སྡོམ་གསུམ་འཁྲུལ་སྤོང་།

༼ཏ༽༄༅། །སྡོམ་གསུམ་གྱི་བསྟན་བཅོས་ལ་དྲིས་ཤིང་རྩོད་པའི་ལན་སྡོམ་གསུམ་འཁྲུལ་སྤོང་ཞེས་བྱ་བ་མཁས་པའི་དབང་པོ་བསོད་ནམས་སེང་གེས་མཛད་པ་བཞུགས་སོ།།

དཔལ་ལྡན་རང་བཞིན་བདེ་བའི་གོ་སྐབས་གཞོམ་མེད་ནང་གི་བདག་ཉིད་ཧཱུྃ་གི་དངོས། །བདེ་བའི་ཐབས་མཆོག་སྨིན་བྱེད་དབང་གིས་བཛྲ་གསུམ་གྱི་སྲུང་བ་བླ་མེད་བསྒྲུབས། །མི་འགྱུར་བདེ་བའི་ཕཊ་ཀྱིས་མཚན་རྟོག་འགགས་པའི་སྦུབས་ལས་སྙིང་པོ་གསལ་འཐོན་པ། །རྒྱུད་གསུམ་ངོ་བོ་དབྱེར་མེད་མངོན་གྱུར་འཇམ་དབྱངས་བླ་མའི་ཞབས་ཀྱི་པདྨོར་འདུད། །གང་གི་གསུང་རབ་ཉེས་མེད་གངྒཱའི་རྒྱུན། །རྟོག་གེའི་བློ་ཡིས་མ་འབྲེལ་འགལ་བ་དང་། །ཡིད་ཆེས་ཁུངས་མེད་དགག་ཡུལ་མ་ངེས་ཞེས། །དྲི་བའི་ཚུལ་གྱིས་ཉེས་པ་བཀོད་པའི་ལན། །གྷེཌྜ་གྷེཌྜ་དྷརྨཱ་ར་ནེ་ཏ། །སཾ་པྲ་ར་ནེ་འུར་ཤུད་བེ་དཱ་ར། །ཧ་ན་ཧ་ན་ཀ་ཧ་ཀ་ཧའི་སྒྲ། །ཀྲོག་ཀྲོག་སྒོར་ནི་ཏྲིག་ཏྲིག་སོན་པར་གྱིས། །འགྲོ་བ་མཐའ་དག་གི་ཕན་བདེའི་འབྱུང་གནས་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ཅིང་། དེའང་ཕྱིན་ཅི་ལོག་ཏུ་སྤྱོད་པ་ལས་ཕན་བདེ་མི་འབྱུང་གི ཕྱིན་ཅི་མ་ལོག་པ་རྣམ་པར་དག་པ་སྤྱོད་པ་ལས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་འབྱུང་བར་དགོངས་ནས། རྒྱ་གར་འཕགས་པའི་ཡུལ་ནའང་འཛམ་གླིང་རྒྱན་དྲུག་ལ་སོགས་པའི་པཎ་གྲུབ་རྣམས་དང་། གངས་རིའི་ཁྲོད་འདིར་ཡང་སྐྱེས་མཆོག་རིན་ཆེན་བཟང་པོ་ལ་སོགས་པའི་མཁས་ཤིང་གྲུབ་པ་བརྙེས་པ་རྣམས་ཀྱིས་ཆོས་ལོག་སུན་ཕྱུང་ནས་བསྟན་པ་རྣམ་པར་དག་པའི་ཉམས་ལེན་ལུང་དང་རིགས་པས་བསྒྲུབ་པར་མཛད་དོ། །ཚུལ་དེ་བཞིན་དུ་དྲང་བའི་དོན་དུ་ན། སྐྱེ་བ་གཞན་དུ་སྦྱངས་པ་དང་། །མཁས་པ་དུ་མ་བསྟེན་པ་དང་། །རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ། །ཅེས་ཞལ་གྱིས་བཞེས་པ་ལྟར་གྱི་ཡོན་ཏན་བརྙེས་ཤིང་། ངེས་པའི་དོན་དུ་ན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་དུ་བསྡུས་པ་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པར་གདོན་མི་ཟ་བ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོས། ཆོས་རྗེ་ས་སྐྱ་པ་ཆེན་པོ་འདས་པ་ནས་བསྟན་བཅོས་འདི་མ་བརྩམས་གྱི་བར་གྱི་ཆོས་ལོག་པ་གངས་རིའི་ཁྲོད་འདིར་བྱུང་བ་ཐམས་ཅད་སུན་ཕྱུང་ནས་བསྟན་པ་རྣམ་པར་དག་པའི་ཉམས་ལེན་ཚུལ་བཞིན་དུ་སྒྲུབ་པའི་བསྟན་བཅོས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་འདི་མཛད་དོ། །འདི་ཉིད་གསུང་རབ་ཀྱི་གནད་གོ་བར་ནུས་པའི་བློ་གྲོས་དང་། བཀའ་སྲོལ་བཟང་པོའི་རྗེས་སུ་འཇུག་པར་རང་དབང་བའི་བསོད་ནམས་དང་ལྡན་པའི་མཁས་པ་དག་གིས་བཤད་ཉན་གྱིས་གཏན་ལ་ཕབ་སྟེ་དར་ཞིང་རྒྱས་པར་མཛད་པའི་སྐབས་སུ། ཐུགས་རབ་རྒྱ་ཆེ་ཞིང་སྡེ་སྣོད་ལ་སྦྱངས་པའི་བཤེས་གཉེན་ཆེན་པོ་ཤཱཀྱ་མཆོག་ལྡན་པ་ཞེས་བྱ་བས། སྡོམ་གསུམ་རབ་དབྱེའི་བཤད་པ་དེ་དག་ནི། ཕྱོགས་སྔ་མ་ལོངས་པ་དང་། ལུང་ཁུངས་མེད་པ་དང་། ཁས་བླངས་ནང་འགལ་བ་དང་། ཚད་ལྡན་གྱི་གཞུང་དང་འགལ་བ་དང་། དངོས་སྟོབས་ཀྱི་རིགས་པ་དང་འགལ་བར་དོགས་ནས་དྲི་བའི་གནས་བརྒྱ་རྩ་བརྒྱད་བཀོད་པའི་ཚིགས་སུ་བཅད་པ་མང་པོ་ཞིག་སྤེལ་ཏེ་དབུས་གཙང་ཁམས་གསུམ་ན་བཞུགས་པའི་མཁས་པ་བསྟན་བཅོས་འདིའི་རྗེས་སུ་འབྲང་བ་རྣམས་ཀྱིས་ལན་ཐོབ་ཅེས་དྲིལ་བསྒྲགས་སོ། །དེ་ལ་ཁོ་བོས་ཐོག་མར་མཐོང་བའི་ཚེ། དོགས་པ་ཞུགས་པའི་དྲི་བ་བཞི་ཡོད་ཅིང་། རྣམ་དཔྱོད་དང་ལྡན་པ་དག་གིས་དོགས་པ་སེལ་དགོས་པའི་དཔྱོད་ལྡན་གྱི་དྲི་བ་ཡང་འགའ་ཞིག་འདུག་མོད་ཀྱི། ཕལ་ཆེར་ནི་ཚིག་ལ་འཁྲི་བ་ཙམ་དང་། གཡས་ཆུང་བ་ཙམ་དང་། འགའ་ཞིག་ནི་རང་ཉིད་ཀྱིས་མ་གོ་བས་གཞན་གོ་བ་མེད་དམ་སྙམ་པ་དང་། ལ་ལ་ནི་ཐུག་མེད་ཀྱི་དྲི་བ་ལྟ་བུར་སྣང་བས་ལན་གྱི་སྤྲོས་པ་ལ་བརྩམ་པ་མ་བྱས་ཤིང་། སྙིགས་དུས་ཀྱི་སྐྱེ་བོ་རང་སྐྱོན་མེ་ལོང་བསྟན་ཀྱང་མི་མཐོང་། གཞན་སྐྱོན་སྣང་བྱེད་མེད་ཀྱང་གསལ་བ་དག་གིས་ཕྱོགས་འཛིན་གྱི་ཅ་ཅོས་རང་གཞན་གྱི་རྒྱུད་བསྲེགས་ཀྱི་དོགས་ནས་རེ་ཤིག་བཏང་སྙོམས་སུ་བཞག་པ་ཡིན་ན་ཡང་། ལུགས་མཆོག་འདི་ལ་ཤིན་ཏུ་སྡང་བའི་སྐྱེ་བོ་འགའ་ཞིག་གིས་ཚིག་འདི་ཙམ་གྱིས་མགྲིན་པ་བཏེགས་ནས་ཆོས་དང་། གང་ཟག་ལ་ཤིན་ཏུ་སྨོད་པའི་ཉེས་པར་འགྱུར་བར་མཐོང་ནས་དེ་དག་ཚར་བཅད་པའི་ཕྱིར་དང་། ལུགས་འདི་ལ་ཤིན་ཏུ་དད་ཀྱང་རང་སྟོབས་ཀྱིས་འབྱེད་པར་མ་ནུས་པའི་སྐྱེ་བོ་ཐེ་ཚོམ་གྱི་ལང་ལོང་དུ་གྱུར་པ་དག་ངེས་པ་བསྐྱེད་པའི་སྒོ་ནས་རྗེས་སུ་བཟུང་བའི་ཕྱིར་དང་། རྗེས་འབྲང་དག་གིས་ལན་སྨྲ་བར་མ་ནུས་སོ་ཞེས་མགྲིན་པ་བསྒྲིགས་པས་ཀྱང་ཅུང་ཟད་རྐྱེན་བྱས་ཏེ། ད་ནི་ཁོ་བོས་ལན་རིམ་པ་བཞིན་སྨྲ་བ་འདི་ལ་དབུས་གཙང་ཁམས་གསུམ་གྱི་མཁས་པ་ལུང་དང་རིགས་པ་མཁྱེན་པ་བློ་གཟུ་བོར་གནས་པ་དག་གིས་ཚུལ་བཞིན་དུ་དཔྱོད་ཅིག ༡༽ དེ་ལ་ཉན་ཐོས་ལུགས་ལ་སོ་ཐར་གྱི། །སྡོམ་པ་རིག་བྱེད་མིན་པའི་གཟུགས། །ཁོ་ནར་བཤད་པ་གང་ན་ཡོད། །རིག་བྱེད་གཟུགས་ཀྱང་མ་བཤད་དམ། །ཅེས་པའི་ལན་ནི། ཁོ་ནར་བཤད་པ་བསྟན་བཅོས་འདིའི། །ཚིག་ཟིན་དོན་ཐོབ་གང་ན་ཡོད། །ཅེས་པར་འདྲིའོ། །ཉན་ཐོས་སྡོམ་པ་རྣམ་རིག་མིན། །ཞེས་པས་བསྟན་ནོ་སྙམ་ན། དེ་ནི་ཚིགས་བཅད་སྦྱར་བདེ་བའི་ཆེད་དུ་རིག་བྱེད་མིན་པ་དངོས་སུ་སྨོས་ནས་རིག་བྱེད་ཀྱི་གཟུགས་ཀྱང་མཚོན་ནས་བསྟན་པ་སྟེ། མཛོད་ལས། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །ཅེས་དང་། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་སྡོམ་པ་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་གཉིས་ཡོད་པར་བཤད་བཞིན་དུ། རྣམ་རིག་མིན་རྣམ་གསུམ་ཤེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་པའི་སྡེབ་སྦྱོར་གྱི་ཚེ་སྡོམ་པ་རིག་བྱེད་མིན་པའི་གཟུགས་ཀྱི་དབྱེ་བར་བཤད་པ་བཞིན་ནོ། །གཞན་དུ་ན་འདི་ལ་ཡང་དེ་ལྟར་དྲི་བར་བྱེད་དམ། དེ་བཞིན་དུ་མངོན་རྟོགས་རྒྱན་ལས། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །ཞེས་པའི་ཉན་ཐོས་ཞེས་པའི་ཚིག་གིས་རང་སངས་རྒྱས་ཀྱང་མཚོན་ནས་བསྟན་པར་འགྲེལ་བ་ཉིད་ལས་བཤད་པ་དང་། འདུལ་བ་སུམ་བརྒྱ་པར། ཕྱི་དྲོའི་ཁ་ཟས་དངུལ་ཉིད་སྤོང་བ་དེ། །ཞེས་གསུངས་པའི་དངུལ་ཞེས་པའི་ཚིག་གིས་གསེར་མཚོན་ནས་བསྟན་པར་འགྲེལ་པ་འོད་ལྡན་ཉིད་ལས་གསུངས་པ་ལ་ཡང་། ཐེག་ཆེན་ལུགས་ལ་ཉེར་ཞིར་ནི། །ཁྲིད་པར་བྱ་བ་ཉན་ཐོས་དག །ཁོ་ནར་བཤད་པ་གང་ན་ཡོད། །ཅེས་དང་། འདུལ་བའི་ལུགས་ལ་དགེ་ཚུལ་གྱིས། །གསེར་མི་སྤོང་བར་དངུལ་ཉིད་ནི། །སྤོང་བར་བཤད་པ་གང་ན་ཡོད། །ཅེས་པ་ཡང་དྲི་བར་བྱེད་དམ། དེས་ན་བསྟན་བཅོས་ཆེན་པོའི་ཚིག་ལ་སྤྱིར་བཏང་དམིགས་བསལ་དང་། དངོས་བསྟན་ཤུགས་བསྟན་དང་། མཚོན་བྱ་མཚོན་བྱེད་སྦྱར་མི་ཤེས་པར་ཚིག་རང་གི་ངོ་བོ་སྒྲ་ཇི་བཞིན་པ་ཙམ་ལ་འདྲི་ན་བསྟན་བཅོས་ཆེན་པོའི་ཚིག་ཕལ་ཆེ་བ་ཆུད་སོན་པས་འགྱུར་རོ། ༢༽ །ཉན་ཐོས་སོ་ཐར་མཁས་སློབ་ཀྱི། །ལུང་ངག་ལས་ནི་སྐྱེས་ཞེས་པ། །གཞུང་གི་དགོངས་པ་ཡིན་ན་ནི། །སྡོམ་པའི་ཐོབ་རྒྱུ་བཅུ་མེད་དམ། །ཞེས་པའི་ལན་ནི། དེ་གཞུང་གི་དགོངས་པ་ཡིན་ཡང་སྡོམ་པའི་ཐོབ་རྒྱུ་བཅུ་གསུངས་པ་དང་འགལ་བ་མེད་དེ། འདིའི་སྡོམ་པ་ཞེས་པ་སྐབས་ཐོབ་ཀྱི་ད་ལྟར་གྱི་ཆོ་ག་ལས་ཐོབ་པའི་སྡོམ་པ་ལ་འཇུག་པ་སྲིད་པའི་ཕྱིར་རོ། །གཞན་དུ་མདོ་རྩར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ། །ཞེས་གསུངས་པའང་སྡོམ་པའི་ཐོབ་རྒྱུ་བཅུ་གསུངས་པ་དང་འགལ་བར་ཅིའི་ཕྱིར་མི་འགྱུར། འོན་ཀྱང་གཞུང་དེའི་དགོངས་པ་ནི་སློབ་མའི་རྒྱུད་ཀྱི་ལུས་ངག་ལས་སོ་ཐར་གྱི་སྡོམ་པ་སྐྱེ་ཞེས་པ་སྟེ། ཉན་ཐོས་པའི་ལུགས་ལ་སྡོམ་པ་ཡིན་ན། ལུས་ངག་གི་ལས་ཀྱི་རང་བཞིན་ཡིན་དགོས་པར་འདོད་པའི་ཕྱིར་ཏེ། མཛོད་ལས། ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །དེ་དག་རྣམ་རིག་རྣམ་རིག་མིན། །ཞེས་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་གཉིས་ཀ་ཡང་ལུས་ངག་གིས་ལས་ཀྱི་རང་བཞིན་དུ་གསུངས་པའི་ཕྱིར་རོ། ། ༣༽ གཟུགས་ཅན་ཡིན་པའི་རྒྱུ་མཚན་གྱིས། །ཤི་བས་བཏང་ན་བསམ་གཏན་དང་། །ཟག་མེད་གཉིས་ལ་མི་ཐལ་ལམ། །ཞེས་པའི་ལན་ནི། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཡང་ཚེ་འདིའི་གཟུགས་ཅན་ནི་ཤི་འཕོས་པའི་ཚེ་བཏང་སྟེ། རྟེན་བོར་བའི་ཕྱིར་རོ། །གཞན་དུ་ན་སོ་ཐར་གྱི་སྡོམ་པ་ཤི་འཕོས་པས་གཏང་བའི་སྒྲུབ་བྱེད་དུ་རྟེན་བོར་བའི་ཕྱིར་རོ། །ཞེས་བཀོད་པ་ལ་འབྲེལ་ཅི་ཞིག་ཡོད་གཟུགས་ཅན་མ་ཡིན་པའི་ཆོས་རྣམས་ལ་ནི་ཤི་འཕོས་པའི་ཚེ་རྟེན་བོར་བའི་ཕྱིར་ཞེས་པའི་གཏན་ཚིགས་མི་འགྲུབ་ལ། གཟུགས་ཅན་གྱི་ཆོས་རྣམས་ལ་ཤི་འཕོས་པའི་ཚེ་རྟེན་ཡོད་མེད་ཀྱི་ཁྱད་པར་ཕྱེ་བར་མི་ནུས་པས་བསྒྲུབ་བྱ་ཤི་འཕོས་པའི་ཚེ་གཏོང་བར་མཚུངས་པ་ནི་རིགས་པ་སྨྲ་བ་ཀུན་གྱི་ལུགས་ཡིན་ནོ། །འོ་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཐོབ་ལ་མ་ཉམས་པའི་གང་ཟག་ཚེ་ཕྱི་མར་སྡོམ་པ་དེ་གཉིས་དང་གཏན་མི་ལྡན་པར་འགྱུར་རོ་སྙམ་ན། ཤི་འཕོས་པའི་སྐད་ཅིག་གཉིས་པར་ཚེ་ཕྱི་མའི་ཕུང་པོ་གྲུབ་པའི་ཚེ། ཚེ་ཕྱི་མའི་དབང་དུ་བྱས་པའི་སྡོམ་པ་དེ་གཉིས་ཀྱི་ཐོབ་པ་འབྱུང་བ་ནི་ཉན་ཐོས་པའི་ལུགས་ཏེ། དཔེར་ན་ཕྱིར་མི་འོང་འདོད་པའི་རྟེན་ཅན་ཤི་འཕོས་ནས་གཟུགས་མེད་ཀྱི་ཁམས་སུ་སྐྱེས་པའི་ཚེ། འདོད་པའི་རྟེན་ལ་ཡོད་པའི་ཟག་མེད་ཀྱི་སྡོམ་པ་གཏོང་ཡང་གཟུགས་མེད་ཀྱི་རྟེན་ལ་ཡོད་པའི་ཟག་མེད་ཀྱི་སྡོམ་པ་གསར་དུ་ཐོབ་པ་བཞིན་ནོ། །གལ་ཏེ་ཟག་མེད་ཀྱི་སྡོམ་པ་སྔ་མ་བཏང་ནས་ཕྱི་མ་གསར་ཐོབ་མེད་དོ་སྙམ་ན། འབྲས་བུ་སྔ་མ་ལ་གནས་པས། ཕྱི་མ་ཐོབ་པ་དང་། དབང་པོ་རྟུལ་པོ་རྣོན་པོར་སྦྱངས་པའི་ཚེ་ཟག་མེད་ཀྱི་དགེ་བ་སྔ་མ་བཏང་ནས་ཕྱི་མ་ཐོབ་པ་མེད་པར་ཐལ་ལོ། །དེ་ཡང་འདོད་ན། འཕགས་པ། འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཞེས་པ་རྩ་འགྲེལ་གྱི་དོན་ལུང་རིགས་སྨྲ་བའི་མདུན་དུ་བཤད་ཐུབ་པ་ཅིག་དགོས་སོ། །བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང་། །ཞེས་པའི་སྐབས་སུ། རྩ་བར་ཐ་སྙད་ཟོར་ཡངས་པའི་ཕྱིར་དུས་དེའི་དགེ་བ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ཐམས་ཅད་ཀྱི་གཏོང་རྒྱུ་འཆད་པའི་སྐབས་ཡིན་པས་ཤི་འཕོས་པ་གཏོང་རྒྱུར་མ་གསུངས་པས་འཁྲུལ་གཞི་བྱས་པར་སྣང་ཡང་། དེ་ཡི་འགྲེལ་པར་རིས་མཐུན་བཏང་བ་ལས་ཀྱང་། ཅུང་ཟད་བཏང་བར་འགྱུར་རོ། །ཞེས་གསུངས་པའི་མཚན་གཞི་གང་ཡིན་ལེགས་པར་སྨྲ་དགོས་སོ། ། ༤༽ ཐེག་ཆེན་ལུགས་ལ་སྤོང་བའི་སེམས། །ཇི་སྲིད་མ་ཉམས་དེ་སྲིད་དུ། །དེ་ཡི་སྡོམ་པ་དེ་ཡོད་ན། །ཐེག་ཆེན་ལུགས་ཀྱི་བསྙེན་གནས་ཀྱང་། །ནངས་པར་ཕན་ཆད་བསྲུང་དགོས་སམ། །ཞེས་པའི་ལན་ནི། ཐེག་ཆེན་ལུགས་ཀྱི་བསྙེན་གནས་ལ། །ནངས་པར་ཕན་ཆད་སྤོང་བའི་སེམས། །ཡོད་ན་བསྲུང་སེམས་ཅི་ཕྱིར་མེད། །མེད་ན་ཁྱོད་ཀྱི་དྲི་བ་ལ། །འབྲེལ་པ་ཅི་ཞིག་ཡོད་དམ་སོམས། །ཞེས་བྱའོ། ། ༥༽ དེས་ན་ཇི་སྲིད་སེམས་མ་ཉམས། །ཞེས་གསུངས་སེམས་བསྐྱེད་ཀྱིས་ཟིན་པའི། །དགེ་སློང་ལ་སོགས་སྡོམ་པ་ནི། །ཞེས་སོགས་མི་འགལ་ཚུལ་དེ་ཅི། །ཞེས་པའི་ལན་ནི། ཀུན་སློང་སེམས་བསྐྱེད་ཀྱིས་ཟིན་ཀྱང་། །དགེ་སློང་སྡོམ་པའི་སྤོང་སེམས་ནི། །ཤི་བའི་ཚེ་ན་ཉམས་པའི་ཕྱིར། །མི་འགལ་ཚུལ་ནི་དེ་ལྟར་ལགས། །ཐེག་ཆེན་སོ་སོར་ཐར་ཡིན་ཡང་། །དགེ་སློང་ལ་སོགས་སྡོམ་པ་ཡི། །ལྡོག་པ་ཤི་བའི་ཚེ་ན་གཏང་། །བྱང་ཆུབ་སེམས་ཀྱི་ལྡོག་པ་དང་། །དེ་ཡི་འབྲས་བུ་ཤི་ཡང་འབྱུང་། །ཞེས་པའི་གཞུང་འདི་མ་གཟིགས་སམ། །ཞེས་བྱའོ། ། ༦༽ སོ་ཐར་སྡོམ་པ་ཤི་ནས་ཀྱང་། །ཡོད་ཅེས་སྨྲ་བའི་འབྲི་ཁུང་པས། །ཐེག་པ་ཆེན་པོའི་སོ་ཐར་གྱི། །དབང་དུ་བྱས་པ་མ་བཤད་དམ། །ཞེས་པའི་ལན་ནི། དེ་བཤད་དུ་ཆུག་མོད། དེས་འདིར་གནོད་པ་ཅུང་ཟད་ཀྱང་མེད་པ་ལན་སྔ་མས་བསལ་ལོ། ། ༧༽ བྱེ་སྨྲའི་བསྙེན་གནས་དགེ་སློང་ལས། །ལེན་པའི་དམིགས་བསལ་གང་ན་ཡོད། །ཅེས་པའི་ལན་ནི། མཛོད་དུ། ནངས་པར་གཞན་ལས་ནོད་པར་བྱ། །ཞེས་པ་རྩ་འགྲེལ་དུ་གཞན་ལས་ཞེས་པ་ཙམ་ལས་མ་གསུངས་ཀྱང་། སོ་སོར་ཐར་ཞེས་པ། གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། །ཞེས་པའི་འགྲེལ་པར། དེ་ཡང་དགེ་འདུན་ནམ་གང་ཟག་ལས་ཏེ། དགེ་སློང་ཕ་མ་དང་། དགེ་སློབ་མའི་སྡོམ་པ་རྣམས་ནི་དགེ་འདུན་ལས་སོ། །གཞན་དག་ནི་གང་ཟག་ལས་སོ་ཞེས་གསུངས་པས་ཀྱང་སོ་ཐར་གཞན་ལྔ་ལེན་པའི་ཡུལ་དགེ་སློང་དུ་གྲུབ་སྟེ། དགེ་འདུན་དང་གང་ཟག་གི་ཟླས་ཕྱེ་བའི་གང་ཟག་ནི་དགེ་སློང་ལ་འཇུག་པའི་ཕྱིར་རོ། །ཕྱིར་བཅོས་ཀྱི་གཞིར་ལྟུང་བ་མཐོལ་བ་དང་། བཤགས་པའི་ཡུལ་བསྙེན་པར་མ་རྫོགས་པས་མི་རུང་བར་བཤད་པས་ཀྱང་གྲུབ་སྟེ། ལྟུང་བ་མཐོལ་བཤགས་ཀྱི་ཡུལ་དུ་མི་རུང་ན་སྡོམ་པ་ལེན་པའི་ཡུལ་དུ་རུང་བ་འགལ་བའི་ཕྱིར་རོ། ། ༨༽ འདུལ་བའི་ལུགས་ཀྱི་བསྙེན་གནས་ཀྱི། །ཆོ་ག་གསལ་པོ་གང་ན་བཞུགས། །ཞེས་པའི་ལན་ནི། ཀུན་མཁྱེན་བུ་སྟོན་གྱིས། འདིའི་ཆོ་ག་འདུལ་བ་ལུང་དུ་ཡེ་མ་བྱུང་ཞིང་། འདུལ་བའི་ཕྱོགས་ཀྱི་འགྲེལ་པ་རྣམས་སུ་ཡང་ཡེ་མ་བྱུང་ངོ་། །གནས་འཇོག་གི་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པར་འདོད་པས་ནངས་པར་ལངས་ནས་དགེ་སློང་ངམ། བྲམ་ཟེའམ། གཞན་གང་ཡང་རུང་བ་ཆོ་ག་ཤེས་པ་ཞིག་གི་དྲུང་དུ་སོང་སྟེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཚིག་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་མིང་ཆེ་གེ་མོ་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ་གང་དོ་ནུབ་ཀྱི་མཚན་མོ་འདི་དང་། སང་ཉི་མ་མ་ཤར་གྱི་བར་དུ་སྲོག་བཅད་པ་སྤངས་ཤིང་། སྲོག་གཅོད་པ་ལས་སླར་ལྡོག་སྟེ་དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ་ངོ་ཚ་དང་ལྡན་པར་བགྱིས་ལ་སེམས་ཅན་དང་སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་དུ་ན་སྲོག་ཆགས་ཕྲ་མོ་གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་ནས་དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ། སེམས་ཅན་དང་སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་དུ་ན་ཕྲ་མོ་གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་ཡང་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་ཆེ་གེ་མོ་ཡང་དུས་འདི་ནས་བཟུང་སྟེ་དོ་ནུབ་ཀྱི་མཚན་མོ་འདི་དང་སང་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་སྟེ། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ་ངོ་ཚ་དང་ལྡན་ཤིང་སྙིང་རྗེ་དང་ལྡན་པར་བགྱིས་ལ་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་དུ་ན་སྲོག་ཆགས་ཕྲ་མོ་གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་ཡང་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །ཇི་ལྟར་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ་བདག་ཆེ་གེ་མོ་ཡང་དུས་འདི་ནས་བཟུང་སྟེ། གང་དོ་ནུབ་ཀྱི་མཚན་མོ་འདི་དང་སང་ཉི་མ་མ་ཤར་གྱི་བར་དུ་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ་དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པར་བགྱིའོ། །ཡན་ལག་བརྒྱད་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །དེ་ལྟར་ལན་གཉིས་ལན་གསུམ་དུའོ་ཞེས་འབྱུང་ལ། སློབ་དཔོན་བྱང་ཆུབ་བཟང་པོའི་དགེ་བསྙེན་གྱི་སྡོམ་པའི་བཤད་པའི་གཞུང་ལས་ཀྱང་། དགེ་བསྙེན་གྱི་སྡོམ་པ་དང་སྦྲེལ་ནས་གསུངས་ཏེ། ཇི་སྐད་དུ། དེ་ལྟ་བུ་འདི་ནི་ཡན་ལག་ལྔ་ཡོངས་སུ་རྫོགས་པའི་དགེ་བསྙེན་གྱི་སྡོམ་པར་འགྱུར་རོ། །ཉིན་དུ་མཚན་དུ་བསྙེན་གནས་ཀྱི་སྡོམ་པ་བརྒྱད་བླང་བར་འདོད་ན། ཉི་མ་འཆར་བའི་སྔོན་དུ་དེ་བླང་བར་བྱའོ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་དང་། མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། མལ་སྟན་མཐོན་པོ་དང་། མལ་སྟན་ཆེན་པོ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། གར་དང་། གླུ་དང་། རོལ་མོའི་སྒྲ་དང་། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ། །དགྲ་བཅོམ་པའི་ཡོན་ཏན་གྱི་ཚོགས་བརྒྱད་ཀྱིས་བརྒྱན་པར་བགྱིའོ། །ཞེས་དེ་ལྟར་ལན་གསུམ་མོ། །དེ་ལྟ་བུས་ནི་ཡན་ལག་བརྒྱད་ཀྱི་བསྙེན་གནས་ཀྱི་སྡོམ་པར་འགྱུར་རོ། །ཞེས་གསུངས་ལ་དགེ་བསྙེན་གྱི་སྡོམ་པ་བརྒྱད་པར་ཡང་དེ་དང་ཆ་འདྲ་བ་ལ་ཁྱད་པར་གསུམ་ལ་སྐྱབས་སུ་འགྲོ་བ་ནི་སྔ་མ་བཞིན་ནོ། །ཞེས་པས་སྐྱབས་སུ་འགྲོ་བ་གསུམ་གྱི་རྗེས་སུ་བསླབ་པ་ལན་གསུམ་ཁས་བླངས་པའི་རྗེས་ལ་གསོ་སྦྱོང་ཅན་དུ་བདག་སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་བརྗོད་པར་བཤད་དོ། །དེ་དང་བྱང་བཟང་གི་གཉིས་ཕལ་ཆེན་སྡེ་པའི་གྲུབ་མཐའ་ཡིན་པར་འདྲའོ། །དེ་རྣམས་བསྙེན་གནས་ཀྱི་རྣམ་བཞག་ཤེས་པར་བྱ་བའི་ཕྱིར་སྤྱིའི་རྣམ་བཞག་བཤད་པ་ཡིན་ལ། ལག་ལེན་ལ་བླ་མ་གོང་མ་རྣམས་ཀྱིས་དགེ་ཚུལ་གྱི་ཆོ་ག་དང་ཆ་འདྲ་བར་བཤད་ལ་ཞེས་གསུངས་པའི་དོན་ལ་དཔྱོད་མཛོད། འོན་ཀྱང་མཁས་པ་འདིས་སྡོམ་བརྒྱད་དང་། བྱང་བཟང་གི་བཤད་པ་ཕལ་ཆེན་སྡེ་པའི་གྲུབ་མཐའ་བཞེད་པར་སྣང་ཡང་། བདག་ཉིད་ཆེན་པོའི་དགོངས་པ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་བསྙེན་གནས་ཀྱི་ཆོ་ག་འདུལ་བ་ལུང་ལས་མ་གསུངས་ཀྱང་། དགེ་བསྙེན་དང་དགེ་ཚུལ་གྱི་ཆོ་ག་ཉིད་ལ་བསླབ་པའི་གྲངས་དང་། དུས་ཀྱི་ཁྱད་པར་མ་གཏོགས་པ་གཞན་འདྲ་བས་དེས་མཚོན་པར་བཞེད་ཅིང་། གནས་འཇོག་གི་མདོ་དང་། སྡོམ་བརྒྱད་དང་། བྱང་བཟང་གིས་བཤད་པ་རྣམས་ནི་མདོ་སྡེ་པའི་ལུགས་སུ་བཞེད་དོ། ། ༩༽ དུད་འགྲོ་སོ་སོར་ཐར་པ་ཡི། །སྡོམ་པའི་རྟེན་དུ་ཁས་ལེན་པའི། །ཉན་ཐོས་སྡེ་པ་ཡོད་དམ་ཅི། །ཞེས་པའི་ལན་ནི། ཉན་ཐོས་སྡེ་པ་ཐམས་ཅད་ཀྱིས། །མཛོད་དང་མདོ་རྩར་གསུངས་པ་ཡི། །གྲུབ་མཐའ་ཁོ་ན་ཁས་ལེན་ན། །སྡེ་པ་ཐམས་ཅད་ཡོད་སྨྲར་འགྱུར། །གཞན་དུ་དུད་འགྲོ་སོ་ཐར་གྱི། །སྡོམ་པའི་རྟེན་དུ་ཁས་ལེན་པའི། །ཉན་ཐོས་སྡེ་པ་མེད་པ་ཅི། །ཞེས་དང་། རྒྱ་མཚོའི་ཀླུ་རྣམས་དུས་བཟང་ལ། །བསྙེན་གནས་བསྲུང་བར་བཤད་པ་དེ། །ཁས་ལེན་ཉན་ཐོས་མེད་དམ་ཅི། །ཞེས་ཀྱང་བརྗོད་པར་བྱའོ། ། ༡༠༽ མདོ་སྡེ་པ་རྣམས་བསྙེན་གནས་ནི། །ཇི་ལྟར་འདོད་ཚེ་ལེན་ཅེས་པ། །དུས་གཅིག་སྟབས་སུ་ལེན་ནམ་ཅི། །ཟན་ཟོས་ནས་ཀྱང་ལེན་ཞེས་པ། །དེ་ཡི་དོན་དུ་ཁས་ལེན་ན། །དེ་འདྲ་བྱེ་བྲག་སྨྲ་བ་ཡིས། །ནངས་པར་གཞན་ལས་ནོད་ཅེས་པའི། །དམིགས་བསལ་ཡིན་ཕྱིར་སྐབས་ཀྱི་ནི། །རྩོད་པའི་ལན་དུ་འགྱུར་བ་མེད། །བསྙེན་གནས་དུས་གཅིག་ལེན་པ་དེ། །མདོ་སྡེའི་གཞུང་ལུགས་གང་ན་ཡོད། །ཅེས་པའི་ལན་ནི། མཛོད་འགྲེལ་ལས། ནངས་པར་ནི་རེ་ཤིག་ཉི་མ་འཆར་བའི་ཚེ་སྟེ་ཉིན་ཞག་པའི་སྡོམ་པ་ཡིན་པའི་ཕྱིར་རོ། །གང་གིས་ཚེས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པར་བྱའོ། །ཞེས་སྔོན་ཡང་དག་པར་བླངས་པར་བྱས་པ་དེས་ནི་ཟན་ཟོས་ནས་ཀྱང་ནོད་པར་བྱའོ། །ཞེས་གསུངས་པ་འདིས་སྔར་དུས་གཅིག་གི་ཚེ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་ལ་བསྙེན་གནས་ལ་གནས་པར་ཆོ་ག་གཅིག་གིས་སྟབས་ཅིག་ཏུ་བླངས་ནས། ཕྱིའི་ཚེས་བརྒྱད་བྱུང་རེས་སྔར་བླངས་པ་དེ་གསལ་བར་བྱ་བའི་ཕྱིར་དུ་སླར་ཡང་གཞན་ལས་ནོད་པར་གསལ་ཏེ། འདིའི་འགྲེལ་བཤད་དུ་སྡོམ་པ་ནི་སློང་བར་བྱེད་པ་ཡང་དག་པར་ལེན་པར་ངེས་པའི་སེམས་པ་ཡིན་པའི་ཕྱིར། ཉི་མ་འཆར་བའི་ཚེ་ཁོ་ན་སྐྱེའོ། །ཟན་ཟོས་ནས་ནོད་པ་ནི་གསལ་བར་བྱ་བའི་ཕྱིར་རོ། །ཞེས་གསུངས་པས་སོ། །འདི་མདོ་སྡེ་པའི་ལུགས་མ་ཡིན་ནོ་ཞེ་ན། བྱེ་བྲག་ཏུ་སྨྲ་བས། སྡོམ་པ་སེམས་པར་ཁས་ལེན་ནམ་ལེགས་པར་སྨྲོས་ཤིག འོ་ན་བྱེ་བྲག་ཏུ་སྨྲ་བས་ནངས་པར་གཞན་ལས་ནོད་ཅེས་པའི་དམིགས་བསལ་དུ་ཇི་ལྟར་འགྲོ་སྙམ་ན། མཛོད་འགྲེལ་འདིར། བྱེ་མདོ་གཉིས་ཀའི་གྲུབ་མཐའ་འཆད་པའི་སྐབས་ཡིན་པས། བྱེ་སྨྲས་ཉི་མ་འཆར་བའི་ཚེ་ཁོ་ན་གཞན་ལས་ནོད་པར་འདོད་ཀྱང་མདོ་སྡེ་པ་ལྟར། ཚེས་བརྒྱད་ལ་སོགས་པ་ཇི་ལྟར་འདོད་པའི་དུས་རྟག་ཏུ་བསྙེན་གནས་ལ་གནས་པར་དུས་གཅིག་ཏུ་བླངས་པ་དེས་ཉི་མ་འཆར་བའི་ཚེ་བརྗེད་ནས་ཟན་ཟོས་ནས་དྲན་པའི་ཚེ་གསལ་བའི་ཕྱིར་དུ་སླར་ཡང་ཞེན་ལས་ནོད་ཅེས་པ་ཡིན་གྱི་གཉིས་ཀ་བྱེ་སྨྲའི་ལུགས་ཀྱི་སྤྱིར་བཏང་དམིགས་བསལ་མ་ཡིན་ཏེ། གཞན་དུ་ན་བྱེ་སྨྲས་སྡོམ་པ་སེམས་པར་ཁས་ལེན་པར་ཐལ་བའི་ཕྱིར་རོ། །དེས་ན་བདག་ཉིད་ཆེན་པོའི་དགོངས་པ། འདི་མདོ་སྡེ་པ་ལ་སྦྱར་བ་ལེགས་པར་གྲུབ་བོ། །གལ་ཏེ་ཚེས་བརྒྱད་ལ་དུས་རྟག་ཏུ་བསྙེན་གནས་ལ་གནས་པར་སྔོན་ཡང་དག་པར་བླངས་པ་ཞེས་པའི་དོན་ཁས་བླངས་པ་ཙམ་ཡིན་གྱི་ཆོ་གས་བླངས་པ་མ་ཡིན་ན་ནི། ཕྱིས་ཟན་ཟོས་ནས་སྡོམ་པ་བླངས་པ་ལ་དེའི་སྔ་རོལ་ཉི་མ་འཆར་བའི་ཚེ་སྡོམ་པ་ཇི་ལྟར་སྐྱེ་ལུང་རིགས་སྨྲ་བ་དག་ལེགས་པར་དཔྱོད་ཅིག སྔར་སྟབས་ཅིག་ཏུ་ལེན་པའི་ཚེ་ཚེས་བརྒྱད་ཀྱི་སྡོམ་པ་ཐམས་ཅད་ཅིག་ཆར་སྐྱེ་བ་ནི་མ་ཡིན་ཏེ། སྔར་གྱི་ཆོ་ག་ལས་ཕྱིས་ཚེས་བརྒྱད་བྱུང་རེས་ཀྱི་ཉི་མ་འཆར་བའི་ཚེ་སྐྱེ་བ་འགྲེལ་བཤད་ཀྱི་དགོངས་པ་ཡིན་པའི་ཕྱིར་རོ། ། ༡༡༽ གངས་སྔགས་ལུགས་ཀྱི་བསྙེན་གནས་ལ། །ཡི་དམ་བསྒོམ་པ་མཆོག་ཡིན་ན། །ལྷ་དེ་བདག་མདུན་གང་ཡིན་བརྟག །བདག་བསྐྱེད་ཡིན་ན་བྱ་རྒྱུད་ཀྱི། །རང་རྐང་བདག་བསྐྱེད་མེད་པ་ཅི། །མདུན་བསྐྱེད་ཡིན་ན་རྣམ་རྒྱལ་སོགས། །མ་སྐྱེས་གོང་དུ་གསོ་སྦྱོང་གི །སྡོམ་པ་ལེན་པར་མཛད་དེ་ཅི། །ཞེས་པའི་ལན་ནི། གཞུང་གི་དགོངས་པ་མ་ལོན་པ་དང་། དྲི་བ་ཐུག་མེད་དུ་འགྱུར་བ་དང་། མཐའ་གཉིས་ལ་སྐྱོན་བརྗོད་པ་མི་འཐད་པ་དང་གསུམ་ལས། དང་པོ་ནི། འོན་ཀྱང་གསང་སྔགས་ལུགས་བྱེད་ན། ཞེས་པའི་དོན་གསང་སྔགས་ལུགས་ཀྱི་བསྙེན་གནས་ཞེས་པ་ལ་འཆད་པ་ནི་ནོར་ཏེ། འདིར་ཉན་ཐོས་ཀྱི་འདུལ་བ་ནས་གསུངས་པའི་བསྙེན་གནས་ཀྱི་ཉིན་ལྷ་སྒོམ་མ་བྱས་ཀྱང་བསྙེན་གནས་ཉམས་པ་མེད་པ་ལས་འཕྲོས་ནས་ལྷ་བསྒོམ་གཏན་བཀག་པ་ནི་མ་ཡིན་ཏེ། གང་ཟག་དེ་གསང་སྔགས་ཀྱི་ལུགས་ཀྱི་ཉམས་ལེན་བྱེད་པ་ཞིག་ཡིན་ན། བསྙེན་གནས་ཀྱི་ཉིན་ཡི་དམ་བསྒོམ་པ་བསོད་ནམས་ཆེ། ཞེས་པའི་དོན་ཡིན་པའི་ཕྱིར་ཏེ། བསྙེན་གནས་སོ་སོར་ཐར་པའི་ལུགས། །གཙོ་ཆེར་ཉན་ཐོས་གཞུང་ལུགས་ཡིན། །ཞེས་པས་ཤེས་སོ། །གཉིས་པ་ནི། བསྙེན་གནས་ཀྱི་ཉིན་གསང་སྔགས་ཀྱི་ལུགས་བྱེད་ན་ཡི་དམ་བསྒོམ་པ་བསོད་ནམས་ཆེ། ཞེས་པ་ལ། ལྷ་དེ་བདག་མདུན་བརྟག་དགོས་ན། བསྙེན་གནས་ཀྱི་ཉིན་སྔགས་བཟླས་ན་བསོད་ནམས་ཆེ་ཞེས་བཤད་པ་ལ་ཡང་སྔགས་དེ་མ་ཎི་ཡིན་ནམ། ཨ་ར་པ་ཙ་ན་ཡིན་ཞེས་བརྟག་དགོས་པར་འགྱུར་ཞིང་དེའི་ཉིན་དགེ་འདུན་ལ་བསྙེན་བཀུར་བྱས་ན་བསོད་ནམས་ཆེ་ཞེས་པ་ལ་ཡང་། བསྙེན་བཀུར་དེ་མང་ཇ་ཡིན་ནམ། གང་ན་སྣོན་ཡིན་ཞེས་པ་དང་ཇ་དེ་རྒྱ་ཇ་ཡིན་ནམ་ཁམས་ཇ་ཡིན། མར་དེ་འབྲི་མར་ཡིན་ནམ་བ་མར་ཡིན། ཞེས་སོགས་ཀྱང་བརྟག་དགོས་པས་བྱིས་པས་ཨ་མ་ལ་བརྔོ་འཐག་གི་རྒྱུ་མཚན་བྲིས་པ་དང་འདྲ་བར་ཐུག་མེད་དུ་འགྱུར་རམ་སྙམ་མོ། །ཅིས་ཀྱང་ལན་བརྗོད་དགོས་ན་བསྟན་བཅོས་རྩོམ་པ་པོས་ནི་དེ་ཚོ་ཐམས་ཅད་ཐད་ཀ་ཐད་ཀ་ནས་བསོད་ནམས་ཆེ་ཞེས་གསུངས་པར་གདའ་ལགས། གང་ཡིན་ནི་བསྙེན་གནས་སྲུང་བ་པོ་ལ་དྲིས་ཤིག གསུམ་པ་ནི་བདག་བསྐྱེད་ཡིན་པ་ལ་སྐྱོན་བརྗོད་པའི་དོན་བྱ་རྒྱུད་ནས་གསུངས་པའི་བསྙེན་གནས་ལ་གནས་པས་བསྒོམ་ན་བསོད་ནམས་ཆེ་བ་དེ་ཡིན་ན། བྱ་རྒྱུད་རང་རྐང་ལ་ཡོད་དགོས་ཞེས་པར་སྣང་ལ། དེ་ལྟར་ན་བདེ་དགྱེས་ལ་སོགས་པའི་བསྐྱེད་རྫོགས་ཐམས་ཅད་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡང་དེ་དག་ཆོས་ཅན། ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་རང་རྐང་ལ་ཡོད་པར་ཐལ། དེ་ནས་བཤད་པའི་སྨོན་འཇུག་གི་སེམས་བསྐྱེད་ལ་གནས་པས་བསྒོམས་ན་བསོད་ནམས་ཆེ་བ་དེ་ཡིན་པའི་ཕྱིར། ཡང་དེ་དག་ཆོས་ཅན། ཉན་ཐོས་ཀྱི་འདུལ་བ་རང་རྐང་ལ་ཡོད་པར་ཐལ། ཉན་ཐོས་ཀྱི་འདུལ་བ་ནས་བཤད་པའི་དགེ་སློང་གི་སྡོམ་པ་ལ་གནས་པས་བསྒོམས་ན་བསོད་ནམས་ཆེ་བ་དེ་ཡིན་པའི་ཕྱིར། མདུན་བསྐྱེད་ཡིན་པ་ལ་རྒྱུ་མཚན་དྲི་བ་ཡང་དོན་མེད་དེ། ཐོག་མར་གསོ་སྦྱོང་བླངས་ནས་རྣམ་རྒྱལ་དོན་ཞགས་ལ་སོགས་པའི་མདུན་བསྐྱེད་བསྒོམ་པ་དེ་ཉིད་རྒྱུ་མཚན་ཡིན་པས་དྲི་རྒྱུ་ཅི་ཡོད། གསོ་སྦྱོང་གི་ཉིན་མདུན་བསྐྱེད་བསྒོམས་ན་བསོད་ནམས་ཆེ་ཞེས་པའི་དོན་ཐོག་མར་མདུན་བསྐྱེད་བསྒོམས་ནས་དེའི་འོག་ཏུ་གསོ་སྦྱོང་ལེན་པ་ལ་གོ་བ་ནི་མིན་འཆི། འདི་འདྲའི་རིགས་ཅན་མང་དུ་འདུག་གོ ། ༡༢༽ རྣམ་རྒྱལ་དོན་ཞགས་ལ་སོགས་པའི། །ཆོ་ག་བྱེད་པའི་དགེ་ཚུལ་དང་། །དགེ་སློང་དག་གིས་གསོ་སྦྱོང་ནི། །རང་གིས་བླངས་པའི་དགོས་པ་ཅི། །དགེ་བསྙེན་བཟང་པོའི་བསྙེན་གནས་ནི། །ཡན་ལག་ཚང་བར་མནོས་པའི་ཚེ། །གནད་གཅོད་པ་ཡི་ཚིག་དེ་ཡིས། །སྔར་གྱི་སྡོམ་པ་མི་འཇིག་གམ། །ཞེས་པའི་ལན་ནི། ཆོ་གའི་ཚིག་ཏུ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ཞེས་སོགས་གསུངས་པ་དེ་མ་གཟིགས་པ་ལགས་སམ། གལ་ཏེ་དེ་དག་ནི་ཀུན་སློང་གི་བསམ་པ་ཡིན་གྱི་བསླབ་པ་ལ་སློབ་པ་སྔར་ནས་ཡོད་པས་དགོས་པ་མེད་དོ་སྙམ་ན། དབང་བསྐུར་ལན་གཅིག་ཐོབ་ནས་ཡང་ནས་ཡང་དུ་ལེན་པ་ལ་དགོས་པ་མེད་པར་འགྱུར་ཏེ། བསླབ་པ་ལ་སློབ་པ་སྔར་ནས་ཡོད་པའི་ཕྱིར། ལམ་དུས་ཐུན་བཞིར་ལེན་པ་དགོས་པ་མེད་པར་འགྱུར་ཏེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། སེམས་བསྐྱེད་ལན་གཅིག་ཐོབ་ནས་སླར་ལེན་པ་ལ་དགོས་པ་མེད་པར་འགྱུར་ཏེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། དེ་བཞིན་དུ་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སོགས་ཐེག་ཆེན་གྱི་སྡེ་སྣོད་ལས་བཤད་པའི་སྡོམ་པ་མཐའ་དག་ལ་སྦྱར་ཏེ་བརྗོད་པར་བྱའོ། །དེས་ན་འདི་ནི་ཉན་ཐོས་ཀྱི་ལུགས་ལ་སོ་ཐར་ལན་གཅིག་སྐྱེས་ནས་མ་བཏང་བའི་བར་དུ་སླར་བླང་དུ་མེད་པ་དང་། ཐེག་ཆེན་གྱི་སྡེ་སྣོད་ལས་བཤད་པའི་སྡོམ་པ་ཡང་ཡང་བླངས་པས་གོང་འཕེལ་དུ་འགྲོ་བའི་ཁྱད་པར་མ་ཕྱེད་པའི་གཏམ་དུ་སྣང་ངོ་། །དགེ་སློང་དང་དགེ་ཚུལ་གྱིས་དགེ་བསྙེན་བཟང་པོའི་བསྙེན་གནས་མནོས་པས། གནད་གཅོད་པའི་ཚིག་ཏུ་སོང་བའི་རྒྱུ་མཚན་ཅི། དེ་ལས་གཞན་ལ་མི་སློབ་པར་ཁས་བླང་བར་སོང་བའི་ཕྱིར་སྙམ་ན། འོ་ན་བླ་མེད་ཀྱི་སྔགས་སྡོམ་ལ་གནས་པས་བྱ་རྒྱུད་ཀྱི་དབང་བསྐུར་མནོས་པའི་ཚེ་གནད་གཅོད་པའི་ཚིག་ཏུ་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། རྡོ་རྗེ་རྩེ་མོ་ལས། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །ཞེས་སོགས་བསྒྲག་པ་དེ་བསླབ་གཞི་ལྔ་པོ་དེ་ལས་གཞན་ལ་མ་སློབ་ཅིག་ཅེས་པའི་ཚིག་ཏུ་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། སྡོམ་པ་བསྒྲག་པའི་སྐབས་སུ་བསླབ་གཞི་ལྔ་བསྒྲག་པ་དེ་བཟུང་བའི་སྐབས་སུ་བཟུང་བ་ཡོད་དམ་མེད། མེད་ན་བསྒྲགས་པ་ལ་དགོས་པ་ཅི་ཞིག་ཡོད་ལེགས་པར་སོམས་ཤིག ཡོད་ན་དེའི་ཚེ་སྔར་གྱི་སྡོམ་པ་ཐམས་ཅད་འཇིག་པར་འགྱུར་ཏེ། དགེ་བསྙེན་བཟང་པོའི་བསླབ་གཞི་བརྒྱད་མནོས་པས་གནད་གཅོད་པའི་ཚིག་ཏུ་འགྱུར་ན་བསླབ་གཞི་ལྔ་མནོས་པ་གནད་གཅོད་པའི་ཚིག་ཏུ་འགྱུར་བ་ལྟ་ཅི་སྨོས་པའི་ཕྱིར་རོ། །གལ་ཏེ་སང་ཉི་མ་མ་ཤར་གྱི་བར་དུ་ཞེས་པའི་ཚིག་གིས་དེ་ཕན་ཆད་མི་སློབ་པར་བསྟན་པས། གནད་གཅོད་ཀྱི་ཚིག་ཏུ་སོང་ན་ནི། དགེ་བསྙེན་གྱིས་དེ་བླངས་པའི་ཚེ་ན་ཡང་གནད་གཅོད་ཀྱི་ཚིག་ཏུ་འགྱུར་རོ། །འདི་འདྲའི་ཚིག་གིས་གདུལ་བྱའི་ཉམས་ལེན་རྒྱུན་གཅོད་པས་མི་གསུང་བར་ཞུ། དེས་ན་འདི་ནི་ལང་ཀ་མགྲིན་བཅུས། དབང་ཕྱུག་ཆེན་པོ་ལ་ད་དུང་སྔར་གྱི་མ་ཡིན་པའི་ས་ཡ་ཕྲག་ཕྱེད་ཐུབ་པ་སློང་ཞེས་པའི་ཚིག་གནད་གཅོད་པའི་ཚིག་ཏུ་སོང་ཞེས་པས་འཁྲུལ་གཞི་བྱས་པར་སྣང་མོད། ཚིག་དེ་ལ་ཡང་སྔར་གྱི་མ་ཡིན་པ་ཞེས་པ་གནད་གཅོད་དུ་སོང་བ་ཡིན་ནམ། ས་ཡ་ཕྲག་བྱེད་སློང་ཞེས་པ་གནད་གཅོད་དུ་སོང་བ་ཡིན། དང་པོ་ལྟར་ན། དགེ་སློང་དང་དགེ་ཚུལ་གྱིས་གསོ་སྦྱོང་ལེན་པའི་ཚེ་སྔར་གྱི་མ་ཡིན་པ་ཅེས་པའི་ཚིག་ཨེ་ཡོད། ཕྱི་མ་ལྟར་ན་ས་ཡ་ཕྲག་ཕྱེད་དང་བཅུ་གསུམ་གྱི་སྟེང་དུ་ས་ཡ་ཕྲག་ཕྱེད་བསྣན་པས་ས་ཡ་ཕྲག་བཅུ་གསུམ་དུ་མི་འགྱུར་རམ། གནད་གཅོད་པའི་ཚིག་ཇི་ལྟར་འགྱུར་ལེགས་པར་སོམས་ཤིག ། ༡༣༽ དགེ་བ་གང་ཡིན་ཐམས་ཅད་ཀྱིས། །རྣམ་སྨིན་བདེ་བ་བསྐྱེད་ན་ནི། །ཟག་མེད་དགེ་བའི་རྣམ་སྨིན་ཅི། །བཏང་སྙོམས་གཉིས་ཀ་མ་ཡིན་ན། །བསམ་གཏན་བཞི་པ་ཡན་ཆད་ཀྱི། །ཟག་བཅས་དགེ་བའི་རྣམ་སྨིན་དང་། །བཏང་སྙོམས་ཞེས་པ་ལུང་མ་བསྟན། །ཡིན་ན་ཀུན་གཞིའི་ས་བོན་ལས། །རྣམ་སྨིན་འབྱུང་བ་དེ་ཅི་ཞིག །ཅེས་པའི་ལན་ནི། མངོན་རྟོགས་རྒྱན་ལས། དེ་མཐའ་དེ་ཡི་རྣམ་སྨིན་ནི། །ཞེས་སྐད་ཅིག་མའི་སྦྱོར་བའི་རྣམ་སྨིན་འབྲས་བུ་ཆོས་སྐུ་ཡིན་པར་གསུངས་པ་འདི་ཟག་མེད་དགེ་བའི་རྣམ་སྨིན་ཡོད་པའི་ལུང་ཡིན་ནོ། །གལ་ཏེ་མངོན་པ་གོང་འོག་ལས་རྣམ་སྨིན་གྱི་རྒྱུ་ལ་མི་དགེ་བ་དང་། དགེ་བ་ཟག་བཅས་ཀྱིས་ཁྱབ་པར་གསུངས་པས་དེས་སུན་འབྱིན་ན་ནི། སློབ་དཔོན་སེང་གེ་བཟང་པོས་གང་གི་ཕྱིར་འདི་ནི་རྣམ་པར་བཞག་པ་གཞན་ཁོ་ན་ཡིན་ཏེ། དེའི་ཕྱིར་ཐེག་པ་གཞན་ལ་བརྟེན་ནས་ནི་གང་དུའང་སུན་འབྱིན་པ་བརྗོད་པར་མི་བྱའོ། །ཞེས་གསུངས་པ་འདི་དྲན་པར་བྱའོ། །ཚིག་རྐང་བར་པ་གསུམ་ནི་བཏང་སྙོམས་ཞེས་པ་ཚོར་བ་བཏང་སྙོམས་ལ་ངོས་བཟུང་ནས་དགག་པ་བརྗོད་པར་སྣང་ཡང་བཏང་སྙོམས་ཞེས་པའི་ཚིག་གར་ཡོད་དེར་མ་ངེས་ཏེ། འདུ་བྱེད་བཏང་སྙོམས་ཀྱང་ཡོད་པའི་ཕྱིར་རོ། །འོན་ཀྱང་འདིའི་བཏང་སྙོམས་ནི་དེ་གཉིས་ཀ་མ་ཡིན་ཏེ། ཚིག་རྐང་པ་སྙོམས་པའི་ཆེད་དུ་ལུང་མ་བསྟན་ལ་བཏང་སྙོམས་སུ་བྱས་པའོ། །དེས་ན་བཏང་སྙོམས་ཞེས་པའི་ཚིག་གཅིག་ཉིད་ཀྱང་དགེ་སྡིག་བཏང་སྙོམས་གསུམ་ཞེས་པའི་ཚེ་ལུང་མ་བསྟན་དང་། བདེ་སྡུག་བཏང་སྙོམས་གསུམ་ཞེས་པའི་ཚེ་ཚོར་བ་བཏང་སྙོམས་དང་། བཏང་སྙོམས་ངོ་ཚེ་ཤེས་ཁྲེལ་ཡོད། །ཅེས་པའི་ཚེ་འདུ་བྱེད་བཏང་སྙོམས་ལ་འཇུག་པ་སོགས་གསུང་རབ་འཆད་ཚུལ་ལ་སྐབས་ཐོབ་ཀྱི་འཇུག་ཚུལ་མང་དུ་ཤེས་པར་བྱའོ། །དེ་ལྟར་ན་ཚིག་རྐང་ཕྱི་མ་གསུམ་ལྟར་གྱི་དོགས་པ་མི་འབྱུང་ངམ་སྙམ་ན། འདི་ལ་སྐབས་དོན་དཔེ་དང་བཅས་ཏེ་བཤད་པ་དང་། གཞན་དུ་རྟོགས་ན་ཧ་ཅང་ཐལ་བ་གཉིས་ལས། དང་པོ་ནི། ཀུན་གཞི་ལ་ལས་ཀྱི་ས་བོན་བཞག་པ་ནི། སེམས་ཙམ་པའི་ལུགས་ཡིན་གྱི་མངོན་པ་འོག་མར་ནི་མི་འབྱུང་ལ་ལུགས་དེ་ལ་དགེ་མི་དགེའི་ལས་བྱས་མ་ཐག་ཏུ་ཀུན་གཞི་ལ་ས་བོན་བཞག་པ་ཕྱིའི་རྐྱེན་གྱིས་གསོས་བཏབ་པ་ལས་རྣམ་སྨིན་འབྱུང་ཞེས་པའི་རྣམ་སྨིན་དེ་འཇོག་བྱེད་དགེ་མི་དགེའི་ལས་ཀྱི་རྣམ་སྨིན་ཡིན་གྱི་ས་བོན་གྱི་རྣམ་སྨིན་མ་ཡིན་པས་ས་བོན་ལུང་མ་བསྟན་ཡིན་པ་དང་། དེ་ལས་རྣམ་སྨིན་འབྱུང་བ་ལ་འགལ་བ་ཅི་ཞིག་ཡོད། དཔེར་ན་དཔྱིད་ཀར་ཤ་པ་ནི་གསུམ་བསྐྱེད་དུ་བཏང་བ་དཔང་རྒྱ་ཡི་གེར་བྲིས་ཏེ། སྟོན་ཡི་གེ་དེ་བསྟན་པ་ལས། ཀརྴ་པ་ནི་བཞི་ཁུགས་པའི་ཚེ། ཀརྴ་པ་ནི་གཅིག་པོ་དེ་སྔར་གྱི་ཀརྴ་པ་ནི་གསུམ་པོ་དེའི་བེད་བསྐྱེད་ཡིན་གྱི། དཔང་རྒྱའི་བེད་བསྐྱེད་མ་ཡིན་པ་བཞིན་ནོ། །གཉིས་པ་ནི་གལ་ཏེ་ཚེ་ཕྱི་མའི་རྣམ་སྨིན་དེ། ས་བོན་གྱི་རྣམ་སྨིན་ཡིན་པར་ཐལ། ས་བོན་ལས་དེ་འབྱུང་བའི་ཕྱིར་ཞེ་ན། འོ་ན་ཉོན་ཅིག ལྡེར་སྐུའི་མགོ་བོ་དེ་ལྷ་བཟོའི་མགོ་བོ་ཡིན་པར་ཐལ། ལྷ་བཟོ་བ་ལས་ལྡེ་གུའི་མགོ་བོ་འབྱུང་བའི་ཕྱིར། དེ་བཞིན་དུ་ཁབ་ཀྱི་མིག་དེ་མགར་བའི་མིག་ཡིན་པར་ཐལ། དེ་ལས་དེ་འབྱུང་བའི་ཕྱིར། ལྷྭམ་གྱི་སྣ་དེ་ལྷྭམ་མཁན་གྱི་སྣ་ཡིན་པར་ཐལ། དེ་ལས་དེ་འབྱུང་བའི་ཕྱིར། རྫ་མའི་ཁ་དེ་རྫ་མཁན་གྱི་ཁ་ཡིན་པར་ཐལ། དེ་ལས་དེ་འབྱུང་བའི་ཕྱིར། སྐྱོགས་ཀྱི་རྩིབ་མ་དེ་སྐྱོགས་མཁན་གྱི་རྩིབ་མ་ཡིན་པར་ཐལ། དེ་ལས་དེ་འབྱུང་བའི་ཕྱིར། ཞེས་སོགས་མཐའ་ཡས་པ་བརྗོད་པར་བྱ་སྟེ། འདི་ཡི་རིགས་ལ་འདིའི་ཚན་མཁོའོ། ། ༡༤༽ ལས་དཀར་ཅེས་པ་དགེ་བ་ལ། །ཟེར་ན་རྣམ་སྨིན་གནག་པ་ཅི། །ལས་གནག་ཅེས་པ་སྡིག་པ་ལ། །ཟེར་ན་རྣམ་སྨིན་དཀར་བ་ཅི། །ཞེས་པའི་ལེན་ནི། སྤྱིར་ལས་དཀར་ཅེས་པ་མཚན་ཉིད་པ་དགེ་བ་ཡིན་ཀྱང་སྐབས་འདིར་ལུས་ངག་གི་སྦྱོར་བ་སྦྱིན་པ་ལ་སོགས་དགེ་བར་སྣང་བས་དགེ་བའི་མིང་གིས་བཏགས་པ་དེ། དོན་ལ་རྒྱུ་དུས་དང་། དེ་དུས་ཀྱི་ཀུན་སློང་གཉིས་ཀ་གནག་པས་ལས་གནག་ཡིན་པའི་ཕྱིར། དེ་བཞིན་དུ་ལས་གནག་ཅེས་པ་ཡང་སྐབས་འདིར་ལུས་ངག་གི་སྦྱོར་བ་སྲོག་གཅོད་སོགས་མི་དགེ་བར་སྣང་བས་ལས་གནག་གིས་མིང་བཏགས་པ་སྟེ། དོན་ལ་ལས་དཀར་ཡིན་པ་ཡང་ཤེས་པར་བྱའོ། །གལ་ཏེ་ལས་དཀར་ལ་ལས་གནག་ཅེས་པའི་མིང་དང་། ལས་གནག་ལ་ལས་དཀར་ཞེས་པའི་མིང་གིས་བདགས་སུ་མི་རུང་ན། ཟག་མེད་ཀྱི་ལས་གཅིག་ལ་མངོན་པ་འོག་མར་མི་དཀར་ཞེས་པ་དང་། མངོན་པ་གོང་མར་དཀར་བ་བཅས་གསུངས་པ་ཡང་འགལ་བར་འགྱུར་ཏེ། མི་དཀར་བ་ཡིན་ན་དཀར་བ་ཅེས་དང་། དཀར་བ་ཡིན་ན་མི་དཀར་བ་ཅེས་པའི་མིང་གིས་འདོགས་སུ་མི་རུང་བར་མཚུངས་པའི་ཕྱིར་རོ། །མཛོད་འགྲེལ་ལས། ཟག་མེད་ཀྱི་ལས་ལ་རྣམ་སྨིན་བདེ་བ་མི་སྐྱེད་པས་མི་དཀར་ཞེས་བརྗོད་པར་གསུངས་པའི་དེ་མ་ཐག་ཏུ་མི་དཀར་ཞེས་པ་དགོངས་པ་ཅན་དུ་བསྒྲུབ་པ་ཡང་མི་འཐད་པར་འགྱུར་ཏེ། ལས་གནག་ལ་ལས་དཀར་གྱི་མིང་གིས་འདོགས་སུ་མི་རུང་བའི་ཕྱིར་རོ། །འདོད་ན་མཛོད་འགྲེལ་ལས། མི་དཀར་ཞེས་བྱ་བའི་སྒྲ་འདི་ནི་དགོངས་པ་ཅན་ཡིན་ཏེ། བཅོམ་ལྡན་འདས་ཀྱི་སྟོང་པ་ཆེན་པོའི་མདོ་ལས་མི་སློབ་པའི་ཆོས་ལས་བརྩམས་ཏེ། ཀུན་དགའ་བོ་ཆོས་འདི་དག་ནི་གཅིག་ཏུ་དཀར་བ། གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཞེས་གསུངས་སོ། །བསྟན་བཅོས་ལས་ཀྱང་། ཆོས་དཀར་པོ་རྣམས་གང་ཞེ་ན། དགེ་བའི་ཆོས་རྣམས་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཡིན་ནོ། །ཞེས་འབྱུང་ངོ་ཞེས་གསུངས་པ་དང་འགལ་ལོ། ། ༡༥༽ རྒྱུ་ཡི་ཀུན་སློང་སྡིག་ཡིན་ན། །དུས་ཀྱི་ཀུན་སློང་དགེ་ཡིན་ཀྱང་། །ལས་དེ་དཀར་པོར་མི་འགྱུར་ཞེས། །མངོན་པ་འོག་མར་མ་བཤད་དམ། །ཞེས་པའི་ལན་ནི། འདི་གང་ལ་འདྲི་བ་ཡིན། ལས་དཀར་རྣམ་སྨིན་གནག་པ་ཞེས་པའི་མཚན་གཞི་གསོད་ཕྱིར་སྦྱིན་པ་གཏོང་བ་སོགས་ལ་བཤད་པ་ལ་འདྲི་བ་ཡིན་ན་ནི། དེ་ལས་དཀར་མཚན་ཉིད་པ་མ་ཡིན་པ་གོང་དུ་བཤད་ཟིན་ཅིང་། ལས་དེ་དུས་ཀྱི་ཀུན་སློང་དགེ་བ་ཡིན་པར་འདོད་པ་ཉིད་ཀྱང་མི་འཐད་དེ། གཞན་དུ་ན་དཀར་གནག་འདྲེས་མའི་ལས་སུ་ཐལ་བའི་ཕྱིར་རོ། །དེ་ལས་གཞན་པའི་གཞུང་ལ་འདི་འདྲི་བའི་གནས་མི་འདུག་གོ ། ༡༦༽ དུས་ཀྱི་ཀུན་སློང་མི་དགེ་བ། །དག་དང་མཚུངས་ལྡན་དགེ་བ་ནི། །མོ་གཤམ་བུ་དང་འདྲའོ་ཞེས། །མངོན་པ་གོང་མར་མི་འབྱུང་ངམ། །ཞེས་པའི་ལན་ནི། མངོན་པ་གོང་མར་མི་དགེ་བ་དང་མཚུངས་ལྡན་གྱི་དགེ་བ་མོ་གཤམ་གྱི་བུ་དང་འདྲ་བར་གསུངས་མོད། དེས་བསྟན་བཅོས་འདིའི་ཚིག་ཟིན་དོན་ཐོབ་གང་ལ་གནོད་པ་ཡིན་ལེགས་པར་སྨྲོས་ཤིག བསྟན་བཅོས་འདིའི་དགོངས་པ་ནི་རྒྱུ་དུས་དང་དེ་དུས་ཀྱི་ཀུན་སློང་གནག་ན་ལས་དེ་མཐའ་གཅིག་ཏུ་གནག་པ་དང་། གཉིས་ཀ་དཀར་ན་ལས་དེ་མཐའ་གཅིག་ཏུ་དཀར་བ་དང་། འདྲེས་མ་ལ་ལས་དེ་འདྲེས་མར་འགྱུར་བ་ཡིན་ལ། ལུས་ངག་གི་སྦྱོར་བ་དཀར་བར་སྣང་བ་དང་། གནག་པར་སྣང་བ་ནི་དཀར་གནག་ཏུ་མིང་འདོགས་པའི་གཞི་ཙམ་ཡིན་གྱི། དེས་དཀར་གནག་གང་དུ་ཡང་མི་འགྱུར་བའི་གནད་འདི་རྟོགས་ན་འདི་འདྲ་བའི་རྣམ་རྟོག་བན་བུན་སྐྱེ་བའི་གཞི་མེད་དོ། ། ༡༧༽ རྒྱུ་ཡི་ཀུན་སློང་འཕེན་བྱེད་ཀྱི། །གཙོ་བོ་ཡིན་ཕྱིར་འཕེན་བྱེད་རྒྱུ། །དུས་ཀྱི་ཀུན་སློང་འགྲུབ་བྱེད་ཀྱི། །གཙོ་བོ་ཡིན་ཕྱིར་འགྲུབ་བྱེད་རྒྱུར། །གོང་འོག་མཐུན་པར་གསུང་མིན་ནམ། །ཞེས་པའི་ལན་ནི། དྲི་བའི་གཞི་བསྟན་བཅོས་འདི་ལ་མེད་པ་དང་། དྲིས་པའི་ཚིག་མངོན་པ་གོང་འོག་ལས་མི་འབྱུང་བ་དང་། དྲིས་པའི་དོན་ལ་རིགས་པའི་གནོད་བྱེད་འབབ་པ་དང་གསུམ་ལས། དང་པོ་ནི། འདི་ལས་དཀར་རྣམ་སྨིན་གནག་པ་དང་། ལས་གནག་རྣམ་སྨིན་དཀར་བ་ལྟ་བུ་ལ་འདྲི་བ་ཡིན་ན་ནི། དེའི་དོན་སྔར་བཤད་པ་ལྟར་ཡིན་པས་དོགས་པ་འདི་སྐྱེ་བའི་གཞི་མེད་ཅིང་། གལ་ཏེ་འཕེན་རྫོགས་མུ་བཞི་ལ་འདྲི་བ་ཡིན་ན་ནི་འཕེན་རྫོགས་གཉིས་ཀྱི་ཟླས་ཕྱེ་བའི་འཕེན་བྱེད་དེ་རྒྱུ་དུས་ཀྱི་ཀུན་སློང་དང་། རྫོགས་བྱེད་དེ་དེ་དུས་ཀྱི་ཀུན་སློང་ལ་ངོས་འཛིན་པ་གཏན་མི་འཐད་ཅིང་། སྐབས་དེའི་འཕེན་བྱེད་འཕེན་འགྲུབ་གཉིས་ཀྱི་ཟླས་ཕྱེ་བའི་འཕེན་བྱེད་ཀྱང་མ་ཡིན། རྫོགས་བྱེད་དེ་དེ་གཉིས་ཀྱི་ཟླས་ཕྱེ་བའི་འགྲུབ་བྱེད་ཀྱང་མ་ཡིན་པས་འདི་འདྲི་བའི་གཞི་མེད་དོ། །གཉིས་པ་ནི། གོང་འོག་མཐུན་པར་མི་འབྱུང་ངམ། །ཞེས་པའི་འུར་གདངས་འདི་འདྲའི་རང་བཞིན་དེ་དཔྱད་ན་སྤྲིན་བཞིན་དུ་དེངས་ཏེ། འདི་ལྟར་མངོན་པ་མཛོད་དུ། རྟེན་འབྲེལ་བཅུ་གཉིས་ལ་འཕེན་གྲུབ་སྦྱར་བ་གཏན་མེད་ཅིང་། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །ཞེས་པའི་འགྲེལ་པར། རྒྱུའི་ཀུན་ནས་སློང་བ་ནི་འཕེན་པར་བྱེད་པ་ཡིན་པའི་ཕྱིར་རབ་ཏུ་འཇུག་པར་བྱེད་པ་ཡིན་ནོ། །དེའི་དུས་ཀྱི་ཀུན་ནས་སློང་བ་ནི་བྱ་བའི་དུས་སུ་མཐུན་པར་འཇུག་པར་ཡིན་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ། །ད་ནི་བྱ་བ་དེ་ལ་དེའི་ནུས་པ་ཅི་ཞིག་ཡོད། འཕངས་སུ་ཟིན་ཀྱང་དེ་མེད་ན་ཤི་བའི་བཞིན་དུ་དེ་ཡོད་པར་མི་འགྱུར་རོ། །ཞེས་གསུངས་པ་འདི་ལ་འཁྲུལ་པ་མིན་མཆི། དེ་ལྟར་ན་རྒྱུའི་ཀུན་སློང་འཕེན་བྱེད་དུ་གསུངས་པ་ནི་འཕེན་འགྲུབ་གཉིས་ཀྱི་ཟླས་ཕྱེ་བའི་འཕེན་བྱེད་མ་ཡིན་ཏེ། དེ་ཡིན་ན་རྣམ་སྨིན་གྱི་ངོ་བོ་འཕེན་བྱེད་ཡིན་དགོས་པ་གང་ཞིག འདིའི་འཕེན་བྱེད་ནི་ལས་ཀྱི་ངོ་བོ་འཕེན་པ་ལ་གསུངས་པའི་ཕྱིར་རོ། །འདིར་དུས་ཀྱི་ཀུན་སློང་འགྲུབ་བྱེད་ལ་གསུངས་པ་གཏན་མི་སྣང་ལ་གལ་ཏེ་འགྲུབ་བྱེད་དུ་འདོད་ན་འཕེན་བྱེད་ཀྱིས་འཕངས་ནས་འགྲུབ་བྱེད་ཀྱིས་གསོས་མ་བཏབ་པའི་གོང་དུ་ལས་དེ་ཡོད་པར་མི་འགྱུར་བར་ཐལ། དེ་དུས་ཀྱི་ཀུན་སློང་མེད་ན་རྒྱུ་དུས་ཀྱི་ཀུན་སློང་ཡོད་ཀྱང་ལས་དེ་ཡོད་པར་མི་འགྱུར་བར་དངོས་སུ་གསུང་འདུག་པའི་ཕྱིར། ལེགས་པར་དཔྱོད་ཅིག མངོན་པ་གོང་མར་རྒྱུའི་ཀུན་སློང་འཕེན་བྱེད་དང་། དུས་ཀྱི་ཀུན་སློང་འགྲུབ་བྱེད་དུ་སྨྲ་བ་འདི་ལ་ཆོས་མངོན་པ་ཤེས་པའམ་དེ་ཙམ་མི་ཤེས་ཀྱང་ཡན་ལག་བཅུ་གཉིས་ཀྱི་འཕེན་འགྲུབ་རྩི་མྱོང་བ་དག་གིས་ལེགས་པར་དཔྱོད་ཅིག ཁོ་བོ་ནི་མང་པོ་མི་སྨྲ། མ་རིགས་པ་འདུ་བྱེད་རྣམ་ཤེས་གསུམ་རྒྱུ་དུས་ཀྱི་ཀུན་སློང་དང་། སྲེད་ལེན་སྲིད་པ་གསུམ་དེ་དུས་ཀྱི་ཀུན་སློང་དུ་འདོད་པ་འདི་ལ་ཧ་ཧ་ཧེ་ཧེ་འདི་ཙམ་ཞིག་སྨྲའོ། །གསུམ་པ་ནི་མངོན་པ་གོང་མའི་ལུགས་ལ། སྲོག་གཅོད་ལྟ་བུའི་རྒྱུའི་ཀུན་སློང་སྐྱེད་ཟིན་ནས་དུས་ཀྱི་ཀུན་སློང་མ་སྐྱེད་པའི་གོང་དུ་སྲོག་གཅོད་ཀྱི་ལས་དེ་རྫོགས་པར་བྱས་པར་ཐལ། སྲོག་གཅོད་ལྟ་བུའི་འཕེན་བྱེད་རྫོགས་པར་བྱས་པའི་ཚེ་སྲོག་གཅོད་ལྟ་བུའི་ལས་དེ་རྫོགས་པར་བྱས་པའི་ཕྱིར། ཁྱབ་པ་ཨེ་སོང་། འདོད་ན་དུས་ཀྱི་ཀུན་སློང་དེ་ལས་དེ་རྫོགས་པའི་རྗེས་སུ་འགྱུར་བར་ཐལ་ཞིང་། མ་གྲུབ་ན། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་འདུ་བྱེད་རྫོགས་པའི་ཚེ་ན་ལས་དེ་མ་རྫོགས་པར་ཐལ་བའི་སྐྱོན་གནས་སོ། །གཞན་ཡང་དེ་དུས་ཀྱི་ཀུན་སློང་འགྲུབ་བྱེད་ཡིན་ན། ལས་ཡིན་ན་འགྲུབ་བྱེད་ཀྱི་ལས་ཡིན་དགོས་པར་ཐལ། ལས་ཡིན་ན་དེ་དུས་ཀྱི་ཀུན་སློང་དང་བཅས་པ་ཡིན་དགོས་པས་སོ། །འདོད་ན་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་འདུ་བྱེད་ཆོས་ཅན། དེར་ཐལ། དེའི་ཕྱིར། འགྲུབ་བྱེད་ཀྱི་རྒྱུ་ཡིན་ན་རྒྱུ་མཐུན་གྱི་རྒྱུ་ཡིན་དགོས་པ་ཡང་ཤིན་ཏུ་མི་འཐད་དེ། འགྲུབ་བྱེད་ཀྱི་རྒྱུ་ནི་སྲེད་ལེན་སྲིད་པ་གསུམ་ལ་འཇོག་དགོས་པས། རྒྱུ་མཐུན་གྱི་འབྲས་བུ་ཐམས་ཅད་ཉོན་མོངས་ཅན་གྱི་རྒྱུ་མཐུན་གྱི་འབྲས་བུར་ཐལ་བའི་ཕྱིར་རོ། །དེས་ན་འཕེན་བྱེད་དང་རྫོགས་བྱེད་གཉིས་ཀྱི་ཟླས་ཕྱེ་བའི་འཕེན་བྱེད་དང་། འཕེན་བྱེད་དང་འགྲུབ་བྱེད་གཉིས་ཀྱི་ཟླས་ཕྱེ་བའི་འཕེན་པར་བྱེད་པ་དང་། བྱ་བའི་དུས་སུ་འཕེན་བྱེད་དང་མཐུན་པར་འཇུག་པར་བྱེད་པ་གཉིས་ཀྱི་ཟླས་ཕྱེ་བའི་འཕེན་པར་བྱེད་པ་གསུམ་མ་འདྲེས་པར་སོ་སོར་ཤེས་པར་བྱ་སྟེ། དང་པོ་ནི། རྣམ་སྨིན་གྱི་རྒྱུ་ཙམ་གྱི་འཕེན་འགྲུབ་གཉིས་ཀ་དང་། གཉིས་པ་ནི། ཡན་ལག་བཅུ་གཉིས་ཀྱི་དང་པོ་གསུམ་དང་། གསུམ་པ་ནི། རྒྱུ་དུས་ཀྱི་ཀུན་སློང་ལ་འཇུག་པའི་ཕྱིར་རོ། ། ༡༨༽ འདོད་པའི་རྟེན་ལ་དཀར་གནག་གི །ལས་གཉིས་འདྲེས་པར་འཇོག་པ་བཞིན། །རྣམ་པར་སྨིན་པའང་འདྲེས་སམ་ཅི། །དེ་ལྟར་ན་ནི་ངན་སོང་དང་། །མཐོ་རིས་གཉིས་ཀ་རྒྱུད་གཅིག་ལ། །སྲིད་པར་ཁས་ལེན་མི་དགོས་སམ། །ཞེས་པའི་ལན་ནི། ལས་དཀར་གནག་བཞིའི་ཁྱད་པར་སོ་སོར་བཤད་པ། མངོན་པ་འོག་མར་རྣམ་སྨིན་འདྲེས་པ་བཤད་པའི་ཚུལ། གོང་མར་རྣམ་སྨིན་འདྲེས་པ་མི་འབྱུང་བའི་ཚུལ་དང་གསུམ་ལས། དང་པོ་ནི། དཀར་གནག་སོགས་ཀྱི་དབྱེ་བའི་ཚུལ་འདི་ལ་མི་འདྲ་བ་གསུམ་སྣང་སྟེ། མཛོད་ལས། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ནི་མི་དགེ་བ་སྟེ། ངོ་བོ་ཉོན་མོངས་ཅན་ཡིན་ཅིང་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པའི་ཕྱིར། དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་ནི་གཟུགས་སུ་གཏོགས་པའི་དགེ་བ་སྟེ། མི་དགེ་བ་དང་མ་འདྲེས་ཤིང་རྣམ་སྨིན་ཡིད་དུ་འོང་བ་འབྱིན་པའི་ཕྱིར། ཅིའི་ཕྱིར་གཟུགས་མེད་དུ་གཏོགས་པའི་དགེ་བ་མ་བཤད་ཅེ་ན། རྣམ་པར་སྨིན་པ་སྲིད་པ་བར་མ་དང་། སྐྱེ་བའི་སྲིད་པ་གཉིས་ཡོད་པ་དང་། ལས་ཀྱི་ངོ་བོ་ལུས་ངག་ཡིད་གསུམ་གྱི་ལས་གསུམ་ཆར་ཡོད་པ་ཁོ་ན་ལ་དེ་བཤད་དགོས་པས་གཟུགས་མེད་དུ་གཏོགས་པ་མ་བཤད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་ལ་གྲགས་ལ། སློབ་དཔོན་གྱི་བཞེད་པ་ནི། མདོ་གཞན་ལས་དེའང་བཤད་པར་བཞེད་དོ། །དཀར་གནག་ཏུ་གྱུར་ལ་རྣམ་པར་སྨིན་པ་དཀར་གནག་ཏུ་གྱུར་པའི་ལས་ནི་འདོད་པའི་དགེ་བ་སྟེ། རྒྱུད་མི་དགེ་བ་དང་འདྲེས་པའི་ཕྱིར་དང་། རྣམ་པར་སྨིན་པ་ཡང་འདྲེས་པའི་ཕྱིར། མི་དཀར་མི་གནག་ཅིང་རྣམ་པར་སྨིན་པ་མེད་ལ་ལས་ཟད་པར་བྱེད་པའི་ལས་ནི་ཟག་པ་མེད་པའི་ལས་ཏེ། རྣམ་པར་སྨིན་པ་དཀར་པོ་ཉིད་མེད་པས་ན་མི་དཀར་བ་དང་། རྣམ་སྨིན་མེད་པ་ཞེས་བྱ་ལ། ངོ་བོ་ཉོན་མོངས་ཅན་མ་ཡིན་པས་མི་གནག་པ་དང་། སྔར་གྱི་ལས་གསུམ་པོ་དེ་ཟད་པར་བྱེད་པས་ན་ལས་ཟད་པ་ཞེས་བརྗོད་པ་ཡིན་པའི་ཕྱིར་རོ། །མི་དཀར་ཞེས་པ་དགོངས་པ་ཅན་དུ་མདོ་དང་བསྟན་བཅོས་ཀྱི་ལུང་གཉིས་ཀྱིས་བསྒྲུབ་སྟེ། སྔར་བཤད་ཟིན་ཏོ། །མངོན་པ་གོང་མར་ནི་བཞི་པོ་རིམ་པ་ལྟར་མི་དགེ་བ་དང་། ཁམས་གསུམ་པའི་དགེ་བ་དང་། འདོད་པ་དང་རབ་ཏུ་ལྡན་པའི་འདྲེན་མ་དང་། སྦྱོར་བ་དང་། བར་ཆད་མེད་པའི་ལམ་རྣམས་ལ་ཟག་པ་མེད་པའི་ལམ་དང་བཞི་ལ་བཤད་ཅིང་། འདོད་པ་དང་རབ་ཏུ་ལྡན་པའི་འདྲེས་མའི་དོན་ཡང་བསམ་སྦྱོར་གང་རུང་གནག་ནས་གང་རུང་དཀར་བ་ལ་བཤད་དོ། །འདིའི་བསམ་སྦྱོར་ནི་རྒྱུ་དུས་དང་། དེ་དུས་ཀྱི་ཀུན་སློང་གཉིས་ལ་འཇོག་པ་ནི་གནད་ཀྱི་དོན་ཏོ། །བཞི་པའི་ཐ་སྙད་ཀྱང་མི་གནག་ཅིང་། དཀར་ལ་རྣམ་པར་སྨིན་པར་མི་འབྱུང་ཞིང་། ལས་ཟད་པར་འགྱུར་བའི་ལས་ཞེས་བྱ་སྟེ། མཛོད་ལས། མི་དཀར་ཞེས་པ་དགོངས་པ་ཅན་དུ་སྒྲུབ་པས་དོན་ལ་གནད་གཅིག་པར་སྣང་ངོ་། །དེ་དག་ནི་བཞིར་དབྱེ་བའི་ལུགས་ཡིན་ལ། ཡང་མདོ་ལས་གཅིག་ཏུ་དཀར་བའི་ལས་ནི་གཅིག་ཏུ་དཀར་བར་འགྱུར་རོ། །གཅིག་ཏུ་གནག་པའི་ལས་ནི་གཅིག་ཏུ་གནག་པར་འགྱུར་རོ། །འདྲེས་མའི་ལས་ཀྱང་འདྲེས་མར་འགྱུར་རོ། །ཞེས་གསུམ་དུ་གསུངས་ཤིང་། བསྟན་བཅོས་འདི་ཡང་དེ་ཉིད་དོ། །མདོ་ལས་གསུངས་པའི་འདྲེས་མའི་དོན་ལ། མངོན་པ་གོང་འོག་གཉིས་ཀྱིས་དགོངས་པ་འགྲེལ་ཚུལ་གཉིས་བྱུང་ཡང་འདིར་ནི་གོང་མ་ལྟར་བཞེད་པར་གསལ་ཏེ། འདོད་པའི་དགེ་བ་ཡང་རྒྱུ་དུས་དང་། དེ་དུས་ཀྱི་ཀུན་སློང་གཉིས་ཀ་དཀར་ན་རྣམ་སྨིན་དཀར་པོ་འབའ་ཞིག་ཏུ་བཞེད་པའི་ཕྱིར་རོ། །གཉིས་པ་ནི་མཛོད་ཀྱི་ལུགས་ལ། འདོད་པའི་དགེ་བ་དཀར་ནག་འདྲེས་པའི་དོན་རྒྱུད་འདྲེས་པ་ཡིན་གྱི། ངོ་བོ་འདྲེས་པ་མ་ཡིན་ཏེ། ངོ་བོ་དགེ་བ་ཡིན་ན། མི་དགེ་བ་དང་འདྲེས་པ་འགལ་བའི་ཕྱིར་རོ། །རྣམ་སྨིན་འདྲེས་པའི་དོན་ཡང་རྒྱུད་འདྲེས་པ་ཡིན་གྱི་ངོ་བོ་འདྲེས་པ་མ་ཡིན་ནོ། །འོ་ན་འདོད་པའི་མི་དགེ་བ་ཡང་དགེ་བ་དང་འདྲེས་པ་ཡིན་པའི་ཕྱིར། དཀར་གནག་འདྲེས་པ་མ་ཡིན་ནམ་ཞེ་ན། འདོད་པའི་ཁམས་ན་མི་དགེ་བ་ནི་སྟོབས་དང་ལྡན་པས་དགེ་བ་དང་འདྲེས་པ་མ་ཡིན་ལ། དགེ་བ་ནི་སྟོབས་ཆུང་བའི་ཕྱིར་མི་དགེ་བ་དང་འདྲེས་པ་ཡིན་ནོ་ཞེས་བཤད་དོ། །མདོར་ན་ལུགས་འདི་ལ་རྒྱུད་གཅིག་ལ་དགེ་མི་དགེའི་རྣམ་སྨིན་འདྲེས་པ་ཡོད་དེ། རྒྱུད་གཅིག་ལ་རྣམ་སྨིན་ཡིད་དུ་འོང་མི་འོང་གཉིས་ཀ་ལྡན་པ་ཡོད་པའི་ཕྱིར་རོ། །འོན་ཀྱང་བདེ་འགྲོ་དང་ངན་འགྲོའི་རྣམ་སྨིན་རྟེན་གཅིག་ལ་འདྲེས་པར་མི་འགྱུར་ཏེ། དགེ་བའི་རྣམ་སྨིན་ཡིན་ན། བདེ་འགྲོའི་རྟེན་དང་། མི་དགེ་བའི་རྣམ་སྨིན་ཡིན་ན། ངན་འགྲོའི་རྟེན་ལ་སྨིན་པས་ཁྱབ་པའི་ཕྱིར། དཔྱིས་ཕྱིན་པའོ། །གསུམ་པ་ནི། མངོན་པ་གོང་མའི་ལུགས་ལ་དཀར་གནག་འདྲེས་པའི་དོན་ནི། སྔར་བཤད་ཟིན་ཅིང་། རྣམ་སྨིན་འདྲེས་པའི་དོན་རྒྱུ་མཐུན་དང་བདག་པོའི་འབྲས་བུ་ལ་རྣམ་སྨིན་གྱི་མིང་གིས་བཏགས་པ་ཡིན་གྱི། རྣམ་སྨིན་མཚན་ཉིད་པ་རྟེན་གཅིག་ལ་འདྲེས་པ་མི་སྲིད་དེ། རྣམ་སྨིན་གྱི་གཙོ་བོ་ནི་ཀུན་གཞིའི་འཁོར་གྱི་ཚོར་བ་བཏང་སྙོམས་ཡིན་ཅིང་། དེའི་སྟོབས་ཀྱིས་ཀུན་གཞི་འཁོར་བཅས་རྣམ་སྨིན་མཚན་ཉིད་པར་སོང་བ་ཡིན་ལ། ཚོར་བ་བདེ་སྡུག་ལ་རྣམ་སྨིན་དུ་བཤད་པ་ནི་རྣམ་སྨིན་གྱི་མིང་གིས་བཏགས་པ་ཡིན་པས། དེ་རྒྱུད་གཅིག་ལ་འདྲེས་པ་ལ་རྣམ་སྨིན་འདྲེས་པར་འཇོག་པའི་ཕྱིར་རོ། །བདེ་འགྲོ་དང་། ངན་འགྲོའི་ཀུན་གཞིའི་རྒྱུད་གཅིག་ལ་ཅིག་ཆར་དུ་འབྱུང་བ་ནི་མི་སྲིད་དེ། ལུགས་འདི་ལ་དེ་དང་དེའི་ཀུན་གཞི་གྲུབ་པ་ལ་དེ་དང་དེའི་སྐྱེ་བ་བླང་བར་འཇོག་པའི་ཕྱིར་རོ། །འོན་ཀྱང་གནད་འདི་དག་ཇི་ལྟ་བ་བཞིན་རྟོགས་པ་ལ་གྲུབ་མཐའ་གོང་འོག་གི་རྣམ་དབྱེ་རྒྱ་ཆེ་ལ་ཞིབ་པར་ཤེས་པ་ཅིག་དགོས་པར་སྣང་ངོ་། ། ༡༩༽ ཆོས་དབྱིངས་དགེ་བ་མ་ཡིན་ན། །མངོན་རྟོགས་རྒྱན་དང་རྒྱུད་བླ་དང་། །དབུས་རྣམ་འབྱེད་པར་བཤད་དེ་ཅི། །ཞེས་པའི་ལན་ནི་མངོན་རྟོགས་རྒྱན་ལས། ཆོས་དབྱིངས་དགེ་བར་བཤད་པ་གཏན་མི་སྣང་ལ། ཐེག་ཆེན་བསྒྲུབ་པའི་དམིགས་པ་ཕྱི་མ་བརྒྱད་པོ་དགེ་བ་ཡིན་ན་ནི་ཧ་ཅང་ཐལ་ཞིང་རྒྱུད་བླར། དགེ་དང་རྣམ་པར་དག་པ་དང་། །ཞེས་དང་། དབུས་མཐར། དགེ་གཉིས་ཐོབ་པར་བྱ་ཕྱིར་དང་། །ཞེས་དགེ་བའི་མིང་གིས་གསུངས་པ་ཡོད་མོད། ཆོས་དབྱིངས་ལ་དགེ་བར་གསུངས་པ་ཐམས་ཅད་བདག་ཉིད་ཆེན་པོ་འདིས་དགེ་བ་བཏགས་པ་བར་གཏན་ལ་ཕབ་བཞིན་དུ་སླར་ཡང་འདི་འདྲི་བ་ནི་ཐུག་མེད་ཀྱི་དྲི་བ་སྟེ། དཔེར་ན་གཞུང་ཤེར་ཕྱིན་བཏགས་པར་བཤད་ཟིན་བཞིན་དུ་རྗེས་སུ། ཤེར་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ཞེས་གསུངས་པ་དེ་ཅི་ལ་དགོངས་ཞེས་འདྲི་བ་དང་འདྲའོ། ། ༢༠༽ སྡིག་པ་མེད་ཙམ་ལ་དགོངས་ན། །མ་སྒྲིབ་ལུང་མ་བསྟན་ཀུན་ཅི། །ཞེས་པའི་ལན་ནི། ཆོས་དབྱིངས་ལ་དགེ་བར་འདོགས་པའི་རྒྱུ་མཚན་སྡིག་པ་མེད་པ་ཙམ་ལ་དགོངས་བྱས་པ་ལ། མ་སྒྲིབ་ལུང་མ་བསྟན་ཆོས་ཅན། དགེ་བ་ཡིན་པར་ཐལ། སྡིག་པ་མེད་པ་ཙམ་ཡིན་པའི་ཕྱིར། ཞེས་བརྗོད་པར་སྣང་བས་འདི་འདྲའི་སྟོན་པ་བཟང་ལུགས་ལ་བལྟས་ན་མཐའ་ཡས་འདུག གཞུང་ཤེར་ཕྱིན་ལ་ཤེར་ཕྱིན་གྱི་མིང་གིས་འདོགས་པའི་རྒྱུ་མཚན་ཤེར་ཕྱིན་བརྗོད་བྱར་སྟོན་པ་ལ་དགོངས་ཞེས་པ་ལ། བུམ་པ་བརྗོད་བྱར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་ཆོས་ཅན། བུམ་པ་ཡིན་པར་ཐལ། བུམ་པ་བརྗོད་བྱར་སྟོན་པའི་ཕྱིར། ཞེས་གསུངས་པར་འདུག་པས་ནན་ཏར་བཞེད་པར་འདུག་གོ །གལ་ཏེ་མ་སྒྲིབ་ལུང་མ་བསྟན་ལ་དགེ་བའི་མིང་གིས་འདོགས་པའི་རྒྱུ་མཚན་ཚང་བར་འགྱུར་རོ། །ཞེས་པའི་དོན་ཡིན་ན་དེ་ནི་འདོད་པ་ཡིན་མོད་འདོགས་པའི་རྒྱུ་མཚན་ཚང་ཡང་བཏགས་པའི་དགོས་པ་མེད་ན་མིང་དེ་མི་འདོགས་པ་ནི་རྟོག་ལྡན་གྱི་ལུགས་ཡིན་པའི་ཕྱིར་རོ། ། ༢༡༽ ཡོད་པ་ཉིད་ལ་མི་རྟག་པས། །ཁྱབ་པར་ཆོས་ཀྱི་གྲགས་པས་གསུངས། །ཡོད་པ་ཙམ་ལ་དེས་ཁྱབ་པ། །རིག་པའི་གཞུང་ལུགས་གང་གིས་སྟོན། །ཞེས་པའི་ལན་ནི། རང་བཞིན་ཡོད་པ་ཙམ་དང་། །འབྲེལ་པ་ཅན་གྱི་ངོ་བོ་ཡང་། །ཞེས་པ་འདི་ཡང་དེ་སྟོན་པའི་ལུང་ཡིན་ནོ། །རང་བཞིན་ལ་ཡང་མེད་མི་འབྱུང་། །ཡོད་པ་ཙམ་དང་འབྲེལ་པ་ཡིན། །ཞེས་པ་འདི་ཡང་དེ་སྟོན་པའི་ལུང་ཡིན་ནོ། །དེ་ཡི་ཁྱད་པར་བཟུང་མེད་པར། །དངོས་པོ་ཙམ་ནི་བསྒྲུབ་པ་ན། །དེ་ཙམ་ཁྱབ་བྱེད་བསྒྲུབ་བྱ་ཡི། །རྗེས་སུ་འགྲོ་བ་ཉམས་པ་མེད། །ཅེས་པ་ཡང་དེ་སྟོན་པའི་ལུང་ཡིན་ཏེ། ཡོད་ཉིད་ཅེས་པ་ལས་འཕྲོས་ནས། གལ་ཏེ་གཏན་ཚིགས་ཡོད་རང་བཞིན། །ཡོད་པ་ཇི་ལྟར་བསྒྲུབ་བྱ་མིན། །ཞེས་རྩོད་པའི་ལན་སྟོན་བྱེད་ཡིན་པའི་ཕྱིར། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། །ཅེས་པ་འདི་ཡང་དེ་སྟོན་པའི་ལུང་ཡིན་ནོ། །འཇིགས་པ་དངོས་པོ་ཙམ་དང་ནི། །རྗེས་འབྲེལ་ཕྱིར་ན་རྟག་ཉིད་མིན། །ཞེས་པ་འདི་ཡང་དེ་སྟོན་པའི་ལུང་ཡིན་ནོ། །དེས་ན་ཡོད་ན་མི་རྟག་པས་ཁྱབ་པ་སྟོན་བྱེད་ཀྱི་རིག་གཞུང་། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་པ་འདི་གཅིག་པུ་ཡིན་སྙམ་ནས་དྲིས་པར་སྣང་ཡང་། གཞུང་ལས། བྷ་ཝ་ཞེས་པའི་ཚིག་གཅིག་ཉིད། ཡོད་པ་དང་དངོས་པོ་གང་བདེར་བསྒྱུར་ཏེ། སྒྲ་མི་རྟག་བསྒྲུབ་པ་ལ་འདི་གཉིས་བཀོད་ཅིང་། གཏན་ཚིགས་ཀྱི་དབྱེ་བ་འཆད་པའི་ཚེ། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་འབྲས་བུ་སྟེ་བྱས་པ་དང་། ཡོད་པ་སྟེ་དངོས་པོ་བཀོད་པ་གཉིས་གསུངས་པ་ལ། དཔལ་ལྡན་ས་སྐྱ་པཎྜི་ཏས། རྟོག་ལྡན་གྱི་དོགས་པ་བསུས་ཏེ། དབྱེ་བ་དེ་ལྟར་ཡོད་ན། བཀོད་ཚོད་དེ་ལྟར་བཀོད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ལན་དུ། རིགས་གཏེར་རང་འགྲེལ་ལས། གཏན་ཚིགས་ཀྱི་དོན་ལ་བཞི་ལས། དང་པོ་རྟགས་ཀྱི་ངོ་བོ་ངོས་བཟུང་ན་ཡོད་པའམ་བྱས་པ་གང་བཀོད་ཀྱང་རུང་མོད། འོན་ཀྱང་འགའ་ཞིག་རྡུལ་ཕྲན་དང་། བདག་དང་། དབང་ཕྱུག་དང་། རིག་བྱེད་ཀྱི་སྒྲ་ལ་སོགས་པ་བྱས་པར་མི་འདོད་པས། ཁོའི་བློ་ངོར་རྟགས་མ་གྲུབ་ཀྱི་དོགས་ནས་ཡོད་པའི་ཕྱིར་ཞེས་བཀོད་དེ་དེ་དག་ཡོད་པར་ཁོས་ཀྱང་འདོད་པའི་ཕྱིར་རོ། །ཡང་ཡོད་པ་དེ་ཡང་རྒྱུ་རྐྱེན་གྱིས་བྱས་པ་མ་ཡིན་པ་ལ་མི་སྲིད་པའི་ཕྱིར་ཕྱིས་བྱས་པ་ཉིད་དུ་ཁོའི་བློ་ངོར་གྲུབ་ན། བྱས་པའི་ཕྱིར་ཞེས་བཀོད་པ་ལས་གྲུབ་བོ། །ཞེས་གསུངས་སོ། །འཆད་ཚུལ་འདི་ནི་ལུགས་འདི་ལ་དད་མོས་ཡོད་པའི་དེང་སང་གི་རིགས་པ་སྨྲ་བ་ཀུན་ལ་སྐྱེས་སུ་འབུལ་ལོ། ། ༢༢༽ ཀླུ་སྒྲུབ་ཀྱིས་ནི་དབུ་མ་ལས། དངོས་པོ་མེད་ལའང་འདུས་བྱས་ཀྱིས། །ཁྱབ་པར་གསུངས་པ་མིན་ནམ་ཅི། །དེ་ལྟ་ན་ནི་ཆོས་ཀྱི་དབྱིངས། །འདུས་བྱས་ཡིན་པར་མི་ཐལ་ལམ། །ཞེས་པའི་ལན་ནི། ཆོས་དབྱིངས་ཆོས་ཅན། འདུས་བྱས་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར། ཁྱབ་པ་ཀླུ་སྒྲུབ་ལ་སོང་ཟེར་བ་ཡིན་མཆི། གཏན་ཚིགས་ཉིད་ཀྱིས་ཁས་བླངས་པ་ཡིན་ནམ། བསྟན་བཅོས་འདིའི་ལུགས་ལ་སོང་བ་ཡིན། དང་པོ་ལྟར་ན། དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་ཆར་དངོས་འགལ་དུ་ཨེ་སོང་ལེགས་པར་སོམས་ཤིག ཕྱི་མ་ལྟར་ན་བསྟན་བཅོས་འདིར། གལ་ཏེ་སེམས་ཅན་ཁམས་དངོས་དང་། །དངོས་མེད་གཉིས་ཀ་མ་ཡིན་པར། །སྤྲོས་བྲལ་ཡིན་ན་སྔར་བཤད་པའི། །ཆོས་ཀྱི་དབྱིངས་ལས་འདའ་བ་མེད། །ཅེས་གསུངས་པས་གཏན་ཚིགས་འདི་ཅི་ལྟར་འགྲོ་བ་ཡིན། དགག་སྒྲུབ་འདི་འདྲའི་རིགས་ཅན་གང་ཡིན་མི་ཤེས་པར་འདུག ཀླུ་སྒྲུབ་ཀྱི་ལུང་གི་དོན་དངོས་མེད་ཡིན་ན། འདུས་བྱས་ཡིན་པས་ཁྱབ་པ་ཡིན་ན། ཆོས་དབྱིངས་ལས་རི་བོང་རྭ་ཆོས་ཅན་དུ་བཟུང་ནས་སྐྱོན་མི་བརྗོད་པའི་རྒྱུ་མཚན་ཅི་ཡིན། དེས་ན་ཀླུ་སྒྲུབ་ཀྱི་གཞུང་གི་དགོངས་པ་ནི་བྱེ་བྲག་ཏུ་སྨྲ་བས་མྱ་ངན་ལས་འདས་པ་སོ་སོར་བརྟགས་འགོག་རང་གི་ངོ་བོ་རྫས་སུ་ཡོད་པའི་དངོས་པོ་ཡང་ཡིན་ཅིང་། སྤང་བྱ་སྔར་ཡོད་གཉེན་པོས་གསར་དུ་བཅོམ་པ་ལས་བྱུང་བས་སྤང་བྱའི་དངོས་པོ་མེད་པ་ཡང་ཡིན་ནོ། །ཞེས་འདོད་པ་ལ་མ་ཡིན་ཏེ། དེ་ལྟ་བུའི་དངོས་པོ་དང་དངོས་མེད་གཉིས་ཀ་ཡང་རྒྱུ་རྐྱེན་ལ་ལྟོས་པའི་འདུས་བྱས་སུ་འདོད་དགོས་ལ་མྱ་ངན་ལས་འདས་པ་ནི། འདུས་མ་བྱས་ཡིན་པའི་ཕྱིར་ཞེས་པའི་དོན་ཡིན་གྱི། དངོས་མེད་ཡིན་ན་འདུས་བྱས་ཡིན་པས་ཁྱབ་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཡིན་ནོ་ཞེས་བསྐུར་པ་མ་འདེབས་ཤིག ། ༢༣༽ རིན་ཆེན་ཕྲེང་བར་གསུངས་པ་ཡི། །ཟབ་མོ་བཀྲོལ་བ་ཅི་ལ་ཟེར། །ཞེས་པའི་ལན་ནི། འདི་ལ་མི་ཕམ་བཤེས་གཉེན་གྱི་འགྲེལ་པ་ལས་གཞན་པའི་འགྲེལ་པ་ནི་མེད་ཅིང་དེར་ནི་གསལ་ཁ་མ་བྱུང་ལ། རྒྱུད་བླར། རང་བྱུང་རྣམས་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་གསུངས་པ་ལྟར་ན། སོ་སོ་སྐྱེ་བོས་ཐོས་བསམ་ཙམ་གྱིས་བཀྲོལ་བའི་དོན་དང་ལྡན་ཞེས་པའི་དོན་དུ་མངོན་ནོ། །ཡང་གཞུང་ཁ་ཅིག་ལས། ཟབ་མོ་བཀོལ་བའི་དོན་དང་ལྡན་ཞེས་འབྱུང་བ་ལྟར་ན། གཞུང་དེ་ཉིད་ལས། དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཤེས་གྱིས། །ཞེས་གསུངས་པ་དང་མཐུན་པར་མངོན་ནོ། ། ༢༤༽ སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བདེ་གཤེགས་སྙིང་པོ་མ་ཡིན་ན། །རྒྱས་འགྱུར་རིགས་ལ་བདེ་གཤེགས་ཀྱི། །སྙིང་པོར་གསུངས་པ་དེ་ཅི་ཞིག །ཅེས་པ་གོང་དུ་འོང་རྒྱུར་འདུག་ནའང་འདིར་བྲིས་འདུག་པའི་ལན་ནི། རྒྱས་འགྱུར་གྱི་རིགས་ལ་བདེ་གཤེགས་སྙིང་པོར་གང་དུ་གསུངས་ཞེས་དྲིས་ཏེ། ལན་བཏབ་པར་བྱའོ། །གལ་ཏེ་རྒྱུད་བླར་ལུས་ཅན་ལ་བདེ་གཤེགས་སྙིང་པོ་ཡོད་པའི་སྒྲུབ་བྱེད་དུ། རྫོགས་སངས་སྐུ་ནི་འཕྲོ་བ་དང་། །དེ་བཞིན་ཉིད་དབྱེར་མེད་པ་དང་། །རིགས་ཡོད་པ་གསུམ་བཀོད་ཅིང་རིགས་ཀྱི་དབྱེ་བ་ནི་འོག་ཏུ། རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་སྟེ། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་རིགས་ལ་ལྔར་ཕྱེ་བ་འདི་ཉིད་ཀྱིས་བསྟན་ནོ་སྙམ་ན། འོ་ན་སངས་རྒྱས་ཀྱི་གཟུགས་སྐུ་གཉིས་པོ་དེ་ཡང་བདེ་གཤེགས་སྙིང་པོ་ཡིན་པར་འགྱུར་ཏེ། ལྔར་ཕྱེ་བའི་ཡ་གྱལ་ཡིན་པའི་ཕྱིར། ཟབ་མོ་སྟོང་ཉིད་སྟོན་པའི་གསུང་རབ་དང་། བརྗོད་བྱ་སྣ་ཚོགས་སྟོན་པའི་གསུང་རབ་གཉིས་པོ་དེ་ཡང་དེར་འགྱུར་ཏེ། རྫོགས་སངས་སྐུ་འཕྲོ་བ་ལ་གསུམ་དུ་ཕྱེ་བའི་ཡ་གྱལ་ཡིན་པའི་ཕྱིར། དེས་ན་བདེ་གཤེགས་སྙིང་པོ་ཡོད་པའི་སྒྲུབ་བྱེད་དུ་རིགས་ཡོད་པའི་ཕྱིར་ཞེས་བཀོད་པ་ལ་རིགས་ཡིན་ན་བདེ་གཤེགས་སྙིང་པོ་ཡིན་པས་ཁྱབ་པར་བཟུང་ནས་འདི་ལྟར་འདྲི་བ་ནི་ཡོད་འགོད་དང་། ཡིན་འགོད་ཀྱི་ཁྱད་པར་དང་། ཡོད་སྒྲུབ་དང་ཡིན་སྒྲུབ་ཀྱི་ཁྱད་པར་ཕྱེད་པའི་རྟོག་གེ་ཅིག་མི་མཁྱེན་པ་ཨེ་ཡིན་སྙམ་སྟེ། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པའི་ཚེ་དུ་བ་ཡིན་ན། མེ་ཡིན་པས་ཁྱབ་པ་ཁས་ལེན་པ་ཨེ་ཡིན། ཧེ་ཧེ། འོ་ན་རིགས་ལ་ལྔར་ཕྱེ་བ་ལུས་ཅན་ལ་ཡོད་ཚུལ་ཇི་ལྟར་སྙམ་ན། ཁོ་བོ་ནི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་ལ་ཚད་མར་བྱེད་པས་རང་བཞིན་གནས་རིགས་མཚན་ཉིད་ཀྱི་ཚུལ་དུ་ཡོད། རྒྱས་འགྱུར་གྱི་རིགས་ཡོན་ཏན་གྱི་ཚུལ་དུ་ཡོད། སྐུ་གསུམ་པོ་ནུས་མཐུའི་ཚུལ་དུ་ཡོད། ཅེས་སྨྲ་བ། གཞན་དག་ཅི་སྨྲ་བར་འདྲི་བར་བྱའོ། ། ༢༥༽ ཆོས་དབྱིངས་རྫོགས་པའི་བྱང་ཆུབ་རྒྱུར། །འགྱུར་བ་མེད་ན་ཆོས་ཀྱི་དབྱིངས། །རྒྱུ་ཡི་རིགས་སུ་འཇོག་དེ་ཅི། །འཕགས་པའི་ཆོས་ཀྱི་རྒྱུ་ཡིན་ཕྱིར། །ཆོས་ཀྱི་དབྱིངས་སུ་འཇོག་གོ་ཅེས། །ཚད་ལྡན་གཞུང་ལས་བྱུང་དེ་ཅི། །ཞེས་པའི་ལན་ནི། སྤྱིར་རྒྱུ་ལ་སྐྱེད་བྱེད་ཀྱི་རྒྱུ་དང་། རང་བཞིན་གྱི་རྒྱུ་གཉིས་ལས། དང་པོ་ལ་འགྱུར་བ་ཡོད་དགོས་ཀྱང་། ཕྱི་མ་ལ་འགྱུར་བ་ཡོད་མི་དགོས་ཏེ། གཞན་དུ་ན་དེ་ཡང་སྐྱེད་བྱེད་ཀྱི་རྒྱུར་ཐལ་བའི་ཕྱིར་རོ། །ཆོས་དབྱིངས་རྒྱུའི་རིགས་སུ་འཇོག་པ་ནི་རང་བཞིན་གྱི་རྒྱུ་ལ་དགོངས་ཏེ། དེ་ཉིད་ལ་གློ་བུར་གྱི་དྲི་མ་དང་བྲལ་མ་བྲལ་གྱི་ཁྱད་པར་མ་གཏོགས་རང་གི་ངོ་བོར་འགྱུར་བ་མེད་པའི་ཕྱིར། འཕགས་པའི་ཆོས་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་སུ་འཇོག་པ་ཡང་དོན་དེ་ཉིད་དེ། དེ་ལས་གཞན་དུ་འཕགས་ཆོས་སྐྱེད་བྱེད་ཀྱི་རྒྱུ་ཡིན་ན་འདུས་བྱས་སུ་ཐལ་བའི་ཕྱིར་རོ། ། ༢༦༽ ཆོས་དབྱིངས་དམ་པའི་ཆོས་དང་ནི། །དམ་པ་ཞེས་པ་དགེ་བ་ལ། །ཚད་ལྡན་གཞུང་ལས་མ་གསུངས་སམ། །ཆོས་དབྱིངས་ངོ་བོ་དགེ་མིན་ན། །བདེ་ཆེན་སྒྱུ་མའི་སྐུ་དེ་ཡང་། །དགེ་བ་མིན་པར་བཞེད་ལགས་སམ། །དེ་ལྟ་ན་ནི་བསྟོད་པ་ལས། །དགེ་བ་ཅེས་ཀྱང་མ་གསུངས་སམ། །ཞེས་པའི་ལན་ནི། ཐུག་མེད་ཀྱི་དྲི་བ་ཡིན་པར་སྔར་བཤད་ཟིན་ལ། རྣམ་གསལ་གྱི་དཔེ་ལོགས་སུ་བརྗོད་ན། བྲམ་ཟེའི་ཁྱེའུ་རི་དྭགས་ཀྱི། །རྒྱལ་པོ་མིན་ན་སེང་གེ་ཞེས། །བརྗོད་ཅིང་སེང་གེ་ཞེས་པའི་སྒྲ། །རི་དྭགས་རྒྱལ་པོ་དེ་ཉིད་ལ། །འཇུག་པ་བཞེད་པ་མིན་ནམ་ཅི། །ཞེས་པ་དང་མཚུངས་སོ། །བདེ་ཆེན་སྒྱུ་མའི་སྐུ་ཞེས་པ་དེ་གང་ལ་ཟེར། ཆོས་དབྱིངས་ཡིན་ན་སྔར་གྱི་ནང་དུ་འདུས་ལ། མིན་ན། དེ་ལ་འབྲེལ་ཅི་ཞིག་ཡོད། ། ༢༧༽ ཆོས་དབྱིངས་ལུང་མ་བསྟན་ཡིན་ན། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་ཕྱིར་དགེ་བ་དང་། །སྡིག་པའང་ལུང་མ་བསྟན་དུ་འགྱུར། །སྙམ་པའི་དོགས་པ་མི་འབྱུང་ངམ། །ཞེས་པའི་ལན་ནི། གཞུང་གི་དགོངས་པ་སྡིག་པ་དང་ལུང་མ་བསྟན་ཐམས་ཅད་ལ་དགེ་བ་ཡོད་པར་འགྱུར་ཏེ། དེ་ཐམས་ཅད་ལ་ཆོས་དབྱིངས་ཡོད་པའི་ཕྱིར། ཁྱབ་པ་ཁས་བླངས་རྟགས་གྲུབ་སྟེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར་རོ། །རྩ་བར་འདོད་ན་སེམས་ཅན་ཀུན་ངན་འགྲོར་འགྲོ་བར་མི་སྲིད་པར་འགྱུར་ཏེ། དགེ་མི་དགེ་ལུང་མ་བསྟན་གསུམ་པོ་གང་བྱས་ཀྱང་དགེ་བ་རེ་རེ་བྱས་པའི་ཕྱིར་ཞེས་པའི་དོན་ཡིན་ལ། དེ་ལ་ཁྱོད་ཀྱི་དགེ་བ་དང་སྡིག་པ་ལ་ཡང་ལུང་མ་བསྟན་ཡོད་པར་ཐལ། དེ་ལ་ཆོས་དབྱིངས་ཡོད་པའི་ཕྱིར་ཟེར་བ་ཡིན་ན། འདོད་ལན་འདེབས་པས་ཉེས་པ་ཅི་ཞིག་འབྱུང་། སྔར་གྱི་ཉེས་པ་དེ་ཉིད་མཚུངས་སོ་སྙམ་ན། མི་མཚུངས་ཏེ། ལུང་མ་བསྟན་ནི་བདེ་འགྲོ་དང་། ངན་འགྲོ་གང་གི་ཡང་རྒྱུ་མ་ཡིན་པའི་ཕྱིར། ། ༢༨༽ ཆོས་དབྱིངས་གསུམ་ཀར་མི་རུང་ན། །དེ་མཚུངས་དོགས་པ་མི་འབྱུང་ངམ། །ཞེས་པའི་ལན་ནི། ཆོས་དབྱིངས་གསུམ་པོ་གང་རུང་དུ་མི་རུང་བར་མ་སྨྲས་པས་དེའི་སྐྱོན་སྤོང་མི་དགོས་མོད་ཉིད་དེ་འདྲའི་རིགས་ཅན་ཆོས་དབྱིངས་དགེ་བ་ཡིན་ན། མི་དགེ་བ་དང་ལུང་མ་བསྟན་ཡང་དགེ་བར་འགྱུར་ཏེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར། ཞེས་སྨྲས་པ་ལ། ཆོས་དབྱིངས་གསུམ་པོ་གང་རུང་མིན་ན་དགེ་བ་ཡང་གསུམ་པོ་གང་རུང་མིན་པར་ཐལ། མི་དགེ་བ་ཡང་གསུམ་པོ་གང་རུང་མིན་པར་ཐལ། ལུང་མ་བསྟན་ཡང་གསུམ་པོ་གང་རུང་མིན་པར་ཐལ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར། ཞེས་མཚུངས་སོ་ཞེས་སྨྲ་བ་ནི་སྔ་རྒོལ་གྱིས་ཤེས་བྱ་བུམ་པར་ཁས་བླངས་པ་ལ་ཕྱིར་རྒོལ་གྱིས་ཀ་བ་ཆོས་ཅན། བུམ་པ་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། ཁྱབ་པ་རྐང་གསུམ་ལ་སྒྲིག་པ་ལ་ཡང་སྔ་རྒོལ་ན་རེ། ཁྱོད་ཤེས་བྱ་བུམ་པ་མ་ཡིན་པར་ཁས་ལེན་པས་གསེར་བུམ་ཆོས་ཅན། བུམ་པ་མ་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། ཞེས་པའི་ཁྱབ་པའང་རྐང་གསུམ་ལ་སྒྲིག་གོ །ཅེས་སྨྲས་པ་དང་མཚུངས་པས་སྒྲུབ་ཁྱབ་རྐང་གསུམ་ལ་འབུད་པ་ལ་དགག་ཁྱབ་ཡང་རྐང་གསུམ་ལ་འབུད་པའི་མཚུངས་པ་བྱེད་པ་འདི་དབུས་གཙང་ཁམས་གསུམ་གྱི་མཁས་པ་ཐམས་ཅད་ལ་འདྲི་ཅི་དགོས་དེང་སང་གི་བསྡུས་ར་བ་རྣམས་ལ་དྲིས་ཤིག ། ༢༩༽ ཆོས་དབྱིངས་ཡོད་པར་མི་བཞེད་ན། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །དངོས་པོ་མེད་ཕྱིར་དངོས་ཀུན་ཀྱང་། །ཡོད་པར་མི་འདོད་དེ་ཅི་ཞིག །ཅེས་པའི་ལན་ཀྱང་སྔ་མའི་ལན་དེ་ཉིད་དེ། བསྒྲུབ་ཁྱབ་ལ་དགག་ཁྱབ་ཀྱི་མཚུངས་པ་བྱས་པར་སྣང་ངོ་། །སྤྱིར་དངོས་པོ་ཡིན་ན། བུམ་པ་ཡིན་པས་ཁྱབ་པ་ལ་སྐྱོན་བརྗོད་པ་དེ་ཉིད་ལ། དངོས་པོ་མ་ཡིན་ན། བུམ་པ་མ་ཡིན་པས་ཁྱབ་པ་ལ་ཡང་སྐྱོན་དུ་འགྲོ་བར་མཚུངས་པ་ལ་བསྒྲེ་ན་རྣམ་པ་གསལ་པོ་ག་ན་ཡོད། ། ༣༠༽ ཡོད་པ་བསྒྲུབ་པར་གསུངས་པ་དེས། །ཆོས་དབྱིངས་དགེ་ལ་ཇི་ལྟར་གནོད། །ཅེས་པའི་ལན་ནི། མདོ་དེ་ཉིད་ལས། ཕྱོགས་བཅུའི་འཇིག་རྟེན་ཁམས་ན་ཡོད་པ་ཡི། །དགེ་བ་དེ་དག་ཡང་དག་བསྒྲུབ་པས་ན། །འགྲོ་བ་ཀུན་ལ་ཕན་དང་བདེ་སེམས་ཀྱི། །ཡེ་ཤེས་མཁས་པ་དེ་དག་ཡོངས་སུ་བསྔོ། །ཞེས་གསུངས་པ་དེས་འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །ཅེས་པའི་ཡོད་པ་ཆོས་དབྱིངས་ཡིན་པ་ལ་གནོད་དེ། སྐབས་དེའི་ཡོད་པའི་དགེ་བ་རྩོལ་བས་ཡང་དག་པར་བསྒྲུབ་པ་ལ་གསུངས་ཤིང་ཆོས་དབྱིངས་རྩོལ་བས་ཡང་དག་པར་བསྒྲུབས་པ་མིན་པའི་ཕྱིར། ཅི་ཆ། ཁྱེད་གཞུང་དེའི་དོན། ཆོས་དབྱིངས་དགེ་བ་མ་ཡིན་པར་ཐལ། ཡོད་པ་སྒྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཡོད་པ་དགག་པ་མ་ཡིན་པའི་ཕྱིར། ཞེས་པ་ལ་འཆད་ནས་དྲི་བ་འདི་བྱེད་པ་ནི་མ་ཡིན་མཆི། དྲི་བ་འདི་འདྲ་བྱེད་ན་བརྒྱ་རྩ་བརྒྱད་ལས་མང་བ་ཡོད་པར་འདུག་གོ ། ༣༡༽ མི་འགྱུར་བསྔོ་བ་དོན་མེད་ན། །ཚོང་དཔོན་འཛའ་བོའི་བུ་མོའི་བུས། །སྨོན་ལམ་བཏབ་པ་དེ་ཅི་ཞིག །ཅེས་པའི་ལན་ནི། བསྔོ་རྒྱུའི་དགེ་རྩ་མི་འགྱུར་ན། བསྔོ་བ་དོན་མེད་པ་དང་། བསྔོ་བའི་འབྲས་བུ་འགྲུབ་པར་མི་འགྱུར་ན་བསྔོ་བ་དོན་མེད་པ་གཉིས་ཁྱད་པར་མ་ཕྱེད་འདུག་པས་དེ་གཉིས་ཁྱད་པར་ཕྱེ་ན་ལན་དེ་ཉིད་དོ། །གཞན་ཡང་ཚོང་དཔོན་མཛའ་བོའི་བུ་མོའི་བུ། །ཞེས་པ་དེ་གང་ན་འདུག མདོ་སྡེ་དྲིན་ལན་བསབ་པ་ལས་ནི། སྔོན་ཝཱ་ར་ཎ་སཱིར་དེད་དཔོན་མཛའ་བོའི་བུ་བྱུང་ངོ་ཅོག་ཤི་ནས་ཕྱིས་གཅིག་སྐྱེས་པ་ལ་མཛའ་བོའི་བུ་མོར་བཏགས་པ་དེས་སེམས་ཅན་གྱི་ཀླད་ནད་བདག་ལ་སྨིན་པར་གྱུར་ཅིག་ཅེས་པའི་སྨོན་ལམ་བཏབ་པར་བཤད་ཀྱི། མཛའ་བོའི་བུ་མོའི་བུ་ཞེས་པ་ནི་གང་ན་ཡང་མི་སྣང་ངོ་། ། ༣༢༽ ཆོས་ཉིད་བསྔོ་རྒྱུར་བྱེད་པ་ནི། །བློ་སྦྱོང་དུ་ཡང་མི་རུང་ན། །གནས་མིན་བསྔོ་བར་གསུངས་དེ་ཅི། །ཞེས་པའི་ལན་ནི། ཆོས་ཉིད་བསྔོ་རྒྱུར་བྱེད་པ་གནས་མིན་གྱི་བསྔོ་བར་གསུངས་པ་བསྟན་བཅོས་འདིའི་གང་ན་འདུག་པར་འདྲིའོ། །ཆོས་རྣམས་ཆོས་ཉིད་བསྔོ་བ་ཡིས། །མི་འགྱུར་གལ་ཏེ་འགྱུར་ན་ནི། །དང་པོའི་སངས་རྒྱས་གཅིག་ཉིད་ཀྱིས། །བསྔོ་བ་དེང་སང་ཅིས་མི་འགྲུབ། །ཅེས་པས་སྟོན་ནོ་སྙམ་ན། དེ་ནི་དཀོན་མཆོག་བརྩེགས་པའི་མདོ་ལས། བུ་མོས་སྨྲས་པ། རིགས་ཀྱི་བུ་ཆོས་རྣམས་ཀྱི་ཆོས་ཉིད་ནི་སྨོན་ལམ་གྱི་དབང་གིས་བསྒྱུར་བར་མི་ནུས་སོ། །གལ་ཏེ་ནུས་པར་གྱུར་ན། དེ་བཞིན་གཤེགས་པ་རེ་རེའི་དགོངས་པ་དེ་སྨོན་ལམ་གྱི་དབང་གིས་ཇི་ལྟར་མི་འགྲུབ་སྟེ། རྣམ་གྲངས་འདིས་ནི་སྨོན་ལམ་གྱི་དབང་གིས་བསྒྱུར་བར་མི་ནུས་པར་རིགས་པར་བྱའོ། །ཞེས་གསུངས་པའི་དོན་ཡིན་པས་སྐབས་དེའི་ཆོས་ཉིད་དེའང་འཁོར་བའི་ཕྱི་མཐའ་མེད་པ་སོགས་ཆོས་རྣམས་ཀྱི་ཆོས་ཉིད་རྟེན་འབྲེལ་གྱི་ཆོས་ཉིད་དུ་གྲུབ་པ་ཡིན་གྱི། སྤྲོས་བྲལ་གྱི་ཆོས་ཉིད་མ་ཡིན་ལ། བསྒྱུར་མི་ནུས་པའི་དོན་ཡང་བསྔོ་བའི་འབྲས་བུར་བྱས་ཀྱང་བསྒྲུབ་པར་མི་ནུས་པའི་དོན་ཡིན་གྱི། བསྔོ་རྒྱུར་བྱས་ནས་བསྒྱུར་མི་ནུས་པའི་དོན་ནི་གཏན་མ་ཡིན་ནོ། ། ༣༣༽ མ་བྱས་པ་ཡི་དགེ་མེད་ན། །ཐེག་པ་ཆེན་པོ་བསྡུས་པ་ལས། །ཐོག་མེད་དུས་ནས་མ་བྱས་པའི། །ཀུན་གཞིའི་སྟེང་གི་ཟག་མེད་ཀྱི། །ས་བོན་དགེ་བར་བཤད་དེ་ཅི། །དེ་འདྲ་མེད་ན་ཀུན་གཞི་ཡི། །གཉེན་པོར་བཤད་པ་དེ་གང་ཡིན། །ཞེས་པའི་ལན་ནི། ཁས་བླངས་དང་འགལ་བ་དང་། རིགས་པ་དང་འགལ་བ་གཉིས་ལས། དང་པོ་ནི། སྔར་ཀུན་གཞིའི་སྟེང་གི་ས་བོན་ལུང་མ་བསྟན་དུ་ཁས་བླངས་པ་དང་འགལ་ཏེ། ཀུན་གཞི་གཅིག་ཉིད་ཀྱི་ས་བོན་ལ་དགེ་བ་དང་ལུང་མ་བསྟན་གཉིས་ཡོད་ན། ས་བོན་དང་ས་བོན་ཅན་ངོ་བོ་མི་མཚུངས་པར་ཐལ་བའི་ཕྱིར་རོ། །གཉིས་པ་ནི། ཀུན་གཞིའི་སྟེང་གི་ཐོག་མ་མེད་པའི་དུས་ནས་མ་བྱས་པའི་ས་བོན་དང་ལྡན་པའི་གང་ཟག་དེ་ལ་ལོག་ལྟས་དགེ་རྩ་ཆད་པ་མི་སྲིད་པར་འགྱུར་ཏེ། ལོག་ལྟས་ཟག་མེད་ཀྱི་ས་བོན་ཆད་པ་མི་སྲིད་པའི་ཕྱིར། གཞན་ཡང་དེ་ལྟ་བུའི་ཀུན་གཞི་དེ་ཆོས་ཅན། ཁྱེད་ལུང་མ་བསྟན་མ་ཡིན་པར་ཐལ། ཁྱོད་ཀྱི་སྟེང་གི་ཟག་མེད་ཀྱི་ས་བོན་དེ་དགེ་བ་གང་ཞིག ཁྱོད་དེ་དང་ངོ་བོ་མཚུངས་པའི་ཕྱིར། དེས་ན་དངོས་ཀྱི་ལན་ནི་དགེ་བའི་མིང་གིས་བཏགས་ཚད་དགེ་བ་མ་ཡིན་པར་གོང་དུ་བཤད་ཟིན་ཅིང་། ཀུན་གཞིའི་གཉེན་པོར་བཤད་པའི་དོན་ཡང་ཐོས་པའི་རྐྱེན་གྱིས་གསོས་བཏབ་ནས། ཟག་མེད་དམ་ལམ་བདེན་དུ་སོང་བའི་ཚེ་ཀུན་གཞིའི་གཉེན་པོ་ཡིན་པའི་དོན་ཡིན་གྱི། ས་བོན་དེ་ཉིད་གཉེན་པོ་མ་ཡིན་ཏེ། གཞན་དུ་ན་ས་བོན་དེ་དང་ལྡན་པའི་གང་ཟག་ཐམས་ཅད་དང་པོ་ནས་འབད་མེད་དུ་མི་གྲོལ་བའི་རྒྱུ་མཚན་ཅི་ཡིན་ལེགས་པར་སྨྲ་དགོས་སོ། ། ༣༤༽ བདེ་གཤེགས་སྙིང་པོ་གང་ཡིན་པ། །དེ་དག་འདུས་མ་བྱས་ཡིན་ན། །ཐེག་པ་ཆེན་པོ་རྒྱུད་བླ་མར། །སྙིང་པོ་དགུར་བྱས་པ་དེ་ཅི། །ཅེས་པའི་ལན་ནི། སྔར་གསལ་བར་བསྟན་ཟིན་མོད། རྣམ་གསལ་གྱི་དཔེ་ལོགས་སུ་བརྗོད་ན། མེ་ཞེས་བཤད་པ་གང་ཡིན་པ། །དེ་དག་ཚ་ཞིང་བསྲེག་ཡིན་ན། །དུ་བས་ལ་ལ་མེ་བསྒྲུབ་ཚེ། །མེ་ནི་དུ་བར་བཤད་དེ་ཅི། །ཅེས་པ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མཚུངས་སོ། ། ༣༥༽ སེམས་ཅན་མ་གཏོགས་བེམ་པོ་ཡི། །ཆོས་དབྱིངས་སྙིང་པོ་མ་ཡིན་ན། །རྒྱུད་དང་སེམས་འབྲེལ་སྐོར་གསུམ་ལས། །བརྟན་གཡོ་ཀུན་ལ་སངས་རྒྱས་ཀྱི། །སྙིང་པོ་ཡོད་པར་གསུངས་དེ་ཅི། །ཅེས་པའི་ལན་ནི། དྲི་བའི་གཞི་གཞུང་ལ་མེད་པ་དང་། དྲིས་པའི་དོན་ཁས་བླངས་པ་དང་འགལ་བ་གཉིས་ལས། དང་པོ་ནི། གཞུང་ལས། གལ་ཏེ་བེམ་པོའི་ཆོས་ཀྱི་དབྱིངས། །བདེ་གཤེགས་སྙིང་པོ་མ་ཡིན་ཡང་། །སེམས་ཅན་རྣམས་ཀྱི་ཆོས་ཀྱི་དབྱིངས། །བདེ་གཤེགས་སྙིང་པོ་ཡིན་སྙམ་ན། །མ་ཡིན་ཆོས་ཀྱི་དབྱིངས་ལ་ནི། །དབྱེ་བ་མེད་པར་རྒྱལ་བས་གསུངས། །ཞེས་གསུངས་བཞིན་དུ། ཁྱེད་ཀྱི་དྲི་བ་འདི་གང་ཟག་སུ་ལ་ཡིན། གཞུང་གང་ལ་ཡིན། དོན་ཅི་འདྲ་ཞིག་ལ་ཡིན། སེམས་ཡོད་རྣམས་ཀྱི་འདི་ལ་དཔྱོད་ཅིག གཉིས་པ་ནི་ཁྱེད་ཉིད་བདེ་གཤེགས་སྙིང་པོ་སངས་རྒྱས་ཁོ་ན་ལ་ཡོད་ཀྱི། སེམས་ཅན་ལ་མེད་པར་ཁས་བླངས་ཞེས་གྲགས་པ་དེ་ལ། སངས་རྒྱས་མ་གཏོགས་སེམས་ཅན་གྱི། །ཆོས་དབྱིངས་སྙིང་པོ་མ་ཡིན་ན། །རྒྱུད་དང་སེམས་འགྲེལ་སྐོར་གསུམ་ལས། །ཞེས་སོགས་བྲིས་ན་ཅི་སྨྲ། ཡང་ཕྱིས་ས་དང་པོ་ཡན་ཆད་ན་བདེ་གཤེགས་སྙིང་པོ་ཡོད་དེ། དེ་མཐོང་བའི་ཕྱིར། དེ་མན་ཆད་ན་དེ་མེད་དེ། མ་མཐོང་བའི་ཕྱིར། ཞེས་སྨྲ་བ་གྲགས་པ་དེ་ལ། འཕགས་པ་མ་གཏོགས་སོ་སྐྱེ་ཡིས། །ཆོས་དབྱིངས་སྙིང་པོ་མ་ཡིན་ན། །རྒྱུད་དང་སེམས་འགྲེལ་སྐོར་གསུམ་ལས། །ཞེས་སོགས་དྲིས་ན་ཅི་སྨྲ། གཞན་ཡང་ལུགས་འདི་ལ། རྒྱུད་བླ་མ་ནས་དཔེ་དགུ་གསུངས་པ་དེ་མ་མཐོང་ཡང་ཡོད་པར་སྒྲུབ་པའི་དཔེ་མ་ཡིན་པར་འགྱུར་ཏེ། བདེ་གཤེགས་སྙིང་པོ་མ་མཐོང་བ་རྣམས་ལ་ནི་མེད་ཅིང་། མཐོང་བ་རྣམས་ལ་ནི་ཡོད་པ་སྒྲུབ་མི་དགོས་པའི་ཕྱིར། འདོད་ན། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཏེ་གཏེར་དེ་ཡང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །ཞེས་དང་། དོན་གྱི་སྐབས་སུ། དྲི་མེད་གཞག་དང་བསལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ་། །ཞེས་སོགས་དཔེ་དགུ་ཆར་མ་མཐོང་ཡང་། ཡོད་པའམ་ཡོད་ཀྱང་མ་མཐོང་བའི་དཔེར་གསུངས་པ་དང་ཅིའི་ཕྱིར་མི་འགལ། གཟུ་བོར་གནས་པ་དག་གིས་དཔྱོད་ཅིག དྲི་བ་འདི་འདྲ་ནི་དྲི་ཡུལ་གྱི་གྲུབ་མཐའ་ཕྱིན་ཅི་ལོག་ཏུ་བཟུང་ནས་འདྲི་བ་པོ་རང་ཉིད་ཀྱི་གྲུབ་མཐའ་ཕྱིན་ཅི་ལོག་དང་སྦྱར་ཏེ་དྲིས་པར་སྣང་ངོ་། ། ༣༦༽ གོས་ཧྲུལ་ནང་ན་རིན་ཆེན་གྱི། །དཔེས་བསྟན་དགོངས་པ་ཅན་ཡིན་ན། །སེམས་ཅན་རྣམས་ལ་རང་བཞིན་གྱི། །གནས་རིགས་མེད་པར་མི་འགྱུར་རམ། །ཞེས་པའི་ལན་ནི། དེང་སང་མཁས་པར་རློམ་པ་མང་པོས་ཆོས་དེ་དྲང་དོན་དུ་གསུངས་ན་ཐ་སྙད་དུ་མེད་དགོས་ཞེས་སྨྲ་བར་སྣང་བས་ལན་ཕྱོགས་གཅིག་ཏུ་བརྗོད་པར་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་པའི་རྗེས་སུ་འབྲངས་ནས་བདེན་པ་གཉིས་ཀྱི་སྒོ་ནས་དྲང་ངེས་ཕྱེ་བཞིན་དུ་འདི་བཞིན་དུ་སྨྲ་བ་རྣམས་ལ་འུབ་སྟེ་དྲིལ་ནས་གནོད་བྱེད་བརྗོད་ན་ཀུན་རྫོབ་བདེན་པ་ཐམས་ཅད་ཐ་སྙད་དུ་མེད་པར་ཐལ། དེ་ཐམས་ཅད་དྲང་དོན་དུ་གསུངས་པའི་ཕྱིར། བྱེ་བྲག་ཏུ་ཕྱེ་སྟེ་བརྗོད་ན། ཕུང་ཁམས་སྐྱེ་མཆེད་དང་། ཁམས་གསུམ་དང་། མིང་ཐམས་ཅད་དང་། དངོས་མེད་དང་། དེ་མེད་པ་དང་། འགོག་པ་དང་། དམ་པའི་དོན་སྨྲ་བ་རྣམས་ཀྱི་མཆོག་དང་། བསྲེག་པའི་བསྐལ་པ་དང་། སེམས་ཅན་གྱི་ཁམས་རྣམས་ཐ་སྙད་དུ་མེད་པར་འགྱུར་ཏེ། དེ་དག་དྲང་དོན་དུ་གསུངས་པའི་ཕྱིར། ཇི་སྐད་དུ། ཤར་གྱི་རི་བོའི་སྡེ་པ་དང་མཐུན་པའི་ཚིགས་སུ་བཅད་པ་དག་ལས། ཕུང་པོ་དག་དང་ཁམས་རྣམས་དང་། །སྐྱེ་མཆེད་རང་བཞིན་གཅིག་བཞེད་ལ། །ཁམས་གསུམ་པོ་དག་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །མིང་མེད་པ་ཡི་ཆོས་རྣམས་ཀྱི། །བསམ་དུ་མེད་པའི་མིང་དག་གིས། །སེམས་ཅན་རྣམས་ལ་ཡོངས་བརྗོད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དངོས་མེད་ཉེ་བར་སྟོན་མཛད་ཅིང་། །སངས་རྒྱས་རང་བཞིན་ལ་བཞུགས་པས། །དངོས་མེད་འགའ་ཡང་འདིར་མེད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དོན་དང་དོན་མིན་མེད་གཟིགས་ལ། །འགོག་པ་དང་ནི་དམ་པའི་དོན། །སྨྲ་བ་རྣམས་ཀྱི་མཆོག་གསུངས་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞིག་པ་མེད་ཅིང་སྐྱེ་མེད་ལ། །ཆོས་ཀྱི་དབྱིངས་དང་མཉམ་གྱུར་ཀྱང་། །བསྲེག་པའི་བསྐལ་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དུས་གསུམ་དག་ཏུ་སེམས་ཅན་གྱི། །རང་བཞིན་དམིགས་པ་མ་ཡིན་ལ། །སེམས་ཅན་ཁམས་ཀྱང་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་གསུངས་པས་སོ། །འདི་དག་ནི་ཀུན་གཞི་དྲང་དོན་དུ་གསུངས་པའི་ཕྱིར། ཐ་སྙད་དུ་མེད་པར་འདོད་པ་སོགས་བློ་གྲོས་རྩིང་པོའི་གྲུབ་མཐའ་ཐམས་ཅད་ལ་བརྗོད་པར་བྱའོ། །འོ་ན་དྲང་དོན་ཡིན་ན་ཐ་སྙད་དུ་ཡོད་པས་ཁྱབ་བམ་སྙམ་ན། དེ་ཡང་མ་ཡིན་ཏེ་འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། །ཇི་ལྟར་ང་དང་ང་ཡིར་ཞེས་བསྟན་ལྟར། །དེ་བཞིན་དངོས་རྣམས་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། །ཞེས་གསུངས་པ་ལྟར། སངས་རྒྱས་ལ་ང་དང་ང་ཡི་བར་འཛིན་པ་ཡོད་པ་དང་། དངོས་པོ་རང་བཞིན་གྱིས་ཡོད་པ་སོགས་ཀྱང་དྲང་དོན་དུ་གསུངས་པའི་ཕྱིར་རོ། །མདོར་ན་གནད་ཀྱི་གདམས་པ་འདི་ཡིན་ཏེ་རང་བཞིན་གནས་རིགས་དང་། བདེ་གཤེགས་སྙིང་པོ་དང་། དོན་དམ་བདེན་པ་དང་། ཆོས་དབྱིངས་རྣམས་ནི་འཕགས་པ་སོ་སོ་རང་རང་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་གཟིགས་པར་བྱ་བ་ཡིན་པས་རང་གི་ངོ་བོ་དྲང་དོན་དང་། ཀུན་རྫོབ་བདེན་པ་མིན་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་། རྒྱུད་བླ་སོགས་སུ་དཔེ་དགུས་བསྟན་པ་ལྟར་སེམས་ཅན་གྱི་རྒྱུད་ལ་དེ་དག་རྟེན་དང་། བརྟེན་པའི་ཚུལ་ལམ་སྒྲུབ་པའི་ཚུལ་གྱིས་ཡོད་པར་གསུངས་པ་ནི། དྲང་བའི་དོན་ཡིན་ཏེ། སེམས་ཀྱི་རང་བཞིན་མཐའ་བཞི་སྤྲོས་བྲལ་ལས་མ་གཏོགས་པ་དཔེས་བསྟན་པ་ལྟར་གྱིས་རྟེན་དང་བརྟེན་པའི་ཚུལ་ལམ་སྒྲུབ་པའི་ཚུལ་གྱིས་ཡོད་པ་ཅི་ཡང་མེད་པའི་ཕྱིར་རོ། །དཔེས་བསྟན་པ་ལྟར་ཡོད་པར་གསུངས་པའི་དགོངས་གཞི་ནི། སེམས་ཀྱི་རང་བཞིན་སྤྲོས་བྲལ་ལ་དགོངས་ཏེ། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་བྱས་ནས་ཞེས་གསུངས་པས་སོ། །དགོས་པ་ནི་རྒྱུད་བླར། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤོང་དོན་དུ་གསུངས། །ཞེས་པ་ལྟར། སྐྱོན་ལྔ་སྤོང་བའི་ཆེད་དུ་ཡིན་ཏེ། རྟེན་དང་བརྟེན་པའི་ཚུལ་ལམ། བསྒྲུབ་པའི་ཚུལ་གྱིས་ཡོད་པར་མ་གསུངས་ན་སྐྱོན་ལྔ་པོ་དེ་དག་སྤོང་མི་ནུས་པའི་ཕྱིར་རོ། །དངོས་ལ་གནོད་བྱེད་ནི། དཔེ་དགུས་བསྟན་པ་ལྟར། རྟེན་དང་བརྟེན་པའི་ཚུལ་ལམ། བསྒྲུབ་པའི་ཚུལ་གྱིས་ཡོད་ན་མུ་སྟེགས་བྱེད་ཕུང་པོ་ལས་དོན་གཞན་པའི་བདག་རྫས་ཡོད་འདོད་པ་དང་མཚུངས་པར་འགྱུར་ཏེ། ལང་གཤེགས་ལས། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ་རྟག་པ། བརྟན་པ། ཐེར་ཟུག་པ་ནི་བརྗོད་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་འདྲ་བ་མ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་། རྟག་པ་བྱེད་པ། ཡོན་ཏན་མེད་པ། ཁྱབ་པ་མི་འཇིག་པའོ། །ཞེས་བདག་ཏུ་སྨྲ་བ་སྟོན་པ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མིན་ཏེ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་ཅེས་སོགས་དགོངས་གཞིའི་སྐབས་སུ་དྲངས་པ་ལྟར་གསུངས་པས་སེམས་ཀྱི་རང་བཞིན་སྟོང་ཉིད་ལས་མ་གཏོགས་པའི་སྙིང་པོ་ཡོད་ན་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་། མཚུངས་པར་ཤུགས་ལ་བསྟན་པའི་ཕྱིར་རོ། །དེས་ན་ཆོས་དབྱིངས་དང་། བདེ་གཤེགས་སྙིང་པོ་སོགས་ངེས་དོན་ཡིན་ཏེ། དོན་དམ་བདེན་པ་ཡིན་པའི་ཕྱིར། སེམས་ཅན་གྱི་རྒྱུད་ལ་དེ་དག་ཡོད་པ་ནི་དྲང་དོན་ཡིན་ཏེ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། གཏན་ཚིགས་གཉིས་པོ་འདིའི་ཁྱད་པར་གང་གིས་སྒྲུབ་སྙམ་ན། རྒྱུད་བླར། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང་། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་འགྲོ་བའི་སེམས་བདག་གཉིས་ཀྱིས་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཉིད་ཇི་ལྟ་བ་ཡིན་པ་དང་། ཆོས་ཉིད་དེ་འགྲོ་བའི་རྒྱུད་ལ་ཡོད་པ་ཇི་སྙེད་པ་ཡིན་པའི་ཁྱད་པར་གསུངས་པའི་དོན་རྟོགས་ན་དེ་དག་དོན་དམ་དང་ཀུན་རྫོབ་ཡིན་པའི་ཁྱད་པར་དང་། ངེས་དོན་དང་དྲང་དོན་ཡིན་པའི་ཁྱད་པར་ཡང་འབད་མེད་དུ་འགྲུབ་པར་འགྱུར་བའི་ཕྱིར་དང་། རྒྱུད་བླ་མའི་མཐར་ཐུག་གི་དགོངས་པ་རང་སྟོང་དང་གཞན་སྟོང་གང་ཡིན་ཚུལ་ལ་ཡང་ཐེ་ཚོམ་དང་སྒྲོ་འདོགས་ཆོད་པར་འགྱུར་ལ། བདག་ཉིད་ཆེན་པོ་འདིས་གསུང་རབ་ཀྱི་དགོངས་པ་འགྲེལ་ཚུལ་ལ་འཁྲུལ་པའི་དྲི་མ་མེད་པར་ངེས་ཤེས་ཀྱང་གཏིང་ནས་སྐྱེ་བར་འགྱུར་རོ། །གནད་འདི་དག་ཕྱིན་ཅི་མ་ལོག་པར་རྟོགས་པ་ཡང་དེང་སང་གངས་རིའི་ཁྲོད་འདིར་ཁོ་བོ་ཙམ་ཡིན་པ་ལ་ངེས་ཤེས་ཀྱང་བློ་གཟུ་བོར་གནས་ན་མི་ཡོང་ཁ་མེད་ཡིན་ནོ། །དེ་མ་རྟོགས་པའི་སྐྱོན་ནི་སྔ་ཕྱི་མང་པོ་དག་སེམས་ཅན་གྱི་རྒྱུད་ལ་བདེ་བར་གཤེགས་པའི་སྙིང་པོ་མེད་དེ། བདེ་བར་གཤེགས་པའི་སྙིང་པོ་དང་ལྡན་ན་བདེ་བར་གཤེགས་པ་ཡིན་པའི་ཕྱིར་ཏེ། རྡོ་ཡི་སྙིང་པོ་རྡོ་ཁོ་ན་ལ་ཡོད་པའི་ཕྱིར་ཞེས་སོགས་ཀྱི་ཚིག་འདྲ་མང་དུ་སྒྲིག་པ་དྲག་གོ །དེ་ལྟར་ན་འོ་མ་ཆོས་ཅན་ཞོ་ཡིན་པར་ཐལ། ཞོའི་སྙིང་པོ་དང་ལྡན་པའི་ཕྱིར། ཞོ་ཆོས་ཅན། མར་ཡིན་པར་ཐལ། མར་གྱི་སྙིང་པོ་དང་ལྡན་པའི་ཕྱིར། ཞེས་སོགས་འཇིག་རྟེན་ན་གྲགས་པའི་དཔེ་དུ་མ་དང་། གཏེར་དང་ལྡན་པའི་དབུལ་པོའི་ས་འོག་ཆོས་ཅན། གཏེར་ཡིན་པར་ཐལ། གཏེར་གྱི་སྙིང་པོ་ཅན་ཡིན་པའི་ཕྱིར། ཞེས་སོགས་བསྟན་བཅོས་ན་གྲགས་པའི་དཔེ་དགུ་ཆར་གྱིས་གནོད་པས་ཚིག་འདྲའི་སྒོ་ནས་གནས་ལུགས་ཀྱི་དོན་སྒྲིབ་པར་མི་བྱའོ། ། ༣༧༽ བསྔོ་བའི་ཚེ་ན་ཆུ་བསྒྲེང་པ། །རང་ལུགས་མིན་ན་འདུལ་བ་ལས། །ལག་ཆུ་བཟེད་པར་གསུངས་དེ་ཅི། །ཞེས་པའི་ལན་ནི། འདུལ་བ་ལས་ལག་ཆུ་ཟེད་པར་གསུངས་པའི་དོན་སྐྱེས་རབས་ལས། རྒྱལ་པོ་ཐམས་ཅད་སྒྲོལ་གྱིས་བྲམ་ཟེ་སློང་མོ་པ་ལ་གླང་པོ་ཆེ་དང་། བུ་དང་བུ་མོ་བྱིན་པ་དང་། བརྒྱ་བྱིན་ལ་བཙུན་མོ་བྱིན་པའི་ཚེ་གསེར་གྱི་རིལ་བས་བཏུད་དེ་བཞེས་སུ་གསོལ། ཞེས་མདུན་དུ་འཁོད་པ་དང་། བྲམ་ཟེའི་ལག་པ་བརྐྱང་པ་ལ་རིལ་བ་སྤྱི་བླུགས་ཀྱིས་བཏུད་དེ། དེ་ཡི་སྦྱིན་པའི་མཐུ་དག་གིས། །རིལ་བ་ལས་ནི་ཆུ་བྱུང་ནས། །མིག་ནི་པདྨ་དམར་འདྲ་ལས། །མ་སྒྲིམས་པར་ཡང་མཆི་མ་བྱུང་། །ཞེས་པ་དང་། དེ་ནས་རྒྱལ་པོའི་སྲས་གཉིས་ལག་པ་བཅིངས། །བྲམ་ཟེའི་ལག་པར་ཆུ་བླུགས་དེ་ལ་བྱིན། །དེ་ཚེ་ས་གཡོས་འདོད་ལྷ་སྡིག་ཅན་གྱི། །སྙིང་ནི་མྱ་ངན་མེ་ཡིས་བསྲེག་པར་གྱུར། །ཞེས་པ་ལ་འཆད་པ་ཡིན་ན་ནི། དེ་ཉིད་དེའི་ཚེ་ཡུལ་དེར་རིག་བྱེད་པའི་ལུགས་དར་བའི་ལག་ལེན་ཡིན་གྱི་སངས་རྒྱས་པའི་ལུགས་མ་ཡིན་པར་བདག་ཉིད་ཆེན་པོ་འདིས་བཤད་ཟིན་ལ། གལ་ཏེ་འདུལ་བ་ནས་བཤད་པའི་ཕྱིར་འདུལ་བའི་ལུགས་ཡིན་པར་སེམས་ན་ནི། རྣམ་འབྲེལ་ལས་བཤད་པའི་ཕྱིར་ན་ཆོས་གྲགས་ཀྱི་ལུགས་ཡིན་པས་ཁྱབ་པར་ཁས་ལེན་ནམ། ཐམས་ཅད་སྒྲོལ་བྱང་ཆུབ་སེམས་དཔའ་ཡིན་ཀྱང་། ཁྱིམ་པའི་ཚུལ་འཛིན་པ་ཡིན་པས་འཕྲལ་གྱི་ལག་ལེན་ཡུལ་དེར་ཡོད་པའི་རབ་ཏུ་བྱུང་བའི་ལུགས་བྱེད་དགོས་ལ། དེའི་ཚེ་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་དུས་ཡིན་པས་རིག་བྱེད་པའི་ལག་ལེན་བྱེད་དགོས་པའི་དབང་དུ་བྱས་པ་སྟེ། གནད་མ་འདྲེས་པར་བྱེད་དགོས་སོ། །གལ་ཏེ་འདུལ་བ་ལས་ལག་ཆུ་ཟེད་པར་གསུངས་པ། བཙུན་པ་གལ་ཏེ་དགྲ་བཅོམ་པ་ཡིན་ན། ཁྱིམ་དུ་ཞུགས་ཅིག སྟན་ལ་འདུག་ཅིག ལག་ཆུ་ཟེད་ཅིག ཅེས་པ་ལྟ་བུ་ལ་ཟེར་བ་ཡིན་ན་ནི། ཟན་མ་ཟོས་པའི་གོང་དུ་ལག་པ་བཀྲུ་བ་དང་། བསྔོ་བའི་ཚེ་ཆུ་བསྒྲེང་བ་གཉིས་ནོར་ནས་དྲིས་པར་སྣང་ངོ་། །དེ་ལས་གཞན་པའི་འདུལ་བ་ནས་ལག་ཆུ་ཟེད་པར་གསུངས་པ་ཡོད་ན་སྟོན་པའི་དུས་ལ་བབ་བོ། ། ༣༨༽ ཆགས་སྡང་རྨོངས་གསུམ་གྱི་བསྐྱེད་པའི། །ལས་ཀུན་མི་དགེ་བ་ཡིན་ན། །ཟག་བཅས་དགེ་བ་གཏི་མུག་གི །ཀུན་སློང་དག་ལས་བྱུང་དེ་ཅི། །ཞེས་པའི་ལན་ནི། འདྲི་བ་པོ་ཡི་བསམ་པ་བླང་བ་དང་། ཡོངས་སུ་གྲགས་པའི་གཏམ་ལན་དུ་མི་འགྱུར་བ་དང་། གནད་ཀྱི་ལན་བསྟན་པའི་སྒོ་ནས་གསུང་རབ་སྤྱི་ལ་དོགས་པ་གཅོད་པ་དང་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་ནི་ཀླུ་སྒྲུབ་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཅེས་གསུངས་པ་དང་། རྟེན་འབྲེལ་སྔ་མའི་རྐྱེན་གྱིས་ཕྱི་མ་འབྱུང་བ་བརྩི་བའི་ཚེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བར་གསུངས་ཤིང་འདུ་བྱེད་དེ་ལ་ཡང་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་གསུམ་ཡོད་པར་མངོན་པ་གོང་མར་གསུངས་པ་གཉིས་འགལ་ལོ་སྙམ་ནས་དྲིས་པ་སྟེ། བསྟན་བཅོས་འདིར་མ་ཟད་གསུང་རབ་སྤྱི་ལ་དོགས་པ་འདི་གཅོད་དགོས་པས་རྣམ་དཔྱོད་དང་ལྡན་པའི་དྲི་བའོ། །གཉིས་པ་ནི། དེང་སང་ལུང་ཆོས་པ་རྣམས་ལ་དེ་འདྲ་བའི་མ་རིག་པ་འདི་འདུ་བྱེད་ཀྱི་ཀུན་སློང་དུ་བྱས་ནས་ས་མཚུངས་དཔྱད་པའི་ཚེ། ཀུན་སློང་གི་མ་རིག་པ་ས་གང་དུ་གཏོགས། ཞེས་སོགས་དཔྱོད་པ་གྲགས་མོད་ཀྱི་དེ་ནི་དེའི་ཀུན་སློང་གཉིས་པོ་གང་ཡང་མ་ཡིན་ཏེ། རྒྱུ་དུས་ཀྱི་ཀུན་སློང་མ་རིག་པ་ཡིན་ན། ལས་དེ་མི་དགེ་བ་ཡིན་དགོས་པར་མངོན་པ་འོག་མར་གསུངས་ཤིང་། རྒྱུ་དུས་ཀྱི་ཀུན་སློང་དང་། དེ་དུས་ཀྱི་ཀུན་སློང་གཉིས་ཀ་མ་རིག་པ་ཡིན་ན། མི་དགེ་བ་ཡིན་དགོས་པ་དང་། དེ་གཉིས་གང་རུང་གཅིག་མ་རིག་པ་ཡིན་ན། ཅིག་ཤོས་དགེ་བ་ཡིན་ཀྱང་ལས་དེ་འདྲེས་མར་འགྱུར་བར་མངོན་པ་གོང་མར་གསུངས་པའི་ཕྱིར་རོ། །མདོར་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པའི་སྐབས་ཀྱི་མ་རིག་པ་དེ་འདུ་བྱེད་ཀྱི། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །ཞེས་པ་ལྟ་བུའི་ཀུན་སློང་གཉིས་པོ་གང་རུང་དུ་ཁས་ལེན་ན་སྔར་གྱི་དྲི་བ་དེ་ལ་མཁས་པའི་མདུན་སར་འཕྱར་དུ་རུང་བའི་ལན་ཐེབས་པ་མི་སྲིད་པའི་ཕྱིར་རོ། །མངོན་པ་གོང་མ་དང་། རྟེན་འབྲེལ་གྱི་མདོ་འགྲེལ་ལས་ཀྱང་། གང་གིས་འཕེན་པ་མ་རིག་པ་དང་འདུ་བྱེད་གཉིས། ཅི་ལྟར་འཕེན་པ་རྣམ་ཤེས་ལ་བག་ཆགས་བསྒོ་བ་དང་། གང་འཕེན་པ་མིང་གཟུགས་ནས་ཚོར་བའི་བར་ལ་བཤད་པས་མ་རིག་པ་དང་འདུ་བྱེད་གཉིས་ཀ་འཕེན་བྱེད་དུ་གསུངས་ཀྱི། ཀུན་སློང་དང་ཀུན་སློང་ཅན་དུ་གསུངས་པ་མི་སྣང་ངོ་། །གསུམ་པ་ནི། འོ་ན་འདུ་བྱེད་ཀྱི་རྐྱེན་གྱིས་མ་རིག་པ་དང་། ཀུན་སློང་གི་མ་རིག་པ་གཉིས་ཀྱི་ཁྱད་པར་གང་ཞེ་ན། རྣ་བ་བླགས་ཏེ་ཉོན་ཅིག དེ་བཤད་པར་བྱའོ། །མདོར་བསྡུ་ན་རྐྱེན་གྱི་མ་རིག་པ་ནི་ཕུང་པོ་ལྔ་ལ་བརྟེན་ནས་ངའོ་སྙམ་དུ་འཛིན་པའི་ངར་འཛིན་ལྷན་སྐྱེས་ཀྱིས་བསྡུས་པའི་མ་རིག་པ་ཡིན་ལ། ཀུན་སློང་གི་མ་རིག་པ་ནི་སྦྱོར་བ་རྩ་བ་གསུམ་ལས་སྐྱེས་ཞེས་པའི་རྩ་བ་གསུམ་གྱི་ནང་ཚན་དུ་གྱུར་པའི་མ་རིག་པའོ། །ཞིབ་ཏུ་ཕྱེ་ན་མ་རིག་པའི་དང་པོ་ལ་འདོད་ཚུལ་གཉིས་སུ་སྣང་སྟེ། བྱེ་བྲག་སྨྲ་བ་དང་མངོན་པ་སྨྲ་བའི་མདོ་སྡེ་པ་གཉིས་ནི་འཇིག་ལྟ་ལྷན་སྐྱེས་དང་། རྫས་ཐ་དད་དུ་གྱུར་པའི་སེམས་བྱུང་རྨོངས་པ་གཅིག་ལ་འདོད་དེ། དང་པོས་འཇིག་ཚོགས་ལ་ལྟ་བ་ནི་སེམས་ཀྱི་ས་མང་བཅུའི་ནང་ཚན་དུ་གྱུར་པའི་ཤེས་རབ་ཉིད་ཡིན་ལ། མ་རིག་པ་ནི་ཉོན་མོངས་པའི་ས་མང་དྲུག་གི་ནང་ཚན་དུ་གྱུར་པའི་རྨོངས་པ་ཡིན་པས་དེ་གཉིས་རྫས་ཐ་དད་དུ་འདོད་པའི་ཕྱིར་དང་། ཕྱི་མས་མ་རིག་པ་ཤེས་རབ་ངན་པར་འདོད་པ་ལ་ཤེས་རབ་ངན་པ་ནི་ལྟ་བ་ཡིན་ཞིང་། མ་རིག་པ་དེ་དང་མཚུངས་ལྡན་ཡིན་པ་དང་། ཤེས་རབ་ནི་མ་རིག་པས་ཉོན་མོངས་པར་བྱ་བ་ཡིན་པས་མ་རིག་པ་ཤེས་རབ་ངན་པར་མི་འཐད་ཅེས་པའི་དགག་པ་མཛད་པའི་ཕྱིར་རོ། །ཚད་མ་སྨྲ་བའི་མདོ་སྡེ་པ་དང་། སློབ་དཔོན་ཟླ་བས་ནི་འཇིག་ལྟ་ལྷན་སྐྱེས་ཉིད་ལ་འདོད་དེ། རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན། །ཞེས་དང་། འཇིག་ལྟ་ཉེས་པའི་རྩ་བར་འགྱུར་ཚུལ་ཡང་། གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་འགྱུར་ཏེ། །ཞེན་པས་བདེ་ལ་སྲེད་འགྱུར་ཞིང་། །སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད། །ཅེས་སོགས་དང་། འཇུག་པར། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བ་བློ་ཡིས་མཐོང་འགྱུར་ཞིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་ཤིང་། དེ་ཉིད་ཀྱང་དབུ་མ་རྩ་བར། མ་རིག་འགགས་པར་གྱུར་པ་ལས། །འདུ་བྱེད་ལ་སོགས་རྣམས་མི་འབྱུང་། །མ་རིག་འགགས་པར་གྱུར་པ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །ཞེས་པའི་དོན་དུ་བཞེད་པའི་ཕྱིར་རོ། །དེ་དག་གི་དོན་ཡང་ཕུང་པོ་ལྔ་ལ་བརྟེན་ནས་ངའོ་སྙམ་པའི་ངར་འཛིན་ལྷན་སྐྱེས་ཡོད་ན། དེའི་དབང་གིས་བསོད་ནམས་ཀྱི་ལས་དང་། མི་གཡོ་བའི་ལས་བསགས་པ་ཐམས་ཅད་ཀྱང་ཟག་བཅས་ཀྱི་དགེ་བ་དང་། འཁོར་བའི་རྒྱུར་གྱུར་པ་འབའ་ཞིག་སྟེ། དཔེར་ན་ངར་འཛིན་ལྷན་སྐྱེས་ཀྱི་དབང་གིས་འདོད་ལྷར་སྐྱེ་བར་འདོད་ནས་གསོ་སྦྱོང་ལེན་པ་དང་། ཁམས་གོང་དུ་སྐྱེ་བར་འདོད་ནས་སྙོམས་འཇུག་བསྒོམ་པ་ལྟ་བུའོ། །དེའི་ཚེ་ཡང་རྒྱུ་དུས་ཀྱི་ཀུན་སློང་ནི་ངར་འཛིན་ལྷན་སྐྱེས་མ་ཡིན་ཏེ། གསོ་སྦྱོང་ལེན་པར་བྱའོ། །སྙོམས་འཇུག་བསྒོམ་པར་བྱའོ། །སྙམ་པའི་ཐོག་མའི་ཕན་སེམས་ཉིད་ཡིན་པས་དགེ་བ་ཡོད་པའི་ཕྱིར་རོ། །གནད་འདི་ལེགས་པར་གོ་དགོས་སོ། །གཉིས་པ་ཀུན་སློང་གི་མ་རིག་པ་ནི། སྦྱོར་བ་རྩ་བ་གསུམ་ལས་སྐྱེས། །ཞེས་པའི་འགྲེལ་པར། སྲོག་གཅོད་གཏི་མུག་ལས་སྐྱེས་པ་ནི་འདི་ལྟ་སྟེ། མཆོད་སྦྱིན་བྱེད་པ་རྣམས་དང་། རྒྱལ་པོའི་ཆོས་འདོན་པ་ཚད་མར་བྱས་ནས་ཆོས་ཀྱི་བློ་གསོད་པ་དག་དང་། སྤར་སིག་རྣམས་ཕ་མ་རྒས་སམ་ནད་ཚབས་ཆེན་པོས་ཐེབས་ན་གསད་པར་བྱའོ་ཞེས་ཟེར་བ་ལྟ་བུ་དང་། མ་བྱིན་ལེན་གཏི་མུག་ལས་སྐྱེས་པ་ནི་འདི་ལྟ་སྟེ། རྒྱལ་པོའི་ཆོས་འདོན་པ་ཚད་མར་བྱས་ནས་མི་བགྲུངས་པ་ཆད་པས་བཅད་པའི་ཕྱིར་འཕྲོག་པ་ལྟ་བུ་དང་། བྲམ་ཟེ་རྣམས་འདི་ཐམས་ཅད་ནི་ཚངས་པས་བྲམ་ཟེ་རྣམས་ལ་བྱིན་པ་ཡིན་པས། བྲམ་ཟེས་འཕྲོགས་པ་ན། བྲམ་ཟེ་བདག་ཉིད་ཀྱིས་ལེན་པ་ཡིན། བདག་ཉིད་ཀྱིས་ཟ་བ་ཡིན། བདག་ཉིད་ཀྱིས་གྱོན་པ་ཡིན། བདག་ཉིད་ཀྱིས་སྦྱིན་པ་ཡིན་ནོ། །ཞེས་ཟེར་བ་ལྟ་བུ་དང་། ལོག་གཡེམ་གཏི་མུག་ལས་སྐྱེས་པ་ནི་སྤར་སིག་ལ་སོགས་པ་མ་ལ་སོགས་པ་ལ་ཉལ་པོ་དང་། བ་ལང་འབངས་ཀྱི་མཆོད་སྦྱིན་ལ་ཆོ་ག་ཅན་གྱིས་ཆུ་བཏུང་ངོ་། །རྩ་བཅད་དོ། །མའི་གམ་དུ་ཉལ་པོ་ལ་འགྲོའོ། །སྲིང་མོའི་གམ་དུ་འགྲོའོ། །རུས་པ་གཅིག་པའི་གམ་དུ་འགྲོའོ། །ཞེས་བྱ་བ་དང་། མུ་སྟེགས་གང་དག་བུད་མེད་ནི་གཏུན་དང་། མེ་ཏོག་དང་། འབྲས་བུ་དང་། ཟས་སྨིན་པ་དང་། རོ་དང་། ལམ་དང་འདྲའོ་ཞེས་ཟེར་བ་ལྟ་བུ་དང་། བརྫུན་སྨྲ་གཏི་མུག་ལས་སྐྱེས་པ་ནི་ཇི་སྐད་དུ། རྒྱལ་པོ་བཞད་གད་ལྡན་དང་བུད་མེད་དང་། །བག་མ་ལེན་པའི་ཚེ་དང་གསོད་པ་དང་། །ནོར་ཀུན་འཕྲོགས་ཚེ་བརྫུན་བྱས་གནད་མེད་དེ། །བརྫུན་ལྔ་ལྟུང་བར་བྱེད་པ་མིན་ཞེས་བཤད། །ཅེས་སྨྲ་བ་ལྟ་བུ་དང་། ཕྲ་མ་ལ་སོགས་པ་གཏི་མུག་ལས་སྐྱེས་པ་ནི་ལོག་པའི་ལྟ་བས་རབ་ཏུ་བཅུག་པ་དང་། གང་ཡང་རིག་བྱེད་ལ་སོགས་པ་བསྟན་བཅོས་ངན་པ་བཏུལ་བའོ། །ཞེས་དང་། དེ་ཡི་མཇུག་ཐོགས་ལས་བྱུང་ཕྱིར། །བརྣབ་སེམས་སོགས་རྩ་གསུམ་ལས་སྐྱེས། །ཞེས་པའི་འགྲེལ་པར། གཏི་མུག་གི་མཇུག་ཐོགས་སུ་བྱུང་བ་ནི་གཏི་མུག་ལས་སྐྱེས་པ་དག་གོ །ཞེས་གསུངས་པ་རྣམས་ཏེ། དེ་ལྟ་བུའི་གཏི་མུག་གིས་བསྐྱེད་པའི་ལུས་ངག་ཡིད་གསུམ་གྱི་ལས་རྣམས་ནི་མི་དགེ་བ་ཁོ་ན་ཡིན་པ་ལ་དགོངས་ནས། འཕགས་མཆོག་ཀླུ་སྒྲུབ་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཅེས་གསུངས་པར་ཤེས་པར་བྱའོ། །མདོར་ན། འདུ་བྱེད་ཀྱི་རྐྱེན་གྱི་མ་རིག་པ་དང་། འདུ་བྱེད་ཀྱི་ཀུན་སློང་གི་མ་རིག་པ་གཉིས་དོན་མི་གཅིག་སྟེ། སྔ་མ་ནི་ངར་འཛིན་ལྷན་སྐྱེས་སམ་དེ་དང་མཚུངས་ལྡན་གྱི་མ་རིག་པ་ཡིན་པས་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཡིན་ལ། ཕྱི་མ་ནི་སྔར་བཤད་པ་ལྟར་གྱི་གཏི་མུག་ཡིན་པས་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་ཡིན་པའི་ཕྱིར་རོ། ། ༣༩༽ དགེ་རྩ་གསུམ་གྱིས་ཀུན་བསླངས་པའི། །ལས་ཀུན་དགེ་བ་ཡིན་ན་ནི། །རྒྱུ་ཡི་ཀུན་སློང་དགེ་བ་ཡིས། །བསླངས་ཀྱང་དུས་ཀྱི་ཀུན་སློང་གི །མི་དགེ་བ་དང་མཚུངས་ལྡན་པའི། །མི་དགེ་བ་དེ་ཅི་ཞིག་ཡིན། །དེ་འདྲ་མེད་ན་དེད་དཔོན་གྱིས། །ཚོང་པ་གཡོན་ཅན་བསད་དེ་ཅི། །ཞེས་པའི་ལན་ནི། འཕགས་མཆོག་ཀླུ་སྒྲུབ་ཀྱིས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །ཞེས་པའི་དོན་ལ། ཁྱོད་ཀྱིས་རྒྱུའི་ཀུན་སློང་དགེ་རྩ་གསུམ་གྱིས་ཀུན་ནས་བསླངས་ཤིང་དུས་ཀྱི་ཀུན་སློང་མི་དགེ་བ་དང་མཚུངས་པར་ལྡན་པའི་ལས་དེ་ཆོས་ཅན། དགེ་བ་ཡིན་པར་ཐལ། དགེ་རྩ་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཡིན་པའི་ཕྱིར་ཏེ། རྒྱུའི་ཀུན་སློང་དགེ་རྩ་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཡིན་པའི་ཕྱིར། ཞེས་ཚིག་འཁྲིའི་སྒོ་ནས་སུན་འབྱིན་པར་སྣང་མོད། འཕགས་མཆོག་ཀླུ་སྒྲུབ་དང་བདག་ཉིད་ཆེན་པོ་འདིའི་དགོངས་པ་ནི། དགེ་རྩ་གསུམ་གྱིས་བསྐྱེད་པའི་ལས་དགེ་བ་ཡིན་ཞེས་པའི་དོན་རྒྱུ་དུས་དང་། དེའི་དུས་ཀྱི་ཀུན་སློང་གཉིས་ཀ་དགེ་རྩ་གསུམ་ཡིན་པ་ལ་དགོངས་པ་ཡིན་ལ་གང་རུང་གཅིག་དགེ་བ་དང་། ཅིག་ཤོས་མི་དགེ་བ་ཡིན་ན། ལས་དེ་འདྲེས་མར་འགྱུར་བར་སྔར་བསྟན་ཟིན་པས་འདི་འདྲ་བའི་རྙོག་མ་ཅིའི་ཕྱིར་སློང་བར་བྱེད། འདི་ནི་རྣལ་མའི་ལན་ཡིན་ལ། ཁྱོད་ཉིད་ལ་དེ་ལྟ་བུའི་ལས་དེ་ཆོས་ཅན། མི་དགེ་བ་མ་ཡིན་པར་ཐལ། དགེ་རྩ་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཡིན་པའི་ཕྱིར། ཞེས་འཕངས་ན་ལན་ཅི་སྨྲ། རྟགས་གསལ་དངོས་འགལ་ཡིན་མོད། སླར་ཡང་འདོད་ན། དེ་འདྲ་མེད་ན་ཞེས་སོགས་ཚིག་རྐང་གཉིས་བརྗོད་པས་འཁོར་གསུམ་དངོས་འགལ་དུ་མི་འགྱུར་རམ། སྔ་མའི་ཁྱབ་པ་ནི་ཁོ་བོས་གསུང་རབ་དཔང་པོར་བྱས་ནས་མཁས་པའི་མདུན་སར་ཁས་ལེན་པས་སྐྱོན་ཡོད་ན་ཐོངས་ཤིག དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་གཡོན་ཅན་བསད་པའི་ལས་དེ་རྒྱུ་དུས་ཀྱི་ཀུན་སློང་དགེ་བ་ཡིན་ཀྱང་། དེ་དུས་ཀྱི་ཀུན་སློང་མི་དགེ་བ་དང་མཚུངས་ལྡན་ཡིན་པ་འདི་རྣམ་པར་བརྟགས་ནས་དགག་པ་དང་། འཕགས་པ་ལ་སྐུར་པ་བཏབ་པར་ཐལ་བ་དང་། ལུང་དང་འགལ་བས་དགག་པ་གསུམ་ལས། དང་པོ་ནི། དེ་དུས་ཀྱི་ཀུན་སློང་མི་དགེ་བ་དང་མཚུངས་ལྡན་ཡིན་པའི་དོན་འདི་གསད་པར་བྱའོ་སྙམ་པའི་བློ་སྐྱེས་པ་ལ་བྱེད་དམ། ཡུལ་ལ་ཞེ་སྡང་སྐྱེས་པ་ལ་བྱེད། དང་པོ་ལྟར་ན་རྒྱུ་དུས་ཀྱི་ཀུན་སློང་ཡང་དེར་ཐལ། དེའི་ཕྱིར། ཕྱི་མ་ལྟར་ན་ཤིན་ཏུ་མི་འཐད་དེ། དེའི་དུས་སུ་སྙིང་རྗེ་ཁྱད་པར་ཅན་སྐྱེས་པ་ཡིན་ལ། སྙིང་རྗེ་ཁྱད་པར་ཅན་དང་མཚུངས་ལྡན་གྱི་ཞེ་སྡང་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། དེ་འདྲ་བའི་གྲུབ་མཐའ་དེ་འཕགས་པའི་གང་ཟག་ལ་སྐུར་པ་བཏབ་པ་ཡིན་ཏེ། དེད་དཔོན་སྙིང་རྗེ་ཆེན་པོ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཚོགས་ལམ་པ་ཡིན་ཀྱང་། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་བྱང་སེམས་འཕགས་པ་ཡིན་པས་དེའི་རྒྱུད་ལ་མི་དགེ་བ་ཡོད་པར་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་དེ་དུས་ཀྱི་ཀུན་སློང་མི་དགེ་བ་ཡིན་ནའང་རྒྱུ་དུས་ཀྱི་ཀུན་སློང་དགེ་བ་ཡིན་པས་འདྲེས་མའི་ལས་སུ་ཁས་ལེན་པར་རིགས་ཀྱི། མི་དགེ་བར་ཁས་ལེན་པར་ག་ལ་རིགས། ལེགས་པར་དཔྱོད་ཅིག གསུམ་པ་ནི། ལུང་ལས་དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་གཡོན་ཅན་བསད་པའི་ལས་དེས་བསྐལ་པ་དགུ་ཁྲིའི་ཚོགས་འདུམ་པར་བཤད་པ་དང་འགལ་ཏེ། ལས་དེ་མི་དགེ་བ་ཡིན་པའི་ཕྱིར། མི་དགེ་བ་ཡིན་ཀྱང་ཚོགས་འདུམ་ན་སེམས་ཅན་ཐམས་ཅད་དང་པོ་ཉིད་ནས་སངས་རྒྱས་པར་འགྱུར་ཏེ། མི་དགེ་བ་མ་བྱས་པའི་སེམས་ཅན་མི་སྲིད་པའི་ཕྱིར་རོ། །དེས་ན་ལུས་ངག་མི་དགེ་བར་སྣང་བ་ཐམས་ཅད་ལ་མི་དགེ་བ་དང་མཚུངས་ལྡན་གྱི་ཀུན་སློང་ཡོད་དགོས་པར་འདོད་པ་དེས་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ནས་བཤད་པའི་ལྟུང་བའི་རྣམ་གཞག་མུ་བཞི་མ་ཤེས་པར་ཟད་དོ། ། ༤༠༽ མི་མཁས་པ་ཡི་བྱམས་སྙིང་རྗེ། །ངན་སོང་རྒྱུ་རུ་བཞེད་གྱུར་ན། །འཕེན་བྱེད་རྒྱུའམ་རྫོགས་བྱེད་ཀྱི། །རྒྱུ་ཞེས་བརྟགས་ན་ཇི་ལྟར་འགྱུར། །ཞེས་པ་འདི་གོང་དུ་འོང་རྒྱུར་འདུག་ནའང་འདིར་བྲིས་འདུག་པའི་ལན་ནི། བྱམས་པ་དང་སྙིང་རྗེའི་ཆ་ནས་ངན་སོང་གི་རྒྱུར་སོང་བ་མ་ཡིན་ལ། རང་གི་ཉེ་དུ་བདེ་བ་དང་འཕྲད་པ་དང་སྡུག་བསྔལ་དང་བྲལ་བར་འདོད་ནས་སྲོག་གཅོད་དང་མ་བྱིན་ལེན་སོགས་ལ་འཇུག་པ་ལས་འབྲས་ལ་མི་མཁས་པའི་ཆ་ནས་ངན་སོང་གི་རྒྱུར་སོང་བ་ཡིན་པས་འཕེན་བྱེད་ཀྱི་རྒྱུར་འགྱུར་བའང་ཡོད་ལ། རྫོགས་བྱེད་ཀྱི་རྒྱུར་འགྱུར་བའང་ཡོད་ཅེས་སྨྲས་ན་ཉེས་པ་ཇི་ལྟར་འགྱུར། ། ༤༡༽ དགེ་བསྙེན་དགེ་ཚུལ་སྡོམ་བརྩོན་ལའང་། །ཞེས་པར་ལྟུང་བ་ཐམས་ཅད་ལ། །སྡིག་པས་ཁྱབ་པར་གསུངས་པ་དང་། །རྗེ་བཙུན་ཆེན་པོས་བཅས་ལྟུང་དག །ལུང་མ་བསྟན་དུ་བཤད་པ་ཅི། །ཞེས་པ་འདི་འོག་ཏུ་འོང་རྒྱུར་འདུག་ནའང་འདིར་བྲིས་འདུག་པའི་ལན་ནི། འཁྲུལ་གཞིའི་ལུང་དྲང་པ་དང་། ལུང་གི་དོན་བཤད་པའི་སྒོ་ནས་འཁྲུལ་པ་གཞི་མེད་དུ་གཏང་བ་གཉིས་ལས། དང་པོ་ནི། རྩ་ལྟུང་འཁྲུལ་སྤོང་ལས། ཁ་ན་མ་ཐོ་བ་ནི་གཉིས་ཏེ་རང་བཞིན་གྱི་དང་། བཅས་པའི་ཁ་ན་མ་ཐོ་བའོ། །དེ་ལ་རང་བཞིན་ནི་ཡིད་ཀྱིས་ཉེས་པར་སྨྲ་ལ། བཅས་པ་ནི་ལུས་ངག་གི་ཉེས་པར་སྨྲ་བ་དང་། རང་བཞིན་ནི་ཕལ་པ་ལའང་ཉེས་པར་འགྱུར་ལ། བཅས་པ་ནི་སྡོམ་པ་ཁས་བླངས་པ་ལ་ཉེས་པར་སྨྲ་བ་དང་། རང་བཞིན་ནི་རྩ་བའི་ལྟུང་བ་ཡིན་ལ། བཅས་པ་ནི་ཡན་ལག་གི་ཉེས་པར་སྨྲ་བ་སྟེ། ཕྱོགས་གསུམ་པོ་གང་ལའང་འགལ་བ་མ་མཐོང་སྟེ། ཉེས་པ་ཐམས་ཅད་ཡིད་ལས་བྱུང་བའི་ཕྱིར་ཡིད་མི་དགེ་བ་དང་ལྡན་ན་ཕལ་པ་ལའང་ལྟུང་བར་འགྱུར་ལ། ཡིད་མི་དགེ་བ་དང་མི་ལྡན་པའི་ལུས་ངག་གིས་ལས་ཕལ་ཆེར་ནི་ལུང་དུ་མ་བསྟན་པ་ཡིན་ལ། ཉན་ཐོས་དག་ལ་ནི་ཉེས་བྱས་ཕྲ་མོར་འགྱུར་བའི་ཕྱིར་བཅས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ལ་ནི་བཅས་པར་མི་འགྱུར་བའི་སྐབས་ཀྱང་སྲིད་མོད། བསམ་པ་དགེ་བ་རྒྱ་ཆེ་བ་དང་ལྡན་ན་ལྟུང་བའི་གཟུགས་བརྙན་ཉིད་དུ་འགྱུར་བའི་ཕྱིར་རོ། །དེས་ན་ཡིད་མི་དགེ་བ་རྒྱ་ཆེན་པོ་དང་ལྡན་པ་ནི་རྩ་བའམ་རང་བཞིན་དུ་བཞག་ལ་མི་དགེ་བ་བཅུ་ཅུང་ཟད་ཕྲ་མོ་དང་ལྡན་པ་ནི་ཡན་ལག་གམ་བཅས་པར་འགྱུར་བའི་ཕྱིར་རོ། །འདི་ནི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་གསུངས་པ་འདིས་འཁྲུལ་གཞི་བྱས་ནས་རྗེ་བཙུན་གྱིས་བཅས་ལྟུང་ཐམས་ཅད་ལུང་མ་བསྟན་དུ་གསུངས་ཞེས་སྨྲས་པ་འདྲའོ། །གཉིས་པ་ནི། རྗེ་བཙུན་གྱི་གསུང་དེའི་དགོངས་པ་ཡིད་མི་དགེ་བ་དང་ལྡན་པའི་ལུས་ངག་གི་ལས་ཐམས་ཅད་ལྟུང་བ་དང་། ཡིད་མི་དགེ་བ་དང་མི་ལྡན་པའི་ལུས་ངག་གི་ལས་ཕལ་ཆེར་ལུང་མ་བསྟན་དུ་གསུངས་ཤིང་། ཐེག་པ་ཆེན་པོ་ལ་བཅས་པའི་ལྟུང་བར་འགྱུར་བ་ལ་ཡང་ཡིད་མི་དགེ་བ་དང་ལྡན་དགོས་པར་གསུངས་པས་བཅས་ལྟུང་མི་དགེ་བར་བཞེད་པར་གསལ་ཏེ། ཡིད་མི་དགེ་བ་དང་ལྡན་པའི་ལུས་ངག་གི་ལས་ཡིན་པའི་ཕྱིར་རོ། །གལ་ཏེ་ཡིད་མི་དགེ་བ་དང་མི་ལྡན་པའི་ལུས་ངག་གི་ལས་ཕལ་ཆེར་ནི་ལུང་དུ་མ་བསྟན་པ་ཡིན་ལ། ཞེས་པ་འདིས་བཅས་ལྟུང་ལུང་མ་བསྟན་དུ་བསྟན་ནོ་སྙམ་ན་དེ་ནི་ཤིན་ཏུ་ཡང་མི་རིགས་ཏེ། མི་དགེ་བ་བཅུ་ཅུང་ཟད་ཕྲ་མོ་དང་ལྡན་པ་ནི་ཡན་ལག་གམ། བཅས་པར་འགྱུར་བའི་ཕྱིར་རོ། །འདི་ནི་བཅས་པའི་ཁ་ན་མ་ཐོ་བའོ། ཞེས་གསུངས་པ་འདིས་ཡིད་མི་དགེ་བ་དང་མི་ལྡན་ན་བཅས་ལྟུང་མི་འགྱུར་བར་གསལ་བར་བསྟན་པའི་ཕྱིར་རོ། །དེ་ལས་གཞན་དུ་ན་རྗེ་བཙུན་གྱིས་བཅས་ལྟུང་ལུང་མ་བསྟན་དུ་གསུངས་པའི་ལུང་གསལ་པོ་ཡོད་ན་སྟོན་པའི་དུས་ལ་བབ་བོ། ། ༤༢༽ ཉན་ཐོས་སྡེ་པ་བཅོ་བརྒྱད་ལ། །འདུལ་བ་བཅོ་བརྒྱད་ཡོད་པ་ཡི། །བཤད་པ་གསལ་པོ་གང་ན་ཡོད། །འདུལ་བ་ཡི་གེར་བྲིས་པ་ནི། །བཀའ་བསྡུ་གསུམ་པ་ཡིན་ཞེས་གྲགས། །དུས་དེར་འདུལ་བ་བཅོ་བརྒྱད་པོ། །ཐམས་ཅད་ཡི་གེར་བྲིས་སམ་ཅི། །ཞེས་པའི་ལན་ནི། དགེ་ཚུལ་གྱི་ལོ་དྲི་བ་ལས། དེ་ལྟར་བྱེ་བྲག་བཅོ་བརྒྱད་དུ། །ཤཱཀྱ་སེང་གེའི་བསྟན་པ་ནི། །གྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་ཕྲིན་ལས་དབང་གིས་ཡིན། །ཞེས་པའི་སྐབས་ཀྱི་ཤཱཀྱ་སེང་གེའི་བསྟན་པ་ནི་འདུལ་བ་ཡིན་པས་སྡེ་པ་བཅོ་བརྒྱད་ལ་འདུལ་བ་བཅོ་བརྒྱད་ཡོད་པ་གསལ་བར་བསྟན་ཅིང་། རྒྱལ་པོ་ཀྲྀ་ཀྲིའི་རྨི་ལྟས་ལུང་བསྟན་པ་ལས་མི་བཅོ་བརྒྱད་ཀྱིས་རས་ཡུག་དྲངས་པས་མི་རེ་རེས་རས་ཡུག་རེ་རེ་ཐོབ་པར་གསུངས་པ་འདིས་ཀྱང་གསལ་བར་བསྟན་ནོ། །འདུལ་བ་ཡི་གེར་བྲིས་པ་བཀའ་བསྡུ་གསུམ་པ་ཡིན་ཞེས་པའི་ལུང་ཁུངས་གསལ་པོ་གང་ན་ཡོད་ཁྱོད་ཉིད་ལ་འདྲི་སྟེ། ཁྱེད་གྲགས་ཞེས་པ་ལ་ཡང་ཁུངས་གསལ་པོ་དྲི་བ་པོ་ཡིན་པའི་ཕྱིར། འདུལ་བ་ཡི་གེར་བྲིས་པ་ཙམ་གྱིས་འདུལ་བ་བཅོ་བརྒྱད་པོ་ཐམས་ཅད་ཡི་གེར་འདྲི་དགོས་པ་ནི་གཅིག་བྲིས་ན་ཐམས་ཅད་འདྲི་དགོས་ཞེས་པ་ངོ་མཚར་བའི་གནས་སུ་སྣང་ངོ་། ། ༤༣༽ བྱིན་ལེན་མ་བྱས་ཟ་བ་ཡི། །ལྟུང་བ་དགེ་སློང་བསླབ་བྱིན་ལ། །འབྱུང་ཞིང་དེས་ཀྱང་དགེ་སློང་ལ། །བྱིན་ལེན་རུང་བར་བཤད་དེ་ཅི། །ཞེས་པའི་ལན་ནི། བྱིན་ལེན་མ་བྱས་ཟ་བ་ཡི། །ལྟུང་བ་མི་སྐྱ་ལ་བྱུང་ན། །མི་སྐྱའི་དགེ་སློང་ཉིད་འགྱུར་བས། །ཞེས་སོགས་ཀྱི་དོན་མི་སྐྱ་དེ་དག་དགེ་སློང་དུ་ཁས་ལེན་ན། དགེ་སློང་རང་བཞིན་དུ་གནས་པར་ཁས་ལེན་དགོས་པས་དེས་དགེ་སློང་ལ་བྱིན་ལེན་མི་རུང་བར་འགྱུར་རོ། །ཞེས་པའི་དོན་ཡིན་གྱི་ཚིག་རིས་ལ་སྐྱོན་དེ་འདྲ་བརྗོད་ན། སྐབས་ཐོབ་ཀྱི་འཆད་ཚུལ་མང་པོ་ལ་གནོད་པས་བརྗོད་པར་མི་བྱའོ། །བདག་ཉིད་ཆེན་པོ་འདིས་བསླབ་བྱིན་དགེ་སློང་གིས་དགེ་སློང་རང་བཞིན་དུ་གནས་པ་ལ་བྱིན་ལེན་རུང་བའི་རྣམ་གཞག་ཙམ་མི་མཁྱེན་པ་ཙམ་ག་ལ་ཡིན། ། ༤༤༽ སྡུག་བསྔལ་ཀུན་གྱི་བྱེད་པ་པོ། །རྫོགས་པའི་སངས་རྒྱས་མིན་ན་ཡང་། །བདེ་བའི་བྱེད་པོ་རྫོགས་སངས་རྒྱས། །ཡིན་པར་བཤད་ན་སྐྱོན་ཅི་ཡོད། །ཅེས་པའི་ལན་ནི་བདེ་བའི་བྱེད་པོ་རྫོགས་པའི་སངས་རྒྱས་ཡིན་པའི་རྒྱུ་མཚན་ཅི་ཡིན། རྫོགས་པའི་སངས་རྒྱས་ཀྱིས་བཤད་པའི་བླང་དོར་གྱི་གནས་ལ། བླང་དོར་ཚུལ་བཞིན་དུ་བྱས་པས་བདེ་བར་འབྱུང་བའི་ཕྱིར། ཞེས་བསམ་པ་ཡིན་མོད། དེ་ལྟར་ན་ཅིག་ཤོས་ཡང་དེར་ཐལ། དེས་བཤད་པའི་དེ་ལ་དེ་མ་བྱས་པས་དེ་འབྱུང་བའི་ཕྱིར། ཨེ་གོ་བར་འདུག ། ༤༥༽ ཐེག་པ་ཆེན་པོའི་སེམས་བསྐྱེད་ལ། །དབུ་མ་སེམས་ཙམ་ལུགས་གཉིས་སུ། །ངེས་ཤིང་ལེན་པའི་ཆོ་ག་དང་། །ལྟུང་བ་ཕྱིར་བཅོས་ལ་སོགས་པ། །སོ་སོར་ངེས་ན་རྒྱུད་སྡེ་ལས། །གསུངས་པའི་སེམས་བསྐྱེད་ཆོ་ག་དེ། །གཉིས་པོ་གང་གི་ལུགས་དང་མཐུན། །ཞེས་པའི་ལན་ནི། སྤྱིར་འདིའི་སྐབས་གཉིས་པར་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་དབུ་སེམས་ཀྱི་ལུགས་གཉིས་སུ་ངེས་པར་གསུངས་པ་དེ། སྐབས་ཐོབ་ཀྱི་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་སེམས་བསྐྱེད་ལ་དེ་གཉིས་སུ་ངེས་པའི་དོན་ཡིན་གྱི་མདོ་རྒྱུད་ནས་གསུངས་པའི་སེམས་བསྐྱེད་ཀྱི་ལུགས་ཐམས་ཅད་དེ་གཉིས་སུ་ངེས་པར་སྟོན་པ་ག་ལ་ཡིན། དྲི་བ་ཕལ་ཆེར་ཚིག་རིས་ཙམ་ལ་བརྟེན་ནས་དྲི་བ་འདི་དང་འདྲ་བར་སྣང་ངོ་། །དེ་ལྟར་ན། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལ་ཡང་སེམས་བསྐྱེད་ཐམས་ཅད་དེར་ངེས་ན། ཐེག་དམན་ལམ་གྱི་སེམས་བསྐྱེད་དེ་ཡང་དེར་ངེས་སམ་ཞེས་དང་། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་པ་ནས། སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ནི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་ལ་ཡང་ས་དང་། གསེར་ལ་སོགས་པའི་བེམ་པོ་ཉི་ཤུ་རྩ་གཉིས་པོ་དེ་ཐེག་དམན་སེམས་བསྐྱེད་ཀྱི་དབྱེ་བར་བཞེད་དམ་ཞེས་སོགས་གཞུང་ལུགས་ཆེན་པོ་རྣམས་ལ་ཡང་དྲི་བ་མང་ཆེས་པ་འདྲའོ། །དེས་ན་རྒྱུད་སྡེ་ནས་གསུངས་པའི་སེམས་བསྐྱེད་ལ་ལུགས་མང་དུ་ཡོད་དེ། དབང་བསྐུར་གྱི་སྟ་གོན་དང་། འཇུག་པའི་གནས་སྐབས་སུ་སེམས་བསྐྱེད་ལེན་པའི་ཆོ་ག་དང་། སྒྲུབ་ཐབས་ཀྱི་སྔོན་འགྲོ་བསོད་ནམས་ཚོགས་བསག་གི་སྐབས་སུ་སེམས་བསྐྱེད་ལེན་པའི་ཆོ་ག་དང་། དབང་གི་སྔོན་འགྲོའི་སེམས་བསྐྱེད་ལེན་པའི་ཆོ་ག་རྒྱུད་པའི་ཁྱད་པར་གཉིས་ལྡན་ལྟ་བུ་སོགས་ཡོད་པ་ལས། དང་པོ་གཉིས་ལ་ཀྱཻ་རྡོར་འགྲེལ་པ་ལུགས་ལྟ་བུ། དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་ཚུལ་མཚུངས་པ་ཡང་ཡོད་མོད་ཀྱི་ཕལ་ཆེར་ནི་ལུགས་གཉིས་པོ་གང་དང་ཡང་མཐུན་པའི་ངེས་པ་མེད་དེ། དངོས་གཞི་ལ་སྔགས་སྡོམ་ལེན་པའི་སྔོན་འགྲོ་གནས་སྐབས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ཡིན་པས་ཆོ་ག་བསྡུས་པའི་ལུགས་ཡིན་པའི་ཕྱིར་དང་། ལུགས་གཉིས་པོ་ནི་དངོས་གཞི་ལ་བྱང་སེམས་ཀྱི་སྡོམ་པ་ལེན་པའི་སྐབས་ཡིན་པའི་ཆོ་ག་རྒྱས་པའི་ལུགས་ཡིན་པའི་ཕྱིར་རོ། །བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་དབང་གི་སྔོན་འགྲོའི་ཆོ་ག་ནི་སྦྱོར་བའི་སྐབས་སུ་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རངས་དང་། བསྔོ་བ་ཡོད་པས་སེམས་ཙམ་ལུགས་ཀྱང་མ་ཡིན། ཡང་སྦྱོར་བའི་སྐབས་སུ་ཡན་ལག་བརྒྱད་ཚང་བ་མེད་ཅིང་སྐྱབས་འགྲོ་དངོས་གཞིར་བསྡུས་པ་དང་། བསླབ་པ་བརྗོད་པའི་སྐབས་སུ་སེམས་ཙམ་ལུགས་ཀྱི་རྩ་ལྟུང་བཞི་བརྗོད་པས། དབུ་མ་ལུགས་ཀྱང་མ་ཡིན་པས་རྒྱུད་སྡེ་ནས་གསུངས་པའི་སེམས་བསྐྱེད་ཀྱི་ལུགས་དེ་ཕ་རོལ་ཏུ་ཕྱིན་པའི་དབུ་སེམས་གང་གི་ཡང་ལུགས་ཡིན་མི་དགོས་སོ། ། ༤༦༽ ལྟ་བས་ཆོ་ག་འབྱེད་ན་ནི། །དབུ་མའི་ལྟ་བ་དང་ལྡན་པ། །དེ་ལ་བྱང་སའི་ཆོ་ག་ཡིས། །སེམས་བསྐྱེད་སྡོམ་པ་མི་སྐྱེའམ། །ཞེས་པའི་ལན་ནི། དེ་གཉིས་ལྟ་བ་ཐ་དད་པས། །ཆོ་ག་ཡང་ནི་ཐ་དད་ཡིན། །ཞེས་པའི་དོན་དབུ་སེམས་གཉིས་ལ་ལྟ་བ་ཐ་དད་དུ་ཡོད་པས། དེ་དང་མཐུན་པའི་ཆོ་ག་ཐ་དད་པ་གཉིས་རྫོགས་པའི་སངས་རྒྱས་ཀྱིས་བཅས་ཞེས་པའི་དོན་ཡིན་གྱི། ཆོ་ག་གཉིས་པོ་ལྟ་བ་ཐ་དད་ཁོ་ནས་ལེན་དགོས་ཞེས་པའི་དོན་ནི་མ་ཡིན་ནོ། །གལ་ཏེ་ལྟ་བ་ཐ་དད་ལ་ཆོ་ག་ཐ་དད་དུ་བཅས་པས་ལྟ་བ་ཐ་དད་ཁོ་ནས་ལེན་དགོས་ན་ཐེག་པ་ཆེན་པོའི་ལྟ་བ་དང་ལྡན་པས་ཉན་ཐོས་ཀྱི་སྡེ་སྣོད་ནས་གསུངས་པའི་གསོལ་བཞིའི་ལས་ཀྱི་སྡོམ་པ་ལེན་པར་མི་རུང་བར་འགྱུར་རོ། ། ༤༧༽ བསླབ་བཏུས་ལས་གསུངས་རྩ་བ་ཡི། །ལྟུང་བར་བྱང་ས་ལས་བཤད་པ། །རྩ་བའི་ལྟུང་བ་བསྡུས་སོ་ཞེས། །བསླབ་བཏུས་ཉིད་ལས་གསུངས་དེ་ཅི། །ཞེས་པའི་ལན་ནི། བོད་ན་བཞུགས་པའི་བསླབ་བཏུས་ཀྱི་ནང་ན་ནི་བཤད་པ་དེ་མི་སྣང་ངོ་། །གལ་ཏེ་དབུ་མ་ལུགས་ཀྱི་རྩ་ལྟུང་གི་སྡོམ་ཚིག་རྫོགས་མ་ཐག་ཏུ། ཆགས་དང་སེར་སྣ་མི་ཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང་། །ཁྲོས་ནས་སེམས་ཅན་བརྡེགས་པ་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །སེམས་ཅན་ལ་ནི་བརྡེག་པ་དང་། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པ་སྟོན་པའོ། །ཞེས་གསུངས་པ་ལ་འཁྲུལ་པ་ཡིན་ན། དེ་ནི་ཐབས་ལ་མཁས་པའི་མདོ་ལས་གསུངས་པའི་རྩ་ལྟུང་གི་སྡོམ་ཚིག་ཡིན་གྱི། བྱང་ས་ནས་གསུངས་པའི་རྩ་ལྟུང་གི་སྡོམ་ཚིག་མ་ཡིན་པས་ནོར་བར་མི་བྱའོ། །རྗེ་བཙུན་གྱི་རྩ་ལྟུང་འཁྲུལ་སྤོང་ལས། བྱང་ས་ནས་གསུངས་པའི་རྩ་བའི་ལྟུང་བ་བཞིའི་ནང་དུ། ནམ་མཁའི་སྙིང་པོའི་མདོ་དང་། ཐབས་ལ་མཁས་པའི་མདོ་དང་། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་གསུངས་པའི་རྩ་བའི་ལྟུང་བ་རྣམས་འདུས་ཚུལ་གྱི་རྣམ་བཞག་ཞིབ་པར་གསུངས་ན། འདིར་དེ་གཉིས་ལྟུང་བ་ཐ་དད་དུ་གསུངས་པ་ཅི་ཡིན་སྙམ་པའི་དོགས་པ་སྐྱེ་རྒྱུ་ཡིན་མོད། དེའི་ལན་ལ་རྗེ་བཙུན་གྱིས་བསྲུང་ཚུལ་འདུས་པ་ལ་དགོངས་ཏེ། བྱང་ས་ནས་གསུངས་པའི་རྩ་ལྟུང་བཞི་པོ་ཚུལ་བཞིན་དུ་བསྲུང་ན་མདོ་གསུམ་པོ་ནས་གསུངས་པའི་རྩ་ལྟུང་རྣམས་ཀྱང་བསྲུངས་པར་འགྱུར་བའི་ཕྱིར་རོ། །འདིར་རྩ་ལྟུང་ཐ་དད་དུ་བཤད་པ་ནི་རྣམ་བཞག་ཐ་དད་པ་ལ་དགོངས་ཏེ། དབུ་མ་ལུགས་ལ་ནི་རྩ་བའི་ལྟུང་བ་བཅུ་བཞིའམ། རྟེན་གྱི་སྒོ་ནས་བཅོ་བརྒྱད་དང་། མཚམས་མེད་ལྔ་སོ་སོར་ཕྱེ་ན་ཉི་ཤུ་རྩ་གཉིས་ཡིན་ལ། སེམས་ཙམ་ལུགས་ལ་ནི་རྩ་བའི་ལྟུང་བ་བཞི་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་བསྲུང་ཚུལ་གཅིག་ན་རྣམ་གཞག་ཐ་དད་པ་འགལ་ལོ་སྙམ་ན། མི་འགལ་ཏེ་དགེ་བསྙེན་གྱི་བསླབ་གཞི་ལྔ་བསྲུང་བ་དང་། མི་དགེ་བ་བཅུ་སྤོང་གཉིས་བསྲུང་ཚུལ་གཅིག་ཀྱང་རྣམ་གཞག་ཐ་དད་པ་བཞིན་ནོ། །བློ་གཟུ་བོར་གནས་པ་དག་གིས་དཔྱད་ཅིག ། ༤༨༽ དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི། །རྟེན་དུ་སོ་ཐར་མི་དགོས་ན། །ཡན་ལག་བདུན་པ་སྔོན་འགྲོ་བར། །གསུངས་པའི་དགོངས་པ་གང་ཞིག་ཡིན། །ཞེས་པའི་ལན་ནི། དབུ་མ་ལུགས་དང་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ལ་སོ་ཐར་སྔོན་དུ་འགྲོ་མི་དགོས་པ་དང་། དགོས་པའི་ཁྱད་པར་གསུངས་པ་ནི། ལུགས་དེའི་སེམས་བསྐྱེད་ཀྱི་སྦྱོར་དངོས་རྗེས་གསུམ་གྱི་ཆོ་གའི་སྔོན་དུ་སོ་ཐར་གྱི་སྡོམ་པ་དང་ལྡན་པ་མི་དགོས་པ་དང་། དགོས་པའི་ཁྱད་པར་ཡིན་གྱི། སེམས་བསྐྱེད་ཀྱི་དངོས་གཞི་ལ་སྦྱོར་བའི་སྐབས་སུ་སོ་ཐར་ལེན་པ་མི་དགོས་པ་དང་། དགོས་པའི་ཁྱད་པར་མ་ཡིན་ཏེ། སྦྱོར་བའི་སྐབས་སུ་གཉིས་ཀ་ལ་ཡང་ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་སྡོམ་པ་ལེན་པར་མཚུངས་པའི་ཕྱིར་རོ། །དཔེར་ན་སྐལ་དམན་རིམ་འཇུག་པ་དང་སྐལ་ལྡན་ཅིག་ཆར་བ་གཉིས་ལ་དབང་བསྐུར་གྱི་སྔོན་དུ་སྡོམ་པ་འོག་མ་གཉིས་སྔོན་དུ་འགྲོ་མི་དགོས་པ་དང་དགོས་པའི་ཁྱད་པར་ཡང་དབང་བསྐུར་གྱི་ཆོ་གའི་སྔོན་དུ་ཡིན་གྱི་དབང་གི་དངོས་གཞིའི་སྔོན་དུ་སྟ་གོན་དང་འཇུག་པའི་སྐབས་སུ་སྡོམ་པ་འོག་མ་གཉིས་ལེན་པ་ཡོད་པ་ཁྱད་པར་མེད་པ་བཞིན་ནོ། །དེས་ན། ༤༩༽ རྗེ་བཙུན་རྩེ་མོས་རྒྱུན་བཤགས་ཀྱི། །དུས་སུ་ཉེས་སྤྱོད་སྤོང་བ་ཡི། །ཚུལ་ཁྲིམས་སྐྱེ་ཞིང་དེ་ཉིད་ཀྱང་། །སོ་སོར་ཐར་པ་བཤད་དེ་ཅི། །ཞེས་པའི་ལན་ཡང་སྔ་མ་དེ་ཉིད་ཀྱིས་གསལ་བར་བསྟན་ཅིང་། རང་ལ་གནོད་པའི་ཚུལ་སྣང་བ་ནི་འོག་ཏུ་འཆད་དོ། ། ༥༠༽ སོ་སོར་ཐར་པ་རིགས་བདུན་པོ། །སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི། །རྟེན་དུ་དགོས་ན་རྗེ་བཙུན་གྱིས། །དེ་དག་དེ་ཡི་རྟེན་མིན་པར། །གསུངས་པའི་དགོངས་པ་གང་དུ་བཙལ། །ཞེས་པའི་ལན་ནི། རྗེ་བཙུན་གྱིས་དེ་ལྟར་དུ་གསུངས་པ་གཏན་མེད་དེ། སྡོམ་པ་ཉི་ཤུ་པའི་ཊཱི་ཀར། བྱང་ས་སོགས་ནས་གསུངས་པ་ལྟར། འཇུག་པ་སེམས་བསྐྱེད་ཀྱི་སྦྱོར་བའི་སྐབས་སུ། སོ་སོར་ཐར་པའི་སྡོམ་པས་བསྡམ་མམ། ཞེས་པའི་དྲི་བ་མཛད་པར་བཞེད་པའི་ཕྱིར་རོ། །སྡོམ་པ་ཉི་ཤུ་པའི་ཊཱི་ཀར། སོ་སོར་ཐར་པའི་སྡོམ་པ་བྱང་སེམས་ཀྱི་སྡོམ་པ་སྐྱེ་བ་དང་གནས་པ་གཉིས་ཀའི་རྟེན་དུ་མི་རུང་བར་རྒྱུ་མཚན་དང་བཅས་ཏེ་སྤྱིར་བཏང་དུ་གསུངས་པ་ནི། ཉན་ཐོས་དང་ཐུང་མོང་བའི་སོ་སོར་ཐར་པ་རིགས་བདུན་ལ་དགོངས་ཏེ། རྩ་ལྟུང་འཁྲུལ་སྤོང་དུ། དེ་ཉིད་དོགས་པར་བཀོད་ནས་ཉན་ཐོས་དང་ཐུན་མོང་བའི་སོ་སོར་ཐར་པ་འདི་སྐྱེ་བ་དང་གནས་པ་གཉིས་ཀའི་རྟེན་དུ་མི་རུང་བར་ཁྱེད་སྨྲ་བ་བཞིན་དུ་ཁོ་བོ་ཅག་ཀྱང་སྨྲའོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། ། ༥༡༽ དོན་དམ་སེམས་བསྐྱེད་བྱ་བ་ཡི། །ཆོ་ག་རྒྱལ་བས་མ་གསུངས་ན། །འཕགས་པ་ཀླུ་སྒྲུབ་སྐྱོབ་ཉིད་ཀྱིས། །བྱང་ཆུབ་སེམས་འགྲེལ་ཞེས་བྱ་བའི། །བསྟན་བཅོས་དག་ལས་གསུངས་དེ་ཅི། །ཞེས་པའི་ལན་ནི། ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ལས་ཀུན་རྫོབ་སེམས་བསྐྱེད་ཆོ་གས་བླངས་ནས། དོན་དམ་སེམས་བསྐྱེད་བསྒོམས་པའི་སྟོབས་ཀྱིས་སྐྱེ་དགོས་པས་བསྒོམ་ཚུལ་བཤད་པ་ཙམ་ཞིག་སྣང་གི ཆོ་གའི་སྒོ་ནས་བསྐྱེད་པའི་ཚུལ་མི་སྣང་སྟེ། དེ་ཉིད་ལས། བྱང་ཆུབ་ཀྱི་སེམས་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བསྐྱེད་པ་བཞིན་དུ། བདག་གིས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པར་བགྱི་སྟེ། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་ཕྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་སྨོན་ལམ་གྱི་རང་བཞིན་ཀུན་རྫོབ་ཀྱི་སྣང་བའོ། །བྱང་ཆུབ་སེམས་དཔའི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་དོན་དམ་པ་ཡང་བསྒོམས་པའི་སྟོབས་ཀྱིས་བསྐྱེད་པར་བྱའོ། །ད་ནི་དེའི་རང་བཞིན་འཆད་པར་བྱེད་དེ། བྱང་ཆུབ་སེམས་ཀྱི་བདག་ཉིད་སྐུ། །དཔལ་ལྡན་རྡོ་རྗེ་འཆང་བཏུད་ནས། །སྲིད་པ་འཇོམས་པར་བྱེད་པ་ཡི། །བྱང་ཆུབ་སེམས་བསྒོམ་བདག་གིས་བཤད། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དུ། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབ་ཤིང་། །སྟོང་པ་སངས་རྒྱས་རྟག་ཏུ་བཞེད། །ཅེས་གསུངས་ཤིང་། འགོས་འགྱུར་དང་། སྤ་ཚབ་འགྱུར་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྤྱད་པ་སྤྱོད་པ་རྣམས་ཀྱིས། དེ་ལྟར་ཀུན་རྫོབ་ཀྱི་རྣམ་པས་བྱང་ཆུབ་ཀྱི་སེམས་སྨོན་པའི་རང་བཞིན་ཅན་བསྐྱེད་ནས། ཞེས་སོགས་གསུངས་སོ། །ཀུན་རྫོབ་སེམས་བསྐྱེད་ཆོ་གས་བླངས་པའི་རྗེས་སུ་དོན་དམ་སེམས་བསྐྱེད་བསྒོམས་པའི་སྟོབས་ཀྱིས་བསྐྱེད་པར་བྱང་ཆུབ་སེམས་འགྲེལ་ལས་འདི་ལྟར་གསུངས་བཞིན་དུ་དེ་ལས་བཟློག་སྟེ་སྨྲ་བ་ནི་འཕགས་པའི་གང་ཟག་ལ་སྐུར་པ་བཏབ་པའམ། ཡང་ན་དེའི་དུས་སུ་དྲན་པ་གཞན་དུ་འགྱུར་བར་སྣང་ངོ་། ། ༥༢༽ སརྦ་ཡོ་ག་ཙིཏྟ་སོགས། །སློབ་མས་བཟླས་པས་ཀུན་རྫོབ་དང་། །དོན་དམ་སེམས་བསྐྱེད་འཛིན་བཅུག་ནས། །སུརྟི་ས་མ་ཞེས་སོགས་ཀྱིས། །སྐྱེས་ཟིན་བརྟན་པར་མཛད་དེ་ཅི། །ཞེས་པའི་ལན་ནི། སྤྱིར་བདག་ཉིད་ཆེན་པོ་འདིས་སེམས་བསྐྱེད་དེ། ཆོ་གའི་སྒོ་ནས་བསྐྱེད་ན་ཆོ་ག་དེ་ལས་སེམས་བསྐྱེད་དེ་དགོས་པས། ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ཀུན་རྫོབ་སེམས་བསྐྱེད་ལ་ཆོ་ག་ཡོད་པ་དང་། དོན་དམ་སེམས་བསྐྱེད་ལ་ཆོ་ག་མེད་པར་བཞེད་ལ། རྣམ་སྣང་མངོན་བྱང་ལ་སོགས་པའི་རྒྱུད་སྡེ་འགའ་ཞིག་ལས། རྒྱུན་བཤགས་ཀྱི་སྐབས་སུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ། །ཞེས་སོགས་ཀྱི་ཚིག་ཡོད་པ་རྣམས་ནི་དམ་བཅའ་ཙམ་ཡིན་གྱི། ཆོ་གའི་སྒོ་ནས་བསྐྱེད་པ་མ་ཡིན་པར་བསྟན་བཅོས་འདིར། སྦྱིན་པ་བཏང་བར་བྱ། ཚུལ་ཁྲིམས་བསྲུང་བར་བྱ། ཞེས་སོགས་ཀྱི་དཔེ་དང་། ཐུབ་པ་དགོངས་གསལ་ལས། ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །ཞེས་སོགས་ཀྱི་དཔེའི་སྒོ་ནས་གསལ་བར་གསུངས་པ་དེ་ངེས་ན། དོགས་པ་འདི་ལྟ་བུའི་གཞི་མེད་དོ། །གཞན་དུ་ན་སརྦ་ཡོ་ག་སོགས་སློབ་མས་བཟླས་མ་ཐག་ཏུ་སློབ་མ་དེས་ཐེག་པ་ཆེན་པོའི་མཐོང་ལམ་ཐོབ་པར་འགྱུར་ཏེ། དོན་དམ་སེམས་བསྐྱེད་སྐྱེས་པའི་ཕྱིར་རོ། །སྤྱིར་འདི་འདྲ་འདྲི་ན་འབྱུང་བ་བཞི་ཆོ་གས་བསྐྱེད་པ་ཡོད་དམ་མེད། ཞེས་ཁྱོད་ལ་འདྲི་སྟེ། ཡོད་ན་ཆོ་ག་ཡང་ནི་ཐུག་མེད་དུ་འགྱུར་རོ། །ཞེས་པའི་སྐྱོན་དུ་འགྱུར་ཞིང་མེད་ན། རྐང་འོག་རླུང་དང་སུམ་མདོར་མེ། །སྙིང་ཁར་ས་དང་མགྲིན་པར་ཆུ། །བསྒོམས་ནས་ཨཱ་བེ་ཤ་ཡ་སོགས། །བརྗོད་ཅིང་རོལ་མོ་བྱེད་དེ་ཅི། །ཞེས་དྲིས་ན་ལན་ཅི་སྨྲ། དེ་བཞིན་དུ། ནམ་མཁའ་ཆོ་གས་བསྐྱེད་པ་ཡོད་དམ་མེད་ཡོད་ན་ཆོ་ག་ཡང་ནི་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །དེའི་འོག་གི་ཚིགས་བཅད་ཀྱང་དྲན་དགོས་སོ། །མེད་ན། བྱིན་རླབས་འགའ་ཞིག་བྱེད་པའི་ཚེ། །རང་སེམས་ནམ་མཁའ་དང་བསྲེས་ནས། །བླ་མ་བརྒྱུད་པའི་མཚན་བརྗོད་དེ། །བྱིན་གྱིས་རློབ་པར་བྱེད་དེ་ཅི། །ཞེས་དྲིས་ན་ལན་ཅི་སྨྲ། དེ་བཞིན་དུ་གསང་སྔགས་ཀྱི་རྒྱུད་ཚིག་གཅིག་བཤད་མ་ཐག་ཏུ་རྡོ་རྗེ་སེམས་དཔའ་སྙིང་དྲལ་ནས་གཤེགས་སམ་མི་གཤེགས། གཤེགས་ན་སྔགས་ཀྱི་ཆོས་བཤད་དུ་མི་རུང་བར་འགྱུར། མི་གཤེགས་ན། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ཞེས་གསུངས་པ་དེ་ཅི་ལ་དགོངས། ཅེས་དྲི་ན་ལན་ཅི་སྨྲ། དེས་ན་འདི་འདྲའི་རིགས་ཀྱིས་ནི་སྔགས་ཀྱི་ཆོ་ག་དང་། ཉམས་ལེན་ཐམས་ཅད་སུན་འབྱིན་པ་ཡིན་པས་ཕྱིན་ཆད་མི་གསུང་བར་ཞུ། ། ༥༣༽ ཉན་ཐོས་རྣམས་ཀྱིས་རྫོགས་བྱང་དུ། །བསྔོ་བ་བྱེད་ན་འཕགས་པ་ཡིས། །ཉན་ཐོས་ཐེག་པ་དེ་ལས་ནི། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །ཞེས་གསུངས་པ་དེ་གང་ལ་དགོངས། ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ལས། །བསྔོ་བ་བཤད་དེ་ཉན་ཐོས་ཀྱི། །བསྔོ་བ་ཡིན་པར་བཞེད་དམ་ཅི། །ཞེས་པའི་ལན་ནི། འདྲི་བ་པོའི་བསམ་པ་བླངས་པ་དང་། གསུང་རབ་སྤྱི་ཡི་དགོངས་པར་དཔྱད་པ་དང་། དེ་བདག་ཉིད་ཆེན་པོའི་བཞེད་པར་བསྒྲུབ་པ་དང་། དེས་ལན་རྣམ་དག་ཏུ་འགྱུར་བའི་ཚུལ་དང་བཞི་ལས། དང་པོ་ནི། འདིར་སོ་སོར་ཐར་པའི་མདོ་བཞིན་དུ། །བསྔོ་བ་ཉན་ཐོས་རྣམས་ཀྱང་བྱེད། །ཅེས་དང་། ཐམས་ཅད་སྒྲལ་གྱི་སྐྱེ་རབས་ལས། བདག་གིས་བྲམ་ཟེ་འདོད་པ་ལ། །དགའ་བས་ཤིང་རྟ་འདི་བཏང་བས། །དངོས་པོ་ཐམས་ཅད་བཏང་ནས་ནི། །རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །ཅེས་གསུངས་པ་དེ་ཉན་ཐོས་ཀྱི་སྡེ་སྣོད་ནས་བཤད་པའི་བསྔོ་བར་གསུངས་པ་དང་། ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བར། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་གསུངས་པ་དང་འགལ་ལོ་སྙམ་ནས་དྲིས་པ་སྟེ། འདི་ནི་བསྟན་བཅོས་འདིར་མ་ཟད། ཉན་ཐོས་ཀྱི་སྡེ་སྣོད་ལས་བྱང་ཆུབ་སེམས་དཔའི་བསྔོ་བ་བཤད་པ་དང་། ཀླུ་སྒྲུབ་ཀྱི་དེ་མ་བཤད་པར་གསུངས་པ་གཉིས་ལ་འགལ་སྤོང་གསུང་རབ་འཆད་པ་པོ་ཐམས་ཅད་ཀྱིས་དགོས་པས་རྣམ་དཔྱོད་དང་ལྡན་པའི་དྲི་བར་སྣང་ཞིང་། འདི་བཞིན་དྲིས་པ་ལ་ཀླུ་སྒྲུབ་ལ་རྒལ་ལོ། །ས་པཎ་ལ་རྒལ་ལོ་ཞེས་སོགས་སྐྱོན་འདོགས་པ་དག་ནི་བླུན་པོའི་རྣམ་ཐར་སྐྱོང་བ་ཡིན་ནོ། །སོ་ཐར་གྱི་སྐབས་སུ་ཡང་སྔར་རྣམ་དཔྱོད་དང་ལྡན་པའི་དྲི་བ་ཡིན་ནོ་ཞེས་སྨྲས་པ་དེ་དང་། བྱང་སེམས་ཀྱི་སྐབས་སུ་འདི་དང་གཉིས་ནི་དོགས་པ་སྐྱེས་ནས་འདྲི་བ་ཡང་དཀོན་ན། དེའི་ལན་ཚུལ་བཞིན་དུ་སྨྲ་བ་དཀོན་པ་སྨོས་ཀྱང་ཅི་དགོས། གཉིས་པ་ནི་སྤྱིར་སྡེ་སྣོད་དང་གྲུབ་མཐས་ཕྱེ་བའི་ཐེག་པ་ཆེ་ཆུང་དང་། ལམ་དང་འབྲས་བུས་ཕྱེ་བའི་ཐེག་པ་ཆེ་ཆུང་གཉིས་ལས། དང་པོ་ནི། ལང་ཀར་གཤེགས་པར། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་ཆེན་མཐའ་དག་འདུས་པར་ཟད། །ཅེས་གསུངས་པའི་བརྗོད་བྱ་འདི་དག་ཁས་མི་ལེན་པའི་རང་སྡེ་རྣམས་ནི་ཉན་ཐོས་པ་ཞེས་གསུངས་ཏེ། མཚན་གཞི་ནི་ཉན་ཐོས་རྩ་བའི་སྡེ་བཞིའམ། དེ་ལས་གྱེས་པ་བཅོ་བརྒྱད་དོ། །བརྗོད་བྱ་དེ་དག་ཁས་ལེན་པ་ནི་ཐེག་པ་ཆེན་པོ་སྟེ། མཚན་གཞི་ནི་དབུ་སེམས་རྣམ་པ་གཉིས་སོ། །གཉིས་པ་ནི་བློ་ཆེན་པོ་བདུན་དང་མི་ལྡན་པའི་ལམ་ཞུགས་རྣམས་ནི་ཐེག་པ་ཆུང་ངུ་བ་སྟེ། མཚན་གཞི་ནི་ཉན་རང་རྣམས་སོ། །དེ་དང་ལྡན་པ་ནི་ཐེག་པ་ཆེན་པོ་བ་སྟེ། མཚན་གཞི་ནི་ཐེག་ཆེན་སློབ་པ་དང་མི་སློབ་པ་རྣམས་སོ་དེས་ན་སྡེ་སྣོད་དང་གྲུབ་མཐས་ཕྱེ་བའི་ཐེག་པ་ཆེ་ཆུང་རེ་རེས་ཀྱང་རང་རང་གི་སྡེ་སྣོད་དང་། གྲུབ་མཐའ་དེའི་ནང་དུ་ལམ་དང་འབྲས་བུས་ཕྱེ་བའི་ཐེག་པ་གསུམ་གསུམ་གྱི་རྣམ་གཞག་བྱེད་ཅིང་། ཐེག་པ་གསུམ་གྱི་བྱང་ཆུབ་ཀྱང་རང་རང་གི་གྲུབ་མཐའ་དེ་ཁོ་ན་ལ་གནས་པས་ཐོབ་པར་འདོད་པས་ཉན་ཐོས་ཀྱི་སྡེ་སྣོད་འདུལ་བ་ལུང་ལྟ་བུ་ནས་ཀྱང་ཐེག་པ་གསུམ་གྱི་གང་ཟག ཐེག་པ་གསུམ་གྱི་སེམས་བསྐྱེད། ཐེག་པ་གསུམ་གྱི་བསྔོ་བ་དང་སྨོན་ལམ། ཐེག་པ་གསུམ་གྱི་ལམ་དང་འབྲས་བུ་རྣམས་བཤད་ཅིང་། དེ་ཉིད་ཐེག་ཆེན་བཀར་མི་འདོད་པའི་ཉན་ཐོས་པ་དག་གིས་ཀྱང་ཁས་ལེན་ནོ། །དེའི་དགོངས་པ་མཛོད་ལས་ཀྱང་། ཐེག་པ་གསུམ་གྱི་ལམ་བགྲོད་ཚུལ་གསུམ་དང་། འབྲས་བུ་གྲུབ་པའི་དུས་གསུམ་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པའི་ཚུལ་དང་། གྲངས་མེད་གསུམ་གནས་སྐབས་གང་དུ་རྫོགས་པའི་ཚུལ་དང་། ཕར་ཕྱིན་དྲུག་གནས་སྐབས་གང་དུ་རྫོགས་པའི་ཚུལ་གསལ་བར་གསུངས་པས། ཉན་ཐོས་ཀྱི་སྡེ་སྣོད་ལས། ཉན་ཐོས་རང་ལུགས་ཀྱི་ཐེག་པ་ཆེན་པོའི་སེམས་བསྐྱེད་དང་། བསྔོ་བ་དང་སྨོན་ལམ་སོགས་གསུངས་པར་ཤེས་པར་བྱའོ། །འོ་ན་ཀླུ་སྒྲུབ་ཀྱིས་དེ་དག་མ་བཤད་པར་གསུངས་པའི་དགོངས་པ་ཅི་སྙམ་ན། གཞུང་འདི་རིན་ཆེན་ཕྲེང་བར་ཐེག་ཆེན་བཀར་སྒྲུབ་ཀྱི་སྐབས་སུ་གསུངས་པས་ཉན་ཐོས་པ་དག་ཐེག་པ་ཆེན་པོ་བཀའ་མ་ཡིན་པས་དེ་ལ་མ་བསླབས་ཀྱང་ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་བསླབས་པས་རྫོགས་པའི་བྱང་ཆུབ་སྒྲུབ་པར་འདོད་པ་ལ་དེ་ནི་མ་ཡིན་ཏེ། རྫོགས་པའི་བྱང་ཆུབ་སྒྲུབ་ནུས་ཀྱི་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་། འཁོར་གསུམ་མི་དམིགས་པའི་ཡོངས་སུ་བསྔོ་བ་དང་། ཆོས་ཀྱི་བདག་མེད་རྒྱས་པ་སོགས་ཉན་ཐོས་ཀྱི་སྡེ་སྣོད་དེ་ལས་མ་བཤད་པའི་ཕྱིར་ཞེས་པའི་དོན་ཏེ། གྲུབ་མཐའ་ཁས་ལེན་གྱི་ཉན་ཐོས་པ་དག་ཁོ་རང་གི་གཞུང་ནས་བཤད་པའི་ཐེག་པ་ཆེན་པོའི་ལམ་གྱིས་རྫོགས་པའི་བྱང་ཆུབ་སྒྲུབ་པར་འདོད་ཀྱང་། དབུ་མ་པས་ནི་དབུ་མའི་གཞུང་ལས་བཤད་པའི་ལྟ་སྤྱོད་ལ་མ་བརྟན་པར་རྫོགས་པའི་བྱང་ཆུབ་བསྒྲུབ་མི་ནུས་པར་བཞེད་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །གསུམ་པ་ནི། བདག་ཉིད་ཆེན་པོ་དཔལ་ལྡན་ས་སྐྱ་པཎྜི་ཏའི་བཞེད་པ་ཡང་འདི་ཉིད་ཡིན་ཏེ། སོ་སོ་ཐར་པའི་མདོ་དང་། ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ལ་སོགས་པའི་བསྔོ་བ་དེ་དག་ཉན་ཐོས་པ་རང་ལ་ཐེག་པ་གསུམ་ཡོད་པའི་ཐེག་ཆེན་གྱི་བསྔོ་བ་ཡིན་པར་འདོད་ཀྱང་དེས་རྫོགས་པའི་བྱང་ཆུབ་བསྒྲུབ་མི་ནུས་པར་གསུངས་པའི་ཕྱིར་དང་། དེས་ན་ཐབས་མཁས་ཤེས་རབ་ཉིད། །སངས་རྒྱས་རྒྱུ་ཡི་གཙོ་བོ་ཡིན། །ཞེས་གསུངས་པའི་ཐབས་ཤེས་རབ་གཉིས་ཀྱང་ཐེག་ཆེན་གྱི་སྡེ་སྣོད་ཁོ་ན་ལས་བཤད་པར་བཞེད་པའི་ཕྱིར་རོ། །བཞི་པ་ནི། མདོར་ན་ཉན་ཐོས་ཀྱི་སྡེ་སྣོད་ནས་ཉན་ཐོས་རང་ལུགས་ཀྱི་ཐེག་པ་གསུམ་ཆར་གསུངས་པས་ཐེག་ཆེན་གྱི་ལམ་བགྲོད་ཚུལ་གྱི་བསམ་པ་སེམས་བསྐྱེད་དང་། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཡོངས་སུ་བསྔོ་བ་སོགས་གསུངས་ཀྱང་། ཐེག་པ་ཆེན་པོའི་སྡེ་སྣོད་ནས་བཤད་པའི་ཐབས་མཁས་ཁྱད་པར་ཅན་དེ་དང་ལྡན་པའི་སེམས་བསྐྱེད་སོགས་མ་གསུངས་པས་རྫོགས་པའི་བྱང་ཆུབ་བསྒྲུབ་པར་མི་ནུས་ཞེས་པ་སྟེ། འདི་ཐམས་ཅད་ལ་ཐེག་པ་ཆེ་ཆུང་གི་དབྱེ་མཚམས་གཉིས་པོ་དེ་སོ་སོར་ཕྱེད་པ་གལ་ཆེའོ། །དེ་ཕྱེད་ན་ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ལས་གསུངས་པའི་བསྔོ་བ་སྔར་བཤད་པ་དེ་དང་། སོ་སོར་ཐར་པའི་མདོ་ལས། སོ་སོར་ཐར་པ་བཏོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་མྱུར་ཐོབ་ཤོག །ཅེས་གསུངས་པ་གཉིས་ཀ་ཡང་ཉན་ཐོས་ལུགས་ཀྱི་ཐེག་ཆེན་གྱི་བསྔོ་བ་ཡིན་པར་འབད་མེད་དུ་ཤེས་པས་ཉན་ཐོས་བསྔོ་བར་བཞེད་དམ་ཅི་ཞེས་པའི་དྲི་བ་མི་དགོས་པ་དང་། དྲིས་པའི་ལེན་ཐོགས་མེད་དུ་ཤེས་པར་འགྱུར་རོ། །ད་ནི་འདི་ནས་མར་ལ་ལན་ཆེར་མི་དགོས་པར་སྣང་ན་ཡང་། འགའ་ཞིག་རྨོངས་པའི་དབང་གིས་དོན་ལ་ཡང་སྐྱོན་དེ་ལྟར་གནས་སམ་སྙམ་པའི་དོགས་པ་ཟློག་པའི་ཆེད་དུ་མདོར་བསྡུས་ཏེ་བརྗོད་པར་བྱའོ། ། ༥༤༽ དབང་བཞི་བླངས་པས་སྡོམ་པ་གསུམ། །ཐོབ་པར་གྱུར་ན་དབང་གོང་ལས། །ཐོབ་པའི་གསང་སྔགས་སྡོམ་པ་དང་། །དབང་ལས་ཐོབ་པའི་སོ་ཐར་དང་། །སེམས་བསྐྱེད་སྡོམ་པ་ཅིས་མི་བཞེད། །ཅེས་པའི་ལན་ནི། དེ་གསུམ་ཆར་ཡང་ལེགས་པར་བཞེད་དེ། རྩ་རྒྱུད་བརྟག་གཉིས་ཀྱི་ལེའུ་དང་པོར། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ། །ཞེས་དང་། ཕྱི་མའི་གསུམ་པར། དེས་ནས་རྡོ་རྗེ་ཅན་གྱིས་རྣལ་འབྱོར་མ་རྣམས་ལ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ཐབས་བཀའ་སྩལ་པ། སྡོམ་པ་དང་ནི་དབང་དང་ཡང་། །ཞེས་དང་། ཕྱི་མའི་བཞི་པར། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཨ་ཡི་རྣམ་པ་སྡོམ་པའི་གནས། །ཅི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་ཕྱེ། །ཞེས་དང་། ཁ་སྦྱོར་དང་པོའི་གསུམ་པར། ཀུན་ལས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ནས་སྣ་ཚོགས་སྡོམ་པ་ཡི། །ཞེས་དང་། རྒྱུད་ཕྱི་མར། འདི་སྐད་ལ་སོགས་མཐའ་ཡས་མཆོག །སངས་རྒྱས་ཀུན་གྱི་སྡོམ་པ་མཆོག །ཅེས་པ་རྣམས་ཀྱིས་བསྟན་ནོ། །གལ་ཏེ་འདི་དག་རྫོགས་རིམ་བསྒོམས་པའི་སྟོབས་ཀྱིས་ཐོབ་པ་ཡིན་གྱི། དབང་ལས་ཐོབ་པ་མ་ཡིན་ནོ་སྙམ་ན། ལམ་གྱི་སྐབས་སུ་སྡོམ་པ་ཐོབ་ཅེས་པ་ཐམས་ཅད་སྔར་ཐོབ་ཟིན་གྱི་སྡོམ་པ་ཡང་ཡང་གོམས་པ་ཡིན་པས། དེ་དག་ཀྱང་དབང་གི་སྐབས་སུ་ངེས་པར་ཐོབ་དགོས་ཏ་ེ། གཞན་དུ་དབང་བསྐུར་ཆོས་སྒོ་ཙམ་དུ་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་འདུས་པའི་རྒྱུད་ཕྱི་མར། དྲི་བ་སོ་གཉིས་པ། དེ་ནི་སྡོམ་པ་ཇི་ལྟ་བུ། །ཞེས་པའི་ལན་དུ། རྡོ་རྗེ་ཅན་གྱིས་དེར་སྟོན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་ཉིད་དང་། །དེ་བཞིན་རྫོགས་པའི་རིམ་པའོ། །བསྒྲུབ་པ་དང་ནི་ནན་ཏན་དང་། །དམ་ཚིག་དེ་བཞིན་སྡོམ་པ་རྣམས། །སྔར་བཞིན་དེ་ཀུན་རྒྱས་པར་ནི། །རིམ་པའི་དབྱེ་བས་ཕྱེ་བ་ཡིན། །ཞེས་གསུངས་པ་འདིས་སྡོམ་པའི་ངོ་བོ་བསྐྱེད་རྫོགས་གཉིས་ལ་མཛད་པ་དང་། རྒྱུད་ལས་གསུངས་པའི་དམ་ཚིག་དང་། སྡོམ་པ་ཐམས་ཅད་བསྐྱེད་རྫོགས་གཉིས་སུ་འདུས་པའི་ཚུལ་གསལ་བར་བཤད་པས། དེ་ལྟ་བུའི་རྫོགས་རིམ་གྱི་སྡོམ་པ་དབང་གོང་མ་ལས་མ་ཐོབ་ན། བསྐྱེད་རིམ་གྱི་སྡོམ་པ་ཡང་བུམ་དབང་ལས་མ་ཐོབ་པར་རྣམ་པ་ཀུན་ཏུ་མཚུངས་པས་རྒྱུད་ལས་གསུངས་པའི་སྡོམ་པ་གང་ཡང་དབང་ལས་མ་ཐོབ་པར་འགྱུར་རོ། །བློ་གཟུ་བོར་གནས་ལ་དཔྱོད་ཅིག དེ་ཇི་ལྟ་བ་བཞིན་དུ་བདེ་མཆོག་སྡོམ་འབྱུང་ལས། ཀྱཻ་རྣམ་པ་ཀུན་མཆོག་སྡོམ་པ་ཡི། །བསྐྱེད་པའི་རྣལ་འབྱོར་མཚན་ཉིད་དང་། །རྫོགས་པ་ཡང་ནི་ཇི་ལྟར་ལགས། །ཞེས་གསང་སྔགས་ཀྱི་སྡོམ་པ་ལ་བསྐྱེད་རྫོགས་གཉིས་སུ་ཕྱེ་ནས་དེ་ཇི་ལྟར་ཞེས་དྲིས་པའི་ལན་དུ། རིམ་པར་ཕྱེ་བ་གཉིས་པས་བསྐྱེད་རིམ་གྱི་སྡོམ་པ་དང་། གསུམ་པས་རྫོགས་རིམ་གྱི་སྡོམ་པ་གསལ་བར་སྟོན་པས་དོན་སྔ་མ་བཞིན་དུ་གནས་སོ། །ཡང་དེ་ཉིད་ལས། བུམ་པ་ལས་ནི་བྱུང་བའོ། །གཉིས་པ་གསང་བ་མཆོག་ཡིན་ཏེ། །གསུམ་པ་ཤེས་རབ་ཡེ་ཤེས་ཡིན། །བཞི་པ་དེ་ལྟར་ཡང་དེ་བཞིན། །དབང་བསྐུར་འདི་དག་ཡང་དག་ལྡན། །དེ་ནི་དམ་ཚིག་ཅན་ཞེས་བྱ། །ཞེས་དབང་བཞི་རྫོགས་པས་དམ་ཚིག་རྫོགས་པར་བསྟན་པ་འདིས་ཀྱང་དབང་གོང་མ་ལས་ཐོབ་པའི་སྔགས་ཀྱི་དམ་ཚིག་གསལ་བར་བསྟན་ནོ། །དེ་བཞིན་ཌོམྦི་པའི་ལྷན་ཅིག་སྐྱེས་གྲུབ་ལས། སྡོམ་པ་གསུམ་པོ་རེ་རེ་ལ་ཡང་ཕྱི་ནང་གཉིས་གཉིས་སུ་ཕྱེ་ནས་སྔགས་སྡོམ་གྱིས་ཕྱིའི་སྡོམ་པ་དམ་ཚིག་ཉི་ཤུ་རྩ་གཉིས་བསྲུང་བ་དང་། ནང་གི་སྡོམ་པ་ཞེས་པ་གཉུག་མ་མི་རྟོག་པ་ལ་བཤད་པ་དང་། གྲུབ་ཆེན་སྨན་པའི་ཞབས་ཀྱིས་སྡོམ་པ་ལ་སྤང་བའི་དམ་ཚིག་གི་སྡོམ་པ་དང་། བཟའ་བ་དང་བསྲུང་བའི་དམ་ཚིག་གི་སྡོམ་པ་དང་། རྣལ་འབྱོར་སྙིང་པོ་སྡོམ་པ་གསུམ་དུ་ཕྱེ་བའི་ནང་གི་སྡོམ་པ་དང་། རྣལ་འབྱོར་སྙིང་པོ་སྡོམ་པ་རྣམས་དབང་གོང་མ་ལས་ཐོབ་པའི་གསང་སྔགས་ཀྱི་སྡོམ་པའོ། །རྒྱུད་དང་རྒྱ་གར་གྱི་གཞུང་བཟང་དེ་དག་གི་དགོངས་པ་རྗེ་ས་སྐྱ་པ་ཆེན་པོས་སྡོམ་པ་གསུམ་ལྡན་གྱི་སྔགས་སྡོམ་ངོས་འཛིན་པའི་ཚེ་གསང་སྔགས་ཀྱི་དབང་བཞིའི་སྡོམ་པ་ཐོབ་པའོ། །ཞེས་དང་། རྗེ་བཙུན་རྩེ་མོས། ཁ་སྦྱོར་གྱི་འགྲེལ་པར། སྡོམ་པ་ཞེས་བྱ་བ་གོང་དུ་བྱང་ཆུབ་སེམས་དཔའི་སྡོམ་པའང་གསུམ་དངོས་སུ་གསུངས། བསྐྱེད་པའི་རིམ་པའི་སྡོམ་པའང་གསུངས་ན་འདིར་རྫོགས་པའི་རིམ་པའི་སྡོམ་པ་དེ་ཞུ་ཞེས་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དེའི་ལན་བསྟན་ནོ། །ཞེས་དང་། འདིར་རྫོགས་པའི་རིམ་པ་ལ་སྦྱར་ན་གནས་ནི་ལུས་དང་རྩའི་འཁོར་ལོའོ། །རང་གི་ངོ་བོ་ལ་གསུམ་ལས། མི་མཐུན་པའི་ཕྱོགས་སྡོམ་པའི་དབང་དུ་བྱས་ན་མཚན་མ་དང་། རྣམ་པར་རྟོག་པ་ཐམས་ཅད་སྡོམ་པའོ། །མང་པོ་གཅིག་ཏུ་སྡོམ་པའི་དབང་དུ་བྱས་ནས་ཆོས་མཐུན་གྱི་སྒོ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་འདིར་ལུས་ལ་བསྡུ་བར་བྱའོ། །ཡང་རང་བྱུང་གི་ཡེ་ཤེས་བདེ་བས་སྡོམ་པའོ། །ཞེས་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། སྐྱབས་གསུམ་སྔོན་དུ་འགྲོ་བའི་སོ་སོར་ཐར་པའི་སྡོམ་པ་དང་ཡང་ལྡན། སྨོན་འཇུག་གི་སེམས་བསྐྱེད་པར་བྱས་ཏེ། བྱང་ཆུབ་སེམས་དཔའི་བསླབ་པ་དང་ཡང་ལྡན། དབང་བཞི་ཡོངས་སུ་རྫོགས་ཏེ་རྡོ་རྗེ་ཐེག་པའི་སྡོམ་པ་དང་ཡང་ལྡན། ཞེས་གསུངས་པ་ཡིན་ལ། དེ་ཐམས་ཅད་ཀྱི་དོན་བསྡུས་ནས་བསྟན་བཅོས་འདིར། སངས་རྒྱས་གསུང་བཞིན་མཛད་པ་ཡི། །བླ་མ་བཙལ་ལ་དབང་བཞི་བླང་། །དེ་ཡིས་སྡོམ་པ་གསུམ་ལྡན་འགྱུར། །ཞེས་གསུངས་པ་ཡིན་པས། དབང་གོང་མ་ལས་ཐོབ་པའི་གསང་སྔགས་ཀྱི་སྡོམ་པ་བཞེད་དམ་ཅི། ཞེས་ཧ་ཅང་ཐལ་བའི་དྲི་བ་ངམ་ངམ་མི་དགོས་སོ། །དབང་ལས་ཐོབ་པའི་སོ་ཐར་དང་བྱང་སེམས་ལེགས་པར་ཡང་བཞེད་དེ། སྟ་གོན་དང་འཇུག་པའི་སྐབས་ཀྱི་རྒྱུན་བཤགས་ལས་ཐུན་མོང་མ་ཡིན་པའི་སོ་ཐར་དང་། སྨོན་འཇུག་གི་སེམས་བསྐྱེད་པ་ཐོབ་པའི་ཕྱིར་རོ། །གཞན་དུ་ན་ཁྱེད་རང་གིས། རྗེ་བཙུན་རྩེ་མོས་རྒྱུན་བཤགས་ཀྱི། །དུས་སུ་ཉེས་སྤྱོད་སྤོང་བ་ཡི། །སྡོམ་པ་སྐྱེ་ཞིང་དེ་ཉིད་ཀྱང་། །སོ་སོར་ཐར་པར་བཞེད་དེ་ཅི། །ཞེས་པའི་དྲི་བ་དེ་ཕར་དྲིས་པས་འཁོར་གསུམ་དུ་འགྱུར་ཞིང་། དེ་བཞིན་དུ། རྗེ་བཙུན་རྩེ་མོས་རྒྱུན་བཤགས་ཀྱི། །དུས་སུ་དགེ་བ་ཆོས་སྡུད་ཀྱི། །སྡོམ་པ་སྐྱེ་ཞིང་དེ་ཉིད་ཀྱང་། །བྱང་སེམས་སྡོམ་པར་བཞེད་དེ་ཅི། །ཞེས་དྲིས་པས་སྔ་མ་བཞིན་དུ་འགྱུར་རོ། ། ༥༥༽ རྡོ་རྗེ་ཕག་མོ་འགའ་ཞིག་གི །དབང་བཞི་ཚད་ལྡན་གཞུང་ལས་བཤད། །དེ་དག་སྨིན་བྱེད་དབང་བསྐུར་དུ། །རུང་ངམ་མི་རུང་གང་ཡིན་འདྲི། །ཞེས་པའི་ལན་ནི། དེའི་དོན་ཅི། ཕག་མོ་མངོན་འབྱུང་གི་རྒྱུད་ལས་གསུངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་བསྐུར་བའི་ཆོ་ག་ལྟ་བུ་ལ་ཟེར་བ་ཡིན་ན། དེ་ནི་སྨིན་བྱེད་དུ་རུང་སྟེ། སངས་རྒྱས་ཀྱི་ངོས་ནས་རྡོ་རྗེ་ཕག་མོ་ལ་སྨིན་བྱེད་བླ་མ་གོང་མས་བཀག་པ་མ་ཡིན་གྱི། ཆོ་གའི་ངོས་ནས་བྱིན་རླབས་སྨིན་བྱེད་ཡིན་པ་བཀག་པ་ཡིན་པའི་ཕྱིར་རོ། །དཔེར་ན་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལ་ཡང་རྩ་རྒྱུད་བརྟག་གཉིས་ཀྱི་ལེའུ་བཅུ་པ་ལས་གསུངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྨིན་བྱེད་དུ་བཞེད་ཀྱང་། བདག་མེད་མའི་བྱིན་རླབས་སྨིན་བྱེད་དུ་མི་བཞེད་པ་བཞིན་ནོ། །ཕན་ཐོགས་པར་གྱུར་ཅིག ། ༥༦༽ རྡོ་རྗེ་ཕག་མོའི་བྱིན་རླབས་ལས། །སྡོམ་པ་འབོགས་པའི་ཆོ་ག་དང་། །དཀྱིལ་འཁོར་དང་ནི་དབང་བསྐུར་བ། །རང་ལུགས་ལ་ཡང་མི་བཞེད་དམ། །ཞེས་པའི་ལན་ནི། སིན་དྷཱུ་ར་ཡི་དཀྱིལ་འཁོར་དུ་སློབ་མ་བཅུག་ནས་བྱིན་རླབས་ལ་དབང་བཞིའི་ཐ་སྙད་ཙམ་ཞིག་ཡོད་པ་དེང་སང་ཕྱག་ལེན་ལ་ཡོད་པ་འདི་ལ་ཟེར་བ་ཡིན་ན་ནི། སྔགས་སྡོམ་གསར་དུ་འབོགས་པའི་ཆོ་ག་མ་ཡིན་ཏེ། སྔར་སྔགས་སྡོམ་ཐོབ་ཟིན་པ་ལ་ཡེ་ཤེས་སྐྱེ་བའི་སྣ་འདྲེན་དུ་བྱིན་རླབས་ཀྱི་ཆོ་ག་ཙམ་ཡིན་པར་རྩ་ལྟུང་འཁྲུལ་སྤོང་དང་། བསྟན་བཅོས་འདི་གཉིས་ཆར་དུ་གསལ་བར་གསུངས་བཞིན་དུ། ད་དུང་འདྲི་ན་ཧ་ཅང་ཐལ་བའི་ཕྱིར་རོ། །ཆ་གཅིག་ནས་བདེན་ཀྱང་བདེན་འདི་འདྲ་མང་པོ་ཡོད། གལ་ཏེ་དེར་རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་ཡོད་པས་སྡོམ་པ་གསར་དུ་འབོགས་པའི་ཆོ་གར་འགྱུར་རོ་སྙམ་ན་དེ་འདྲ་བ་ནི་མངོན་རྟོགས་རེ་རེ་བསྒོམ་པའི་སྔོན་འགྲོ་ལ་ཡང་དགོས་པས་སྡོམ་པ་གསར་དུ་འབོགས་པའི་ཆོ་ག་ཡིན་ནམ་ཅི། ། ༥༧༽ བྱིན་རླབས་ཆོས་སྒོར་མི་བཞེད་ན། །རྫོགས་རིམ་འགའ་ཞིག་ཉན་པའི་སར། །བྱིན་རླབས་ངེས་པར་མཛད་དེ་ཅི། །ཞེས་པའི་ལན་ནི། དྭགས་པོ་བཀའ་བརྒྱུད་པ་དག་གིས་ཆོས་སྒོའི་དོན། སྔར་སྨིན་བྱེད་མ་ཐོབ་ཀྱང་བྱིན་རླབས་དེ་ཉིད་བྱས་པས་ནཱ་རོ་ཆོས་དྲུག་ཉན་ཞིང་བསྒོམ་དུ་རུང་བར་འདོད་ལ། དེ་འདྲའི་ཆོས་སྒོ་ནི་འདིར་མི་བཞེད་དེ། གཞུང་ཉིད་དུ་བཀག་པའི་ལུང་རིགས་རྣམས་ལ་བལྟས་པས་གསལ་ལོ། །ཤིན་ཏུ་སྤྲོས་མེད་དང་། དྲིལ་བུ་རིམ་ལྔ་སོགས་རྫོགས་རིམ་འགའ་ཞིག་ཉན་པའི་སར་བྱིན་རླབས་ངེས་པར་མཛད་ཀྱང་། དེ་སྔར་གྱི་ཆོས་སྐོར་དེ་དང་གཏན་མི་གཅིག་སྟེ། བྱིན་རླབས་དེ་ཉིད་ཀྱི་སྔོན་དུ་སྨིན་བྱེད་འགྲོ་དགོས་པར་བཞེད་པའི་ཕྱིར་རོ། །དྲི་བ་འདི་ཡང་གཞི་མེད་པ་ཙམ་མོ། ། ༥༨༽ རང་བྱུང་ནས་ནི་ཚུར་ཤོག་བར། །སྔོན་ཆོག་ཡིན་པར་གང་དུ་བཤད། །ཅེས་པའི་ལན་ནི། དེ་དག་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པར་བྱེད་པའི་ཆོ་ག་ཁྱད་པར་ཅན་གང་ཞིག ད་ལྟར་གྱི་ཆོ་ག་མ་ཡིན་པ་ལ་དགོངས་ནས་སྔོན་ཆོག་དུ་བཞེད་པ་ཡིན་ལ། རྒྱ་ཆེར་འགྲེལ་ལས། མདོ་རྩའི་ཐོག་མར་འབྱུང་བའི་གསོལ་བ་དང་གཞིའི་ལས་ཀྱི་ཅིག་ཆར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་ཆོ་ག་ཁོ་ན་ལ་སྔོན་ཆོག་ཏུ་བཤད་པ་ནི་ལུང་གཞིའི་རབ་བྱུང་གི་གཞིའི་སྐབས་ནས་བཤད་པའི་ཆོ་ག་ལ་སྔོན་ཆོག་དང་། ད་ལྟར་གྱི་ཆོ་ག་གཉིས་སུ་ཕྱེ་བའི་ཚེ་འདི་ཁོ་ན་སྔོན་ཆོག་ཡིན་ཞེས་པའི་དོན་ཡིན་གྱི་སྔོན་ཆོག་ཐམས་ཅད་དེར་ངེས་པར་སྟོན་པ་ནི་མ་ཡིན་ནོ། ། ༥༩༽ གསང་བ་སྤྱི་རྒྱུད་དག་ལས་ནི། །དཀྱིལ་འཁོར་དག་ཏུ་འཇུག་པ་ཡི། །སློབ་མ་གཉིས་དང་བཞི་ལ་སོགས། །ཟུང་དུ་བཤད་པའང་འགའ་ཞིག་ཡོད། །ཅེས་པའི་ལན་ནི། སྤྱི་རྒྱུད་ལས། བླ་མས་སློབ་མ་གཅིག་པུ་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བྱ། །མཁས་པས་ཅིག་ཆར་སློབ་མ་གཉིས། །དབང་བསྐུར་བ་ནི་ཡོངས་མི་བྱ། །གསུམ་མམ་གཉིས་སམ་བཞི་ཡང་རུང་། །བླ་མས་དབང་བསྐུར་བྱ་བ་ནི། །ཡོ་བྱེད་གསར་པ་གཞན་རྣམས་ཀྱི། །ཐམས་ཅད་སོ་སོར་སོ་སོར་བྱ། །རིག་སྔགས་དབང་ནི་ཐོས་པ་ལ། །སྒྲུབ་པའི་དཀྱིལ་འཁོར་དབང་བསྐུར་བྱ། །དབང་བསྐུར་བ་ཡི་ཆོ་ག་དང་། །སྒྲུབ་པའི་ཆོ་གའང་དེ་བཞིན་བྱ། །ཞེས་གསུངས་པ་འདི་ལ་འཁྲུལ་པ་ཡིན་པ་འདྲ། དེ་ལས་གཞན་སློབ་མ་གཉིས་སམ་བཞི་དཀྱིལ་འཁོར་དུ་འཇུག་པ་སྟོན་པའི་ཚིག་རྒྱུད་དེའི་ནང་ན་མི་སྣང་ངོ་། །ལུང་དེའི་དོན་སྟ་གོན་དང་། འཇུག་པ་དང་། ཆུ་དང་ཅོད་པཎ་གྱི་དབང་རྣམས་གཅིག་ནས་ཉི་ཤུ་རྩ་ལྔའི་བར་ཟུང་དུ་མ་གྱུར་པ་ལ་ཅིག་ཆར་བྱས་ནས་བསྒྲུབ་པའི་དཀྱིལ་འཁོར་གྱི་དབང་བསྐུར་བར་བྱ་བའི་ཚེ། སློབ་མ་གཅིག་ཁོ་ན་ལ་བྱ་བ་ཡིན་གྱི་གཉིས་དང་གསུམ་དང་བཞི་ལ་སོགས་པ་ལ་ཅིག་ཆར་མི་རུང་བར་རྒྱུད་དེར་གསལ་བར་གསུངས་ལ། གལ་ཏེ་དུ་མ་ལ་བྱ་དགོས་ན་ཡོ་བྱད་གསར་པ་སྦྱར་ནས་རེ་རེ་བཞིན་དུ་སོ་སོར་བྱ་བར་དངོས་སུ་གསུངས་བཞིན་དུ་དེའི་དོན་གཉིས་དང་བཞི་ལ་སོགས་པ་སློབ་མ་ཟུང་དུ་གྱུར་པ་ཅིག་ཆར་འཇུག་པ་ལ་འཆད་པ་ནི་བློ་གྲོས་རྩིངས་པའམ། ཧམ་པ་ཆེས་པའམ། བརྟག་དཔྱད་བྱ་ལོང་མ་བྱུང་བའམ། རང་དགར་ཅི་དྲན་སྨྲས་པར་ཟད་དོ། །གལ་ཏེ་གཉིས་དང་བཞི་ལ་སོགས་པ་དཀྱིལ་འཁོར་དུ་དབང་བསྐུར་བར་བཤད་འདུག་པས། དེ་དག་ཅིག་ཆར་དབང་བསྐུར་བ་ལས་འོས་མེད་པའི་ཕྱིར་ན་གཅིག་ནས་ཉི་ཤུ་རྩ་ལྔའི་བར་གྱི་ཟུང་དུ་མ་གྱུར་པ་བཟུང་བ་ལ་གནོད་དོ་སྙམ་ན། དེ་ནི་རྡོ་རྗེ་འཆང་ལ་ནང་འགལ་བཟུང་བར་སྣང་བས་འཇིགས་སུ་རུང་བའི་གནས་སུ་འདུག་ཅིང་། དེ་བས་དེང་སང་ལམ་འབྲས་འཆད་པ་པོ་དག་ལ། རྒྱུ་དུས་དབང་བསྐུར་དུས་སུ་ནི། །སློབ་མ་ལྔ་བརྒྱ་དྲུག་བརྒྱ་སོགས། །ཟུང་དུ་གྱུར་པ་རྣམས་ལ་ནི། །དབང་བསྐུར་བྱེད་པའང་འགའ་ཞིག་མཐོང་། །ཞེས་པའི་སྒོ་ནས་ནང་འགལ་བཟུང་བར་རིགས་ཏེ། རྒྱུ་མཚན་མེད་པ་མཉམ་པོ་ལ་འདི་དེ་ལས་ཡུལ་མི་གཉན་པའི་ཕྱིར་རོ། ། ༦༠༽ ལྷ་ཡང་ཉི་མ་ཤར་བ་ན། །ངེས་པར་མཆོད་ནས་གཤེགས་དགོས་ན། །སྟ་གོན་དངོས་གཞིའི་བར་དུ་ཡང་། །མཆོད་ནས་གཤེགས་གསོལ་བྱེད་དགོས་སམ། །སློབ་མའི་དབང་དང་སློབ་དཔོན་གྱི། །དབང་གི་བར་དུ་ཞག་གིས་ནི། །ཆོད་པ་དག་ལའང་དེ་བཞེད་དམ། །ཞེས་པའི་ལན་ནི། ལྷ་ཡང་ཉི་མ་ནུབ་པ་ན། །ངེས་པར་བྱིན་གྱིས་རླབས་ཀྱིས་འདུ། །ཉི་མ་ཤར་བར་མ་གྱུར་བར། །མཆོད་ནས་གཤེགས་སུ་གསོལ་བ་ཤིས། །ཞེས་པའི་ཚིག་འདི་བསྟན་བཅོས་རྩོམ་པ་པོ་འདིའི་ཚིག་ཡིན་སྙམ་ནས་སུན་འབྱིན་པར་སྣང་མོད། དེ་ནི་གསང་བ་སྤྱི་རྒྱུད་ཀྱི་རྒྱུད་ཚིག་ཡིན་པས་ཁྱོད་ཅི་སྙམ་པ་ཡིན། གལ་ཏེ་རྒྱུད་ཚིག་ཡིན་ཀྱང་སུན་འབྱིན་ནོ་སྙམ་ན། སངས་རྒྱས་རྡོ་རྗེ་འཆང་གི་རྗེས་སུ་འབྲང་བའི་སྔགས་པ་རྣམས་འདུས་ནས་ཅི་དྲག་བཀའ་གྲོས་ཅིག་དགོས་པར་འདུག ད་ལན་རེ་ཤིག་བཞག་གོ ། ༦༡༽ དཀྱིལ་འཁོར་གཞན་དུ་མ་ཞུགས་པར། །རྡོ་རྗེ་སློབ་དཔོན་དྲིལ་བུ་པའི། །དབང་གི་ཆོ་གས་གསང་སྔགས་ཀྱི། །སྡོམ་པ་ཐོབ་བམ་མི་ཐོབ་དྲི། །ཞེས་པའི་ལན་ནི། སྐུ་ནས་འདིར་སོང་ནས་དྲི་བ་འདི་འདྲ་བྱེད་པ་མཐོང་ཙ་ན། རྗེ་བླ་མའི་བཀའ་དྲིན་ཡང་ཡང་དྲན། འདིའི་ལག་ལེན་ཨེ་ཝྃ་ཆོས་ལྡན་གྱི་སྲང་སྦྲག་ཚོན་བྲུལ་ནས་ཀྱང་ཡོད་སྒྲུབ་མཁན་བཏང་བས་ཁྱབ། ། ༦༢༽ རྡུལ་ཚོན་མིན་པར་སྨིན་བྱེད་ཀྱི། །དབང་བསྐུར་དེང་སང་མི་རུང་ན། །འཁོར་ལོ་སྡོམ་པའི་རས་བྲིས་ཀྱི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་ནས། །ཕག་མོའི་བྱིན་རླབས་མཛད་འདི་ཅི། །ཞེས་པའི་ལན་ནི། འདི་ལ་རྒྱ་གར་ན་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། ནཱ་རོ་པས། དབང་མདོར་བསྟན་གྱི་འགྲེལ་པར། དབང་བདུན་པོ་འདི་དག་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་སྤངས་ནས། གཞན་རས་བྲིས་ལ་སོགས་པར་བསྐུར་བར་བྱ་བ་མ་ཡིན་ཏེ། ཞེས་རྡུལ་ཚོན་ཁོ་ན་དགོས་པར་བཞེད་པ་དང་། ཀྱཻ་རྡོ་རྗེའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྣལ་འབྱོར་དབང་ཕྱུག་གིས་ཐོག་མར་རྒྱུད་སྨིན་པ་ལ་དབང་གི་མངོན་པར་རྟོགས་པ་བདུན་ལྡན་དགོས་པས་རྡུལ་ཚོན་ཁོ་ན་དགོས་པར་བཞེད་པ་ནི་སྲོལ་ཆེན་པོ་གཅིག་ཏུ་སྣང་ངོ་། །ཡང་ཨ་བྷི་དྷ་ན་ལས། དཀྱིལ་འཁོར་དྲུག་གསུངས་པའི་ནང་ནས་རས་བྲིས་ཀྱི་དཀྱིལ་འཁོར་གཅིག་ཏུ་གསུངས་པའི་རྗེས་སུ་འབྲངས་ནས། སློབ་དཔོན་དགའ་རབ་རྡོ་རྗེ་དང་། རྡོ་རྗེ་དྲིལ་བུ་པས། སྨིན་བྱེད་ལ་རས་བྲིས་རུང་བར་གསུངས་ཤིང་། དེ་བཞིན་དུ་གྲུབ་ཆེན་ཀླུའི་བྱང་ཆུབ་ཀྱིས། སློབ་མའི་དོན་ཀུན་འགྲུབ་བྱའི་ཕྱིར། །འཁོར་ལོ་རྣམ་བརྒྱད་བྲི་བར་བྱ། །ཞེས་དཀྱིལ་འཁོར་བརྒྱད་གསུངས་པའི་ནང་དུ་ཡང་རས་བྲིས་ཀྱི་དཀྱིལ་འཁོར་གསུངས་པ་དང་། སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་རས་བྲིས་ལ་བརྟེན་པ་མཛད་པ་རྣམས་ནི་སྲོལ་ཆེན་པོ་གཅིག་ཏུ་སྣང་ངོ་། །དེ་ལ་བསྟན་བཅོས་འདིར་ལམ་གྱི་རིམ་པ་ཐམས་ཅད་བིརྺ་པའི་དགོངས་པ་གཞིར་གཞག་ནས་རྡུལ་ཚོན་དགོས་པར་གསུངས་ལ། བདེ་མཆོག་གི་སྐབས་སུ་རྗེ་ས་ཆེན་གྱིས་ནག་པོ་དཀྱིལ་ཆོག་རས་བྲིས་ལ་བརྟེན་པ་མཛད་པ་ལྟ་བུ། རས་བྲིས་ཀྱང་བཞེད་པས་འཁོར་ལོ་བདེ་མཆོག་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་ཕག་མོའི་བྱིན་རླབས་མཛད་པ་ཡང་དགོངས་པ་དེ་བཞིན་དུ་ཤེས་པར་བྱའོ། །འདི་ཡང་དོགས་གཅོད་དགོས་པའི་དྲི་བར་སྣང་ངོ་། ། ༦༣༽ སྨིན་བྱེད་མིན་པའི་དབང་བསྐུར་ལས། །སྡོམ་གསུམ་ཐོབ་པ་ཡོད་དམ་མེད། །མེད་ན་དེ་ལས་གང་ཞིག་ཐོབ། །ཡོད་ན་དེ་ཡང་སྨིན་བྱེད་དུ། །ཐལ་བར་འགྱུར་བ་མ་ཡིན་ནམ། །དེས་ན་སྨིན་བྱེད་མིན་པ་ཡི། །དབང་བསྐུར་བཞེད་དམ་མི་བཞེད་དྲི། །ཞེས་པའི་ལན་ནི། ཐོག་མར་སེམས་བསྐྱེད་བླངས་ནས་ནི། །དེ་རྗེས་སེམས་བསྐྱེད་ཆོ་ག་ལས། །སྡོམ་པ་ཐོབ་པ་ཡོད་དམ་མེད། །མེད་ན་དེ་ལས་གང་ཞིག་ཐོབ། །ཡོད་ན་དེ་ཡང་དང་པོ་ཡི། །སེམས་བསྐྱེད་ཆོ་གར་འགྱུར་མིན་ནམ། །ཞེས་ཁྱོད་ཉིད་ལ་ཕར་འདྲི་སྟེ། དེའི་ལན་གང་སྨྲས་པ་དེ་ཉིད་འདིའི་ལན་གྱི་ཆེད་དུ་བཏང་བར་བྱའོ། །དེས་ཚིག་རྐང་ཕྱི་མ་གཉིས་ཀྱི་ལན་ཀྱང་འགྲུབ་མོད། རྗེ་བཙུན་གྱི་དབང་གི་རབ་དབྱེ་བཅུ་གཉིས་གསུངས་པ་མཐོང་ན་འདི་འདྲའི་དྲི་བ་གང་ན་སྲིད། དེ་ལ་ཡིད་མི་ཆེས་ན་ཡང་། རྒྱུ་དུས་དང་ལམ་དུས་ཀྱི་དབང་གི་ཁྱད་པར་ཙམ་ཞིག་ཤེས་ན་ཡང་སྨིན་བྱེད་མ་ཡིན་པའི་དབང་བསྐུར་བཞེད་མི་བཞེད་དྲི་བའི་དོན་མེད་དོ། །འོ་ན་ཡང་ཐུགས་མེད་དེ། འོས་མེད་པའི་ཕྱིར་རོ། ། ༦༤༽ རྒྱུད་སྡེ་འོག་མ་གསུམ་པོ་ལ། །དབང་བཞི་རིམ་གཉིས་མི་རུང་ན། །རྒྱུད་སྡེ་གོང་མའི་རྒྱས་བཀབ་ནས་རུང་བར་འཆད་པ་འདི་ཅི་ཞིག ཅེས་པའི་ལན་ནི། རྒྱུད་སྡེ་འོག་མ་གསུམ་གྱི་ཆོ་ག་རང་རྐང་ལ་དབང་བཞི་རིམ་གཉིས་མེད་ཀྱང་། རྒྱུད་སྡེ་འོག་མའི་ལྷ་ལ་རྒྱུད་སྡེ་གོང་མའི་ཆོ་གས་རྒྱས་བཀབ་པའི་ཚེ། རུང་བ་དེ་ཉིད་ཡིན་པས་ཁྱེད་རང་གིས་རྒྱུ་མཚན་བཀོད་བཞིན་དུ་གཞན་ལ་རྒྱུ་མཚན་དྲི་བ་འདི་རྒོལ་ཕྱིར་རྒོལ་གཉིས་ལ་དོན་མེད་དོ། །དཔེར་ན། མགར་བས་མགར་བའི་ལས་བྱེད་ཚེ། །བྲོ་བའི་སྟང་སྟབས་མི་རུང་ན། །བྲོ་བའི་ནང་དུ་ཞུགས་པའི་ཚེ། །སྟང་སྟབས་བྱེད་པ་འདི་ཅིག་ཞིག །ཅེས་པ་དང་མཚུངས་སོ། །སྤྱིར་འདི་འདྲའི་རིགས་ཅན་ཀུན་ལ་རྒྱུད་སྡེ་དེའི་ལྷ་དང་། རྒྱུད་སྡེ་དེའི་ཆོ་ག་གཉིས་མ་ནོར་བ་གལ་ཆེ་ཡང་ཕལ་ཆེར་ནི་དེ་གཉིས་མ་ཕྱེད་བཞིན་དུ་འཆད་རྩོད་རྩོམ་གསུམ་ལ་ཞུགས་པར་སྣང་ངོ་། ། ༦༥༽ རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །སྨིན་གྲོལ་གཉིས་ལ་འབད་དགོས་ཤིང་། །སྨིན་གྲོལ་རིམ་གཉིས་ལ་བཞེད་ན། །རྒྱུད་སྡེ་འོག་མའི་རང་རྐང་ལས། །སངས་རྒྱས་བསྒྲུབ་པ་ཇི་ལྟར་བྱ། །དེ་ལའང་སྨིན་གྲོལ་མི་བཞེད་དམ། །ཞེས་པའི་ལན་ནི། བསྟན་བཅོས་འདིའི་སྔགས་སྡོམ་གྱི་སྐབས་འདིར་རྡོ་རྗེ་ཐེག་པ་ཞེས་སྤྱིར་བཏང་བ་ཕལ་ཆེར་སྐབས་ཀྱིས་བླ་མེད་ལ་འཇུག་པས་དེའི་སྨིན་གྲོལ་གཉིས། དབང་བཞི་དང་། རིམ་གཉིས་ལ་བཞེད་པ་ཡིན་གྱི། རྒྱུད་སྡེ་འོག་མ་གསུམ་ལ་རང་རང་གི་སྨོན་གྲོལ་ཡོད་ཀྱང་། དབང་བཞི་དང་། རིམ་གཉིས་ཡོད་མི་དགོས་སོ། །རྒྱུད་སྡེ་འོག་མའི་རང་རྐང་ལས། སངས་རྒྱས་བསྒྲུབ་པའི་ཚུལ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་འདྲ་བར་ས་བཅུ་པའི་བར་དུ་སྒྲུབ་ནུས་པ་ཡིན་གྱི་བླ་མེད་ལ་མ་ཞུགས་པར་སྦས་པའི་ས་གསུམ་བགྲོད་མི་ནུས་པས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་སྒྲུབ་པ་ལ་དགོངས་ནས། བླ་མེད་ཀྱི་སྨིན་གྲོལ་ཁོ་ན་དགོས་པར་གསུངས་པ་སྟེ། འདི་དག་གི་རྣམ་གཞག་རྒྱས་པར་གཞན་དུ་ཤེས་པར་བྱའོ། །ས་བཅུ་གཅིག་པ་ཕ་རོལ་ཏུ་ཕྱིན་པའི་འབྲས་བུར་བཞག་པ་ནི་ས་བཅུ་པ་མན་ཆད་རང་ལམ་གྱིས་བགྲོད་ནུས་ཤིང་དེ་ཡང་ལམ་དུ་འདོད་ལ། རང་ལུགས་ཀྱི་འབྲས་བུའི་རྣམ་གཞག་གཅིག་ཀྱང་དགོས་པས་དེ་ཉིད་ཀྱི་དབང་དུ་བྱས་པ་ཡིན་གྱི། བླ་མེད་ལ་མ་ཞུགས་པར་ལམ་རང་ཉིད་ཀྱིས་ཐོབ་པར་མི་ནུས་པའི་གནད་ཀྱང་ཡོད་མོད་ཀྱི་ད་དུང་གཞན་གྱིས་རྟོགས་པར་དཀའོ། ། ༦༦༽ རང་རང་གཞུང་བཞིན་བྱས་ཆོག་ན། །དབང་དང་རིམ་གཉིས་མི་ལྡན་པས། །རྡོ་རྗེ་ཐེག་པའི་བསྟན་པ་མིན། །ཞེས་སོགས་གསུངས་པ་ཅི་ལ་དགོངས། །ཞེས་པའི་ལན་ནི། རྒྱུད་སྡེ་འོག་མ་གསུམ་པོ་ཆོས་ཅན། རྡོ་རྗེ་ཐེག་པའི་བསྟན་པ་མ་ཡིན་པར་ཐལ། དབང་དང་རིམ་གཉིས་མི་ལྡན་པའི་ཕྱིར། འདོད་ན། དེ་ཡིན་པར་ཐལ། རང་རང་གི་གཞུང་བཞིན་དུ་བྱས་ཆོག་པ་གང་ཞིག རང་རང་གི་གཞུང་ནས་བསྟན་པ་དེ་རྡོ་རྗེ་ཐེག་པའི་བསྟན་པ་ཡིན་པའི་ཕྱིར། ཞེས་པ་འདི་འདྲི་བའི་དོན་ཡིན་ན་ནི། རྡོ་རྗེ་ཐེག་པ་སྤྱིར་བཏང་གི་དོན་སྔར་བཤད་པ་བཞིན་རྟོགས་ན། ལན་རང་གྲོལ་དུ་འགྲོའོ། །དྲིས་པའི་ཚིག་ལ་དེ་ལས་གཞན་པའི་ཨརྠ་ན་ཧི། ། ༦༧༽ དབང་བསྐུར་སེམས་བསྐྱེད་མ་ཐོབ་ཀྱང་། །དོན་ཞགས་ལ་སོགས་བསྒྲུབ་རུང་ན། །དོ་སྐོར་བ་ཡི་དྲིས་ལན་ལས། །རྣམ་རྒྱལ་དོན་ཞགས་ལ་སོགས་ལ། །སེམས་བསྐྱེད་ཐོབ་ནས་སྤྱོད་དགོས་པར། །གསུངས་པའི་དགོངས་པ་གང་དུ་བཙལ། །ཞེས་པའི་ལན་ནི། དབང་བསྐུར་སེམས་བསྐྱེད་མ་ཐོབ་ཀྱང་། དོན་ཞགས་ལ་སོགས་བསྒྲུབ་ཏུ་རུང་བར་གསུངས་པ་ནི་ལས་སྒྲིབ་འདག་པའི་ཆེད་དུ་སྨྱུང་གནས་ཀྱི་ཆོ་ག་ལ་དགོངས་ལ། འཇུག་པ་སེམས་བསྐྱེད་ཐོབ་ནས་སྤྱོད་དགོས་པར་གསུངས་པ་ནི་སྒྲུབ་པའི་ཐབས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྒྲུབ་པ་ལ་དགོངས་ཏེ། སྤྱོད་པའི་དོན་ཡང་དབང་བསྐུར་དང་རྗེས་གནང་ཡང་ཐོབ་དགོས་པའོ། ། ༦༨༽ བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་གྱི། །སྒོམ་ཆེན་གང་དེ་ཕ་རོལ་ཏུ། །ཕྱིན་པའི་སྒོམ་ཆེན་དུ་བཞེད་དམ། །ཞེས་པ་འདི་འོག་སྤྱོད་པ་ལ་ལོག་རྟོག་འགོག་པའི་སྐབས་སུ་འོང་རྒྱུར་འདུག་ནའང་། འདིར་བྲིས་འདུག་པའི་ལན་ནི། གཞུང་ལས། རིམ་པ་གཉིས་པོ་མི་བསྒོམ་པའི། །སྒོམ་ཆེན་བཟང་ཡང་ཕ་རོལ་ཏུ། །ཕྱིན་པའི་སྒོམ་ཆེན་ལས་མ་འདས། །མདོ་ལས་ཡུལ་ཆེན་དེ་དག་ཏུ། །འགྲོ་བའི་ཆོ་ག་བཤད་པ་མེད། །ཅེས་པ་འདི་སྤྱོད་པ་བྱེད་པའི་གང་ཟག་ལ་ལོག་རྟོག་འགོག་པའི་སྐབས་ཡིན་ལ། འདིའི་སྒོམ་ཆེན་གྱི་དོན་ས་ལམ་གྱི་རྟོགས་པ་བསྐྱེད་པ་ཡིན་པས། སྤྱོད་པའི་སྒོ་ནས་ས་ལམ་གྱི་རྟོགས་པ་བསྐྱེད་པ་ལ་ལུས་ལ་གནད་དུ་བསྣུན་པའི་སྒོ་ནས་བསྐྱེད་དགོས་ཤིང་། དེ་ཡང་བླ་མེད་ཁོ་ན་ལ་ཡོད་ལ། རིམ་གཉིས་མི་བསྒོམ་པའི་ལམ་གྱི་རྟོགས་པ་བསྐྱེད་ཚུལ་ནི། སེམས་ལ་གནད་དུ་བསྣུན་ནས་བསྐྱེད་པ་ཡིན་པས་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ས་ལམ་གྱི་རྟོགས་པ་བསྐྱེད་ཚུལ་ཡིན་པ་ལ་དགོངས་ནས་དེའི་སྒོམ་ཆེན་ཞེས་གསུངས་པ་ཡིན་གྱི། རིམ་གཉིས་མི་བསྒོམ་པའི་ཉམས་ལེན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་དང་། དེའི་གང་ཟག་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་གང་ཟག་ཏུ་སྟོན་པ་མ་ཡིན་ནོ། །དེས་ན་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་གྱི་ས་ལམ་གྱི་རྟོགས་པ་བསྐྱེད་ཚུལ་དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་བསྐྱེད་ཚུལ་ལས་མ་འདས་པས་སྤྱོད་པའི་རྣམ་བཞག་མེད་ཅེས་པ་སྟེ་རྣམ་བཤད་དུ་གསལ་བར་བཤད་ཟིན་ཏོ། ། ༦༩༽ ཕར་ཕྱིན་ཐེག་པས་འཚང་རྒྱ་བ། །སྔགས་ཀྱི་ཐེག་པའི་ཉེ་ལམ་ལ། །ལྟོས་པར་བཞེད་ན་འདི་ཉིད་ལས། །གཏུམ་མོ་ལ་སོགས་ཐབས་ལམ་བྲལ། །ཕྱག་རྒྱ་ཆེན་པོའི་ཐ་སྙད་མེད། །ཅེས་སོགས་གསུངས་པ་ཅི་ལ་དགོངས། །མི་ལྟོས་ན་ནི་བདག་མེད་མའི། །བསྟོད་པའི་འགྲེལ་པར་གསུངས་དེ་ཅི། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །དེ་ལ་མི་ལྟོས་བཅུ་གསུམ་པ། །སྔགས་ལ་ལྟོས་པར་བཞེད་ཅེ་ན། །ཀུན་ཏུ་འོད་ས་བཅུ་གཅིག་པ། །ཡིན་པར་སྔགས་གཞུང་གང་ལས་གསུངས། །ཞེས་པའི་ལན་ནི། ཕར་ཕྱིན་ཐེག་པས་སྔགས་ཀྱི་ཉེ་ལམ་ལ་མི་ལྟོས་པར་ས་བཅུའི་བར་བསྒྲོད་ནུས་ཤིང་། གྲངས་མེད་གསུམ་གྱི་དཀའ་སྤྱད་ཀྱང་དེའི་བར་དུ་ཡིན་ཏེ། ས་བཅུ་པ་ཐོབ་ནས་ཉེ་རྒྱུའི་སྤྱོད་པས་ཇི་ལྟར་རིང་ན་ཡང་ཞག་བདུན་གྱིས་རྡོ་རྗེ་འཛིན་པའི་ས་ཐོབ་པར་རྡོ་རྗེ་གུར་ལས་གསུངས་པས་སོ། །དེས་ན་དེའི་བར་དུ་སྔགས་ལམ་ལ་མི་ལྟོས་པ་ལ་དགོངས་ནས། གལ་ཏེ་འདི་བཞིན་བསྒྲུབ་འདོད་ན། །རྡོ་རྗེ་ཕག་མོའི་བྱིན་རླབས་མེད། །ཅེས་སོགས་གསུངས་པར་གཞུང་ཉིད་ན་གསལ་བས་དོགས་པ་འདིའང་གཞི་མེད་པ་ཙམ་ཡིན་ནོ། །རྫོགས་པའི་སངས་རྒྱས་ལམ་པོ་ཆེ། །ཞེས་དང་། རྫོགས་པའི་སངས་རྒྱས་ཐོབ་པར་གསུངས། །ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་བས་རང་ལུགས་ཀྱི་ལམ་དེ་སྤང་རྟོགས་མཐར་ཐུག་གི་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པས་དེའི་ལུགས་བཀོད་པ་ཡིན་གྱི། ལམ་དེས་ས་བཅུ་པའི་བར་དུ་བགྲོད་ཟིན་ནས། ས་གོང་མ་གསུམ་བགྲོད་པ་ནི་སྔགས་ཀྱི་ཐེག་པའི་ཉེ་ལམ་ལ་ངེས་པར་ལྟོས་པས། བདག་མེད་བསྟོད་འགྲེལ་དང་། མི་འགལ་བའི་སྟེང་དུ་གནད་གཅིག་ཏུ་འདུས་པར་འོང་སྟེ། འདི་དག་ཀྱང་རྒྱུད་ཀྱི་རྒྱལ་པོ་སཾ་བུ་ཊིའི་སྟེང་དུ། རྗེ་བཙུན་གོང་མ་འཁྲུལ་པ་ཟད་པ་དག་གིས་བཀྲལ་བའི་སྲོལ། ཡོངས་འཛིན་མཁས་པའི་དྲུང་དུ་ཡུན་རིང་དུ་ཉན་པ་ལས་རྟོགས་དགོས་ཀྱི། ཡིག་ཆ་ཟུར་རེ་རེ་མཐོང་བ་ཙམ་གྱིས་མགར་བ་གསར་པའི་ལག་པ་བཞིན་དུ། ལྕགས་སྐམ་གང་ལ་འཇུ་ཙབ་ཙོབ་ཏུ་གྱུར་པ་དག་གིས་ད་དུང་ངེས་ཤེས་སྐྱེ་བ་དཀའོ། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་སྔགས་ལམ་ལ་མི་ལྟོས་པར་མི་འདོད་པ་ནི་བཤད་ཟིན་ལ། བཅུ་གཅིག་པ་ལ་ཀུན་ཏུ་འོད་ཀྱི་སར་སྔགས་གཞུང་གང་ལས་བཤད་ན། བདེ་མཆོག་རྩ་རྒྱུད་དང་། སཾ་བུ་ཊི་ལས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྒོ་བསྟུན་པའི་དབང་དུ་བྱས་ནས་ཉེ་བའི་དུར་ཁྲོད་ཀྱི་བར་ས་བཅུ་ལས་མ་གསུངས་ཀྱང་། རྩ་རྒྱུད་བརྟག་གཉིས་ལས། དེའི་སྟེང་དུ་འཐུང་གཅོད་དང་། ཉེ་བའི་འཐུང་གཅོད་གཉིས་བསྣན་ནས་བཅུ་གཉིས་གསུངས་པ་ནི་བྱང་ཆུབ་སེམས་དཔའི་སའི་དབང་དུ་བྱས་པའོ། །ཕྱི་མ་འདི་གཉིས་ལ། རྒྱུད་རྒྱས་པའི་ལུང་ཀུ་མུ་ཏིར་དྲངས་པ་ལས། འཐུང་གཅོད་དཔེ་མེད་ཡེ་ཤེས་ཏེ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཆེ། །ཞེས་གསུངས་ཞིང་། ཨ་བྷི་དྷ་ན་ལས་ཀྱང་། དཔེ་མེད་ས་དང་ཡེ་ཤེས་ཆེ། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་གསུངས་སོ། །འདི་གསུམ་ལ་དགོངས་པ་ལུང་སྟོན་པའི་རྒྱུད་ལས། འཇིག་རྟེན་དང་ནི་འཕགས་པའི་ཆོས། །སྔ་མ་ཀུན་གྱིས་བསྐྲུན་མེད་ཅིང་། །དེ་ཕྱིར་ཀུན་ཏུ་འོད་འགྱེད་པ། །དཔེ་མེད་ཡེ་ཤེས་ཞེས་སུ་བཤད། །ཐུབ་པའི་སྤྱོད་ཡུལ་མ་གཏོགས་པ། །རྒྱལ་སྲས་ཀུན་གྱི་ས་ལས་བརྒལ། །ཤེས་བྱ་ཀུན་ལ་འཇུག་ཆོས་ཅན། །ས་དེ་ཡེ་ཤེས་ཆེན་པོར་བཞེད། །སངས་རྒྱས་རྣམས་ཀྱིས་གང་བརྟེན་པའི། །སར་གྱུར་དེ་ནི་བཅུ་གསུམ་པ། །ཞེས་གསུངས་པ་འདིའང་དེ་སྟོན་པའི་སྔགས་གཞུང་ཡིན་ནོ། །ཡེ་ཤེས་ཐིག་ལེའི་རྒྱུད་ལས། མོས་པས་སྤྱོད་པ་ས་དང་པོ། གཉིས་པ་རབ་ཏུ་དགའ་བ་ཅེས་པ་ནས་དགུ་པ་ལེགས་པའི་བློ་གྲོས། དེ་རྣམས་ནི་བྱང་ཆུབ་སེམས་དཔའོ། །ཆོས་ཀྱི་སྤྲིན་ནི་སངས་རྒྱས་ཀྱི་ས། ཀུན་ཏུ་འོད་ཀྱི་ས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས། ཀུན་ཏུ་སྣང་བ་མཆེད་པའི་འོད་ནི་དཔལ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུའི་ས། ཀུན་ཏུ་སྣང་བ་ཐོབ་པའི་འོད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ས། ཡང་དག་འོད་ནི་ཆོས་ཀྱི་སྐུའི་ས། བརྗོད་དུ་མེད་པའི་ཚད་མེད་པ་ནི་བདེ་བ་ཆེན་པོའི་ས་སྟེ། དེ་ཀུན་དགའ་བའི་བྱེ་བྲག་ལ། །སར་ནི་ཀུན་ཏུ་བཏགས་པ་ཡིན། །ཞེས་པ་འདི་ཡང་དེ་སྟོན་པའི་སྔགས་གཞུག་ཡིན་ནོ། ། ༧༠༽ ས་བཅུའི་ཐ་མར་བདུད་བཏུལ་བའི། །བཤད་པ་གཞུང་ལུགས་གང་ན་བཞུགས། །ཞེས་པའི་ལན་ནི། མངོན་རྟོགས་རྒྱན་དང་རྒྱུད་བླ་གཉིས་ན་བཞུགས་ཏེ། རྒྱན་ལས། ཐབས་མཁས་སྦྱོར་བའི་ཡུལ་ལ་ཐབས་མཁས་བཅུའི་ཐོག་མར། དགྲ་རྣམས་ལས་ནི་འདས་པ་དང་། །ཞེས་པ་དང་། དེའི་འགྲེལ་པར་བར་ཆད་ཀྱི་ཆོས་ལས་ཡང་དག་པར་བརྒལ་བས་ལྷ་ལ་སོགས་པའི་བདུད་ལས་འདས་པ་དང་། ཞེས་གསུངས་ཞིང་། ཡུལ་ཐབས་མཁས་བཅུ་པོ་སངས་རྒྱས་ཀྱི་ས་ཁོ་ནར་བཞག་པས་བདུད་བཞི་སྤངས་པ་སངས་རྒྱས་ཀྱི་ས་ཁོ་ནར་འགྲུབ་པའི་ཕྱིར་དང་། རྒྱུད་བླར། ལས་ཉོན་གྱི་དབང་གིས་བྱུང་བའི་སྐྱེ་རྒ་ན་འཆི་བཞི་དང་། མ་རིག་པ་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་ལ་བརྟན་ནས་འབྱུང་བའི་སྐྱེ་རྒས་ན་འཆི་བཞི་སྟེ། བཞི་ཚན་གཉིས་ལས་དང་པོ་ས་དང་པོ་ནས་སྤངས་ཏེ། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པས་སོ། །ཕྱི་མ་སངས་རྒྱས་ཀྱི་ས་ཁོ་ནར་སྤངས་ཏེ། སྐྱེ་བ་མེད་ཅིང་འཆི་བ་མེད། །གནོད་མེད་རྒ་བ་མེད་པ་སྟེ། །དེ་ནི་རྟག་དང་བརྟན་ཕྱིར་དང་། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །དེ་ནི་ཡིད་ཀྱི་རང་བཞིན་གྱི། །ལུས་ཀྱི་སྐྱེ་མེད་བརྟག་པའི་ཕྱིར། །བསམ་མི་ཁྱབ་གྱུར་འཆི་འཕོ་ཡིས། །དེ་ནི་མི་འཆི་བརྟན་པའི་ཕྱིར། །བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། །གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། །ཟག་མེད་མངོན་པར་འདུ་བྱེད་ཀྱིས། །གཡུང་དྲུང་ཕྱིར་ན་རྒ་བ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་བདུད་བཞི་ལ་ཡང་ཚན་པ་གཉིས་ཡོད་པ་ལས། དང་པོའི་དབང་དུ་བྱས་པ་ས་དང་པོ་ནས་སྤངས་ཀྱང་ཕྱི་མའི་དབང་དུ་བྱས་པ་སངས་རྒྱས་ཀྱི་ས་ཁོ་ནར་སྤངས་པ་གསལ་བའི་ཕྱིར་ཏེ། འཆི་བདག་གི་བདུད་སྤངས་པ་ལ་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་སྤངས་དགོས་པའི་ཕྱིར། འདི་ཇི་ལྟར་ཤེས་ན་བྱང་ཆུབ་ཀྱི་ལེའུར་ཆོས་སྐུ་རྟག་པའི་རྒྱུ་གསུམ་གྱི་དང་པོ་འཆི་བའི་བདུད་བཅོམ་ཞེས་གསུངས་ལ། དེ་ཉིད་རྒྱས་བཤད་དུ། འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །ཞེས་གསུངས་པས་ཤེས་སོ། །སྟོན་པས་སྲོད་ལ་ལྷའི་བུའི་བདུད་བཅོམ། ཐོ་རངས་ཉོན་མོངས་པའི་བདུད་བཅོམ། ཡངས་པ་ཅན་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་ཚེ་འཆི་བདག་གི་བདུད་བཅོམ། རྩྭ་མཆོག་གི་གྲོང་དུ་མྱ་ངན་ལས་འདས་པའི་ཚེ་ཕུང་པོའི་བདུད་བཅོམ་པར་བྱེ་བྲག་ཏུ་སྨྲ་བས་བཤད་པ་ནི་ཁོ་རང་གིས། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་སྟན་གཅིག་ལ་ཀུན། །ཞེས་གསུངས་པའི་དབང་དུ་བྱས་པ་ཡིན་ལ། ཐེག་པ་ཆེན་པོ་པས་ནི། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཞིང་སངས་རྒྱས་ཀྱི་ཞིང་དག་ན། ཞེས་སོགས་གསུངས་པ་ལྟར་བཞེད་པས་དེ་དག་ནི་གདུལ་བྱའི་ངོར་སྤྲུལ་པ་འབའ་ཞིག་ཏུ་བཞེད་ཀྱི་རང་རྒྱུད་པར་མི་བཞེད་དོ། །དེང་སང་སྡེ་སྣོད་འཛིན་པ་མཁས་པ་དག་གིས་ཀྱང་ཐེག་པ་ཆེན་པོའི་ལམ་དུ་བདུད་བཞི་སྤངས་པའི་ས་མཚམས་གཞན་དུ་བཤད་འདུག་པ་དག་ལ་ལུང་ཁུངས་གསལ་བ་མི་འདུག་ཅིང་། བདག་ཉིད་ཆེན་པོ་འདིས་ས་བཅུའི་ཐ་མར་བདུད་བཏུལ་བར་གསུངས་པ་སྔར་གྱི་གཞུང་ལུགས་ཆེན་པོ་གཉིས་ཀྱི་དགོངས་པར་གསལ་ཚུལ་འདིས་ཀྱང་གསུང་རབ་འཆད་པ་ལ་འཁྲུལ་པ་མེད་པར་ཡིད་ཆེས་པའི་གནས་སུ་གྱུར་པས། ཁྱེད་ད་དུང་ཟག་པ་བསོག་གསུང་གིན་ཡོད་པ་འདུག་ན་ཡང་དེ་སོག་པའི་གཞི་རང་འདི་མ་ཡིན་པ་འདྲའོ། ། ༧༡༽ མུ་སྟེགས་བྱེད་ལ་སྡོམ་པ་ལས། །བྱུང་བའི་དགེ་བ་ཡོད་མིན་ན། །མངོན་པའི་གཞུང་ལས་མུ་སྟེགས་ལ། །བསམ་གཏན་སྡོམ་པ་བཤད་དེ་ཅི། །ཞེས་པའི་ལན་ནི། མུ་སྟེགས་བྱེད་ལ་སྡོམ་པ་མེད། །ཅེས་པའི་དོན་སྐབས་ཐོབ་ཀྱིས་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་སྡོམ་པ་མེད་ཅེས་པ་ལ་འཇུག་པར་འགྱུར་བ་གཞུང་ཉིད་ལས་གསལ་ཤིང་། སྐབས་ཐོབ་ལ་མི་ལྟ་བར་ཚིག་ཙམ་ལ་འཁྲི་ནས་འདི་འདྲའི་སྐྱོན་བརྗོད་ན་གཞུང་ཕལ་ཆེར་འགོག་དགོས་ཏེ། དཔེར་ན་ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་པ་ལ། ཐམས་ཅད་དགྲ་བཅོམ་པ་ཡིན་ན་ནི། བུམ་པའང་དགྲ་བཅོམ་པ་ཡིན་པར་འགྱུར། ཞེས་དང་གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ་ཀུན་དགའ་བོ་ཞེས་པ་ལ། གང་ཟག་གཅིག་ནི་མ་གཏོགས་པ། །མེད་དགག་ཡིན་ཕྱིར་ཀུན་དགའ་བོ། །ཇི་ལྟ་བུ་ནི་འགྲུབ་པར་འགྱུར། །ཞེས་སོགས་བརྗོད་པ་དང་འདྲའོ། ། ༧༢༽ རྒྱུད་སྡེ་འོག་མའི་དབང་བསྐུར་ལས། །སྔགས་ཀྱི་སྡོམ་པ་ཐོབ་བམ་ཅི། །ཐོབ་ན་དབང་བཞི་སྔགས་སྡོམ་གྱི། །ཐོབ་རྒྱུར་གསུངས་པ་ཇི་ལྟར་ཡིན། །ཞེས་པའི་ལན་ནི། དགེ་བསྙེན་དགེ་ཚུལ་ཆོ་ག་ལས། །སོ་ཐར་སྡོམ་པ་ཐོབ་བམ་ཅི། །ཐོབ་ན་གསོལ་བཞི་སོ་ཐར་གྱི། །ཐོབ་རྒྱུར་གསུངས་པ་ཅི་ལྟར་ཡིན། །ཞེས་ཕར་འདྲི་སྟེ་འདི་ལ་ལན་གང་སྨྲས་པའི་རིགས་པ་དེ་ཉིད་བཟུང་ནས་གླིང་བཞི་གང་དུ་སོང་ཀྱང་འདེད། འོག་གསེར་གྱི་ས་གཞི་ནས་སྟེང་ཚངས་པའི་འཇིག་རྟེན་གྱི་བར་གང་དུ་སོང་ཀྱང་འདེད་དགྲ་བཏང་ངོ་། ། ༧༣༽ རྫོགས་རིམ་སྡོམ་པ་ཞེས་པ་ཡང་། །བསྒོམས་པའི་སྟོབས་ཀྱིས་ཐོབ་མོད་ཀྱི། །དབང་ཆོག་ལས་ཐོབ་གསུངས་པ་མེད། །ཅེས་པའི་ལན་ནི། འདི་བསྟན་བཅོས་རྩ་བའི་ཚིག་ཟིན་ལ་མེད། དོན་ཐོབ་ལ་ཡོད་པ་ཁོ་བོའི་གྲུབ་མཐའ་བྱས་པ་ལ་འདྲི་བར་སྣང་མོད། སྤྱིར་གསུངས་པ་མེད་ཅེས་པ་དང་། བཤད་པར་མེད་ཅེས་པ་རྒྱུས་ཡོད་པར་བྱས་ནས་སྨྲ་བར་བྱ་བ་ཡིན་གྱི། རང་དགར་སྨྲར་མི་རུང་སྟེ། རྩ་རྒྱུད་བརྟག་གཉིས་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝྃ་རྣམ་པར་རབ་ཏུ་གནས། །ཨེ་ཝྃ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་གསུངས་པའི་སྡོམ་པའི་དོན། རྫོགས་རིམ་གྱི་སྡོམ་པ་ལ་མི་འཆད་པའི་རྒྱ་བོད་ཀྱི་འགྲེལ་པ་བྱེད་པ་སུ་ཞིག་འདུག ལེའུ་དེའི་སྐབས་དེར་ཡང་རྫོགས་རིམ་གྱི་སྡོམ་པ་ལ་མི་འཆད་པའི་སྐབས་ཨེ་འདུག་ལེགས་པར་སོམས་ཤིག ངེད་དེས་ན་དབང་ལས་ཐོབ་པ་དེ། །བསྲུང་ཞིང་འཕེལ་བར་བྱེད་པ་ལ། །སྒོམ་པ་ཞེས་ནི་བཏགས་པ་ཡིན། །ཞེས་པའི་རྗེས་སུ་འབྲང་བ་དག་གིས་ནི་ལམ་གྱི་གནས་སྐབས་སུ་སྒོམ་པའི་སྡོམ་པ་དེ་དབང་གི་སྐབས་སུ་ཐོབ་དགོས་པ་ཁྱད་ཆོས་ཡིན་པར་སེམས་སོ། ། ༧༤༽ རྒྱུད་སྡེ་འོག་མའི་སྔགས་སྡོམ་ནི། །མེད་པར་བཞེད་ན་འདི་ཉིད་ལས། །དབང་བསྐུར་སྡོམ་པས་མ་སྦྲེལ་ན། །བཟང་ཡང་ཕ་རོལ་ཕྱིན་པ་ཡིན། །ཞེས་གསུངས་པ་དེ་གང་ལ་དགོངས། །ཞེས་པའི་ལན་ནི། རྒྱ་ནས་འོངས་པའི་ཇ་དཀར་ནི། །མེད་པར་འདོད་ན་ཉི་གྲིབ་མཚམས། །སྐྱིལ་ཀྲུང་བཅས་ནས་དཀར་ཡོལ་ནང་། །རྒྱ་ཇ་འཐུངས་པ་འདི་ཅི་ཞིག །ཅེས་ཁྱོད་ཉིད་ལ་ཕར་དྲིའོ། །རྒྱ་ནས་འོངས་པའི་ཇ་དཀར་མེད་པར་མ་སྨྲས་སོ་ཞེ་ན། རྒྱུད་སྡེ་འོག་མའི་སྔགས་སྡོམ་མེད་པར་སུས་སྨྲས་ལར་སེམས་རྣལ་དུ་ཕོབ་ཤིག ། ༧༥༽ སྡོམ་པ་མེད་ལ་དགེ་བའི་རྒྱུན། །མེད་ན་སེམས་བསྐྱེད་ཆོ་ག་ལས། །དེ་ལ་དེ་ཡོད་གསུང་དེ་ཅི། །ཞེས་པའི་ལན་ནི། སེམས་བསྐྱེད་ཀྱི་ཆོ་ག་ལས་སངས་རྒྱས་ལ་དམིགས་ནས་མེ་ཏོག་འཐོར་བ་ལ་ཡང་དགེ་བ་རྒྱུན་ཆགས་སུ་འགྱུར་བར་མདོ་ལས་གསུངས་ཞེས་གསུངས་པ་དང་། མཛོད་འགྲེལ་ལས། རྫས་བྱུང་གི་བསོད་ནམས་བདུན་ལས་ཇི་སྲིད་རྫས་དེ་མ་ཞིག་བར་དུ་བསོད་ནམས་རྒྱུན་ཆགས་སུ་འབྱུང་བར་གསུངས་པ་སོགས་ཀྱང་ཡོད་མོད་ཀྱི། དེ་དང་སྡོམ་པའི་དགེ་རྒྱུན་གཉིས་པོ་གནད་མི་གཅིག་སྟེ། སྡོམ་པའི་དགེ་རྒྱུན་ནི། བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་དགེ་རྒྱུན་ཡིན་ལ། ཅིག་ཤོས་རྣམས་ནི་བར་མ་དགེ་བའི་རྒྱུན་ཡིན་པའི་ཕྱིར། ། ༧༦༽ ཕྱག་རྒྱ་བཞི་པ་ཞེས་བྱ་བའི། །བསྟན་བཅོས་བོད་ན་བཞུགས་པ་འདི། །ཀླུ་སྒྲུབ་ཀྱིས་ནི་མ་མཛད་པར། །ལོ་ཆེན་སོགས་ཀྱི་བཤད་དེ་ཅི། །ཞེས་པའི་ལན་ནི། ལོ་ཆེན་གྱིས་དེ་ལྟར་བཤད་མ་བཤད་གང་ཡང་ཁོ་བོས་མ་མཐོང་མོད། ཁྱེད་ཀྱིས་གསུངས་པའི་ལུང་ཁུངས་འདི་ལ་ངེས་པ་ཅན་ཅིག་མེད་དེ། བྱང་ཆུབ་སེམས་འགྲེལ་ལས། དོན་དམ་སེམས་བསྐྱེད་ཆོ་གས་བླངས་པ་བཤད་ཅེས་དང་། གསང་བ་སྤྱི་རྒྱུད་ལས། སློབ་མ་གཉིས་དང་བཞི་ལ་སོགས་པ་ཟུང་དུ་གྱུར་པའང་དཀྱིལ་འཁོར་དུ་འཇུག་པ་བཤད་ཅེས་བྲིས་པ་དང་འདྲའོ། །གལ་ཏེ་ལོ་ཆེན་སོགས་ཀྱིས་བཤད་དུ་ཆུག་ན་ཡང་། ཕྱག་རྒྱ་བཞི་པ་ཞེས་བྱ་བའི། །བསྟན་བཅོས་བོད་ན་བཞུགས་པ་འདི། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར། །ས་པཎ་སོགས་ཀྱིས་བཤད་དེ་ཅི། །ཞེས་པ་འདི་དངོས་ཐོབ་སྟེ། དེ་འདྲའི་རིགས་ཅན་ལ་འདི་ཐུགས་རྒྱུས་ཆེ་བའི་ཕྱིར་རོ། ། ༧༧༽ ལུས་རྒྱ་ཞིག་པའི་ཤི་མ་ཐག །ཡོན་ཏན་འབྱུང་བ་འགོག་མཛད་ན། །འཆི་བ་འོད་གསལ་ཆོས་སྐུ་ལས། །བར་དོ་ལོངས་སྐུ་འབྱུང་དེ་ཅི། །ཞེས་པའི་ལན་ནི། ཚེ་འདིར་མཐོང་ལམ་ཐོབ་ནས་སྐྱེ་བ་ཕྱི་མར་ཡོན་ཏན་འབྱུང་མི་སྲིད་པ་ཕྱོགས་སྔར་བྱས་ནས་འདྲི་བ་ཡིན་ནམ། ཚེ་འདིར་མཐོང་ལམ་ཐོབ་ཀྱང་ཡོན་ཏན་མི་འབྱུང་བར་ཤི་ནས་ཡོན་ཏན་འབྱུང་བ་དང་། འཆི་བ་འོད་གསལ་གྱི་ཚེ་ཆོས་སྐུ་མངོན་དུ་བྱས་ནས། བར་དོ་ལོངས་སྐུ་འབྱུང་བ་གཉིས་རྒྱུ་མཚན་སྟོབས་མཉམ་པའི་སྒོ་ནས་དྲི་བ་གང་ཡིན། དང་པོ་ལྟར་ན་ས་སྐྱ་པཎྜི་ཏས་སྐྱེ་བ་སྔ་ཕྱི་མེད་པ་དང་། ལས་རྒྱུ་འབྲས་མེད་པར་ཁས་མི་ལེན་མཆི་བས་དེ་འདྲ་བའི་སྒྲོ་སྐུར་མི་མཛད་པ་ཞུ། ཕྱི་མ་ལྟར་ན་འཆི་བ་འོད་གསལ་གྱི་ཚེ་ཆོས་སྐུ་ཐོབ་ནས་སླར་ཡང་བར་དོ་བླངས་ཏེ། དེའི་རྟེན་ལ་ལོངས་སྐུ་ཐོབ་པ་ཡིན་ན། སྔ་མ་དང་སྟོབས་ཤིན་ཏུ་མཚུངས་མོད། དེ་ནི་མི་སྲིད་དེ། འཆི་བ་འོད་གསལ་གྱི་ཚེ་ཆོས་སྐུ་ཐོབ་ནས་སླར་ཡང་བར་དོ་བླང་དགོས་ན་བར་དོ་ལོངས་སྐུ་ཐོབ་ནས་ཀྱང་སླར་ཡང་སྐྱེ་སྲིད་བླང་དགོས་པར་ཐལ་བ་བཟློག་ཏུ་མེད་པའི་ཕྱིར་རོ། །དེས་ན་དེའི་དོན་འཆི་བ་འོད་གསལ་གྱི་ཚེ་ཆོས་སྐུ་ཐོབ་ན་བར་དོ་མི་འབྱུང་བར་དེ་མ་ཐག་ལོངས་སྐུ་ཐོབ་པའི་དོན་ཡིན་པས་དེ་ནི་བདག་ཉིད་ཆེན་པོའི་དགོངས་པ་འདིའི་སྒྲུབ་བྱེད་ཉིད་དུ་འགྲོ་སྟེ། ཚེ་འདིར་ཐེག་ཆེན་གྱི་མཐོང་ལམ་ཐོབ་ན་འཆི་བ་མི་འབྱུང་བར་དེ་མ་ཐག་ཡོན་ཏན་རྒྱ་ཕྲག་བཅུ་གཉིས་འབྱུང་བར་འབད་མེད་དུ་འགྲུབ་པའི་ཕྱིར་རོ། ། ༧༨༽ སྔགས་དང་ཕ་རོལ་ཕྱིན་པ་ཡི། །སངས་རྒྱས་རྒྱན་ཅན་རྒྱན་མེད་དུ། །ཐལ་བར་འདོད་པ་མ་ཡིན་ནམ། །ཞེས་པའི་ལན་ནི། དེ་ལ་འདོད་པའི་རྒྱུ་མཚན་ཅི་ཡིན། ཕ་རོལ་ཏུ་ཕྱིན་པའི་སངས་རྒྱས་སྤངས་རྟོགས་མ་རྫོགས་པས་རྒྱན་མེད་དང་། སྔགས་ཀྱི་སངས་རྒྱས་སྤངས་རྟོགས་རྫོགས་པས་རྒྱན་བཅས་ཡིན་པའི་ཕྱིར་ཞེ་ན། བསྟན་བཅོས་འདིའི་ཕྱོགས་སྔ་མས་སྔགས་ཀྱི་མཐོང་ལམ་རྒྱན་མེད་དང་། ཕ་རོལ་ཏུ་ཕྱིན་པའི་མཐོང་ལམ་རྒྱན་བཅས་སུ་ཁས་བླངས་པ་ལ་བསྟན་བཅོས་མཛད་པ་པོས། འོ་ན་སྔགས་ཀྱི་སངས་རྒྱས་རྒྱན་མེད་དང་། ཕ་རོལ་ཏུ་ཕྱིན་པའི་སངས་རྒྱས་རྒྱན་བཅས་སུ་ཐལ་ལོ་ཞེས་ཐལ་བར་འཕེན་པ་ཡིན་པས་འདོད་ལེན་འདེབས་པ་དང་། འདོད་ལན་འདེབས་པའི་རྒྱུ་མཚན་གཉིས་འགལ་བའི་ཕུང་པོ་མངོན་ཚན་ཆེ་བ་ཅིག་ཏུ་སོང་འདུག་གོ །འདི་འདྲའི་རིགས་ཅན་རྟགས་དཔྱད་ཡེ་མ་བྱས་པའམ་བྱས་ཀྱང་བློ་གྲོས་རྩིངས་ནས་གནད་ཡེ་མ་ཟིན་པ་ཕལ་ཆེ་བར་སྣང་བས་དྲི་བ་བརྒྱ་རྩ་བརྒྱད་འབྱུང་བའི་རྒྱུ་མཚན་ཡང་དེར་སྣང་ངོ་། ། ༧༩༽ དགེ་སློང་སྡོམ་པ་མ་ཐོབ་པར། །མཁན་པོ་བྱས་པས་ཆོག་པ་ཞིག །འདུལ་བའི་མདོ་དང་ལུང་དག་ཏུ། །གསལ་བར་གསུངས་པ་མ་ཡིན་ནམ། །ཞེས་པའི་ལན་ནི། ལུང་ཞུ་བ་དང་། མདོ་རྩར། བསྙེན་པར་རྫོགས་པའི་སྡོམ་པ་མ་ཐོབ་པའམ། ཐོབ་ཀྱང་ཉམས་པས་མཁན་པོ་བྱས་པའི་ཚེ་སྒྲུབ་བྱ་ལ་སྡོམ་པ་སྐྱེ་བར་གསུངས་མོད། དེ་གཞུང་འདི་དང་མི་འགལ་ཏེ། གཞུང་འདིར། དགེ་སློང་སྡོམ་པ་མ་ཐོབ་པར། །མཁན་སློབ་ལ་སོགས་བྱེད་པ་ནི། །གསང་སྔགས་མེད་པར་སྦྲུལ་གདུག་གི །མགོ་ལས་རིན་ཆེན་ལེན་པ་ལྟར། །རང་གཞན་བརླག་པའི་རྒྱུ་རུ་བས། །ཞེས་པ་ཙམ་ཞིག་གསུངས་ཀྱི་བསྒྲུབ་བྱ་ལ་སྡོམ་པ་མི་སྐྱེ་བར་མ་གསུངས་པའི་ཕྱིར་རོ། །འོ་ན་རང་གཞན་ལ་གནོད་པ་ཇི་ལྟར་འགྱུར་སྙམ་ན། དགེ་སློང་མ་ཡིན་བཞིན་དུ་མཁན་པོ་བྱས་པས་རང་ལ་ཉེས་པ་ཆེན་པོ་འབྱུང་ཞིང་། བསྒྲུབ་བྱ་ལ་སྡོམ་པ་ཕུན་ཚོགས་མི་སྐྱེ་བས། དེ་ལ་ཡང་གནོད་པའི་ཕྱིར་རོ། །འདི་ཡང་དོགས་གཅོད་དགོས་པའི་དྲི་བ་སྣང་སྟེ། བཞི་རྫོགས་སོ། ། ༨༠༽ ཁ་འབར་མ་ཡི་གཏོར་མ་ལ། །དེ་བཞིན་གཤེགས་པ་བཞི་ཡི་མཚན། །སྔོན་ལ་བརྗོད་པ་མི་འཐད་ན། །རྗེ་བཙུན་གྲགས་པས་མཛད་དེ་ཅི། །ན་མཿསརྦ་ཏ་ཐཱ་སོགས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཕྱག་འཚལ་བ་ཡི་ཚིག་མིན་ནམ། །ཞེས་པའི་ལན་ནི། རྗེ་བཙུན་གྲགས་པས་མཛད་པའི་དེ་འདྲ་བ་ནི་ས་སྐྱ་བཀའ་འབུམ་ན་ནི་མི་བཞུགས་གང་དུ་གཟིགས་ལགས་སམ། སྔགས་དོན་གྱི་སྒོ་ནས་སུན་འབྱིན་བརྗོད་པ་ནི། བསྟན་བཅོས་རྩོམ་པ་པོ་འདིས་ཁ་འབར་མའི་གཏོར་མ་གཏོང་བའི་གང་ཟག་དེ་ཡིན་ན། ཚེ་རབས་འཁོར་བ་ཐོག་མ་མ་མཆིས་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །ཞེས་པའི་ཚིག་བརྗོད་མ་མྱོང་བ་ཅིག་དགོས་ཞེས་གསུངས་པ་ཨེ་ཡིན་པ་འདུག འདི་འདྲའི་རིགས་ཅན་ནི། མགོ་བོ་མཇུག་མ་ལ་བཏགས་ནས། །ཐུར་དུ་འཕྱང་བ་མི་འཐད་ན། །ཕོ་མཚན་མགོ་བོ་མཇུག་མ་ལ། །ཐུར་དུ་འཕྱང་བའི་རྒྱུ་མཚན་ཅི། །ཞེས་པ་དང་འདྲ་བར་སྣང་སྟེ། སྔར་གྱི་དེ་བཞིན་གཤེགས་པ་དེ་གཉིས་གཅིག་ན་འདིའི་མགོ་བོ་དེ་གཉིས་ཀྱང་གཅིག་པར་འགྲུབ་པའི་ཕྱིར་རོ། །ཚིག་འདི་ཅུང་མི་མཛེས་ཙམ་དུ་འདུག་ནའང་དེ་འདྲའི་རིགས་ཅན་ལ་འདི་འདྲའི་རིགས་ཅན་ཞིག་འཚམས་པ་ཡིན་ནོ། ། ༨༡༽ སྨན་པའི་རྒྱལ་པོའི་མདོ་གང་དེ། །མདོ་རྒྱུད་གཉིས་ཀྱི་ཟླས་ཕྱེ་བའི། །མདོ་རུ་བཞེད་དམ་རྒྱུད་དུ་དྲངས། །དང་པོ་ལྟར་ན་དེ་ལས་ནི། །སྔགས་ཀྱི་ཆོ་ག་འབྱུང་བ་ཅི། །གཉིས་པ་ལྟར་ན་སྐབས་ཀྱི་ནི། །རྩོད་པའི་ལན་དུ་ཇི་ལྟར་འགྱུར། །ཞེས་པའི་ལན་ནི། གཞུང་ལས་བཤད་པའི་རྩོད་པའི་ལན་ནི། སངས་རྒྱས་ཡིན་ན་སྐུ་མདོག་སེར་པོ་ཡིན་པས་མ་ཁྱབ་སྟེ། སྨན་བླ་སྐུ་མདོག་སྔོན་པོར་མདོ་ལས་གསུངས་པའི་ཕྱིར། ཞེས་པ་ཡིན་ལ། སྨན་བླའི་མདོ། མདོ་རྒྱུད་གཉིས་ཀྱི་ཟླས་ཕྱེ་བའི་རྒྱུད་དུ་ཁས་བླངས་ན་འདི་སྐབས་ཀྱི་རྩོད་པའི་ལན་དུ་མི་འགྲོ། ཞེས་པའི་རྒྱུ་མཚན་གཞན་ནི་མི་སྣང་ལ། མདོ་ཡིན་ན། མདོ་རྒྱུད་གཉིས་ཀྱི་ཟླས་ཕྱེ་བའི་རྒྱུད་མ་ཡིན་དགོས་ཞེས་པའི་དོན་ཡིན་ན་ནི། དཔུང་བཟང་གི་རྒྱུད་ཆོས་ཅན། དེར་ཐལ། དེའི་ཕྱིར། གཏན་ཚིགས་གྲུབ་སྟེ། རྒྱུད་དེ་ཉིད་ལས། གསང་སྔགས་མདོ་སྡེའི་ཚུལ་གྱིས་བཤད་ཀྱིས་ཉོན། །ཞེས་གསུངས་པའི་ཕྱིར། རྣམ་འཇོམས་ཀྱི་རྒྱུད་ཆོས་ཅན། དེར་ཐལ། དེའི་ཕྱིར། གཏན་ཚིགས་གྲུབ་སྟེ། མདོ་སྡེ་འདི་ནི་མཉན་བྱས་ན། །ཞེས་གསུངས་པའི་ཕྱིར། གཞན་ཡང་ཆོས་ཡིན་ན། སྐྱེ་མཆེད་དྲུག་གི་ཟླས་ཕྱེ་བའི་དང་པོ་ལྔ་གང་རུང་མ་ཡིན་དགོས་པར་ཐལ་བ་དང་། གཟུགས་ཡིན་ན། ཡུལ་ལྔའི་ཟླས་ཕྱེ་བའི་སྒྲ་མ་ཡིན་དགོས་པར་ཐལ་བ་སོགས་སྤྱི་མིང་བྱེ་བྲག་ལ་བཏགས་པ་ཐམས་ཅད་ལ་མཚུངས་ཤིང་། ཟླས་ཕྱེ་བ་ཅེས་པའི་ཚིག་ལ་ནུས་པ་ཡང་མེད་པར་འགྱུར་རོ། ། ༨༢༽ ལྟུང་བཤགས་སྔགས་ལུགས་མི་བཞེད་ན། །བསྟན་བཅོས་མཛད་པ་འདི་ཉིད་ཀྱིས། །སངས་རྒྱས་སུམ་ཅུ་རྩ་ལྔ་པོ། །རིགས་ལྔར་བསྡུས་པ་ཅི་ལྟར་ཡིན། །ཞེས་པའི་ལན་ནི། མཆོག་གི་སྤྲུལ་སྐུའི་ཆ་ལུགས་ཅན་གྱི་སངས་རྒྱས་ཐམས་ཅད་ལ། རིགས་ལྔའི་ཁ་དོག་དང་ཕྱག་རྒྱ་གང་སྦྱར་ཀྱང་ཆོག་པ་ཙམ་ཞིག་གསུངས་ཀྱི་སངས་རྒྱས་སུམ་ཅུ་རྩ་ལྔ་ལ་རིགས་ལྔའི་རིགས་སོ་སོར་ཕྱེ་བ་བསྟན་བཅོས་མཛད་པ་པོ་འདིས་གསུངས་པ་གང་ན་ཡང་མེད་ཅིང་བཞེད་པ་ཡང་མ་ཡིན་ནོ། །སྤྱིར་ཕྱག་འཚལ་བའི་ཡུལ་ལ་རིགས་ལྔ་ཚང་བ་ཙམ་གྱིས་གཞུང་འདི་སྔགས་ལུགས་ཡིན་དགོས་ན། བཟང་སྤྱོད་དང་། བྱམས་སྨོན་ཡང་སྔགས་ལུགས་སུ་འགྱུར་ཏེ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་དང་། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བའི་ཡུལ་ལ་རིགས་ལྔ་ཚང་བའི་ཕྱིར་རོ། །༨༣༽ ཤེར་སྙིང་སྔགས་སུ་བཀྲལ་བའི་ལུགས། །ཀླུ་སྒྲུབ་ཉིད་ཀྱིས་མ་མཛད་དམ། །ཤེས་རབ་ཕ་རོལ་ཕྱིན་པ་ཉིད། །སྔགས་ཀྱི་ལྷ་རུ་གསུངས་མིན་ནམ། །ཤེར་སྙིང་སྔགས་ལུགས་མི་བཞེད་ན། །ཤེར་སྙིང་སྔགས་ལུགས་སྲིད་པ་ཅི། །ཞེས་པའི་ལན་ནི། བསྟན་བཅོས་རྩོམ་པ་པོ་འདི་ཉིད་ཀྱིས། འདི་མཐའ་འདི་ཙམ་ཁོ་ནར་གནས་སོ་ཞེས། །དེ་མཐའ་དེ་ཙམ་ཁོ་ནར་རྣམ་བརྟགས་ན། །འགྲོ་བའི་བླ་མའི་གསུང་ལས་བརྒལ་བ་སྟེ། །དེས་ན་མཐའ་མིན་དགོངས་པ་དཔྱད་པར་བྱ། །ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་གཅིག་ཉིད་ཀྱི་སྟེང་དུ་ཡང་སངས་རྒྱས་ནས་དངོས་སུ་བརྒྱུད་པའམ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་ཐོབ་པའི་གྲུབ་ཆེན་གྱི་མན་ངག་ཡོད་ན་སྔགས་སུ་བཀྲལ་དུ་རུང་ལ། འོན་ཀྱང་དེང་སང་མདོ་རྒྱུད་གཉིས་སུ་ཕྱེ་བ་ནི་གཞུང་དེར་ལྷ་བསྒོམ་པ་དང་། སྔགས་བཟླ་བ་ལ་སོགས་པའི་ཆོ་ག་ཡོད་མེད་ཀྱི་སྒོ་ནས་ཕྱེ་བའོ། །དེས་ན་ཤེར་སྙིང་དང་། དཔལ་མཆོག་ཤེར་དུམ་རྣམས། དེང་སང་མདོ་རྒྱུད་ཀྱི་ཟླས་ཕྱེ་བའི་མདོ་ཡིན་ཀྱང་སྔར་བཤད་པ་ལྟར་གྱི་མན་ངག་ཡོད་པ་དག་གིས་སྔགས་སུ་བཀྲལ་བ་མི་འགལ་ལོ། །འདིར་སྔགས་ལུགས་ཡིན་པ་འགོག་པ་ནི། དེང་སང་མདོ་རྒྱུད་ཀྱི་ཟླས་ཕྱེ་བའི་རྒྱུད་ཡིན་པ་འགོག་པ་སྟེ། ད་དུང་གཞན་གྱི་བློ་ལ་ཤོང་བ་དཀའ་འོ། ། ༨༤༽ གསང་བ་འདུས་པའི་ལྷ་ཚོགས་ལ། །མདོ་ལུགས་ཆོ་ག་མི་སྲིད་ན། །སྤྱན་རས་གཟིགས་དང་འཇམ་དབྱངས་དང་། །ཕྱག་ན་རྡོ་རྗེ་ལ་སོགས་ལ། །མདོ་ལས་བྱུང་བའི་ཆོ་ག་ཞེས། །བྱ་བ་མཁན་ཆེན་ཞི་བ་འཚོས། །འཆད་པའི་དགོས་པ་ཅི་ཡིན་དྲང་། །ཞེས་པའི་ལན་ནི། འདྲི་བ་པོའི་བསམ་པ་བླངས་པ་དང་། མགོ་མཚུངས་ཀྱི་དྲི་བས་དོགས་པ་དཔྱད་པ་གཉིས། དང་པོ་ནི། སྤྱན་རས་གཟིགས། འཇམ་དབྱངས། ཕྱག་རྡོར་གསུམ་པོ་གསང་བ་འདུས་པའི་ལྷ་སྣམ་ལ་བཀོད་པའི་ལྷ་ཡིན་པས་མདོ་ལུགས་ཀྱི་ཆོ་ག་མི་སྲིད་པ་འགྱུར་ཞིང་། དེ་འདོད་ན། སྨན་བླའི་མདོ་ཆོག་གི་ནང་དུ་དེ་གསུམ་ལ་ཕྱག་འཚལ་བའི་ཆོ་ག་ཞི་བ་འཚོས་མཛད་པ་ཅི་ཡིན་ཞེས་པར་སྣང་ངོ་། །གཉིས་པ་ནི། འདི་འདྲ་བའི་རིགས་ཅན་མཚན་ཉིད་པའི་བློ་གསར་པ་རྣམས་ལ་ཤེས་བྱ་སྒོག་གཏུན་མར་གྲགས་ལ། དེ་ཡང་མཚོན་ན། རྒྱལ་པོའི་ཕོ་བྲང་ཁང་བཟང་ལ། །ཆུ་ཐགས་ཁང་པ་མི་སྲིད་ན། །ཀ་བ་དང་ནི་ཀ་ཞུ་དང་། །ལྕམ་དང་དྲལ་མ་ལ་སོགས་པ། །ཆུ་ཐགས་པ་ཡི་ཁང་པ་ལའང་། །བཀོད་པར་མཐོང་བ་འདི་ཅི་ཞིག །ཅེས་པར་དྲིས་ཏེ་དེའི་ལན་བྱུང་ན་སྒྲོ་འདོགས་ཆོད་པར་འགྱུར་རོ། ། ༨༥༽ རྡོ་རྗེ་སློབ་མའི་དབང་ཙམ་ཞིག །ཐོབ་པས་རབ་གནས་མི་རུང་ན། །ལྷ་བསྒོམ་པ་ནས་བརྟན་བཞུགས་བར། །རབ་གནས་དངོས་གཞིར་བཤད་པ་དང་། །འགལ་བའི་དོགས་པ་མི་འབྱུང་ངམ། །ཞེས་པའི་ལན་ནི། འདིར་རྡོ་རྗེ་སློབ་མའི་དབང་ཙམ་ཞིག་ཐོབ་པས་རབ་གནས་མི་རུང་ཞེས་པའི་དོན། རབ་ཏུ་གནས་པར་བྱ་བའི་རྟེན་ལ་རྒྱུད་ནས་གསུངས་པའི་རབ་གནས་ཀྱི་ཆོ་ག་མི་རུང་ཞེས་པའི་དོན་ཡིན་ཅིང་། ཁྱེད་ཀྱི་འདི་ནི་བདག་བསྐྱེད་དང་མདུན་བསྐྱེད་ཙམ་གྱི་ལྷ་སྒོམ་སོགས་ལ་བསམ་པར་སྣང་བས་འགལ་བའི་དོན་མེད་དོ། ། ༨༦༽ རྡོ་རྗེ་སློབ་དཔོན་མ་ཡིན་པས། །དབང་བསྐུར་རབ་གནས་མི་རུང་ན། །བྱ་སྤྱོད་གཉིས་ཀྱི་དབང་བསྐུར་ཙམ། །ཐོབ་པས་དེ་དག་ཇི་ལྟར་རུང་། །རྒྱུད་སྡེ་དེ་དག་རང་རྐང་ལ། །རྡོ་རྗེ་སློབ་དཔོན་དབང་བཞེད་དམ། །བཞེད་ན་རྒྱུད་གཞུང་གང་ལས་གསུངས། །ཞེས་པའི་ལན་ནི། དེང་སང་འགའ་ཞིག བྱ་སྤྱོད་གཉིས་ལ་རྡོ་རྗེ་སློབ་དཔོན་གྱི་དབང་མེད་པར་འདོད་པ་ལྟར་ན་འདིའི་ལན་ནི་མི་ཐེབས་ཅིང་། ཁོ་བོས་ནི་རྒྱུ་མཚན་འདི་ཉིད་སྒྲུབ་བྱེད་དུ་བཀོད་ནས་དེ་གཉིས་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཡོད་པར་སྡོམ་གསུམ་སྤྱི་དོན་དུ་བཤད་ཟིན་ཏོ། །འོ་ན་རྒྱུད་གཞུང་གང་གིས་སྟོན་སྙམ་ན། དེ་ཡང་དེར་བཤད་ཟིན་ཏོ། ། ༨༧༽ བྱ་བའི་རྒྱུད་དུ་རིགས་ལྔ་ཡི། །དོན་མ་གྲུབ་ན་རིགས་གསུམ་དང་། །ནོར་བུ་དང་ནི་རྒྱས་པའི་རིགས། །རྣམ་ལྔ་གསུངས་པ་གང་གི་དོན། །ཞེས་པའི་ལན་ནི། དེ་དག་སྤྱིར་རིགས་ལྔའི་དོན་མ་ཡིན་ཏེ། གལ་ཏེ་ཡིན་ན་རིགས་གསུམ་གྱི་དེ་བཞིན་གཤེགས་པའི་རིགས་རྣམ་སྣང་གི་རིགས་སུ་འཇོག་པ་ལས་འོས་མ་འདས་ཤིང་ཁྱེད་རང་ཡང་དེ་ལྟར་བསམ་པར་སྣང་མོད། དེའི་མཚན་གཞི་ཤཱཀྱ་ཐུབ་པ་གཙོ་འཁོར་གསུམ་པ་དང་། འཇམ་དབྱངས་སོགས་སུ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ནོར་བུའི་རིགས་ཀྱང་རིན་འབྱུང་གི་རིགས་མ་ཡིན་ཞིང་། རྒྱས་པའི་རིགས་ཀྱང་དོན་གྲུབ་ཀྱི་རིགས་མ་ཡིན་ཏེ། མཚན་གཞི་ལས་ཤེས་སོ། །གལ་ཏེ་དེ་དག་ཡིན་དུ་ཆུག་ན་ཡང་། བདག་ཉིད་ཆེན་པོ་འདིས་བྱ་རྒྱུད་ལ་རིགས་ལྔའི་དོན་མ་གྲུབ་པ་དང་། སྤྱོད་རྒྱུད་ལ་དོན་གྲུབ་ཀྱང་ཐ་སྙད་མ་གྲུབ་པ་དང་། རྒྱུད་སྡེ་གོང་མ་གཉིས་ལ་གཉིས་ཀ་གྲུབ་པར་གསུངས་པ་ནི་རྒྱུད་སྡེ་རང་རང་གི་ནང་སེལ་གྱི་དབྱེ་བ་ལ་རིགས་དེ་དག་སོ་སོར་སྟོན་པའི་རྒྱུད་ཡོད་མེད་ཀྱི་དོན་གཏན་མ་ཡིན་གྱི། དཀྱིལ་འཁོར་གྱི་ལྷ་ལ་དེ་ལྟར་བཀོད་པ་ཡོད་མེད་ཀྱི་དོན་ཡིན་ཏེ། བྱ་རྒྱུད་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་རིགས་གསུམ་སྤྱིའི་དཀྱིལ་འཁོར་ལ་རིགས་གསུམ་ཁོ་ན་བཀོད་པ་དང་། སྤྱོད་རྒྱུད་ཨ་ར་པ་ཙ་ན་ལྷ་ལྔ་ལྟ་བུ་ལ་རིགས་ལྔའི་དོན་བཀོད་པ་དང་། ཡོ་ག་དེ་ཉིད་འདུས་པ་དང་། བླ་མེད་གསང་བ་འདུས་པ་ལྟ་བུ་ལ་རིགས་ལྔ་དངོས་སུ་བཀོད་པ་ལྟ་བུའོ། །ཤེས་པར་འདོད་ན་ཕན་ཐོགས་པར་གྱུར་ཅིག ། ༨༨༽ ཛེ་ཏ་རི་པའི་ཚེ་དཔག་མེད། །ལྷ་དགུ་རྒྱུད་སྡེ་གང་གི་ལུགས། །ཞེས་པའི་ལན་ནི། གྲུབ་ཆེན་དེས་བདག་བསྐྱེད་ལ་དཔའ་བོ་གཅིག་པ་དང་། མདུན་བསྐྱེད་ལ་ལྷ་དགུ་སྐྱེད་ནས་ཡེ་ཤེས་འཁོར་ལོ་དགུག་གཞུག་བྱས། ཆོ་ག་ཚར་ནས་ཡེ་ཤེས་པ་གཤེགས་སུ་གསོལ་བའི་ཚུལ་གསུངས་པས་བསྟན་བཅོས་འདི་དང་། རྗེ་བླ་མ་ཐམས་ཅད་མཁྱེན་པའི་བྱ་རྒྱུད་སྤྱི་རྣམ་གཉིས་ཆར་ལས་བྱ་རྒྱུད་རྣལ་འབྱོར་གྱི་རྒྱུད་ལྟར་བཀྲལ་བའི་ལུགས་ཡིན་པར་གསུངས་སོ། ། ༨༩༽ རིགས་ལྔ་སེར་འབྱམ་མི་འཐད་ན། །དམར་འབྱམ་འཐད་པ་དཀར་བའི་གནས། །ཞེས་པའི་ལན་ནི། གཞུང་ལས། བྱང་ཆུབ་མཆོག་གི་ཕྱག་རྒྱ་སོགས། །མཛད་པའི་རིགས་ལྔ་སེར་འབྱམ་མཐོང་། །ཞེས་པ་ཕྱོགས་སྔར་མཛད་ནས་དེའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་བཟུང་སྟེ། དུས་ཀྱི་འཁོར་ལོའི་བར་གང་གི་ཡང་དགོངས་པ་མ་ཡིན་ཞེས་གསུངས་ཀྱི། སྤྱིར་ཛེ་ཏ་རིས་བཀྲལ་བའི་ཚེ་དཔག་མེད་ལྟ་བུ་རིགས་ལྔ་དམར་འབྱམ་དང་། བདག་མེད་མའི་ནང་གི་རྣལ་འབྱོར་མ་ལྔ་ལྟ་བུ་རིགས་ལྔ་ནག་འབྱམ་དང་། སྦྱོང་རྒྱུད་ཀྱི་རིགས་ལྔ་ཇོ་བོ་ནས་བརྒྱུད་པ་དག་དཀར་འབྱམ་དུ་བཞེད་ཅིང་རྗེ་བཙུན་གྱིས་ཀྱང་དེ་རུང་བར་བཞེད་པ་སོགས་མ་བཀག་སྟེ། དེ་དག་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་སོགས་ཡོ་ག་ནས་བཤད་པ་ལྟར་མེད་པའི་ཕྱིར་རོ། ། ༩༠༽ སྤྱོད་པའི་རྒྱུད་ལ་རིགས་ལྔ་ཡི། །དོན་གྲུབ་ན་ནི་པདྨའི་རིགས། །རྒྱུད་གཞུང་གང་གི་དོན་ཞེས་དྲི། །ཞེས་པའི་ལན་ནི། རྒྱུད་སྡེ་སོ་སོའི་སྟོན་ཚུལ་དང་དཀྱིལ་འཁོར་ལ་དགོད་པའི་ཁྱད་པར་སྔར་བཤད་པ་དེ་ཉིད་ཀྱིས་ལན་འབད་མེད་དུ་གྲུབ་བོ། །ཚར་རོ། །ཐལ་ལོ། །སོང་ངོ་། ། ༩༡༽ རྣལ་འབྱོར་རྒྱུད་ཀྱི་ཀུན་རྫོབ་ཀུན། །ལྷ་རུ་གསུངས་པ་མེད་གྱུར་ན། །རྣལ་འབྱོར་རྒྱུད་དང་སེམས་ཙམ་པའི། །གྲུབ་མཐའ་བསྟུན་པ་ཇི་ལྟར་ཡིན། །ཞེས་པའི་ལན་ནི། འདྲི་བ་པོའི་བསམ་པ་བླངས་ཏེ། དེའི་ལན་གྱི་སྒོ་ནས་སྡེ་སྣོད་དང་གནད་ཀྱི་དོན་ལ་ངེས་པ་བསྐྱེད་པ་དང་། འདྲི་བ་པོའི་དོགས་པ་སྐྱེ་བའི་གཞི་གཞུང་གཞན་ལ་མེད་པའི་ཚུལ་གཉིས་ལས། དང་པོ་ནི། རྣལ་འབྱོར་རྒྱུད་དང་སེམས་ཙམ་པའི་གྲུབ་མཐའ་བསྟུན་ན་ཀུན་རྫོབ་ལྷ་རུ་ཁས་ལེན་དགོས་ཞེས་པའི་དོན། སྣང་བ་སེམས་ཡིན་ཅིང་། སེམས་དེ་ཉིད་ལྷར་བསྒོམས་པས་དེ་ལས་ལོགས་སུ་གྱུར་པའི་ཀུན་རྫོབ་མེད་པའི་ཕྱིར་སྙམ་དུ་བསམ་པར་སྣང་མོད། དེའི་ཚེ་ཡང་སེམས་ཀྱི་རང་ལྡོག་ནི་ལྷར་བསྒོམ་པ་མ་ཡིན་ཏེ། སེམས་དང་ལྷ་གཉིས་སྦྱང་གཞི་སྦྱོང་བྱེད་སྦྱོར་བ་མེད་པའི་ཕྱིར་རོ། །སེམས་ཀྱིས་ལྷ་བསྒོམས་པ་ནི་ཐབས་ཀྱི་ཁྱད་པར་ཡིན་པས་ཀུན་རྫོབ་ཀྱི་རང་ལྡོག་ལྷར་མི་བསྒོམ་པའི་གནད་འདི་ཉིད་ཡིན་ནོ། །གཉིས་པ་ནི་རྣལ་འབྱོར་རྒྱུད་དང་། སེམས་ཙམ་པའི་གྲུབ་མཐའ་བསྟུན་པ་ཚད་མར་ཁས་བླངས་དགོས་པའི་གཞུང་ལུགས་གང་ན་འདུག རྗེ་བཙུན་རྩེ་མོའི་རྒྱུད་སྡེ་སྤྱི་རྣམ་ན་ཡོད་དོ་ཅེ་ན། འདི་ལ་སྔོན་གྱི་མཁས་པ་དག་ཀྱང་བརྟགས་དཔྱད་ཞིབ་མོ་མ་མཛད་པར་རང་སངས་རྒྱས་དང་སེམས་ཙམ་པ་གྲུབ་མཐའ་གཅིག་པ་མི་འཐད་ཅེས་དགག་པ་དག་མཛད་པ་དང་། དེང་སང་ཡང་འདིའི་རྗེས་སུ་འབྲང་བ་དག མཚན་ཉིད་ཀྱི་གྲུབ་མཐའ་བཞི་དང་། རྒྱུད་སྡེ་བཞི་སྦྱར་ཞེས་པའི་ཚིག་ཙམ་ལ་བརྟེན་ནས་རྣལ་འབྱོར་རྒྱུད་དང་། སེམས་ཙམ་པའི་གྲུབ་མཐའ་སྦྱར་བ་རང་ལུགས་སུ་ཁས་ལེན་པ་སྣང་མོད་ཀྱི། རྗེ་བཙུན་གྱི་གསུང་རབ་དེར་ནི་སེམས་ཙམ་པ་དང་དབུ་མའི་གྲུབ་མཐའ་གཉིས་ཀ་བླ་མེད་དང་བསྟུན་པ་ཡོད་པ་ལ་ཞིབ་ཏུ་ལྟོས་ཤིག ། ༩༢༽ དམ་པ་རིགས་རྒྱར་ཕྱེ་བའི་ཚེ། །ཀུན་རྫོབ་ལྷ་རུ་ཁས་ལེན་ན། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ནི། །རིགས་ལྔ་རེ་རེའང་རིགས་ཆུང་ལྔ། །རེ་རེ་ལ་ཡང་སྙིང་པོ་དང་། །ཕྱག་རྒྱ་ལ་སོགས་བཞིར་ཕྱེ་བའི། །རིགས་བརྒྱ་ཡིན་ཞེས་གསུངས་པ་ཅི། །ཞེས་པའི་ལན་ནི། བསྟན་བཅོས་འདིར། རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས། །ཀུན་རྫོབ་ཅི་ལྟར་སྣང་བ་འདི། །ཐབས་ལ་མཁས་པའི་ཁྱད་པར་གྱི། །སྦྱང་གཞི་སྦྱོང་བྱེད་ངོ་སྤྲད་པ། །དེ་ཚེ་དམ་པ་རིགས་བརྒྱ་ལ། །སོགས་པའི་དབྱེ་བ་རྒྱལ་བས་གསུངས། །ཞེས་གསུངས་པ་ལ་ཁྱེད་ཀྱིས། རྣལ་འབྱོར་རྒྱུད་ཆོས་ཅན། ཀུན་རྫོབ་ལྷ་རུ་ཁས་ལེན་པར་ཐལ། དམ་པ་རིགས་བརྒྱར་ཕྱེ་བའི་ཕྱིར། །ཞེས་པ་འདིའི་འཐུན་ཁྱབ་ཀྱི་སྟེང་དུ་དངོས་འགལ་ཀྲིག་གེ་སོང་འདུག་གོ །སྤྱིར་ཡང་ཀུན་རྫོབ་ལྷ་རུ་ཁས་བླངས་པའི་དམ་པ་རིགས་བརྒྱ་དང་། རྡོ་རྗེ་རྩེ་མོ་ལས་གསུངས་པའི་རིགས་བརྒྱ་དོན་མི་གཅིག་སྟེ། སྔ་མའི་དོན་ནི་གསང་འདུས་ཀྱི་དགོངས་པ་སྤྱོད་བསྡུས་སྒྲོན་མེར་སྦྱང་གཞི་ཐ་མལ་པའི་དངོས་པོ་རིགས་བརྒྱར་ཕྱེ་ནས་དེ་སྦྱོང་བྱེད་གསང་བ་འདུས་པའི་ལྷ་རིགས་བརྒྱར་ཕྱེ་བར་གསུངས་པ་དང་། ཀྱཻ་རྡོ་རྗེ་ལས། སྦྱང་གཞི་རྒྱུ་རྒྱུད་རིགས་བརྒྱར་ཕྱེ་ནས་སྦྱོང་བྱེད་བསྐྱེད་རིམ་གྱི་རིགས་བརྒྱ་དང་། རྫོགས་རིམ་གྱི་རིགས་བརྒྱར་ཕྱེ་ཞིང་དེའི་འབྲས་བུ་འབྲས་རྒྱུད་ལ་ཡང་རིགས་བརྒྱར་ཕྱེ་བ་ཡིན་ལ། རྒྱས་པར་ན་དེ་ཐམས་ཅད་ལ་ཡང་། ཕྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །ཞེས་པ་ལྟར་གྱི་རིགས་བརྒྱ་ཡིན་ཅིང་། ཕྱི་མའི་དོན་ནི་སྦྱང་གཞི་སྦྱོང་བྱེད་སྦྱར་བ་མེད་པར་ཐབས་ཀྱི་ཁྱད་པར་གྱི་རིགས་བརྒྱ་ཡིན་པའི་ཕྱིར་རོ། ། ༩༣༽ རྒྱུད་སྡེ་བཞི་ཡི་བསྒྲུབ་པ་ཡང་། །འཁྲུལ་པར་བྱས་པས་ཐག་རིང་ན། །བྱ་རྒྱུད་རྣལ་འབྱོར་རྒྱུད་བཞིན་དང་། །བླ་མེད་རྒྱུད་བཞིན་བསྒྲུབ་པ་ཡང་། །དངོས་གྲུབ་རིང་བར་འགྱུར་ལགས་སམ། །དེ་ལྟ་ན་ནི་ཀླུ་སྒྲུབ་དང་། །འཕགས་ལྷ་དཔལ་མོས་མཛད་དེ་ཅི། །ཞེས་པའི་ལན་ནི། ཐོག་མར་ཁྱོད་ཉིད་ལ་འདི་འདྲི་སྟེ། རིགས་འཆོལ་བསྒོམ་པའི་སྦྱོར་བ་ལས། །དངོས་གྲུབ་མེད་ཅིང་སྒྲུབ་པོའང་། །མེད་པར་བརྟག་གཉིས་ལས་གསུངས་ནི། །རྣམ་སྣང་རིགས་ལ་མི་བསྐྱོད་དང་། །མི་བསྐྱོད་རིགས་ལ་རྣམ་སྣང་གིས། །རྒྱས་བཏབ་ཚུལ་ལའང་དངོས་གྲུབ་དང་། །སྒྲུབ་པོ་མེད་པར་འགྱུར་ལགས་སམ། །དེ་ལྟ་ན་ནི་བརྟག་གཉིས་ལས། །རྒྱས་གདབ་ཚུལ་དེ་གསུངས་དེ་ཅི། །ཞེས་འདྲིའོ། །གལ་ཏེ་དེ་ཉིད་རིགས་མ་འཆོལ་བ་ཡིན་ནོ་སྙམ་ན། འོ་ན་གཞན་གྱིས་ཀྱང་དེ་ཉིད་བསྒྲུབ་པ་མ་འཁྲུལ་པ་ཡིན་ནོ་ཞེས་བརྗོད་པ་ཡོད་དོ། །རྒྱུ་མཚན་གང་བཀོད་ཀྱང་མཚུངས་ཏེ། འདི་ལ་ཡང་རྗེ་བླ་མས་བྱ་བའི་རྒྱུད་འདི་རྒྱུད་ཐམས་ཅད་ཀྱི་གཞི་མ་ཡིན་པས་བྱ་རྒྱུད་རང་རྐང་གི་ཆོ་ག་ལྟར་སྒྲུབ་པ་དང་། རྒྱུད་སྡེ་གོང་མའི་ཆོ་ག་ལྟར་བསྒྲུབ་ཚུལ་འཕགས་ཡུལ་གྱི་བཤད་སྲོལ་དྲི་མ་མེད་པ་བཀོད་ཡོད་པ་རྣམས་ཤེས་དགོས་སོ། ། ༩༤༽ ཐེག་པ་མཆོག་གི་རྣལ་འབྱོར་པས། །བྱ་རྒྱུད་ཆོ་ག་ཇི་ལྟར་བྱ། །ཞེས་པའི་ལན་ནི། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་རྩ་ལྟུང་འཁྲུལ་སྤོང་ལས། རྩ་ལྟུང་བརྒྱད་པའི་སྐབས་སུ་གསལ་བར་གསུང་ཡོད་པས་དེར་གཟིགས་ཤིག དེ་ལ་ཡིད་མི་ཆེས་སོ་སྙམ་ན། འོ་ན་འམ་བུས་ཞུས་པ་ལ་དེ་ལས་ཀྱང་ཐུགས་མི་ཆེས་སམ། ཧེ་ཧེ། ། ༩༥༽ ཕྱི་རོལ་ཡུལ་ཆེན་སོ་བདུན་ཞེས། །བྱ་བ་རྒྱུད་གཞུང་ག་ནས་བཤད། །འཛམ་གླིང་ཙམ་པོ་ཡུལ་ཆེན་དུ། །ཁས་ལེན་ནུས་ན་རང་ལ་ཡང་། །མི་འདོད་པ་དག་མི་འབྱུང་ངམ། །ཞེས་པའི་ལན་ནི། སྤྱིར་ཕྱི་རོལ་གྱི་ཡུལ་ཆེན་ཉི་ཤུ་རྩ་བཞིར་བཤད་པའི་ཚུལ་དང་། སུམ་ཅུ་སོ་གཉིས་སུ་བཤད་པའི་ཚུལ་དང་། སུམ་ཅུ་སོ་བདུན་དུ་བཤད་པའི་ཚུལ་གསུམ་ཡོད་པ་ལས། དང་པོ་ནི་བདེ་མཆོག་དང་། སཾ་བུ་ཊི་ལས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྒོ་བསྟུན་པའི་དབང་དུ་བྱས་ནས་དངོས་བསྟན་ས་བཅུའི་རྣམ་བཞག་མཛད་པའི་སྐབས་ཡིན་པས་པུ་ལེ་ར་མ་ལ་ཡ་ལ་སོགས་པ་ཉི་ཤུ་རྩ་བཞི་གསུངས་སོ། །གཉིས་པ་ནི། རྩ་རྒྱུད་བརྟག་གཉིས་ལས། སློབ་ལམ་ས་བཅུ་གཉིས་ཀྱི་རྣམ་གཞག་མཛད་པའི་དབང་དུ་བྱས་ནས་ལེའུ་དང་པོར། ནང་རྡོ་རྗེའི་ལུས་ལ་རྩ་སུམ་ཅུ་རྩ་གཉིས་དང་། ལེའུ་བདུན་པར། ཕྱི་རོལ་གྱི་ཡུལ་ཆེན་སུམ་ཅུ་རྩ་གཉིས་གསུངས་སོ། །གསུམ་པ་ནི། དེའི་སྟེང་དུ་རི་ཀི་ཨ་ར་ལིའི་རྒྱུད་ལས། གནས་ནི་ཤར་གྱི་ལུས་འཕགས་པོ། །དེ་བཞིན་དུ་ནི་བ་ལང་སྤྱོད། །གནས་ནི་བྱང་གི་སྒྲ་མི་སྙན། །གནས་ནི་དེ་བཞིན་འཛམ་བུ་གླིང་། །གླིང་བཞིར་ལྷ་མོ་བཞི་དང་ནི། །རི་རབ་སྤྱི་བོར་རི་ཀི་བཞུགས། །ཨ་ར་ལི་དང་མཉམ་སྦྱོར་བས། །ཞེས་གླིང་བཞི་དང་རི་རབ་དང་ལྔ་གསུངས་པ་སུམ་ཅུ་རྩ་བདུན་དུ་འགྱུར་ལ། འགྲེལ་ཆེན་དྲི་མེད་འོད་ལས། གནས་ནི་ཕྱོགས་བཞིར་རླུང་དང་། མེ་དང་། ཆུ་དང་། སའི་རང་བཞིན་གྱིས་གནས་པ་སྟེ། ཤར་གྱི་ལུས་འཕགས་དང་འཛམ་བུ་གླིང་ཆུང་ངུ་དང་། བྱང་གི་སྒྲ་མི་སྙན་དང་། ནུབ་ཀྱི་བ་ལང་སྤྱོད་ཅེས་གསུངས་ལ། འདི་ལ་གླིང་བཞི་གཅིག་ཏུ་སྡོམ་པ། གཅིག་ཏུ་བགྲང་དགོས་པར་མཁས་པ་ཁ་ཅིག་བཞེད་དོ། །རྒྱུད་དང་འགྲེལ་པ་འདི་གཉིས་ཀྱི་ལུགས་ལ་ཡུལ་སུམ་ཅུ་སོ་གཉིས་ཀྱི་སྟེང་དུ་འདི་དག་བསྣན་པས་སོ་བདུན་དུ་འགྱུར་བ་ནི་མིན་ཏེ། སྔ་མར་གནས་དང་ཉེར་གནས་སོགས་བཅུ་གསུངས་པའི་གནས་ཀྱི་དབྱེ་བ་དང་། ཕྱི་མར་གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། འདུཾན་པ་དང་ཉེ་བའི་འདུཾན་པ། འདུས་པ་ཅན་དང་ཉེ་བའི་འདུས་པ་ཅན། ཁང་པ་དང་ཉེ་བའི་ཁང་པ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་སྟེ་བཅུ་གཉིས་གསུང་བའི་གནས་ཀྱི་དབྱེ་བར་འདི་དག་གསུངས་པའི་ཕྱིར་རོ། །འོན་ཀྱང་རྩ་རྒྱུད་བརྟག་གཉིས་ལྟ་བུ་གནས་སོགས་བཅུ་གཉིས་ཀྱི་དབྱེ་བར་པུ་ལི་ར་མ་ལ་ཡ་སོགས་སོ་གཉིས་གསུངས་པའི་ཚེ་སྔར་གྱི་ལྔ་པོ་དེ་དག་བསྣན་ནས་སོ་བདུན་དུ་ལེགས་པར་གྲུབ་ཏེ་སྔར་གྱི་རྒྱུད་འགྲེལ་གཉིས་ཀྱིས་དེ་དག་གནས་ཆེན་དུ་གྲུབ་ཅིང་། སོ་གཉིས་སུ་མ་འདུས་པས་དེ་དག་བསྣན་དགོས་པར་སྒྲུབ་པའི་ཕྱིར་དང་། རྒྱུད་དེར་ལྷ་བཅུ་གསུམ་གྱི་ནང་མ་ལྔ་བཞུགས་པར་གསུངས་པས་ཀྱང་ཤེས་ནུས་པའི་ཕྱིར་རོ། །རྗེ་བཙུན་གྱིས་ཨིནྡྲ་བྷུ་ཏིའི་ལམ་སྐོར་དུ་གླིང་བཞི་གནས་ཆེན་དུ་གསུངས་པ་དེས་ཀྱང་གྲུབ་ཚུལ་སྔ་མ་དང་འདྲའོ། །དེར་ཡང་སོ་བདུན་དུ་བགྲངས་པའི་སྐབས་ནི་མ་ཡིན་ཏེ། ཉེར་བརྒྱད་ཀྱི་སྟེང་དུ་འདི་བཞི་བསྣན་པས་ས་བཅུ་གཉིས་པ་དང་སྦྱོར་བར་མཛད་པའི་ཕྱིར་རོ། །དེ་ལྟར་ན་འཛམ་གླིང་ཙམ་པོ་གནས་ཆེན་དུ་ཁས་བླངས་པས་རང་ལ་མི་འདོད་པ་དག་མི་འབྱུང་ངམ་ཞེས་པའི་དོན་ཏི་སེ་དང་། ཙཱ་རི་ཆོས་ཅན། གནས་ཆེན་ཡིན་པར་ཐལ། འཛམ་གླིང་ཙམ་པོའི་ཁོངས་སུ་འདུས་པའི་ཕྱིར། ཞེས་པ་ཡིན་མཆི། འདི་ལ་འཇིག་རྟེན་གྱི་དཔེ་བསྟན་པར་བྱ་སྟེ། ས་སྐྱའི་ལྷ་ཁང་ཆེན་མོའི་མཐོང་ཁུངས་ཀྱི་དཀྱིལ་གྱི་རྟེན་འབྲེལ་ཁང་པ་དེ་ཆོས་ཅན། གཙུག་ལག་ཁང་ཡིན་པར་ཐལ། ལྷ་ཁང་ཆེན་མོའི་ཁོངས་སུ་འདུས་པའི་ཕྱིར། མ་ཁྱབ་ན་ལྷ་ཁང་ཆེན་མོ་གཙུག་ལག་ཁང་དུ་ཁས་མི་ལེན་པ་ལགས་སམ། དེ་བཞིན་དུ་བསྟན་བཅོས་ཀྱི་བརྡ་ཆད་ལ་ཡང་སྤྱི་ཙམ་དང་ཁོངས་སུ་འདུས་པའི་རྣམ་གཞག་མི་འདྲ་བ་མང་སྟེ། མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཆོས་ཅན། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཡིན་པར་ཐལ། དེའི་ཁོངས་སུ་འདུས་པའི་ཕྱིར་ཏེ། དེར་བཞུགས་པའི་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཕྱག་མཐིལ་ན་ཡོད་པའི་ཕྱིར་རོ། །དེ་ལས་གཞན་པའི་མི་འདོད་པ་འབྱུང་བ་ནི་མ་མཐོང་ངོ་། ། ༩༦༽ མ་ཕཾ་མ་དྲོས་མིན་གྱུར་ན། །གངྒཱའང་དེ་ཉིད་མིན་པར་འགྱུར། །ཞེས་པའི་ལན་ཡང་འདོན་དགོས་སོ། །ཞེས་པའི་ལན་ནི། ལེགས་པར་འདོན་ཏེ། དེ་ཉིད་མ་ཡིན་པར་འགྱུར་ཞེས་བྱ་བའི་དོན་མ་དྲོས་དེ་ཉིད་མིན་པར་འགྱུར། ཞེས་པའི་དོན་ཡིན་ནམ། གངྒཱ་དེ་ཉིད་མིན་པར་འགྱུར། །ཞེས་པའི་དོན་ཡིན། དེ་ལས་གཞན་པ་ནི་ཡོང་དོན་མི་འདུག་གོ །དང་པོ་ལྟར་ན་ཨ་ལ་ལ་ཧོ། །ཤིན་ཏུ་ཞིམ་པར་གྱུར་ཏོ། །ཕྱི་མ་ལྟར་ན་གངྒཱ་གངྒཱ་མ་ཡིན་པར་ཐལ། མ་ཕཾ་མ་དྲོས་མ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་གཞན་དག་རྟ་རྟ་མ་ཡིན་པར་ཐལ། བ་ལང་གཡག་མ་ཡིན་པའི་ཕྱིར། ཞེས་གཏོང་ཉེན་ཡོད་དོ། ། ༩༧༽ མངོན་པ་ནས་གསུངས་གངས་ཅན་དེ། །ཏི་སེ་ཡིན་པར་ཕྱོགས་སྔ་མས། །ཁས་བླངས་ཤཾ་བྷ་ལ་ཡི་ནི། །གངས་ཅན་ཏི་སེར་མ་སྨྲས་པས། །རྩོད་ལན་འགྲེལ་པ་གང་ཡིན་བརྟག །རང་གི་ལུགས་ལ་མངོན་པ་ནས། །གསུངས་པའི་གངས་ཅན་རྒྱུད་སྡེ་ལས། །བཤད་པའི་གངས་ཅན་དེར་བཞེད་དམ། །གཞན་ཡང་བདེ་མཆོག་ཀྱཻ་རྡོར་ལས། །གསུངས་པའི་གངས་ཅན་གང་ཡིན་པ། །ཤཾ་བྷ་ལ་ཡི་གངས་ཅན་དུ། །ངེས་པར་ཞལ་གྱིས་བཞེས་ནུས་སམ། །ཞེས་པའི་ལན་ནི། སྐབས་འདིའི་རྩོད་ལན་གྱི་རྣམ་གཞག་བཤད་པ་དང་། འབྲེལ་མེད་དུ་མི་འགྱུར་བའི་ཚུལ་དཔེས་བསྟན་པ་དང་། གངས་ཅན་གྱི་འདོད་ཚུལ་མ་འདྲེས་པར་བཤད་པ་དང་གསུམ་གྱིས་རྟོགས་པར་བྱ་བ་ལས། དང་པོ་ནི། ཕ་རོལ་པོས་ད་ལྟའི་ཏི་སེ་འདི་གསུང་རབ་ནས་བཤད་པའི་གངས་ཅན་དུ་འདོད་པ་ལ་བདག་ཉིད་ཆེན་པོ་འདིས་དེ་ནི་མ་ཡིན་ཏེ། སྤྱིར་གངས་ཅན་ལ་དུས་འཁོར་ནས་བཤད་པ་དང་། མངོན་པ་ནས་བཤད་པ་དང་། མུ་སྟེགས་ཀྱི་གཞུང་ནས་བཤད་པ་དང་། རྨ་བྱ་ཆེན་མོའི་མདོ་ནས་བཤད་པ་དང་། ཕལ་པོ་ཆེའི་མདོ་ལས་བཤད་པའི་ཚུལ་རྣམས་སུ་ངེས་པ་ལས། དེ་དག་གང་ཡང་མ་ཡིན་ཏེ། རེ་རེ་བཞིན་དུ་དེ་དག་གིས་མཚན་ཉིད་མ་ཚང་བའི་ཕྱིར། ཞེས་པའི་དོན་ཡིན་གྱི་མངོན་པ་ནས་བཤད་པའི་གངས་ཅན་མ་ཡིན་ཏེ། དུས་འཁོར་ནས་བཤད་པའི་གངས་ཅན་གྱི་མཚན་ཉིད་མ་ཚང་བའི་ཕྱིར། ཞེས་པའི་དོན་ག་ལ་ཡིན་རྩོད་ལན་གྱི་ཚུལ་འདི་བཞིན་མ་ཤེས་ན་དོགས་པ་དེ་ནི་སྐྱེ་བ་ཡང་བདེན་ནོ། །གཉིས་པ་ནི་གངས་ཅན་དེ་དག་གཅིག་པའམ་མི་གཅིག་པ་གང་ཡིན་ཀྱང་འདྲ། རྩོད་ལན་གྱི་ཚུལ་འབྲེལ་མེད་དུ་མི་འགྱུར་ཏེ། དཔེར་ན་ཕ་རོལ་པོས་ཏི་སེ་རི་རབ་ཡིན་པར་སྨྲས་པ་ལ་དེ་ནི་མ་ཡིན་ཏེ། མངོན་པ་ནས་བཤད་པའི་རི་རབ་ཀྱི་མཚན་ཉིད་ཀྱང་མ་ཚང་། བདེ་མཆོག་སོགས་ནས་བཤད་པའི་རི་རབ་ཀྱི་མཚན་ཉིད་ཀྱང་མ་ཚང་། དུས་འཁོར་ནས་བཤད་པའི་རི་རབ་ཀྱི་མཚན་ཉིད་ཀྱང་མ་ཚང་བའི་ཕྱིར། ཞེས་པ་བཞིན་ནོ། །གསུམ་པ་ནི། དུས་འཁོར་ནས་བཤད་པའི་གངས་ཅན་དང་། མངོན་པ་ནས་བཤད་པའི་གངས་ཅན་གཏན་མི་གཅིག་སྟེ། དེ་གཉིས་སྤྱིར་རི་རབ་དང་། རི་གླིང་། རྒྱ་མཚོ་སོགས་ཀྱི་འཆགས་ཚུལ་གཏན་མི་གཅིག་པའི་ཕྱིར་དང་། ཁྱད་པར་འཛམ་བུའི་གླིང་གི་འཆགས་ཚུལ་གཏན་མི་གཅིག་པའི་ཕྱིར་དང་། དུས་འཁོར་ལས་གངས་ཅན་གྱི་འགྲམ་ན་ཤམྦྷ་ལ་ཡོད་པར་གསུངས་ལ། མངོན་པ་ལས་ཤམྦྷ་ལ་ཁས་མི་ལེན་པའི་ཕྱིར་རོ། །གསང་སྔགས་གཞན་ནས་གསུངས་པའི་གངས་ཅན་ནི་མངོན་པ་ནས་གསུངས་པ་དང་གཅིག་ཏུ་ཁས་བླངས་དགོས་ཏེ། རི་རབ་གླིང་བཞི་སོགས་ཀྱི་འཆགས་ཚུལ་ཐམས་ཅད་མངོན་པ་ནས་གསུངས་པ་དང་མཐུན་པར་རྣམ་གཞག་རིམ་པ་སོགས་ཚད་ལྡན་གྱི་གཞུང་ལུགས་མང་པོ་ལས་འབྱུང་བའི་ཕྱིར་རོ། །བློ་གཟུ་བོར་གནས་པ་རྣམས་ལ་ཕན་ཐོགས་པ་ཡོད་དོ། ། ༩༨༽ དེ་ནས་ཀློ་ཀློས་རྫུ་འཕྲུལ་གྱིས། །ཤམྦྷ་ལ་རུ་དམག་འདྲེན་པའི། །བཤད་པ་གསལ་པོ་ག་ན་བཞུགས། །རིགས་ལྡན་དྲག་པོ་ཞེས་བྱ་བ། །ཕྱག་རྡོར་སྤྲུལ་པར་གང་དུ་བཤད། །ཅེས་པའི་ལན་ནི། འདི་གཞན་དག་གི་ཁ་ཟེགས་བསྡུས་ནས་བཀོད་པར་སྣང་མོད། འདི་བཞིན་གསན་པར་ཞུ། རིགས་ལྡན་དྲག་པོ་དེ་ཕྱག་རྡོར་གྱི་སྤྲུལ་པ་ཡིན་པ་ནི་དུས་འཁོར་རྩ་རྒྱུད་ལས་བཤད་དེ། རིགས་ལྡན་དྲག་པོ་འཇམ་དབྱངས་གྲགས་པའི་སྤྲུལ་པ་ཡིན། འཇམ་དབྱངས་གྲགས་པ་ཟླ་བ་བཟང་པོའི་སྤྲུལ་པ་ཡིན། ཟླ་བ་བཟང་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པར་དེར་བཤད་པའི་ཕྱིར་རོ། །གཏན་ཚིགས་དང་པོ་གྲུབ་ཏེ། འགྲེལ་ཆེན་དྲི་མེད་འོད་དུ། རྩ་རྒྱུད་ཀྱི་ལུང་དྲངས་པ་ལས། རིགས་ལྡན་ཉི་ཤུ་རྩ་བཞི་པ་རྫོགས་པའི་རྗེས་སུ། གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཞེས་འཇམ་དབྱངས་གྲགས་པ་སླར་ཡང་རིགས་ལྡན་དྲག་པོར་སྤྲུལ་པར་བཤད་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། དེ་ཉིད་ལས། དེ་ཡི་ཟླ་བཟང་རྩ་རྒྱུད་ལས། །ཁྱོད་ནི་སྡུད་པར་བྱེད་པ་སྟེ། །འགྲེལ་བཤད་བྱེད་པ་པད་འཛིན་དང་། །ཞེས་བསྡུས་རྒྱུད་མཛད་པ་གྲགས་པ་དང་། འགྲེལ་བཤད་མཛད་པ་པད་དཀར་གཉིས་ཀ་ཡང་ཟླ་བ་བཟང་པོའི་སྤྲུལ་པར་བཤད་པའི་ཕྱིར་རོ། །གསུམ་པ་གྲུབ་སྟེ། དེ་ཉིད་ལས། ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་རིགས་ལྡན་དྲག་པོ་ཆོས་ཅན། ཕྱག་རྡོར་གྱི་སྤྲུལ་པ་མ་ཡིན་པར་ཐལ། འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པའི་ཕྱིར་སྙམ་ན། དེ་ཉིད་འདུས་པར་གསུངས་པའི་རྡོ་རྗེ་རྣོན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཉིད་སྣང་ཆེན་དུ། སེམས་དཔའ་བཅུ་དྲུག་གི་བསྟོད་པ་ཚིགས་སུ་བཅད་པ་བཅུ་དྲུག་པ་དེ་ཉིད་ལ་རྡོ་རྗེ་སེམས་དཔའམ་ཕྱག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་ཚང་བར་བཤད་པ་དང་འགལ་ལོ། །གཞན་ཡང་གསང་སྔགས་རྒྱུད་སྡེ་བཞིའི་འཁོར་གྱི་ལྷ་ཐམས་ཅད་གཙོ་བོ་ཉིད་ཀྱི་རྣམ་འཕྲུལ་ཡིན་པ་རྒྱུད་སྡེའི་ལུགས་ཡིན་པས། ཕྱག་རྡོར་གཙོ་བོར་བྱས་ནས་འཇམ་དབྱངས་འཁོར་དུ་བྱས་པ་དང་། འཇམ་དབྱངས་གཙོ་བོར་བྱས་ནས་ཕྱག་རྡོར་འཁོར་དུ་བྱས་པ་ཐམས་ཅད་སྔར་གྱི་ཐལ་བ་དེ་ལ་དངོས་སྐྱོན་དུ་འགྲོ་བ་བསྙོན་དུ་མེད་པས་དེ་འདྲའི་ཐལ་བ་འཕངས་ནས་ཁྱབ་པ་རང་སོར་འབུད་ན་ལོག་པར་རྟོག་པ་ཆེན་པོ་ཡིན་ནོ། །དཔེར་མཚོན་ན་གསང་བ་འདུས་པའི་ལྷ་ཐམས་ཅད་ལ་གཙོ་བོ་གོ་འཕོ་བའི་དཀྱིལ་འཁོར་འཕགས་ལུགས་པ་དང་། ཡེ་ཤེས་ཞབས་ལུགས་པ་གཉིས་ཅར་བཞེད་པས་དེའི་ཚེ་སྔར་གྱི་རྣམ་གཞག་དེ་སྙོན་དུ་མེད་དོ། །འདི་དག་ཀྱང་སངས་རྒྱས་ཐམས་ཅད་ངོ་བོ་གཅིག་པ་ཙམ་ལ་བསམ་ནས་སྨྲས་པ་མ་ཡིན་གྱི། གནས་སྐབས་དེ་དང་དེའི་བརྡ་ཆད་འཇོག་མཚམས་ལ་གྲུབ་པ་སྨྲས་པ་ཡིན་ཀྱང་། དུས་ཀྱི་སྟོབས་ཀྱིས་བློ་གཟུ་བོར་གནས་པ་དཀོན་ནོ། །ཀླ་ཀློས་རྫུ་འཕྲུལ་གྱིས་ཤམྦྷ་ལ་རུ་དམག་འདྲེན་པ། རིགས་ལྡན་དྲག་པོས་ཀླ་ཀློ་མཐར་བྱེད་པ་རྩ་རྒྱུད་ལས་གསུངས་པ་དེ་ཉིད་ཀྱིས་འགྲུབ་པར་སྣང་སྟེ། དེའི་ཚུལ་ཡང་རྒྱལ་པོ་ཟླ་བ་བཟང་པོས་རྩ་རྒྱུད་ལོ་གཅིག་བསྟན། དེ་རྗེས་ལྷ་དབང་། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན་རྣམས་ཀྱིས་ལོ་གྲངས་བརྒྱ་བརྒྱར་རྩ་རྒྱུད་བསྟན་པ་རྣམས་ནི་ཤམྦྷ་ལར་རིགས་བཞི་ཡོད་པའི་རྡོ་རྗེའི་རིགས་ཁོ་ན་ལ་བསྟན་གྱི། གཞན་གསུམ་ལ་བསྟན་པར་མ་ནུས་པས། རིགས་ལྡན་དུ་མི་འཇོག་ལ། དེ་ནས་འཇམ་དབྱངས་གྲགས་པས། རིགས་བཞི་ཆར་རྡོ་རྗེའི་རིགས་གཅིག་ཏུ་བྱས་ཏེ་བསྟན་པས་རིགས་ལྡན་གྱི་རྒྱལ་པོར་འཇོག་སྟེ། རྩ་རྒྱུད་ལས། རིགས་བཞི་རིགས་གཅིག་བྱས་གང་དེས། །རིགས་ལྡན་ཚངས་པའི་རིགས་ཀྱིས་མིན། །ཞེས་གསུངས་པས་སོ། །དེ་ནས་བཟུང་སྟེ་རིགས་ལྡན་དྲག་པོའི་བར་ཤམྦྷ་ལར་ཀླ་ཀློའི་རིགས་གཏན་མེད་ཅིག་རིགས་ལྡན་དྲག་པོའི་ཀླ་ཀློའི་ཆོས་མཐར་བྱེད་པར་བཤད་པས་དེའི་ཚེ་ལོགས་ནས་དམག་འདྲེན་ཏེ་འོངས་པར་གསལ་སྙམ་དུ་སེམས་ཏེ་དཔྱད་པར་བྱའོ། ། ༩༩༽ ཇི་ལྟར་འདུད་པའི་བྱེ་བྲག་གིས། །ཞེས་སོགས་དགྲ་བཅོམ་རང་རྒྱལ་གྱིས། །སྟོང་ཉིད་རྟོགས་པའི་སྒྲུབ་བྱེད་དུ། །རུང་ན་མདོ་སྡེ་རྒྱན་གྱི་ལུང་། །སེམས་ཙམ་གཞུང་དུ་ཇི་ལྟར་འགྱུར། །ཞེས་པའི་ལན་ནི། གཞུང་ལས། དགྲ་བཅོམ་པ་དང་རང་སངས་རྒྱས། །རྫོགས་པའི་སངས་རྒྱས་རྣམ་པ་གསུམ། །རྣམ་པར་གྲོལ་བར་མཚུངས་ན་ཡང་། བཟང་ངན་ཐབས་ཀྱི་ཕྱེ་བ་ཡིན། །ཞེས་པའི་ཤེས་བྱེད་དུ་ལུང་འདི་དྲངས་པས་དོགས་པའི་གཞི་མ་ངེས་པའི་དྲི་བར་སྣང་ངོ་། །སེམས་ཙམ་པའི་ལུགས་ལ་ཉན་རང་གི་སྟོང་ཉིད་མ་རྟོགས་པར་འདོད་པ་ཡང་གྲུབ་མཐའ་སྨྲ་བ་སོ་སོ་ལ་སྟོང་ཉིད་ངོས་འཛིན་ཚུལ་སོ་སོར་ཡོད་པ་མ་ངེས་པའི་སྐྱོན་དུ་སྣང་སྟེ། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱིས། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་པ་འདི་མདོ་སེམས་གཉིས་ཅར་གྱིས་ཐེག་པ་གསུམ་ཆར་ལ་སྦྱར་བའི་ཚུལ་ཡང་མ་ངེས་པར་སྣང་བའི་ཕྱིར་རོ། ། ༡༠༠༽ ཡི་དམ་བསྒོམ་པ་དཀྲོང་བསྐྱེད་ཀྱིས། །སྦྱང་གཞི་སྦྱོང་བྱེད་མི་འཕྲོད་ན། །ཤིན་ཏུ་ཟབ་པ་བཅོས་མིན་གྱི། །བསྐྱེད་པའི་རིམ་པ་དེ་ཅི་ཞིག །ཅེས་པའི་ལན་ནི། གོང་རིམ་གཉིས་ལ་འཁྲུལ་པ་དགག་པའི་སྐབས་སུ། རྒྱ་ལ་བསྐྱེད་རིམ་བསྒོམ་ན་ཡང་། །སྦྱང་གཞི་སྦྱོང་བྱེད་ལེགས་འཕྲོད་པའི། །ཆོ་གའི་ཡན་ལག་ཀུན་བོར་ནས། །རང་བཟོའི་དཀྲོང་བསྐྱེད་བསྒོམ་པར་ཟད། །ཅེས་པ་ལ་འདྲི་བ་འདྲ་སྟེ། དེ་ལྟ་ན་ཤིན་ཏུ་ཟབ་པ་བཅོས་མིན་གྱི་བསྐྱེད་རིམ་དེ་རང་བཟོའི་དཀྲོང་བསྐྱེད་ཨེ་ཡིན་པ་འདུག ད་དུང་འདིའི་ཕྱོགས་སྔ་སྨྲ་བ་སུ་ཡིན་ཁྱེད་ཀྱིས་མི་མཁྱེན་ལགས་སོ། ། ༡༠༡༽ རིམ་པ་ལྔ་པར་འོད་གསལ་དང་། །ཟུང་འཇུག་ཅེས་བྱ་ཆོས་སྐུ་དང་། །སྒྱུ་མའི་སྐུ་ལ་བཤད་པས་ན། །འོད་གསལ་འབྲས་བུའི་མཐར་ཐུག་ཏུ། །ཁས་བླངས་པ་ལ་འགལ་ཅི་ཡོད། །ཅེས་པའི་ལན་ནི། བདག་ཉིད་ཆེན་པོ་འདིས་སྤྱིར་འོད་གསལ་ཡིན་ན། འབྲས་བུ་མཐར་ཐུག་མ་ཡིན་པས་ཁྱབ་པར་བཞེད་པ་མ་ཡིན་ཏེ། མདོ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་དང་། རྒྱུད་བླར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཅེས་སོགས་འོད་གསལ་ཆོས་དབྱིངས་ཀྱི་མིང་གི་རྣམ་གྲངས་སུ་བཤད་ཅིང་། རྒྱུད་བླའི་ལུང་དེ་ཉིད་བསྟན་བཅོས་འདིར་ཡང་བདེ་གཤེགས་སྙིང་པོ་འགྱུར་བ་མེད་པའི་ཁུངས་སུ་དྲངས་པས་འབྲས་དུས་ཀྱི་བདེ་གཤེགས་སྙིང་པོ་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་དེ་ཡང་འོད་གསལ་དུ་ཞལ་གྱི་བཞེས་པའི་ཕྱིར་རོ། །འོད་གསལ་དང་ཟུང་འཇུག་རྣམ་གྲངས་སུ་བཤད་པ་ཡང་འདི་ལ་དགོངས་སོ། །འདིར་དགག་བྱ་ནི་སྔོན་གྱི་གསང་འདུས་པ་ཁ་ཅིག རིམ་ལྔའི་ནང་ཚན་དུ་གྱུར་པའི་འོད་གསལ་འབྲས་བུའི་མཐར་ཐུག་ཏུ་སྨྲ་བ་དེ་ཉིད་ཡིན་ཏེ། གཞུང་ལས། འདི་ནི་འཕགས་པའི་དགོངས་པ་མིན། །རིམ་ལྔ་དང་ནི་སྤྱོད་བསྡུས་སུ། །འོད་གསལ་བ་ལས་ཟུང་འཇུག་སྐུར། །ལྡང་བ་མཐར་ཐུག་ཡིན་པར་གསུངས། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །རིམ་པ་ལྔའི་ཟླས་ཕྱེ་བའི་འོད་གསལ་དང་ཟུང་འཇུག་དང་། སྒྱུ་མའི་སྐུ་གསུམ་རྣམ་གྲངས་སུ་བཤད་པ་རིམ་ལྔ་ལས་གཏན་མེད་དེ། དབེན་གསུམ་གྱི་རྗེས་སུ་རླུང་སེམས་ཙམ་ལས་ལོངས་སྐུའི་རིགས་འདྲ་སྒྱུ་མའི་སྐུ་བསྒྲུབས་ཤིང་དེ་ཉིད་ལ་བསྒྱུར་འཛིན་གྱི་དྲི་མ་ཡོད་པ་འོད་གསལ་གྱི་མེས་སྦྱངས་ནས་དེའི་འོག་ཏུ་ཟུང་འཇུག་གི་སྐུར་བཞེངས་པར། རིམ་ལྔ། སྤྱོད་བསྡུས། སྒྲོན་གསལ་སོགས་འཕགས་ལུགས་ཀྱི་གཞུང་རྣམས་ཀྱི་དགོངས་པ་ཡིན་པ་ལ་དེང་སང་ཁོ་བོ་རྒྱུས་ཆེ་བའི་ཕྱིར་རོ། ། ༡༠༢༽ བྱང་ཆུབ་བར་དུ་བླངས་པ་ཡིས། །སོ་སོར་ཐར་པ་འཇིག་འགྱུར་ན། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །ཞེས་སོགས་གསུངས་པ་ཇི་ལྟར་ཡིན། །ཞེས་པའི་ལན་ནི། ཉན་ཐོས་ཀྱི་ལུགས་ཀྱི་སོ་ཐར་བྱང་ཆུབ་བར་དུ་བླངས་པ་བཀག་པ་དང་། ཐེག་པ་ཆེན་པོའི་ལུགས་ཀྱི་སོ་ཐར་བྱང་ཆུབ་བར་དུ་བླངས་པ་གཉིས་འགལ་བའི་དོན་མེད་མཆི། ཉན་ཐོས་པའི་ལུགས་ཀྱི་སོ་ཐར་ཞེས་པའི་ཚིག་གི་ཁྱད་པར་མེད་དོ་སྙམ་ན། མདོར་བསྟན་ཏེ། དེས་ན་ཉན་ཐོས་ཐེག་པ་ལ། །སྡོམ་པ་དང་ནི་བདེན་བཞིའི་གནད། །བཅོས་ན་ཉན་ཐོས་ཆོས་ཀུན་འཇིག །ཅེས་པའི་རྒྱས་བཤད་ཀྱི་དབང་དུ་བྱས་ནས་དུས་ཕྱིས་འདི་འདྲའི་སྟོན་བཟང་ཨེ་ཡོད་མི་མཁྱེན་པ་ཡིན་ནམ། བསྟན་བཅོས་སྤྱིའི་རྩོམ་ལུགས་བྱས་གདའ་འོ། ། ༡༠༣༽ ཕག་མོའི་བྱིན་རླབས་མར་པ་ལ། །མེད་པའི་རྒྱུ་མཚན་གསལ་པོ་ཅི། །མར་པས་རིམ་ལྔ་གདན་རྫོགས་ཀྱི། །ཐོག་མར་ཕག་མོའི་བྱིན་རླབས་ནི། །ངེས་པར་བྱེད་ཅེས་ཟེར་བ་ཐོས། །ཞེས་པའི་ལན་ནི། ཕག་མོའི་བྱིན་རླབས་མར་པ་ལ། །ཡོད་པའི་རྒྱུ་མཚན་གསལ་པོ་ཅི། །དྭགས་པོས་ནཱ་རོ་ཆོས་དྲུག་གི །ཐོག་མར་ཀོང་པོ་ནེ་རུ་པས། །བྱིན་རླབས་གསར་དུ་བྱས་ཞེས་ཐོས། །ཐོས་ཚད་ཚད་མ་མིན་སྙམ་ན། །དེས་ཀྱང་དེ་ཡང་དེར་འགྱུར་རོ། །ཞེས་བྱའོ། ། ༡༠༤༽ རྗེ་བཙུན་མི་ལ་མན་ཆད་ལ། །ཆོས་དྲུག་ཡོད་དམ་མེད་ན་ནི། །གཞུང་གི་དགོངས་པ་གང་ཡིན་དྲིས། །ཡོད་ན་ནཱ་རོའི་བརྒྱུད་པ་ནི། །འདེད་ན་འགལ་བ་ཅི་ཞིག་ཡོད། །མེད་ན་ཆོས་དྲུག་ལུགས་གསུམ་པོ། །གསན་ཚུལ་ཇི་ལྟར་ཡིན་པ་དྲི། །ཞེས་པའི་ལན་ནི། གཞུང་གི་དགོངས་པ་ནཱ་རོ་ཆོས་དྲུག་མི་ལ་ཡན་ཆད་དུ་ཆོས་དྲུག་དེ་ལས་མ་གཏོགས་པ་གདམས་ངག་གཞན་དང་བསྲ་བསྲེས་བྱས་པ་དེ་མེད་ཅེས་པའི་དོན་ཡིན་གྱི། ཆོས་དྲུག་མི་ལ་ཡན་ལ་ཡོད་དེ་མན་ཆད་ལ་མེད་ཅེས་པའི་དོན་མ་ཡིན་ཏེ་གཞུང་དེའི་མཇུག་ཏུ། ཆོས་དྲུག་བོར་ནས་ལམ་འབྲས་དང་། །ཕྱག་རྒྱ་ཆེན་པོ་ལ་སོགས་པ། །གཞན་གྱི་གདམས་ངག་བསྒོམ་བཞིན་དུ། །ནཱ་རོའི་བརྒྱུད་པ་འདེད་བྱེད་པ། །གཞན་དང་འགལ་བ་ལྟ་ཅི་སྨོས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཆོས་དྲུག་ལུགས་གསུམ་གསན་ཚུལ་སོགས་ཀྱང་མི་འགལ་བར་ཤེས་པར་བྱའོ། ། ༡༠༥༽ བདེ་མཆོག་སྙན་བརྒྱུད་ཅེས་བྱ་བ། །བརྫུན་མའི་ཆོས་སུ་མཁས་རྣམས་བཞེད། །ཅེས་པའི་ལན་ནི། འདི་འདྲི་བའི་གཞི་གཞུང་ན་མི་འདུག ནཱ་རོ་ཆོས་དྲུག་ལུགས་གསུམ་གྱི་ཕྱི་མ་རས་ཆུང་པའི་སློབ་མ་བུར་སྒོམ་ནས་བརྒྱུད། ཅེས་པ་རས་ཆུང་སྙན་བརྒྱུད་ལ་ངོས་བཟུང་ནས་དྲིས་པ་འདྲ། དེ་ལྟར་ན་ནཱ་རོ་ཆོས་དྲུག་དང་བདེ་མཆོག་སྙན་བརྒྱུད་ནོར་འདུག་གོ །བརྫུན་མའི་ཆོས་སུ་མཁས་རྣམས་བཞེད་པ་ཡང་མ་གྲུབ་སྟེ། མཁས་པ་མང་པོས་ཆོས་རྣམ་དག་ཏུ་བཞེད་པའི་ཕྱིར་རོ། ། ༡༠༦༽ ཕྱག་རྒྱ་ཆེན་པོ་སྒོམ་བཞིན་དུ། །ནཱ་རོའི་བརྒྱུད་པ་འདེད་པ་ལ། །འགལ་བ་ཅི་ཞིག་ཡོད་པ་དྲི། །ཞེས་པའི་ལན་ནི། སྤྱིར་ཕྱག་རྒྱ་ཆེན་པོ་བསྒོམས་ནས་ནཱ་རོའི་བརྒྱུད་པ་འདེད་པ་ལ་འགལ་བ་ཡོད་པར་གསུངས་པ་མ་ཡིན་གྱི། ནཱ་རོའི་ཆོས་དྲུག་གཙང་མ་བོར་ནས་ཆོས་དྲུག་དང་། མར་པ་ལ་གཾ་ག་མཻ་ཏྲི་ནས་བརྒྱུད་པའི་ཕྱག་ཆེན་བསྲེས་ནས་སྒོམ་བཞིན་དུ་ནཱ་རོ་ཆོས་དྲུག་ཁོ་ནའི་བརྒྱུད་པ་འདེད་པ་བཀག་པའོ། ། ༡༠༧༽ བཅོམ་ལྡན་འདས་ཀྱི་བཤད་པ་ལ། །བཞི་བཅོམ་དྲུག་ལྡན་མི་དགོས་ན། །གང་རུང་རེ་རེས་ཆོག་གམ་ཅི། །དེ་ལྟར་ན་ནི་དགྲ་བཅོམ་དང་། །ལེགས་ལྡན་སོགས་ལ་མི་ཐལ་ལམ། །ཞེས་པའི་ལན་ནི། གཞུང་གི་དགོངས་པ་མ་ལོན་པར་བསྟན་པ་དང་། སུན་འབྱིན་བརྗོད་པ་མི་འཐད་པ་གཉིས་ཀྱི་རྟོགས་པར་བྱ་བ་ལས། དང་པོ་ནི། བཅོམ་ལྡན་འདས་ཀྱི་བཤད་པ་ལ་བཞི་བཅོམ་དྲུག་ལྡན་གཉིས་ཀ་མི་དགོས་ཞེས་པ་གཞུང་གི་དོན་གཏན་མ་ཡིན་ཏེ། བོད་སྐད་ཀྱི་བཅོམ་ལྡན་འདས་ཞེས་པའི་བཅོམ་པ་བདུད་བཞི་བཅོམ་པ་དང་། ལྡན་པ་དབང་ཕྱུག་གི་ཡོན་ཏན་དྲུག་དང་ལྡན་པ་ལ་སོ་སོར་བཤད་པ་དགག་པ་ཙམ་ཡིན་པའི་ཕྱིར་རོ། །འོ་ན་བཞི་བཅོམ་དྲུག་ལྡན་གཉིས་ཀ་ཇི་ལྟར་དགོས་བོད་སྐད་ཀྱི་བཅོམ་པ་དང་ལྡན་པ་གཉིས་ལ་དེ་གཉིས་སོ་སོར་བཤད་དུ་མི་རུང་བའི་རྒྱུ་མཚན་ཅི་སྙམ་ན། བྷ་ག་ཅེས་པའི་ཚིག་གཅིག་ཉིད་བཅོམ་པ་དང་། སྐལ་བ་གཉིས་ལ་འཇུག་པ་དེའི་ཚེ་བཅོམ་པ་ནི་བདུད་བཞི་བཅོམ་པ་སྐལ་བ་ནི་དབང་ཕྱུག་གི་ཡོན་ཏན་དྲུག་གི་སྐལ་བ་ཡིན་པས་དེ་གཉིས་ཀ་ཡང་བོད་སྐད་ཀྱི་བཅོམ་ཞེས་པའི་ཚིག་གཅིག་ཉིད་ཀྱིས་སྟོན་ནོ། །ཝཱན་ཞེས་པ་དང་། ཝཱ་ཏེ་ཞེས་པ་བོད་སྐད་ཀྱི་ལྡན་པ་ཡིན་ལ། དེའི་ཚེ་བདུད་བཞི་བཅོམ་པ་དང་ལྡན་པས་ན་བཅོམ་ལྡན། དབང་ཕྱུག་གི་ཡོན་ཏན་དྲུག་གི་སྐལ་བ་དང་ལྡན་པས་ན་བཅོམ་ལྡན་ཞེས་གཉིས་ཀ་ལ་སྦྱར་བར་བྱ་བ་ཡིན་གྱི། དབང་ཕྱུག་གི་ཡོན་ཏན་དྲུག་ཁོ་ན་ལ་སྦྱར་བར་བྱ་བ་མ་ཡིན་ཏེ། རྩ་རྒྱུད་བརྟག་གཉིས་ལས། སངས་རྒྱས་འདི་ལ་བྷ་ག་མངའ། །བཅོམ་ལྡན་འདས་ཞེས་བརྗོད་པར་བྱ། །བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་འདས་ཤེས་བྱ། །ཞེས་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྡུད་འགྲེལ་ལས། བཅོམ་ལྡན་འདས་ཞེས་པ་ནི་བདུད་བཞི་བཅོམ་པའི་ཕྱིར་རམ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །སྐལ་བའི་སྒྲ་ནི་དབང་ཕྱུག་ལ་སོགས་པ་བརྗོད་པར་བྱེད་པ་ཡིན་ཏེ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །གྲགས་དང་དཔལ་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་དག་ལ་སྐལ་ཞེས་བརྗོད། །ཅེས་གང་བཤད་པ་ཡིན་ནོ། །ཞེས་གསུངས་པས་སོ། །སྒྲའི་གནད་ཀྱི་ཚུལ་འདི་ལྟ་བུ་ལ་དགོངས་ནས། བཅོམ་ལྡན་འདས་ཀྱི་བཤད་པ་ལ། བཞི་བཅོམ་དྲུག་ལྡན་འཆད་པ་དང་། །ཞེས་བོད་སྐད་ལ་བཤད་པ་ནོར་ཚུལ་དུ་གསུངས་པ་ཡིན་པས་འདི་ནི་མང་བ་ཞིག་ལ་མཁོ་བ་ཡོད་དོ། །གཉིས་པ་ནི། གང་རུང་རེ་རེས་ཆོག་ན་ཡང་། དགྲ་བཅོམ་པ་དང་། ལེགས་ལྡན་ལ་སོགས་ལ་ཐལ་བར་མི་འགྱུར་ཏེ། ཉན་ཐོས་དགྲ་བཅོམ་གྱི་བདུད་བཞི་མ་ལུས་པར་མ་བཅོམ་པར་བཤད་ཟིན་པའི་ཕྱིར་དང་། འཇིག་རྟེན་པའི་ལེགས་ལྡན་ལ་དབང་ཕྱུག་གི་ཡོན་ཏན་དྲུག་མེད་པའི་ཕྱིར་ཏེ། དབང་ཕྱུག་ནི། དབྱིངས་དག་པ་གཉིས་ལྡན་དང་། གཟུགས་བཟང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། གྲགས་པ་དང་དཔལ་གཉིས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་པར་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཤད་པའི་ཕྱིར་རོ། །འོན་ཀྱང་བློའི་ངོར་དེ་གཉིས་ནོར་གྱི་དོགས་ནས་འདས་ཞེས་པའི་ཚིག་ལོཙྪ་བ་སངས་རྒྱས་དང་འདྲ་བ་དག་གིས་བསྣན་པར་ཤེས་པར་བྱའོ། ། ༡༠༨༽ ཕྱག་རྒྱ་ཆེན་པོའི་སྒྲ་དོན་ལ། །ལག་པའི་སྒྲ་དོན་འཁྲུལ་གྱུར་ན། །བརྟག་པ་གཉིས་པར་བརྡ་དང་ནི། །བརྡ་ཡི་ལན་ལ་ཕྱག་རྒྱ་ཞེས། །གསུངས་པའི་དགོངས་པ་གང་ཡིན་བཙལ། །རྡོ་རྗེ་འབྱུང་བར་ལྷ་རྣམས་ཀྱི། །ལག་པའི་རྣམ་འགྱུར་མི་འདྲ་ལ། །ཕྱག་རྒྱ་ཆེན་པོ་བཤད་དེ་ཅི། །ཞེས་པའི་ལན་ནི། གཞུང་གི་དགོངས་པ་བཤད་པ་དང་། དེ་མ་རྟོགས་ནས་སུན་འབྱིན་བརྗོད་པ་ལ་ལན་བཏབ་པ་གཉིས་ལས། དང་པོ་ནི། མ་ཧཱ་མུ་ཏྲ་ཞེས་པའི་མ་ཧཱ་ཆེན་པོ་དང་། མུ་ཏྲ་རྒྱ་ལ་འཇུག་པ་ཡིན་གྱི་ལག་པའི་སྐད་དོད་མེད་པས་ཚིག་དྲང་པོར་བསྒྱུར་ན་རྒྱ་ཆེན་པོ་ཞེས་པ་ལ་འཇུག་གོ །འོན་ཀྱང་དེའི་དོན་ནི་དབང་དང་རིམ་གཉིས་ལས་བྱུང་བའི་ཡེ་ཤེས་ལ་འཇུག་པས་རྒྱ་ཆེ་ཆུང་གཉིས་ཀྱི་ཟླས་ཕྱེ་བའི་རྒྱ་ཆེན་པོ་ལ་ནོར་གྱིས་དོགས་ནས་ལོཙྪ་བ་སངས་རྒྱས་དང་འདྲ་བ་དག་གིས་ཕྱག་ཅེས་པའི་ཚིག་བསྣན་པ་ཡིན་གྱི། རྒྱ་གར་གྱི་སྐད་ལ་དེའི་སྒྲ་དོན་འཆད་དུ་མེད་ཅེས་པའི་དོན་ཏོ། །གཉིས་པ་ནི། བརྟག་པ་གཉིས་པར་བརྡ་དང་བརྡའི་ལན་ལ་ཕྱག་རྒྱ་ཞེས་བཤད་པའི་རྒྱུ་མཚན་གྱིས་ལག་པའི་སྒྲ་དོན་འཆད་དུ་ཡོད་ན། གོས་དང་རྩེ་གསུམ་དང་། ནུ་མ་དང་། སྐྲ་མཚམས་དང་། སོ་དང་། ཁ་དང་། ཁྲོ་གཉེར་དང་། གཙུག་ཕུད་དང་། དཔྲལ་བ་དང་། རྒྱབ་དང་། རྐང་མཐིལ་དང་། ལྟོ་བ་རྣམས་ལ་ཡང་ལག་པའི་སྒྲ་དོན་འཆད་དུ་ཡོད་པར་འགྱུར་ཏེ། དེ་དག་ལ་ཡང་ཕྱག་རྒྱ་དང་། ཕྱག་རྒྱའི་ལན་ཅེས་གསུངས་པའི་ཕྱིར་ཏེ། དེ་ཉིད་ལས། གང་གིས་གོས་ནི་སྟོན་པ་ལ། །དེ་ཡིས་རྩེ་གསུམ་རབ་ཏུ་བསྟན། །གང་ཞིག་ནུ་མ་སྟོན་པ་ལ། །དེ་ཡིས་མཚམས་ནི་རབ་ཏུ་བསྟན། །གང་ཞིག་སོ་ནི་སྟོན་པ་ལ། །དེ་ཡིས་ཁ་ནི་རབ་ཏུ་བསྟན། །གང་ཞིག་ཁྲོ་གཉེར་སྟོན་པ་ལ། །གཙུག་ཕུད་བཀྲོལ་བ་བརྗོད་པར་བྱ། །གང་ཞིག་དཔྲལ་བ་སྟོན་པ་ལ། །དེ་ཡིས་རྒྱབ་ནི་རབ་ཏུ་བསྟན། །གང་ཞིག་རྐང་མཐིལ་སྟོན་པ་ལ། །ལྟོ་ཡི་རྣམ་པར་བརྩེ་བར་བྱ། །ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ནི། །དམ་ཚིག་གིས་ནི་རྣམ་པར་དབྱེ། །ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་འབྱུང་བར་ལྷ་རྣམས་ཀྱི་ལག་པའི་རྣམ་འགྱུར་མི་འདྲ་བ་ལ་ཕྱག་རྒྱ་ཆེན་པོར་བཤད་པས་ཀྱང་མི་གནོད་དེ་བོད་འདིར་ཕྱག་རྒྱ་ཞེས་པའི་ཚིག་དེ་ཡིན་ན། ལག་པ་ལ་མི་མཇུག་པས་ཁྱབ་པར་མ་གསུངས་པའི་ཕྱིར་རོ། །ཏི་ལི་ཏེ་ལོར་མི་རུང་ན། །ཨི་ཡི་ཡི་གེ་ཨེ་ཞེས་པར། །ཀཱ་ལཱ་པ་ལས་བྱས་དེ་ཅི། །ཅེས་པའི་ལན་ནི་དེ་སྟོན་པའི་ཀཱ་ལཱ་པའི་ཚིག་གང་ཡིན། ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ་ཞེས་པ་ཡིན་ན། དེའི་དོན་སྔ་མའི་སྲོག་ཡིག་ཨའི་ཡི་གེ་དེ་ཕྱི་མར་ཨའི་ཡི་གེ་ལ་བརྟེན་ནས་སྔ་མའི་ཨ་ཡིག་ཨེར་འགྱུར་ལ། ཕ་རོལ་ཡང་དབྱིའོ། །ཞེས་པས་ཕ་རོལ་གྱི་ཨི་ཕྱིས་ཏེ་སྔ་མ་མཚམས་སྦྱར་ཞེས་པའི་དོན་ཏེ། དཔེར་ན་ཤཱི་ལ་ཨིནྟྲ་ཞེས་པའི་ལའི་སྲོག་ཡིག་ཨ་དེ་ཉིད་ཕ་རོལ་གྱི་ཨི་མཐོང་བས་ཨེར་འགྱུར་ལ། ཨེ་ཡིག་ཕྱིས་ཏེ་མཚམས་སྦྱར་བས་ཤི་ལེནྟྲ་ཞེས་དང་། དེ་བཞིན་དུ་ན་ལ་ཨིནྟྲ་ལ་ན་ལེནྟྲ་དང་། ཨརཏྱ་ཨིན་དུ་ལ་ཨནྟྱེ་དུ་ཞེས་པ་ལྟ་བུའོ། །མཚམས་སྦྱོར་གྱི་ཚུལ་འདི་ཙམ་ལ་ཡང་ཨིའི་ཡི་གེ་ཨེའི་ཡིན་ཞེས་པར་འཁྲུལ་ན་ཀཱ་ལཱ་པ་མཁྱེན་པར་ཞལ་གྱིས་བཞེས་ཀྱང་ཅི་ལྟར་འགྱུར་ལགས་སམ། གལ་ཏེ་དེ་ཉིད་ཀཱ་ལཱ་པའི་དགོངས་པ་ཡིན་ན། གི་གུ་ཡིན་ན་འགྲེང་བུ་ཡིན་པས་ཁྱབ་པར་ཐལ། ཨི་ཡིག་ཡིན་ན་ཨེ་ཡིན་པས་ཁྱབ་པའི་ཕྱིར། བསྟན་བཅོས་འདིར་མ་ཟད་ཀཱ་ལཱ་པ་ཡང་སུན་འབྱིན་ཏེ་ཕུང་བར་བྱེད་དམ། ། ༡༠༩༽ ན་རོ་ཞེས་བྱ་བྲམ་ཟེ་ཡི། །བྱེ་བྲག་ཡིན་མོད་ཏ་ཞེས་པ། །ཞེས་པའི་ཚིག་ཏུ་སྦྱར་མིན་ནམ། །ཞེས་པའི་ལན་ནི། ཏ་ཞེས་པ་ཉིད་ཅེས་པའི་དོན་ཡིན་ལ། དེ་སྦྱར་བའམ་མ་སྦྱོར་བ་གང་ཡིན་ཀྱང་རུང་། ན་དང་རོ་གཉིས་ཀྱི་སྒྲ་སྐད་ནོར་བར་འཆད་པ་སྐབས་ཀྱི་དོན་ཡིན་ཏེ། དཀའ་བ་སྤྱད་པས་ཨ་ན་ན། །རོ་རུ་སོང་ཞེས་འཆད་པ་དང་། །ཞེས་གསུངས་པས་སོ། ། ༡༡༠༽ ཀཽའུ་ཤི་ཀའི་མདོ་ཞེས་པ། །བརྫུན་མ་དེ་ཡི་མཚན་གཞི་དྲི། །ཞེས་པའི་ལན་ནི། ཤེར་ཕྱིན་གྱི་མདོའི་ནང་ཚན་དུ་གྱུར་པའི་ཀཽའུ་ཤི་ཀས་ཞུས་པའི་མདོ་མ་ཡིན་པར་དེ་ལས་གཞན་པ་ཡོད་པར་གསལ་མོད་ཀྱི་ཁོ་བོས་ནི་མ་མཐོང་སྟེ། ཁྱེད་དང་འདྲའོ། ། ༡༡༡༽ མུ་སྟེགས་བྱེད་ཀྱི་རྒྱུད་ཡིན་པས། །ལུང་དུ་བྱ་བ་མི་རུང་ན། །དབྱངས་འཆར་རྒྱུད་དང་སྨན་དཔྱད་དང་། །ཀཱ་ལཱ་པ་དང་ཌཎྜི་ཡི། །ཚིག་རྒྱན་གཞུང་དང་འཆི་མེད་ཀྱི། །བང་མཛོད་ལ་སོགས་མཁས་རྣམས་ལ། །གྲགས་པའི་ལུང་དག་འདོར་དགོས་སམ། །ཞེས་པའི་ལན་ནི། གཞུང་དེ་དག་མུ་སྟེགས་བྱེད་ཀྱི་རྒྱུད་ཡིན་ཞེས་པ་ཡང་ཀཱ་ལཱ་པ་སོགས་ལ་སྐུར་པ་བཏབ་པར་སྣང་ཞིང་གཞན་ཡང་ཁྱོད་སྐྱོན་འཛིན་ལུགས་འདི་ལྟར་མཛད་ན་ཁོ་བོས་ལན་འདེབས་ལུགས་འདི་འདྲ་ཅིག་བྱ་སྟེ། མུ་སྟེགས་བྱེད་ཀྱི་རྒྱུད་ཡིན་པས་ལུང་དུ་བྱ་བར་མི་རུང་བར་ཐལ། མུ་སྟེགས་བྱེད་ཀྱི་རྒྱུད་ཡིན་པས་ལུང་དུ་བྱ་བར་མི་རུང་བའི་ཕྱིར། འདོད་ན། སྔར་བརྗོད་པའི་སྐྱོན་ཐམས་ཅད་ལོག་ཁྱབ་པ་ནི་ཚད་འགལ་ཡིན། མ་གྲུབ་ན། རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མེད་པར་སྟོན་པའི་ལུང་དང་། གྲངས་ཅན་གྱིས་གཙོ་བོ་རྟག་དངོས་ཡོད་པར་སྟོན་པའི་ལུང་ལ་སོགས་པ་མུ་སྟེགས་བྱེད་ཀྱི་རྒྱུད་ཐམས་ཅད་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁོ་བོ་ནི་སྒྲུབ་ཁྱབ་རྐང་གསུམ་ལ་འབུད། དྲུང་ཆེན་པོ་པ་ནི་དགག་ཁྱབ་རྐང་གསུམ་ལ་འབུད་པར་སྣང་ངོ་། ། ༡༡༢༽ མ་རིག་ཅེས་སོགས་རྒྱུད་བླ་ཡི། །ལུང་དེ་གང་ན་ཡོད་པ་དྲི། །བཤད་དང་གང་ཞིག་ཅེས་པའི་བར། །ཡོད་ན་རྗེ་བཙུན་ཉིད་ཀྱིས་ནི། །ཇི་ལྟར་ནོར་བུ་མན་ཆད་ཀྱི། །ཚིགས་བཅད་གྲངས་ངེས་མཛད་དེ་ཅི། །ཞེས་པའི་ལན་ནི། བཤད་དང་གང་ཞིག་ཅེས་པའི་བར་དུ་ཡོད་པ་མ་ཡིན་གྱི། མར་པ་སྨོན་འགྲོའི་འགྱུར་དུ། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་པའི་མཇུག་ཏུ། མ་རིག་མདོངས་རྣམས་ཀྱིས་ཀྱང་སྲིན་བུའི་ཡིག་འདྲ་མུ་སྟེགས་བསྟན་བཅོས་སུའང་། །དོན་ལྡན་ཆོས་ལྡན་ཁམས་གསུམ་ཉོན་མོངས་ཟད་བྱེད་མངོན་གྱུར་གང་ཡིན་དང་། །འཇིག་རྟེན་སོ་སོའི་ལེགས་བཤད་གང་དེའང་བློ་ལྡན་དྲང་སྲོང་བཞིན་འཛིན་ན། །གསུང་གང་ཟག་མེད་བློ་མངའ་རྣམས་ཀྱི་ཞལ་ནས་བྱུང་བ་སྨོས་ཅི་དགོས། །ཞེས་འབྱུང་ཞིང་། ཕྱྭ་པའི་ཊཱི་ཀར་ཡང་ཚིགས་སུ་བཅད་པ་འདི་གཞུང་ཁ་ཅིག་ལས་འབྱུང་བ་ལྟར་ན་ཞེས་གསུངས་ནས་འབྲུ་བསྣོན་མཛད་དོ། །དེ་ལྟར་ན་ཇི་ལྟར་སྒྲོན་ཀློག་ནོར་བུ་ཞེས་པ་མན་ཆད་ཀྱི་ཚིགས་བཅད་ཀྱི་གྲངས་ངེས་རྗེ་བཙུན་ཉིད་ཀྱིས། གང་ལས་རྒྱུ་མཚན་གང་ཕྱིར་ཉིད། །ཇི་ལྟ་བུར་ནི་གང་བཤད་དང་། །རྒྱུ་མཐུན་པ་ནི་གང་ཡིན་དེ། །ཚིགས་སུ་བཅད་པ་བཞིས་བསྟན་ནོ། །གཉིས་ཀྱི་བདག་ཉིད་དག་པ་ཡི། །ཐབས་དང་གཅིག་གིས་ཉམས་པའི་རྒྱུ། །དེས་ནས་ཚིགས་སུ་བཅད་པ་ནི། །གཉིས་ཀྱིས་འབྲས་བུ་བསྟན་པ་ཡིན། །འཁོར་གྱི་དཀྱིལ་འཁོར་བཟོད་པ་དང་། །བྱང་ཆུབ་ཐོབ་པའི་ཆོས་བརྗོད་པའི། །མདོར་ན་འབྲས་བུ་རྣམ་གཉིས་ནི། །ཐ་མ་ཡིས་ནི་བསྟན་པ་ཡིན། །ཞེས་གསུངས་པ་ཉིད་ཀྱིས་ཚིགས་སུ་བཅད་པ་འདི་ཉིད་ཡོད་པ་ལེགས་པར་གྲུབ་པར་སྣང་སྟེ། གང་ལས་བཤད་ན། ཇི་ལྟར་སྒྲོན་ཀློག་ནོར་བུ་ཞེས་སོགས་ཚིགས་བཅད་གཅིག་སྟེ་ཐུབ་པ་ལ་བརྟེན་ནས་བཤད་ཅེས་པའི་དོན་ཏོ། །རྒྱུ་མཚན་གང་གི་ཕྱིར་བཤད་ན་གང་ཞིག་དོན་ལྡན་ཞེས་སོགས་ཚིགས་བཅད་གཅིག་སྟེ། རྒྱལ་བའི་བཀའ་འདིའི་ཕྱིར་བཤད་དང་། ཅེས་པའོ། །ཇི་ལྟ་བུར་གང་བཤད་པ་ནི་གང་ཞིག་རྒྱལ་བའི་ཞེས་སོགས་ཚིགས་བཅད་གཅིག་སྟེ། དྲང་སྲོང་གི་བཀའ་དང་འདྲ་བར་བསྟན་བཅོས་བཤད་ཅེས་པའོ། །དྲང་སྲོང་གི་བཀའ་བཞིན་དུ་སྤྱི་བོས་བླང་བྱ་ཡིན་པའི་རྒྱུ་མཚན་རིགས་པ་དང་མཐུན་པ་གང་ཞེ་ན། མ་རིག་མདོངས་རྣམས་ཀྱིས་ཀྱང་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཕྱི་རོལ་པའི་བསྟན་བཅོས་དང་། འཇིག་རྟེན་སོ་སོའི་ལེགས་བཤད་ཀྱང་དྲང་སྲོང་གི་བཀའ་བཞིན་དུ་འཛིན་ན་ཟག་མེད་བློ་མངའི་བསྟན་བཅོས་སྨོས་ཅི་དགོས་ཞེས་པའོ། །གང་ཕྱིར་རྒྱལ་ལས་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་རྒྱལ་བའི་བསྟན་པ་ལ་མ་ལྟོས་པར་བདག་ཉིད་ཀྱི་ཞེན་ལྟ་དག་པའི་ཐབས་བསྟན་ནོ། །བློ་དམན་ཕྱིར་དང་། ཞེས་སོགས་ཚིགས་བཅད་གཅིག་གིས་ཆོས་ལས་ཉམས་པའི་རྒྱུ་བསྟན། ཇི་ལྟར་ཟབ་མོའི་ཆོས་ཉམས་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་ཉམས་པའི་འབྲས་བུ་བསྟན། དཀོན་མཆོག་རྣམ་པར་བྱང་ཁམས་ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་བཅོས་རྩོམ་པའི་འབྲས་བུ་གཉིས་བསྟན་ཏེ། དེ་ལྟར་ན་ཚིགས་སུ་བཅད་པ་འདི་ངེས་པར་ཡོད་པར་གྲུབ་བོ། །གཞན་དུ་ན་ཇི་ལྟར་སྒྲོན་ཀློག་ནོར་བུ་མན་ཆད་ལ་ཚིགས་བཅད་ཀྱི་གྲངས་ངེས་ཇི་ལྟར་ཚང་བ་ལྟས་པས་གསལ་ལོ། །ཁྱེད་ཀྱིས་བསྟན་བཅོས་འདི་ལ་ཞབས་ཏོག་བསྒྲུབ་པ་འདི་འབའ་ཞིག་སྣང་ངོ་། །ཀཽའུ་ཤི་ཀའི་མདོ་ཞེས་པ་མན་ཆད་ཀྱི་དྲི་བ་འདི་གསུམ་གོང་དུ་འོང་རྒྱུར་འདུག་ནའང་འདིར་བྲིས་འདུག་གོ ། ༡༡༣༽ བཀའ་བསྡུ་གསུམ་གྱི་ཐ་སྙད་ནི། །གཞུང་ལུགས་གང་ནས་འབྱུང་བ་དྲི། །ལྷ་ཆེན་ཆོས་ལོག་སུན་འབྱིན་ལ། །བསྡུ་བ་གསུམ་པར་གང་ལས་བཤད། །ཉི་མའི་དངོས་གྲུབ་ཅེས་པ་ཡི། །གཏམ་རྒྱུད་འདིའང་གང་ལས་འབྱུང་། །ཞེས་པའི་ལན་ནི། བཀའ་བསྡུ་གསུམ་པ་འདུལ་བ་ལུང་ལས་གསལ་བར་མ་བཤད་པས་འདོད་པ་མི་མཐུན་པ་དུ་མ་ཡོད་པས། རྟོག་གེ་འབར་བར་ལུགས་གཉིས་གསུངས་པའི་དང་པོ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ན་གྲོང་ཁྱེར་མེ་ཏོག་གིས་བརྒྱན་པར་རྒྱལ་པོ་མྱ་ངན་མེད་འབྱུང་སྟེ། དགྲ་བཅོམ་པ་རྣམས་ཀྱི་སྐད་རིགས་མི་གཅིག་པ་བཞི་སོ་སོར་བཀླགས་པས་སློབ་མ་རྣམས་གྲུབ་མཐའ་སྣ་ཚོགས་པར་གྱུར། དེ་ནས་དགྲ་བཅོམ་པ་དང་། སོ་སོའི་སྐྱེ་བོའི་མཁས་པ་རྣམས་ཛཱ་ལེན་དྷ་རའི་དགོན་པར་འདུས་ནས་བསྟན་པ་བསྡུས་སོ། །དེའི་ཚེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་སོང་ཞེས་ཟེར་ཞིང་། འོད་ལྡན་ལས་ཀྱང་དེ་དང་མཐུན་པར་གསུངས་སོ། །ལུགས་གཉིས་པ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སུམ་ཅུ་སོ་བདུན་ན་བདུད་སྡིག་ཅན་བཟང་པོ་ཞེས་བྱ་བས་བསྟན་པ་དཀྲུགས་ནས་སོ་སོར་གྱེས། དེས་ནས་ལོ་དྲུག་ཅུ་རྩ་གསུམ་ནས་གནས་བརྟན་གནས་མའི་བུས་བསྡུ་བ་གསུམ་པ་བྱས་ཞེས་ཟེར་རོ། །བསྟན་བཅོས་རྩོམ་པ་པོ་འདིས་བླ་མའི་གསུང་སྒྲོས་ལས་ལྷ་ཆེན་གྱི་ཆོས་ལོག་སུན་ཕྱུང་བ་ལ་བཀའ་བསྡུ་གསུམ་པར་ཐོས་ཞེས་གསུངས་སོ། །གཏམ་རྒྱུད་དང་གྲག་གོ་ཅེས་དང་། ཐོས་སོ་ཞེས་པ་ཐམས་ཅད་ལ་ལུང་ཁུངས་སྟོན་དགོས་པའི་ངེས་པ་མེད་དེ། གཏམ་རྒྱུད་ཅེས་པའི་སྒྲ་དོན་ཉིད་ཀྱིས་ཤེས་སོ། །དཔེར་ན་རྒྱུད་སྡེ་སྤྱི་རྣམ་ལས། རྒྱུད་སྡེ་བཞི་ཡི་གྲངས་ངེས་ཀྱི་ཚུལ་གཉིས་བཀོད་ནས་ཀླུ་སྒྲུབ་ཡབ་སྲས་བཞེད་པར་གྲག་གོ་ཅེས་དང་། རབ་འབྱོར་སྐྱོང་དང་། ཀུན་དགའ་སྙིང་པོ་ལ་སོགས་པ་བཞེད་པར་གྲག་གོ་ཅེས་དང་། །རིགས་གཏེར་རང་འགྲེལ་ལས་མངོན་གསུམ་འགྲོས་གསུམ་པ་བྲམ་ཟེའི་བཞེད་པ་ཡིན་པར་ཐོས་སོ། །ཞེས་པ་ལྟ་བུའོ། །གཞན་དུ་ངེས་པར་དགོས་ན་ཁྱེད་ཉིད་ཀྱིས་འདུལ་བ་ཡི་གེར་བྲིས་པ་ནི། བཀའ་བསྡུ་གསུམ་པ་ཡིན་ཞེས་གྲགས། །ཞེས་སྨྲས་པ་དེའི་ལུང་ཁུངས་སྟོན་ཅིག ། ༡༡༤༽ དར་མས་བསྟན་པ་བསྣུབས་པ་ནས། །མངའ་བདག་ཡེ་ཤེས་འོད་ཀྱི་བར། །ཆོས་ལོག་དུ་མ་འཕེལ་དེ་གང་། །ཞེས་པའི་ལན་ནི། གསང་སྔགས་པ་སྦྱོར་སྒྲོལ་ལམ་དུ་བྱེད་པ་དང་། འདུལ་བ་ལ་ངལ་ཞིང་དུབ་པའི་མཐར་ལྷུང་བ་སོགས་སུ། བུ་སྟོན་དང་། བླ་མ་དམ་པ་ལ་སོགས་པའི་སྐྱེས་ཆེན་རྣམས་ཀྱིས་བཤད་པ་ལྟར་རོ། ། ༡༡༥༽ རིན་ཆེན་བཟང་པོའི་བསྟན་བཅོས་ན། །སྦྱོར་སྒྲོལ་བཀག་པ་ཙམ་ཞིག་ནི། མ་གཏོགས་ཆོས་ལོག་ཐམས་ཅད་ནི། །ནུབ་པར་མཛད་པའི་གཞུང་མིན་ཞིང་། །ཞེས་པའི་ལན་ནི། ལོ་ཐོག་གི་ལྷག་མ་ཅུང་ཟད་བརྔས་པ་ལ་ལོ་ཐོག་ཐམས་ཅད་བརྔས་ཟིན་ཞེས་སོགས་འཇིག་རྟེན་གྱི་ཐ་སྙད་དང་། སྒྲིབ་པའི་ལྷག་མ་ཅུང་ཟད་སྤངས་པ་ལ་སྒྲིབ་པ་ཐམས་ཅད་སྤངས་ཞེས་སོགས་བསྟན་བཅོས་ཀྱི་ཐ་སྙད་ཐམས་ཅད་ཚིག་འཕྲིའི་སྒོ་ནས་སུན་འབྱིན་པར་སྣང་སྟེ། དཔེར་ན་ས་བཅུ་རྒྱུན་མཐའི་གནས་སྐབས་ན། བག་ཆགས་སྒྲིབ་པ་ཙམ་ཞིག་ནི། །མ་གཏོགས་སྒྲིབ་པ་ཐམས་ཅད་ནི། །སྤོང་བར་མཛད་པའི་ཚུལ་མིན་ཞིང་། །ཞེས་པ་ལྟ་བུའོ། ། ༡༡༦༽ ཕོ་བྲང་ཞི་བ་འོད་དང་ནི། །འགོས་ཀྱིས་སྔགས་ལོག་སུན་འབྱིན་ན། །རང་ལ་གནོད་པ་འགའ་ཡང་སྣང་། །ཞེས་པའི་ལན་ནི་ཅི་འདྲ་འདུག་དྲིས་ན་ངེས་པ་ཅན་ཅིག་མེད་དམ། གལ་ཏེ་གྲུབ་མཐའ་མི་མཐུན་པ་རེ་ཙམ་ཡོད་ཀྱང་། སྔོན་གྱི་དམ་པ་རྣམས་ཀྱིས་བསྟན་པ་ལ་བྱ་བ་བྱས་ཚུལ་སྨྲས་པའི་སྐབས་ཡིན་གྱི་རྣམ་པ་ཐམས་ཅད་དུ་ཡིད་ཆེས་པའི་ལུང་ཁུངས་སྨོས་པ་མ་ཡིན་པས་སྐྱོན་མེད་དོ། ། ༡༡༧༽ དཔའ་བོ་ཁྱོད་ཀྱི་བསྟན་པ་ནི། །ཞེས་སོགས་འདི་ནི་སུ་ལ་བསྟོད། །རང་རེའི་སྟོན་པ་ཐུགས་རྗེ་ཅན། །ཉིད་ཀྱི་བསྟོད་པ་ཡིན་ལགས་སམ། །ཞེས་པའི་ལན་ནི། དེ་ཡིན་ཏེ། སློབ་དཔོན་དཔའ་བོས་མཛད་པའི་བསྟོད་པ་བརྒྱ་ལྔ་བཅུ་པ་དེ་རང་རེ་ཚང་གི་སྟོན་པ་ཐུགས་རྗེ་ཅན་གྱི་བསྟོད་པ་ཡིན་པའི་ཕྱིར། ཁྱེད་ཡིན་ལགས་སམ་ཞེས་དྲིས་པའི་དོན་སློབ་དཔོན་དཔའ་བོས་མཛད་པའི་སངས་རྒྱས་སུམ་ཅུ་སོ་ལྔའི་བསྟོད་པའི་ནང་གི་དཔའ་བོའི་སྡེའི་བསྟོད་པ་ཡིན་སྙམ་པ་ཡིན་ནམ། བསྟན་པའི་བསྟོད་པ་ཡིན་པས་སྟོན་པའི་བསྟོད་པ་མ་ཡིན་སྙམ་པ་ཡིན་ནམ། དེ་ལས་གཞན་པའི་རྒྱུ་མཚན་གཅིག་ཡོད་པ་ཡིན། དང་པོ་ལྟར་ན། དཔའ་བོའི་སྡེའི་བསྟོད་པ་ནི། དཔའ་བོ་ཁྱོད་ཀྱི་བསྟན་པ་ནི། །བདུད་དང་མུ་སྟེགས་སྐྲག་མཛད་ཅིང་། །གདུལ་བྱ་ཀུན་མཁྱེན་འགོད་མཛད་པ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །ཞེས་པ་ཡོད་ལ། སྤྱིར་སངས་རྒྱས་གཅིག་ལ་བསྟོད་པ་གཞན་གྱི་བསྟོད་པ་མི་འགྱུར་བ་ག་ལ་ཡིན། གཉིས་པ་ལྟར་ན་སངས་རྒྱས་ཀྱི་དབུའི་གཙུག་ཏོར་ལ་བསྟོད་ན་ནི། གཙུག་ཏོར་གྱི་བསྟོད་པ་ཡིན་པས་སངས་རྒྱས་ཀྱི་བསྟོད་པར་མི་འགྱུར། དེ་བཞིན་དུ་སྐུ་ལ་བསྟོད་ན་ནི་སྐུའི་བསྟོད་པ་ཡིན་གྱི། དེར་མི་འགྱུར། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་ལ་བསྟོད་ན་ནི་དེ་དག་གི་བསྟོད་པ་ཡིན་པས་སྟོན་པའི་བསྟོད་པར་མི་འགྱུར་ན། ད་ནི་སྟོན་པའི་བསྟོད་པ་གང་ཞིག་ཡིན་སྨྲོས་ཤིག གསུམ་པ་ལྟར་ན་སྨྲ་བའི་དུས་ལ་བབ་བོ། ། ༡༡༨༽ རིག་འཛིན་སྡོམ་པའི་སྐབས་ཞེས་པའི། །ལེའུ་མཚན་ཡང་མི་འབྱུང་ཞེས། །ཞེས་པའི་ལན་ནི། སྤྱིར་གསུང་རབ་རྣམས་ལ་མངོན་རྟོགས་རྒྱན་ལྟ་བུ་སྐབས་བརྒྱད་ཀྱི་མཚན་སོ་སོར་བྱས་ནས་དེའི་འོག་ཏུ་ཡང་གཞུང་འགའ་ཞིག་འབྱུང་བ་ལྟ་བུ་དང་། སཾ་བུ་ཊིའི་རྒྱུད་ཀྱི་རྒྱལ་པོ་ལྟ་བུ་བརྟག་པ་རེ་རེ་ལ་རབ་བྱེད་བཞི་བཞིར་བྱེད་པའི་རབ་བྱེད་དང་པོ་གསུམ་ལ་རབ་བྱེད་ཀྱི་མཚན་སོ་སོར་བྱས་ནས་བཞི་པ་ལ་རབ་བྱེད་ཀྱི་མཚན་མི་འབྱུང་བར་བརྟག་པའི་མཚན་འབྱུང་བ་ལྟ་བུ་དུ་མ་ཡོད་པ་ལས། བསྟན་བཅོས་འདིའང་དེ་དང་འདྲ་བར་སྐབས་དང་པོ་གཉིས་ལ་མཚན་སོ་སོར་བྱས་ནས་སྐབས་གསུམ་པ་ལ། རིག་འཛིན་སྡོམ་པའི་སྐབས་ཞེས་མི་འབྱུང་བར་བསྟན་བཅོས་སྤྱིའི་མཚན་འབྱུང་བ་སྟེ་གཅིག་ལ་ཨ་འཐས་སུ་མི་བྱ་བར་ཕྱོགས་མཐའ་དག་མཐོང་བར་བྱའོ།།  ༈  །།དེ་ལྟར་ལེགས་པར་དྲིས་པའི་དོན། །གཞུང་ལུགས་འདི་ལ་དད་པ་དང་། །རྣམ་དཔྱོད་ཐོས་པ་མང་ལྡན་ཞིང་། །ལྕེ་བདེ་དོན་གསལ་སྨྲ་མཁས་པ། །དེ་དག་ཀུན་གྱིས་དྲིས་པ་དང་། །དེ་ལན་སོ་སོར་མ་འདྲེས་པར། །ལེགས་པར་བཤད་པའི་དགའ་སྟོན་གྱིས། །བསྟན་བཅོས་འདི་ལ་དད་ཐོབ་པའི། །བློ་གསལ་དེ་དག་ཐམས་ཅད་ཀྱི། །བློ་ཡི་རེ་བ་སྐོང་བར་ཤོག །ཅེས་པའི་ལན་ནི། དེ་ལྟར་དྲིས་པའི་བསྟན་བཅོས་འདི་ལ་དད་པ་ཐོབ་པའི་དྲི་བ་རང་མ་ཡིན་པ་འདྲ། སྨོན་ལམ་གྱི་དོན་ནི། དྲིས་ལན་གྱི་ཡིག་ཆ་འདི་ལ་ལེགས་པར་ཚང་ཡོད་དོ། །མི་ཤེས་གཅིག་ནས་གཅིག་བརྒྱུད་པའི། །ཁ་ཟེགས་བསྡུས་པའི་ཅལ་ཅོལ་གྱིས། །མཁས་པའི་བསྟན་བཅོས་ཆུད་གསན་པར། །མཐོང་ནས་ལེགས་པར་དྲིས་པ་ཡིན། །ཞེས་པའི་ལན་ནི། འདི་ནི་རྗེ་མུས་ཆེན་ནས་བརྒྱུད་པའི་བཤད་པའི་རྒྱུན་ལ་ཟུར་ཟ་བ་གྲགས་ན་ཡང་། ངེད་ནི་ཆོས་ལ་བརྒྱུད་པ་ཡོད་པ་དང་། གང་ཟག་ཡོངས་འཛིན་གྱིས་ཟིན་པ་འདི་ཡོན་ཏན་ཡིན་པར་སེམས་སོ། །འདི་ལན་ཇི་བཞིན་མི་མཁྱེན་ན། །སླར་ཡང་འདྲི་བོ་ཉིད་ལ་དྲིས། །དེ་དག་ལེགས་པར་བཤད་པ་ཡི། །དགའ་སྟོན་ཕྱོགས་བཅུར་སྤེལ་བར་འགྱུར། །ཞེས་པའི་ལན་ནི། འདྲི་ལུགས་འདིས་དགའ་སྟོན་ཡང་ཅི་འདྲ་ཡོད་ལགས་སམ། གང་དག་གཞུང་དོན་རྟོགས་སླ་ཞེས། །བཏང་སྙོམས་འཇོག་པ་དེ་དག་གིས། །འདི་དོན་ཤེས་པར་མ་མཐོང་ནས། །དཀའ་གནས་འགའ་ཞིག་དྲིས་པ་ཡིན། །ཞེས་པའི་ལན་ནི། འདི་ཁོ་བོའི་རྣམ་བཤད་ལ་ཟུར་ཟ་བར་གྲག་ན་ཡང་ཁོ་བོའི་རྣམ་བཤད་ནི་ཤེས་ནས་བརྩམས་པ་ཡིན་པས། བཤད་མི་དགོས་པ་རྣམས་མ་བཤད། དགོས་པ་རྣམས་བཤད། དོགས་པར་དཔྱད་མི་དགོས་པ་རྣམས་མ་དཔྱད། དགོས་པ་རྣམས་དཔྱད། མདོར་ན་ཚིག་ཉུང་ལ་དོན་རྒྱས་པ་གསུང་རབ་ཀྱི་དགོངས་པར་ཞུགས་པ་ཞིག་གོ །དྲི་བ་དང་ནི་སུན་འབྱིན་གྱི། །གནས་སྐབས་ལེགས་པར་མི་ཤེས་པའི། །མཁས་འདོད་མུན་སྤྲུལ་ཕྲེང་བ་ཅན། །དེ་དག་ཚིག་ལེར་བྱས་འདི་ཡིས། །བསྟན་བཅོས་འདི་ནི་དགག་གོ་ཅེས། །སྨྲ་བ་རང་གི་སྐྱོན་ཡིན་ནོ། །ཞེས་པའི་ལན་ནི། དྲི་བ་དང་སུན་འབྱིན་གྱི་གནད་མི་ཤེས་ན་དངོས་དྲི་བ་ཡིན། སུན་འབྱིན་མ་ཡིན་ཟེར་བ་འདྲ་སྟེ། ཡིད་ཆེས་པའི་ལུང་དང་འགལ་ལོ་ཞེས་སྨྲས་ན་ཅི་ཟེར། དངོས་སྟོབས་ཀྱི་རིགས་པ་དང་འགལ་ལོ་ཞེས་སྨྲས་ན་ཅི་ཟེར། ཁས་བླངས་ནང་འགལ་ལོ་ཞེས་སྨྲས་ན་ཅི་ཟེར། ཞེས་སོགས་ལ་དྲི་བ་ཙམ་དུ་འདོད་པར་སྣང་བའི་ཕྱིར་རོ། །དེ་གཉིས་ཀྱི་གནད་ལེགས་པར་ཤེས་ན་སུན་འབྱིན་མིན་ཟེར་བ་འདྲ་སྟེ། སུན་ཕྱུང་ཅི་ནུས་ནུས་སུ་བྱས་འདུག་པའི་ཕྱིར་རོ། །སྐྱོན་འདི་ལྟ་བུ་ཡོད་དོ། །ཅེས་བརྗོད་ན་ཁྱོད་ལན་ཅི་ཟེར་ཞེས་པ་དང་། སྐྱོན་འདི་ལྟ་བུ་ཡོད་དོ་ཅེས་སྨྲས་པ་གཉིས་ལ་དྲི་བ་དང་སུན་འབྱིན་གྱི་ཁྱད་པར་ནི་མེད་དེ། དཔེར་ན་མི་ཉེས་མེད་ཞིག་ལ་ཁྱོད་ཀྱིས་ནོར་རྐུས་སོ་ཞེས་བརྗོད་ན་ལན་ཅི་ཟེར་ཞེས་སྨྲས་པ་དང་། ཁྱོད་ཀྱི་ནོར་རྐུས་སོ་ཞེས་ཅིག་རྐྱང་དུ་སྨྲས་པ་གཉིས་ཀ་ལ་ཀླན་ཀར་འགྱུར་མི་འགྱུར་གྱི་ཁྱད་པར་མེད་པར་བཞིན་ནོ་འདི་འདྲའི་རིགས་ཅན་ལ་དགོངས་ནས་རིགས་པའི་རྒྱལ་པོས། འགའ་ཞིག་ལམ་ནི་འདི་ཡིན་ཞེས། །སྡོང་དུམ་འདི་ནི་སྨྲས་འགྱུར་ཞེས། །གཞན་ནི་བདག་ཉིད་སྨྲ་དེ་ལྟར། །དེ་དག་བྱེ་བྲག་བརྟག་པར་གྱིས། །ཞེས་གསུངས་པས་ཤེས་པར་བྱའོ། །གང་དག་མཁས་པ་ངོ་མཚར་ཅན། །གཞུང་ལུགས་གང་དང་གང་འཆད་ཚེ། །དེ་དང་དེ་ཡི་དཀའ་བའི་གནས། །མ་ལུས་ལེགས་པར་བླངས་ནས་སུ། །དཔྱད་ཅིང་དྲི་བའི་ཚུལ་གྱིས་ནི། །གཞན་ལ་འཆད་ཅིང་འདོམས་པ་ཡིན། །ཞེས་པའི་ལན་ནི། དཀའ་བའི་གནས་ལ་དཔྱད་ཅིང་དྲི་བ་ཙམ་གྱིས་གཞན་ལ། ཕྱིན་ཅི་མ་ལོག་པར་འཆད་ཅིང་འདོམས་པར་ནུས་པ་མ་ཡིན་གྱི་དཀའ་བའི་གནས་ལ་དོགས་པ་གཅོད་པའི་སྒོ་ནས་གཞན་ལ་འཆད་ཅིང་འདོམས་དགོས་པ་ཡིན་ནོ། །དེ་ལྟར་ན་དམ་བཅའམ། སྒྲུབ་བྱེད་དམ། གྲུབ་མཐའ་འམ། དེ་དག་སྟོན་པའི་བསྟན་བཅོས་གང་ཡིན་ཀྱང་རུང་བརྗོད་དོན་ནོར་བ་སྟོན་པ་ཞིག་ཡིན་ན་གཞན་གྱིས་སུན་འབྱིན་བརྗོད་མི་དགོས་པར་དེ་བཤད་པའམ། སྒྲུབ་བྱེད་འགོད་པ་ཙམ་གྱིས་སྐྱོན་ཇེ་གསལ་དུ་སོང་ནས་དོར་བྱར་གོ་བར་འགྱུར་ལ། བརྗོད་བྱའི་དོན་དེ་མ་ནོར་བ་ཞིག་ཡིན་ན་ནི་གཞན་གྱིས་དྲི་བའམ་སུན་འབྱིན་བརྗོད་པས་ཡོན་ཏན་ཇེ་གསལ་དུ་སོང་ནས་བླངས་བྱར་གོ་བར་འགྱུར་བས། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་གྲུབ་མཐའི་རྗེས་སུ་འབྲང་བའི་བློ་གྲོས་དང་དད་པ་དང་ལྡན་པ་དག་གིས་དྲིས་ལན་གྱི་ལེགས་བཤད་འདི་ལ་བརྟེན་ནས་ཀྱང་བསྟན་བཅོས་འདི་ལ་སླར་ཡང་ཡིད་ཆེས་ཤིང་འཇུག་པར་བྱའོ། །དེ་ལྟར་བསྟན་བཅོས་རིན་ཆེན་གཞལ་མེད་ཁང་། །ཚིག་དོན་རྣམ་བཀྲའི་རི་མོ་གསར་མཐོང་ཚེ། །བརྡ་དོན་ཕྲད་པར་འདོད་ནས་འདི་ཅི་ཞེས། །མཁས་ལ་འདྲི་ན་ཀུན་གྱི་ལན་འདི་ཡིན། །གལ་ཏེ་ལུགས་འདིར་སྡང་བས་ཞུགས་པ་ཡི། །དབུས་གཙང་མཁས་རློམ་འགའ་ཡི་ཁ་ཟེགས་རྣམས། །བསྡུས་ནས་བསྟན་བཅོས་ཆེ་ལ་ཅོ་འདྲི་ན། །ཁྱོད་ཉིད་འདི་ཡི་རྗེས་སུ་འབྲང་དང་འགལ། །འོན་ཏེ་རང་ཉིད་ཚུལ་འདི་ངེས་གྱུར་ཀྱང་། །གཞན་དག་ངེས་པ་མེད་སྙམ་འདྲི་ན་ནི། །ང་རྒྱལ་ལག་པས་རང་རིག་མིག་བཀབ་ནས། །ཆོས་བརྒྱད་འདོད་ཕྱོགས་ཡོས་ལ་རྐུ་བར་ཟད། །རྣམ་དཔྱོད་ལྡན་པའི་གྲགས་འདོད་འདྲི་ན་ནི། །དྲི་ཚིག་ཕལ་ཆེར་དེ་གཟུགས་སྟོན་པར་སྣང་། །རང་ཉིད་མི་ཤེས་སློབ་འདོད་འདྲི་ན་ནི། །འདྲི་པོས་དགའ་སྟོན་ཕྱོགས་བཅུར་སྤེལ་དང་འགལ། །དེ་ལས་གཞན་དུ་མདོ་རྒྱུད་མ་ལུས་པའི། །ལུས་སྲུང་བསྟན་བཅོས་གསེར་གྱི་གོ་ཆ་ལ། །ཉེས་བརྒྱས་སྨོད་པའི་ཚིག་གི་མཚོན་རྩེ་ནི། །སྣ་ཚོགས་བཏོད་པའི་དགོས་པ་ཅི་ཞིག་ཡིན། །སྙིགས་དུས་ཕྱོགས་འཛིན་ཅ་ཅོར་འགྱུར་དོགས་ནས། །བཏང་སྙོམས་བཞག་ཚེ་ལན་མ་བྱུང་ཞེས་སྒྲོགས། །ལན་སྨྲས་ཚེ་ན་སྡང་བས་ཞུགས་སོ་ཞེས། །སྨྲ་ན་ད་ནི་བདག་གི་ཅི་ལྟར་བྱ། །དྲི་ཚིག་ཡིན་ནམ་སུན་འབྱིན་ཡིན་ཀྱང་རུང་། །བསྟན་བཅོས་ཡིད་བཞིན་ནོར་བུ་འདམ་རྫབ་ཀྱིས། །སྦགས་པར་མཐོང་ནས་དག་བྱེད་ལུང་རིགས་འདི། །ལྷག་བསམ་དག་པས་ཚོམ་ཚོམ་མེད་པར་བྲིས། །འདི་ཉིད་སྟོན་པ་དགེས་པའི་མཆོད་པ་སྟེ། །བསྟན་པ་པད་མཚོ་གསལ་བའི་ཉི་འོད་ཡིན། །བསྟན་འཛིན་སྐྱེས་བུའི་རྣར་སྙན་ཕྲིང་ཡིག་སྟེ། །བསྟན་སྲུང་རྒྱ་མཚོ་མཉེས་པའི་དམ་རྫས་ཡིན། །ཐུབ་པའི་རྒྱལ་ཚབ་རྗེ་བཙུན་ས་སྐྱ་པའི། །བསྟན་ལ་རབ་དགའི་ལྷ་རྣམས་ས་སྟེང་ནས། །འོག་མིན་བར་དུ་དགེས་པའི་གར་བསྒྱུར་ཤིང་། །སྣ་ཚོགས་གླུ་ཡིས་འདི་དོན་སྒྲོགས་པར་ངེས། །དེ་ཡི་བསྟན་འཛིན་ལྗོངས་འདིའི་སྐྱེས་ཆེན་རྣམས། །བཞིན་རས་གསལ་བའི་སྤྱན་གྱིས་གཟིགས་པར་མཛོད། །དེ་ཡི་རྗེས་འབྲང་བློ་གསལ་གཞོན་ནུ་རྣམས། །དགའ་ཞིང་སྤྲོ་བའི་བ་སྤུ་གཟིངས་པར་མཛོད། །དེ་ཡི་སྦྱིན་བདག་དཔལ་འབྱོར་ལྡན་པ་རྣམས། །ཡི་གེར་འབྲི་ཞིང་མཆོད་དང་སྦྱིན་པར་མཛོད། །དེ་ཡི་བཀའ་སྲུང་འཇིགས་རུང་སྐུར་སྟོན་རྣམས། །བར་ཆད་བསལ་ཞིང་མཐུན་རྐྱེན་བསྒྲུབ་པར་མཛོད། །འདི་སྦྱར་དགེ་ཚོགས་ལྷ་དབང་རྡོ་རྗེ་དེས། །ལོག་སྨྲའི་ལྷ་མིན་ཚོགས་ཀུན་རབ་བཅོམ་ནས། །ཐུབ་བསྟན་རྒྱ་མཚོའི་གོས་ཅན་མཐར་ཐུག་པར། །དམ་ཆོས་རྔ་སྒྲ་རྒྱུན་དུ་སྒྲོགས་པར་ཤོག །སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ལ་དྲིས་ཤིང་བརྩོད་པའི་ལན་སྡོམ་གསུམ་འཁྲུལ་སྤོང་ཞེས་བྱ་བ་འདི་ནི། དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་རྒྱལ་བ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ། ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོ་ཡབ་སྲས་ཀྱི་ཞབས་རྡུལ་ཡུན་རིང་དུ་བསྟེན་པས་སྡེ་སྣོད་དང་། རྒྱུད་སྡེ་དང་། མན་ངག་མང་དུ་ཐོས་ཤིང་། དངོས་སྟོབས་ཀྱི་རིགས་པ་སྨྲ་བ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་སྟོན་པ་ཆོས་ཀྱི་དབྱིངས་སུ་བཞུགས་ནས་ལོ་སུམ་སྟོང་དྲུག་བརྒྱ་དང་བཅུ་ཐམས་པ་ལོན་པ། མེ་ཕོ་སྤྲེའུ་ལོ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ལ་རྟ་ནག་རིན་ཆེན་རྩེ་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོའོ། །འདིས་བསྟན་བཅོས་ཡིད་བཞིན་ནོར་བུ་བཤད་བསྒྲུབ་ཀྱི་སྒོ་ནས་མི་ནུབ་ཅིང་དར་བའི་རྒྱུར་གྱུར་ཅིག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*