༼ཐ༽༄༅། །རྣལ་འབྱོར་ཆེན་པོའི་སྡོམ་པའི་གནད་བྱེ་བྲག་ཏུ་བཤད་པ་ཟབ་དོན་བདུད་རྩིའི་ཉིང་ཁུ་འཆི་བ་མེད་པའི་གོ་འཕང་སྦྱིན་པ་ཞེས་བྱ་བ་བཞུགས་སོ།།
རྗེ་བཙུན་བླ་མ་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་དེ་ལ་ཕྱག་འཚལ་ལོ། །སྣ་ཚོགས་སྣང་བ་ཟུང་འཇུག་ཡེ་ཤེས་སུ། །དབང་གི་ཆོ་གས་ཐོག་མར་སྡོམ་མཛད་ཅིང་། །རྨད་བྱུང་ལམ་གྱིས་ཡང་ཡང་གོམས་པ་ལས། །གསང་བ་སྒྲུབ་མཛད་རྗེ་བཙུན་བླ་མ་རྒྱལ། །རང་སེམས་གདོད་ནས་སྤྲོས་བྲལ་རྒྱུ་རྒྱུད་དང་། །དབང་གི་ཡེ་ཤེས་ལམ་གྱི་ལྟ་བ་དང་། །ཉམས་མྱོང་སངས་རྒྱས་ས་དང་ངོ་བོ་གཅིག །རྟོགས་པའི་ཁྱད་པར་ཟླ་བའི་དཔེ་ཡིས་བསྟན། །ཚིག་འདི་ཐོས་ན་དྲི་ཟའི་དབྱངས་ལྟར་སྙན། །བསམ་ན་བདུད་རྩི་མྱང་ལྟར་ཡིད་རབ་ཚིམ། །བསྒོམས་ན་ཡིད་བཞིན་ནོར་ལྟར་དགོས་འདོད་འབྱུང་། །དཔེ་གསུམ་ལྡན་འདི་ཀུན་དང་ཐུན་མོང་མིན། །དེ་ཕྱིར་རྒྱུ་ནི་ལམ་དང་འབྲས་བུར་བཅས། །ལམ་ཡང་རྒྱུ་དང་འབྲས་བུ་དང་བཅས་ཤིང་། །འབྲས་བུ་ཡང་ནི་རྒྱུ་ལམ་དང་བཅས་པས། །ལྷུན་གྲུབ་སྡོམ་པ་སྔགས་ཀྱི་སྡོམ་པ་ཡིན། །དེ་ཉིད་རྒྱུ་ལ་ཇི་ལྟར་གནས་པ་དང་། །ལམ་གྱི་ཐོག་མར་གང་ལས་ཐོབ་པ་དང་། །བར་དུ་གང་གིས་མངོན་དུ་བྱེད་པ་དང་། །ཐ་མ་འབྲས་བུའི་ངོ་བོར་འགྱུར་ཚུལ་དང་། །དཔེ་དང་དོན་གྱི་རབ་དུ་དབྱེ་བ་དང་། །གནས་སོགས་ལྔ་ཡིས་གཏན་ལ་དབབ་པ་དང་། །སྣ་ཚོགས་མཚན་གྱི་རྣམ་གྲངས་བསྟན་པ་དང་། །ཉམས་ལེན་ཐམས་ཅད་དེ་ཉིད་དུ་འདུས་དང་། །སྣང་བ་ཐམས་ཅད་དེ་ཉིད་དུ་སྡོམ་སོགས། །རྣམ་མང་རྒྱུད་སྡེའི་ཚོགས་ལས་གསུངས་པའི་དོན། །གྲུབ་པའི་དབང་ཕྱུག་རྣམས་ཀྱིས་བཀྲལ་བའི་ཚུལ། །འཁྲུལ་ཟད་བརྒྱུད་པའི་མན་ངག་ལ་བརྟེན་ནས། །བཤད་པར་བྱ་ཡིས་བསྐལ་བཟང་དགའ་བས་ཉོན། །ཇི་ལྟར་སྣང་བ་རང་གི་སེམས་སུ་སྡོམ། །སེམས་ཉིད་སྤྲོས་བྲལ་རང་བཞིན་ལྷན་སྐྱེས་སུ། །ལེགས་པར་སྡོམ་པར་རྒྱུ་ལ་གནས་པ་ཡི། །སྡོམ་པ་ཡིན་པར་རྩ་བའི་རྒྱུད་ལས་གསུངས། །གཞིར་གནས་དཀྱིལ་འཁོར་བཞི་ལ་དབང་བཞི་ཡིས། །སྐུ་བཞིའི་ས་བོན་ཐེབས་ཚེ་བླ་མེད་ཀྱི། །སྡོམ་པ་རྫོགས་པ་རྒྱུད་སྡེ་འོག་མ་ལས། །ཟབ་ཁྱད་ཡིན་པར་དབང་གི་རིམ་པས་ཤེས། །དམ་ཚིག་ཉི་ཤུ་མན་ངག་གནད་དྲུག་སོགས། །རྒྱུ་དང་དབང་དང་ལམ་དང་འབྲས་བུ་རྣམས། །བཞི་བཞིར་ཕྱེ་བ་རྣལ་འབྱོར་དབང་ཕྱུག་གི །མན་ངག་མཐའ་དག་འདི་ཡི་སྒྲུབ་བྱེད་ཡིན། །ས་བོན་དེ་ཉིད་ཚོགས་གཉིས་བསགས་པ་ཡི། །སྐལ་ལྡན་རྣམས་ལ་ཡེ་ཤེས་ཉིད་དུ་སྐྱེ། །གཞན་ལ་མངོན་གསལ་ཉིད་དུ་མི་སྐྱེ་ཡང་། །དེ་ཚེ་སྤོང་སེམས་ཐོབ་པ་སྡོམ་པ་ཡིན། །སྤོང་སེམས་བུམ་དབང་ཉིད་དུ་ཐོབ་སྙམ་ན། །ཐ་མལ་རྣམ་རྟོག་སྤོང་སེམས་དེར་ཐོབ་ཀྱང་། །གྱ་ནོམ་ལྷར་ཞེན་རྣམ་རྟོག་སྤོང་སེམས་ནི། །མཆོག་དབང་གསུམ་དུ་ཐོབ་ཀྱི་གཞན་དུ་མིན། །རྒྱས་གདབ་ལྔ་དང་རྡོ་རྗེའི་བརྟུལ་ཞུགས་དང་། །དམ་ཚིག་གསུམ་གྱི་བརྡ་དོན་འཕྲོད་པའི་ཚེ། །ཆོས་ཅན་ལྔ་པོ་ཆོས་ཉིད་དང་བཅས་དང་། །སྒོ་གསུམ་ཐ་མལ་རྣམ་རྟོག་སྤོང་སེམས་ཐོབ། །གཞིར་གནས་བྱང་ཆུབ་སེམས་ལ་བླ་མ་ཡི། །བྱང་སེམས་འདྲེས་དང་མས་བརྟན་བཞི་པ་དང་། །དེ་ཉིད་ཚིག་གིས་བརྡ་དོན་འཕྲོད་པའི་ཚེ། །གྱ་ནོམ་ལྷར་ཞེན་རྣམ་རྟོག་སྤོང་སེམས་ཐོབ། །ཡེ་ཤེས་སྐྱེས་ཚེ་སྤོང་སེམས་གཞན་ཡོད་དང་། །རྩ་བའི་ལྟུང་བར་སྤོང་སེམས་མ་འདུས་དང་། །སྨིན་གྲོལ་སྤང་བྱ་འཆོལ་སོགས་སྐྱོན་རྣམས་ཀྱིས། །མི་སྒྲིབ་རྒྱུ་མཚན་ངག་ལས་ཤེས་པར་བྱ། །དེ་རྗེས་དཀྱིལ་འཁོར་དེའམ་གཞན་དུའང་རུང་། །རྒྱུ་དབང་བཞི་དང་ལུས་དཀྱིལ་དབང་བཞི་དང་། །བླ་མའི་རྣལ་འབྱོར་བྱིན་བརླབས་རིམ་གཉིས་སོགས། །ཐོབ་པའི་སྡོམ་པ་ཡང་ཡང་གོམས་པའི་ཐབས། །དབང་གི་རབ་དབྱེ་བཅུ་གཉིས་གསུངས་པ་དང་། །ལམ་དུས་དབང་དང་ལམ་ཟབ་བླ་མ་ཡིས། །རིམ་གཉིས་བསྒོམ་པ་མེད་ཀྱང་དངོས་གྲུབ་མཆོག །འགྲུབ་པར་གསུངས་པ་འདི་ལ་འཐད་པ་ཡིན། །དབང་ལས་བྱུང་བ་ཐབས་ཀྱིས་གོམས་པ་ཡིས། །བདེ་ཆེན་སྒྲིབ་པ་འགགས་ནས་རང་སྣང་གི །ཡེ་ཤེས་སྐྱེས་ཚེ་ཤེས་བྱ་མ་ལུས་པ། །གསང་གསུམ་ངོ་བོར་སྡོམ་པ་འབྲས་བུའི་སྡོམ། །འབྲས་བུའི་རྣམ་པ་ལམ་དུ་བྱེད་དགོས་པས། །ལམ་གྱི་དུས་སུ་ཤེས་བྱ་མ་ལུས་པ། །ལྷ་དང་བདེ་ཆེན་ངོ་བོར་བསྒོམ་པ་ནི། །འབྲས་བུའི་སྡོམ་པ་འདི་ཡི་སྒྲུབ་བྱེད་ཡིན། །དབང་དང་ལམ་ལས་བྱུང་བའི་ཡེ་ཤེས་བཞི། །སོ་སྐྱེའི་དུས་སུ་དཔེ་ཡི་སྡོམ་པ་ཡིན། །མཐོང་བའི་ལམ་ནས་རྡོ་རྗེ་འཛིན་པའི་བར། །དོན་གྱི་སྡོམ་པ་ཡིན་ཏེ་ཕྱག་ཆེན་བཞིན། །གང་དུ་སྡོམ་དང་སྤང་བྱ་གང་སྡོམ་དང་། །ཇི་སྙེད་སྡོམ་དང་སྡོམ་པའི་ངོ་བོ་དང་། །གང་གིས་སྡོམ་པ་དོན་ཚན་རྣམ་ལྔ་ཡིས། །སྡོམ་གསུམ་མ་ལུས་གཏན་ལ་དབབ་པར་གསུངས། །སྐལ་ལྡན་གང་གིས་རྣལ་འབྱོར་ཆེན་པོ་ཡི། །སྔགས་ཀྱི་སྡོམ་པ་དབང་གི་ཡེ་ཤེས་དང་། །ལམ་གྱི་ཉམས་མྱོང་ཕྱག་རྒྱ་ཆེན་པོ་དང་། །རང་བྱུང་བདེ་ཆེན་བརྗོད་བྲལ་ལྷན་ཅིག་སྐྱེས། །རང་རིག་མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །ཟུང་འཇུག་འགྱུར་མེད་ལྷུན་གྲུབ་མ་བཅོས་པ། །དབྱེར་མེད་ཤེས་ནས་རྩེ་གཅིག་སྒྲུབ་པ་དེ། །གསང་བ་ཆེན་པོའི་རྣལ་འབྱོར་པ་ཞེས་བྱ། །ཡེ་ཤེས་སྐྱེས་ཚེ་དེ་དག་སྡོམ་པ་ཡི། །མིང་གི་རྣམ་གྲངས་ཡིན་ཀྱང་མ་སྐྱེས་ན། །སྤོང་སེམས་ཙམ་ལ་དེ་དག་མི་འཇུག་པས། །ཁྱབ་མཉམ་ཉིད་དུ་འཁྲུལ་པར་མི་བྱའོ། །མཉམ་པར་གཞག་དང་མ་བཞག་རྣལ་འབྱོར་བཅུས། །དབང་གི་དུས་ཀྱི་སྐུ་བཞིའི་ས་བོན་ཉིད། །བསྲུང་ཞིང་འཕེལ་བར་བྱེད་ཕྱིར་བཅུ་ཆར་ཡང་། །སྔགས་ཀྱི་སྡོམ་པའི་ཉམས་ལེན་ཉིད་དུ་འདུས། །སྣང་བའི་དངོས་པོ་རིམ་པ་དང་པོར་ནི། །ལྷ་རུ་སྡོམ་ཞིང་དེ་ཉིད་གཉིས་པའི་ཚེ། །བདེ་ཆེན་ཡེ་ཤེས་ཉིད་དུ་སྡོམ་པའི་ཕྱིར། །སྣང་བ་ཐམས་ཅད་འདི་རུ་སྡོམ་པར་གསུངས། །རྒྱུད་གསུམ་ཀྱེ་ཡི་རྡོ་རྗེར་སྦྱོར་ཚུལ་དང་། །རྒྱུད་གསུམ་དག་པ་གསུམ་དུ་སྦྱོར་ཚུལ་གྱིས། །རྒྱུད་གསུམ་སྡོམ་པར་སྦྱོར་ཚུལ་རྟོགས་པར་འགྱུར། །འོན་ཀྱང་མཚན་བཏགས་ཕྱེ་བ་གནད་དུ་གཅེས། །དབང་གི་ཡེ་ཤེས་དེ་ཡིས་སྣང་བ་ལ། །རྒྱས་འདེབས་ཕྱིར་ན་ཕྱག་རྒྱ་ཆེན་པོ་སྟེ། །སྣང་བ་ཐམས་ཅད་ཡེ་ཤེས་དེ་ཉིད་དུ། །འདུས་ཕྱིར་སྡོམ་པར་ཁ་སྦྱོར་རྒྱུད་ལས་གསུངས། །སྤང་བྱ་འབྲས་བུ་རྟེན་དང་བརྟེན་པ་ཡིས། །རིམ་གཉིས་གྲང་ངེས་སྒྲུབ་པའི་ལུང་རིགས་ཀྱིས། །ལུགས་མཆོག་འདི་ལ་སྡོམ་པའང་རིམ་གཉིས་ཀྱི། །སྡོམ་པ་གཉིས་སུ་ངེས་པའི་གྲང་ངེས་འགྲུབ། །རྩ་རྒྱུད་ཁ་སྦྱོར་ཡེ་ཤེས་ཐིག་ལེ་དང་། །ལུགས་འདིར་ཚད་མར་གྱུར་པའི་གཞུང་འགྲེལ་དང་། །སྙིང་པོ་རྩེ་མོ་རྒྱལ་མཚན་བཟང་པོ་ཡི། །མཐའ་ཅན་བླ་མའི་གསུང་རབ་འདིར་སྦྱར་བྱ། །ཐུག་མེད་སྐྱོན་དང་བསྲུང་བའི་དམ་ཚིག་དང་། །གསོལ་བཏབ་ཚིག་དང་བུམ་དབང་ཆོ་ག་དང་། །ཐོབ་མཚམས་འགའ་ཞིག་ལ་སོགས་སྐྱོན་རྣམས་ཀྱིས། །ལུགས་བཟང་འདི་ལ་གནོད་པར་ག་ལ་འགྱུར། །བདག་གི་བླ་མ་རྫོགས་པའི་སངས་རྒྱས་ཀྱི། །མཛད་པ་ཇི་བཞིན་བློ་ཡི་རིམ་པ་དང་། །མཚམས་པར་སྟོན་ཕྱིར་སྣོད་མིན་རྣམས་ལ་གསང་། །བླ་མས་གནང་ན་དོན་འདི་གཞན་ལ་སྤེལ། །གཞན་དག་གྲགས་པའི་རྗེས་འབྲང་མང་སྨྲ་ནའང་། །དཔྱོད་ལྡན་ཡིད་ལ་ངེས་པའི་གྲུབ་མཐའ་ནི། །གནོད་བྱེད་ཚད་མ་གཅིག་གིས་བཟློག་འགྱུར་གྱི། །ལྟར་སྣང་བྱེ་བས་བཟློག་པར་ག་ལ་འགྱུར། །མཁས་པ་སྔ་མའི་ལེགས་བཤད་སུན་ཕྱུང་ནས། །མི་ཤེས་ཤེས་དང་མ་མཐོང་མཐོང་སྨྲ་བའི། །བསམ་པ་མེད་ཀྱང་བློ་གྲོས་ཤར་རིའི་རྩེར། །གནས་ལུགས་ཉི་མ་ཤར་ཚེ་འོད་ཟེར་འབྱུང་། །ས་གླང་ས་གར་མདོ་མཁར་གནས་སུ་ནི། །ཟབ་དོན་ཟབ་མོའི་གནད་ཀྱི་བདུད་རྩི་འདི། །རྒྱུད་གསུམ་རྒྱུད་དོན་སྨྲ་བ་དེ་ཡིས་སྦྱར། །དགེ་ཚོགས་དགེ་བའི་སེམས་ཀྱིས་འགྲོ་ལ་སྦྱིན། །བདག་ཀྱང་དེངས་ནས་ཚེ་རབས་ཐམས་ཅད་དུ། །ཀུན་དགའི་གསུང་རབ་བཟང་པོ་རྟག་ཉན་ཅིང་། །དཀོན་མཆོག་བསྟན་པའི་རྒྱལ་མཚན་མཆོད་བྱས་ནས། །རྟག་ཏུ་འགྲོ་ལ་དམ་ཆོས་སྟོན་པར་ཤོག །རྣལ་འབྱོར་ཆེན་པོའི་སྡོམ་པའི་གནད་བྱེ་བྲག་ཏུ་བཤད་པ་ཟབ་དོན་བདུད་རྩིའི་ཉིང་ཁུ་འཆི་བ་མེད་པའི་གོ་འཕང་སྦྱིན་པ་ཞེས་བྱ་བ་འདི་ནི་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་རྗེ་བཙུན་བླ་མ་ཀུན་དགའ་བཟང་པོ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྒྱུད་གསུམ་མན་ངག་དང་བཅས་པའི་དོན་ལ་བློ་ཁ་ཅུང་ཟད་ཕྱོགས་པ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་ས་མོ་གླང་གི་ལོ་ས་ག་ཟླ་བའི་ཡར་ཚེས་བཅུ་བཞི་ལ་དབེན་གནས་མདོ་མཁར་ཆོས་རྫོང་དགོན་པར་སྦྱར་བའོ།། །།དགེ་བ་འདི་ཡིས་དུས་གསུམ་གྱི། །རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་བསྟན་པ་ནི། །དར་རྒྱས་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply