ཟབ་དོན་བདུད་རྩིའི་ཉིང་ཁུ་འཆི་བ་མེད་པའི་གོ་འཕང་སྦྱིན་པའི་རྣམ་བཤད།

༼ཐ༽༄༅། །ཟབ་དོན་བདུད་རྩིའི་ཉིང་ཁུ་འཆི་བ་མེད་པའི་གོ་འཕང་སྦྱིན་པའི་རྣམ་བཤད་བདུད་རྩི་སྤེལ་བ་ཞེས་བྱ་བ་བཞུགས་སོ།།

རྣལ་འབྱོར་ཆེན་པོའི་སྡོམ་པའི་གནད་བྱེ་བྲག་ཏུ་བཤད་པ་ཟབ་དོན་བདུད་རྩིའི་ཉིང་ཁུ་འཆི་བ་མེད་པའི་གོ་འཕང་སྦྱིན་པའི་རྣམ་བཤད་བདུད་རྩི་སྤེལ་བ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གྲུབ་པ་མཆོག་གི་རྩེ་མོར་གཤེགས་པའི་ལམ། །མ་ལུས་མདོ་རྒྱུད་ཀུན་གྱི་སྙིང་པོའི་དོན། །སྡོམ་གསུམ་བདུད་རྩིའི་དགའ་སྟོན་ཟབ་མོ་ཡིས། །དད་ལྡན་ཚིམ་མཛད་རྗེ་བཙུན་བླ་མ་རྒྱལ། །ཟབ་གསལ་དཀྱིལ་འཁོར་མངོན་དུ་མ་གྱུར་ཀྱང་། །བྱིན་རླབས་སྐྱ་རེངས་འོད་ཆགས་མཛེས་པ་ཡིས། །རྨོངས་པའི་སྨག་རུམ་བསལ་ནས་བློ་གྲོས་ཀྱི། །མཁའ་དབྱིངས་གསལ་མཛད་ལྷ་མཆོག་དེ་ལ་འདུད། །ཡི་དམ་ཀུན་གྱི་སྙིང་པོ་ཀྱེ་རྡོ་རྗེ། །གྲུབ་ཐོབ་ཀུན་གྱི་སྙིང་པོ་བི་རུའི་ཞབས། །སྐལ་ལྡན་ཀུན་གྱི་འདྲེན་པ་ས་སྐྱ་པ། །བརྒྱུད་པར་བཅས་པས་དོན་འདི་དགེ་ལེགས་མཛོད། །གང་ཞིག་ཐོབ་ན་སྐུ་བཞིའི་ས་བོན་རྙེད། །ཚུལ་བཞིན་བསྲུངས་ན་འབད་མེད་སངས་རྒྱས་ཐོབ། །བརྩོན་པས་བསྒྲུབས་ན་ཚེ་འདིར་མཆོག་སྟེར་བའི། །རྣལ་འབྱོར་ཆེན་པོའི་སྡོམ་པ་བཤད་ཀྱིས་ཉོན། །འདི་ལ་གཉིས་ཏེ། སྔོན་འགྲོ་སྤྱིའི་རྣམ་གཞག་དང་། གཞུང་གི་དོན་ལ་འཇུག་པའོ། །དང་པོ་ལ་བཞི་སྟེ། སྡོམ་པ་སྤྱིའི་རྣམ་གཞག སྐབས་ཀྱི་སྡོམ་གསུམ་ངོས་གཟུང་། རྣལ་འབྱོར་ཆེན་པོའི་སྡོམ་པ་མཆོག་ཏུ་བསྔགས། དེ་ཉིད་རྣམ་པར་བཤད་པའི་དགོས་པའོ། །དང་པོ་ལ་བཞི་སྟེ། སྤང་བྱའི་སྒོ་ནས་སྡོམ་པ་དུ་མའི་རྣམ་གཞག སྡོམ་པ་གསུམ་གྱི་རྣམ་གཞག སྡོམ་པ་གཉིས་ཀྱི་རྣམ་གཞག སྡོམ་པ་གཅིག་ཏུ་ཐམས་ཅད་འདུས་པའི་ཚུལ་ལོ། །དང་པོ་ནི། བསྡུ་བར། མི་དགེ་བ་བཅུ་སྤོང་བའི་ལྡོག་པའི་སྒོ་ནས་སྡོམ་པ་བརྒྱའི་རྣམ་གཞག་གསུངས་ཏེ། མི་དགེ་བ་བཅུ་ཕྱོགས་གཅིག་སྤོང་བ་བཅུ། ཕལ་ཆེར་སྤོང་བ་བཅུ། ཀུན་སྤོང་བ་བཅུ། ཉིན་ཞག་ནས་ལོའི་བར་དུ་ཡུན་ཐུང་ངུར་སྤོང་བ་བཅུ། ལོ་ཕན་ཆད་ཡུན་རིང་དུ་སྤོང་བ་བཅུ། ཇི་སྲིད་འཚོ་བའི་བར་དུ་སྤོང་བ་བཅུ། རང་ཉིད་སྤོང་བ་བཅུ། གཞན་སྤོང་དུ་འཇུག་པ་བཅུ། སྤོང་བའི་བསྔགས་པ་དུ་མ་བརྗོད་པ་བཅུ། སྤོང་བ་མཐོང་ན་དགའ་ཞིང་ཡི་རང་བ་བཅུའོ། །ཡང་དེ་ཉིད་ལས་སྡོམ་པ་བརྒྱད་ཀྱི་རྣམ་གཞག་གསུངས་ཏེ། ཀུན་ནས་སློང་བའི་སྡོམ་པ། ཡོངས་སུ་འཛིན་པའི་སྡོམ་པ། ཀུན་ཏུ་བསྲུང་བའི་སྡོམ་པ། ཕྱིས་ལེན་པའི་སྡོམ་པ། སྡོམ་པ་ཆུང་ངུ་། སྡོམ་པ་འབྲིང་། སྡོམ་པ་ཆེན་པོ། ཡོངས་སུ་དག་པའི་སྡོམ་པ་རྣམས་ཏེ། དང་པོ་བཞི་ནི། སྡོམ་པ་གཅིག་ཉིད་ཀྱི་རྒྱུན་ལ་ལེན་པའི་ཀུན་སློང་དང་། ལེན་པ་དང་། རྒྱུན་ལྡན་དུ་བསྲུང་བ་དང་། ཉམས་ན་ཕྱིར་བཅོས་པའི་ཆ་ནས་ཕྱེ་བ་ཡིན་ལ། དེ་ནས་གསུམ་ནི། ལས་ལམ་དང་། དུས་དང་། རང་གཞན་གྱི་ཆ་ནས་ཕྱེ་བ་ཡིན་ཞིང་། ཕྱི་མ་ནི། སྡོམ་པ་སྐྱོན་མེད་པ་བསམ་གཏན་དང་ཟག་མེད་ཀྱི་རྒྱུར་གྱུར་པ་ལ་འཇོག་གོ །རིགས་པ་འདི་ཉིད་ཀྱིས་དགེ་བསྙེན་གྱི་སྡོམ་པ་ལ་སྤང་བྱའི་སྒོ་ནས་སྡོམ་པ་ལྔ་དང་། བསྙེན་གནས་གྱི་སྡོམ་པ་ལ་བརྒྱད་དང་། དགེ་ཚུལ་གྱི་སྡོམ་པ་ལ་བཅུ་དང་། དགེ་སློང་གི་སྡོམ་པ་ལ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཞེས་པའང་དོན་གྱིས་འཐོབ་སྟེ། མཛོད་དུ། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤང་བར་ནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །ཅེས་གསུངས་པ་ལྟར་རོ། །དེ་དག་རེ་རེ་ལ་ཡང་ཕྱོགས་གཅིག་སྤོང་བ་དང་། ཕལ་ཆེར་སྤོང་བ་སོགས་སྔ་མ་ལྟར་བཅུར་བསྒྲེས་པས་ལྔ་བཅུ་དང་། བརྒྱད་ཅུ་དང་། བརྒྱ་དང་། ཉིས་སྟོང་ལྔ་བརྒྱ་སུམ་ཅུ་ཞེས་པའང་འཐོབ་བོ། །འདི་དག་ནི་ཐེག་པ་ཆེན་པོའི་ལུགས་ཡིན་གྱིས་ཉན་ཐོས་ཀྱི་ལུགས་ནི་མ་ཡིན་ཏེ། དེ་དག་གིས་ངེས་པ་ལྔ་དང་མ་བྲལ་ན་སྡོམ་པ་མི་ཐོབ་པར་འདོད་ཅིང་གཞན་སྤོང་དུ་འཇུག་པ་དང་བསྔགས་པ་བརྗོད་པ་སོགས་སྡོམ་པར་མི་འདོད་པའི་ཕྱིར། གཉིས་པ་སྡོམ་པ་གསུམ་གྱི་རྣམ་གཞག་ལ། གསུང་རབ་ལས་བཤད་ཚུལ་བདུན་མཐོང་སྟེ། དང་པོ་ནི། མངོན་པ་མཛོད་དུ། སྡོམ་པ་སོ་སོར་ཐར་ཞེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེ། །ཞེས་པ་ལྟར་གསུམ་སྟེ། འདི་ནི་ཚུལ་ཁྲིམས་རྣམ་པར་དག་ན་ཏིང་ངེ་འཛིན་སྐྱེ་ཞིང་དེ་ལས་ཟག་པ་མེད་པའི་ཤེས་རབ་སྐྱེ་སྟེ། སྒྲིབ་པ་མ་ལུས་པ་སྤངས་པས་ན་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ཉམས་ལེན་མཐའ་དག་བསྡུས་པའི་སྡོམ་པའོ། །འདི་ནི་བསླབ་པ་གསུམ་གསུངས་པ་དང་ཡང་དོན་གཅིག་ཅིང་འདི་དག་གི་ངོ་བོ་བྱེ་བྲག་ཏུ་སྨྲ་བས་གཟུགས་སུ་འདོད་པ་དང་། མདོ་སྡེ་པས་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཞེས་པའི་མིང་གིས་བཏགས་ཀྱང་དོན་ལ་སེམས་པར་འདོད་པ་སོགས་ཀྱི་སྤྲོས་པ་ནི་གཞན་དུ་བཤད་ཟིན་ཏོ། །བསམ་གཏན་གྱི་སྡོམ་པ་ནི་ཕྱི་རོལ་པའི་རྒྱུད་ལ་ཡང་ཡོད་པས་བསླབ་པ་གསུམ་གྱི་ནང་དུ་མ་འདུས་པ་ཡང་ཡོད་པའི་དམིགས་གསལ་ཤེས་དགོས་སོ། །གཉིས་པ་ནི། མཛོད་འགྲེལ་དུ། ཐ་དད་དེ་དག་འགལ་བ་མེད། །ཅེས་པའི་འགྲེལ་པར། དགེ་བསྙེན། དགེ་ཚུལ། དགེ་སློང་གི་སྡོམ་པ་གསུམ་ལ་སྡོམ་པ་གསུམ་ཞེས་པའི་ཐ་སྙད་དངོས་སུ་གསུངས་པ་སྟེ། སོ་སོ་ཐར་པ་གཏན་ཁྲིམས་བདུན་ལ་སྡོམ་པ་གསུམ་གྱི་རྣམ་གཞག་བྱས་པའོ། །གསུམ་པ་ནི། རྩ་བའི་ལུང་སོ་སོར་ཐར་པར། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་ལུས་ངག་ཡིད་གསུམ་གྱི་སྡོམ་པ་གསུམ་གྱི་ཐ་སྙད་གསུངས་པ་སྟེ། འདི་ལ་བྱེ་བྲག་ཏུ་སྨྲ་བས་སྡོམ་པ་ནི་ལུས་ངག་གི་སྤོང་བཞིའམ་སྤོང་བདུན་ཁོ་ན་ཡིན་པས། ཡིད་ཀྱི་སྡོམ་པ་ནི་དྲན་ཤེས་བཞིན་གཉིས་ལ་སྡོམ་པའི་མིང་གིས་བཏགས་པར་འདོད་ཀྱང་། སྡོམ་པ་སྤོང་སེམས་སུ་འདོད་པ་དག་གིས་ནི་ལུས་ངག་གི་སྡོམ་པ་ཡང་སྤོང་བའི་སེམས་པར་འདོད་དོ། །བཞི་པ་ནི། ཐེག་པ་ཆེན་པོ་མདོ་སྔགས་གཉིས་ཀ་མཐུན་པར་བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཉེས་སྤྱོད་སྤོང་བ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་གསུངས་པ་སྟེ། འདི་ལ་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ཞེས་གསུངས་པའི་ཚུལ་ཁྲིམས་དང་སྡོམ་པ་དོན་གཅིག་ཅིང་། དཀོན་མཆོག་བརྩེགས་པའི་ལེའུ་དང་པོར་འདི་གསུམ་གྱི་རྣམ་བཞག་རྒྱས་པར་བཤད་ནས་ལེའུ་མཚན་ལ་སྡོམ་གསུམ་བསྟན་པའི་ལེའུ་ཞེས་པས་ཀྱང་ཤེས་སོ། །སྔགས་ཀྱི་ཉམས་ལེན་ཐམས་ཅད་ཀྱང་འདི་གསུམ་དུ་འདུས་ཏེ། རིགས་ལྔ་སོ་སོའི་དམ་ཚིག་རིགས་ལྔ་སྤྱིའི་དམ་ཚིག་ཏུ་འདུས་དགོས་པའི་ཕྱིར་དང་། ཉམས་ལེན་ཐམས་ཅད་ཀྱང་མི་མཐུན་ཕྱོགས་སྤོང་བའི་ཆ་དང་དགེ་བ་བསྒྲུབ་པའི་ཆ་དང་། གཞན་དོན་བྱེད་པའི་ཆ་གསུམ་ལས་གཞན་མེད་པའི་ཕྱིར་རོ། །ལྔ་པ་ནི་རྒྱུད་རྡོ་རྗེ་རྩེ་མོར། སྲོག་གཅོད་རྐུ་དང་འཁྲིག་པ་དང་། །བརྫུན་དང་ཆང་ནི་རྣམ་སྤོང་སྟེ། །ཁྱིམ་པའི་སྡོམ་ལ་ལེགས་གནས་ནས། །གསང་སྔགས་རྒྱལ་པོ་རབ་ཏུ་བསྒྲུབ། །གལ་ཏེ་དེ་དག་རབ་བྱུང་གྱུར། །སྡོམ་པ་གསུམ་དང་ཡང་དག་ལྡན། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་ངོ་བོའོ། །ཞེས་པ་ལྟར། སོ་ཐར། བྱང་སེམས། གསང་སྔགས་ཀྱི་སྡོམ་པ་གསུམ་སྟེ། འདི་ནི་སྔགས་སྡོམ་རྒྱུད་ལ་ལྡན་ན་སྡོམ་གསུམ་རིམ་གྱིས་བླངས་སམ་དབང་བསྐུར་གྱི་ཆོ་ག་ཉིད་ལས་གཅིག་ཆར་དུ་བླངས་པ་ཡང་རུང་སྟེ། སྡོམ་པ་གསུམ་དང་ངེས་པར་ལྡན་པའི་སྡོམ་གསུམ་གྱི་དབང་དུ་བྱས་པའོ། །དེས་ན་གལ་ཏེ་དེ་དག་རབ་བྱུང་གྱུར་ཞེས་པའི་དོན་ཡང་། རྟེན་དེ་ཁྱིམ་པའི་སྡོམ་ལ་གནས་པའམ། གལ་ཏེ་རབ་བྱུང་དུ་གྱུར་པ་ཡིན་ཡང་རུང་། གསང་སྔགས་རྒྱལ་པོ་བསྒྲུབ་པའི་ཚེ། །སྡོམ་པ་གསུམ་དང་ལྡན། ཞེས་པའི་དོན་ཡིན་གྱིས་ཁྱིམ་པའི་རྟེན་ལ་སྡོམ་གསུམ་མི་ལྡན་ཡང་དེས་རབ་བྱུང་བྱས་པའི་ཚེ་སྡོམ་གསུམ་ལྡན་ཞེས་པའི་དོན་ནི་མ་ཡིན་ནོ། །དྲུག་པ་ནི། རྗེ་བཙུན་རྩེ་མོས་སཾ་བུ་ཊིའི་རྒྱུད་འདིར། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པའི་སྐབས་ནས་བསྟན་པའི་ཕ་རོལ་ཏུ་ཕྱིན་པའི་སེམས་བསྐྱེད་ཀྱི་སྡོམ་པ་དང་། ཀུན་ལས་སྣ་ཚོགས་སྡོམ་པ་ཡིས། །ཞེས་པའི་སྐབས་ནས་བསྟན་པའི་བསྐྱེད་རིམ་གྱི་སྡོམ་པ་དང་། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ། ཞེས་པའི་སྐབས་ནས་བསྟན་པའི་རྫོགས་རིམ་གྱིས་སྡོམ་པ་གསུམ་ཡོད་པར་གསུངས་པ་ལྟ་བུ་སྟེ། འདི་ནི་རྒྱུད་འདི་ཉིད་ཀྱི་ནང་ནས་གསུངས་པའི་སྡོམ་པའི་རྣམ་གཞག་བསྡུས་པའོ། །བདུན་པ་ནི། སཾ་བུ་ཊིའི་བརྟག་པ་བཅུ་པར་དངོས་སུ། བུད་མེད་དང་ནི་སྐྱེས་པའི་ལུས། །ལས་ནི་དུ་མས་སྐྱེས་པས་ན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེ་དམ་ཚིག་གོ །སེམས་ཅན་སྣ་ཚོགས་གདུང་བ་དང་། །ཀུན་རྟོག་དྲྭ་བའི་རྣམ་རྟོག་གིས། །སེམས་ལ་སྨད་པར་མི་བྱ་སྟེ། །ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ །ཕྲག་དོག་ཉིད་ཀྱིས་མ་རངས་པས། །ཚིག་རྩུབ་ལ་སོགས་སྨྲ་མི་བྱ། །རྣ་བ་བདེ་བར་བྱེད་པ་ཉིད། །གསུང་གི་རྡོ་རྗེའི་དམ་ཚིག་གོ །ཞེས་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་གསུངས་པ་ལྟ་བུ་སྟེ། དམ་ཚིག་དང་སྡོམ་པ་གཉིས་རྣམ་གྲངས་ཀྱི་སྒོ་ནས་ཕྱེ་བ་ཡིན་གྱི་དོན་གཅིག་ཡིན་པར་རྗེ་བཙུན་གྱི་གསུངས་པའི་ཕྱིར་རོ། །བླ་མ་ཕྱི་མ་དག་ས་སྐྱ་པས་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཞེས་པ་ནི་རྙིང་མ་པའི་འདྲེས་ཤོར་བ་ཡིན་ཏེ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཅེས་པ་ནི་རྙིང་མ་པའི་ལུགས་ཡིན་གྱི་གསར་མའི་གཞུང་ལུགས་གང་ནའང་བཤད་པ་མི་སྣང་ངོ་ཞེས་བྲིས་པ་ནི་འདི་ཙམ་མ་མཐོང་བཞིན་དུ་གསུང་རབ་ལ་དབང་ཟ་བའོ། །གཉིས་པ་སྡོམ་པ་གཉིས་ཀྱི་རྣམ་གཞག་ལ། ཉན་ཐོས་ཀྱི་ཐེག་པར་ཡིད་དང་དབང་པོའི་སྡོམ་པ་གཉིས་ཞེས་དང་། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་པ་དག་སྨོན་འཇུག་གི་སེམས་བསྐྱེད་ཀྱི་སྡོམ་པ་གཉིས་ཞེས་གསུངས་པ་ཡང་ཡོད་མོད་ཀྱི། སྔགས་ཀྱི་གཞུང་དུ་ནི་འཇོག་ཚུལ་གསུམ་མཐོང་སྟེ། དང་པོ་ནི། བདེ་མཆོག་སྡོམ་འབྱུང་གི་རིམ་པར་ཕྱེ་བ་དང་པོར། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྡོམ་པ་ལ་བསྐྱེད་རིམ་དང་། རྫོགས་རིམ་གཉིས་ཡོད་པའི་མཚན་ཉིད་ཅི་ལྟར་ལགས་ཞེས་ཞུས་ནས། དེའི་འོག་ཏུ་རིམ་པར་ཕྱེ་བ་གཉིས་པས་དེ་གཉིས་རིམ་པ་བཞིན་བཤད་པ་ལྟ་བུའོ། །གསང་བ་འདུས་པའི་རྒྱུད་ཕྱི་མར་ཡང་དེ་དང་མཐུན་པར་གསུངས་ཏེ། དྲི་བ་སོ་གཉིས་པ་དེ་བཞིན་སྡོམ་པ་ཅི་ལྟ་བུ་ཞེས་པའི་ལན་དུ། སངས་རྒྱས་རྣམས་ཀྱིས་དེར་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པའི་རིམ་པ་ཉིད་དང་ནི། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་གསུངས་སོ། །གཉིས་པ་ནི། སློབ་དཔོན་སྨན་པའི་ཞབས་ཀྱིས་གསང་བ་འདུས་པའི་སྒྲུབ་ཐབས་དངོས་གྲུབ་འབྱུང་བའི་གཏེར་དུ། དམ་ཚིག་ལ་ནི་རྣམ་གཉིས་ཏེ། །ཐུན་མོང་སྡོམ་པར་བསྟན་པ་དང་། །ཐུན་མོང་མ་ཡིན་སྡོམ་པའོ། །ཞེས་གསུངས་པ་ལྟར། ཐུན་མོང་བའི་སྡོམ་པ་དང་། ཐུན་མོང་མ་ཡིན་པའི་སྡོམ་པ་གཉིས་ཏེ། ཐུན་མོང་བའི་སྡོམ་པ་ནི། གཞུང་དེར། ངོས་འཛིན་གསལ་པོར་མ་བྱུང་ཡང་ཞལ་ལུང་གི་འགྲེལ་པར་རིག་པའི་དབང་ལྔ་མན་ཆད་དུ་ཐོབ་པའི་སྡོམ་པ་ལ་ཐུན་མོང་བའི་སྡོམ་པ་དང་། རྡོ་རྗེ་སློབ་དཔོན་ཕྱིར་མི་ལྡོག་པའི་དབང་གི་སྐབས་སུ་ཐོབ་པའི་སྡོམ་པ་ལ་ཐུན་མོང་མ་ཡིན་པའི་སྡོམ་པར་གསུངས་སོ། །གསུམ་པ་ནི། རྗེ་བཙུན་གྱིས་ཌོཾ་བྷི་པའི་ལམ་སྐོར་དུ། ཕྱིའི་སྡོམ་པ་དང་། ནང་གི་སྡོམ་པ་གཉིས་གསུངས་ཏེ། འདི་ནི་སུམ་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་སྡོམ་པ་གསུམ་པོ་རེ་རེ་ལ་ཡང་ཕྱི་ནང་གཉིས་གཉིས་སུ་ཕྱེ་བའོ། །གསུམ་པ་སྡོམ་པ་གཅིག་ཏུ་ཐམས་ཅད་འདུས་པའི་ཚུལ་ནི། ཤེར་ཕྱིན་གྱི་བསླབ་པའམ་སྡོམ་པར་བསླབ་པ་ཐམས་ཅད་འདུས་པ་སྟེ་མདོ་སྡུད་པར། ཉི་མ་མཁའ་ལ་འགྲོ་བའི་ཟེར་གྱིས་ཟིལ་གནོན་པའི། །མདུན་གྱི་བར་སྣང་ལ་ནི་མུན་པ་མི་གནས་བཞིན། །ཤེས་རབ་ཕ་རོལ་ཕྱིན་ལ་བསླབ་པར་བྱས་རྣམས་ཀྱི། །ཕ་རོལ་ཕྱིན་པ་ཐམས་ཅད་འདིར་ནི་འདུས་པ་འགྱུར། །ཞེས་གསུངས་པས་སོ། །འདིར་སྡོམ་པའི་ཐ་སྙད་མ་གསུངས་སོ་སྙམ་ན་དེ་ཡང་གསུངས་ཏེ། གང་ལ་སྡོམ་དང་སྡོམ་པ་མ་ཡིན་རློམ་སེམས་མེད། །འདི་ནི་ཚུལ་ཁྲིམས་སྡོམ་པར་རྣམ་པར་འདྲེན་པས་གསུངས། །ཞེས་སོ། །སྔགས་གཞུང་རྣམས་ཀྱི་དགོངས་པའང་འདི་ཉིད་ཡིན་ཏེ། རྒྱུའི་ཆོས་ཐམས་ཅད་ཟུང་འཇུག་ཏུ་སྡོམ་པ་དང་། ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཡེ་ཤེས་སུ་སྡོམ་པར་གསུངས་པ་སོགས་ཏེ་རྒྱས་པར་འཆད་པར་འགྱུར་རོ། །གཉིས་པ་སྐབས་ཀྱི་སྡོམ་གསུམ་ངོས་བཟུང་བ་ནི། སྔགས་ཀྱི་གཞུང་ལས་བཤད་པའི་སྡོམ་གསུམ་ཕལ་ཆེ་བ་ནི། རྡོ་རྗེ་རྩེ་མོ་ལས་གསུངས་པ་ལྟར། སོ་ཐར། བྱང་སེམས། སྔགས་སྡོམ་གསུམ་ལ་འཇོག་སྟེ། དཀྱིལ་ཆོག་ཕལ་ཆེར་དུ། རང་གི་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་བློ་ཅན་རྣམས་ལ་ནི། །དེ་བཞིན་གཤེགས་པས་གསུངས་པ་ཡི། །ཡང་དག་ཆོ་ག་རྗེས་སུ་གནང་། །ཞེས་པའི་ཚིག་རྐང་དང་པོས་སོ་ཐར། གཉིས་པས་བྱང་སེམས། ཕྱི་མ་གཉིས་ཀྱིས་སྔགས་སྡོམ་བསྟན་པའི་ཕྱིར་དང་། གསོལ་གདབ་ཀྱི་ཚིག་ཏུ། དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཞེས་དོན་གྱི་གཙོ་བོ་སྔགས་ཀྱི་དམ་ཚིག་དང་། དེའི་རྟེན་བྱང་སེམས་ཀྱི་སྡོམ་པ་དང་། དེའི་རྟེན་སོ་ཐར་གྱི་སྡོམ་པ་སྩལ་དུ་གསོལ་ཞེས་གསུངས་པའི་ཕྱིར། དོན་འདི་ཉིད་ཀྱི་དབང་དུ་བྱས་ནས། རྡོ་རྗེ་རྩེ་མོར་སྡོམ་པ་བསྒྲགས་པའི་སྐབས་སུ། དང་པོར་རིགས་ལྔ་སོ་སོའི་དམ་ཚིག དེ་ནས་ཕ་རོལ་ཏུ་ཕྱིན་པའི་སེམས་བསྐྱེད་ཀྱི་རྩ་ལྟུང་བཅུ་བཞི། དེ་ནས་དགེ་བསྙེན་གྱི་བསླབ་བཞི་ལྔ་བསྒྲགས་པས་ན་འདི་ལྟ་བུའི་སྡོམ་པ་གསུམ་ནི་སྔགས་ཀྱི་རྒྱུད་སྡེ་ཁོ་ནའི་ལུགས་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་སྡོམ་པ་འོག་མ་གཉིས་ཙམ་གསུངས་ཀྱང་སྔགས་སྡོམ་མ་གསུངས་པའི་ཕྱིར་རོ། །དེས་ན་གཙོ་བོ་སྔགས་སྡོམ་འབོགས་པའི་ཚེ། སྔོན་འགྲོའི་སྐབས་སུ་སོ་ཐར་དང་། བྱང་སེམས་འབོགས་པ་དང་། གཙོ་བོ་སྔགས་སྡོམ་ཉམས་སུ་ལེན་པའི་ཚེ་སྔོན་འགྲོའི་སྐབས་སུ་སོ་ཐར་དང་། བྱང་སེམས་ཉམས་སུ་ལེན་པ་དང་། གཙོ་བོ་སྔགས་སྡོམ་བསྲུང་བའི་ཚེ། དེའི་ཡན་ལག་ཏུ་སོ་ཐར་དང་བྱང་སེམས་བསྲུང་བ་ནི་རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་གནད་དུ་ཤེས་པར་བྱ་སྟེ། དབང་བསྐུར་གྱི་སྟ་གོན་དང་འཇུག་པའི་སྐབས་ཀྱི་རྒྱུན་བཤགས་དང་། སྒྲུབ་ཐབས་ཀྱི་སྔོན་འགྲོའི་རྒྱུན་བཤགས་ལ་ཡན་ལག་གི་གྲངས་དུ་ཡོད་ཀྱང་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་། སྨོན་འཇུག་གི་སེམས་བསྐྱེད་ལེན་པ་མ་ཚང་བ་མི་སྲིད་པའི་ཕྱིར་དང་། རྩ་ལྟུང་བཅུ་བཞི་པའི་གཞུང་དུ་སྡོམ་པ་འོག་མ་གཉིས་ཀྱི་བཅས་པ་ལ་ཁྱད་གསོད་དང་བཅས་ཏེ་འདའ་བ་རྩ་ལྟུང་དང་། ཁྱད་གསོད་མེད་ཀྱང་དགོས་མེད་དུ་འདའ་བ་ཡན་ལག་གི་ལྟུང་བར་བཅས་པའི་ཕྱིར་རོ། །དེང་སང་བོད་འདིར་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་སྔོན་འགྲོ་གུར་ནས་གསུངས་པའི་རྒྱུན་བཤགས་བོར་ནས་བཟང་སྤྱོད་ཀྱི་གོ་རིམ་དང་མཐུན་པའི་རྒྱུན་བཤགས་རང་བཟོ་བྱས་ནས་འཇུག་པ་ནི་གནད་འདི་གཅོད་པའི་བདུད་ཚིག་ཏུ་ཤེས་པར་བྱའོ། །འོ་ན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་སྨོན་འཇུག་གི་སེམས་བསྐྱེད་ཀྱི་རྗེས་ཟློས་ལན་གསུམ་བྱས་པས་སོ་ཐར་དང་བྱང་སེམས་ཐོབ་ན་རིགས་ལྔའི་སྡོམ་བཟུང་གི་རྗེས་ཟློས་ལན་གསུམ་བྱས་པས་ཀྱང་སྔགས་སྡོམ་ཐོབ་པར་མཚུངས་སོ་ཞེ་ན། དེ་ནི་གནད་མི་འདྲ་སྟེ། སོ་ཐར་དང་བྱང་སེམས་ལོགས་སུ་ལེན་པའི་ཆོ་གའི་དངོས་གཞི་ལ་ཡང་རྗེས་ཟློས་ལན་གསུམ་བྱེད་པ་ལས་མེད་ཅིང་དེ་ནི་འདི་ལ་ཡང་ཚང་བའི་ཕྱིར་དང་སྔགས་སྡོམ་ལེན་པའི་དངོས་གཞི་ནི་དབང་གི་ཆོ་ག་ཡིན་པའི་ཕྱིར་རོ། །གསུམ་པ་རྣལ་འབྱོར་ཆེན་པོའི་སྡོམ་པ་མཆོག་ཏུ་བསྔགས་པ་ནི། དེ་ལྟར་སྡོམ་པ་དུ་མ་ཡོད་པའི་ནང་ནས་སྤྱིར་སྔགས་ཀྱི་སྡོམ་པ་མཆོག་ཡིན་ཏེ། སྔར་བཤད་པའི་སྡོམ་པའི་རྣམ་གཞག་ཐམས་ཅད་འདིའི་ཡོན་ཏན་གྱི་ལྡོག་པ་ལ་ཚང་བའི་ཕྱིར་རོ། །དེ་ལ་ཡང་རྒྱུད་སྡེ་བཞི་ལ་དབང་གིས་བབས་མི་འདྲ་བ་བཞི་ཡོད་པས་སྡོམ་པའི་རིམ་པ་མི་འདྲ་བ་བཞི་ཡོད་པ་ལས་རྣལ་འབྱོར་ཆེན་པོའི་སྡོམ་པ་མཆོག་ཡིན་ཏེ། འདིས་མ་ཟིན་པ་རྒྱུད་སྡེ་འོག་མ་གསུམ་གྱི་སྡོམ་པས་རྡོ་རྗེ་འཛིན་པའི་ས་མི་ཐོབ་པའི་ཕྱིར་དང་། འདི་ཉིད་ཐོབ་ན་རྒྱུད་སྡེ་འོག་མའི་དབང་བསྐུར་སྔོན་དུ་མ་སོང་ཡང་དེ་དག་གི་སྡོམ་པ་ཐོབ་པར་དབང་གི་དག་པ་ངོ་སྤྲོད་པ་ལས་ཤེས་སོ། །དེ་ན་འདི་ལ་སྤང་བྱ་དང་། བསྲུང་བྱ་དང་། ཐོབ་བྱ་ཐམས་ཅད་མཐར་ཐུག་པའི་ཚུལ་འོག་ཏུ་རྒྱས་པར་འབྱུང་བ་ལས་ཤེས་པར་བྱས་ནས་སྡོམ་པ་ཀུན་གྱི་ནང་ནས་འདི་ཉིད་མཆོག་ཏུ་ཤེས་པར་བྱའོ། །བཞི་པ་དེ་ཉིད་རྣམ་པར་བཤད་པའི་དགོས་པ་ནི། ཁ་ཅིག་འདི་ལ་རྒྱུད་གསུམ་གྱི་སྡོམ་པ་གསུམ་དུ་ཕྱེ་བ་མཐོང་བས་རྒྱུ་རྒྱུད་ཀྱི་སྡོམ་པའང་སྔགས་སྡོམ་མཚན་ཉིད་པར་བཟུང་ནས་སེམས་ཅན་ཐམས་ཅད་སྔགས་ཀྱི་སྡོམ་ལྡན་དུ་འདོད་པ་དང་། ལ་ལ་དག་བསྐྱེད་རྫོགས་ཀྱི་སྡོམ་པའི་དོན་ལྟ་ཅི་སྨོས་མིང་ཙམ་ཡང་བློ་ལ་མི་ཤོང་བ་དང་། འགའ་ཞིག་རྒྱུད་སྡེ་ནས་གསུངས་པའི་སྡོམ་པ་རྣམས་སྡོམ་པ་གསུམ་གྱི་ནང་ཚན་དུ་གྱུར་པའི་སྔགས་སྡོམ་མ་ཡིན་པར་སྨྲ་བ་རྣམས་བསལ་ནས་ཡང་དག་པའི་དོན་རྒྱུད་སྡེའི་དགོངས་པ་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་བཀྲལ་བ་རྗེ་བཙུན་ས་སྐྱ་པའི་གསུང་རབ་ལས་ཇི་ལྟར་འབྱུང་བའི་རྣལ་འབྱོར་ཆེན་པོའི་སྡོམ་པ་ཕྱིན་ཅི་མ་ལོག་པར་ངེས་