི་རྗེས་སུ་འབྲངས་པ་ལགས། སྤྱོད་འཇུག་ལས། གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱི་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡང་། སྨོན་པ་མ་ཉམས་པར་འཇུག་པ་འབའ་ཞིག་ལས་ཉམས་ན་ངན་སོང་དུ་ཅུང་ཟད་སྐྱེ་བར་གསུངས་ཀྱི་མཐར་སངས་མི་རྒྱ་བའི་ལུགས་མ་ལགས། ཞེས་དང་། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་སྨོན་པ་མ་ཉམས་ན་འཇུག་པ་ལ་རིམ་གྱིས་སློབ་པས་འཁོར་བ་མཐའ་ཅན་དུ་འགྱུར་ཏེ། དཔེར་ན་མི་རྒྱུན་མ་ཆད་ན་ཟས་ནོར་ཞོར་ལ་འབྱུང་བ་བཞིན་ནོ། །དེས་ན་སེམས་བསྐྱེད་སུས་ཐོབ་ཀྱང་སྨོན་པ་འཆོར་དཀའ་བས་མཐར་འཚང་རྒྱ་བའི་དགོངས་པ་དེར་གདའ། བསླབ་བཏུས་ཀྱི་དགོངས་པའང་དེ་བཞིན་དུ་ཤེས་པར་བྱའོ། །དེས་ན་སེམས་བསྐྱེད་ཀྱི་བསླབ་བྱ་རྒྱས་བསྡུས་དང་བརྩོན་པ་ཆེ་ཆུང་ལས་སངས་རྒྱས་སྔ་ཕྱི་འབྱུང་བས་དེས་ན་རིམ་གྱིས་སངས་རྒྱ་བའི་སེམས་བསྐྱེད་ཀྱི་ལུགས་ལ་མྱུར་དུ་སངས་རྒྱ་བ་ལ་དགོས་པའི་བསླབ་བྱ་ཚོ་མ་སྦྱར་བས་སྐྱོན་དུ་མི་འགྲོ་ཏེ། དཔེར་ན་རིམ་གྱིས་གསོ་དགོས་པའི་ནད་པ་ལ་ཅིག་ཆར་གསོ་དགོས་པའི་སྨན་མ་གཏང་ཀྱང་སྐྱོན་དུ་མི་འགྲོ་བ་བཞིན་ནོ། །དེས་ན་བསླབ་སླ་བ་ལ་དགོངས་པ་ཡིན་གྱི་གཏན་བསླབ་མི་དགོས་པ་མ་ལགས། དེ་དག་སྤྱོད་འཇུག་གི་སྡོམ་པའི་ཆོ་གའི་སྐབས་སུ། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །ཞེས་སྨོན་པ་བླངས་ནས། བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་འཇུག་པ་ལ་རིམ་གྱིས་སློབ་པར་ཁས་བླངས་ཀྱི་བསླབ་བྱ་ཐམས་ཅད་ད་ལྟ་ཉིད་ནས་སློབ་པར་ཁས་བླངས་པ་མེད་པས་དམ་བཅའ་ཉམས་པའི་ཉེས་པ་མེད་མཆིས། སྨོན་པ་བླངས་ནས་དགེ་བ་ཕྲ་མོ་ཙམ་ཡང་མ་སྤྱད་ན་དམ་བཅའ་ཉམས་པའི་ཉེས་པ་མཆིས་མོད། འོན་ཀྱང་སྨོན་པ་གཏོང་བའི་རྒྱུ་ཤིན་ཏུ་དཀའ། འཇུག་པ་ལ་དགེ་བ་ཕྲ་མོ་ཙམ་ཡང་མི་བྱེད་པ་མི་སྲིད་པའི་ཚོད་ཙམ་དུ་མཐོང་བས། དབུ་མ་པའི་ལུགས་ཀྱི་སེམས་བསྐྱེད་གཏོང་དཀའ་བར་གདའ། སྤྱིར་ཆོ་ག་ལ་ཕན་ཡོན་ཤས་ཆེ་བ་གཅིག ཉེས་དམིགས་ཤས་ཆེ་བ་གཅིག གཉིས་ཀ་ཆ་མཉམ་པ་གཅིག་ལས་སེམས་བསྐྱེད་འདི་ཕན་ཡོན་ཤས་ཆེ་བ་ཡིན་ནོ་ཞེས་གསུངས་སོ། །དེས་ན་བདག་ཉིད་ཆེན་པོ་འདིའི་བཞེད་པ་ལ། དབུ་མ་ལུགས་ཀྱི་སྨོན་འཇུག་གཉིས་པོ་སྟབས་ཅིག་ཏུ་བླངས་ནས་སྨོན་པའི་བསླབ་བྱ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་བསམས་པ་མ་དོར་ན་སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་མི་གཏོང་ཞེས་བཞེད་པ་ཡིན་གྱི། ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་རྩ་ལྟུང་བྱུང་ནས་འཇུག་པའི་ཕྱོགས་འགའ་ཞིག་ལས་ཉམས་པར་གོང་དུ་བཤད་ཅིང་རྗེ་བཙུན་གྱིས་ཀྱང་དེ་བཞིན་དུ་གསུངས་སོ། །དེ་ཡང་རྩ་ལྟུང་དེ་དག་ཐམས་ཅད་སྤོང་བར་ཁས་བླངས་པའི་དབང་རྣོན་གྱི་དབང་དུ་བྱས་པ་ཡིན་གྱི་དབང་པོ་འབྲིང་པོ་དང་རྟུལ་པོ་ལ་ནི་རང་གི་བློ་ཚོད་དང་སྦྱར་བའི་བསླབ་བྱ་དེ་དག་བསྲུངས་པས་བྱང་སེམས་ཀྱི་བསླབ་བྱ་ཉམས་པར་མི་འགྱུར་རོ། །སེམས་ཙམ་པ་ལྟུང་བ་འབྱུང་བས་སྡོམ་པ་གཏོང་བའི་ལུགས་སུ་གསལ་ཞེས་པ་ཡང་ཀུན་དཀྲིས་དྲག་པོས་རྩ་ལྟུང་བྱུང་བའི་དབང་དུ་བྱས་ཀྱི། ཀུན་དཀྲིས་འབྲིང་དང་ཆུང་ངུས་ཕམ་པའི་གནས་ལྟ་བུའི་ཆོས་སྤྱད་ཀྱང་སྡོམ་པ་མི་གཏོང་བར་འདོད་དེ། བྱང་ས་ལས། མདོར་བསྡུས་ན། རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང་། ཕམ་པའི་གནས་ལྟ་བུའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོའི་ཀུན་ནས་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་གང་གིས་སྨོན་པ་ཡང་མ་གཏང་ལ་ཕམ་པའི་གནས་ལྟ་བུའི་ཆོས་རྣམས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཡང་ཀུན་ཏུ་མ་སྤྱད་ན། ཚེ་རྗེས་སུ་ཟིན་ཀྱང་འོག་དང་སྟེང་དང་ཐད་ཀ་ཐམས་ཅད་དུ་སྐྱེས་པ་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་སྤོང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚེ་བརྗེས་ཏེ་བརྗེད་ན་ཡང་དགེ་བའི་བཤེས་གཉེན་བསྟེན་པ་ལ་བརྟེན་ནས་དྲན་པ་གསོ་བའི་ཕྱིར་ཡང་དང་ཡང་ནོད་པར་ཟད་ཀྱི་གསར་དུ་ཡང་དག་པར་ལེན་པ་ནི་མ་ཡིན་ནོ། །ཞེས་པ་དང་། ཕམ་པའི་གནས་ལྟ་བུ་བཞི་པོ་འདི་དག་ནི་ཀུན་ནས་དཀྲིས་པ་ཆུང་ངུ་དང་འབྲིང་གིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་བྱང་ཆུབ་ཀྱི་སེམས་གཏོང་བར་མི་འགྱུར་རོ། །ཀུན་ནས་དཀྲིས་པ་ཆེན་པོས་ནི་བཏང་བར་འགྱུར་ཏེ་ཞེས་གསུངས་སོ། །འོ་ན་ཀུན་དཀྲིས་ཆུང་ངུ་དང་འབྲིང་དང་ཆེན་པོའི་ཁྱད་པར་ཇི་ལྟ་བུ་ཞེ་ན། བྱང་ས་ལས། གང་གི་ཕྱིར་བྱང་ཆུབ་སེམས་དཔས་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག་རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་པ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཆུང་ངུ་ཡང་མི་སྐྱེད་པ་དང་། དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བར་བྱེད་པ་དང་། དེ་ཉིད་ལ་ཡོན་ཏན་ཏུ་ལྟ་བ་ཅན་དུ་གྱུར་པ་འདི་ནི་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ་ཞེས་གསུངས་ལ། ཡན་ལག་གསུམ་ཀ་ཚང་བ་ཆེན་པོ་བསྟན་པའི་ཤུགས་ལས་ཡན་ལག་གཉིས་ཙམ་ཚང་བ་འབྲིང་དང་། གཅིག་ཙམ་ཚང་བ་ཆུང་ངུར་ཤེས་པར་བྱའོ། །གནས་བརྟན་བྱང་བཟང་གི་སྡོམ་པ་ཉི་ཤུ་པའི་འགྲེལ་པར་གང་གི་ཚེ་སླར་ངོ་ཚ་དང་ཁྲེལ་ཅུང་ཟད་ཙམ་སྐྱེ་བ་དང་ཕ་རོལ་གྱིས་གསོལ་བ་བཏབ་པས་བཟློག་པ་དེ་ནི་འབྲིང་ལ་གནས་པའོ། །གང་གི་ཚེ་མྱུར་བ་ཉིད་དུ་ངོ་ཚ་བར་བྱེད་ཅིང་རང་ཉིད་ཀྱང་རུང་སྟེ་སྐད་ཅིག་གིས་བཟློག་པ་དེ་ནི་ཆུང་ངུ་ལ་གནས་པར་རིག་པར་བྱའོ་ཞེས་གསུངས་སོ། །མདོར་ན་དབུ་མ་ལུགས་ཀྱི་སེམས་བསྐྱེད་ལ་ནི་སྨོན་པའི་སེམས་མི་ཉམས་པར་བསྲུངས་ནས་འཇུག་པའི་བསླབ་བྱ་ལ་རང་གི་བློ་ཚོད་དང་སྦྱར་ནས་ཇི་ཙམ་ནུས་པ་བསྲུང་ཞིང་དུས་ཀྱང་ཞག་གཅིག་དང་། ཟླ་བ་དང་། ལོ་དང་། ཇི་སྲིད་འཚོའི་བར་དང་། བྱང་ཆུབ་ཀྱི་བར་ཇི་ཙམ་བློས་ལེན་པར་ནུས་པ་དེ་ཙམ་བླང་བར་རྗེ་བཙུན་རྩེ་མོས་བཤད་པ་ནི་ལུགས་འདིའི་ཁྱད་པར་གྱི་ཆོས་སུ་ཤེས་པར་བྱ་སྟེ། བསླབ་བཏུས་ལས། སྡོམ་པ་བདག་ཉིད་ཀྱིས་སྟོབས་དང་སྦྱར་ནས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་སངས་རྒྱས་བྱང་སེམས་ཐམས་ཅད་དང་བཅས་པའི་འཇིག་རྟེན་བསླུས་པར་འགྱུར་རོ་ཞེས་གསུངས་པའི་དགོངས་པར་སྣང་ངོ་། །སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ལ་ནི་སྨོན་སེམས་བཏང་བ་དང་། ཀུན་དཀྲིས་དྲག་པོས་ཕམ་པ་བྱུང་བས་སྡོམ་པ་བཏང་ཞིང་བསླབ་བྱ་ཡང་མཐའ་དག་ལ་སློབ་པ་དང་། དུས་ཀྱང་བྱང་ཆུབ་ཀྱི་བར་དུ་ལེན་པ་ཁོ་ན་གསུངས་ཀྱི་བསླབ་བྱ་སོ་སོར་ཕྱེ་བ་དང་། དུས་ཡུན་རིང་ཐུང་གི་རྣམ་གཞག་མ་གསུངས་པས་ལུགས་དེ་དག་མ་འདྲེས་པར་སོ་སོར་ཤེས་པར་བྱའོ། །གསུམ་པ་སྔགས་སྡོམ་གྱི་བསླབ་བྱ་ལ་བཞི་སྟེ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། བླ་མེད་རྒྱུད་ཀྱི་བསླབ་བྱ་དང་བཞི་ལས། དང་པོ་ལ་ཁ་ཅིག་ཙོང་་་་་་ན་རེ། བྱ་སྤྱོད་གཉིས་ལ་ཕ་རོལ་ཏུ་ཕྱིན་པའི་སྨོན་འཇུག་གི་སེམས་བསྐྱེད་བླངས་ནས་བསྲུངས་པ་མ་གཏོགས་དམ་ཚིག་དང་སྡོམ་པ་བསྲུང་རྒྱུ་གཞན་མེད་དོ་ཞེས་པ་ནི་རྣམ་པར་འཁྱམས་པ་སྟེ། དེ་ལྟར་ན་བྱ་སྤྱོད་གཉིས་ཀྱི་སྨིན་བྱེད་ཀྱི་དབང་ལ་བརྟེན་ནས་སྔགས་ཀྱི་དམ་ཚིག་དང་སྡོམ་པ་མི་ཐོབ་པར་འགྱུར་ཞིང་། འདོད་ན་རྒྱུད་སྡེ་གོང་མ་གཉིས་ཀྱི་སྨིན་བྱེད་ཀྱི་དབང་ལ་བརྟེན་ནས་ཀྱང་སྔགས་ཀྱི་དམ་ཚིག་དང་སྡོམ་པ་མི་ཐོབ་པར་འགྱུར་བས་ལུགས་འདི་ནི་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས་ཐོས་པར་གྱུར་ན་ཡང་རྣ་བ་དགབ་པར་བྱའོ། །ཡང་བུ་་་་་་ཁ་ཅིག ཇོ་བོ་རྗེས་མཛད་པར་གྲགས་པའི་དམ་ཚིག་བསྡུས་པ་ལས། ཐུན་མོང་གི་རྩ་བའི་ལྟུང་བ་བཞི་དང་། ཕ་རོལ་ཏུ་ཕྱིན་པའི་རྩ་བའི་ལྟུང་བ་བཅུ་གཉིས་དང་། ཀྲི་ཡའི་རྒྱུད་ཀྱི་རྩ་བའི་ལྟུང་བ་སུམ་ཅུ་དང་། སྤྱོད་པའི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་དང་། རྣལ་འབྱོར་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་དང་། ཡང་བཞི་དང་ཡང་བཞི་སྟེ་རྩ་བའི་ལྟུང་བ་བདུན་ཅུ་ཐམ་པའོ། །ཞེས་གསུངས་པའི་ཀྲི་ཡའི་རྒྱུད་ཀྱི་རྩ་ལྟུང་སུམ་ཅུ་ནི་ལེགས་གྲུབ་ནས་གསུངས་པའི་རིག་སྔགས་ཀྱི་འདུལ་བ་སྔ་ཕྱི་རྣམས་ཡིན་ནམ་དཔྱད་པར་བྱའོ། །ཞེས་ཟེར་རོ། །དེ་ནི་མི་འཐད་དེ། དམ་ཚིག་བསྡུས་པ་ནི་ཇོ་བོས་མ་མཛད་པར་མཁས་པ་རྣམས་ལ་གྲགས་ཞིང་། དེ་ནས་བཤད་པའི་རང་ལུགས་ཀྱི་གྲངས་ངེས་པ་ལ་ངེས་པ་མི་སྣང་ལ། ལེགས་གྲུབ་ནས་བཤད་པའི་རིག་སྔགས་ཀྱི་འདུལ་བ་སྔ་ཕྱི་རྣམས་ལ་གྲངས་བརྒྱད་ཅུ་ཙམ་སྣང་ཞིང་། དེ་དག་རྩ་ལྟུང་དུ་བྱས་ན་ཧ་ཅང་ཐལ་བའི་ཕྱིར་རོ་ཞེས་བདག་གི་བླ་མ་གསུང་ངོ་། །འོ་ན་བྱ་རྒྱུད་ཀྱི་བསྲུང་བྱའི་དམ་ཚིག་རྣམས་གང་ཞེ་ན། གསང་བ་སྤྱི་རྒྱུད་ལས། དེ་ནས་བླ་མས་སློབ་མ་རྣམས། །མ་ཡེངས་ལེགས་པར་བཀོད་ནས་སུ། །ཤེས་རབ་ཕ་རོལ་ཕྱིན་བླངས་ཏེ། །དམ་ཚིག་འདི་དག་བསྒོ་བར་བྱ། །དེ་རིང་ཕན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །རིག་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པས་རབ་ཏུ་བརྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ནི་བཀུར་བར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་བྱ། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རྟག་ཏུ་བརྟན་པ་ཉེ་བར་བཞག །ཐེག་པ་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གི་རྟོགས་པར་བྱ། །ཞེས་གསུངས་པ་རྣམས་ཡིན་ལ་འདིའི་དོན་ལ་སྤྱིའི་དམ་ཚིག་གསུམ་ཁྱད་པར་གྱི་དམ་ཚིག་བཅུ་གསུམ་དུ་ཕྱེ་ནས་བདག་གི་བླ་མས་བྱ་རྒྱུད་སྤྱིའི་རྣམ་གཞག་ལེགས་པར་བཤད་པའི་རྒྱ་མཚོར་རྒྱས་པར་ཡོད་པས་དེར་བལྟ་བར་བྱའོ། །གཉིས་པ་སྤྱོད་རྒྱུད་ཀྱི་བསླབ་བྱ་ནི་རྣམ་སྣང་མངོན་བྱང་ལས། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །སྔོཾན་དུ་བཏང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང་། །སེམས་ཅན་གནོད་པ་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱིས། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཅེས་གསུངས་པ་རྣམས་སོ། །གསུམ་པ་རྣལ་འབྱོར་རྒྱུད་ཀྱི་བསླབ་བྱ་ལ། ཁ་ཅིག་ན་རེ། རྡོ་རྗེ་རྩེ་མོར། དེ་ལས་གཞན་ཡང་བཅུ་བཞི་ནི། །ཞེས་པས་རྣལ་འབྱོར་བླ་མེད་ནས་བཤད་པའི་རྩ་ལྟུང་བཅུ་བཞི་ལ་འདོད་དགོས་ཏེ། སྦྱོང་རྒྱུད་དུ། རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས། །སློབ་དཔོན་ལ་ནི་བརྙས་མི་བྱ། །ཞེས་རྩ་ལྟུང་དང་པོ་དང་། རྡོ་རྗེ་སྤུན་དང་ཞེས་གསུམ་པ་དང་། སྲིང་མོ་དང་། རྡོ་རྗེ་མ་རྣམས་ཉིད་ལ་ཡང་། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །ཞེས་བཅུ་བཞི་པ་བསྟན་ཅིང་། ཀ་མ་དྷེ་ནུའི་སྦྱོང་རྒྱུད་ཀྱི་འགྲེལ་པར་ཡང་རྩ་ལྟུང་བཅུ་བཞིར་བཤད་པའི་ཕྱིར་དང་། རྣལ་འབྱོར་བླ་མེད་དང་ཡོ་ག་གཉིས་ལ་ཁས་བླང་རྒྱུའམ་བཟུང་རྒྱུའི་སྡོམ་པ་རིགས་ལྔའི་སྡོམ་བཟུང་གཅིག་པུ་ལས་མེད་པས་བསྲུང་བྱའི་དམ་ཚིག་ཀྱང་རྩ་ལྟུང་བཅུ་བཞི་སྲུང་བར་གཅིག་དགོས་པའི་ཕྱིར་རོ། །ཞེས་ཟེར་རོ་དེ་ནི་མི་འཐད་དེ། སྲིང་མོ་དང་རྡོ་རྗེ་མ་ལ་བརྙས་པ་རྩ་ལྟུང་དུ་འཇོག་ན་གསུམ་པར་འཇོག་དགོས་ཀྱི་བཅུ་བཞི་པར་འཇོག་པ་ནི་རྩ་ལྟུང་བཅུ་བཞི་པའི་དོན་ངོས་མ་ཟིན་པའི་ཕྱིར་དང་། ཀ་མ་དྷེ་ནུས་རྩ་ལྟུང་བཅུ་བཞི་བཤད་པ་ནི་སྤྱོད་རྒྱུད་བླ་མེད་དུ་འགྲེལ་པའི་ལུགས་ཡིན་པས་ཡོ་ག་ལ་རྩ་ལྟུང་བཅུ་བཞི་ཡོད་པའི་ཤེས་བྱེད་དུ་མ་འབྲེལ་བའི་ཕྱིར་རོ། །ཡང་བཅུ་གསུམ་པ་བླ་མེད་ལ་ཚོགས་རྫས་སྟོབ་པ་སྤོང་ན་རྩ་ལྟུང་དུ་འགྱུར་བ་དང་། ཡོ་ག་ལ་དམ་ཚིག་གི་རྡོ་རྗེ་དྲིལ་བུ་སྤངས་ན་རྩ་ལྟུང་དུ་འགྱུར་བའི་ཁྱད་པར་འདོད་པ་ནི་བསྲུང་བྱའི་དམ་ཚིག་ཁྱད་པར་མེད་པར་འདོད་པ་དང་འགལ་ལོ། །གཞན་ཡང་རྩ་ལྟུང་གསུམ་པ་མངལ་སྒོ་མི་གཅིག་ན་རྡོ་རྗེ་སྤུན་གྱི་དོན་མི་གནས་པར་འདོད་པ་དང་ཡོ་ག་ལ་རྩ་ལྟུང་བཅུ་བཞིར་འདོད་པ་ཡང་འགལ་ཏེ་ཡོ་གའི་དབང་བསྐུར་ལ་མངལ་སྒོ་གཅིག་པའི་དོན་བཤད་དུ་མེད་པའི་ཕྱིར་རོ། །དེ་ལྟར་མི་འཐད་པའི་ཕྱོགས་བཀག་ནས་རྒྱུད་འགྲེལ་རྣམ་པར་དག་པ་ལས་བྱུང་བ་བླ་མ་དམ་པའི་གསུང་གིས་བརྒྱན་པ་བཤད་པར་བྱ་སྟེ། སྤྱིར་ཡོ་གའི་དམ་ཚིག་ལ་ཁས་བླངས་ཀྱིས་ཐོབ་པ་དང་། ཆོ་གས་ཐོབ་པ་གཉིས་ལས། དང་པོ་ནི་རྡོ་རྗེ་རྩེ་མོའི་སྡོམ་པ་བསྒྲག་བཟུང་གི་སྐབས་ནས་བསྟན་པ་རྣམས་ཏེ་བཟུང་བའི་རིམ་པ་ལྟར་བཤད་ན་རིགས་ལྔ་སྤྱིའི་དམ་ཚིག་དང་། སོ་སོའི་དམ་ཚིག་དང་། སྡོམ་པ་མདོར་བསྡུས་ཏེ་བསྲུང་བ་གསུམ་ལས། དང་པོ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། སྨོན་པ་དང་འཇུག་པའི་བསླབ་བྱ་རྣམས་བསྲུང་བའོ། །འདི་ལ་སྡོམ་པ་བསྒྲགས་པའི་སྐབས་སུ་རིགས་ལྔ་སོ་སོའི་དམ་ཚིག་གི་རྗེས་ལ། དེ་ལས་གཞན་ཡང་བཅུ་བཞི་ནི། །ཞེས་སོགས་ཚིགས་བཅད་གཅིག་གསུངས་ཏེ། དེ་ལ་ཕས་ཕམ་པ་བཅུ་བཞི་ནི་དབུ་མ་ལུགས་ཀྱི་རྩ་ལྟུང་བཅུ་བཞི་ཡིན་པར་བདག་གི་བླ་མ་བཞེད་ཅིང་། རྗེ་བཙུན་རྩེ་མོས་སཾ་བུ་ཊིའི་འགྲེལ་པར་དེ་བཞིན་དུ་བཤད་པས་རྩ་ལྟུང་བཅུ་བཞི་སྤོང་བ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་སོགས་གསུམ་གྱི་ཁོངས་སུ་འདུས་པས་རྨད་དུ་བྱུང་བའི་སྲོལ་དུ་སྣང་ངོ་། །གཉིས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཞེས་སོགས་ཚིགས་བཅད་ལྔ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ལ་དཀོན་མཆོག་གསུམ་སྐྱབས་སུ་བཟུང་བ་སྟེ་གསུམ། རྡོ་རྗེའི་རིགས་ལ་རྡོ་རྗེ་དྲིལ་བུ། ཕྱག་རྒྱ། སློབ་དཔོན་བཟུང་བ་སྟེ་བཞི། རིན་ཆེན་རིགས་ལ་ཟང་ཟིང་། མི་འཇིགས་པ། ཆོས། བྱམས་པའི་སྦྱིན་པ་དུས་དྲུག་ཏུ་གཏོང་བ་སྟེ་བཞི། པདྨའི་རིགས་ལ་དམ་ཆོས་མ་ལུས་པར་བཟུང་བ་སྟེ་གཅིག ལས་ཀྱི་རིགས་ལ་སྔར་གྱི་རྣམས་ཅི་ནུས་སུ་བསྲུང་བ་དང་། མཆོད་པའི་ལས་ཅི་ནུས་བྱེད་པ་གཉིས་ཏེ་བཅུ་བཞིའོ། །གསུམ་པ་ནི། བྱང་ཆུབ་སེམས་ནི་བླ་མེད་མཆོག །ཞེས་སོགས་ཚིགས་བཅད་གཅིག་སྟེ། ཚིག་རྐང་དང་པོ་གཉིས་ཀྱིས་རིགས་ལྔ་སྤྱིའི་དམ་ཚིག་མདོར་བསྡུས་ཏེ་བཟུང་ཞིང་། ཕྱི་མ་གཉིས་ཀྱིས་སོ་སོའི་དམ་ཚིག་མདོར་བསྡུས་ཏེ་བཟུང་བའོ། །གཞན་ཡང་ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ་ལ་སོགས་པ་དམ་ཚིག་དང་སྡོམ་པ་མ་ལུས་པ་མདོར་བསྡུས་ཏེ་བཟུང་བའོ། །གཉིས་པ་ཆོ་གས་ཐོབ་པ་ནི། དཔལ་མཆོག་ལས། དམ་ཚིག་སྡོམ་པ་གྲུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་བརྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཕྱག་ན་རྡོ་རྗེ་གང་ཡིན་པ། །དམ་པའི་ཆོས་ནི་མི་སྤོང་ཞིང་། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ལ་སྨོད་པར་མི་བྱའོ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བར་བཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །ཞེས་དང་། རྡོ་རྗེ་འབྱུང་བ་ནས། དེ་ནས་ཁྱོད་ཀྱིས་གཞན་ཕྱག་རྒྱ་ལ་མི་མཁས་པ་གང་ལ་ཡང་ཕྱག་རྒྱ་ཙམ་སྟོན་པར་མ་བྱེད་ཅིག དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་སེམས་ཅན་རྣམས་ཀྱིས་དཀྱིལ་འཁོར་མ་མཐོང་བར་སེམས་མའི་ཕྱག་རྒྱ་བཅིངས་པ་ལ་སྦྱོར་བར་བྱེད་ཀྱང་དེ་རྣམས་ཀྱིས་དངོས་གྲུབ་ཇི་ལྟ་བ་བཞིན་ཐོབ་པར་མི་འགྱུར་བ་དང་། དེ་ནས་སོམ་ཉི་ཟ་བར་གྱུར་པས་ཡ་ང་བ་མ་སྤངས་པར་མྱུར་བ་ཉིད་དུ་དུས་བྱས་ནས་སེམས་ཅན་དམྱལ་བ་མནར་མེད་པར་ལྟུང་བར་འགྱུར་ལ། རྒྱུ་དེས་ཁྱོད་ཀྱང་ངན་འགྲོར་ལྟུང་བར་འགྱུར་ལ་ཞེས་བརྗོད་པར་བྱའོ། །ཞེས་དབང་བསྐུར་ཟིན་པའི་རྗེས་སུ་བརྗོད་པར་བཤད་པས་གསང་སྒྲོགས་བསྲུང་བ་དང་བཅུ་གཅིག་ཙམ་ཡིན་ནོ། །འདི་དག་གི་དོན་ལ་རེ་རེ་ཡང་རྟེན་དང་། ཡུལ་དང་། བསམ་པ་དང་། དུས་སྐབས་དང་། ངོ་བོ་ཉིད་ཀྱི་ཡན་ལག་ལྔ་ལྔའི་སྒོ་ནས་ཤེས་དགོས་པ་ལས་འདིར་གཞུང་གི་སྟེང་དུ་ངོ་བོ་ཉིད་ཀྱི་ཡན་ལག་ཙམ་བཤད་ན་ལྟུང་བ་དང་པོ་གཉིས་ནི་བྱང་ཆུབ་སེམས་ནི་བཏང་མི་བྱ་ཞེས་པས་སྟོན་ཏེ། དེ་ཡང་བླ་མེད་ཀྱི་དཀྱིལ་ཆོག་རྣམས་ལས་བྱང་ཆུབ་ཀྱི་སེམས་མི་བཏང་བའི་ཤེས་བྱེད་དུ་གང་ཞིག་ཞེས་སོགས་ཀྱི་ཚིག་རྐང་གཉིས་འདྲེན་པ་ཡོད་མོད་ཀྱང་གྲུབ་ཆེན་ཀུན་དགའ་སྙིང་པོའི་དཔལ་མཆོག་གི་འགྲེལ་པ་ལས་བྱུང་བ་ལྟར་བཤད་ན་སྨོན་པ་བྱང་ཆུབ་ཀྱི་སེམས་བཏང་བ་ནི་རྩ་བའི་ལྟུང་བ་དང་པོའོ། །འཇུག་པ་བྱང་ཆུབ་ཀྱི་སེམས་བཏང་བ་སྟེ་བྱང་ས་དང་བསླབ་བཏུས་སོགས་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ལས་བཤད་པའི་མགོ་དང་རྐང་ལག་གཏོང་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་འདི་དག་གིས་ཅི་ཞིག་བྱ་ཞེས་སེམས་ཀྱིས་འཐིང་སླད་བྱེད་པའི་སྒོ་ནས་སྤོང་ན་རྩ་ལྟུང་གཉིས་པའོ། །འཇུག་པའི་ཉམས་ལེན་སྤོང་བ་ནི་མ་ཡིན་ཏེ། དེ་ལྟ་ན་ལྟུང་བ་ཐམས་ཅད་གཉིས་པའི་ནང་དུ་འདུས་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི་ཕྱག་ན་ཞེས་སོགས་ཏེ་སྙིང་ཁར་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ནས་ཐམས་ཅད་རྣལ་འབྱོར་དུ་བསྐྱེད་པ་དེ་སྤངས་ན་རྩ་བའི་ལྟུང་བའོ། །དེའི་ཤེས་བྱེད་དུ་གང་ཞིག་ཞེས་སོགས་ཀྱི་ཚིག་རྐང་གཉིས་གསུངས་སོ། །བཞི་པ་ནི་དམ་པའི་ཞེས་སོགས་ཏེ། ཐེག་པ་གསུམ་གྱིས་བསྡུས་པའི་དམ་ཆོས་རྣམས་ལ་འདི་དག་ནི་རྒྱལ་བའི་བཀའ་མ་ཡིན། སྟོན་པའི་བསྟན་པ་མ་ཡིན་ཞེས་སོགས་སེམས་ཀྱིས་འཐིང་སླད་བྱེད་པའི་སྒོ་ནས་སྤངས་ན་རྩ་བའི་ལྟུང་བའོ། །ལྔ་པ་ནི་ནམ་ཡང་ཞེས་སོགས་ཏེ། འདི་དག་བཀའ་མ་ཡིན་ནོ་ཞེས་མི་ཟེར་ཀྱང་འདི་དག་གིས་བདག་ལ་དགོས་པ་མེད་དོ་ཞེས་ངག་གིས་སྤོང་བ་དང་། དམ་ཆོས་གླེགས་བམ་འཚོང་བ་དང་གཏེང་པར་འཇུག་པ་སོགས་ལུས་ཀྱི་སྒོ་ནས་སྤོང་ན་རྩ་བའི་ལྟུང་བའོ། །དྲུག་པ་ནི་མི་ཤེས་ཞེས་སོགས་ཏེ། དང་པོ་ནི་ཐོས་བྱུང་གི་ཤེས་རབ་ཀྱིས་མ་བཙལ་བས་མི་ཤེས། བར་དུ་བསམ་བྱུང་གི་ཤེས་རབ་ཀྱིས་མ་དཔྱད་པས་རྨོངས་པའི་དབང་གིས་གྲུབ་མཐའ་བཞི་པོ་རྣམས་ལ་འདི་དག་ནི་དགོས་པ་མེད་དོ། །ཞེས་སེམས་ཀྱིས་འཐིང་སླད་བྱེད་པའི་སྒོ་ནས་སྨོད་ན་རྩ་བའི་ལྟུང་བའོ། །དེ་ལ་དང་པོ་གཉིས་ནི་རྗོད་བྱེད་སྤོང་བ་ཡིན་ཅིང་། གསུམ་པ་ནི་ཉམས་ལེན་སྤོང་བའོ། །བདུན་པ་ནི་རང་གི་ཞེས་སོགས་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཕྱིན་ཆད་ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པ་དུམ་བུ་བཞིའི་ལྷའི་རྣལ་འབྱོར་བཞིན་དུ་བྱིན་གྱིས་བརླབས་པ་ཡིན་པས་དཀའ་ཐུབ་བཅོ་བརྒྱད་སོགས་ཀྱིས་གདུང་བར་བྱེད་ན་རྩ་བའི་ལྟུང་བའོ། །དེའི་ཤེས་བྱེད་ནི་འདི་ནི་མ་འོངས་རྫོགས་སངས་རྒྱས། །ཞེས་པའོ། །བརྒྱད་པ་ནི་རྡོ་རྗེ་དྲིལ་བུ་ནམ་ཡང་དོར་བར་མི་བྱ་ཞེས་པ་སྟེ། དམ་ཚིག་གི་རྡོ་རྗེ་དྲིལ་བུ་འདི་དག་ནི་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་དགོས་པ་མེད་དོ་ཞེས་སེམས་ཀྱིས་འཐིང་སླད་བྱེད་པའི་སྒོ་ནས་སྨོད་ན་རྩ་བའི་ལྟུང་བའོ། །རིགས་གཉིས་པའི་དམ་ཚིག་དང་ཟློས་པའི་སྐྱོན་མེད་དེ། དེ་དག་ནི་ཞག་བདུན་དུ་འབྲལ་བར་མི་བྱ་བར་བསླབ་པ་ཡིན་པའི་ཕྱིར་རོ། །དགུ་པ་ནི་ཕྱག་རྒྱ་ནམ་ཡང་འདོར་བར་མི་བྱ་ཞེས་པ་སྟེ། ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པ་ཕྱག་རྒྱ་བཞིའི་རང་བཞིན་དུ་བྱིན་གྱིས་བརླབས་པ་སྟེ་སྤངས་ན་རྩ་བའི་ལྟུང་བའོ། །བཅུ་པ་ནི་སློབ་དཔོན་ཞེས་སོགས་ཏེ་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། རྒྱུད་བཤད་པ་དང་། དམ་ཚིག་བཤད་པ་དང་། མན་ངག་སྦྱིན་པའི་རྡོ་རྗེ་སློབ་དཔོན་འདི་དག་ནི་ཚུལ་ཁྲིམས་དང་མི་ལྡན་ནོ། །ཞེས་སོགས་ཀྱི་སྒོ་ནས་སྨོད་ན་རྩ་བའི་ལྟུང་བའོ། །དེའི་ཤེས་བྱེད་དུ། འདི་ནི་སངས་རྒྱས་ཀུན་དང་མཉམ་ཞེས་གསུངས་སོ། །བཅུ་གཅིག་པ་ནི་དབང་གིས་རྒྱུད་མ་སྨིན་པའི་གང་ཟག་ལ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བསྟན་པ་ལྟ་བུ་རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན་བཤད་ན་རྩ་བའི་ལྟུང་བའོ། །འདི་དག་ནི་ངོ་བོ་ཉིད་ཀྱི་ཡན་ལག་ཙམ་ཞིག་བླ་མའི་གསུང་བཞིན་བྲིས་པ་ཡིན་ལ། ཡན་ལག་གཞན་བཞི་ཞིབ་པར་ངག་ལས་ཤེས་པར་བྱའོ། །བཞི་པ་རྣལ་འབྱོར་བླ་མེད་ཀྱི་བསླབ་བྱ་ནི། སྤྱིར་རྒྱུད་སྡེ་སོ་སོའི་དགོངས་པ་བདེ་མཆོག་ཏུ་དམ་ཚིག་ཉི་ཤུ་རྩ་གཉིས་བཤད་པ་དང་། གསང་བ་འདུས་པ་ལས། དེ་བཞིན་གཤེགས་པ་རིགས་ལྔའི་དམ་ཚིག་ཏུ་ཤ་ལྔ་བསྟེན་པ་སོགས་བཤད་པ་དང་། རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས་དབང་བཞི་ལ་དམ་ཚིག་ཉི་ཤུ་གསུངས་པ་སོགས་ཐུན་མོང་མ་ཡིན་པ་མང་དུ་ཡོད་མོད་ཀྱང་རྣལ་འབྱོར་བླ་མེད་ཀུན་མཐུན་པར་བུམ་དབང་གི་བསྲུང་བྱའི་དམ་ཚིག་ནི་རྩ་བའི་ལྟུང་བ་བཅུ་བཞི་དང་། ཡན་ལག་གི་ལྟུང་བ་བརྒྱད་བསྲུང་བ་ཡིན་ལ་རྩ་བའི་ལྟུང་བ་བཅུ་བཞི་པོ་འདི་ནི་ཚིག་ཅུང་ཟད་མི་འདྲ་ཡང་དོན་ཁྱད་པར་མེད་པར་དམ་པ་དང་པོའི་རྒྱུད་དང་། དགྲ་ནག་གི་རྒྱུད་དང་། རྡོ་རྗེ་གུར་གྱི་རྒྱུད་གསུམ་ཆར་ལས་འབྱུང་ལ། དེང་སང་གི་རྩ་ལྟུང་བཅུ་བཞི་པའི་གཞུང་འདི་ནི་གསང་བ་འདུས་པའི་རྒྱུད་འབུམ་པ་ན་བཞུགས་པ་གྲུབ་པའི་སློབ་དཔོན་རྣམས་ཀྱིས་ཟུར་དུ་ཕྱུང་བ་ཡིན་ནོ། །དེ་ཡང་རྣལ་འབྱོར་དབང་ཕྱུག་གི་བརྒྱུད་པ་འཛིན་པ་རྣམས་ཀྱིས་ནི་བིརྺ་པས་ཕྱུང་བར་བཞེད་ལ། ཁ་ཅིག་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་ཕྱུང་བར་བཞེད་ཅིང་། འགའ་ཞིག་ནི་བྷ་བ་ལྷས་ཕྱུང་ངོ་ཞེས་གསུང་མོད། གང་ལྟར་ཡང་འགལ་བ་མེད་དེ། བཀའ་ལས་ཕྱུང་བའི་བསྟན་བཅོས་ཡིན་པའི་ཕྱིར་རོ། །འདིའི་འགྲེལ་པ་ལ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པར་གྲགས་པའི་རྒྱ་ཆེར་འགྲེལ་པ་དང་། ཀུན་དགའ་སྙིང་པོས་མཛད་དོ་ཞེས་ཟེར་བའི་འགྲེལ་པ་ཆུང་བ་དང་། ལྕམ་ལེགས་སྨིས་མཛད་དོ་ཞེས་ཟེར་བའི་འགྲེལ་པ་ཆུང་བ་དང་། ཁ་ཆེ་ལེགས་སྨིས་མཛད་པར་བྱེད་པའི་དམ་ཚིག་གི་འགྲེལ་པ་ཉུང་ངུ་ཞེས་བྱ་བ་སྟེ། ཚིག་དང་དོན་གྱི་འགྲེལ་པ་རྣམས་དང་། དོན་གྱི་འགྲེལ་པ་ཡིན་ནོ་ཞེས་ཟེར་བ་དམ་ཚིག་བསྡུས་པ་ཞེས་བྱ་བ་དང་། སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་ཟེར་བའི་དམ་ཚིག་ཐམས་ཅད་ཀྱི་གསང་བའི་མཛོད་ཅེས་བྱ་བ་དང་། སློབ་དཔོན་སྙིང་པོའི་ཞབས་ཀྱིས་མཛད་ཟེར་བ་རྡོ་རྗེ་ཐེག་པའི་ལྟུང་བའི་རྒྱ་ཆེན་འགྲེལ་པ་ཞེས་བྱ་བ་དང་དོན་འགྲེལ་གསུམ་སྟེ་གཞུང་དང་དོན་གྱི་འགྲེལ་པ་བདུན་པོ་དག་ལ་ལྟུང་བའི་ངོ་བོ་ལ་ལོག་པར་རྟོག་པ་བརྒྱད། བཤགས་ཚད་ལ་ལོག་པར་རྟོག་པ་དྲུག་ཡོད་པ་ལས་དང་པོ་ནི་རྩ་བ་དང་འགལ་བ་དང་། གཞུང་གཞན་དང་འགལ་བ་དང་། ཧ་ཅང་ཐལ་བ་དང་། འགྲེལ་ཆེན་རང་གི་ཚིག་དང་འགལ་བ་དང་བཞིའི་སྒོ་ནས་སུན་ཕྱུང་ཞིང་། གཉིས་པ་ནི་གཞུང་གི་དོན་དང་འགལ་བ་དང་། གཞུང་གཞན་དང་འགལ་བ་གཉིས་ཀྱིས་སུན་ཕྱུང་ནས་དེས་ན་འགྲེལ་པ་དེ་དག་ནི་ལོག་པར་སྨྲ་བ་འབའ་ཞིག་ཡིན་པས་མཛད་དོ་ཞེས་བྱ་བའི་སློབ་དཔོན་ཆེན་པོ་དག་གིས་ཀྱང་མ་མཛད་པ་ཉིད་དུ་རིག་པར་བྱའོ། །ཞེས་རྩ་ལྟུང་འཁྲུལ་སྤོང་ལས་རྒྱས་པར་གསུངས་སོ། །ཕྱིས་ཀྱི་བོད་ཀྱི་བླ་མ་དག་གི་གཞུང་འདི་ལ་འགྲེལ་པ་ཆེན་པོ་མཛད་པ་ཡོད་ཀྱང་། རྒྱུད་འགྲེལ་རྣམ་དག་དང་མི་མཐུན་ཅིང་། ལྟུང་བ་འགའ་ཞིག་ཇི་ལྟར་འབད་ཀྱང་བསྲུང་མི་ནུས་པ་དང་། འགའ་ཞིག་མ་བསྲུང་ཀྱང་འབྱུང་མི་སྲིད་པ་སོགས་སྐབས་དོན་མ་ཡིན་པ་དུ་མ་ཡོད་པ་རྣམས་ནི་བླ་མའི་གསུང་ལ་བརྟེན་ནས་ཁོ་བོས་ཀྱང་གཏན་ལ་འབེབས་པར་ནུས་སོ། །འོ་ན་གཞུང་འདིའི་སྟེང་དུ་བསྲུང་མཚམས་ཀྱི་རྣམ་པར་བཞག་པ་ཇི་ལྟར་རྟོགས་པར་བྱ་ཞེ་ན་རྒྱུད་སྡེའི་དོན་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་དབང་ཕྱུག་བིརྺ་པའི་མན་ངག་སྙན་ནས་སྙན་དུ་བརྒྱུད་པ་རྗེ་བཙུན་འཁྲུལ་པ་ཟད་པའི་བླ་མ་གྲགས་པ་རྒྱལ་མཚན་གྱིས་རྩ་ལྟུང་འཁྲུལ་སྤོང་དུ་བཀོད་པ་ལས་ཤེས་པར་བྱའོ། །གཉིས་པ་བསླབ་བྱ་ཕན་ཚུན་ནང་འགལ་ན་ཇི་ལྟར་བསྒྲུབ་པའི་ཚུལ་ནི་སྡོམ་པ་གསུམ་རིམ་ཅན་དུ་བླངས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཞིག་གིས་སྐབས་འགའ་ཞིག་ཏུ་སྡོམ་པ་གོང་འོག་ལ་ལྟོས་པའི་བསླབ་བྱ་རྣམས་ཕན་ཚུན་འགལ་བར་གྱུར་ན་གང་གི་དབང་དུ་བྱས་ནས་སྤྱད་སྙམ་ན། ས་པཎ་གྱིས་བཀའ་གདམས་དོ་ཀོར་བའི་དྲིས་ལན་ལས། སྡོམ་གསུམ་ལྡན་པའི་གང་ཟག་གིས། །བསླབ་བྱ་ཕན་ཚུན་ནང་འགལ་ཚེ། །དགག་བྱ་དང་ནི་དགོས་པ་གཉིས། །གཙོ་བོ་གང་ཆེའི་དབང་དུ་ཐོང་། །ཞེས་གསུངས་ལ། འཕགས་པའི་དྲིས་ལན་འགའ་ཞིག་ལས། སྡོམ་པ་གོང་མ་གོང་མའི་དབང་དུ་བྱས་ནས་སྤྱད་པར་གསུངས་པ་ཡང་ཡོད་དོ། །དོན་ནི་འདི་ཡིན་ཏེ། གོང་འོག་རྩ་བར་མཉམ་པའི་ཡན་ལག་ཏུ་མཉམ་པ་ལྟ་བུ་བསླབ་བྱ་མཉམ་པ་དང་། འོག་མའི་ཡན་ལག་དང་གོང་མའི་རྩ་བ་འགལ་བའི་ཚེ་རྣམ་པ་ཐམས་ཅད་དུ་གོང་མའི་དབང་དུ་བྱས་ནས་བསྲུང་དགོས་ཏེ། དེའི་རྒྱུད་ཀྱི་སྡོམ་པ་འོག་མ་ཐམས་ཅད་གནས་གྱུར་ནས་གོང་མའི་ངོ་བོར་ཡོད་པའི་ཕྱིར་དང་། དེའི་བསྲུང་བྱའི་གཙོ་བོ་ནི་གོང་མ་ཡིན་པའི་ཕྱིར་རོ། །འདི་ལ་དགོངས་ནས་འཕགས་པས་གོང་མའི་དབང་དུ་བྱས་ནས་སྤྱད་པར་གསུངས་སོ། །འོན་ཀྱང་ལས་དང་པོ་པའི་ཚེ་སེམས་ཅན་གྱི་དོན་དུ་འགྱུར་བའི་དགག་དགོས་ཁྱད་པར་ཅན་མེད་པར་གོང་མའི་ཡན་ལག་འགའ་ཞིག་དང་། འོག་མའི་རྩ་བ་ལྟ་བུ་འགལ་བའི་ཚེ་འོག་མའི་དབང་དུ་བྱས་ནས་བསྲུང་དགོས་པ་ཡང་ཡོད་དེ། སྤྱོད་འཇུག་ལས། ཆུང་ངུའི་ཕྱིར་ནི་ཆེ་མི་གཏང་། །གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་པ་དང་། འདི་ལྟར་སྦྱིན་པའི་དུས་དག་ཏུ། །ཚུལ་ཁྲིམས་བཏང་སྙོམས་བྱ་བར་གསུངས། །ཞེས་བཤད་པ་ལྟར་རོ། །འདི་ལ་དགོངས་ནས་ས་པཎ་གྱིས་དགག་བྱ་དང་དགོས་པ་གང་ཆེ་བའི་དབང་དུ་གཏང་བར་གསུངས་སོ། །བཞི་པ་ཉམས་པ་ཕྱིར་བཅོས་པའི་ཆོ་ག་ལ་གསུམ་སྟེ། སོ་ཐར་གྱི་སྡོམ་པ་དང་། བྱང་སེམས་ཀྱི་སྡོམ་པ་དང་། སྔགས་ཀྱི་སྡོམ་པ་ཕྱིར་བཅོས་པའི་ཚུལ་ལོ། །དང་པོ་ནི། དགེ་བསྙེན་གྱི་བསླབ་པ་ལ་མི་གསོད་པ་སོགས་བཞི་བྱུང་ན་སྡོམ་པ་གཏོང་བས་བསྐྱར་ནས་བླང་། མི་མ་ཡིན་གསོད་པ་སོགས་ལྔ་བྱུང་ན། སྡོམ་ལྡན་གཅིག་གི་མདུན་དུ་བཤགས་ཞེས་བོད་ཀྱི་བླ་མ་དག་གསུང་མོད་ཀྱི། དེ་ལས་གཞན་བཤད་པ་མ་མཐོང་ངོ་། །དགེ་ཚུལ་ལ་ནི་ཕམ་འདྲའི་ཉེས་བྱས་འཆབ་བཅས་བྱུང་ན་གསོར་མི་རུང་ལ། འཆབ་མེད་ལ་ནི་བསླབ་པ་སྦྱིན་པ་འོད་ལྡན་ལས་བཤད་ཅིང་བཤགས་བྱའི་ཉེས་བྱས་རྣམས་ནི་ཚུལ་བཞིན་བཤགས་པ་དང་། བསྡམ་བྱའི་ཉེས་བྱས་རྣམས་ནི་ཡིད་ཀྱིས་སྡོམ་པས་འདག་པར་བྱའོ། །དགེ་སློང་ལ་ནི་ཕམ་པ་འཆབ་བཅས་གསོར་མི་རུང་ལ། འཆབ་མེད་ལ་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་བསླབ་པ་བྱིན་ནས་དེའི་དམ་ཚིག་སྤྱད་པས་སོར་ཆུད་པར་གསུངས་སོ། །ལྷག་མ་འཆབ་བཅས་བྱུང་ན་བཅབ་ཉེས་འདག་པའི་ཕྱིར་དུ་ཇི་སྲིད་བཅབ་པ་དེ་སྲིད་དུ་སྤོ་བ་སྤྱད་པ་དང་། དེ་ནས་ལྷག་མའི་ལྟུང་བ་འདག་པའི་ཆེད་དུ་དགེ་སློང་ཕ་མའི་བྱེ་བྲག་གིས་ཞག་དྲུག་དང་། ཟླ་བ་ཕྱེད་དུ་མགུ་བ་སྤྱད། དེ་ནས་རང་བཞིན་གྱི་གནས་སུ་དབྱུང་བའི་ཆེད་དུ་གསོལ་བཞིའི་ལས་ཀྱིས་དབྱུང་བར་བཤད་དོ། །ལྷག་མ་འཆབ་མེད་ལ་ནི་སྤོ་བ་མ་གཏོགས་གཞན་སྔར་བཞིན་ནོ། །སྤང་བའི་ལྟུང་བ་ལ་ནི་ཞག་གི་ཆད་ལས་དང་འབྲེལ་བའི་སྤོང་བ་སྔོན་དུ་སོང་ནས་ལྟུང་བ་རིས་མཐུན་མེད་པའི་དགེ་སློང་གི་མདུན་དུ་བཤགས་པ་དང་། ལྟུང་བྱེད་འབའ་ཞིག་པ་ལ་ཞག་གི་ཆད་ལས་སྔོན་དུ་མ་སོང་བར་བཤགས་པ་འབའ་ཞིག་དང་། སོ་སོར་བཤགས་པར་བྱ་བ་རྣམས་ལ་ནི་སྨྲེ་སྔགས་དང་བཅས་ཏེ་བཤགས་པ་དང་། བཤགས་བྱའི་ཉེས་བྱས་རྣམས་ནི་བཤགས་པ་འབའ་ཞིག་དང་། བསྡམ་བྱའི་ཉེས་བྱས་རྣམས་ནི་ཡིད་ཀྱིས་སྡོམ་པས་སོར་ཆུད་པར་གསུངས་སོ། །ཐེག་ཆེན་གྱི་སོ་ཐར་རྣམས་ལ་ཡང་ཆོ་ག་ཉན་ཐོས་དང་ཐུང་མོང་བ་རྣམས་ལ་ནི་ཉན་ཐོས་ཀྱི་གཞུང་ལས་བཤད་པའི་ཕྱིར་བཅོས་རྣམས་དང་། ཐེག་ཆེན་གྱི་སྡེ་སྣོད་ལས་བཤད་པའི་ཕྱིར་བཅོས་རྣམས་ཀྱང་ཉམས་སུ་བླང་བར་བྱ་ཞིང་དེ་ལས་གཞན་པའི་ཐེག་ཆེན་སོ་ཐར་རྣམས་ལ་ནི་ཐེག་ཆེན་གྱི་སྡེ་སྣོད་ལས་བཤད་པ་ཁོ་ན་བྱའོ། །གཉིས་པ་བྱང་སེམས་ཀྱི་བསླབ་བྱ་ཉམས་པ་ཕྱིར་བཅོས་པའི་ཚུལ་ལ་གཉིས་ལས་དང་པོ་ནི་དབུ་མ་ལུགས་ཀྱི་ཕྱིར་བཅོས་ལ་རྩ་བའི་ལྟུང་བ་ཕྱིར་བཅོས་པའི་ཚུལ་དང་། ལྟུང་བའི་ལྷག་མ་ཞི་བར་བྱེད་པའི་ཐབས་གཉིས་ལས། དང་པོ་ནི། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་ནམ་མཁའི་སྙིང་པོའི་མདོ་ལས་བཤད་པ་ལྟར་གྱི་རྩ་བའི་ལྟུང་བ་གང་ཡང་རུང་བ་བྱུང་ན་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་གསོལ་བ་བཏབ་པས་དེའི་རྨི་ལམ་དུ་ནམ་མཁའི་སྙིང་པོ་བྱོན་པའི་མདུན་དུ་བཤགས་པར་གསུངས་ཏེ། དེ་ཡང་ནམ་མཁའི་སྙིང་པོའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་མིང་ཐོས་ནས་ངན་སོང་དུ་ལྟུང་བས་འཇིགས་པའི་ཕྱིར་མཐོང་བར་འདོད་ཅིང་རྩ་བའི་ལྟུང་བ་འཆགས་པར་འདོད་ལ་གལ་ཏེ་དེ་དག་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ཞིང་དེའི་མིང་ཡང་བརྗོད་ན་རིགས་ཀྱི་བུ་དེ་དག་གི་མདུན་དུ་བསྐལ་པ་ཇི་ལྟ་བ་བཞིན་དེ་རང་གི་གཟུགས་གནས་པར་འགྱུར་ཏེ། བྲམ་ཟེའི་གཟུགས་ནས་ཁྱེའུའི་གཟུགས་ཀྱི་བར་གྱིས་མདུན་དུ་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེས་ལྟུང་བ་ཇི་ལྟ་བུ་བྱུང་བ་དེ་དག་འཆགས་སུ་འཇུག་གོ །དེ་ཐབས་ལ་མཁས་པས་ཟབ་མོ་དང་ཐེག་པ་ཆེན་པོ་ལ་སྦྱོར་བའང་ཉེ་བར་སྟོན་ཏོ། །ཕྱིར་མི་ལྡོག་པའི་བར་ལ་ཡང་རབ་ཏུ་འཇོག་གོ །དེ་བཞིན་དུ་སྦྱར་ཏེ་གང་གསོལ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཉེས་པ་དང་བཅས་པ་དེས་ཐོ་རངས་ལངས་ལ་ཤར་ཕྱོགས་སུ་བལྟས་ཏེ་འདུག་པས་འདུག་པར་བྱ། སྐྱ་རེངས་ཀྱི་ལྷའི་བུ་ལ་གསོལ་བ་གདབ་པར་བྱ་སྟེ་ཚིག་འདི་སྐད་དུ་སྐྱ་རེངས་སྙིང་རྗེ་ཆེན་པོ་ལེགས་པ་ཆེན་པོ་ཁྱོད་འཛམ་བུའི་གླིང་དུ་ཤར་མ་ཐག་ཏུ་སྙིང་རྗེས་བདག་ལ་ཁེབས་པར་མཛད་དུ་གསོལ་ནམ་མཁའི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གི་ཚིག་གིས་མྱུར་དུ་བསྐུར་ཏེ་ཐབས་གང་གིས་བདག་གིས་ལྟུང་བ་འཆགས་པར་འགྱུར་བ་དང་། ཐེག་པ་ཆེན་པོ་འཕགས་པ་ལ་ཐབས་དང་ཤེས་རབ་འཐོབ་པར་འགྱུར་བའི་ཐབས་དེ་བདག་གི་རྨི་ལམ་དུ་བསྟན་དུ་གསོལ་ཞེས་སྨོས་ལ་དེའི་ཚེ་དེ་གཉིད་ལོག་ལ་ཉོལ་ཞིག་དང་འཛམ་བུའི་གླིང་འདིར་སྐྱ་རེངས་ཤར་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་འཕྲད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེའི་རྨི་ལམ་དུ་དེའི་གཟུགས་མདུན་དུ་འདུག་སྟེ་རྩ་བའི་ལྟུང་བ་དེ་དག་འཆགས་སུ་མཇུག་གོ །དེ་ལ་ཐེག་པ་ཆེན་པོའི་ཐབས་ཀྱི་ཤེས་པ་འདི་ལྟ་བུའང་སྟོན་ཏེ་ཐབས་ཤེས་པ་ལ་མཁས་པ་དེས་བྱང་ཆུབ་སེམས་དཔའ་ལས་དང་པོ་ཉིད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་སྟེ། ཐེག་པ་ཆེན་པོ་ལ་བརྟན་པར་གནས་པར་ཡང་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ་ཞེས་སོ། །གཉིས་པ་ལྟུང་བའི་ལྷག་མ་ཞི་བར་བྱེད་པའི་ཐབས་ནི་སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་འདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་གསུངས་པ་ལྟར་ཉིན་མཚན་དུས་དྲུག་ཏུ་ཕུང་པོ་གསུམ་པའི་མདོ་འདོན་ཞིང་ཉིན་མཚན་ཏུ་བྱང་ཆུབ་ཀྱི་སེམས་བརྟན་པོར་བསྒོམས་པ་སོགས་ཀྱི་སྒོ་ནས་བཤགས་པ་དང་། གཞན་ཡང་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་དང་། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་སོགས་བཟླས་པ་སོགས་ཀྱི་སྒོ་ནས་བཤགས་པར་ཡང་གསུངས་སོ། །གཉིས་པ་སེམས་ཙམ་ལུགས་ཀྱི་ཕྱིར་བཅོས་ནི། སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་གསུངས་པའི་དོན་ནི་ཀུན་དཀྲིས་དྲག་པོས་ཕམ་པ་ལྟ་བུའི་ཆོས་བཞི་སྤྱད་ན་སྡོམ་པ་གཏོང་བས་ཡུལ་སྡོམ་ལྡན་ནམ་དཀོན་མཆོག་གི་དྲུང་དུ་སླར་ཡང་བླང་། ཀུན་དཀྲིས་འབྲིང་གིས་ཕམ་པ་ལྟ་བུའི་ཆོས་བཞི་སྤྱད་ན་སྡོམ་ལྡན་གསུམ་གྱི་མདུན་དུ་བཤགས། ཀུན་དཀྲིས་ཆུང་ངུས་ཕམ་པ་ལྟ་བུའི་ཆོས་བཞི་སྤྱད་ན་སྡོམ་ལྡན་གཅིག་གི་མདུན་དུ་བཤགས། ལྷག་མ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་དཀོན་མཆོག་གསུམ་ལ་མི་མཆོད་པ་སོགས་ཉེས་བྱས་བཞི་བཅུ་ཞེ་གཉིས་པོ་འདི་ཡུལ་འབྱོར་ན་སྡོམ་ལྡན་གཅིག་གི་མདུན་དུ་བཤགས་པར་བྱ་ཞིང་མ་འབྱོར་ན་བདག་སེམས་བཞིན་ཏེ། རང་གི་སེམས་དཔང་པོར་བྱས་ནས་བཤགས་པར་བྱ་ཞེས་པའི་དོན་ཏོ། །དེ་ལ་བཤགས་པའི་ཡུལ་གྱི་སྡོམ་ལྡན་ནི་ཉན་ཐོས་ཀྱི་སྡོམ་པའམ་བྱང་ཆུབ་སེམས་དཔའི་ཐེག་པ་གང་ཡང་རུང་བ་ཡིན་པར་གསུངས་ལ་ཉོན་མོངས་པ་ཅན་ནི་མ་གུས་པ་དང་སྙོམ་ལས་དང་། ལེ་ལོས་སྤྱད་པ་ཡིན་ཅིང་། ཉོན་མོངས་པ་ཅན་མ་ཡིན་པ་ནི་བརྗེད་པས་སྤྱད་པ་ཡིན་པར་བྱང་ས་ལས་གསུངས་སོ། །ཀུན་དཀྲིས་ཆུང་འབྲིང་ཆེན་པོའི་ཁྱད་པར་ནི་གོང་དུ་བཤད་ཟིན་ཏོ། །གསུམ་པ་སྔགས་སྡོམ་ཉམས་པ་ཕྱིར་བཅོས་པའི་ཚུལ་ལ་གཉིས་ཏེ། ཡན་ལག་ཚང་བའི་རྩ་བའི་ལྟུང་བ་བྱུང་ན་སྡོམ་པ་ཡང་དག་པར་བླང་བ་དང་། ཡན་ལག་མ་ཚང་བའི་རྩ་ལྟུང་བྱུང་ན་ལྟུང་བ་ལས་ལྡང་བའི་ཐབས་སོ། །དང་པོ་ནི། རྗེ་བཙུན་གྱིས་རྩ་ལྟུང་འཁྲུལ་སྤོང་ལས། ཡན་ལག་ཚང་བའི་རྩ་ལྟུང་བྱུང་ན་ཡུལ་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་སླར་ཡང་སྡོམ་པ་བླང་དགོས་ཏེ། དམ་པ་དང་པོ་ལས། རྩ་བའི་ལྟུང་བ་བྱུང་གྱུར་ན། །སླར་ཡང་དཀྱིལ་འཁོར་འདི་རུ་ནི། །དག་པའི་རྒྱུ་རུ་འཇུག་པར་བྱ། །སླར་ཡང་གནང་བ་ཐོབ་པ་ནི། །ཚོགས་ཀྱི་ནང་དུ་འགྲོ་བ་ན། །རྒན་པའི་མིང་ནི་གཞོན་པ་ཉིད། །ཅེས་དང་། རྩ་ལྟུང་བཅུ་བཞི་པའི་གཞུང་ལས། གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་བཟུང་བར་བྱ། །ཞེས་པ་དང་། སཾ་བུ་ཊིས་ལས། དམ་ཚིག་ཉམས་པས་རྣལ་འབྱོར་པ་བག་མེད་པར་སྐྱེ་བར་འགྱུར་ཏེ། ཡང་བྱང་ཆུབ་སེམས་དཔའི་དམ་ཚིག་བླངས་པར་བྱས་ནས་ཕྱིས་མི་བརྗེད་པར་སྡོམ་པ་བཟུང་བར་བྱ་སྟེ། དེ་ཉིད་ཀུན་གྱི་སྡོམ་པ་དང་ལྡན་པས་ཕྱག་རྒྱའི་རྣལ་འབྱོར་ལ་གནས་པར་བྱའོ། །ཞེས་པ་དང་། གཞན་ཡང་སྐྱོན་མེད་པའི་བཀའ་དང་བསྟན་བཅོས་རྣམས་ལས་ཡན་ལག་ཚང་བའི་རྩ་ལྟུང་བྱུང་ན་སྡོམ་པ་སླར་ཡང་བླང་བར་བཤད་པའི་ཕྱིར་ཞེས་བཞེད་དོ། །བླ་ཆེན་འཕགས་པའི་དྲིས་ལན་འགའ་ཞིག་ལས་གལ་ཏེ་ཡུལ་རྡོ་རྗེ་སློབ་དཔོན་མ་འབྱོར་ན་ཐོག་མར་ཡི་གེ་བརྒྱ་པ་བཟླས་བརྗོད་ལ་སོགས་པའི་སྒོ་ནས་སྡིག་པ་དག་པའི་མཚན་མ་མ་བྱུང་གི་བར་དུ་བཤགས་པ་བྱེད་ཅིང་། མཚན་མ་བྱུང་བའི་ཚེ་རང་ཉིད་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ཚུལ་བཞིན་དུ་བྲིས་ཏེ་བདག་འཇུག་བླངས་ན་སྡོམ་པ་སོར་ཆུད་པ་ཡང་ཡོད་དོ། །བླ་མ་འགའ་ཞིག་ནི་རྩ་ལྟུང་དང་པོ་རྡོ་རྗེ་སློབ་དཔོན་ལ་སྨོད་པའི་རྩ་ལྟུང་བྱུང་ན་དབང་བསྐུར་བ་ཞུ་བའི་སྒོ་ནས་སྡོམ་པ་སླར་ཡང་བླང་དགོས་ཏེ་སྔགས་ཀྱི་ཉམས་ལེན་དང་མ་འབྲེལ་ཞིང་སྔགས་སྡོམ་ཐོབ་པ་ཙམ་ཞིག་བདག་འཇུག་བྱས་པས་ཀྱང་སོར་མི་ཆུད་པར་བཞེད་དོ། །ཁོ་བོ་ནི་འདི་ལྟར་སེམས་ཏེ། རྟེན་གྱི་གང་ཟག་དེ་སྔགས་ཀྱི་ཉམས་ལེན་གྱི་ཚུལ་མི་ཤེས་ཤིང་ཉམས་ལེན་ཅུང་ཟད་ཀྱང་མ་བྱས་ལ་དབང་བསྐུར་གྱི་སྒོ་ནས་སྔགས་སྡོམ་ཐོབ་པ་ཙམ་ཞིག་ཡིན་ན་དེ་ལ་རྩ་ལྟུང་བྱུང་བའི་ཚེ་སྡོམ་པ་སླར་བླང་དགོས་ཏེ་སྔགས་ཀྱི་ཉམས་ལེན་དང་མ་འབྲེལ་ཞིང་སྔགས་སྡོམ་ཐོབ་པ་ཙམ་ཞིག་ཡིན་པའི་ཕྱིར་རོ། །གལ་ཏེ་ཉམས་ལེན་གྱི་ཚུལ་ལེགས་པར་ཤེས་ཤིང་རྒྱུན་དུ་ཉམས་སུ་ལེན་པའི་གང་ཟག་ཡིན་ན། དེ་ལ་ལྟུང་བ་བྱུང་བའི་ཚེ་རང་ཉིད་ཀྱིས་བདག་འཇུག་བླངས་ཀྱང་སོར་ཆུད་པར་འགྱུར་ཏེ། རྩ་བའི་ལྟུང་བས་དམ་ཚིག་ལ་སྐྱོན་བྱུང་བ་ཙམ་ཡིན་ཞིང་སྔགས་ཀྱི་ཉམས་ལེན་གྱི་ཚུལ་དང་འབྲེལ་པ་ཡིན་པས་བདག་འཇུག་གིས་ཀྱང་དམ་ཚིག་གི་སྐྱོན་སྦྱང་བར་ནུས་སོ་སྙམ་དུ་སེམས་སོ། །རྗེ་བཙུན་གྱིས་ནི་སྤྱོད་པ་དོག་ཕྱོགས་ནས་བཀག་པའམ། ཡང་ན་འདིའི་སྔ་མ་ལྟ་བུ་ལ་དགོངས་པར་མངོན་ནོ། །གཉིས་པ་ཡན་ལག་མ་ཚང་བའི་ལྟུང་བ་དང་། ཡན་ལག་གི་ལྟུང་བ་རྣམས་ལས་ལྡང་བའི་ཐབས་ནི་སྟོབས་བཞིའི་སྒོ་ནས་བཤགས་པ་བྱེད་པ་དང་། དམ་ཚིག་རྡོ་རྗེའི་བསྒོམ་བཟླས་བྱེད་པ་དང་། བརྩོན་འགྲུས་དྲག་པོས་རིམ་གཉིས་ཚུལ་བཞིན་དུ་བསྒོམ་པ་དང་། བཞི་འབུམ་ལ་སོགས་པ་གྲངས་ཀྱི་བསྙེན་པ་བྱེད་པ་དང་། བསྙེན་པའི་བཅུ་ཆ་སོགས་ཀྱི་སྦྱིན་སྲེག་བྱེད་པ་དང་། དམ་ཚིག་དང་ལྡན་པའི་རྡོ་རྗེ་སྤུན་གྲོགས་ལ་ཚོགས་ཀྱི་འཁོར་ལོ་བྱེད་པ་སོགས་ཀྱི་སྒོ་ནས་རྒྱུད་ལྟུང་བ་མེད་པར་བྱས་ནས་རྣལ་འབྱོར་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །བྱུང་བ་ཕྱིར་བཅོས་པའི་ཐབས་བསྟན་ཟིན་ཏོ། །ལྔ་པ་སྡོམ་པ་གནས་གཏོང་གི་ཚུལ་དཔྱད་པ་ལ་གཉིས་ཏེ། གནས་པའི་ཚེ་གཅིག་དང་ཐ་དད་གང་དུ་གནས་དཔྱད་པ། གཏོང་བའི་ཚེ་རིམ་དང་གཅིག་ཆར་གང་དུ་གཏོང་དཔྱད་པའོ། །དང་པོ་ལ་གསུམ་སྟེ། དགག་བཞག་སྤང་གསུམ་ལས། དང་པོ་ལ་བཞི་ཉི་ཟླ་སྐར་གསུམ་གྱི་དཔེས་འོག་མ་བག་ལ་ཉལ་བའི་ཚུལ་དུ་འདོད་པ་དགག སྐྱེས་བུའི་རྒྱན་གྱི་དཔེས་དུས་མཉམ་རྫས་ཐ་དད་དུ་འདོད་པ་དགག ཆུ་གཞོང་དུ་ནོར་བུ་བཞག་པའི་དཔེས་རྟེན་དང་བརྟེན་པ་རྫས་ཐ་དད་དུ་འདོད་པ་དགག གཞན་ལུགས་ལ་རང་ལུགས་སུ་འཁྲུལ་ནས་གནས་གྱུར་རྫས་གཞན་དུ་འདོད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། གཞན་གྱི་གཞུང་དགོད། དེའི་དོན་བཤད། མི་འཐད་པའི་ཆ་དགག་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཏྲི་སཾ་བ་ར་པྲ་བྷོ་མཱ་ལ་ནཱ་མ། བོད་སྐད་དུ། སྡོམ་གསུམ་འོད་ཀྱི་ཕྲེང་བ་ཞེས་བྱ་བ། བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །རྣམ་དག་ཟབ་ཡངས་ཤེས་བྱའི་རྒྱ་མཚོ་ལས། །བསྟན་པའི་གྲུ་དང་བདག་བློའི་དེད་དཔོན་གྱིས། །མཁྱེན་པའི་དར་ཕྱར་བརྩེ་བའི་རླུང་བསྐྱོད་ནས། །སྡོམ་གསུམ་ཡིད་བཞིན་ནོར་བུ་ཁོ་བོས་བླངས། །དེང་སང་བསྟན་པའི་མཇུག་འདི་རུ། །སྡོམ་པ་གསུམ་གྱི་རྣམ་གཞག་ལ། །མཁས་པ་རྒྱུ་སྐར་འགའ་ཞིག་གིས། །ཕྱོགས་རེའི་ཆ་ཙམ་བརྗོད་གྱུར་མོད། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པ་ལ། །ཐོབ་ཚུལ་གནས་ཚུལ་གཏོང་བའི་ཚུལ། །གཉིས་ལྡན་གསུམ་ལྡན་འཐད་པའི་གཞུང་། །ཉེས་པ་ཕན་ཡོན་རིམ་པ་དང་། །བདག་བློ་ཉི་མའི་དཀྱིལ་འཁོར་གྱིས། །ཕྱོགས་རྣམས་གསལ་བར་བྱ་ཕྱིར་བཀོད། །གླིང་གསུམ་སྐྱེས་པ་བུད་མེད་ཀྱིས། །རང་ཉིད་འཁོར་བ་གྲོལ་དོན་དུ། །མཁན་སློབ་ཆོ་ག་ཚད་ལྡན་ལས། །ཇི་སྲིད་འཚོ་ཡི་བར་དག་ཏུ། །གནོད་པ་གཞི་དང་བཅས་པ་ལ། །གཙོ་ཆེར་ལུས་ངག་སྡོམ་པ་སྟེ། །ཉན་ཐོས་བྱེ་བྲག་སྨྲ་བའི་སྡོམ། །གང་ཟག་གླང་པོ་འདྲ་བ་ལ། །སྡོམ་པ་ཁལ་དང་འདྲ་བ་དེ། །ཐོབ་པའི་ཐག་པས་སྦྲེལ་བར་གནས། །སོ་སོར་ཐར་པའི་གནས་ཚུལ་ཡིན། །བསླབ་པ་ཕུལ་དང་ཤི་འཕོས་དང་། །རྩ་བ་ཆད་དང་མཚན་འདས་དང་། །མཚན་གཉིས་གཅིག་ཆར་བྱུང་བ་ལས། །སོ་སོར་ཐར་པའི་སྡོམ་པ་གཏོང་། །གསུངས་སོ་ཕམ་པ་བྱས་པས་ཀྱང་། །སོ་ཐར་སྡོམ་པའི་གཏོང་ཚུལ་ཡིན། །ལྷ་མི་ལ་སོགས་གང་རུང་གིས། །འགྲོ་བ་མ་ལུས་སྐྱབས་པའི་ཕྱིར། །སློབ་དཔོན་ཆོ་ག་ཚད་ལྡན་ལས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སྨོན་དང་འཇུག་པའི་བདག་ཉིད་ཅན། །ལུས་ངག་ཡིད་གསུམ་རང་དོན་དང་། །གཞན་དོན་ཐབས་མ་ཡིན་པས་སྡོམ། །ཀུན་རྫོབ་བྱང་ཆུབ་སེམས་ཀྱིའོ། །དེ་ཉིད་སྣང་ལ་རང་བཞིན་མེད། །འཇིག་ཚོགས་ཤིན་ཏུ་གོམས་པ་ལས། །ཡུལ་དང་ཡུལ་ཅན་གཉིས་ལས་གྲོལ། །དོན་དམ་བྱང་ཆུབ་སེམས་ཡིན་ནོ། །སེམས་དང་སེམས་བྱུང་སེམས་བསྐྱེད་གཉིས། །རང་དོན་གཟའ་དང་བྲལ་བ་ན། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་དག་གནས་པའི་ཚུལ་ཡིན་ནོ། །རང་དོན་བླངས་དང་ནག་པོ་ཡི། །ཆོས་བཞི་ལོག་པར་ཞུགས་པ་དང་། །འབྲས་བུ་དག་ནི་ཐོབ་པ་ན། །ཚ་གྲང་གྲུ་བཞིན་སེམས་བསྐྱེད་གཏོང་། །རིགས་བཞི་ལ་སོགས་བསོད་ནམས་ལྡན། །རང་གཞན་དགོས་འདོད་ཕུན་སུམ་ཚོགས། །བླ་མ་མཚན་ཉིད་ཚད་ལྡན་ལས། །ནམ་མཁའ་ཇི་སྲིད་གནས་བར་དུ། །ལྷན་སྐྱེས་ཡེ་ཤེས་བརྡའ་དོན་འཕྲོད། །རྣམ་རྟོག་དྲི་མ་ཀུན་ལས་སྡོམ། །རིག་འཛིན་སྡོམ་པའི་ཐོབ་ཚུལ་ཡིན། །སྐུ་གསུང་ཐུགས་ཀྱི་རྒྱལ་མཚན་ལ། །རིམ་གཉིས་ཡིད་བཞིན་ནོར་བུས་སྤྲས། །འདོད་ཡོན་ལྔ་ཡིས་ཀུན་ནས་མཆོད། །དགོས་འདོད་ཀུན་གྱི་འབྱུང་གནས་པ། །རིག་འཛིན་སྡོམ་པའི་གནས་ཚུལ་ཡིན། །དགོས་དོན་མེད་དོ་སྐྱོན་རྣམས་ཕྱུང་། །དཔག་བསམ་ཤིང་བུ་འགྱེལ་བ་བཞིན། །རྩ་བའི་ལྟུང་བ་བྱུང་བ་ན། །རིག་པ་འཛིན་པའི་སྡོམ་པ་གཏོང་། །རྒྱུད་ནི་སུམ་བརྒྱ་པ་ལས་ནི། །འཁོར་བཞི་པོ་ལ་རྗེས་སུ་གནང་། །རང་ཉིད་སློབ་པ་དང་ཡང་ལྡན། །དགེ་སློང་རྡོ་རྗེ་འཛིན་པ་བདུན། །གསུངས་སོ་དུས་ཀྱི་འཁོར་ལོ་ལས། །རྟེན་ནི་གསུམ་ལས་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་ཡིན་པར་འདོད། །ཁྱིམ་ན་གནས་པ་ཐ་མའོ། །གཞན་ཡང་རྡོ་རྗེ་རྩེ་མོ་ལས། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་དང་ཡང་དག་ལྡན། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །གཞུང་འབུམ་ལས་ནི་འདི་སྐད་དུ། །རྡོ་ཡི་རིགས་ཀྱི་བྱེ་བྲག་བཞུས། །ལྕགས་དང་ཟངས་དང་དངུལ་དུ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་འགྱུར་བ་བཞིན། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །གསུངས་པའི་དོན་ལ་ཁ་ཅིག་ནི། །སྡོམ་གསུམ་གནས་འགྱུར་ངོ་བོ་གཅིག །གོང་མའི་རྩ་ལྟུང་བྱུང་བ་ན། །འོག་མ་གཏོང་ཞེས་སྒྲོགས་པ་ཡོད། །དེ་ལ་ཅུང་ཞིག་བརྟག་པར་བྱ། །གསུམ་ལྡན་གསུངས་པའི་དགོངས་པ་ཡིས། །གཅིག་ལྡན་གཏོང་བ་དགོངས་པ་མིན། །རིགས་པས་ཀྱང་ནི་ཤིན་ཏུ་གནོད། །བུད་མེད་ལ་སྨོད་ལྟུང་བ་ཡིས། །རིག་པའི་སྡོམ་པ་གཏོང་ངམ་ཅི། །གལ་ཏེ་གཏོང་ན་ཧ་ཅང་ཐལ། །མཁའ་ལ་སྤྲིན་ཆེན་འཁྲིགས་པ་ཡིས། །ས་ཡི་ལོ་ཐོག་སྐེམ་ཞེས་སྒྲེ། །གཞན་ཡང་སྡོམ་པ་གཏོང་ཐོབ་རྒྱུ། །སངས་རྒྱས་གསུང་ལས་གཞན་པ་ཡི། །ཆོ་ག་མཁན་དུ་བྱེད་རིགས་སམ། །གཞན་ཡང་འགལ་བ་ལྟག་སྤྲད་ལ། །གནས་འགྱུར་བརྩི་བ་རིགས་མ་ཡིན། །རིགས་ན་ཉི་མའི་དཀྱིལ་འཁོར་འདི། །གངྒཱའི་ཆུ་བོར་འགྱུར་ཞེས་སྒྲེ། །དེས་ན་རང་གིས་བརྟགས་ནས་བླང་། །སྡོམ་གསུམ་ལྡན་ཞེས་གསུངས་པ་དེ། །ཤེས་རྒྱུད་གཅིག་ལ་བརྩི་ན་ནི། །གཅིག་ཏུ་འདོད་ཀྱང་གསུམ་དུ་འགྱུར། །ལྡན་ཆོས་རྫས་གཞན་ཐ་དད་ཕྱིར། །འོན་ཏེ་སྔ་ཕྱི་ལ་བརྩི་ན། །གསུམ་ལྡན་ཞེས་པའི་སྒྲ་དོན་མེད། །འོན་ཏེ་སྡོམ་གསུམ་རྫས་གཅིག་ཏུ། །ཤེས་རྒྱུད་གཅིག་ལ་ལྡན་ཞེ་ན། །གཏོང་ཐོབ་ཆོ་ག་གཅིག་ཏུ་འགྱུར། །དེས་ན་སོ་ཐར་སྡོམ་པ་ཡིས། །བྱང་ཆུབ་མཆོག་གི་སེམས་བླངས་ནས། །དང་པོ་དེ་ནི་ཀུན་གཞི་ལ། །བག་ལ་ཉལ་བའི་ཚུལ་དུ་གནས། །རིག་འཛིན་སྡོམ་པ་ཐོབ་པ་ན། །འོག་མ་གཉིས་ཀ་བག་ལ་ཉལ། །དཔེར་ན་མཁའ་ལ་རྒྱུ་སྐར་ཤར། །ཅུང་ཟད་སྣང་བར་བྱས་གྱུར་མོད། །ཟླ་བའི་དཀྱིལ་འཁོར་ཤར་གྱུར་ན། །སྐར་འོད་ཉམས་མོད་འཇིག་རྟེན་སྣང་། །རྟ་བདུན་ཚ་ཟེར་ཤར་བ་ན། །ཟླ་བའི་འོད་ཉམས་འཇིག་རྟེན་གསལ། །གལ་ཏེ་རིག་པ་འཛིན་པ་ཡིས། །གདུལ་བྱ་གང་དང་གང་དོན་དུ། །འོག་མའི་སྡོམ་པ་བླངས་པ་ན། །གོང་མ་ཟིལ་གྱིས་མི་གནོན་མོད། །སྡོམ་པ་ཆོ་གས་ཐོབ་པ་ཡིན། །མཁའ་ལ་ཉི་མ་གནས་གྱུར་མོད། །ཟླ་སྐར་འཆར་བ་བཀག་པ་མེད། །དེས་ན་གཏོང་ཐོབ་གནས་པའི་ཚུལ། །རང་རང་ཆོ་ག་བཞིན་དུ་གནས། །ཀུན་གཞི་བག་ཆགས་མང་པོ་ཅན། །ཡིན་ཀྱང་ཤེས་རྒྱུད་ཐ་དད་མེད། །འོག་མའི་ལྟུང་བ་བྱུང་བ་ན། །གོང་མ་ཇི་སྲིད་གནས་ཀྱི་བར། །རྣམ་པར་སྨིན་པས་གོས་པ་མེད། །དཔེར་ན་ཟླ་སྐར་ནུབ་གྱུར་མོད། །ཉི་མ་མཁའ་ལ་གནས་ཀྱི་བར། །འོད་ནི་ཅུང་ཟད་འགྲིབ་པ་མེད། །གོང་མའི་ལྟུང་བ་བྱུང་བ་ན། །འོག་མ་ཇི་སྙེད་གནས་གྱུར་མོད། །ཅུང་ཟད་ཕན་གྱིས་སྐྱོབ་མི་ནུས། །རྟ་བདུན་རྒྱལ་པོ་ནུབ་པ་ན། །ཟླ་སྐར་གནས་ཀྱང་མུན་པའི་བག །གསེར་འགྱུར་རྩི་ཞེས་གསུངས་པའི་དོན། །ཟིལ་གནོན་ཡོན་ཏན་མཆོག་ལ་དགོངས། །ཟླ་སྐར་གཉིས་ཀྱི་འོད་ཟེར་ཡང་། །ཉི་མའི་དཀྱིལ་འཁོར་གནས་ཀྱི་བར། །ཉི་མའི་འོད་ཅེས་ཀུན་གྱིས་སྒྲོགས། །གཞན་ཡང་ཁ་ཅིག་སྡོམ་པ་གསུམ། །ས་ཆུ་གྲུ་འདྲ་གཞི་རྟེན་དུ། །འདོད་ཅེས་སྒྲོག་པ་འཁྲུལ་པ་ཡིན། །དེ་ཡི་འཁྲུལ་གཞི་ཁོ་བོས་བསྟན། །མཁས་པ་ཆེན་པོ་རྟ་དབྱངས་དང་། །སློབ་དཔོན་སྒེག་པའི་རྡོ་རྗེ་སོགས། །སྡོམ་གསུམ་དེ་ཉིད་རིག་པ་ཡིས། །དོན་དེ་ལྡོག་པ་དུ་མ་བྱས། །ཁྱབ་བྱ་ཁྱབ་བྱེད་གསུངས་པ་ལ། །རྟེན་དང་བརྟེན་པར་བྱེད་ན་འཁྲུལ། །བྱང་སེམས་སྡོམ་པའི་དོན་གཅིག་ལ། །ཕན་པ་སྒྲུབ་པའི་ལྡོག་པ་དང་། །གནོད་སྤོང་ལྡོག་པ་གཉིས་འཇུག་མོད། །ཕན་སྒྲུབ་ངོ་བོ་གང་ཡིན་ལ། །གནོད་པ་སྤོང་བས་ཁྱབ་པས་ན། །ཁྱབ་བྱ་ཁྱབ་བྱེད་རྫས་གཅིག་ཏུ། །བ་གླང་རྫིས་ཀྱང་མི་གོའམ། །དེས་ན་རིག་འཛིན་གཅིག་པུ་ལ། །གསུམ་ལྡན་སྦྱོང་བར་འཐད་མ་ཡིན། །གལ་ཏེ་འཐད་ན་འོག་མ་གཉིས། །ཆོ་ག་མི་དགོས་སྐྱེ་བར་འགྱུར། །སྡོམ་གསུམ་ཆོ་ག་ཐུན་མོང་དུ། །ཐུབ་པ་ཆེན་པོས་གསུངས་པ་མེད། །ཕྲག་དོག་ནོར་འདོད་གཏི་མུག་ཅན། །རང་བཟོ་བྱེད་པ་སུ་ཡིས་ཁེགས། །མདོ་རྒྱུད་དཔུང་ཀྱང་ཕྱོགས་སུ་འཕེན། །སྒྲ་ཚད་བྱུང་ན་རྟགས་གཞན་བསྒྱུར། །བསྟན་པའི་བྱི་དོར་ཇི་ལྟར་བྱ། །རིག་པ་འཛིན་པ་ཁོ་ན་ལ། །གསུམ་ལྡན་བསྔགས་པའི་དགོངས་པ་ནི། །འབྲས་བུའི་སྒོ་ནས་མ་ཡིན་ཏེ། །ཡིན་ན་ཀུན་མཁྱེན་མཆོག་དམན་འགྱུར། །དེས་ན་ལམ་དུས་གདུལ་བྱའི་དོན། །གཅིག་དང་གསུམ་གྱི་ཁྱད་པར་དང་། །སྡོམ་པ་རྫས་ཆོས་གཞན་ཉམས་མོད། །སྡོམ་གཞན་ཡོད་པའི་ཁྱད་པར་ཡིན། །སྡོམ་གསུམ་གང་ཡང་མི་ལྡན་ན། །ལྷ་མིའི་ལུས་ཀྱང་རྙེད་པར་དཀའ། །ཉམས་ན་མཐོང་ཆོས་རྣམ་སྨིན་དང་། །རིམ་པ་གཉིས་ཀྱིས་བསྟན་པར་བྱ། །སོ་ཐར་སྡོམ་པ་ཉམས་གྱུར་ན། །རང་གིས་རང་བསླུས་གནོད་པ་མང་། །རྒྱལ་དང་དེ་སྲས་ཐམས་ཅད་ཀྱིས། །ཅུང་ཟད་ཁྲེལ་གྱི་ཤིན་ཏུ་མིན། །ཕམ་པའི་བྱེ་བྲག་ལྕི་ཡང་གིས། །ལོ་གྲངས་ངན་སོང་གསུམ་དུ་གནས། །བྱང་སེམས་ཉམས་ན་འགྲོ་བ་ཀུན། །བསླུས་པས་གནོད་པ་ཤིན་ཏུ་མང་། །རྒྱལ་དང་དེ་སྲས་ཐམས་ཅད་དང་། །འགྲོ་བ་ཀུན་གྱིས་ཤིན་ཏུ་ཁྲེལ། །ཕམ་པའི་ལྕི་ཡང་བྱེ་བྲག་གིས། །བསྐལ་པའི་གྲངས་བཞིན་དམྱལ་བར་གནས། །རིག་འཛིན་སྡོམ་པ་ཉམས་གྱུར་ན། །ཡིད་དུ་མི་འོང་སྣ་ཚོགས་འབྱུང་། །རྒྱལ་དང་དེ་སྲས་ཀུན་བརྙས་པས། །མི་འཇིགས་མནར་མེད་གནས་དག་ཏུ། །སྡུག་བསྔལ་ཆེན་པོ་དེ་ཡིས་མྱོང་། །རྩ་བ་ཀུན་ཉམས་འཆབ་པ་དག །གསོ་ལ་ཉེ་བར་མི་བརྩོན་ན། །རྡོ་རྗེ་དམྱལ་བར་དེ་ལྟུང་སྟེ། །དམྱལ་བ་ཕལ་པ་ཐམས་ཅད་ཀྱི། །སྡུག་བསྔལ་གཅིག་ཏུ་དྲིལ་བས་ཀྱང་། །དེ་ཡི་འབུམ་གྱི་ཆར་མི་ཕོད། །འཇིག་རྟེན་ཞིག་པས་གཞན་དུ་འཕོ། །སེ་གོལ་གཅིག་གིས་ཕྱིན་པར་བྱེད། །སངས་རྒྱས་སྟོང་གིས་འོད་ཟེར་དང་། །བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀུན། །རྒྱུན་དུ་མཛད་ཀྱང་ཕན་མེད་འགྱུར། །བསྐལ་པ་ཐེར་འབུམ་ལ་སོགས་སུ། །དེ་ནི་ཐོན་པར་མ་གསུངས་སོ། །སོ་ཐར་སྡོམ་པའི་ཕན་ཡོན་ནི། །གནས་སྐབས་ལྷ་མི་མཐར་ཐུག་གི །དགྲ་བཅོམ་འབྲས་བུ་ངེས་པར་ཐོབ། །བྱང་སེམས་སྡོམ་པའི་ཕན་ཡོན་ནི། །གནས་སྐབས་བདེ་མང་མཐར་ཐུག་ནི། །རིང་མོ་ཞིག་ནས་རྫོགས་སངས་རྒྱས། །རིག་འཛིན་སྡོམ་པའི་ཕན་ཡོན་ནི། །གནས་སྐབས་ཉིད་ནས་ཀུན་མཁྱེན་གྱི། །བདེ་བ་ཆེ་ལ་ལོངས་སྤྱོད་འགྱུར། །གལ་ཏེ་བསྒོམས་པ་དང་བཅས་ན། །ཚེ་འདིར་སངས་རྒྱས་འགྲུབ་པར་གསུངས། །མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་ཉིད་ཀྱིས་ཐོབ། །པཎ་ཆེན་བློ་ཡི་རྒྱ་མཚོ་ལས། །སྡོམ་གསུམ་ནོར་བུའི་ཕྲེང་བ་བླངས། །བདག་གཞན་འགྲོ་བ་མ་ལུས་ཀྱི། །བློ་གྲོས་གཙུག་ན་ལེགས་གནས་པ། །ཀུན་མཁྱེན་དེ་ལ་ལོངས་སྤྱོད་ཤོག །པཎྜི་ཏ་བྷི་བྷཱུ་ཏ་ཙནྡྲས་རང་འགྱུར་དུ་མཛད་པ་རྫོགས་སོ།།  །།གཉིས་པ་ནི་གཞུང་འདིའི་མགོ་ཞབས་ཀྱི་བརྗོད་བྱ་ཐམས་ཅད་བསྡུ་ན་གསུམ་སྟེ། རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན། བརྩམ་པར་བྱ་བ་གཞུང་གི་དོན། རྩོམ་པ་མཐར་ཕྱིན་པ་མཇུག་གི་དོན་ནོ། །དང་པོ་ནི། རྣམ་དག་ཞེས་སོགས་ཚིག་རྐང་བཅོ་ལྔ་སྟེ། ཚིགས་སུ་བཅད་པ་དང་པོས་རྩོམ་པའི་རྒྱུ་ཤེས་རབ་བསྟན། གཉིས་པས་བརྩམ་པའི་དགོས་པ་བསྟན། ལྷག་མ་གཉིས་ཀྱིས་བརྗོད་བྱ་མདོར་བསྡུས་ཏེ་ཇི་ལྟར་རྩོམ་པའི་ཚུལ་བསྟན་ནོ། །གཉིས་པ་ལ་བཞི་སྟེ། ཐོབ་གནས་གཏོང་ཚུལ་གསུམ་གྱི་སྒོ་ནས་སྡོམ་པ་གསུམ་གྱི་རང་བཞིན་གཏན་ལ་དབབ་པ། རྒྱུད་བཞིའི་དོན་བཤད་པའི་སྒོ་ནས་གསུམ་ལྡན་གྱི་ཚུལ་དཔྱད་པ། འདི་ཕྱིའི་ཉེས་དམིགས་གཉིས་ཀྱི་སྒོ་ནས་ཉེས་དམིགས་བསྟན་པ། གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ཀྱི་སྒོ་ནས་བསྲུངས་པའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གསུམ་ལས། དང་པོ་སོ་ཐར་གྱི་ཐོབ་གནས་གཏོང་ཚུལ་ནི་གླིང་གསུམ་ཞེས་སོགས་ཚིག་རྐང་བཅུ་བདུན་ཏེ་ཐོབ་ཚུལ་ནི་རྟེན་གྱི་ཡན་ལག་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་གང་རུང་། བསམ་པའི་ཡན་ལག་རང་ཉིད་འཁོར་བ་ལས་གྲོལ་བའི་དོན་དུ་ཆོ་གའི་ཡན་ལག་མཁན་སློབ་ཀྱི་ཆོ་ག་ཚད་ལྡན་ལས། དུས་ཀྱི་ཡན་ལག་ཇི་སྲིད་འཚོའི་བར་དུ། སྤང་བྱ་གཞན་གནོད་གཞི་ལས་ལུས་ངག་གཙོ་བོར་སྡོམ་པའོ། །གནས་ཚུལ་རང་རྒྱུད་ལྡན་གྱི་གང་ཟག་དང་། ཐོབ་པའི་རྫས་ཀྱིས་སྦྲེལ་ནས་གནས་ཏེ། དཔེར་ན་གླང་ལ་ཁལ་ཐག་པས་སྦྲེལ་ནས་གནས་པ་བཞིན་ནོ། །གཏོང་ཚུལ་ནི་གོ་སླའོ། །གཉིས་པ་བྱང་སེམས་ཀྱི་སྡོམ་པའི་ཐོབ་གནས་གཏོང་ཚུལ་ནི་ལྷ་མི་ཞེས་སོགས་ཚིགས་སུ་བཅད་པ་ལྔ་སྟེ། ཐོབ་ཚུལ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐོབ་ཚུལ་ནི་སློབ་དཔོན་གྱི་ཆོ་ག་ལས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྨོན་འཇུག་གི་བདག་ཉིད་ཅན་ཐོབ་པའོ། །དོན་དམ་བྱང་ཆུབ་སེམས་ཀྱི་ཐོབ་ཚུལ་ནི་དེ་ཉིད་སྣང་ལ་རང་བཞིན་མེད་པར་བསྒོམས་པ་ལས་གཉིས་འཛིན་ལས་གྲོལ་བའོ། །གནས་ཚུལ་ནི་རང་དོན་ཡིད་བྱེད་དང་བྲལ་བ་ན་སེམས་ཀྱི་དབང་དུ་བྱས་པའི་སེམས་བསྐྱེད་དང་། སེམས་བྱུང་གི་དབང་དུ་བྱས་པའི་སེམས་བསྐྱེད་གཉིས་ཉི་མ་དང་འོད་ཟེར་བཞིན་དུ་གནས་པའོ། །གཏོང་ཚུལ་ལ་གཉིས་ལས། རང་དོན་ཡིད་བྱེད་ཀྱི་སེམས་བསྐྱེད་པ་དང་། ནག་པོའི་ཆོས་བཞི་ལ་སྤྱོད་པ་ན་གཏོང་སྟེ། ཚ་རེག་སྟོབས་ཆེ་བ་ཉེ་བ་ན་གྲང་རེག་གཏོང་བ་བཞིན་ནོ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ན་གཏོང་སྟེ། ཆུའི་ཕ་རོལ་ཏུ་ཕྱིན་པ་ན་གྲུ་གཏོང་བ་བཞིན་ནོ། །གསུམ་པ་སྔགས་སྡོམ་གྱི་ཐོབ་གནས་གཏོང་ཚུལ་ནི་རིགས་བཞི་ཞེས་སོགས་ཚིགས་སུ་བཅད་པ་བཞི་སྟེ། ཐོབ་ཚུལ་ནི་བླ་མ་ཚད་ལྡན་ལས། ནམ་མཁའ་གནས་ཀྱི་བར་ལྷན་སྐྱེས་ཡེ་ཤེས་ཀྱི་བརྡའ་དོན་འཕྲོད་པའོ། །གནས་ཚུལ་ནི་རིམ་གཉིས་ཀྱི་ཉམས་ལེན་ལ་བརྟེན་ནས་དགོས་འདོད་འབྱུང་བའི་ཚུལ་དུ་གནས་པའོ། །གཏོང་ཚུལ་ནི་དགོས་པ་མེད་པའི་བློ་སྐྱེས་པ་དང་། རྩ་བའི་ལྟུང་བ་བྱུང་བ་ན་གཏོང་ངོ་། །གཉིས་པ་རྒྱུད་བཞིའི་དོན་བཤད་པའི་སྒོ་ནས་གསུམ་ལྡན་གྱི་ཚུལ་ལ་དཔྱད་པ་ལ་བཞི་སྟེ། རྒྱུད་བཞི་ལས་གསུམ་ལྡན་གསུངས་པའི་ཚུལ། གཞན་གྱི་རྒྱུད་དོན་འཆད་པ་དགག་པ་དང་། རང་ལུགས་ཀྱི་གསུམ་ལྡན་གྱི་ཚུལ་བཤད་པ། གསུམ་ལྡན་གྱི་འདོད་ཚུལ་གཞན་དགག་པའོ། །དང་པོ་ནི་རྒྱུད་ནི་ཞེས་སོགས་ཚིགས་སུ་བཅད་པ་ལྔ་སྟེ། རྒྱུད་སུམ་བརྒྱ་པ་དང་། དམ་པ་དང་པོ་དང་། རྡོ་རྗེ་རྩེ་མོ་དང་། རྒྱུད་འབུམ་པ་རྣམ་བཞི་ལས། སྤྱིར་གསུམ་ལྡན་གསུངས་པའི་དོན་ནོ། །གཉིས་པ་ནི། གསུངས་པའི་དོན་ཞེས་སོགས་ཚིགས་སུ་བཅད་པ་ཕྱེད་དང་བརྒྱད་དོ། །འདི་དག་ནི་རྗེ་བཙུན་གྱི་རྩ་ལྟུང་འཁྲུལ་སྤོང་ལས་རྒྱུད་འབུམ་པའི་ལུང་ཤེས་བྱེད་དུ་བྱས་ནས་སྡོམ་གསུམ་གནས་འགྱུར་ངོ་བོ་གཅིག་ཏུ་འདོད་པ་ལ་དགག་པ་བརྗོད་པར་རློམ་པ་སྟེ། འོག་རྩོད་སྤོང་གི་སྐབས་སུ་ཞིབ་ཏུ་བཤད་ཅིང་དཔྱིས་ཕྱིན་པར་དགག་པར་བྱའོ། །གསུམ་པ་ནི་དེས་ན་སོ་ཐར་སྡོམ་པ་ཡི་ཞེས་སོགས་ཚིགས་སུ་བཅད་པ་བཅུ་སྟེ་སོ་ཐར་དང་ལྡན་པའི་གང་ཟག་གི་སེམས་བསྐྱེད་ཀྱི་སྡོམ་པ་བླངས་པ་ན་སོ་ཐར་ཀུན་གཞི་ལ་བག་ལ་ཉལ་བའི་ཚུལ་དུ་གནས་ཀྱི་མངོན་གྱུར་དུ་མི་འབྱུང་ལ་སྔགས་སྡོམ་བླངས་པ་ན་འོག་མ་གཉིས་ཀ་ཡང་བག་ལ་ཉལ་བའི་ཚུལ་དུ་གནས་ཏེ། དཔེར་ན་ནམ་མཁའ་ལ་རྒྱུ་སྐར་རྐྱང་པ་ཤར་བ་ན་དེའི་འོད་ཟེར་སྣང་ཞིང་། ཟླ་བ་ཤར་བ་ན་སྐར་མའི་འོད་ཟེར་ཉམས། ཉི་མ་ཤར་བ་ན་ཟླ་བ་དང་སྐར་མ་གཉིས་ཀའི་འོད་ཉམས་པ་བཞིན་ནོ། །གལ་ཏེ་སྡོམ་པ་གོང་མ་དང་ལྡན་པའི་གང་ཟག་གིས་འོག་མའི་སྡོམ་པ་བླངས་པ་ན་གོང་མ་ཟིལ་གྱིས་མི་གནོན་ཀྱང་སྡོམ་པ་ཆོ་གས་ཐོབ་སྟེ་ཉི་མ་གནས་པའི་ཚེ་ཡང་ཟླ་སྐར་འཆར་བ་བཞིན་ནོ། །གོང་མ་གནས་ཀྱི་བར་དུ་འོག་མའི་ལྟུང་བ་བྱུང་ཡང་རྣམ་སྨིན་གྱིས་མི་གོས་ཏེ། ཉི་མ་གནས་ཀྱི་བར་དུ་ཟླ་སྐར་ནུབ་ཀྱང་འོད་མི་འགྲིབ་པ་བཞིན་ནོ། །གོང་མའི་ལྟུང་བ་བྱུང་ན་འོག་མ་གནས་ཀྱང་སྐྱོབ་མི་ནུས་ཏེ། ཉི་མ་ནུབ་པ་ན་ཟླ་སྐར་གནས་ཀྱང་མུན་པའི་བག་ཏུ་འགྱུར་བ་བཞིན་ནོ། །རྒྱུད་འབུམ་པ་ལས་གསེར་འགྱུར་རྩི་ཡི་དཔེ་གསུངས་པ་ཡང་གོང་མ་གོང་མས་འོག་མ་འོག་མ་ཟིལ་གྱིས་གནོན་ཅིང་འོག་མ་ལས་གོང་མ་མཆོག་ཏུ་འགྱུར་བ་ལ་དགོངས་ཏེ། ཟླ་སྐར་གྱི་འོད་ཟེར་ཡང་ཉི་མ་གནས་ཀྱི་བར་དུ་ཉི་མའི་འོད་ཟེར་ཞེས་སྒྲོགས་པ་བཞིན་ནོ། །བཞི་པ་ལ་གསུམ་སྟེ། རྟེན་དང་བརྟེན་པར་འདོད་པའི་འཁྲུལ་གཞི། དེ་དང་འགལ་བར་བསྟན་པ། སྔགས་སྡོམ་ཁོ་ན་ལ་གསུམ་ལྡན་སྦྱོར་བ་དགག་པ་དང་། སྔགས་སྡོམ་ཁོ་ན་ལ་གསུམ་ལྡན་བསྔགས་པའི་དགོངས་པ་བསྟན་པའོ། །དང་པོ་ནི་གཞན་ཡང་ཞེས་སོགས་ཚིགས་སུ་བཅད་པ་བཞི་སྟེ། ཁ་ཅིག སྡོམ་པ་གསུམ་པོ་ས་གཞི་དང་ཆུ་དང་གྲུ་དང་འདྲ་བར་རྟེན་དང་བརྟེན་པར་འདོད་པའི་འཁྲུལ་གཞི་ནི་མཁས་པ་རྟ་དབྱངས་དང་། སློབ་དཔོན་སྒེག་པའི་རྡོ་རྗེ་ལ་སོགས་པ་སྡོམ་གསུམ་གྱི་དེ་ཁོ་ན་ཉིད་རིག་པ་རྣམས་ཀྱིས་སྡོམ་པའི་དོན་གཅིག་ལ་ཕན་པ་སྒྲུབ་པའི་དང་། གནོད་པ་སྤོང་བའི་ལྡོག་པ་གཉིས་ཡོད་པ་ལ་བྱང་སེམས་དང་སོ་ཐར་དུ་འཇོག་པས་དེ་གཉིས་ཁྱབ་བྱ་ཁྱབ་བྱེད་དུ་གསུངས་པས་འཁྲུལ་གཞི་བྱས་སོ། །དེ་ལྟར་རྟེན་དང་བརྟེན་པར་འདོད་པ་མི་འཐད་པར་ཐལ། དེ་གཉིས་ཁྱབ་བྱ་ཁྱབ་བྱེད་ཡིན་ཅིང་རྟེན་དང་བརྟེན་པ་རྫས་གཞན་ཡིན་ལ། ཁྱབ་བྱ་ཁྱབ་བྱེད་རྫས་གཅིག་དུ་བ་ལང་རྫིས་ཀྱང་གོ་བའི་ཕྱིར་རོ། །གཉིས་པ་ནི་དེས་ན་ཞེས་སོགས་ཚིག་རྐང་བཅུ་གཅིག་སྟེ། རིག་འཛིན་གྱི་སྡོམ་པ་གཅིག་པུ་ལ་གསུམ་ལྡན་སྦྱོར་ན་འོག་མ་གཉིས་ཆོ་ག་མི་དགོས་པར་སྐྱེ་བར་འགྱུར་རོ། །གལ་ཏེ་དབང་བསྐུར་གྱི་ཆོ་ག་ལས་གསུམ་ཀ་སྐྱེའོ་སྙམ་ན་མ་ཡིན་ཏེ། སྡོམ་གསུམ་ཐུན་མོང་གི་ཆོ་ག་སངས་རྒྱས་ཀྱིས་མ་གསུངས་པའི་ཕྱིར་རོ། །གསུམ་པ་ནི་རིག་འཛིན་ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཏེ། རིག་འཛིན་ཁོ་ན་ལ་གསུམ་ལྡན་བསྔགས་པའི་དགོངས་པ་ནི་འབྲས་བུའི་སྒོ་ནས་བསྔགས་པ་མ་ཡིན་ཏེ། གལ་ཏེ་ཡིན་ན་གསུམ་ལྡན་གྱི་འབྲས་བུ་ཀུན་མཁྱེན་དང་། སྔགས་སྡོམ་ཁོ་ནའི་འབྲས་བུ་ཀུན་མཁྱེན་ལ་མཆོག་དམན་གྱི་ཁྱད་པར་ཡོད་པར་ཐལ་ལོ། །དེས་ན་ལམ་གྱི་དུས་སུ་གདུལ་བྱའི་ངོར་བསྔགས་པ་ཡིན་ནོ། །གསུམ་པ་ཉེས་དམིགས་ནི་སྡོམ་གསུམ་ཞེས་སོགས་ཚིགས་སུ་བཅད་པ་ཕྱེད་དང་དགུ་སྟེ་དེ་ནི་གོ་སླའོ། །བཞི་པ་ཕན་ཡོན་ནི་སོ་ཐར་ཞེས་སོགས་ཚིགས་སུ་བཅད་པ་གསུམ་སྟེ་གོ་སླའོ། །གསུམ་པ་ནི་པཎྜི་ཏ་ཞེས་སོགས་ཚིག་རྐང་ལྔའོ། །དེ་དག་གིས་ནི་གཞུང་གི་དོན་སྒྲོ་སྐུར་མེད་པར་ཇི་ལྟ་བ་བཞིན་བཤད་ཟིན་ཏོ། །གསུམ་པ་ནི་དེ་ལ་སོ་ཐར་ལེན་པའི་བསམ་པའི་ཡན་ལག་ཏུ་རང་དོན་ཡིད་བྱེད་དགོས་པ་ཡང་མ་ཡིན་ཏེ། སྤྱིར་ངེས་འབྱུང་གི་བསམ་པས་ཟིན་ན་སོ་ཐར་དུ་འགྱུར་བ་ལས་ངེས་འབྱུང་དེ་ལ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་གསུམ་ཡོད་པའི་ཕྱིར་དང་། བྱེ་བྲག་ཏུ་སྨྲ་བ་རང་གི་གཞུང་ལས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྒོ་ནས་སོ་ཐར་ལེན་པ་ཡང་ཡོད་པའི་ཕྱིར་ཏེ། སུམ་བརྒྱ་པ་ལས། རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་བཤད་པའི་ཕྱིར་རོ། མཁན་སློབ་ཀྱི་ཆོ་ག་ཁོ་ན་ལས་ལེན་དགོས་པར་འདོད་པ་ཡང་མི་འཐད་དེ། རང་བྱུང་གི་བསྙེན་པར་རྫོགས་པ་དང་། ཡེ་ཤེས་ཁོང་དུ་ཆུད་པས་བསྙེན་པར་རྫོགས་པ་དང་། ཚུར་ཤོག་ལ་མ་ཁྱབ་པའི་ཕྱིར་རོ། །ཐོབ་པའི་ཐག་པས་སྦྲེལ་ནས་གནས་ཞེས་པ་ཡང་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་ཐོབ་པ་ཁས་ལེན་ན། བྱང་སེམས་དང་སྔགས་སྡོམ་ཡང་ཐོབ་པས་སྦྲེལ་ནས་གནས་པར་ཁས་ལེན་དགོས་ཏེ། གང་ཟག་གི་རྒྱུད་ཀྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ལ། གང་ཟག་དེ་དང་སྦྲེལ་བྱེད་ཀྱི་ཐོབ་པ་ཡོད་པར་འདོད་པའི་ཕྱིར་ཏེ། ཐོབ་དང་མ་ཐོབ་རང་རྒྱུད་དུ། །རྟོགས་པ་རྣམས་ཀྱིའོ་ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་ཐོབ་པ་ཁས་མི་ལེན་ན་ནི་སོ་ཐར་གྱི་སྡོམ་པ་ལའང་ཐོབ་པ་དོན་མེད་དོ། །བྱང་སེམས་ཀྱི་སྡོམ་པ་ཐོབ་པའི་ཚུལ་ཡང་སློབ་དཔོན་གྱི་ཆོ་ག་ལས་ཐོབ་དགོས་པའི་ངེས་པ་མེད་དེ། རྟེན་གྱི་དྲུང་དུ་རང་ཉིད་ཀྱིས་ལེན་པ་དབུ་མ་ལུགས་དང་། སེམས་ཙམ་ལུགས་གཉིས་ཀ་ལས་བཤད་པའི་ཕྱིར་རོ། །དུས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལེན་པ་སྤྱིར་འཐད་ཀྱང་ཁྱེད་རང་ལ་ནང་འགལ་ཏེ། སྔགས་སྡོམ་ནི་ནམ་མཁའ་གནས་ཀྱི་བར་ལེན་པར་ཁས་བླངས་ཤིང་། སྔགས་སྡོམ་དང་བྱང་སེམས་ཀྱི་སྡོམ་པ་ལ་དུས་རྒྱུན་རིང་ཐུང་གི་ཁྱད་པར་གང་ནས་ཀྱང་མ་བཤད་པའི་ཕྱིར་རོ། །གཏོང་ཚུལ་ལ་རང་དོན་ཡིད་བྱེད་སྐྱེས་པ་ན་བྱང་སེམས་ཀྱི་སྡོམ་པ་གཏོང་བ་ནི་ཁྱེད་རང་གི་ཁས་བླངས་པ་དང་འགལ་ཏེ། བྱང་སེམས་ཀྱི་སྡོམ་ལྡན་གྱིས་སོ་ཐར་གྱི་སྡོམ་པ་བླངས་པ་ཡོད་པ་དང་། སོ་ཐར་གྱི་སྡོམ་པ་བླངས་པའི་བསམ་པའི་ཡན་ལག་ཏུ་རང་དོན་ཡིད་བྱེད་དགོས་པར་ཁས་བླངས་པས་སོ་ཐར་ལེན་པའི་ཚེ་གཏོང་བར་ཐལ་བའི་ཕྱིར་རོ། །བྱང་ཆུབ་ཐོབ་པ་ན་སེམས་བསྐྱེད་ཀྱི་སྡོམ་པ་གཏོང་བར་འདོད་པ་ནི་སྤྱིར་མདོ་རྒྱུད་ཀྱི་ལུང་དུ་མ་དང་འགལ་བ་ཡང་འདིར་མ་སྤྲོས་ལ། ཁྱོད་རང་གིས་སྔགས་སྡོམ་བྱང་ཆུབ་ཐོབ་ཀྱང་གནས་པར་འདོད་པ་དང་ཡང་འགལ་ཏེ། སྔགས་སྡོམ་གྱི་དམ་ཚིག་ལ་རྩ་ལྟུང་བཅུ་བཞི་ལས། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ཞེས་དང་། དཔལ་མཆོག་ལས། བྱང་ཆུབ་སེམས་ནི་དོར་མི་བྱ། །ཞེས་པ་དང་། དེ་བཞིན་རྣམ་སྣང་མངོན་བྱང་དང་། གསང་བ་སྤྱི་རྒྱུད་སོགས་རྒྱུད་ཕལ་ཆེ་བ་ལས་སྔགས་སྡོམ་གནས་པ་ལ་བྱང་ཆུབ་ཀྱི་སེམས་མི་གཏོང་བར་དགོས་པར་གསུངས་པས་སོ། །སྔགས་སྡོམ་གྱི་ངོ་བོ་ལྷན་སྐྱེས་ཡེ་ཤེས་ཀྱི་བརྡའ་དོན་འཕྲོད་པ་ལ་འདོད་པ་ཡང་རྒྱུད་སྡེ་འོག་མ་གསུམ་ལ་མ་ཁྱབ་ཅིང་བླ་མེད་ལ་ཡང་དབང་གསུམ་པ་ནས་ཡེ་ཤེས་སྐྱེ་བ་ཡོད་ཀྱང་བརྡའ་དོན་འཕྲོད་པ་བཞི་པ་ནས་ཡོད་པ་སོགས་ནི་འདིར་སྐབས་མ་ཡིན་པས་མ་སྤྲོས་སོ། །གནས་ཚུལ་རིམ་གཉིས་ཀྱི་ཉམས་ལེན་ལ་བརྟེན་ནས་གནས་དགོས་པ་ཡང་དེར་མ་ངེས་ཏེ། ཉམས་ལེན་མེད་ཀྱང་དབང་བསྐུར་ཐོབ་ནས་དམ་ཚིག་དང་སྡོམ་པ་བསྲུང་ན་སྔགས་སྡོམ་གནས་པ་སུས་ཀྱང་འགོག་མི་ནུས་པའི་ཕྱིར་རོ། །ད་ནི་གསུམ་ལྡན་གྱི་འདོད་ཚུལ་ལ་དཔྱད་པར་བྱ་སྟེ། གོང་མ་ཐོབ་པའི་ཚེ་འོག་མ་མངོན་གྱུར་དུ་མེད་པར་བག་ལ་ཉལ་དུ་འདོད་ན་གོང་འོག་འཛིན་སྟངས་འགལ་བས་མངོན་གྱུར་དུ་མི་འབྱུང་བ་ཡིན་ནམ་ཚ་རེག་དང་གྲང་རེག་ལྟར་ལྷན་ཅིག་མི་གནས་འགལ་ཡིན་པས་མངོན་གྱུར་དུ་མི་འབྱུང་བ་ཡིན། དང་པོ་ལྟར་ན་འཛིན་སྟངས་འགལ་བ་ནི་ཤིན་ཏུ་མི་འཐད་དེ། བྱང་སེམས་ཀྱི་སྡོམ་པ་ནི་གཞན་ལ་ཕན་པ་བསྒྲུབ་པ་ཡིན་ལ། སོ་ཐར་གྱི་སྡོམ་པ་ནི་གཞན་ལ་གནོད་པ་སྤོང་བའི་བསམ་པ་ཅན་ཡིན་པ་གང་ཞིག གཞན་ལ་ཕན་པ་སྒྲུབ་པ་ལ་གཞན་ལ་གནོད་པ་སྤོང་བས་ཁྱབ་པར་ཁྱེད་རང་གིས་ཀྱང་ཁས་བླངས་ཞིང་དོན་ལ་ཡང་གནས་པའི་ཕྱིར་རོ། །གཉིས་པ་ལྟར་ན། གསུམ་ལྡན་གྱི་གང་ཟག་མི་སྲིད་པར་ཐལ་བ་ལས་དེ་ལྟར་དུ་ཡང་མི་འཐད་དེ། གོང་དུ་དྲངས་པའི་རྒྱུད་བཞི་ལས་གསུམ་ལྡན་གསུངས་པའི་ཕྱིར་རོ། །གཞན་ཡང་བྱང་སེམས་ཀྱི་སྡོམ་པ་ལྡན་པ་ལ་སོ་ཐར་གྱི་སྡོམ་པ་མངོན་གྱུར་དུ་མི་འབྱུང་ན་ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས་ཀྱང་མངོན་གྱུར་དུ་མེད་པར་འདོད་དགོས་ཏེ། ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས་ནི་ཐོགས་མེད་དང་། མར་མེ་མཛད་དང་། གནས་བརྟན་བྱང་བཟང་རྣམས་ཀྱིས་སོ་ཐར་རིས་བདུན་ལ་བཤད་པའི་ཕྱིར་རོ། །སྔགས་སྡོམ་དང་ལྡན་པའི་གང་ཟག་ལ་བྱང་སེམས་ཀྱི་སྡོམ་པ་སྨོན་འཇུག་གཉིས་པོ་མངོན་གྱུར་དུ་འབྱུང་མི་སྲིད་ན་གང་ཟག་དེས་རྫོགས་པའི་བྱང་ཆུབ་སྒྲུབ་པ་ནི་ཤིན་ཏུ་ངོ་མཚར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཚུལ་ཁྲིམས་རྣམ་པ་གསུམ་ལ་མ་བསླབས་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ནི་ཁྱོད་ཁོ་ན་ལས་ཐོས་ཀྱི། སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱིས་མ་གསུངས་སོ། །གཞན་ཡང་རྡོ་རྗེ་མཁའ་འགྲོ་དང་། སཾ་བུ་ཊི་དང་། རྡོ་རྗེ་རྩེ་མོ་ལས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་སོགས་སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་གཉིས་རིགས་ལྔ་སྤྱིའི་དམ་ཚིག་ཏུ་གསུངས་པས་རྒྱུད་སྡེ་གོང་མ་གཉིས་ཀྱི་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པའི་གང་ཟག་ལ་རིགས་ལྔ་སོ་སོའི་དམ་ཚིག་མངོན་གྱུར་དུ་ཡོད་ཅིང་སྤྱིའི་དམ་ཚིག་བག་ལ་ཉལ་བའི་ཚུལ་དུ་ཡོད་པར་ཁས་ལེན་དགོས་པར་འགྱུར་རོ། །གཞན་ཡང་གསུམ་ལྡན་གྱི་དགེ་སློང་གི་རྒྱུད་ཀྱི་ཀུན་གཞི་ལ་གནས་པའི་དགེ་སློང་གི་སྡོམ་པའི་བག་ཆགས་དེ་སོ་ཐར་གྱི་སྡོམ་པ་ཡིན་ནམ་མ་ཡིན། གལ་ཏེ་ཡིན་ན་དགེ་སློང་དེ་ཤི་འཕོས་པའི་ཚེ་དགེ་སློང་གི་སྡོམ་པའི་བག་ཆགས་གཏོང་བར་ཐལ། དེའི་ཚེ་སོ་ཐར་གཏོང་བའི་ཕྱིར། རྟགས་ཁྱབ་ཁས། འདོད་ན་དགེ་སློང་ཤི་འཕོས་པའི་རྗེས་སུ་ཤེས་རྒྱུད་ལ་དགེ་སློང་གི་བག་ཆགས་མེད་པར་འགྱུར་ཅིང་། དེའང་འདོད་ན་ཐོས་བསམ་སྒོམ་པ་སོགས་ལའང་མཚུངས་པས་གཞི་ཚུལ་ཁྲིམས་ལ་གནས་ནས་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་དགོས་པ་མེད་པར་འགྱུར་རོ། །ཞེས་སོགས་སྨྲས་ན་ཅང་མི་གསུང་བར་འགྱུར་རོ། །གལ་ཏེ་ཀུན་གཞིའི་སྟེང་གི་སོ་ཐར་གྱི་སྡོམ་པའི་བག་ཆགས་དེ་ཉིད་སོ་ཐར་གྱི་སྡོམ་པ་མ་ཡིན་ན་གང་ཟག་དེའི་རྒྱུད་ལ་སོ་ཐར་གྱི་སྡོམ་པ་གཏན་མེད་པར་འགྱུར་ཏེ་བག་ཆགས་དེ་ལས་གཞན་པའི་སོ་ཐར་གྱི་སྡོམ་པ་གཞན་མེད་པར་ཁས་བླངས་པའི་ཕྱིར་རོ། །ཉི་ཟླ་སྐར་གསུམ་གྱི་དཔེ་དང་སྦྱར་བ་ཡང་མི་འཐད་དེ། རང་གི་རྟོག་པས་སྦྱར་བ་ཙམ་ཡིན་གྱི་ལུང་རྣམ་པར་དག་པ་གང་ནས་ཀྱང་མ་བཤད་པའི་ཕྱིར་རོ། །སྔགས་སྡོམ་ལ་གནས་པའི་གང་ཟག་གིས་གཞན་དོན་དུ་སྡོམ་པ་འོག་མ་ལེན་པ་དོན་ལ་གནས་ཀྱང་ཁྱེད་ལ་འགལ་ཏེ། སོ་ཐར་ལེན་པའི་བསམས་པའི་ཡན་ལག་ཏུ་རང་དོན་ཡིད་བྱེད་དགོས་པར་ཁས་བླངས་པའི་ཕྱིར་རོ། །གོང་མ་གནས་ཀྱི་བར་དུ་འོག་མའི་ལྟུང་བ་བྱུང་ཡང་རྣམ་སྨིན་གྱིས་མི་གོས་པར་འདོད་པ་ལ་ཡང་བརྗོད་པར་བྱ་སྟེ། སྔགས་སྡོམ་ལ་གནས་པའི་གང་ཟག་ལ་བྱང་སེམས་ཀྱི་སྡོམ་པ་ལ་ལྟོས་པའི་རྩ་ལྟུང་བྱུང་ན་བྱང་སེམས་ཀྱི་སྡོམ་པ་ཉམས་ལ་དེ་ཉམས་ན་འགྲོ་བ་ཀུན་བསླུས་པས་གནོད་པ་ཤིན་ཏུ་མང་བ་དང་། རྒྱལ་དང་དེ་སྲས་ཐམས་ཅད་དང་། །འགྲོ་བ་ཀུན་གྱིས་ཤིན་ཏུ་ཁྲེལ། །ཕམ་པའི་ལྕི་ཡང་བྱེ་བྲག་གིས། །བསྐལ་པའི་གྲངས་བཞིན་དམྱལ་བར་གནས། །ཞེས་ཁས་བླངས་པ་དང་ཅིའི་ཕྱིར་མི་འགལ། གལ་ཏེ་ཉེས་དམིགས་དེ་དག་ནི་སྡོམ་པ་རེ་རེ་དང་ལྡན་པ་ཉམས་པའི་དབང་དུ་བྱས་ཀྱིས་གོང་མ་དང་ལྡན་པའི་དབང་དུ་བྱས་པ་མ་ཡིན་ནོ་སྙམ་ན་དེ་ཤིན་ཏུ་མི་འཐད་དེ། གོང་མ་དང་ལྡན་པའི་ཚེ་ཡང་སྡོམ་པ་གསུམ་ཆར་གྱི་གཏོང་ཐོབ་གནས་པའི་ཚུལ་ཐམས་ཅད་རང་རང་གི་ཆོ་ག་བཞིན་གནས་པར་ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །གོང་མའི་ལྟུང་བ་བྱུང་ན་འོག་མ་གནས་ཀྱང་སྐྱོབ་མི་ནུས་པ་ལ་ཡང་དཔྱད་པར་བྱ་སྟེ། བྱང་སེམས་ལས་དང་པོ་པ་འགའ་ཞིག་བྱང་སེམས་ཀྱི་སྡོམ་པ་བཏང་ནས་སོ་ཐར་ལ་གནས་ཏེ་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་མེད་པར་ཐལ། གོང་མའི་ལྟུང་བ་བྱུང་ན་འོག་མས་སྐྱོབ་མི་ནུས་པའི་ཕྱིར། འདོད་ན་བྱང་སེམས་རིགས་མ་ངེས་པ་རྣམས་ཐེག་དམན་དུ་འཇུག་པ་མེད་པར་འགྱུར་རོ། །གཞན་ཡང་དཔེ་དང་བསྒྲིགས་པ་ལྟར་ན་སྔགས་སྡོམ་ལ་ལྟོས་པའི་རྩ་ལྟུང་བྱུང་བའི་བྱང་སེམས་ཀྱི་སྡོམ་པས་སྐྱོབ་མི་ནུས་པ་ལྟར་སྔགས་སྡོམ་མ་བླངས་པའི་བྱང་སེམས་ཀྱི་སྡོམ་པས་ཀྱང་སྐྱོབ་མི་ནུས་པར་ཐལ། ཉི་མ་ནུབ་ན་ཟླ་སྐར་གནས་ཀྱང་མུན་པའི་བག་ཡིན་པ་ལྟར་ཉི་མ་མ་ཤར་ན་ཟླ་སྐར་གནས་ཀྱང་མུན་པའི་བག་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །འདོད་ན་བྱང་སེམས་སྡོམ་པའི་ཕན་ཡོན་ནི། །གནས་སྐབས་བདེ་མང་མཐར་ཐུག་ནི། །རིང་མོ་ཞིག་ནས་རྫོགས་སངས་རྒྱས། །ཞེས་བཤད་པ་དང་དངོས་སུ་འགལ་ལོ། །གསེར་འགྱུར་གྱི་རྩིའི་དཔེས་གསུངས་པའི་དོན་གོང་མས་འོག་མ་ཟིལ་གྱིས་གནོན་པར་འདོད་པ་ཡང་མི་འཐད་དེ། གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་འགྱུར་བ་ལྟར། །ཞེས་པས་སྡོམ་པ་འོག་མ་གོང་མར་འགྱུར་བ་ལ་བཤད་དགོས་པའི་ཕྱིར་རོ། །གཞན་ལུགས་ཀྱི་གསུམ་ལྡན་དགག་པ་ལའང་བརྗོད་པར་བྱ་སྟེ། སློབ་དཔོན་གཉིས་ཀྱིས་སྡོམ་པ་འོག་མ་གཉིས་ཁྱབ་བྱ་ཁྱབ་བྱེད་དུ་གསུངས་པ་དེ་ཁྱེད་རང་གིས་ཀྱང་ཁས་ལེན་ནམ་མི་ལེན། མི་ལེན་ན་ཁྱབ་བྱ་ཁྱབ་བྱེད་ཡིན་པའི་རྟགས་ཀྱིས་གཞན་གྱིས་རྟེན་དང་བརྟེན་པར་འདོད་པ་དགག་མི་ནུས་ཏེ། གཏན་ཚིགས་རྒོལ་ཕྱིར་རྒོལ་གང་གིས་ཀྱང་ཁས་མ་བླངས་པའི་ཕྱིར་རོ། །གལ་ཏེ་ཁས་ལེན་ན་སྡོམ་པ་གཉིས་པོ་རྫས་གཅིག་ཏུ་ཐལ། ཁྱབ་བྱ་ཁྱབ་བྱེད་ཡིན་པའི་ཕྱིར། འཁོར་གསུམ་ཁས་བླངས་སོ། །རིག་འཛིན་གྱི་སྡོམ་པ་ཁོ་ན་ལ་གསུམ་ལྡན་སྦྱོར་ན་འོག་མ་གཉིས་ཆོ་ག་ལ་མི་ལྟོས་པར་སྐྱེ་བར་འགྱུར་རོ། །ཞེས་པ་ཡང་གྱི་ན་སྟེ། འོ་ན་ཐེག་པ་གསུམ་གྱི་རྟོགས་རིགས་འོག་མ་གཉིས་སྒོམ་མི་དགོས་པར་སྐྱེ་བར་ཐལ། ཐེག་ཆེན་གྱི་མཐོང་ལམ་གཅིག་པུ་ལ་རྟོགས་རིགས་གསུམ་ཚང་བའི་ཕྱིར། གལ་ཏེ་ཐེག་ཆེན་གྱི་སྦྱོར་ལམ་བསྒོམས་པས་རྟོགས་རིགས་གསུམ་ཀ་སྐྱེའོ་སྙམ་ན་དེ་མི་འཐད་པར་ཐལ། རྟོགས་རིགས་གསུམ་ཐུན་མོང་དུ་སྒོམ་པའི་ཐབས་སངས་རྒྱས་ཀྱིས་མ་གསུངས་པའི་ཕྱིར་རོ། །གསུམ་ཆར་ཁས་བླངས་སོ། སྔགས་སྡོམ་གཅིག་པུ་ལ་གསུམ་ལྡན་བསྔགས་པ་འབྲས་བུའི་སྒོ་ནས་ཡིན་ཀྱང་། འབྲས་བུ་ལ་མཆོག་དམན་ཡོད་མི་དགོས་ཏེ། འབྲས་བུ་མཐའ་དག་ཉེ་རིང་གི་སྒོ་ནས་བསྔགས་པ་ཡང་འབྲས་བུའི་སྒོ་ནས་བསྔགས་པར་འདུས་པའི་ཕྱིར། གཞན་དུ་ན་འབྲས་ཡུམ་ལ་ཉེ་རིང་གི་སྒོ་ནས་བསྔགས་པ་ཡང་འབྲས་བུའི་སྒོ་ནས་སྔགས་པ་མ་ཡིན་པར་འགྱུར་བའི་སྐྱོན་གནས་སོ། །དེས་ན་འོད་ཕྲེང་འདི་ནས་བཤད་པའི་སྡོམ་གསུམ་གྱི་རྣམ་བཞག་ཕལ་ཆེ་བ་ནི་ལུང་དང་། རིགས་པ་དང་། ཉམས་ལེན་གྱི་ཚུལ་གང་དང་ཡང་མི་མཐུན་ཅིང་། ཁྱད་པར་རྗེ་བཙུན་ས་སྐྱ་པའི་ལུགས་དང་རྣམ་པ་ཐམས་ཅད་དུ་མི་མཐུན་པས་ན་ས་སྐྱ་པའི་ལུགས་ཀྱི་སྡོམ་གསུམ་གྱི་རྣམ་བཞག་འཆད་པར་རློམ་ཞིང་འདི་ནས་བཤད་པའི་ཉི་ཟླ་སྐར་གསུམ་གྱི་དཔེ་རང་ལུགས་སུ་བྱེད་པ་དེ་དག་ནི་ཤིན་ཏུ་འཇམ་པའི་དར་ཟབ་ཀྱི་རེག་བྱ་སྤངས་ནས་དགྲ་བོའི་ལག་གི་མཚོན་ཆ་བླངས་ཏེ་རང་གི་ལུས་འདྲལ་བ་ལ་རེག་བྱ་འཇམ་པོ་འབྱུང་བར་འདོད་པ་དང་མཚུངས་སོ། །གཉིས་པ་རྒྱན་གྱི་དཔེས་དུས་མཉམ་རྫས་ཐ་དད་དུ་འདོད་པ་དགག་པ་ལ་གཉིས་ལས། དང་པོ་འདོད་པ་བརྗོད་པ་ནི་སློབ་དཔོན་ཨ་བྷ་ཡ་ཀ་རས་དགོངས་རྒྱན་ལས། འོ་ན་གང་ཟག་ལ་ལ་གཅིག་དགེ་བསྙེན་གྱི་སྡོམ་པ་གསུམ་དང་། དགེ་ཚུལ་དང་། དགེ་སློང་དང་། བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་སེམས་དཔའི་སྡོམ་པ་རིམ་པ་བཞིན་དུ་བླངས་པ་ན་མེ་དང་བྲལ་ན་གྲང་བ་ལྟར་སྡོམ་པ་ཕྱི་མ་སྐྱེ་དུས་སྔ་མ་འཇིག་གམ། ཡང་ན་སོ་ཐར་གྱི་སྤོང་བ་འཕེལ་བ་དང་ལྡན་པ་ལྟར་སྔ་ཕྱི་ལྷན་ཅིག་གམ། ཡང་ན་ཉིན་གཅིག་ལ་སྣ་ཚོགས་པའི་རྒྱན་བཞིན་དུ་སོ་སོར་གནས་པར་བརྗོད་ཅེ་ན་སྡོམ་པ་ཉམས་པའི་རྒྱུ་མ་ཡིན་པའི་ཕྱིར་དང་། འགལ་བ་མེད་པའི་ཕྱིར་བསགས་པ་ཁོ་ན་ལ་འདི་རྣམས་ཀྱི་ཐ་སྙད་འཇོག་པས་སྔ་མ་གཉིས་མིན་གྱི་སྡོམ་པ་གོང་མ་ཐམས་ཅད་བླངས་ནས་སྐྱེས་ཏེ་སོ་སོར་གནས་པ་ཁོ་ནའོ་ཞེས་གསུངས་སོ། །དེའི་དོན་ཡང་གཞན་ནི་གོ་སླ་ལ་དགེ་བསྙེན་གྱི་སྡོམ་པ་གསུམ་ནི་སྣ་གཅིག་སྤྱོད་པ། སྣ་འགའ་སྤྱོད་པ། ཕལ་ཆེར་སྤྱོད་པ་གསུམ་ཡིན་ལ། འདོད་པ་དང་པོ་སྡོམ་པ་ཕྱི་མ་སྐྱེས་དུས་སྔ་མ་འཇིགས་པ་མ་ཡིན་ཏེ། ཕྱི་མ་སྔ་མ་འཇིག་པའི་རྒྱུ་མ་ཡིན་པའི་ཕྱིར་རོ། །དྲི་བ་གཉིས་པ་སྔ་ཕྱི་ལྷན་ཅིག་ཏུ་གནས་པ་ཡང་མ་ཡིན་ཏེ་རྡུལ་ཕྲན་བསགས་པའི་གཟུགས་ཅན་ཁོ་ན་ལ་སྡོམ་པ་གསུམ་གྱི་ཐ་སྙད་འཇོག་པ་ཡིན་ཅིང་། གཟུགས་རྫས་གཞན་པ་གཉིས་གང་ཟག་གཅིག་གི་རྒྱུད་ལ་གནས་པ་ལ་འགལ་བ་མེད་པའི་ཕྱིར་རོ། །དེས་ན་འདིའི་ལུགས་ནི་མཛོད་ལས། ཐ་དད་དེ་དག་འགལ་བ་མེད། །ཅེས་པ་ཤེས་བྱེད་དུ་མཛད་ནས་སྡོམ་པ་གཟུགས་ཅན་རྫས་ཐ་དད་པ་སྐྱེས་བུའི་རྒྱན་སྣ་ཚོགས་པ་བཞིན་དུ་གནས་པར་མཛད་དོ། །གཉིས་པ་དེ་དགག་པ་ནི་སྤྱིར་སྡོམ་པ་གཟུགས་ཅན་དུ་འདོད་པའི་ཚུལ་ནི་བཀག་ཟིན་ཅིང་ཁྱད་པར་བྱང་སེམས་ཀྱི་སྡོམ་པ་གཟུགས་ཅན་དུ་འདོད་པ་ནི་ཤིན་ཏུ་མི་འཐད་དེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སྤོང་སེམས་ལ་བཤད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་པོ་གཟུགས་ཅན་དུ་འདོད་ན་འཇུག་པ་སེམས་བསྐྱེད་གཟུགས་ཅན་དུ་འདོད་དགོས་ཤིང་། འདོད་ན་སྨོན་སེམས་ཀྱང་གཟུགས་ཅན་དུ་ཐལ་བ་སོགས་ཧ་ཅང་ཐལ་ཞིང་། སྔགས་སྡོམ་གཟུགས་ཅན་དུ་འདོད་པ་ཡང་མི་འཐད་དེ། སྔགས་སྡོམ་གྱི་ངོ་བོ་ནི་ཐ་མལ་གྱི་ལུས་ངག་ཡིད་གསུམ་ལ་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་ཀྱི་ས་བོན་བཏབ་ནས་རྒྱུ་འབྲས་ལྷུན་འགྲུབ་ཏུ་ལོངས་སྤྱོད་པའི་ཐབས་ཁྱད་པར་ཅན་ཡིན་ལ་དེ་ལ་ནི་རྡུལ་ཕྲན་བསགས་པའི་གཟུགས་ཀྱི་དགོས་པ་མེད་པའི་ཕྱིར་རོ། །ཉན་ཐོས་ཀྱི་སོ་ཐར་དང་ལྡན་པའི་གང་ཟག་གིས་སྡོམ་པ་གོང་མ་གཉིས་རིམ་ཅན་དུ་བླངས་པའི་ཚེ་གསུམ་ཀ་ཡང་སྐྱེས་བུའི་རྒྱན་བཞིན་དུ་རྫས་སོ་སོར་གནས་པར་འདོད་པ་ཡང་མི་འཐད་དེ། དེའི་ཚེ་ཉན་ཐོས་ཀྱི་སོ་ཐར་དེ་ཐེག་ཆེན་གྱི་སོ་ཐར་དུ་འགྱུར་ན་བྱང་སེམས་ཀྱི་སྡོམ་པར་འགྱུར་བ་ཡང་བཟློག་ཏུ་མེད་ཅིང་གལ་ཏེ་མི་འགྱུར་ན་གང་ཟག་དེའི་རྒྱུད་ལ་བྱང་སེམས་ཀྱི་སྡོམ་པ་དང་ཉན་ཐོས་ཀྱི་སོ་ཐར་གཉིས་ཀ་ཡོད་པར་འགྱུར་ཏེ་ཉན་ཐོས་ཀྱི་སོ་ཐར་གཏོང་བྱེད་ཀྱི་རྒྱུ་མ་བྱུང་ཞིང་ཐེག་ཆེན་གྱི་སོ་ཐར་དུ་གནས་འགྱུར་བ་ཡང་མེད་པའི་ཕྱིར་རོ། །འདོད་ན་མི་འཐད་དེ། ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས། ཉེ་བར་འཁོར་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་སྦྱོར་བ་ཡང་གཞན་ལྷག་པའི་བསམ་པ་ཡང་གཞན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་སྦྱོར་བ་ཡང་གཞན་ལྷག་པའི་བསམ་པ་ཡང་གཞན་ཡིན་ནོ། །ཉེ་བར་འཁོར་དེ་ལ་ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཡིན་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་དེ་ནི་ཉན་ཐོས་ཀྱི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་ཐེག་པ་པ་ནི་སྐད་ཅིག་ཙམ་སྲིད་པར་སྐྱེ་བ་ལེན་པར་སྤྲོ་ནའང་ཉེས་པ་ཡིན་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་ལ་བསྐལ་པ་དཔག་ཏུ་མེད་པར་འཁོར་བར་གནས་པ་ལ་མི་སྐྱོ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ཆུ་གཞོང་དུ་ནོར་བུ་བཞག་པའི་དཔེས་རྟེན་དང་བརྟེན་པ་རྫས་གཞན་དུ་འདོད་པ་དགག་པ་ནི། བོད་ཀྱི་སྡོམ་པ་གསུམ་གྱི་རྣམ་གཞག་བྱེད་པ་ལྕང་ར་་་་་་ཁ་ཅིག་ན་རེ། དང་པོར་སོ་ཐར་རིས་བདུན། དེ་ནས་བྱང་སེམས་ཀྱི་སྡོམ་པ། དེ་ནས་སྔགས་སྡོམ་ཐོབ་པའི་ཚེ་སྔ་ཕྱི་རྟེན་དང་བརྟེན་པའི་ཚུལ་དུ་རྫས་གཞན་དུ་གནས་པ་ཡིན་པ་ལ་གོང་མ་གོང་མའི་རྟེན་དུ་འོག་མ་འོག་མ་སྔོན་དུ་སོང་བ་ངེས་པར་དགོས་ཏེ། དཔེར་ན་གཞོང་པའི་ནང་དུ་ཆུ་བླུགས་ནས་དེའི་ནང་དུ་ནོར་བུ་བཞག་པ་བཞིན་ནོ་ཞེས་ཟེར་རོ། །དེ་དག་ནི་མི་འཐད་དེ། བྱང་སེམས་ཀྱི་སྡོམ་པའི་རྟེན་དུ་སོ་ཐར་དགོས་པ་དེ་ཉན་ཐོས་ཀྱི་སོ་ཐར་ལ་བྱེད་དམ། ཐེག་ཆེན་གྱི་སོ་ཐར་ལ་བྱེད། དང་པོ་ལྟར་ན་ཉན་ཐོས་ཀྱི་སོ་ཐར་ནི་བྱང་སེམས་ཀྱི་སྡོམ་པ་སྐྱེ་བ་དང་གནས་པ་གཉིས་ཀའི་རྟེན་དུ་མི་རུང་སྟེ། ཉན་ཐོས་ཀྱི་སོ་ཐར་གཏན་མི་སྐྱེ་བའི་རྟེན་ལ་ཡང་དབུ་མ་ལུགས་ཀྱི་བྱང་སེམས་ཀྱི་སྡོམ་པ་སྐྱེ་བར་གོང་དུ་བཤད་ཟིན་ཅིང་ཉན་ཐོས་ཀྱི་སོ་ཐར་ནི་ཤི་འཕོས་པའི་ཚེ་གཏོང་ལ་བྱང་སེམས་ཀྱི་སྡོམ་པ་ནི་ཤི་འཕོས་ནས་ཀྱང་མི་གཏོང་བའི་ཕྱིར་རོ། །གཉིས་པ་ལྟར་ན་རྟེན་དང་བརྟེན་པ་རྫས་གཞན་དུ་འདོད་པ་མི་འཐད་དེ། ཐེག་ཆེན་སོ་ཐར་ནི་རྫོགས་པའི་བྱང་ཆུབ་ལ་དམིགས་ཏེ་གཞན་ལ་གནོད་པ་སྤོང་བ་ཡིན་ལ་བྱང་སེམས་ཀྱི་སྡོམ་པ་ནི་རྫོགས་པའི་བྱང་ཆུབ་ལ་དམིགས་ཏེ་ཕན་པ་སྒྲུབ་པ་ཡིན་ཅིང་། གཞན་ལ་ཕན་པ་སྒྲུབ་པ་དང་གཞན་ལ་གནོད་པ་སྤོང་བ་གཉིས་ངོ་བོ་གཅིག་ཏུ་སྐྱེ་བའི་ཕྱིར་རོ། །གཞན་ཡང་ཁྱེད་ལྟར་ན་གཞོང་པ་དེ་ཆུ་མེད་པའི་ནོར་བུ་དང་། ཆུ་དང་བཅས་པའི་ནོར་བུ་གཉིས་ཀའི་རྟེན་ཡིན་པ་ལྟར་སོ་ཐར་རིས་བདུན་པོ་དེ་ཡང་བྱང་སེམས་ཀྱི་སྡོམ་པ་མེད་པའི་སྔགས་སྡོམ་དང་། བྱང་སེམས་ཀྱི་སྡོམ་པ་དང་བཅས་པའི་སྔགས་སྡོམ་གཉིས་ཀའི་རྟེན་དུ་རུང་བར་ཁས་ལེན་དགོས་ལ་དེ་འདོད་ན་སྔགས་སྡོམ་དང་བྱང་སེམས་ཀྱི་སྡོམ་པ་རྣམ་པ་ཀུན་དུ་རྟེན་དང་བརྟེན་པར་འདོད་པ་འགལ་ལོ། །གཞན་ཡང་དགེ་སློང་རྡོ་རྗེ་འཛིན་པས་སེམས་ཅན་གྱི་དོན་དུ་འགྱུར་བ་མཐོང་ནས་དགེ་སློང་གི་བསླབ་པ་ཕུལ་བའི་ཚེ་སྡོམ་པ་གོང་མ་གཉིས་པོ་གཏོང་བར་འགྱུར་ཏེ། སྡོམ་པ་གོང་མ་གཉིས་ཀྱི་རྟེན་གཏོང་བའི་ཕྱིར་རོ། །རྟགས་ཁས་ཁྱབ་པ་ཡོད་དེ། རྟེན་གཞོང་པ་མེད་ན་བརྟེན་པ་གཞོང་པའི་ཆུ་མེད་དགོས་པའི་ཕྱིར་རོ། །ཁྱབ་པ་ཁས་བླངས་སོ། །ཡང་བྱང་སེམས་ཀྱི་སྡོམ་པ་དང་གསང་སྔགས་ཀྱི་སྡོམ་པ་རྫས་གཞན་དུ་འདོད་པ་ནི་ཐེག་ཆེན་གྱི་སྡེ་སྣོད་ཀྱི་ཉམས་ལེན་གྱི་གནད་ངོས་མ་ཟིན་པ་ཡིན་ཏེ། སྔགས་སྡོམ་རྒྱུད་ལྡན་གྱི་གང་ཟག་གིས་འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ་ཚུལ་ཁྲིམས་རྣམ་པ་གསུམ་གྱི་ནང་དུ་མ་འདུས་པའི་ཐེག་ཆེན་གྱི་ཉམས་ལེན་གཞན་ཡོད་ན་ཉམས་ལེན་དེ་དགེ་བའི་ཆོས་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེས་ན་ཆུ་གཞོང་དུ་ནོར་བུ་བཞག་པ་ལྟར། སྔགས་སྡོམ་གྱི་ཉམས་ལེན་རང་རྒྱུད་ཀྱི་སྡོམ་པ་གཞན་གཉིས་ལ་ཡང་མ་ཁྱབ་པར་ཟུར་དུ་ཅུང་ཟད་ཙམ་ཡོད་པར་འདོད་པ་དེ་ནི་བསྐྱེད་རིམ་གྱི་དུས་སུ་སྣང་བའི་དངོས་པོ་ཐམས་ཅད་ལྷ་དང་། རྫོགས་རིམ་གྱི་དུས་སུ་སྣང་བ་ཐམས་ཅད་བདེ་ཆེན་དུ་ཤར་བ་དགོས་སོ་ཞེས་སྨྲ་བ་ནི་འུད་གོག་འབའ་ཞིག་ཏུ་སྣང་སྟེ། རྒྱལ་སྲས་སེམས་དཔའ་ཆེན་པོས། འགྲོ་ལ་ཉེ་རིང་ཆགས་སྡང་མ་སྤངས་ཀྱང་། །སྲིད་ཞི་མཉམ་པར་སྨྲ་བའི་འུད་གོག་ཅན། །ཞེས་གསུངས་པ་དང་ཆོས་མཚུངས་སམ་སྙམ་མོ། །བཞི་པ་གཞན་ལུགས་ལ་རང་ལུགས་སུ་འཁྲུལ་ནས་གནས་འགྱུར་རྫས་གཞན་དུ་འདོད་པ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི་སྡོམ་གསུམ་རབ་དབྱེའི་འགྲེལ་བྱེད་དགའ་་་་་་ཁ་ཅིག་ན་རེ། ད་ནི་འདི་དཔྱད་པར་བྱ་སྟེ། ཁ་ཅིག་སྡོམ་པ་གསུམ་པོ་རྗེ་བཙུན་ཆེན་པོས་རྩ་ལྟུང་འཁྲུལ་སྤོང་དུ་ངོ་བོ་གཅིག་ཏུ་གསུངས་པ། པཎྜི་ཏ་བི་བྷུ་ཏ་ཙནྟྲས་སྡོམ་གསུམ་འོད་ཀྱི་ཕྲེང་བར་ཉི་ཟླ་སྐར་གསུམ་གྱི་དཔེས་ངོ་བོ་གཅིག་པ་བཀག་ནས་རྫས་ཐ་དད་དུ་བཤད་ཟེར་རོ། །དེ་ནི་རི་བོང་གི་ཅལ་ལྟར་ཡིན་ཏེ། རྗེ་བཙུན་ཆེན་པོས་དགེ་སློང་རྡོ་རྗེ་འཛིན་པ་ལྟ་བུའི་སྡོམ་གསུམ་གནས་འགྱུར་བའི་ཚེ་སྒྲ་ཟིན་ལ་ངོ་བོ་གཅིག་ཅེས་གསུངས་ལ། དེ་ཡང་དེའི་ཚེ་སྡོམ་གསུམ་རྒྱུན་རྫས་གཅིག་པ་ལ་དགོངས་པ་ཡིན་ཏེ་སྡོམ་པའི་སྐད་ཅིག་སྔ་ཕྱི་རྫས་གཅིག་པར་ནི་མི་བཞེད་དེ། མདོ་རྒྱུད་བསྟན་བཅོས་ཚད་ལྡན་དང་མི་མཐུན་པའི་ཕྱིར་རོ། །དེ་ལ་ཁ་ཅིག་སྡོམ་གསུམ་རྫས་གཅིག་ཡིན་ཏེ་ཐ་དད་ཡིན་ན་རྒྱུད་གཅིག་ལ་སྤོང་སེམས་དུ་མ་ཅིག་ཆར་དུ་བསྐྱེད་དགོས་པའི་ཕྱིར་རོ། །དེ་ལྟར་ན་རྣམ་འགྲེལ་ལས། རྟོག་གཉིས་གཅིག་ཆར་འཇུག་པ་མེད་ཅེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ཡང་མི་འཐད་དེ། གཞུང་དེའི་དགོངས་པ་ནི་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པ་ལྟ་བུའི་སེམས་རིས་མཐུན་སྐད་ཅིག་སྔ་ཕྱི་ཅིག་ཆར་མི་སྐྱེ་བར་བཤད་པའི་ཕྱིར་རོ། །དེས་ན་སྡོམ་གསུམ་རྫས་ཐ་དད་པ་ལ་སྐྱོན་དེ་མི་འཇུག སྡོམ་གསུམ་རྫས་གཅིག་ན་སྐྱོན་དེ་འཇུག་སྟེ། ད་ལྟའི་དགེ་སློང་རྡོ་རྗེ་འཛིན་པ་སྡོམ་པ་གསུམ་ལྡན་དེས་ཐེག་ཆེན་སོ་ཐར་ལ་སོགས་པའི་སྡོམ་པ་གསུམ་རང་རང་གི་མི་མཐུན་ཕྱོགས་སྤོང་སེམས་ཀྱིས་ཟིན་པའི་ཆོ་གས་ཐོབ་པའི་ཕྱིར། གཞན་ཡང་དགེ་སློང་ཕ་མ་ལྟ་བུ་མཚན་ཡོངས་སུ་གྱུར་པའི་ཚེ་སྡོམ་པ་དེ་གཉིས་རྫས་ཀྱི་རྒྱུན་གཅིག་པས་དགེ་སློང་ཕ་མའི་སྡོམ་པ་ནི་རྫས་གཅིག་ཅེས་མི་བྱ་སྟེ། མཛོད་ལས། ཐ་དད་དེ་དག་འགལ་བ་མེད། །ཅེས་བཤད། རང་འགྲེལ་ལས་ཀྱང་། སྡོམ་པ་དེ་དག་ལྔ་དང་བཅུ་དང་ཉི་ཤུ་ཞེས་བྱ་བ་ལྟ་བུ་དང་། དོང་ཙེ་གཅིག་དང་གཉིས་ཞེས་བྱ་བ་བཞིན་དུ་གཞན་དང་གཞན་ཞེས་བྱ་བའམ། འོན་ཏེ་དེ་དག་ཐམས་ཅད་ཐ་དད་པ་ཉིད་གཅིག་ཏུ་སྐྱེ་ཞེ་ན། སྨྲས་པ་ཐ་དད་དེ་དག་ནི་མ་འདྲེས་པ་ཉིད་དེ། སྡོམ་པ་གསུམ་དག་ལ་སྲོག་གཅོད་སྤོང་བ་གསུམ་ནས་མྱོས་པར་འགྱུར་བའི་ལྟུང་བ་སྤོང་བ་གསུམ་གྱི་བར་མཚན་ཉིད་ཐ་དད་པར་སྐྱེ་སྟེ་ལྷག་མ་རྣམས་ཀྱང་དེ་དང་འདྲའོ། །དེ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན་གཞིའི་ཁྱད་པར་ལས་ཁྱད་པར་ཡོད་དོ། །ཞེས་གསུངས་སོ། །དེས་ན་སྡོམ་པ་གསུམ་རྫས་ཐ་དད་ཀྱང་དགེ་སློང་རྡོ་རྗེ་འཛིན་པ་ལ་སྡོམ་པ་གསུམ་ལྡན་པའི་ཚུལ་ནི་རྐྱེན་དབང་གིས་གཅིག་མངོན་གྱུར་དུ་ལྡན་པའི་ཚེ་གཅིག་ཤོས་གཉིས་དབང་ལྡན་གྱི་ཚུལ་གྱིས་ལྡན་ཏེ། ཐོབ་བྱེད་ཀྱི་རྒྱུས་ཐོབ་ལ་གཏོང་བྱེད་ཀྱི་རྒྱུས་ཉམས་པར་མ་བྱས་པའི་ཕྱིར་རོ། །གནས་འགྱུར་བརྩི་བའི་ཚེ་ན་ཡང་སྡོམ་པ་གསུམ་ངོ་བོ་གཅིག་ཅེས་སྒྲ་ཇི་བཞིན་དུ་ཁས་མི་ལེན་ནོ། །དེས་ན་རྡོ་རྗེ་རྩེ་མོ་ལས། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །ཞེས་དང་། རྒྱུད་འབུམ་པ་ལས། རྡོ་ཡི་རིགས་ཀྱི་བྱེ་བྲག་གིས། །ཞེས་སོགས་གསུངས་པའི་དོན་རྗེ་བཙུན་ཡབ་སྲས་ཀྱི་དགོངས་པ་ཡང་ཁོ་བོས་བཤད་པ་འདི་ཁོ་ན་ལྟར་ཡིན་ལ། གཞན་གྱིས་ཐོས་ཐོས་བོན་དུ་གྱེར་བར་མི་བྱའོ། །ཞེས་ཟེར་རོ། །གཉིས་པ་ནི་འཁྲུལ་སྤོང་ལས་ངོ་བོ་གཅིག་ཏུ་གསུངས་པ་འོད་ཕྲེང་མཁན་པོས་བཀག་པ་མ་ཡིན་ནོ། །ཞེས་སྨྲ་བ་ནི་ཕྱོགས་སྔ་ཕྱི་གཉིས་ཀ་ལ་ཞིབ་ཏུ་མ་དཔྱད་པ་སྟེ། འོད་ཕྲེང་ལས་རྒྱུད་འབུམ་པའི་ལུང་དྲངས་པའི་དེ་མ་ཐག་ཏུ་གསུངས་པའི་དོན་ལ་ཁ་ཅིག་ནི་གནས་འགྱུར་ངོ་བོ་གཅིག་ཟེར་ཏེ། ཞེས་གནས་འགྱུར་ངོ་བོ་གཅིག་པ་ཕྱོགས་སྔར་བྱས་ནས་དགག་པ་རྒྱས་པར་བཤད་ཅིང་རྒྱུད་འབུམ་པའི་ལུང་གི་དོན་ལ། གནས་འགྱུར་ངོ་བོ་གཅིག་ཏུ་འདོད་པ་འཁྲུལ་སྤོང་མཁན་པོ་ལས་འདོད་པ་གཞན་འདི་ཡིན་ཞེས་བསྟན་རྒྱུ་མི་འདུག་པའི་ཕྱིར་དང་། འཁྲུལ་སྤོང་ལས་སྒྲས་ཟིན་ལ་ངོ་བོ་གཅིག་པར་བཤད་པ་ཁྱེད་རང་ཁས་ལེན་ཅིང་གནས་འགྱུར་ངོ་བོ་གཅིག་པ་འཁྲུལ་སྤོང་གི་དགོངས་པ་ཡིན་པ་ཡང་འོག་ཏུ་རྒྱས་པར་འཆད་པར་འགྱུར་བའི་ཕྱིར་རོ། །ཡང་རྗེ་བཙུན་གྱི་དགོས་པ་དགེ་སློང་རྡོ་རྗེ་འཛིན་པ་ལྟ་བུའི་སྡོམ་གསུམ་གནས་འགྱུར་བར་འདོད་པ་ཡང་ཁྱོད་ཀྱི་ལུགས་ལ་ཤིན་ཏུ་འགལ་ཏེ་སོ་ཐར་གྱི་སྡོམ་པ་གཟུགས་ཅན་དང་། བྱང་སེམས་ཀྱི་སྡོམ་པ་ཤེས་པར་ཁས་བླངས་པས་བེམ་པོ་ཤེས་པར་གནས་འགྱུར་བར་འདོད་དགོས་ལ། དེ་ནི་ཆོས་ཀྱི་གྲགས་པས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཞེས་གསུངས་པས་བཀག་གོ །སྡོམ་གསུམ་གནས་འགྱུར་བའི་ཚེ་རྒྱུན་རྫས་གཅིག་ཅེས་པ་ཡང་དཔྱད་ན་མི་འཐད་དེ། རྒྱུན་གྱི་གདགས་གཞི་རྣམས་རྫས་གཅིག་ན་སྐད་ཅིག་སྔ་ཕྱི་རྫས་གཅིག་པར་ཐལ་བ་བཟློག་ཏུ་མེད་ཅིང་དེ་ལས་གཞན་པའི་རྒྱུན་རྫས་གཅིག་པ་ནི་མི་འཐད། རྒྱུན་རྫས་སུ་མ་གྲུབ་པའི་ཕྱིར་རོ། །རྫས་གཞན་གྱི་རྒྱུན་གཅིག་པ་དང་། རྒྱུན་རྫས་གཅིག་པ་གཉིས་ཀྱི་ཁྱད་པར་ཤིན་ཏུ་ཡང་ཆེ་བའི་ཕྱིར་རོ། །སྡོམ་པའི་སྐད་ཅིག་སྔ་ཕྱི་རྫས་གཅིག་པར་རྗེ་བཙུན་གྱི་དགོངས་པར་འདོད་པ་ལ་དགག་པ་བརྗོད་པ་ནི་དོན་མེད་པ་ཁོ་ན་སྟེ་དེ་ལྟར་སྨྲ་མཁན་སུ་ཡང་མེད་པའི་ཕྱིར་རོ། །རྟོག་གཉིས་ཅིག་ཆར་འཇུག་པ་མེད་ཅེས་པའི་དོན་སེམས་རིགས་མཐུན་སྐད་ཅིག་སྔ་ཕྱི་ཅིག་ཆར་མི་སྐྱེ་བ་ལ་འདོད་པ་ནི་བཞད་གད་ཀྱི་གནས་སོ། །སྡོམ་གསུམ་རྫས་གཅིག་ན་སྤོང་སེམས་དུ་མ་ཅིག་ཆར་དུ་སྐྱེ་བར་འགྱུར་རོ་ཞེས་སྨྲ་བ་ཡང་རྫས་གཅིག་པའི་དོན་མ་རྟོགས་པ་ཁོ་ན་སྟེ་སྤོང་སེམས་གསུམ་པོ་ཡང་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཡིན་གྱི་རྫས་ཐ་དད་དུ་མེད་པའི་ཕྱིར། གལ་ཏེ་བྱང་སེམས་ཀྱི་སྡོམ་པའི་མི་མཐུན་ཕྱོགས་རང་དོན་ཡིད་བྱེད་སྤོང་བའི་སེམས་པ་དང་། སོ་ཐར་གྱི་སྡོམ་པའི་མི་མཐུན་ཕྱོགས་གཞན་གནོད་གཞི་བཅས་སྤོང་བའི་སེམས་པ་གཉིས་པོ་རྫས་གཅིག་པ་ཡིན་པས་ཤེས་པ་གཅིག་གི་འཁོར་དུ་སེམས་བྱུང་གཉིས་ཅིག་ཆར་འབྱུང་བ་མི་སྲིད་དོ་སྙམ་ན་མི་འཐད་དེ། དེ་ལྟར་ན་སྲོག་གཅོད་སྤོང་བའི་སྤོང་སེམས་དང་། མ་བྱིན་ལེན་སྤོང་བའི་སྤོང་སེམས་གཉིས་པོ་ཡང་རྫས་ཐ་དད་དུ་འགྱུར་ལ། དེ་ལྟར་ན་སོ་ཐར་གཅིག་པོ་ལ་ཡང་མི་མཐུན་ཕྱོགས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་སྤོང་སེམས་རྫས་ཐ་དད་པ་ཁས་ལེན་དགོས་པར་འགྱུར་ཅིང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་སེམས་བྱུང་གསུམ་པོ་ཡང་རྫས་ཐ་དད་དུ་ཁས་ལེན་དགོས་པས་ཤེས་པ་གཅིག་གི་འཁོར་དུ་འབྱུང་མི་སྲིད་པ་སོགས་སྐྱོན་མཐའ་ཡས་པ་གནས་སོ། །མཛོད་ཀྱི་དགོངས་པ་ལ་དགེ་སློང་ཕ་མའི་སྡོམ་པ་གཉིས་རྫས་ཐ་དད་པའི་ཤེས་བྱེད་དུ་ཐ་དད་དེ་དག་འགལ་བ་མེད་ཅེས་པའི་རྩ་འགྲེལ་དྲངས་པ་ནི་རང་གི་དེ་ཉིད་སྟོན་པར་ཟད་དེ། ཚིག་གསུམ་རིམ་ཅན་དུ་བླངས་པའི་གང་ཟག་གི་རྒྱུད་ཀྱི་དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་གསུམ་རྫས་ཐ་དད་པ་དེ་དགེ་སློང་ཕ་མའི་སྡོམ་པ་རྫས་ཐ་དད་པའི་ཤེས་བྱེད་དུ་དྲངས་འདུག་པའི་ཕྱིར་དང་། རྫས་སུ་རྣམ་པ་བཞི་ཡིན་ནོ། །ཞེས་པ་དང་དངོས་སུ་འགལ་བའི་ཕྱིར་རོ། །སྡོམ་གསུམ་ལྡན་པའི་ཚུལ་ལ་གཅིག་མངོན་གྱུར་དུ་ལྡན་པའི་ཚེ་གཅིག་ཤོས་གཉིས་དབང་ལྡན་གྱི་ཚུལ་དུ་ལྡན་གྱི་མངོན་གྱུར་དུ་མེད་པར་འདོད་པ་ལ་ནི་སྔར་འོད་ཕྲེང་མཁན་པོས་བག་ལ་ཉལ་བའི་ཚུལ་དུ་འདོད་པ་ལ་དགག་པ་བརྗོད་པའི་རིགས་པ་རྣམས་ནི་འདིར་ཡང་འཇུག་པར་ཤེས་པར་བྱ་སྟེ། དེ་ཡང་ཀུན་ལས་བཏུས་ལས་ས་བོན་དང་ལྡན་པ་དང་། དབང་དང་ལྡན་པ་དང་། མངོན་གྱུར་དུ་ལྡན་པ་གསུམ་ལས་བག་ལ་ཉལ་བའི་ཚུལ་དུ་འདོད་པ་ལ་ནི་ལྡན་ཚུལ་དང་པོ་ཡིན་ལ། དབང་དང་ལྡན་པར་འདོད་པ་ནི་ལྡན་ཚུལ་གཉིས་པ་ཡིན་ཅིང་དེ་གཉིས་ཀས་ཀྱང་མངོན་གྱུར་དུ་མི་ལྡན་པར་འདོད་པ་མཚུངས་སོ། །ཁྱད་པར་དུ་འདིར་འོག་མ་མངོན་གྱུར་དུ་ལྡན་པའི་ཚེ་གོང་མ་མངོན་གྱུར་དུ་མི་ལྡན་པར་འདོད་པས་ཤིན་ཏུ་སྨད་པའི་གནས་ཏེ་དགེ་སློང་རྡོ་རྗེ་འཛིན་པས་བདེར་གཤེགས་བཀའ་འདས་ཀྱི་རྩ་ལྟུང་སྤོང་བའི་ཚེ་འོག་མ་གཉིས་ཀྱི་རྩ་བའི་ལྟུང་བ་སྤོང་བའི་སྤོང་སེམས་མེད་པར་འགྱུར་བས་རྩ་ལྟུང་གཉིས་པ་སྤོང་བའི་ཐབས་ཀྱང་མི་རྙེད་པར་འགྱུར་རོ། །གཞན་ཡང་སྨོན་སེམས་ཉམས་པ་སྤོང་བའི་སྤོང་སེམས་དང་། རྩ་ལྟུང་ལྔ་པ་སྤོང་བའི་སྤོང་སེམས་གཉིས་དུས་མཉམ་དུ་ལྡན་མི་སྲིད་པར་ཐལ། སྡོམ་པ་གོང་འོག་གི་སྤོང་སེམས་དུས་མཉམ་དུ་ལྡན་མི་སྲིད་པའི་ཕྱིར། དེ་ལ་སོགས་པ་མཐའ་ཡས་སོ། །དེས་ན་རྡོ་རྗེ་རྩེ་མོ་དང་། རྒྱུད་འབུམ་པའི་ལུང་གི་དོན་རྗེ་བཙུན་ཡབ་སྲས་ཀྱིས་བཤད་པའི་དགོངས་པ་སྡོམ་པ་གསུམ་རྫས་ཐ་དད་པ་ལ་འདོད་པ་ནི་དངོས་སྟོབས་ཀྱི་རིགས་པ་ལ་བསྙོན་འདིངས་པ་ཡིན་པས་གཞན་གྱི་བརྒྱུད་པའི་མན་ངག་ཐོས་ཐོས་བོན་དུ་གྱེར་བའི་རྗེས་སུ་མ་འབྲངས་ན་ལེགས་སམ་སྙམ་མོ། །གཉིས་པ་རང་ལུགས་བཞག་པ་ལ་གཉིས་ཏེ། བཤད་བྱ་རྡོ་རྗེའི་ཚིག་འགོད་པ་དང་། དེའི་དོན་ཚུལ་བཞིན་དུ་བཤད་པའོ། །དང་པོ་ནི། རྗེ་བཙུན་འཁྲུལ་པའི་དྲི་མ་སྤངས་པ་རྡོ་རྗེ་འཛིན་པ་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས་སྡོམ་པ་ཉི་ཤུ་པའི་འགྲེལ་པར་དེ་ལྟར་ན་རྡོ་རྗེ་རྩེ་མོ་ལས། སྡོམ་པ་གསུམ་ལ་གནས་པ་ནི། །དང་པོ་ཁྲུས་སུ་བཤད་པ་ཡིན། །ཞེས་གང་ཟག་གཅིག་གི་རྒྱུད་ལ་སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའི་སྡོམ་པ་གསུམ་དང་ལྡན་པར་གསུངས་པ་འགལ་ལོ་ཞེ་ན་དེའི་དོན་འདི་ཡིན་ཏེ། སྤྱིར་སོ་སོར་ཐར་པ་ཞེས་བྱ་བའི་རང་གི་ངོ་བོ་ནི་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པ་ཡིན་ལ། དེའི་སྟེང་དུ་ཕན་འདོགས་པ་འདོད་ཅིང་ཞུགས་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ཅིང་། དེའི་སྟེང་དུ་རིག་པ་འཛིན་པ་ནི་རིག་པ་འཛིན་པའི་སྡོམ་པ་ཡིན་ནོ། །དེ་ལ་སོ་སོར་ཐར་པ་ནི་གཉིས་ཏེ། ཉན་ཐོས་ཀྱི་སོ་སོར་ཐར་པ་དང་། བྱང་སེམས་ཀྱི་སོ་སོར་ཐར་པ་ལས། འདིར་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ནི་སྡོམ་པ་ཐོབ་པ་དང་གནས་པ་གཉིས་ཀའི་རྟེན་དུ་རུང་གི་སྔ་མ་ནི་དེ་ལྟར་མ་ཡིན་པས་རྡོ་རྗེ་རྩེ་མོའི་དགོངས་པ་ནི་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་དེ་བླང་བའི་ཆོ་ག་གཞན་ཤིག་ཡོད་དམ་སོ་སོར་ཐར་པའི་སྡོམ་པ་ཉིད་ཡིན་ཞེ་ན། སྔར་སོ་སོར་ཐར་པའི་སྡོམ་པ་ཐོབ་ན་ཕྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པའི་དུས་སྔར་གྱི་དེ་བྱང་ཆུབ་སེམས་དཔའི་སྡོམ་པར་གནས་འགྱུར་ལ་སྔར་མ་ཐོབ་ན་ནི་བྱང་ཆུབ་སེམས་པའི་སྨོན་པའི་དུས་ཉིད་དུ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་སྡོམ་པ་ཐོབ་པ་ཡིན་ནོ། །རྣམ་པར་སྤྲོས་པས་ཆོག་གོ་ཞེས་པ་དང་། རྩ་ལྟུང་འཁྲུལ་སྤོང་ལས། འདིར་ཁ་ཅིག་འདི་སྐད་དུ། གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །ཞེས་བྱ་བ་ཐུན་མོང་གི་སྐྱབས་འགྲོ་དང་། སོ་སོར་ཐར་པ་ལ་འཆད་ཅིང་། རྡོ་རྗེ་རྩེ་མོ་ལས་ཀྱང་། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་ངོ་བོའོ། །ཞེས་གསུངས་པའི་གཉིས་ཀའང་སྐྱོན་དང་བཅས་པ་ཡིན་ཏེ། རིག་པ་འཛིན་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་ནི་ནང་མི་འགལ་མོད། སོ་སོར་ཐར་པའི་སྡོམ་པ་འདི་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པའི་རྟེན་དུ་མི་རུང་སྟེ། སོ་སོར་ཐར་པ་ནི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་མ་ཡིན་པ་གཞན་ལ་མི་སྐྱེ་ལ་བྱང་ཆུབ་ཀྱི་སེམས་ནི་འགྲོ་བ་མཐའ་དག་ལ་སྐྱེ་བར་གསུངས་པའི་ཕྱིར་རོ། །ཡང་གནས་པའི་རྟེན་དུ་ཡང་མི་འཐད་དེ། སོ་སོར་ཐར་པ་ནི་ཤི་ནས་གཏོང་ལ་བྱང་ཆུབ་སེམས་ནི་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་མི་གཏོང་བའི་ཕྱིར་རོ་ཞེ་ན་ཉན་ཐོས་དང་ཐུན་མོང་བའི་སོ་སོར་ཐར་པ་འདི་ནི་ཐོབ་པ་དང་གནས་པའི་རྟེན་དུ་མི་རུང་བར་ཁྱེད་སྨྲ་བ་བཞིན་དུ་ཁོ་བོ་ཅག་ཀྱང་སྨྲའོ། །འོ་ན་ཁྱེད་ཀྱི་སོ་སོར་ཐར་པ་སྔོན་དུ་མ་སོང་བའི་སྡོམ་པ་གསུམ་གང་ཡིན་ཞེ་ན། འདིར་སོ་སོར་ཐར་པའི་རང་བཞིན་ནི་གཞན་ལ་གནོད་པ་བྱེད་པ་གཞི་དང་བཅས་པ་ལས་ལོག་པར་བྱེད་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་དེའི་སྟེང་དུ་གཞན་ལ་ཕན་འདོགས་པར་ཞུགས་པ་ཡིན་ཅིང་རིག་པ་འཛིན་པ་ནི་དེ་དག་ཀྱང་ལྷའི་རྣམ་པར་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པས་ན་འདི་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ནོ། །འོ་ན་སྔར་སོ་སོར་ཐར་པའི་སྡོམ་པ་དགེ་སློང་གི་བར་ཐོབ་པ་ཞིག་གིས་ཕྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སླར་ཡང་དབང་མནོས་པར་འགྱུར་ན་འདི་ལ་སྡོམ་པ་ཇི་ལྟར་ལྡན་ཞེ་ན། དགེ་སློང་གིས་སེམས་བསྐྱེད་པའི་ཚེ་སོ་སོར་ཐར་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྡོམ་པར་འགྱུར་ལ། དཀྱིལ་འཁོར་དུ་ཞུགས་པའི་ཚེ་ན་སྡོམ་པ་ཐམས་ཅད་ཀྱང་རིག་པ་འཛིན་པའི་སྡོམ་པ་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་རྒྱུད་འབུམ་པའི་ལུང་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གྲུབ་པ་ཞེས་བྱ་བ་ལས་བྱུང་བ། རྡོ་ཡི་རིགས་ཀྱི་བྱེ་བྲག་གིས། །བཞུས་པས་ལྕགས་དང་ཟངས་དངུལ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་བསྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་གསུངས་སོ། །དཔེ་དེའི་རྡོ་ནི་ཕལ་པ་ཡིན་ལ། ལྕགས་ནི་ཉན་ཐོས་ཀྱི་བསླབ་པར་བྱ་བ། ཟངས་ནི་རང་རྒྱལ་གྱི་བསླབ་པར་བྱ་བ། དངུལ་ནི་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་ཡིན་ཅིང་གསེར་འགྱུར་རྩི་ནི་རྡོ་རྗེ་ཐེག་པའི་བསླབ་པར་བྱ་བ་ཡིན་པར་མངོན་ནོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། རིམ་གྱིས་བླངས་པའི་ཚེ་གནས་འགྱུར་བའི་ཚུལ། གསུམ་ཆར་ལྡན་པའི་ཚེ་ངོ་བོ་གཅིག་པའི་ཚུལ་ལོ། །དང་པོ་ནི་སྤྱིར་སྡོམ་པ་གསུམ་ལེན་པའི་རིམ་པ་ལ་དང་པོར་ཉན་ཐོས་ཀྱི་སོ་ཐར་རིས་བདུན་གང་ཡང་རུང་བ་བླང་། དེ་ནས་བྱང་སེམས་ཀྱི་སྡོམ་པ་དབུ་སེམས་ཀྱི་ཆོ་གས་བླང་། དེ་ནས་སྔགས་སྡོམ་བླང་བའི་ཚུལ་དང་། དང་པོར་ཐེག་ཆེན་གྱི་སོ་ཐར། དེ་ནས་སྡོམ་པ་གོང་མ་གཉིས་རིམ་གྱིས་བླང་བའི་ཚུལ་དང་། དང་པོར་ཉན་ཐོས་ཀྱི་སོ་ཐར་གང་ཡང་རུང་བ་བླང་། དེ་ནས་སྡོམ་པ་བར་མ་མ་བླངས་པར་སྔགས་སྡོམ་བླང་བའི་ཚུལ་གཉིས་དང་། དང་པོར་སོ་ཐར་སྔོན་དུ་མ་སོང་བར་བྱང་སེམས་ཀྱི་སྡོམ་པ་བླངས་ནས་སྔགས་སྡོམ་བླང་བའི་ཚུལ་དང་། དང་པོ་ཉིད་ནས་སྡོམ་པ་འོག་མ་གཉིས་གང་ཡང་སྔོན་དུ་མ་སོང་བར་སྔགས་སྡོམ་བླང་བའི་ཚུལ་དང་། དང་པོར་སྔགས་སྡོམ་བླང་ནས་དེའི་རྗེས་སུ་སྡོམ་པ་འོག་མ་གཉིས་བླང་བའི་ཚུལ་དང་རྣམ་པ་བདུན་ཡོད་པ་ལས། དང་པོ་གཉིས་ནི་ཀྱཻ་རྡོ་རྗེ་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་སོགས་སྐལ་དམན་རིམ་འཇུག་པའི་ལམ་གྱིས་དཀྲི་ཚུལ་གསུངས་པས་འགྲུབ་ལ། གསུམ་པ་དང་བཞི་པ་གཉིས་ནི་རྒྱུད་འབུམ་པ་ལས། དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །ཞེས་རིགས་ཅན་གསུམ་ཀའི་སྡོམ་པ་ལ་གནས་པས་སྔགས་སྡོམ་ལེན་པ་གསུངས་པས་འགྲུབ་བོ། །ལྔ་པ་ནི་སོ་ཐར་སྔོན་དུ་མ་སོང་བར་དབུ་མ་ལུགས་ཀྱི་སེམས་བསྐྱེད་བླངས་པ་ཡོད་ཅིང་། དེའི་སྟེང་དུ་སྔགས་སྡོམ་ལེན་པ་ཡོད་པས་འགྲུབ་བོ། །དྲུག་པ་ནི་རྗེ་བཙུན་རྩེ་མོའི་དབང་ཆུར་དང་པོ་ཉིད་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་དོན་དུ་དབང་བསྐུར་ཞུའོ་ཞེས་ཟེར་ན་དེ་ལ་དང་པོ་ནས་དབང་བསྐུར་བྱེད་པར་གསུངས་པས་འགྲུབ་བོ། །བདུན་པ་ནི། རྡོ་རྗེ་རྩེ་མོ་ལས། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །ཞེས་ཁྱིམ་པ་སྔགས་སྡོམ་ཐོབ་པའི་རྗེས་སུ་སྡོམ་པ་མ་ལུས་པ་བཟུང་བ་ཡོད་པར་གསུངས་པས་འགྲུབ་བོ། །དེ་ལ་ཚུལ་དང་པོ་ལ་བྱང་སེམས་ཀྱི་སྡོམ་པ་ལེན་པའི་ཚེ་སྔར་གྱི་ཉན་ཐོས་སོ་ཐར་དེ་ཉིད་བྱང་སེམས་ཀྱི་སྡོམ་པའམ་བྱང་སེམས་ཀྱི་སོ་ཐར་དུ་གནས་འགྱུར་བ་ཡིན་ཏེ། རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་དམན་སེམས་མཐའ་དག་དོར་ནས། མི་མཐུན་ཕྱོགས་སྤོང་བའི་སྤོང་སེམས་དེ་ཉིད་བྱང་སེམས་ཀྱི་སྡོམ་པའི་ངོ་བོར་འགྱུར་བའི་ཕྱིར་རོ། །ལེན་ཚུལ་གཉིས་པ་ལ་ནི་བྱང་སེམས་ཀྱི་སྡོམ་པ་ལེན་པའི་ཚེ་སྔར་གྱི་སོ་ཐར་བྱང་སེམས་ཀྱི་སྡོམ་པར་གནས་འགྱུར་བ་ནི་མ་ཡིན་ཏེ། དང་པོ་ཉིད་ནས་ཐེག་ཆེན་སོ་ཐར་བྱང་སེམས་ཀྱི་སྡོམ་པའི་ངོ་བོར་ཡོད་པས། ཕྱིས་བྱང་སེམས་ཀྱི་སྡོམ་པ་སྐྱེས་པའི་ཚེ་ཡང་ཡོན་ཏན་བསྣན་པའི་ཚུལ་དུ་ངོ་བོ་གཅིག་ཏུ་སྐྱེས་པ་ཡིན་པའི་ཕྱིར་རོ། །དེས་ན་བྱང་སེམས་ཀྱི་སྡོམ་པར་གནས་འགྱུར་རྒྱུའི་སོ་སོར་ཐར་པ་ནི་ཉན་ཐོས་ཀྱི་སོ་ཐར་ཁོ་ན་ལ་ཡིན་གྱི་བྱང་སེམས་ཀྱི་སོ་ཐར་ནི་མ་ཡིན་ཏེ། སྡོམ་པ་འོག་མ་བར་མར་གནས་འགྱུར་བའི་དོན་ནི་དམན་སེམས་དོར་ཞིང་སྤོང་སེམས་མ་དོར་བ་ལ་འཇོག་དགོས་ཤིང་། ཐེག་ཆེན་སོ་ཐར་ལ་དང་པོ་ཉིད་ནས་དམན་སེམས་མེད་པའི་ཕྱིར་རོ། །ལེན་ཚུལ་གསུམ་པ་བཞི་པ་ལྔ་པ་རྣམས་ལ་ནི་སྔགས་སྡོམ་ཐོབ་པའི་ཚེ་སྔར་གྱི་སྡོམ་པ་ཐམས་ཅད་སྔགས་སྡོམ་དུ་གནས་འགྱུར་བ་ཡིན་ཏེ། སྔར་བྱང་སེམས་དང་སོ་ཐར་ཐམས་ཅད་འབྲས་བུ་ལམ་བྱེད་ཀྱི་ཐབས་ཀྱིས་མ་ཟིན་པ་ཡིན་པ་ལས་ཕྱིས་སྔགས་སྡོམ་ཐོབ་པའི་ཚེ་སྡོམ་པ་ཐམས་ཅད་ཀྱང་འབྲས་བུ་ལམ་བྱེད་ཀྱི་ཐབས་ཀྱིས་ཟིན་པའི་སྡོམ་པར་འགྱུར་བའི་ཕྱིར་ཏེ། དེས་ན་སྔར་ཉན་ཐོས་ཀྱི་སོ་ཐར་དང་ལྡན་པས་སྔགས་སྡོམ་ཐོབ་པའི་ཚེ་གནས་འགྱུར་གཉིས་ཀ་ཚང་ལ་སྔར་བྱང་སེམས་ཀྱི་སྡོམ་པ་དང་ལྡན་པས་དབང་བསྐུར་ཐོབ་པ་ལ་ནི་གནས་འགྱུར་ཕྱི་མ་ཁོ་ན་བརྩི་བར་རིག་པར་བྱའོ། །ལེན་ཚུལ་དྲུག་པ་ལ་ནི་སྡོམ་པ་གསུམ་ཆར་ཡང་ཆོ་ག་གཅིག་ལས་ཐོབ་པའི་ངོ་བོ་གཅིག་ཏུ་སྐྱེ་བ་ཁོ་ན་ཡིན་གྱི་གནས་འགྱུར་བརྩིར་མེད་དོ། །དེ་བཞིན་དུ་སོ་ཐར་སྔོན་དུ་མ་སོང་བར་བྱང་སེམས་ཀྱི་སྡོམ་པ་ལེན་པའི་ཆོ་ག་ལས་བྱང་སེམས་ཀྱི་སྡོམ་པ་དང་སོ་ཐར་གྱི་སྡོམ་པ་གཉིས་ཐོབ་པ་ལའང་གནས་འགྱུར་བརྩིར་མེད་དེ། དེ་ལ་ནི་ཐེག་ཆེན་གྱི་སོ་ཐར་ཁོ་ན་སྐྱེ་བའི་ཕྱིར་རོ། །ལེན་ཚུལ་བདུན་པ་ལ་ནི་སྡོམ་པ་འོག་མ་གཉིས་པོ་ཐོབ་པའི་ཚེ་ངོ་བོ་གཅིག་ཏུ་སྐྱེ་བ་ཁོ་ན་ཡིན་གྱི་གནས་འགྱུར་བརྩིར་མེད་དེ། སྔགས་སྡོམ་ལ་གནས་བཞིན་དུ་སྡོམ་པ་གང་བླངས་ཀྱང་སྔགས་སྡོམ་གྱི་ངོ་བོར་སྐྱེ་བའི་ཕྱིར་རོ། །དེས་ན་ཉན་ཐོས་ཀྱི་སོ་ཐར་བྱང་སེམས་ཀྱི་སྡོམ་པར་གནས་འགྱུར་བ་དང་། འབྲས་བུ་ལམ་བྱེད་ཀྱི་ཐབས་ཀྱིས་མ་ཟིན་པའི་སོ་ཐར་དང་བྱང་སེམས་སྔགས་སྡོམ་དུ་གནས་འགྱུར་བ་ཡིན་གྱི་སྤྱིར་སོ་ཐར་ཙམ་ནི་བྱང་སེམས་ཀྱི་སྡོམ་པར་གནས་འགྱུར་བ་ཡང་མ་ཡིན་ཅིང་ཐེག་ཆེན་གྱི་སོ་ཐར་ཡང་བྱང་སེམས་ཀྱི་སྡོམ་པར་གནས་འགྱུར་བ་མ་ཡིན་ཏེ། བྱང་སེམས་ཀྱི་སྡོམ་པ་ཡང་སོ་ཐར་གྱི་སྡོམ་པའི་བྱེ་བྲག་ཡིན་པའི་ཕྱིར་རོ། །དེ་བཞིན་ཏུ་སོ་ཐར་ཙམ་དང་བྱང་སེམས་ཀྱི་སྡོམ་པ་ཙམ་སྔགས་སྡོམ་དུ་གནས་འགྱུར་བ་ཡང་མ་ཡིན་ཏེ། སྔགས་སྡོམ་ཡང་སྡོམ་པ་དེ་དག་གི་བྱེ་བྲག་ཡིན་པའི་ཕྱིར་རོ། །དེ་དག་གིས་ནི་གོང་དུ་དྲངས་པའི་སྡོམ་པ་ཉི་ཤུ་པའི་འགྲེལ་པར་སྔར་སོ་སོར་ཐར་པའི་སྡོམ་པ་ཐོབ་ན། ཕྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པའི་དུས་སུ་སྔར་གྱི་དེ་བྱང་ཆུབ་སེམས་དཔའི་སྡོམ་པར་གནས་འགྱུར་ལ་ཞེས་པ་དང་། རྩ་ལྟུང་འཁྲུལ་སྤོང་ལས་འོ་ན་སྔར་སོ་སོར་ཐར་པའི་སྡོམ་པ་དགེ་སློང་གི་བར་ཐོབ་པ་ཞིག་གིས་ཞེས་སོགས་གསུངས་པའི་དོན་ཕྱོགས་འདི་ལ་མོས་པ་ཡོད་ཀྱང་བླ་མའི་མན་ངག་དང་བྲལ་ནས་ཁ་ཕྱི་རོལ་དུ་བལྟས་པ་རྣམས་ཀྱི་དོན་དུ་སྙིང་བརྩེ་བའི་བསམ་པས་དཔྱིས་ཕྱིན་པར་བཤད་དོ། །གཉིས་པ་ནི་སྔར་བཤད་པའི་ལེན་ཚུལ་བདུན་པོ་གང་ཡིན་ཀྱང་སྔགས་སྡོམ་རྒྱུད་ལ་ལྡན་པའི་ཚེ་སྡོམ་པ་གསུམ་ཆར་ངོ་བོ་གཅིག་ཏུ་ལྡན་པ་ཡིན་ཏེ། སྔར་སྡོམ་པ་འོག་མ་གཉིས་པོ་སྔོན་དུ་སོང་ན་སྔགས་སྡོམ་ཐོབ་པའི་ཚེ་གནས་འགྱུར་ནས་སྔགས་སྡོམ་གྱི་ངོ་བོར་ཡོད་པའི་ཕྱིར་དང་། སྔོན་དུ་མ་སོང་ན་སྔགས་སྡོམ་གཅིག་པུ་ལ་གཞན་གནོད་གཞི་བཅས་སྤོང་བའི་སྡོམ་པ་དང་། གཞན་ལ་ཕན་པ་སྒྲུབ་པ་དང་། དེ་ཐམས་ཅད་ཀྱང་འབྲས་བུ་ལམ་བྱེད་ཀྱིས་ཟིན་པའི་སྡོམ་པ་གསུམ་ཐོབ་པའི་ཕྱིར་རོ། །དེས་ན་སྔགས་སྡོམ་དང་ངོ་བོ་གཅིག་པའི་བྱང་སེམས་དང་སོ་ཐར་ནི་འབྲས་བུ་ལམ་བྱེད་ཀྱི་ཐབས་ཀྱིས་ཟིན་པའི་སོ་ཐར་དང་བྱང་སེམས་ཡིན་གྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་རྐྱང་པའི་བྱང་སེམས་དང་སོ་ཐར་གཉིས་ནི་སྔགས་སྡོམ་དང་ངོ་བོ་གཅིག་པ་མ་ཡིན་ཏེ། དེ་དག་ནི་སྔགས་སྡོམ་གྱིས་མ་ཟིན་པའི་ཕྱིར་རོ། །དེ་བཞིན་དུ་བྱང་སེམས་ཀྱི་སྡོམ་པ་དང་ངོ་བོ་གཅིག་པའི་སོ་ཐར་ཡང་བྱང་སེམས་ཀྱི་སོ་ཐར་ཁོ་ན་ཡིན་གྱི་ཉན་ཐོས་ཀྱི་སོ་ཐར་ནི་མ་ཡིན་ཏེ། དེ་གཉིས་རྣམ་པ་ཀུན་ཏུ་འགལ་བའི་ཕྱིར་རོ། །དེས་ན་བྱང་སེམས་ཀྱི་སྡོམ་པ་དང་ལྡན་ན་གཉིས་ངེས་པར་ལྡན་ཅིང་སྔགས་སྡོམ་དང་ལྡན་ན་སྡོམ་པ་གསུམ་ཆར་དང་ལྡན་པས་གསུམ་ལྡན་གྱི་རྒྱུད་ཀྱི་སྡོམ་པ་གསུམ་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་ཅིང་། གཉིས་ལྡན་གྱི་རྒྱུད་ཀྱི་སྡོམ་པ་གཉིས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །འདིའི་དོན་མ་རྟོགས་པ་དགའ་གདོང་པ་་་་་་ཁ་ཅིག་གནས་འགྱུར་ངོ་བོ་གཅིག་ཞེས་པའི་ཚིག་ཙམ་ལ་བརྟེན་ནས་སྔར་གྱི་གནས་འགྱུར་རྒྱུའི་སྡོམ་པ་དང་ཕྱིས་གནས་འགྱུར་ཟིན་པའི་སྡོམ་པ་གཉིས་ངོ་བོ་གཅིག་ཡིན་ནམ་སྙམ་ནས་སྡོམ་པ་སྐད་ཅིག་སྔ་ཕྱི་རྫས་གཅིག་པ་མི་འཐད་དེ། མདོ་རྒྱུད་བསྟན་བཅོས་ཚད་ལྡན་དང་འགལ་བའི་ཕྱིར་རོ་ཞེས་སྨྲ་བ་དང་། ཡང་ཁ་་་་་་ལྷ་འབྲི་ཅིག་གནས་འགྱུར་བ་འཐད་ཀྱང་ངོ་བོ་གཅིག་པ་མི་འཐད་དེ། སེམས་ཅན་གྱི་ཤེས་པ་སངས་རྒྱས་ཀྱི་ཡེ་ཤེས་སུ་གནས་འགྱུར་ཀྱང་ངོ་བོ་མི་གཅིག་པ་བཞིན་ནོ། །ཞེས་སྨྲ་བ་དེ་དག་གིས་ནི་རྗེ་བཙུན་གྱི་དགོངས་པ་མ་རྟོགས་ཤིང་རྗེས་འབྲང་གིས་ཀྱང་མ་སྨྲས་བཞིན་དུ་གཞི་མེད་ལ་དགག་པ་བྱེད་པ་ཙམ་དུ་ཟད་དོ། །སྔགས་སྡོམ་དང་ལྡན་ན་སྡོམ་པ་གསུམ་དང་ལྡན་དགོས་པ་འདི་ཡང་མདོ་རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་བཀྲལ་བའི་ལུགས་འབའ་ཞིག་ཏུ་སྣང་སྟེ་རྡོ་རྗེ་རྩེ་མོ་ལས། སྡོམ་པ་གསུམ་ལ་གནས་པ་ནི། །དང་པོའི་ཁྲུས་སུ་བཤད་པ་ཡིན། །ཞེས་པ་དང་། དམ་པ་དང་པོ་ལས། རྟེན་ལ་གསུམ་སྟེ་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་ཡིན་པར་འདོད། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་བཤད་ཅིང་། ཁྱིམ་ན་གནས་པའི་དོན་ཡང་རྩེ་མོ་ལས། སྲོག་གཅོད་རྐུ་དང་འཁྲིག་པ་དང་། །རྫུན་དང་ཆང་ནི་རྣམ་སྤངས་ཏེ། །ཁྱིམ་པའི་སྡོམ་ལ་ལེགས་གནས་ནས། །གསང་སྔགས་རྒྱལ་པོ་རབ་ཏུ་བསྒྲུབ། །ཅེས་དགེ་བསྙེན་གྱི་སྡོམ་པ་བསླབ་གཞི་ལྔ་བསྲུང་བ་ལ་འཆད་ཅིང་། དཔུང་བཟངས་ཀྱི་རྒྱུད་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །དམ་ཚིག་དང་ནི་སྡོམ་པ་མ་ལུས་པ། །སྔགས་པ་ཁྱིམ་པས་རྟགས་དང་ཆ་ལུགས་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་པ་དང་། སྡོམ་པ་གསུམ་ངེས་པར་བསྟན་པའི་མདོ་ལས། དཔེ་ཇི་སྐད་དུ་བསྟན་པའི་སོ་སོར་ཐར་པ་དང་མཐུན་པར་བྱའོ། །འོད་སྲུང་གང་དག་སོ་སོར་ཐར་པ་དང་མི་མཐུན་པར་བྱ་བར་སེམས་པ་དེ་དག་ནི་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་དང་མི་མཐུན་པར་བྱ་བར་སེམས་པའོ། །ཞེས་པ་དང་། སློབ་དཔོན་འཇམ་དཔལ་གྲགས་པས། སྡོམ་གསུམ་ཆོ་གར་མི་ལྡན་པར། །སྔགས་པའི་བདག་ཉིད་མི་འགྱུར་ཏེ། །ཞེས་སོགས་གསལ་བར་གསུངས་ཀྱང་ལུགས་གཞན་དག་གིས་ནི་དཔྱད་པ་ཙམ་ཡང་མ་ཞུགས་པར་སྣང་ཞིང་འདི་པའི་ལུགས་ཀྱི་སྡོམ་པ་འོག་མ་གཉིས་པོ་སྔོན་དུ་སོང་མ་སོང་གང་ཡིན་ཀྱང་སྔགས་སྡོམ་ཐོབ་པའི་ཚེ་སྡོམ་པ་གསུམ་ལྡན་དུ་གཏན་ལ་ཕབ་པའི་ཕྱིར་རོ། །རྒྱུད་ལས་གསུངས་པའི་གསེར་འགྱུར་གྱི་རྩིའི་དཔེ་ནི་སྡོམ་པ་གནས་འགྱུར་བ་དང་ངོ་བོ་གཅིག་པ་གཉིས་ཀའི་དཔེ་ཡིན་ཏེ། ལྕགས་དང་ཟངས་དང་དངུལ་གསུམ་པོ་གསེར་འགྱུར་གྱི་རྩིས་ཟིན་པ་ན་ལྕགས་ལ་སོགས་པའི་དངོས་པོ་ཐ་དད་པ་མེད་པར་ཐམས་ཅད་ཀྱང་གསེར་གྱི་ཕུང་པོ་འབའ་ཞིག་ཏུ་འགྱུར་བ་ལྟར་རིགས་ཅན་གསུམ་གྱི་བསླབ་པ་གསུམ་པོ་ཡང་སྔགས་སྡོམ་གྱིས་ཟིན་པ་ན་ཉན་ཐོས་ཀྱི་བསླབ་པ་ལ་སོགས་པ་ཐ་དད་པ་མེད་པར་ཐམས་ཅད་ཀྱང་རྡོ་རྗེ་ཐེག་པའི་བསླབ་པ་འབའ་ཞིག་ཏུ་འགྱུར་བའི་ཕྱིར་རོ། །འོན་ཀྱང་སྔར་བླངས་པའི་སྡོམ་པ་དེ་དག་གི་བསླབ་པ་ལ་བསླབ་མི་དགོས་པར་ཐལ་བའི་སྐྱོན་མེད་དེ། དགེ་སློང་རྡོ་རྗེ་འཛིན་པ་ལྟ་བུའི་རྒྱུད་ལ་སྡོམ་པ་འོག་མ་གཉིས་ཀྱི་དབང་དུ་བྱས་པའི་ལྟུང་བ་བྱུང་ན་སྔགས་ཀྱི་དམ་ཚིག་དང་འགལ་བའི་ལྟུང་བ་བྱུང་བས་ཁྱབ་པའི་ཕྱིར་ཏེ། སེམས་ཅན་གྱི་དོན་དུ་འགྱུར་བ་སོགས་ཀྱི་དགོས་ཆེད་ཁྱད་པར་ཅན་མེད་པར་འོག་མ་གཉིས་ཀྱི་རྩ་ལྟུང་བྱུང་ན་སྔགས་ཀྱི་བདེ་གཤེགས་བཀའ་འདས་འབྱུང་ཞིང་ཡན་ལག་རྣམས་ཁྱད་གསོད་དང་བཅས་ཏེ་སྤྱད་ན་བདེ་གཤེགས་བཀའ་འདས་འབྱུང་ཞིང་ཁྱད་གསོད་མེད་ཅིང་དགོས་ཆེད་ཁྱད་པར་ཅན་ཡང་མེད་པར་སྤྱད་ན། སྡོམ་པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདའ་བ་དང་། །ཞེས་པའི་སྐབས་ནས་བསྟན་པའི་ཡན་ལག་གི་ལྟུང་བ་དང་སེམས་ཅན་གྱི་དོན་དུ་འགྱུར་བ་སོགས་དགོས་ཆེད་ཁྱད་པར་ཅན་གྱི་སྒོ་ནས་སྤྱད་ན་ཐམས་ཅད་ལ་ལྟུང་བ་མེད་པའི་ཕྱིར་རོ། །དེས་ན་ཉི་ཟླ་སྐར་གསུམ་གྱི་དཔེ་དང་། སྐྱེས་བུའི་རྒྱན་གྱི་དཔེ་དང་། ཆུ་གཞོང་དུ་ནོར་བུ་བཞག་པའི་དཔེ་གསུམ་ནི་དོན་དང་འགྲིག་ན་སྦྱར་དུ་རུང་ཡང་དོན་དང་མི་འགྲིག་ན་དོར་བར་བྱ་བ་ཡིན་ཏེ། རང་རང་གི་རྟོག་པས་སྦྱར་བ་ཙམ་ཡིན་གྱི་མདོ་རྒྱུད་ལ་སྦྱར་བའི་དཔེ་མ་ཡིན་པའི་ཕྱིར་རོ། །གསེར་འགྱུར་གྱི་རྩིའི་དཔེ་ནི་སངས་རྒྱས་ཀྱིས་རྒྱུད་ལས་གསུངས་ཤིང་དོན་ལ་ཡང་ཇི་ལྟ་བ་བཞིན་དུ་མཐུན་པས་ན་རྣམ་པ་ཐམས་ཅད་དུ་བླངས་བར་བྱ་བ་ཁོ་ན་ཡིན་ནོ། །དེ་དག་ནི་རྗེ་བཙུན་གྱི་སྡོམ་པ་ཉི་ཤུ་པའི་འགྲེལ་པར་སྤྱིར་སོ་སོར་ཐར་པ་ཞེས་བྱ་བའི་རང་གི་ངོ་བོ་ནི་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་བཟློག་པ་ཡིན་ལ་ཞེས་སོགས་དང་། འཁྲུལ་སྤོང་ལས། འོ་ན་ཁྱོད་ཀྱི་སོ་སོར་ཐར་པ་སྔོན་དུ་མ་སོང་བའི་སྡོམ་པ་གསུམ་པོ་གང་ཡིན་ཞེ་ན་ཞེས་སོགས་ཀྱི་དོན་རྗེ་བཙུན་བླ་མ་མུས་པ་ཆེན་པོའི་གསུང་བཞིན་དུ་བྲིས་པ་ཡིན་པས་ཡིད་ཆེས་པར་གྱིས་ཤིག གསུམ་པ་རྩོད་པ་སྤང་བ་ནི། འོད་ཕྲེང་མཁན་པོ་ན་རེ། རྒྱུད་འབུམ་པའི་ལུང་གི་དོན་ལ་སྡོམ་གསུམ་གནས་འགྱུར་ངོ་བོ་གཅིག་པ་དང་། གོང་མའི་རྩ་ལྟུང་བྱུང་ན་འོག་མ་གཏོང་བར་འདོད་པ་མི་འཐད་དེ། ངོ་བོ་གཅིག་ན་གཏོང་བའི་ཚེ་སྡོམ་པ་གཅིག་པོ་དེ་ཉིད་གཏོང་བར་འགྱུར་བས་གསུམ་ལྡན་གྱི་གཏོང་བའི་དོན་མི་གནས་པའི་ཕྱིར་རོ། །གཞན་ཡང་བུད་མེད་ལ་སྨོད་པའི་ལྟུང་བ་བྱུང་བས་བུད་མེད་ལ་རེག་པའི་སྡོམ་པ་གཏོང་བར་ཐལ། གོང་མའི་ལྟུང་བ་བྱུང་བས་འོག་མའི་སྡོམ་པ་གཏོང་བ་ཡོད་པའི་ཕྱིར། འདོད་ན་མཁའ་ལ་སྤྲིན་ཆེན་འཁྲིགས་པས་ལོ་ཐོག་ཉམས་པར་འགྱུར་རོ། །གཞན་ཡང་སྡོམ་པ་ཐོབ་གཏོང་གི་རྒྱུ་སངས་རྒྱས་ཀྱིས་གསུངས་པ་ལས་གཞན་དུ་བྱེད་རིགས་པར་ཐལ། གོང་མའི་རྩ་ལྟུང་འོག་མའི་གཏོང་རྒྱུ་ཡིན་པའི་ཕྱིར། གཞན་ཡང་སྡོམ་པ་འོག་མ་གོང་མར་གནས་འགྱུར་བ་མི་འཐད་པར་ཐལ། གོང་འོག་འགལ་བའི་ཕྱིར། འགལ་ཡང་གནས་འགྱུར་ན་ཉི་མའི་དཀྱིལ་འཁོར་འདི་གདྒཱའི་ཆུ་བོར་གནས་འགྱུར་བར་ཐལ་ལོ། །གཞན་ཡང་སྡོམ་པ་གསུམ་ལྡན་པའི་དོན་ཤེས་རྒྱུད་གཅིག་ལ་དུས་མཉམ་དུ་ལྡན་ན་ལྡན་གཞིའི་ཤེས་རྒྱུད་དེ་ཉིད་རྫས་ཐ་དད་པ་གསུམ་དུ་ཐལ། ལྡན་ཆོས་སྡོམ་པ་གསུམ་པོ་རྫས་ཐ་དད་ཡིན་པའི་ཕྱིར། གལ་ཏེ་ཤེས་རྒྱུད་སྔ་ཕྱི་ལ་བརྩི་ན་སྡོམ་པ་གསུམ་དང་ལྡན་པའི་དོན་མི་གནས་པར་ཐལ། གང་རུང་ཅིག་སྐྱེས་པའི་ཚེ་གཅིག་འགགས་ནས་མེད་པའི་ཕྱིར་རོ། །འོན་ཏེ་སྡོམ་པ་གསུམ་ཤེས་རྒྱུད་གཅིག་ལ་རྫས་གཅིག་ཏུ་ལྡན་ན་གཏོང་ཐོབ་ཆོ་ག་གཅིག་ཏུ་འགྱུར་རོ། །ཞེས་ཟེར་རོ། །དེ་ལ་སྡོམ་པ་གསུམ་ངོ་བོ་གཅིག་ཡིན་ཀྱང་གཏོང་བའི་ཚེ་ཅིག་ཆར་དུ་གཏོང་མི་དགོས་ཏེ། ཐུན་མོང་མ་ཡིན་པའི་གཏོང་རྒྱུ་རྣམས་ཀྱིས་སྡོམ་པ་དེ་ཉིད་གཏོང་གི་གཞན་མི་གཏོང་བའི་ཕྱིར་རོ། །གོང་མའི་རྩ་ལྟུང་བྱུང་ན་འོག་མ་གཏོང་བ་ལ་སྐྱོན་བརྗོད་པ་དེ་གོང་མའི་རྩ་ལྟུང་བྱུང་ན་འོག་མ་གཏོང་བས་ཁྱབ་པ་ལ་སྐྱོན་བརྗོད་པ་ཡིན་ནམ། གཏོང་སྲིད་པ་ལ་སྐྱོན་བརྗོད་པ་ཡིན། དང་པོ་ལྟར་ན་མི་འཐད་དེ། དེ་ལྟར་དུ་ཁས་མ་བླངས་པའི་ཕྱིར་རོ། །གཉིས་པ་ལྟར་ན་བུད་མེད་ལ་སྨོད་པའི་ལྟུང་བས་བུད་མེད་ལ་རེག་པའི་སྡོམ་པ་གཏོང་བར་ཐལ། གོང་མའི་རྩ་ལྟུང་བྱུང་བས་འོག་མ་གཏོང་བ་ཡོད་པའི་ཕྱིར་ཏེ། རྩ་ལྟུང་ལྔ་པ་བྱུང་ན་བྱང་སེམས་ཀྱི་སྡོམ་པ་གཏོང་བའི་ཕྱིར། གཞན་ཡང་སྡོམ་པ་གཏོང་ཐོབ་ཀྱི་རྒྱུ་སངས་རྒྱས་ཀྱིས་གསུངས་པ་ལས་གཞན་དུ་བྱེད་རིགས་པར་ཐལ། བདེ་གཤེགས་བཀའ་འདས་ཀྱི་ལྟུང་བ་བྱུང་བས་འོག་མའི་སྡོམ་པ་གཏོང་བ་ཡོད་པའི་ཕྱིར། འགལ་བ་ལ་གནས་འགྱུར་བརྩི་བ་མི་འཐད་ཅེས་སྨྲ་བ་ནི་གནས་འགྱུར་གྱི་དོན་ཅུང་ཟད་ཙམ་ཡང་མ་རྟོགས་པ་སྟེ། སེམས་ཅན་གྱི་ཤེས་པ་སངས་རྒྱས་ཀྱི་ཡེ་ཤེས་སུ་གནས་འགྱུར་བ་མེད་པར་ཐལ། དེ་གཉིས་འགལ་བའི་ཕྱིར། གཞན་ཡང་ཁྱེད་ཀྱི་ལུགས་ལ་གནས་འགྱུར་གཏན་མི་སྲིད་པར་ཐལ། འགལ་བ་ལ་གནས་འགྱུར་མི་སྲིད་པར་ཁས་བླངས་ཤིང་མི་འགལ་བ་ལ་གནས་འགྱུར་གྱི་དོན་མེད་པའི་ཕྱིར། གཞན་ཡང་འགལ་བ་ལ་གནས་འགྱུར་མི་སྲིད་པའི་དོན་འདི་ལ་སོ་སོ་སྐྱེ་བོའི་ཤེས་པ་འཕགས་པའི་ཤེས་པར་གནས་འགྱུར་བ་མི་སྲིད་པར་ཐལ་བ་དང་། ཐེག་དམན་གྱི་རྟོགས་པ་ཐེག་ཆེན་གྱི་རྟོགས་པར་གནས་འགྱུར་བ་མི་སྲིད་པ་སོགས་ཇི་སྲིད་ལྕེའི་དབང་པོ་ངལ་བར་མ་གྱུར་གྱི་བར་དུ་བརྗོད་པར་བྱའོ། །ཡང་ལྡན་གཞིའི་ཀུན་གཞིའི་རྣམ་ཤེས་དེ་རྫས་ཐ་དད་པ་གསུམ་དུ་ཐལ། ལྡན་ཆོས་སྡོམ་པ་གསུམ་གྱི་བག་ཆགས་རྫས་ཐ་དད་ཡིན་པའི་ཕྱིར། གལ་ཏེ་ཀུན་གཞི་ཤེས་རྒྱུད་སྔ་ཕྱི་ལ་བརྩིའོ་སྙམ་ན་འོ་ན་གསུམ་ལྡན་གྱི་དོན་མེད་པར་ཐལ། གང་རུང་གཅིག་སྐྱེས་པའི་ཚེ་ཅིག་ཤོས་འགགས་པའི་ཕྱིར་འོན་ཏེ་ཀུན་གཞི་ལ་སྡོམ་གསུམ་གྱི་བག་ཆགས་ངོ་བོ་གཅིག་ཏུ་ལྡན་ནོ་ཞེ་ན། འོ་ན་གཏོང་ཐོབ་ཀྱི་ཆོ་ག་གཅིག་ཏུ་འགྱུར་རོ་ཞེས་བརྗོད་ན་ཐལ་འགྱུར་གསུམ་གྱི་འཁོར་གསུམ་ཁས་བླངས་ཏེ། གཞན་ལ་སྐྱོན་དེ་ལྟར་དུ་བརྗོད་ཅིང་། རང་ཉིད་ཀྱིས་ཀུན་གཞི་ལ་སྡོམ་གསུམ་བག་ལ་ཉལ་གྱི་ཚུལ་དུ་ལྡན་པ་དང་། ཀུན་གཞི་བག་ཆགས་མང་པོ་ཅན། །ཡིན་ཀྱང་ཤེས་རྒྱུད་ཐ་དད་མེད། །ཅེས་ཁས་བླངས་པའི་ཕྱིར་རོ། །ངོ་བོ་གཅིག་ཡིན་ན་གཏོང་ཐོབ་ཀྱི་ཆོ་ག་གཅིག་ཏུ་འགྱུར་ཞེས་པ་འདི་ཉིད་དེང་སང་ཡང་སྨྲ་བ་མང་བ་འདུག་པས་འདི་ལ་དཔྱད་པར་བྱ་སྟེ། སྤྱིར་ངོ་བོ་གཅིག་པ་ལ་གྲུབ་བདེ་རྫས་གཅིག་པ་དང་། ངོ་བོ་གྲུབ་ཅིང་རྫས་ཐ་དད་དུ་མེད་པ་ཙམ་ལ་ངོ་བོ་གཅིག་པར་བྱས་པ་གཉིས་ལས། དང་པོ་ལ་སྐྱེ་འཇིག་ཅིག་ཆར་དུ་བྱེད་པ་དགོས་ཀྱང་། སྡོམ་གསུམ་རིམ་བཞིན་དུ་བླངས་པ་གནས་གྱུར་ན་ངོ་བོ་གཅིག་ཏུ་གནས་པ་ནི་གྲུབ་བདེ་རྫས་གཅིག་པ་མ་ཡིན་པས་སྐྱོན་མི་གནས་ལ་ཕྱི་མ་ལ་གཏོང་ཐོབ་ཀྱི་ཆོ་ག་གཅིག་པ་མི་དགོས་ཏེ། གལ་ཏེ་དགོས་ན་བསླབ་ཚིག་གསུམ་རིམ་ཅན་དུ་བླངས་པའི་དགེ་སློང་གི་རྒྱུད་ཀྱི་དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་གི་སྡོམ་པའི་སྲོག་གཅོད་སྤོང་བའི་སྤོང་སེམས་གསུམ་པོ་གཏོང་ཐོབ་ཀྱི་ཆོ་ག་གཅིག་ཏུ་ཐལ། ངོ་བོ་གཅིག་ཡིན་པའི་ཕྱིར། གལ་ཏེ་དེ་ཡང་ངོ་བོ་ཐ་དད་དོ་ཅེ་ན་དེ་ལྟ་བུའི་དགེ་སློང་གི་རྒྱུད་ཀྱི་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་དུས་ཅིག་ཆར་དུ་བསླབ་ཚིགས་གསུམ་གྱི་སྤོང་སེམས་འབྱུང་མི་སྲིད་པར་ཐལ། བསླབ་ཚིགས་གསུམ་གྱི་སྤོང་སེམས་རྫས་ཐ་དད་པ་གང་ཞིག གཙོ་བོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་སེམས་པ་རྫས་ཐ་དད་པ་གཉིས་དུས་མཉམ་དུ་འབྱུང་མི་སྲིད་པའི་ཕྱིར། གཞན་ཡང་སྤང་བྱ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་ཐམས་ཅད་སྤོང་བའི་སྤོང་སེམས་རྣམས་རྫས་ཐ་དད་དམ་རྫས་གཅིག་པ་ཡིན། དང་པོ་ལྟར་ན་གཙོ་སེམས་གཅིག་གི་འཁོར་དུ་དུས་གཅིག་ལ་སྤང་བྱ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྤོང་བའི་སྤོང་སེམས་འབྱུང་མི་སྲིད་པར་ཐལ། སྤོང་སེམས་དེ་རྣམས་སྤང་བྱའི་གྲངས་བཞིན་དུ་རྫས་ཐ་དད་ཡིན་པའི་ཕྱིར། འདོད་ན་དགེ་སློང་གི་རྒྱུད་ལ་ཁོ་བོས་སྤངས་བྱ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་ཐམས་ཅད་སྤོང་ངོ་སྙམ་པའི་བློ་སྐྱེ་མི་སྲིད་པར་ཐལ་ལོ། །གཉིས་པ་ལྟར་ན། སྤང་བྱ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་སྤོང་བའི་སྤོང་སེམས་རྣམས་གཏོང་ཐོབ་ཀྱི་ཆོ་ག་གཅིག་ཏུ་ཐལ། ངོ་བོ་གཅིག་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན་དེ་ལྟ་བུའི་དགེ་སློང་གིས་བསླབ་པ་ཕུལ་བའི་ཚེ་སྲོག་གཅོད་སྤོང་བའི་སྤོང་སེམས་གཏོང་བར་ཐལ། གསོག་འཇོག་སྤོང་བའི་སྤོང་སེམས་གཏོང་བའི་ཕྱིར། འདོད་ན་དེའི་ཚེ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ཡང་གཏོང་བར་འགྱུར་རོ། །གཞན་ཡང་དགེ་ཚུལ་གྱི་སྡོམ་པ་ཐོབ་པའི་ཚེ་བྱིན་ལེན་མ་བྱས་པར་ཟ་བ་སྤོང་བའི་སྤོང་སེམས་ཐོབ་པར་ཐལ། སྲོག་གཅོད་སྤོང་བའི་སྤོང་སེམས་ཐོབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན་དེའི་ཚེ་དགེ་སློང་གི་སྡོམ་པ་ཡང་ཐོབ་པར་འགྱུར་རོ། །དེས་ན་ངོ་བོ་གཅིག་ན་གཏོང་ཐོབ་ཅིག་ཆར་དུ་བྱེད་པར་འགྱུར་རོ་ཞེས་པ་ནི་སྐྱེ་འཇིག་ཅིག་ཆར་དུ་བྱེད་ན་གཏོང་ཐོབ་ཅིག་ཆར་དུ་བྱེད་དགོས་སྙམ་དུ་སེམས་པར་སྣང་བས་རྟོག་གེའི་གནད་མ་ཤེས་པ་སྟེ་སྐྱེ་འཇིག་ནི་སྐད་ཅིག་ལ་འཇོག་ལ། གཏོང་ཐོབ་ནི་རྒྱུན་ལ་འཇོག་པའི་ཕྱིར་རོ། །གཞན་དུ་ན་སྡོམ་པ་ཐམས་ཅད་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་གཏོང་བར་ཐལ། རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་ཟིན་པའི་ཕྱིར་ཏེ། དངོས་པོ་ཡིན་པའི་ཕྱིར། གཉིས་པ་གཏོང་བའི་ཚེ་རིམ་དང་ཅིག་ཅར་གང་དུ་གཏོང་དཔྱད་པ་ལ་གཉིས་ཏེ། སྡོམ་པ་གསུམ་རིམ་ཅན་དུ་བླངས་པའི་དགེ་སློང་རྡོ་རྗེ་འཛིན་པ་ལྟ་བུའི་གཏོང་ཚུལ་དང་། དབང་བསྐུར་གྱི་ཆོ་ག་ཁོ་ན་ལས་སྡོམ་པ་གསུམ་ཆར་ཐོབ་པའི་གཏོང་ཚུལ་ལོ། །དང་པོ་ནི་སྡོམ་པ་སོ་སོའི་གཏོང་ཚུལ་ནི་གོང་དུ་ཡང་ཅུང་ཟད་བཤད་ཟིན་གྱི་རྒྱས་པར་ནི་གཞུང་སོ་སོའི་སྟེང་དུ་ཤེས་པར་བྱས་ལ། སྤྱིར་རིམ་གྱི་བླངས་པའི་གསུམ་ལྡན་གྱི་གཏོང་ཚུལ་ལ་དགེ་སློང་གི་སྡོམ་པ་བཏང་ནས་གོང་མ་གཉིས་པོ་མི་གཏོང་བ་དང་། གོང་མ་གཉིས་བཏང་ནས་དགེ་སློང་གི་སྡོམ་པ་མི་གཏོང་བ་དང་དགེ་སློང་གི་སྡོམ་པ་དང་སྔགས་སྡོམ་གཉིས་བཏང་ནས་བྱང་སེམས་ཀྱི་སྡོམ་པ་མི་བཏང་བ་དང་། སྔགས་སྡོམ་བཏང་ནས་འོག་མ་གཉིས་མི་བཏང་བ་དང་། གསུམ་ཆར་དུས་མཉམ་དུ་བཏང་བ་དང་རྣམ་པ་ལྔ་ལས། དང་པོ་ནི། དེ་ལྟ་བུའི་དགེ་སློང་གི་སེམས་ཅན་གྱི་དོན་དུ་འགྱུར་བ་སོགས་དགོས་ཆེད་ཁྱད་པར་ཅན་གྱི་ཚེ་དགེ་སློང་གི་བསླབ་པ་ཕུལ་བ་དང་། ཤི་འཕོས་པའི་ཚེ་དགེ་སློང་གི་སྡོམ་པ་གཏོང་སྟེ། དེའི་གཏོང་རྒྱུ་བྱུང་བའི་ཕྱིར། དེའི་ཚེ་གོང་མ་གཉིས་མི་གཏོང་སྟེ་གཏོང་རྒྱུ་མ་བྱུང་བའི་ཕྱིར། གཉིས་པ་ནི། དེ་ལྟ་བུའི་དགེ་སློང་གིས་སྨོན་སེམས་གཏོང་བའམ། བྱང་སེམས་ཀྱི་སྡོམ་པའི་ཕམ་འདྲ་ཀུན་དཀྲིས་དྲག་པོས་སྤྱད་པའི་ཚེ་གོང་མ་གཉིས་གཏོང་སྟེ། བྱང་སེམས་ཀྱི་སྡོམ་པའི་གཏོང་རྒྱུ་བྱུང་བའི་ཕྱིར་དང་། སྔགས་སྡོམ་གྱི་རྩ་ལྟུང་ལྔ་པའམ་གཉིས་པ་འབྱུང་བའི་ཕྱིར་རོ། །དགེ་སློང་གི་སྡོམ་པ་མི་གཏོང་སྟེ། གཏོང་རྒྱུ་མ་བྱུང་བའི་ཕྱིར་རོ། །གསུམ་པ་ནི། དེ་ལྟ་བུའི་དགེ་སློང་གི་དགོས་ཆེད་ཁྱད་པར་ཅན་མེད་པར་དགེ་སློང་གི་ཕམ་པ་བཞི་སྤྱད་ན་དགེ་སློང་གི་སྡོམ་པ་དང་སྔགས་སྡོམ་གཉིས་ཀ་གཏོང་སྟེ། དགེ་སློང་གི་སྡོམ་པ་ལ་ལྟོས་པའི་ཕམ་པ་བྱུང་བའི་ཕྱིར་དང་། སྔགས་སྡོམ་གྱི་རྩ་ལྟུང་གཉིས་པ་བྱུང་བའི་ཕྱིར་རོ། །བྱང་སེམས་ཀྱི་སྡོམ་པ་མི་གཏོང་སྟེ། རང་གི་ཆོ་གས་ཐོབ་ཅིང་དེའི་གཏོང་རྒྱུ་མ་བྱུང་བའི་ཕྱིར་རོ། །བཞི་པ་ནི། དེ་ལྟ་བུའི་དགེ་སློང་གིས་རྩ་ལྟུང་བདུན་པ་དང་། བརྒྱད་པ་ལྟ་བུ་ཐུན་མོང་མ་ཡིན་པ་རྣམས་སྤྱད་པའི་ཚེ་སྔགས་སྡོམ་གཏོང་སྟེ། དེའི་ཚེ་རྩ་ལྟུང་བྱུང་བའི་ཕྱིར་རོ། །འོག་མ་གཉིས་མི་གཏོང་སྟེ། དེའི་གཏོང་རྒྱུ་མ་བྱུང་བའི་ཕྱིར་རོ། །ལྔ་པ་ནི། དེ་ལྟ་བུའི་དགེ་སློང་གིས་སྨོན་སེམས་བཏང་ནས་སོ་ཐར་གྱི་ཕམ་པ་བཞི་སྤྱད་པའི་ཚེ་གསུམ་ཆར་གཏོང་སྟེ་དགེ་སློང་གི་སྡོམ་པའི་ཕམ་པ་བྱུང་བའི་ཕྱིར་དང་། བྱང་སེམས་ཀྱི་སྨོན་སེམས་གཏང་བའི་ཕྱིར་དང་། སྔགས་ཀྱི་བདེ་གཤེགས་བཀའ་འདས་བྱུང་བའི་ཕྱིར་རོ། །འདི་ལ་བྱང་སེམས་ཀྱི་སྡོམ་པ་བཏང་ནས་སྔགས་སྡོམ་མི་གཏོང་བའི་མུ་ནི་མེད་དེ། བྱང་སེམས་ཀྱི་སྡོམ་པ་གཏོང་བའི་རྒྱུ་ལ། ཀུན་དཀྲིས་དྲག་པོས་བྱང་སེམས་ཀྱི་ཕམ་པ་སྤྱད་པ་དང་། སྨོན་སེམས་གཏོང་བ་གཉིས་སུ་ངེས་པ་ལས་དང་པོ་ནི་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་དང་། གཉིས་པ་ལ་ནི་རྩ་ལྟུང་ལྔ་པ་བྱུང་བའི་ཕྱིར་དང་། སྔགས་སྡོམ་ཡང་བྱང་སེམས་ཀྱི་སྡོམ་པའི་བྱེ་བྲག་ཡིན་པའི་ཕྱིར། དེ་བཞིན་དུ་དགེ་སློང་ལ་སོགས་པའི་རིས་བདུན་བཏང་ནས་གོང་མ་གཉིས་མི་གཏོང་བའི་མུ་ཡོད་པ་ཡིན་གྱི། སོ་ཐར་བཏང་ནས་གོང་མ་གཉིས་མི་གཏོང་བའི་མུ་ནི་ཡོད་པ་མ་ཡིན་ཏེ། གོང་མ་གཉིས་སོ་ཐར་གྱི་སྡོམ་པའི་བྱེ་བྲག་ཡིན་པའི་ཕྱིར་རོ། །གཉིས་པ་ནི་སྡོམ་པ་འོག་མ་གཉིས་ལེན་པའི་ཆོ་ག་སྔོན་དུ་མ་སོང་བར་དབང་བསྐུར་གྱི་ཆོ་ག་གཅིག་པུ་ལས་སྡོམ་པ་གསུམ་ཆར་ཐོབ་པ་ལ་ནི་སྔགས་ཀྱི་རྩ་ལྟུང་བྱུང་བའི་ཚེ་སྡོམ་པ་གསུམ་ཆར་གཏོང་སྟེ། དེ་ལྟ་བུའི་སྡོམ་པ་གསུམ་ཀ་ཡང་སྔགས་སྡོམ་གཅིག་པུ་ལ་ལྡོག་པའི་སྒོ་ནས་གསུམ་དུ་ཕྱེ་བ་ཙམ་ཡིན་པའི་ཕྱིར་དང་། ལེན་པའི་ཆོ་ག་ཡང་དབང་བསྐུར་ཁོ་ན་ལས་ཐོབ་དགོས་པ་ཡིན་གྱི་ཆོ་ག་གཞན་ལས་མ་ཐོབ་པའི་ཕྱིར་རོ། །འོན་ཀྱང་སྨོན་སེམས་མ་བཏང་ན་རྩ་ལྟུང་བྱུང་བས་སྡོམ་པའི་ལྡོག་པ་བཏང་ཡང་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ལྡོག་པ་མི་བཏང་བ་ནི་ཡོད་དོ། །རིགས་པ་འདི་ལ་རྟེན་ནས་སོ་ཐར་ལེན་པའི་ཆོ་ག་སྔོན་དུ་མ་སོང་བར་བྱང་སེམས་ཀྱི་སྡོམ་པ་ཐོབ་པའི་གཉིས་ལྡན་ཡང་བྱང་སེམས་ཀྱི་སྡོམ་པ་གཏོང་བའི་ཚེ་གཉིས་ལྡན་གཏོང་བར་ཤེས་པར་བྱ་ཞིང་བྱང་སེམས་ཀྱི་སྡོམ་པ་ཆོ་གའི་སྒོ་ནས་མ་བླངས་པར་སོ་ཐར་རིས་བརྒྱད་པོ་བྱང་ཆུབ་ཀྱི་སེམས་ཀྱི་ཟིན་པའི་སྒོ་ནས་བླངས་པའི་གཉིས་ལྡན་ལ་ཡང་སོ་ཐར་བཏང་བའི་ཚེ་སྡོམ་པ་གཉིས་ཆར་བཏང་བར་ཤེས་པར་བྱའོ། །དེའི་ཚེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ལྡོག་པ་ནི་མི་གཏོང་སྟེ། གཞུང་ལས། ཐེག་ཆེན་སོ་སོ་ཐར་ཡིན་ཡང་། །དགེ་སློང་ལ་སོགས་སྡོམ་པ་ཡི། །ལྡོག་པ་ཤི་བའི་ཚེ་ན་གཏོང་། །བྱང་ཆུབ་སེམས་ཀྱི་ལྡོག་པ་དང་། །དེ་ཡི་འབྲས་བུ་ཤི་ཡང་འབྱུང་། །ཞེས་གསུངས་པས་སོ། །དོན་འདི་མ་རྟོགས་པར་གཞུང་འདིའི་དོན་ལ་ཐེག་ཆེན་སོ་ཐར་དང་ལྡན་པའི་དགེ་སློང་ཤི་འཕོས་པའི་ཚེ་དགེ་སློང་གི་སྡོམ་པའི་ལྡོག་པ་བཏང་ནས་ངོ་བོ་མི་གཏོང་བ་དང་། ཡང་ཁ་ཅིག་དགེ་སློང་གི་སྡོམ་པའི་ལྡོག་པ་བཏང་བྱང་སེམས་ཀྱི་སྡོམ་པ་མི་གཏོང་བ་ཡིན་ཞེས་འཆད་པ་ནི་བབ་ཅོལ་འབའ་ཞིག་ཡིན་ཏེ། དགེ་སློང་གི་སྡོམ་པའི་ངོ་བོ་མི་གཏོང་ན་ཤི་འཕོས་ནས་ཀྱང་དགེ་སློང་དུ་འགྱུར་བ་སོགས་ཀྱི་སྐྱོན་མཐའ་དག་ཐོག་ཏུ་འབབ་པའི་ཕྱིར་དང་། བྱང་སེམས་ཀྱི་སྡོམ་པ་མི་གཏོང་བར་འདོད་པ་ཡང་སྐབས་མ་ཡིན་ཏེ། གཞུང་འདིས་བྱང་སེམས་ཀྱི་སྡོམ་པ་རང་གི་ཆོ་གས་མ་བླངས་པར་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སོ་ཐར་རིས་བརྒྱད་ཀྱི་གཏོང་ཚུལ་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། དགེ་སློང་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་སྔགས་སྡོམ་ཡིན་ན་ཐུན་མོང་མ་ཡིན་པའི་རྩ་ལྟུང་བྱུང་བའི་ཚེ་གཏོང་བས་ཁྱབ་པར་ཐལ། དེའི་ཚེ་དེའི་རྒྱུད་ཀྱི་སྔགས་སྡོམ་མཐའ་དག་གཏོང་བའི་ཕྱིར། འདོད་ན་དགེ་སློང་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་ཁས་བླངས་སོ་སྙམ་ན་སྔ་མ་ལ་ཁྱབ་པ་མེད་དེ། ཉན་ཐོས་ཀྱི་དགེ་སློང་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚེ་དམན་སེམས་ཀྱིས་ཟིན་པའི་ཉམས་ལེན་མཐའ་དག་གཏོང་ངམ་མི་གཏོང་། མི་གཏོང་ན་ཧ་ཅང་ཐལ་ཞིང་། གལ་ཏེ་གཏོང་ན་ཉན་ཐོས་ཀྱི་དགེ་སློང་གི་རྒྱུད་ཀྱི་དམན་སེམས་ཀྱིས་ཟིན་པའི་ཉམས་ལེན་ཡིན་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚེ་གཏང་བས་ཁྱབ་པར་ཐལ། དེའི་ཚེ་དེའི་རྒྱུད་ཀྱི་དམན་སེམས་ཀྱིས་ཟིན་པའི་ཉམས་ལེན་མཐའ་དག་གཏོང་བའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན་ཉན་ཐོས་ཀྱི་དགེ་སློང་གི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གང་ཟག་དེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྗེས་སུ་དགེ་སློང་གི་སྡོམ་པ་མེད་པར་འགྱུར་རོ། །གལ་ཏེ་ཁོ་ན་རེ། དེ་ལྟ་བུའི་དགེ་སློང་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚེ་སྔར་གྱི་དགེ་སློང་གི་སྡོམ་པ་ཡང་གཏོང་སྟེ། དེའི་ཚེ་སྔར་གྱི་དགེ་སློང་གི་སྡོམ་པ་དེ་མེད་པའི་ཕྱིར་ཞེ་ན། འདི་ནི་སྐད་ཅིག་ཕྱི་མའི་ཚེ་སྐད་ཅིག་སྔ་མ་གཏོང་བའི་སྒོ་ནས་སྐྱོན་བརྗོད་པར་སྣང་བས་དེའི་ལན་ལ་ཁོ་བོ་འབའ་ཞིག་གིས་ངལ་བ་ཅི་ཞིག་བྱར་ཡོད། འོན་ཀྱང་ཁྱེད་ཀྱི་རྨོངས་པ་བསལ་བའི་དོན་དུ་རྣམ་གསལ་གྱི་དཔེ་བརྗོད་ན་དགེ་སློང་རྡོ་རྗེ་འཛིན་པ་ཤི་འཕོས་པའི་ཚེ་དེའི་རྒྱུད་ཀྱི་སྔགས་སྡོམ་གཏོང་བར་ཐལ། དེ་ཤི་འཕོས་ནས་ལྷར་སྐྱེས་པའི་ཚེ་དེའི་རྒྱུད་ལ་དགེ་སློང་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་སྔགས་སྡོམ་མེད་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད་དམ་སོམས་ཤིག དྲུག་པ་གསུམ་ལྡན་གྱི་གང་ཟག་གིས་སྡོམ་པ་གསུམ་ཉམས་སུ་ལེན་པའི་ཚུལ་ལ་གཉིས་ཏེ། སོ་སོའི་བསླབ་བྱ་ལ་སློབ་ཚུལ་དང་། རེ་རེ་ཡང་གསུམ་ལྡན་དུ་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ནི། རྟེན་གྱི་གང་ཟག་སྡོམ་གསུམ་རིམ་ཅན་དུ་བླངས་པའི་དགེ་སློང་རྡོ་རྗེ་འཛིན་པ་དེས་ཇི་སྲིད། བསླབ་དང་དབང་ལས་རྣལཾ་འབྱོཾར་གྲོལ། །ཞེས་གསུངས་པ་ལྟ་བུའི་རྟོགས་པ་མ་ཐོབ་ཀྱི་བར་དུ་རང་རྒྱུད་ཀྱི་སྡོམ་པ་གསུམ་གྱི་བསླབ་བྱ་རྣམས་ལ་སེམས་ཅན་གྱི་དོན་དུ་འགྱུར་བ་སོགས་ཀྱི་དགོས་པ་ཁྱད་པར་ཅན་མེད་པའི་ཚེ་སོ་སོའི་གཞུང་ལས་འབྱུང་བ་བཞིན་བསླབ་དགོས་ཏེ། གསང་བ་འདུས་པའི་བཤད་རྒྱུད་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་བསྲུང་། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་པ་དང་། རྡོ་རྗེ་གུར་ལས། ཉན་ཐོས་སྤྱོད་པ་སྲུང་བ་པོ། །ཞེས་པ་དང་། ལྟུང་བ་འཆད་པའི་སྐབས་སུ་ཡང་། སྡོམ་པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདའ་བ་དང་། །ཞེས་སོགས་དགོས་མེད་དུ་བཅས་པ་ལས་འདས་པ་ཡན་ལག་གི་ལྟུང་བར་བཤད་པའི་ཕྱིར་དང་། སྤྱོད་འཇུག་ལས། འཇིག་རྟེན་མ་དད་གྱུར་པ་རྣམས། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་པ་དང་། རྐང་པ་རྐྱོང་སྟེ་མི་འདུག་ཅིང་། །ཞེས་སོགས་ཀྱི་བསླབ་བྱ་མང་དུ་གསུངས་པའི་ཕྱིར་དང་། གཞུང་འདིར་ཡང་། འདི་ལ་སྡིག་ཏོ་མི་དགེའི་ཕྱོགས། །ཕལ་ཆེར་ཉན་ཐོས་ལུགས་བཞིན་བསྲུངས། །ཞེས་སོགས་མང་དུ་གསུངས་པའི་ཕྱིར་རོ། །སེམས་ཅན་གྱི་དོན་དུ་འགྱུར་བ་སོགས་དགོས་པ་ཁྱད་པ་ཅན་ཡོད་པའི་ཚེ་རྟེན་གྱི་གང་ཟག་དེ་ལྟ་བུ་ལ་ལུས་ངག་གི་བཅས་པ་ཐམས་ཅད་ཀྱང་གནང་སྟེ། སྤྱོད་འཇུག་ལས། ཐུགས་རྗེ་མངའ་བ་རིང་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་པ་དང་། བཞི་བརྒྱ་པ་ལས། བསམ་པས་བྱང་ཆུབ་སེམས་དཔའ་ལ། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་བོའི་ཕྱིར། །ཞེས་པ་དང་། གཞུང་འདིར་ཡང་། འཇིག་རྟེན་འཇུག་པའི་རྒྱུར་གྱུར་ན། །ཐེག་ཆེན་སོ་སོར་ཐར་ལ་གནང་། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་ཕྱག་ན་པདྨོའི་རྣམ་པར་འཕྲུལ་པ་རྣལ་འབྱོར་གྱི་དབང་ཕྱུག་ས་སྐྱ་པ་ཆེན་པོའི་ཞལ་ནས་དེ་ལྟར་དབང་བཞིའི་ལམ་དེ་དག་བསྡུས་ནས་ཉམས་སུ་ལེན་ན་སྡོམ་པ་གསུམ་ལྡན་གྱིས་སྒོམ་དགོས་ཏེ། སོ་སོར་ཐར་པའི་སྡོམ་པ་དགེ་བསྙེན་ནས་དགེ་སློང་གི་བར་དུ་ཐོབ་པ་བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་སེམས་བསྐྱེད་ཐོབ་པ་གསང་སྔགས་ཀྱི་དབང་བཞིའི་སྡོམ་པ་ཐོབ་པའོ། །དེ་ལ་ཉན་ཐོས་ཉོན་མོངས་པའི་སྐྱོན་ཤེས་པར་བྱས་ནས་མྱུར་དུ་སྤོང་། བྱང་ཆུབ་སེམས་དཔས་སྐྱོན་ཡོན་འདྲེས་པར་བྱས་ནས་གནས་གྱུར། གསང་སྔགས་པས་ཉོན་མོངས་པ་གང་སྐྱེས་པ་དེའི་ཚེ་ཆོས་ཅན་དང་ཆོས་ཉིད། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་ཀྱི་ངོ་བོ་ཤེས་པར་བྱས་ནས་ལྷུན་གྲུབ་དང་གནས་འགྱུར་གྱི་སྐུ་སྒྲུབ་པར་བྱེད་དོ། །དེ་ལྟར་ཤེས་པར་བྱས་ཏེ་མཚན་མ་དང་རྣམ་རྟོག་ཡེ་ཤེས་ཀྱིས་དབང་དུ་བསྡུ་བའི་ཕྱིར་འདི་ལྟར་བསྒོམ་སྟེ་དཔེར་ན་བདག་ལ་འདོད་ཆགས་སྐྱེས་ན་གཉེན་པོས་འདོད་ཆགས་ཀྱི་དབང་དུ་མི་གཏོང་བ་ནི་སོ་སོར་ཐར་པའི་སྡོམ་པའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་བདག་ལ་སྨིན་ནས་སེམས་ཅན་གྱི་ཉོན་མོངས་པ་བག་ཆགས་དང་བཅས་པ་བྲལ་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ཅེས་བྱང་ཆུབ་ཀྱི་སེམས་སྒོམ་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པའོ། །དེ་ནས་རང་ཡི་དམ་ལྷར་སྒོམ། བླ་མ་སྤྱི་བོའམ་སྙིང་ཁར་བསྒོམས་ལ་མོས་གུས་བྱ། སེམས་རྫོགས་རིམ་གྱི་ཡེ་ཤེས་དྲན་པར་བྱ་སྟེ་རང་གི་ལུས་ངག་ཡིད་གསུམ་སངས་རྒྱས་ཆོས་ཀྱི་སྐུ་དང་། གཟུགས་སྐུར་སྒོམ་པ་ནི་རིག་འཛིན་སྔགས་ཀྱི་སྡོམ་པའོ། །དེ་ནས་དགེ་བའི་རྩ་བ་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་བསྔོ་བ་དང་། དེ་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་སྒོམ་པ་དང་། ཆོས་ཐམས་ཅད་རྨི་ལམ་ལྟ་བུའི་ངང་ལས་སྤྱོད་ལམ་བྱ་བ་སྡོམ་པ་གསུམ་མྱུར་དུ་སྨིན་པར་བྱེད་པའོ་ཞེས་གསུངས་པའི་དོན་ཉམས་ལེན་གྱི་རིམ་པ་ལ་སྦྱོར་བ་ནི་སེམས་རྒྱུད་ལ་འདོད་ཆགས་ལྟ་བུ་གཅིག་སྐྱེས་པའི་ཚེ་རང་ཉིད་རྟེན་དགེ་སློང་ལ་སོགས་པ་ཡིན་པ་རྒྱུ་མཚན་དུ་བྱས་ནས་སྤོང་བ་ནི་སོ་ཐར་གྱི་ཉམས་ལེན། དེའི་སྟེང་དུ་གཞན་གྱི་འདོད་ཆགས་འབྲས་བུ་དང་བཅས་པ་ཐམས་ཅད་རང་ལ་ལེན་ཅིང་རང་གི་བདེ་དགེས་སེམས་ཅན་དེ་དག་བདེ་བར་སྒོམ་པ་ནི་བྱང་སེམས་ཀྱི་སྡོམ་པའི་ཉམས་ལེན། དེ་ནས་བླ་མ་སྤྱི་བོའམ་སྙིང་ཁར་བསྒོམས་ནས་གུས་འདུད་དྲག་པོ་བྱས། འདོད་ཆགས་ཀྱི་གསལ་བའི་ངོ་བོ་དེ་ཉིད་འོད་དཔག་མེད་དུ་བསྒོམ་ནས་སེམས་བདེ་སྟོང་གི་ངང་ལ་མཉམ་པར་བཞག་པ་ནི་སྔགས་སྡོམ་གྱི་ཉམས་ལེན་ནོ། །དེ་བཞིན་དུ་ཉོན་མོངས་པ་གཞན་རྣམས་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །དེ་དག་ནི་སོ་ཐར་གསུམ་ལྡན་དུ་ཉམས་སུ་ལེན་པའི་ཚུལ་ཡིན་ལ། བྱང་སེམས་ཀྱི་སྡོམ་པ་གསུམ་ལྡན་དུ་ཉམས་སུ་ལེན་ཚུལ་ནི་གཞན་ལ་སྦྱིན་པ་གཏོང་བའི་ཚེ་ཡང་ཆང་དང་དུག་དང་མཚོན་ཆ་ལ་སོགས་པ་གཞན་ལ་གནོད་པའི་རྒྱུར་གྱུར་པའི་མ་དག་པའི་སྦྱིན་པ་སྤོང་བ་ནི་སོ་ཐར་གྱི་ཉམས་ལེན། སྦྱིན་པས་འཁོར་དུ་བསྡུས་ནས་ཆོས་བསྟན་པས་གནས་སྐབས་དང་། མཐར་ཐུག་གི་ཕན་བདེ་ལ་འགོད་ཅིང་དེའི་ཚེ་ཡང་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ནི་བྱང་སེམས་ཀྱི་སྡོམ་པའི་ཉམས་ལེན། ཐམས་ཅད་ཀྱང་ལྷ་དང་ཡེ་ཤེས་སུ་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པ་ནི་སྔགས་སྡོམ་གྱི་ཉམས་ལེན་ནོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཐམས་ཅད་ཀྱང་གསུམ་ལྡན་དུ་ཉམས་སུ་ལེན་པར་བྱའོ། །སྔགས་སྡོམ་གསུམ་ལྡན་དུ་ཉམས་སུ་ལེན་པའི་ཚུལ་ནི་སྒྲུབ་ཐབས་གཅིག་ལ་ཡང་སྔོན་འགྲོ་ཐམས་ཅད་ཀྱང་སྡོམ་གསུམ་གྱི་ཉམས་ལེན་དང་། དངོས་གཞི་ཡང་སྡོམ་གསུམ་གྱི་ཉམས་ལེན་དང་ལྷའི་སྐུ་དང་ཕྱག་མཚན་ཐམས་ཅད་ཀྱང་སྡོམ་གསུམ་གྱི་ཉམས་ལེན་དུ་འགྲོ་བའི་ཚུལ་བླ་མ་དམ་པ་བསྟེན་ཅིང་། དྲི་མ་མེད་པའི་རྒྱུད་སྡེ་ལ་སྦྱང་ཏེ་ཤེས་པར་བྱའོ། །འདིར་ནི་ཇི་ལྟར་སྦྱོར་བའི་ཚུལ་རྒྱས་པར་སྤྲོ་བའི་སྐབས་མ་ཡིན་པས་མ་བྲིས་ལ། དེ་ལྟར་འབྱུང་བའི་ཤེས་བྱེད་ནི་གསང་བ་འདུས་པའི་མན་ངག་འགའ་ཞིག་ལས་ལམ་རིམ་པ་ལྔ་པོ་རེ་རེ་ལ་ཡང་རིམ་པ་ལྔ་ལྡན་དུ་ཉམས་སུ་ལེན་པའི་ཚུལ་བཤད་པ་དང་། རྗེ་བཙུན་ནཱ་རོ་ཏ་པའི་འཁོར་ལོ་བདེ་མཆོག་གི་མན་ངག་འགའ་ཞིག་ལས་སྒྲུབ་ཐབས་སྤྱི་སྐུ་གསུམ་གྱི་ཉམས་ལེན་ལ་སྦྱོར་ཞིང་བྱེ་བྲག་ཏུ་དེ་རེ་རེ་ཡང་སྐུ་གསུམ་གྱི་ཉམས་ལེན་ལ་སྦྱོར་བའི་ཚུལ་བཤད་པ་དང་། རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས་དབང་བཞིའི་ལམ་རེ་རེ་ཡང་དབང་བཞི་ལྡན་དུ་ཉམས་སུ་ལེན་ཚུལ་བཤད་པ་བཞིན་འདིར་ཡང་ཉོན་མོངས་པ་རེ་རེ་སྤོང་བ་ལ་སྡོམ་པ་གསུམ་ལྡན་གྱི་ཉམས་ལེན་སྦྱོར་བར་གསུངས་པས་ཤེས་པར་ནུས་སོ། །མདོར་ན་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ལས་གོ་སྒྲུབ་ཉམས་སུ་ལེན་པའི་ཚེ་ཕར་ཕྱིན་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པ་ལྟར་གསུམ་ལྡན་གྱི་གང་ཟག་གིས་སྡོམ་པ་གསུམ་པོ་རེ་རེ་ཡང་སྡོམ་པ་གསུམ་ལྡན་དུ་ཉམས་སུ་ལེན་པའི་ཚུལ་དྲི་མ་མེད་པའི་བཀའ་དང་བསྟན་བཅོས་ཀྱི་སྟེང་དུ་བློ་གྲོས་ཀྱི་མིག་རྒྱ་སྐྱེད་དེ་ཤེས་པར་བྱས་ནས་སྒོ་གསུམ་གྱི་བྱ་བ་རེ་རེས་ཀྱང་རང་གཞན་ལ་ཕན་བདེ་བསམ་གྱིས་མི་ཁྱབ་པ་བསྒྲུབ་པར་བྱའོ། །ལེགས་གསུངས་འདུལ་བའི་རྒྱ་མཚོ་ཟབ་མོ་མདོ་སྡེའི་རིན་ཆེན་གྱིས་གཏམས་ཆོས་མངོན་གསེར་རིའི་དབུས་ན་རྒྱུད་སྡེའི་རིན་ཆེན་ལས་གྲུབ་ཕྱི་ནང་གསུང་རབ་ལྷུན་པོའི་སྤོར། །རིམ་གཉིས་བདུད་རྩིའི་ཟས་ཀྱི་བློ་གྲོས་སྤྱན་སྟོང་འབར་བའི་གཟི་ལྡན་ལྷ་དབང་ལྷ་ཡི་བླ་མ་ས་སྐྱ་པ་ཞེས་གྲགས་པའི་བ་དན་གཡོ་བ་གང་དེ་ཡིས། །སྒྲུབ་དང་སུན་འབྱིན་རིགས་པའི་རྡོ་རྗེ་མཆོག་བསྣམས་གངས་ཅན་ལོག་སྨྲ་ལྷ་མིན་དཔུང་ཚོགས་བསྟན་པ་རྒྱ་མཚོའི་ཕ་མཐར་བསྐྲད་ཅིང་བློ་གསལ་ཉེ་དབང་ཚོགས་དབུས་སུ། །སྡོམ་གསུམ་ཆོས་ཀྱི་རྔ་ཆེན་བརྡུངས་པས་སྐལ་ལྡན་གདུལ་བྱ་ལྷ་བུའི་ཚོགས་ཀྱི་མི་ཤེས་གཉིད་རབ་སློང་ཞིང་དུག་གསུམ་འདོད་མེ་ཞི་བའི་དགའ་བདེའི་དཔལ་ལ་འགོད་པར་མཛད། །གང་གི་གསུང་རབ་ལྷ་ལམ་ཡངས་པ་ནས། །ལེགས་བཤད་འོད་སྟོང་ཀུན་ནས་འཕྲོ་བ་འདི། །ཁོ་བོའི་རྣམ་དཔྱོད་རྟ་བདུན་གྱིས་དྲངས་ནས། །ཐུབ་བསྟན་གླིང་བཞི་ཀུན་ཏུ་གསལ་བར་བྱས། །སྲིད་གསུམ་བླ་མའི་དགོངས་པ་ཇི་བཞིན་དུ། །དུས་གསུམ་རྒྱལ་བའི་བསྒྲོད་པ་གཅིག་པའི་ལམ། །སྡོམ་གསུམ་ཉམས་ལེན་ཇི་བཞིན་གསལ་བྱས་པའི། །སྒོ་གསུམ་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ཀུན་དགའི་ལེགས་བཤད་བཟང་པོ་རྟག་ཉན་ཅིང་། །དཀོན་མཆོག་དད་པའི་རྒྱལ་མཚན་རྩེར་མཆོད་ནས། །སངས་རྒྱས་བསྟན་པ་འཕེལ་བའི་མཐུ་ལྡན་ཤོག །འགྲོ་ཀུན་ངག་གིས་མི་སྙན་བརྗོད་བྱེད་ཅིང་། །ལུས་ཀྱིས་ཅིག་ཆར་བརྡེག་དང་འཚོག་ན་ཡང་། །གནོད་པའི་བསམ་པ་སྐད་ཅིག་མི་སྐྱེ་བར། །ལྷག་པར་དེ་ལ་དགའ་བ་སྒོམ་པར་ཤོག །མར་གྱུར་འགྲོ་ལ་ཕན་བདེ་སྒྲུབ་པའི་ཕྱིར། །བླ་མེད་བྱང་ཆུབ་མཆོག་གི་སེམས་བསྐྱེད་ནས། །འགྲོ་བའི་སྡུག་བསྔལ་མ་ལུས་བདག་སྨིན་ཅིང་། །བདག་གི་བདེ་དགེས་འགྲོ་རྣམས་བདེ་བར་ཤོག །དཀྱིལ་འཁོར་བཞི་ལ་དབང་བཞིའི་ཆབ་ཀྱིས་གཏམས། །ཅིར་སྣང་ལྷ་དང་བདེ་བའི་རྣམ་པར་ཤར། །སྤྱོད་པས་བོགས་དབྱུང་ཉེ་རྒྱུས་མཚམས་སྦྱར་ནས། །རྡོ་རྗེ་འཛིན་ས་མངོན་དུ་འགྱུར་བར་ཤོག །གནས་སྐབས་ཀུན་ཏུ་དམ་ཆོས་སྒྲུབ་པ་ཡི། །འགལ་རྐྱེན་སྤོང་ཞིང་མཐུན་རྐྱེན་ཀུན་ཚང་ནས། །མཁྱེན་རབ་དབང་ཕྱུག་རྗེ་བཙུན་ས་སྐྱ་པའི། །གསུང་རབ་ཕྱོགས་བཅུར་རྒྱས་པའི་མཐུ་ལྡན་ཤོག།  །།ཅེས་པ་འདི་ནི་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་རྗེ་བཙུན་ཀུན་དགའ་བཟང་པོའི་ཞལ་སྔ་ནས་དང་། ཁམས་གསུམ་འགྲོ་བའི་བླ་མ་རྒྱལ་བ་མུས་པ་ཆེན་པོ་དང་། ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་སངས་རྒྱས་འཕེལ་ལ་སོགས་པ་མཁས་གྲུབ་མང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ་ལ་བརྟེན་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་ལ་བློ་ཁ་ཅུང་ཟད་ཕྱོགས་ཤིང་ཁྱད་པར་ལུགས་འདི་ལ་གཞན་གྱིས་མི་འཕྲོགས་པའི་སྤོབས་པ་ཐོབ་པ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་ལྕགས་མོ་སྦྲུལ་གྱི་ལོ་དབོའི་ཟླ་བ་ལ་འབྲས་ཡུལ་རྫོང་དཀར་གྱི་སྐྱེད་མོས་ཚལ་དུ་སྦྱར་བའོ།།  ༈  །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་བུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*