པར་བྱ་བའི་ཕྱིར་ཁོ་བོས་བསྟན་བཅོས་འདི་བརྩམས་སོ། །དེ་ལ་ཡང་རྒོལ་བར་འདོད་པ་ཁ་ཅིག་ཕྱོགས་སྔ་མ་རྟོགས་བཞིན་དུ་དགག་པ་བརྗོད་པ་དང་། ལ་ལ་ལུང་རིགས་ལྟར་སྣང་གི་དགག་པ་བརྗོད་པ་ལ་མཆོག་ཏུ་རློམ་པ་རྣམས་ཀྱི་བསོད་ནམས་མ་ཡིན་པ་བཟློག་པ་དང་། འདུན་ཅིང་དོན་དུ་གཉེར་བ་དག་གིས་ཀྱང་བདེ་བླག་དུ་རྟོགས་པར་མ་ནུས་པས་དེ་དག་རྗེས་སུ་བཟུང་བར་བྱ་བའི་ཕྱིར་འགྲེལ་པ་འདི་ཡང་བརྩམས་པར་རིགས་སོ། །དེ་ལྟར་སྤྱིའི་རྣམ་གཞག་བསྟན་ཟིན་ནས་ད་ནི་གཉིས་པ་གཞུང་གི་དོན་ལ་འཇུག་པ་ལ། ཐོག་མར་དོན་དང་ལྡན་པའི་མཚན་ནི། རྣལ་འབྱོར་ཆེན་པོའི་སྡོམ་པའི་གནད་བྱེ་བྲག་ཏུ་བཤད་པ་ཟབ་དོན་བདུད་རྩིའི་ཉིང་ཁུ་འཆི་བ་མེད་པའི་གོ་འཕང་སྦྱིན་པ་ཞེས་བྱ་བ་ཞེས་པ་སྟེ། རྣལ་འབྱོར་ཆེན་པོའི་སྡོམ་པ་ནི་བརྗོད་བྱའི་གཙོ་བོ་ཡིན་ལ། དེའི་ཁྱད་པར་གྱི་ཆོས་རྟོགས་པར་དཀའ་ཞིང་རྟོགས་ན་དོན་ཆེ་བས་གནད། རྟོག་གེའི་བློས་རྟོགས་པར་དཀའ་བས་ན་ཟབ་དོན། རྒྱུད་སྡེ་ཀུན་གྱི་བཅུད་ཡིན་པས་ན་བདུད་རྩིའི་ཉིང་ཁུ། འདི་བསྒོམས་པ་ལས་མཐར་མཆོག་གི་དངོས་གྲུབ་འབྱུང་བས་ན། འཆི་བ་མེད་པའི་གོ་འཕང་སྦྱིན་པའོ། །བྱེ་བྲག་ཏུ་བཤད་པ་ནི་རྗོད་བྱེད་གཞུང་གི་ཚོགས་ཏེ། བརྗོད་བྱའི་དོན་དེ་སྟོན་པ་རྗོད་བྱེད་ཀྱི་གཞུང་ལ་ཡང་མཚན་དེ་དག་བཏགས་པ་ནི་གསུང་རབ་སྤྱིའི་ལུགས་སོ། །དེ་ལྟར་མཚན་གྱི་དོན་བསྟན་ནས་བར་ཆད་ཞི་བའི་ཆེད་དུ་མཆོད་པར་བརྗོད་པ་ནི་རྗེ་བཙུན་བླ་མ་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་དེ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་བར་ཆད་ཐམས་ཅད་སེལ་བ་དང་། དངོས་གྲུབ་ཐམས་ཅད་སྦྱིན་པ་ནི་གདན་གསུམ་ཚང་བའི་ལྷ་ཚོགས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་དམ་པ་ཉིད་ཡིན་པས་དེ་ལ་མཆོད་པར་བརྗོད་པའོ། །ད་ནི་བསྟན་བཅོས་ཀྱི་དོན་ལ་འཇུག་པ་ལས། ཐོག་མར་བཤད་པ་ལ་འཇུག་པའི་ཡན་ལག་ནི། སྣ་ཚོགས་སྣང་བ་ཟུང་འཇུག་ཡེ་ཤེས་སུ། །དབང་གི་ཆོ་གས་ཐོག་མར་སྡོམ་མཛད་ཅིང་། །རྨད་བྱུང་ལམ་གྱིས་ཡང་ཡང་གོམས་པ་ལས། །གསང་བ་སྒྲུབ་མཛད་རྗེ་བཙུན་བླ་མ་རྒྱལ། །ཞེས་པ་སྟེ། ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་བ་ཐམས་ཅད་གསལ་སྟོང་ཟུང་འཇུག་གམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྡོམ་པ་ནི་རྒྱུ་རྒྱུད་ཀྱི་སྡོམ་པའོ། །དེ་ལྟར་རང་བཞིན་གྱིས་སྡོམ་པ་དེ་ཡང་དབང་གིས་ཆོ་གས་རྣལ་འབྱོར་པའི་རྒྱུད་ལ་སྡོམ་པའི་ཐབས་ཐོག་མར་ཐོབ་པར་མཛད་ཅིང་། དེ་ཉིད་ལས་རིམ་པ་གཉིས་དང་། ལམ་དུས་ཀྱི་དབང་ལ་སོགས་པས་ཡང་དང་ཡང་དུ་གོམས་པ་ནི་ཐབས་རྒྱུད་ཀྱི་སྡོམ་པའོ། །དེ་ལྟར་ལམ་ལ་གོམས་པ་ལས་མཐར་སྣང་བའི་དངོས་པོ་ཐམས་ཅད་གསང་བ་གསུམ་གྱི་ངོ་བོར་སྡོམ་པ་ནི་འབྲས་རྒྱུད་ཀྱི་སྡོམ་པ་སྟེ། དེ་དག་རང་ཉིད་ཉམས་སུ་ལེན་པའི་སྒོ་ནས་སྒྲུབ་པར་མཛད་ཅིང་སློབ་མ་ལ་ཚུལ་བཞིན་དུ་བསྟན་པའི་སྒོ་ནས་སྒྲུབ་པར་མཛད་པ་ནི། རྗེ་བཙུན་བླ་མ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དེ་ཉིད་ཡིན་པས་དེ་ལ་མཆོད་པར་བརྗོད་པ་ནི་རྡོ་རྗེ་ཐེག་པའི་ལུགས་སོ། །འདི་ནི་བསྟན་བཅོས་ལུས་ཀྱི་བརྗོད་བྱ་དང་མཐུན་པའི་མཆོད་བརྗོད་དེ། ཤུགས་ལ་སྡོམ་པ་དེ་དག་བརྗོད་བྱར་བྱས་པའི་བསྟན་བཅོས་བརྩམ་ཞེས་དམ་བཅས་པའོ། །བརྗོད་བྱ་དེ་དག་ཇི་ལྟར་གཏན་ལ་དབབ་སྙམ་ན། དེའི་བཤད་པ་ཉིད་ཉེ་བར་དགོད་པ་ལ་ཐོག་མར་བཤད་བྱ་རྡོ་རྗེའི་ཚིག་དགོད་པ་ནི། རྗེ་བཙུན་འཁྲུལ་པའི་དྲི་མ་ཟད་པའི་ཐུགས་མངའ་བ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། རང་སེམས་གདོད་ནས་སྤྲོས་བྲལ་རྒྱུ་རྒྱུད་དང་། །དབང་གི་ཡེ་ཤེས་ལམ་གྱི་ལྟ་བ་དང་། །ཉམས་མྱོང་སངས་རྒྱས་ས་དང་ངོ་བོ་གཅིག །རྟོགས་པའི་ཁྱད་པར་ཟླ་བའི་དཔེ་ཡིས་བསྟན། །ཞེས་གསུངས་པ་འདི་ཡིན་ནོ། །ཚིག་དོན་ཅུང་ཟད་བཤད་ན། རང་སེམས་ནི་ཐབས་རིག་པ་གསལ་ལ་མ་འགགས་པ་ཡིན་ལ། གདོད་ནས་སྤྲོས་བྲལ་ནི་ངོ་བོ་སྟོང་པ་ཉིད་དེ། དེ་གཉིས་ཟུང་དུ་འཇུག་པ་ནི་རྒྱུའི་རྒྱུད་དོ། །དེར་སྣང་བ་ཐམས་ཅད་སྡོམ་པའི་ཆ་ནས་རྒྱུ་རྒྱུད་ཀྱི་སྡོམ་པར་ཡང་འཇོག་ཏེ་འཆད་པར་འགྱུར་རོ། །དབང་གི་ཡེ་ཤེས་ནི་ཟུང་འཇུག་དེ་ཉིད་དབང་གི་སྐབས་སུ་ཉམས་མྱོང་གི་ངོ་བོར་སྐྱེ་བ་ཡིན་ལ། ལམ་གྱི་ལྟ་བ་ནི་དབང་གི་ཡེ་ཤེས་ལ་ངོ་སྤྲོད་པའི་ལྟ་བ་འཁོར་འདས་དབྱེར་མེད་དང་། ལམ་བཞི་བསྒོམས་པ་ལས་བྱུང་བའི་ལྟ་བ་ངོ་བོ་ཉིད་གསུམ་སོགས་བཞིའོ། །ཉམས་མྱོང་ནི་མཚོན་བྱ་དོན་གྱི་ཡེ་ཤེས་ཉམས་སུ་མྱོང་བ་སྟེ། ས་ཕྱེད་དང་བཅུ་གསུམ་མོ། །འདི་དག་ནི་ཐབས་ཀྱི་རྒྱུད་དེ། ཐབས་རྒྱུད་ཀྱི་སྡོམ་པར་འཇོག་ཚུལ་ཡང་གནས་སོགས་ལྔས་གཏན་ལ་དབབ་པའི་སྐབས་སུ་གསལ་ལོ། །སངས་རྒྱས་ས་ནི་ས་བཅུ་གསུམ་པའི་ཕྱེད་དེ། འབྲས་བུའི་རྒྱུད་དེ། འབྲས་རྒྱུད་ཀྱི་སྡོམ་པར་འཇོག་ཚུལ་ཡང་འཆད་པར་འགྱུར་རོ། །དེ་ལྟར་རྒྱུད་གསུམ་པོ་ངོ་བོ་དབྱེར་མེད་གཅིག་ཡིན་ཏེ། རྒྱུའི་རྒྱུད་དེ་ཉིད་དབང་གི་སྐབས་སུ་ཡེ་ཤེས་སུ་སྐྱེ་ཞིང་། དེ་ཉིད་ལམ་གྱི་སྐབས་སུ་ལྟ་བར་ཉམས་སུ་མྱོང་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སོ། །རྟོགས་པའི་ཁྱད་པར་ཟླ་བའི་དཔེས་བསྟན་པ་ནི། ནམ་མཁའི་ཟླ་བ་བལྟ་བར་འདོད་པ་ལ་ཟླ་བའི་ཁ་དོག་དང་དབྱིབས་ལ་སོགས་པ་བཤད་པའི་སྒོ་ནས་སྤྱིའི་ཚུལ་གྱིས་རྟོགས་པ་དང་འདྲ་བ་ནི། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་རྟོགས་ཚུལ་ཡིན་ལ། འདི་ནི་ཆུ་ནང་གི་ཟླ་བའི་གཟུགས་བརྙན་ལ་མིག་གིས་བལྟ་བ་དང་འདྲ་བར་དབང་དང་རིམ་གཉིས་ལས་བྱུང་བའི་ཡེ་ཤེས་ཀྱིས་དཔེའི་ཚུལ་གྱིས་མངོན་སུམ་དུ་མཐོང་ཞིང་། ས་དང་པོ་ནས་བཅུ་གསུམ་པའི་བར་དུ་ཚེས་གཅིག་ནས་བཅོ་ལྔའི་བར་ཟླ་བའི་ཆ་ཤས་དངོས་རིམ་གྱིས་རིམ་གྱིས་འཕེལ་བ་ལྟར་དྲི་བྲལ་གྱི་ཆོས་དབྱིངས་དངོས་ཆ་ཤས་ཇེ་གསལ་ཇེ་གསལ་དུ་མཐོང་བ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་ལྟར་མར་ངོའི་བཅུ་བཞི་ལ། །ཟླ་བ་ཅུང་ཟད་མཐོང་བ་ལྟར། །དེ་བཞིན་ཐེག་མཆོག་མོས་ལ་ཡང་། །སངས་རྒྱས་སྐུ་ནི་ཅུང་ཞིག་མཐོང་། །ཇི་ལྟར་ཟླ་བ་ཚེས་པ་ལ། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང་། །དེ་བཞིན་ས་ལ་ཞུགས་རྣམས་ཀྱང་། །རིམ་གྱིས་རིམ་གྱིས་འཕེལ་བ་མཐོང་། །ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་པར་འགྱུར་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ནས། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་གསུངས་སོ། །སྔགས་ཀྱི་མཚོན་བྱེད་དཔེའི་ཡེ་ཤེས་ཀྱིས་ཆུ་ནང་གི་ཟླ་བའི་གཟུགས་བརྙན་ལ་བལྟ་བའི་དཔེ་ནི་རྗེ་བཙུན་གྱིས་གསུང་རབ་གཞན་དུ་བཤད་ལ། འདིར་མར་ངོའི་བཅུ་བཞིའི་ཟླ་བ་དཔེར་བྱས་པ་ནི། ཕ་རོལ་ཏུ་ཕྱིན་པའི་མཐོང་ཚུལ་གྱི་དབང་དུ་བྱས་པའོ། །འོ་ན་དེ་དང་ཚེས་གཅིག་གི་ཟླ་བ་གཉིས་ཟླ་བའི་ཆ་ཤས་དངོས་ཡིན་པ་ལ་ཁྱད་པར་མེད་པས། མོས་སྤྱོད་དང་ས་དང་པོའི་མཐོང་ཚུལ་ལ་ཡང་ཁྱད་པར་མེད་པར་འགྱུར་རོ་སྙམ་ན། མར་ངོའི་བཅུ་བཞིའི་ཟླ་བ་ནི་སྔར་གྱི་ཚེས་བཅོ་ལྔའི་ཟླ་བའི་འགྲིབ་པའི་འཕྲོ་ཡིན་གྱིས། ཡར་འཕེལ་བའི་འགོ་མ་ཡིན་པ་དཔེར་བླངས་ནས་མོས་སྤྱོད་ཀྱི་སྐབས་སུ་ཆོས་སྐུ་མཐོང་ཚུལ་ནི་སངས་རྒྱས་སྔ་མས་ཆོས་སྐུ་མངོན་དུ་བྱས་པའི་རྒྱུ་མཐུན་གསུང་རབ་ལ་ཐོས་བསམ་བྱས་ནས་རྟོགས་པ་ཡིན་གྱིས། རང་རྒྱུད་ལ་འབྱུང་བར་འགྱུར་བའི་ཆོས་སྐུའི་ཆ་ཤས་མངོན་སུམ་དུ་མཐོང་བ་མ་ཡིན་པ་དང་སྦྱར་བས་སྐྱོན་མེད་དོ། །རྡོ་རྗེའི་ཚིག་དེ་ཉིད་དཔེའི་སྒོ་ནས་བསྔགས་པར་འདོད་ནས། ཚིག་འདི་ཐོས་ན་དྲི་ཟའི་དབྱངས་ལྟར་སྙན། །བསམ་ན་བདུད་རྩི་མྱངས་ལྟར་ཡིད་རབ་ཚིམ། །བསྒོམ་ན་ཡིད་བཞིན་ནོར་ལྟར་དགོས་འདོད་འབྱུང་། །དཔེ་གསུམ་ལྡན་འདི་ཀུན་དང་ཐུན་མོང་མིན། །ཞེས་པ་སྨོས་ཏེ་གོ་སླའོ། །རྡོ་རྗེའི་ཚིག་དེའི་དོན་བསྡུས་ཏེ་བསྟན་པ་ནི། དེ་ཕྱིར་རྒྱུ་ནི་ལམ་དང་འབྲས་བུར་བཅས། །ལམ་ཡང་རྒྱུ་ལམ་འབྲས་བུ་དང་བཅས་ཤིང་། །འབྲས་བུ་ཡང་ནི་རྒྱུ་ལམ་དང་བཅས་པས། །ལྷུན་གྲུབ་སྡོམ་པ་སྔགས་ཀྱི་སྡོམ་པ་ཡིན། །ཞེས་བྱ་བ་སྟེ། རྒྱུད་གསུམ་པོ་དབྱེར་མེད་པ་ཡིན་པ་དེའི་ཕྱིར། རྒྱུའི་རྒྱུད་ཀྱི་དོན་དམ་པར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་དག་པ་དེ་བཞིན་ཉིད་ཀྱི་དག་པ་དང་། ཀུན་རྫོབ་ཏུ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་ངོ་བོར་རྣམ་པར་དག་པ་ལྷ་སོ་སོའི་དག་པ་དང་། སྣང་བ་ཐམས་ཅད་སེམས་ཡིན་པ་རང་རིག་པའི་དག་པ་གསུམ་པོ་ལ་ལྟ་བ་དང་། བསྐྱེད་རིམ་དང་། རྫོགས་རིམ་ལམ་དུས་ཀྱི་དག་པ་གསུམ་དང་། སྐུ་གསུམ་པོ་འབྲས་དུས་ཀྱི་དག་པ་གསུམ་རང་བཞིན་ལྷུན་གྲུབ་ཀྱི་ཚུལ་གྱིས་ཚང་ལ། དེ་བཞིན་དུ་ལམ་དུས་ཀྱི་དག་པ་གསུམ་ལ་གཞན་གཉིས་པོ་དང་། འབྲས་དུས་ཀྱི་དག་པ་གསུམ་ལ་ཡང་གཞན་གཉིས་པོ་རང་བཞིན་ལྷུན་གྲུབ་ཀྱི་ཚུལ་གྱིས་ཤེས་པར་བྱའོ། །དེས་མཚོན་ནས་རྒྱུ་དུས་ཀྱི་སྐྱེ་གནས་བཞི་པོ་རེ་རེ་ལ་ཡང་། ལམ་མངོན་པར་བྱང་ཆུབ་པ་ལྔ་དང་། འབྲས་བུ་ཡེ་ཤེས་ལྔ་རང་བཞིན་ལྷུན་གྲུབ་ཀྱི་ཚུལ་དུ་ཚང་བ་དང་། ལམ་ལ་ཡང་གཞན་གཉིས་དང་། འབྲས་བུ་ལ་ཡང་གཞན་གཉིས་རང་བཞིན་ལྷུན་གྲུབ་ཀྱི་ཚུལ་དུ་ཚང་བ་སོགས་རྒྱུ་དང་། ལམ་དང་། འབྲས་བུའི་ཆོས་ཐམས་ཅད་ལ་ཞིབ་ཏུ་སྦྱར་བར་ཤེས་པར་བྱ་སྟེ། ཐམས་ཅད་གསང་བའི་རྒྱུད་དུ། རྒྱུ་ལ་འབྲས་བུས་རྒྱས་བཏབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །ཅེས་དང་། ཀྱེ་རྡོ་རྗེའི་རྒྱུད་དུ། རིགས་དང་འབྱུང་བ་ལྔ་རྣམས་དང་། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཤེས་མངོན་པར་བརྗོད་པར་བྱ། །ཞེས་དང་། རྗེ་བཙུན་གྱིས། རང་བཞིན་རྒྱུ་ལ་བསམས་ན་ལྷུན་གྲུབ་སྟེ། །མཐའ་ཡས་ཡོན་ཏན་ཚོགས་ནི་གནས་གྱུར་ཡིན། །དེས་ན་ལྷུན་གྲུབ་གནས་གྱུར་མི་འགལ་ཏེ། །འདི་ནི་འབྲས་བུའི་འཁོར་འདས་དབྱེར་མེད་ཡིན། །ཞེས་གསུངས་པས་སོ། །དེ་ལྟར་བྱས་ན་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རྒྱུད་གསུམ་གྱི་ངོ་བོར་སྡོམ་པའམ། རྒྱུད་གསུམ་པོ་ཉིད་ཀྱང་དབྱེར་མེད་གཅིག་ཏུ་སྡོམ་པ་ནི། སྤྱིར་མཚན་བཏགས་མ་ཕྱེ་བའམ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཞེས་པ་ལྟ་བུའི་དངོས་བསྟན་དང་། ཤུགས་བསྟན་སོ་སོར་མ་ཕྱེ་བའི་སྔགས་ཀྱི་སྡོམ་པ་སྟེ་མཚན་བཏགས་ཕྱེ་བ་ནི་འཆད་པར་འགྱུར་རོ། །ད་ནི་དེ་ཉིད་བྱེ་བྲག་ཏུ་བཤད་པར་འདོད་ནས། ཐོག་མར་ལུས་རྣམ་པར་གཞག་པའི་སྒོ་ནས་མཉན་པར་གདམས་པ་ནི། དེ་ཉིད་རྒྱུ་ལ་ཇི་ལྟར་གནས་པ་དང་། །ལམ་གྱི་ཐོག་མར་གང་ལས་ཐོབ་པ་དང་། །བར་དུ་གང་གིས་མངོན་དུ་བྱེད་པ་དང་། །ཐ་མར་འབྲས་བུའི་ངོ་བོར་འགྱུར་ཚུལ་དང་། །དཔེ་དང་དོན་གྱི་རབ་དུ་དབྱེ་བ་དང་། །གནས་སོགས་ལྔ་ཡིས་གཏན་ལ་དབབ་པ་དང་། །སྣ་ཚོགས་མཚན་གྱི་རྣམ་གྲངས་བསྟན་པ་དང་། །ཉམས་ལེན་ཐམས་ཅད་དེ་ཉིད་དུ་འདུས་དང་། །སྣང་བ་ཐམས་ཅད་དེ་ཉིད་དུ་སྡོམ་སོགས། །རྣམ་མང་རྒྱུད་སྡེའི་ཚོགས་ལས་གསུངས་པའི་དོན། །གྲུབ་པའི་དབང་ཕྱུག་རྣམས་ཀྱིས་བཀྲལ་བའི་ཚུལ། །འཁྲུལ་ཟད་བརྒྱུད་པའི་མན་ངག་ལ་བརྟེན་ནས། །བཤད་པར་བྱ་ཡི་སྐལ་བཟང་དགའ་བས་ཉོན། །ཞེས་བྱ་བ་སྨོས་ཏེ། ཚིག་ལེའུ་བྱས་པ་འདི་དག་ནི་འོག་ཏུ་རྒྱས་པར་བཤད་པས་རྣམ་པར་བཤད་པར་བསམས་ཏེ། ཟློས་པའི་ཉེས་པར་འགྱུར་དུ་དོགས་ནས་རྣམ་པར་མ་བཀྲོལ་ལོ། །ད་ནི་ཡན་ལག་རྒྱས་པར་བཤད་པའི་སྒོ་ནས་དོན་རྣམ་པར་ངེས་པར་བྱ་བ་ལ། ཐོག་མར་རྒྱུ་ལ་གནས་པའི་ཚུལ་ནི། ཇི་ལྟར་སྣང་བ་རང་གི་སེམས་སུ་སྡོམ། །སེམས་ཉིད་སྤྲོས་བྲལ་རང་བཞིན་ལྷན་སྐྱེས་སུ། །ལེགས་པར་སྡོམ་པ་རྒྱུ་ལ་གནས་པ་ཡི། །སྡོམ་པ་ཡིན་པར་རྩ་བའི་རྒྱུད་ལས་གསུངས། །ཞེས་པ་སྟེ། སྣང་བ་ཐམས་ཅད་རང་གི་སེམས་སུ་སྡོམ་སྟེ། ཀྱེ་རྡོ་རྗེར། རང་རིག་རྒྱལ་པོ་རང་གཙོ་བོ། །རང་གིས་འཕྲོག་ཅིང་རང་གིས་བྱེད། །ཅེས་དང་། རྡོ་རྗེ་གུར་དུ། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ལཾས། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་གསུངས་སོ། །དེ་ནི་སྣང་བ་སེམས་སུ་འདུས་པའི་ལུང་ཡིན་གྱི། སྡོམ་པའི་དོན་མ་ཡིན་ནོ་སྙམ་ན། སྡོམ་པའི་དོན་ལ་མང་པོ་གཅིག་ཏུ་སྡོམ་པ་དང་། སྤང་བྱ་མི་མཐུན་པའི་ཕྱོགས་སྡོམ་པ་གཉིས་གསུངས་པ་ལས། དང་པོ་ནི། འདུས་པ་དང་། བསྡུས་པ་ལ་འཇུག་སྟེ། རྣལ་འབྱོར་མ་ལུས་དབུས་གནས་པ། །ཞེས་པའི་འགྲེལ་པར། གྲུབ་ཆེན་མཚོ་སྐྱེས་ཀྱིས། ཡང་ན་ཕྱི་དང་ནང་གི་ཆོས་ཐམས་ཅད་རྣམ་པ་མང་བས་དེའི་ཕྱིར་སྡུད་པར་བྱེད་པས་སྡོམ་པའོ། །ཞེས་གསུངས་པས་སོ། །སེམས་ཉིད་རང་བཞིན་ལྷན་སྐྱེས་སྤྲོས་བྲལ་གྱི་ངོ་བོར་སྡོམ་སྟེ། ཀྱེ་རྡོ་རྗེ་རྩ་བའི་རྒྱུད་དུ། ལྷན་ཅིག་སྐྱེས་པ་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་གསུངས་སོ། །དེ་ཉིད་རྒྱུ་ལ་གནས་པའི་སྡོམ་པ་ཡིན་པར་གང་ལས་ཤེས་སྙམ་ན། ཚིགས་སུ་བཅད་པ་འདི་རྗེ་བཙུན་གྱིས་རྒྱུ་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་ཤེས་བྱེད་དུ་དྲངས་པ་ལས་ཤེས་སོ། །རྒྱུ་ལ་གནས་པ་དེ་ཉིད་ལམ་གྱི་ཐོག་མར་གང་ལས་ཐོབ་ན། སྨིན་བྱེད་ཀྱི་དབང་ལས་ཐོབ་པ་ཡིན་ནོ། །དེ་ལ་དབང་ལས་ཐོབ་པའི་མཚམས་ནི། གཞིར་གནས་དཀྱིལ་འཁོར་བཞི་ལ་དབང་བཞི་ཡིས། །སྐུ་བཞིའི་ས་བོན་ཐེབས་ཚེ་བླ་མེད་ཀྱི། །སྡོམ་པ་རྫོགས་པ་རྒྱུད་སྡེ་འོག་མ་ལས། །ཟབ་ཁྱད་ཡིན་པར་དབང་གི་རིམ་པས་ཤེས། །ཞེས་པ་སྟེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། རྒྱུད་སྡེ་བཞི་ལ་དབང་གི་དངོས་གཞིའི་བབས་མི་འདྲ་བ་བཞི་གསུངས་ཏེ། བྱ་རྒྱུད་ལ་ཆུ་དང་ཅོད་པཎ་གྱི་དབང་། སྤྱོད་རྒྱུད་ལ་དེའི་སྟེང་དུ་རྡོ་རྗེ་དྲིལ་བུ། མིང་གི་དབང་དང་ལྔ། རྣལ་འབྱོར་གྱི་རྒྱུད་ལ་དེའི་སྟེང་དུ་ཕྱིར་མི་ལྡོག་པ་འཁོར་ལོའི་དབང་དང་དྲུག རྣལ་འབྱོར་བླ་མེད་ལ་དེའི་སྟེང་དུ་དབང་གོང་མ་གསུམ་སྟེ། དབང་བཞི་ཡོངས་སུ་རྫོགས་པ་ཡོད་པར་གསུངས་སོ། །དེས་ན་རྒྱུད་སྡེ་བཞི་པོ་རང་རང་གི་སྔགས་ཀྱི་སྡོམ་པ་ཡང་རང་རང་གི་དབང་གི་དངོས་གཞི་རྫོགས་པའི་ཚེ་རྫོགས་པར་འཐོབ་སྟེ། དབང་གི་དངོས་གཞི་ནི་སྔགས་སྡོམ་འབོགས་པའི་ཐབས་ཡིན་པའི་ཕྱིར་རོ། །བྱ་སྤྱོད་གཉིས་ལ་རྡོ་རྗེ་སློབ་མའི་དབང་དང་། སློབ་དཔོན་གྱི་དབང་གཉིས་སུ་ཕྱེ་བ་མི་སྣང་ཡང་རང་རང་གི་དབང་གི་དངོས་གཞི་དེ་ཉིད་རྡོ་རྗེ་སློབ་དཔོན་གྱི་དབང་དུ་བཞེད་དེ། གསང་བ་སྤྱི་རྒྱུད་ལས། དབང་བསྐུར་བ་ནི་རྣམ་པ་བཞི། །སློབ་དཔོན་རྣམ་པར་མཁས་པ་ཡིས། །དེ་དག་ཤེས་ནས་ཅི་རིགས་སྤྱད། །སློབ་དཔོན་གོ་འཕང་རབ་བསྒྲུབ་ཕྱིར། །དང་པོ་ཡོངས་སུ་བསྒྲགས་པ་ཡིན། །རིག་སྔགས་རྣམས་ནི་བསྒྲུབ་པའི་ཕྱིར། །གཉིས་པ་ལེགས་པར་བཤད་པ་ཡིན། །བགེགས་རྣམས་འཇོམས་པར་བྱ་བའི་ཕྱིར། །གསུམ་པ་ཡོངས་སུ་བསྒྲགས་པ་ཡིན། །བཞི་པ་འབྱོར་པ་ཐོབ་པའི་ཕྱིར། །ཆོ་ག་རྒྱས་པ་དེ་བཤད་དོ། །ཞེས་གསུངས་པའི་དབང་དང་པོ་ནི། ཆུ་དང་ཅོད་པཎ་གྱི་དབང་དང་། གཉིས་པ་ནི་སྔགས་ཀྱི་བཟླས་ལུང་དང་། གསུམ་པ་ནི་བྱབ་ཁྲུས་བསྲུང་གསུམ་དང་། བཞི་པ་ནི་བཀྲ་ཤིས་རྫས་བརྒྱད་སྟེར་བ་ལ་རྗེ་བླ་མས་བཤད་ཅིང་། དེའི་རིགས་པས་སྤྱོད་རྒྱུད་ལ་ཆུ་ནས་མིང་གི་དབང་གི་བར་ལྔ་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་པར་གྲུབ་པའི་ཕྱིར་དང་། བྱ་སྤྱོད་གཉིས་པོ་རང་རང་གི་དབང་བསྐུར་ཐོབ་ནས་རྒྱུད་སྡེ་གོང་མའི་དབང་བསྐུར་མ་ཐོབ་ཀྱང་རང་རང་གི་དབང་བསྐུར་བ་དང་། རྒྱུད་འཆད་པ་སོགས་རྡོ་རྗེ་སློབ་དཔོན་གྱི་ཕྲིན་ལས་ལ་ངེས་པར་དབང་ཞིང་དེ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པ་དགོས་པའི་ཕྱིར་རོ། །རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་གཉིས་ལ་རིག་པའི་དབང་ལྔ་ལ་རྡོ་རྗེ་སློབ་མའི་དབང་དུ་བྱེད་པ་ནི་འདྲ་ཞིང་། རྣལ་འབྱོར་གྱི་རྒྱུད་ལ་དམ་ཚིག་གསུམ་སྦྱིན་ནས་ཆུ་དབང་རྒྱས་པར་བསྐུར་བ་ལ་སློབ་དཔོན་གྱི་དབང་དུ་འཇོག་ལ། རྣལ་འབྱོར་ཆེན་པོ་ལ་ནི་དེ་ཉིད་བུམ་དབང་དུ་བྱས་ནས་དབང་གོང་མ་གསུམ་དང་བཅས་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་དུ་འཇོག་སྟེ། རྡོ་རྗེ་གུར་ལས། བརྒྱད་པ་བུམ་པའི་དབང་བསྐུར་ཡིན། །དགུ་པ་གསང་བའི་དབང་བསྐུར་ཡིན། །ཞེས་རྣལ་འབྱོར་རྒྱུད་དང་ཐ་སྙད་ཐུན་མོང་བའི་རྡོ་རྗེ་སློབ་དཔོན་གྱི་དབང་ལ་བུམ་པའི་དབང་ཞེས་པའི་ཐ་སྙད་མཛད་པས། དེ་ཡན་ཆད་ཀྱིས་དབང་བཞི་ཆར་རྡོ་རྗེ་སློབ་དཔོན་གྱི་དབང་དུ་གསལ་བར་བཞེད་པའི་ཕྱིར་འདི་ལ་དགོངས་ནས། མངོན་རྟོགས་ལྗོན་ཤིང་ལས་དབང་གི་དངོས་གཞི་ལ་ཐུན་མོང་གི་དང་། ཐུན་མོང་མ་ཡིན་པའི་དབང་གཉིས་སུ་ཕྱེ་ནས་ཕྱི་མ་ལ་བུམ་དབང་སོགས་བཞིར་ཕྱེ་བ་ཡང་། རྡོ་རྗེ་སློབ་མ་དང་ཐུན་མོང་དང་། རྡོ་རྗེ་སློབ་དཔོན་གྱི་ཐུན་མོང་མ་ཡིན་པ་ཞེས་པའི་དོན་དུ་མཛད་པར་ཤེས་པར་བྱའོ། །གཞན་དུ་བུམ་དབང་གི་རྡོ་རྗེ་སློབ་དཔོན་གྱི་དབང་རྫོགས་ན། ལྗོན་ཤིང་ལས་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པས་མངོན་པར་རྟོགས་པ་བཅུ་གཅིག་པོ་ཐམས་ཅད་ཉམས་སུ་ལེན་དུ་རུང་བར་གསུངས་པ་ཇི་ལྟར་དྲང་སྟེ། བུམ་དབང་ཙམ་ཐོབ་པས་དེ་དག་ཉམས་སུ་ལེན་དུ་མི་རུང་བའི་ཕྱིར་རོ། །ཀྱེ་རྡོར་རྩ་རྒྱུད་དང་། ཕྱག་ཆེན་ཐིག་ལེ་དང་། དྲིལ་བུ་དཀྱིལ་ཆོག་རྣམས་ལས། བུམ་དབང་ལ་རྡོ་རྗེ་སློབ་དཔོན་གྱི་དབང་དུ་གསུངས་པ་ནི་ཡོ་ག་དང་སྒོ་བསྟུན་པའི་དབང་དུ་བྱས་པའོ། །དེས་ན་རྒྱུད་སྡེ་བཞི་པོ་རང་རང་གི་རྡོ་རྗེ་སློབ་དཔོན་གྱི་དབང་མ་རྫོགས་པར་སྐབས་དེའི་སྡོམ་པ་མི་རྫོགས་ཤིང་། དེ་རྫོགས་པ་ན་སྐབས་དེའི་སྡོམ་པ་རྫོགས་པས་བླ་མེད་ཀྱི་སྔགས་སྡོམ་རྫོགས་པར་ཐོབ་པ་ཡང་དབང་བཞི་རྫོགས་པར་ཐོབ་པ་ལ་ལྟོས་པར་ཤེས་པར་བྱ་སྟེ། ལུས་རྩ་དང་། རྩ་ཡི་གེ་དང་། ཁམས་བདུད་རྩི་དང་། སྙིང་པོ་ཡེ་ཤེས་རླུང་བཞི་ལ་སྐུ་བཞི་རང་བཞིན་ལྷུན་གྲུབ་ཀྱི་ཚུལ་གྱིས་གནས་པ་དེ་ལ་དབང་བཞིའི་ཆོ་གས་སྐུ་བཞིའི་ས་བོན་ནུས་ལྡན་ཐེབ་པའི་ཚེ་བླ་མེད་ཀྱི་སྔགས་སྡོམ་རྫོགས་པར་ཐོབ་པའི་ཕྱིར་རོ། །འདི་རྒྱུད་སྡེ་འོག་མ་ལས་ཟབ་ཁྱད་ཡིན་པར་སྔར་གྱི་དབང་གི་རིམ་པ་ལས་ཤེས་ཏེ། གཞན་དུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་གཉིས་ཀྱི་སྡོམ་པའི་ཐོབ་མཚམས་ལ་ཁྱད་པར་མེད་ན། དབང་གི་དངོས་གཞིའི་རིམ་པ་ལ་ཡང་ཁྱད་པར་མེད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་ལུགས་གཞན་དག་སྟ་གོན་ནམ་འཇུག་པའི་སྐབས་སུ་རིགས་ལྔའི་སྡོམ་གཟུང་གི་རྗེས་ཟློས་ལན་གསུམ་བྱས་པས་སྔགས་སྡོམ་རྫོགས་པར་ཐོབ་པ་ཅིས་འགོག དབང་གི་དངོས་གཞིའི་ཆོ་ག་དགོས་པ་མེད་པར་འགྱུར་ཏེ། དེའི་གོང་དུ་སྔགས་སྡོམ་རྫོགས་པར་ཐོབ་པའི་ཕྱིར་ཞེ་ན། དེ་ཡར་སོང་མོད། ལོག་ན་འདི་ལ་མཚུངས་སོ། །ཅི་ལྟར་ཞེ་ན་དབང་གོང་མ་གསུམ་གྱི་ཆོ་ག་དགོས་པ་མེད་པར་འགྱུར་ཏེ། དེའི་གོང་དུ་བླ་མེད་ཀྱི་སྔགས་སྡོམ་རྫོགས་པར་ཐོབ་པའི་ཕྱིར་རོ། །སྐྱོན་འདི་སྤོང་བར་བཞེད་ནས་བླ་མ་མཁས་པ་དག་ཀྱང་དབང་གོང་མ་གསུམ་ནི་རྫོགས་རིམ་གྱི་སྣོད་རུང་དུ་བྱ་བའི་ཕྱིར་དུ་བྱིན་གྱིས་བརླབ་པ་ཙམ་ཡིན་གྱི། ཆོ་ག་མེད་ཅེས་གསུངས་པར་གྲགས་ན་ཡང་བྱིན་རླབས་ཡིན་པ་ཉིད་ཀྱིས་ཆོ་ག་མེད་པར་མི་འགྲུབ་སྟེ། བྱིན་རླབས་ཉིད་ལ་བྱིན་རླབས་ཀྱི་ཆོ་ག་ཡོད་པའི་ཕྱིར་རོ། །དབང་གོང་མ་བྱིན་རླབས་ཙམ་ཡང་མ་ཡིན་ཏེ། ཞུས་ལན་གསལ་བར། དེ་ཡིས་གནང་ནས་དཀྱིལ་འཁོར་ཆེན་པོ་རུ། །ཞུགས་ལ་དབང་བཞི་པོ་རྣམས་རྫོགས་པར་བླང་། །བྱིན་རླབས་ཕྲ་མོ་ཙམ་གྱིས་མ་ཡིན་ཏེ། །སྔགས་ཀྱི་རྩ་བ་དབང་བསྐུར་ཡིན་ཕྱིར་རོ། །ཞེས་གསུངས་པ་འདི་ལ་བྱིན་རླབས་ཕྲ་མོ་བླང་དགོས་པའི་སྒྲུབ་བྱེད་དུ་བྱིན་རླབས་ཕྲ་མོ་ཙམ་གྱིས་མ་ཡིན་ཏེ། ཞེས་བཀོད་པར་ཐལ་བའི་ཕྱིར་རོ། །དེས་ན་འཇུག་པ་དང་བུམ་དབང་གི་སྐབས་སུ་དབང་རྫས་དེ་དག་གཏོད་པ་ཙམ་ལ་ཆོ་ག་མེད་ཀྱང་དག་བྱ་དག་བྱེད་ངོ་འཕྲོད་པའི་ཏིང་ངེ་འཛིན་གྱི་བསྐྱེད་ཆོག་རྣམ་པར་དག་པ་བྱས་ནས་སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་ཚང་བའི་སྐབས་སུ་གཏོད་པ་ལ་ཆོ་ག་ཡོད་པ་བཞིན་དུ། དབང་གོང་མ་གསུམ་ལ་ཡང་སྦྱོར་བ་མཎྜལ་ཕུལ་ནས་གསོལ་བ་གདབ་པ་དང་། དངོས་གཞིར་བླ་མས་དབང་རྫས་བསྒྲུབས་ནས་ལྕེ་ལ་བཞག་པ་དང་། སློབ་མ་ལ་ཕྱག་རྒྱ་གཏད་ནས་སྦྱོར་དངོས་རྗེས་གསུམ་གྱིས་སྙོམས་པར་འཇུག་པའི་ཚུལ་དང་། དེའི་ཡེ་ཤེས་ལ་ཚིག་གི་ངོ་སྤྲོད་པ་རྣམས་དང་། རྗེས་དབང་གི་དག་པ་ངོ་སྤྲོད་པ་ཡོད་པས་ཆོ་ག་ཡོད་པར་ཤེས་པར་བྱའོ། །གཞན་དུ་ན་སཾ་བུ་ཊིར། དབང་བཞི་པ་ཚིག་ཙམ་གྱིས་བསྐུར་བའི་སྐབས་སུ་དབང་ཆོག་འདིས་སྦྱིན་པར་བྱ་ཞིང་ཞེས་དང་། རྗེ་བཙུན་གྱིས་གླེགས་བམ་དཀར་ཆགས་ཏུ་དབང་བཞིའི་ཆོ་ག་མདོར་བསྡུས་པའི་མན་ངག་གི་གནད་ཅེས་དང་། གནས་སྐབས་གཞན་དུ་ཡང་དབང་བཞིའི་ཆོ་ག་ཞེས་ཡང་ཡང་གསུངས་པ་རྣམས་ཅི་ལྟར་འཆད། གཞན་ཡང་དབང་གོང་མ་ལ་ཆོ་ག་མེད་ན་སྨིན་བྱེད་མ་ཡིན་པར་འགྱུར་རོ། །དེ་ཡང་འདོད་དོ་ཞེ་ན། དབང་གོང་མ་ལ་ཕྱི་ནང་གི་རྟེན་འབྲེལ་འགྲིགས་པར་མི་འགྱུར་ཞིང་། སྐུ་ཕྱི་མ་གསུམ་གྱི་ས་བོན་ཐེབས་པར་མི་འགྱུར་ཏེ། བྱིན་རླབས་ཙམ་ཡིན་གྱི་སྨིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། ཚད་ལྡན་གྱི་གཞུང་ལས། རྡོ་རྗེ་ཕག་མོའི་བྱིན་རླབས་ལ། །ཕྱི་ནང་རྟེན་འབྲེལ་འགྲིག་མི་འགྱུར། །སྐུ་བཞིའི་ས་བོན་ཐེབས་མི་ནུས། །དེ་ཕྱིར་འདི་ནི་བྱིན་རླབས་ཙམ། །ཡིན་གྱིས་སྨིན་པར་བྱེད་པ་ཡིན། །ཞེས་གསུངས་པས་སོ། །དེ་ཡང་འདོད་དོ་ཞེ་ན། བུམ་དབང་གིས་སྤྲུལ་སྐུའི་ས་བོན་མི་ཐེབས་པར་འགྱུར་ཏེ། དབང་གོང་མ་གསུམ་གྱིས་སྐུ་ཕྱི་མ་གསུམ་གྱི་ས་བོན་མི་ཐེབས་པའི་ཕྱིར་རོ། །མ་ཁྱབ་ན། དབང་བཞིའི་དག་པའི་སྐབས་སུ་སྤྲུལ་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་ཅེས་སོགས་བཞི་གསུངས་པ་ཅི་ལྟར་འཆད། གཞན་ཡང་དབང་གོང་མ་གསུམ་སྨིན་བྱེད་མ་ཡིན་ན། རྫོགས་རིམ་གྲོལ་བྱེད་མ་ཡིན་པར་འགྱུར་ཏེ། དབང་གིས་མ་སྨིན་པ་ལམ་གྱིས་གྲོལ་བར་མི་འཐད་པའི་ཕྱིར་རོ། །གལ་ཏེ་བུམ་དབང་གིས་སྨིན་པས་གྲོལ་ལོ་སྙམ་ན། འོ་ན་སྨིན་གྲོལ་གྱི་རྣམ་གཞག་ཐམས་ཅད་འཆུག་པར་འགྱུར་རོ། །དེས་ན་རྗེས་བཙུན་རྩེ་མོས་དབང་བཞིས་སྨིན་མཛད་ལམ་བཞིས་གྲོལ་བ་སྟོན། །ཞེས་གསུངས་པ་འདི་གཅམ་བུའི་ངོ་བོ་མ་ཡིན་པར་དོན་ལ་གནས་པའི་བསྟོད་པ་དང་། རྗེ་བཙུན་གྱི་དབང་གི་རབ་དབྱེར། དབང་བཞི་རྒྱས་བསྡུས་དུས་སྐབས་ཀྱིས། །དབྱེ་བ་བླ་མའི་གསུང་བཞིན་བྲི། །སྔར་མ་སྨིན་པ་གཅིག་སྦྱོར་དངོས་འཇུག་གིས་གཞན་ལ་ལེན་པ་རྒྱུ་དུས་ཀྱི་དབང་དང་། ཞེས་གསུངས་པའང་སྔར་གྱི་དབང་བཞི་ལ་སྦྱར་དགོས་པར་ཤེས་པར་བྱས་ནས། འདི་དང་མི་འགལ་བའི་སྡོམ་པའི་ཐོབ་མཚམས་བློ་ལ་གཞག་པར་བྱའོ། །ཐོབ་མཚམས་དེ་ལ་སྒྲུབ་བྱེད་འགོད་པར་འདོད་ནས། དམ་ཚིག་ཉི་ཤུ་མན་ངག་གནད་དྲུག་སོགས། །རྒྱུ་དང་དབང་དང་ལམ་དང་འབྲས་བུ་རྣམས། །བཞི་བཞིར་ཕྱེ་བ་རྣལ་འབྱོར་དབང་ཕྱུག་གི །མན་ངག་མཐའ་དག་འདི་ཡི་སྒྲུབ་བྱེད་ཡིན། །ཞེས་བྱ་བ་སྨོས་ཏེ། མན་ངག་གི་སྐབས་སུ་དབང་བཞི་པོ་རེ་རེ་ལ་མཉམ་གཞག་གི་དམ་ཚིག རྗེས་སྤྱོད་ཀྱི་དམ་ཚིག བཟའ་བའི་དམ་ཚིག བསྲུང་བའི་དམ་ཚིག མི་འབྲལ་བའི་དམ་ཚིག་ལྔ་ལྔ་གསུངས་ཏེ། དེ་ལ་བུམ་དབང་གི་མཉམ་གཞག་གི་དམ་ཚིག་བསྐྱེད་རིམ། རྗེས་སྤྱོད་ཀྱི་དམ་ཚིག་ངོ་བོ་ཉིད་གསུམ། བཟའ་བའི་དམ་ཚིག་བདུད་རྩི་ལྔ་དང་། ཤ་ལྔའི་རིལ་བུ། བསྲུང་བའི་དམ་ཚིག་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས། མི་འབྲལ་བའི་དམ་ཚིག་རྡོ་རྗེ་དྲིལ་བུའོ། །དེ་བཞིན་དུ་དབང་གཞན་གསུམ་ལ་ཡང་ལྔ་ལྔ་གསུངས་ཏེ་འདིར་མ་སྤྲོས་སོ། །འདིས་ཀྱང་ལུགས་འདིའི་སྔགས་སྡོམ་རྫོགས་པ་དབང་བཞི་རྫོགས་པ་ལ་ལྟོས་པར་གྲུབ་སྟེ། ལུགས་འདིའི་སྔགས་སྡོམ་ཡོངས་སུ་རྫོགས་པ་ལ་དམ་ཚིག་ཉི་ཤུ་རྫོགས་པར་ཐོབ་དགོས་པའི་ཕྱིར་རོ། །གཞན་དུ་བུམ་དབང་གིས་སྔགས་སྡོམ་རྫོགས་ན་དབང་གོང་མ་མ་ཐོབ་པའི་རྡོ་རྗེ་འཛིན་པའི་ས་ཐོབ་པ་ཡོད་དགོས་པར་འགྱུར་ཏེ། སྔགས་སྡོམ་རྫོགས་པར་ཐོབ་ནས་དམ་ཚིག་ཚུལ་བཞིན་དུ་བསྲུངས་ན་ལམ་གཞན་མ་བསྒོམས་ཀྱང་། སྐྱེ་བ་བཅུ་དྲུག་ནས་སངས་རྒྱས་པར་ཚད་ལྡན་གྱི་གཞུང་ལས་གསུངས་པ་དེ། བླ་མ་གོང་མས་ཡང་ཡང་དྲངས་པའི་ཕྱིར་རོ། །མན་ངག་གི་གནད་དྲུག་ནི་དབང་བཞི་པོ་རེ་རེ་ལ་ཡང་རྒྱུ་ལ་གནས་པ། དབང་ལས་ཐོབ་པ། ལམ་ལ་གོམ་པ། ལྟ་བ་ལ་ཉམས་སུ་མྱོང་བ། གྲུབ་མཐའ་ལ་རྟགས་སུ་ཤར་བ། འབྲས་བུ་ལ་དོན་མ་ལུས་པ་མངོན་དུ་གྱུར་པ་དྲུག་དྲུག་ཡོད་པར་གསུངས་སོ། །འདིས་ཀྱང་དོན་དེ་ཉིད་གྲུབ་སྟེ། སྡོམ་པ་ལ་རྒྱུད་གསུམ་གྱི་སྡོམ་པ་གསུམ་དུ་ཕྱེ་བའི་རྒྱུ་ལ་གནས་པའི་སྡོམ་པ་དེ། དབང་ལས་ཐོབ་པ། དབང་ལས་ཐོབ་པ་དེ་ལམ་ལས་གོམས་ཞེས་སོགས་བུམ་དབང་ལ་སྦྱར་ན་དབང་གོང་མ་ལ་ཡང་སྦྱར་དགོས་པར་མཚུངས་པའི་ཕྱིར་དང་། བུམ་དབང་ལ་མི་སྦྱར་ན་བུམ་དབང་གི་སྐབས་སུ་དབང་ལས་ཐོབ་པ་ཞེས་པ་དེ་སྡོམ་པ་ཐོབ་པར་མ་ཡིན་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་རྒྱུ་ལ་སྡོམ་པ་གནས་ན་དབང་ལས་ཐོབ་མི་དགོས་སོ་སྙམ་ན། དེ་ནི་མན་ངག་གི་གནད་དྲུག་པོ་འདི་ཉིད་ལ་བཅོ་འདྲི་བ་སྟེ། འདིར་ཡང་རྒྱུ་ལ་གནས་པ་དང་། དབང་ལས་ཐོབ་པ་དོན་གཅིག་ན་ཁྱོད་ཀྱིས་སྨྲས་པའི་སུན་འབྱིན་དེ་ཉིད་མཚུངས་ཤིང་། དོན་མི་གཅིག་ན་རྒྱུ་ལ་གནས་པ་དེ་ཉིད་དབང་ལས་མ་ཐོབ། དབང་ལས་ཐོབ་པ་དེ་ཉིད་ལམ་ལ་མ་གོམས་ཞེས་སོགས་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་རོ། །གཞན་ཡང་དེ་ལྟར་སྨྲ་བ་དེས་ནི། ཀྱེ་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་པའི་སངས་རྒྱས་སྔ་མ་རྒྱུ་ལ་གནས་པ་དང་། ཕྱི་མ་ལམ་ལས་ཐོབ་པ་ཡིན་པ་དང་། རྒྱུད་བླར། སེམས་ཅན་གྱི་རྒྱུད་ལ་རང་བཞིན་གྱིས་སངས་རྒྱས་ཡོད་པར་དཔེ་དགུས་བསྒྲུབས་ཤིང་། སངས་རྒྱས་དེ་ཉིད་ལམ་མཉམ་རྗེས་གཉིས་ཀྱིས་ཐོབ་དགོས་པར་གསུངས་པ་དང་། རྗེ་བཙུན་གྱིས། རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ། །མཐའ་ཡས་ཡོན་ཏན་ཚོགས་ནི་གནས་གྱུར་ཡིན། །ཞེས་གསུངས་པ་སོགས་མདོ་རྒྱུད་བསྟན་བཅོས་ཟབ་མོའི་དོན་ལ་བློ་ཁ་མ་ཕྱོགས་པའོ། །རྩ་བའི་སོགས་ཀྱི་སྒྲས་བསྡུས་པ་ནི། རྗེ་བཙུན་གྱིས་དབང་གི་རབ་དབྱེར་སྔར་མ་སྨིན་པ་སྨིན་པར་བྱེད་པ་རྒྱུ་དབང་བཞི། དེ་ཉིད་གཞན་ལས་ཡང་ཡང་ལེན་པ་རྒྱུ་དབང་ལམ་དུ་བྱེད་པ་བཞི། དེ་ཉིད་རང་གིས་ལེན་པ་རྒྱུ་དབང་ཏིང་ངེ་འཛིན་གྱི་ལམ་དུ་བྱེད་པ་བཞི་ཞེས་རབ་དབྱེ་བཅུ་གཉིས་གསུངས་པ་ཡང་ལུགས་འདིའི་སྒྲུབ་བྱེད་ཡིན་ཏེ། དབང་བཞི་ཆར་རྒྱུ་དབང་དུ་འགྲོ་ན་འགྲོ་མཉམ་དང་། རྒྱུ་དབང་ལམ་དུ་བྱེད་པར་འགྲོ་ན་འགྲོ་མཉམ་དུ་གསུངས་པའི་ཕྱིར་རོ། །ཐོབ་པའི་མཚམས་བཤད་ཟིན་ནས་ཐོབ་ཚུལ་བྱེ་བྲག་དུ་བཤད་པ་ལ། ས་བོན་གྱི་སྐྱེ་ཚུལ་ནི། ས་བོན་དེ་ཉིད་ཚོགས་གཉིས་བསགས་པ་ཡི། །སྐལ་ལྡན་རྣམས་ལ་ཡེ་ཤེས་ཉིད་དུ་སྐྱེ། །གཞན་ལ་མངོན་གསལ་ཉིད་དུ་མི་སྐྱེ་ཡང་། །དེ་ཚེ་སྤོང་སེམས་ཐོབ་པ་སྡོམ་པ་ཡིན། །སྤོང་སེམས་བུམ་དབང་ཉིད་དུ་ཐོབ་སྙམ་དུ། །ཐ་མལ་རྣམ་རྟོག་སྤོང་སེམས་དེར་ཐོབ་ཀྱང་། །གྱ་ནོམ་ལྷར་ཞེན་རྣམ་རྟོག་སྤོང་སེམས་ནི། །མཆོག་དབང་གསུམ་དུ་ཐོབ་ཀྱི་གཞན་དུ་མིན། །ཞེས་པ་ཡིན་ཏེ། འདི་ལ་དོན་དངོས་བཤད་པ་དང་། ཧ་ཅང་མི་འཚམ་པའི་ལོག་རྟོག་དགག་པ་དང་། དོན་ལ་གནས་པའི་ཐོབ་ཚུལ་གྱི་རིམ་པ་གཞག་པ་གསུམ་ལས། དང་པོ་ནི། དབང་བཞིའི་ཆོ་གས་སྐུ་བཞིའི་ས་བོན་ཐེབས་པའི་ས་བོན་དེ་ཉིད། ཀྱཻ་རྡོ་རྗེ་ལས། བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་ལྟ་བུ་ཚེ་འདིར་བསོད་ནམས་བསགས་པ་དང་། ལས་འཕྲོ་ཅན་རང་གི་ངང་གིས་ཁམས་འདུ་བ་ལྟ་བུ། ཚེ་སྔ་མའི་ལས་འཕྲོ་བཟང་པོ་ཡོད་ཅིང་རྩ་རླུང་གི་བྱེད་པ་བཟང་པོའི་སྐལ་ལྡན་རྣམས་ལ། རྗེས་ཀྱི་བློས་གསལ་བར་ངོ་ཤེས་པའི་ཡེ་ཤེས་ཉིད་དུ་སྐྱེ་སྟེ། དངོས་དབང་བསྐུར་བའི་ཚེ་དབང་གསུམ་པའི་སྐབས་སུ་མཚོན་བྱེད་དཔེའི་ཡེ་ཤེས་སྐྱེ་ཞིང་གལ་ཏེ་མ་སྐྱེས་ན་བཞི་པའི་སྐབས་སུ། བཞི་པ་རྟེན་ཅན་ཞེས་པ་དབང་དེ་ཉིད་བསྐྱར་ནས་བསྐུར་བར་གསུངས་པ་ལྟ་བུ་དང་། གྲོལ་ལམ་ལ་བརྟེན་པ་ལ་ཡང་རྗེ་བཙུན་གྱིས་དཔེའི་ཡེ་ཤེས་སྐྱེ་མི་སྐྱེ་གཉིས་གསུངས་པ་ལྟ་བུ། འགའ་ཞིག་ལ་མཚོན་བྱེད་དཔེའི་ཡེ་ཤེས་ཉིད་དུ་སྐྱེའོ། །རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ལྟ་བུ་འགའ་ཞིག་ལ་ནི་མཚོན་བྱ་དོན་གྱི་ཡེ་ཤེས་ཉིད་དུ་སྐྱེའོ། །རྒྱལ་ཆེན་ཨིནྡྲ་བྷུ་ཏི་ལྟ་བུ་འགའ་ཞིག་ལ་ནི་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཉིད་དུ་སྐྱེའོ། །དེ་དག་ལས་གཞན་པ་ཡིན་ཀྱང་། སློབ་དཔོན་དང་། ཆོ་ག་དང་། སློབ་མ་མཚན་ཉིད་དང་ལྡན་པའི་ཚེ། རྗེས་ཀྱི་བློས་གསལ་བར་ངོ་ཤེས་པའི་ཡེ་ཤེས་མ་སྐྱེས་ཀྱང་། དབང་གི་སྐབས་སུ་ཉམས་མྱོང་ཁྱད་པར་ཅན་ངེས་པར་སྐྱེ་ལ། དེའི་ཚེ་མི་མཐུན་ཕྱོགས་སྤོང་བའི་སེམས་ཐོབ་པ་ནི་སྔགས་སྡོམ་ཐོབ་པར་འཇོག་གོ །སྤོང་སེམས་དེ་ཡང་ཉམས་མྱོང་ཁྱད་པར་ཅན་སྐྱེས་པའི་ཚེ་དོན་གྱིས་ཐོབ་པ་ཞིག་དགོས་ཀྱི། མི་མཐུན་ཕྱོགས་སྤང་བར་བྱའོ་སྙམ་དུ་ཁས་བླངས་པའི་སེམས་པ་མངོན་གྱུར་ཙམ་ནི་མ་ཡིན་ཏེ། དེ་ནི་སྔར་རིགས་ལྔའི་སྡོམ་བཟུང་གི་རྗེས་ཟློས་ཀྱི་སྐབས་སུ་ཡང་ཡོད་པའི་ཕྱིར་དང་། ཡེ་ཤེས་སྐྱེས་པའི་ཚེ་དེ་རྣམས་མངོན་གྱུར་ཡོད་པ་ཡང་མ་ཡིན་པའི་ཕྱིར་རོ། །དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་འགྲན་ཟླ་མེད་པ་ཐོབ་པ་དེ་ཡང་ཁྲི་ཐོག་ཏུ་དབང་བསྐུར་བ་ཐོབ་པའི་སྒོ་ནས་དགོས་ཀྱི་འགྲན་ཟླ་བྱེད་པ་མེད་པ་ཙམ་དང་། འགྲན་ཟླ་བྱེད་པ་དངོས་སུ་བཅོམ་པ་ལ་མི་འཇོག་པ་བཞིན་ནོ། །འདི་ལ་ཐེག་པ་ཆེན་པོའི་མཐོང་ལམ་གྱི་གནས་སྐབས་སུ་ཡོན་ཏན་གྱི་ལྡོག་པ་བསམ་གྱིས་མི་ཁྱབ་པ་ཐོབ་ཚུལ་དང་། དབང་བསྐུར་ཉིད་ལ་ཡང་ཡོན་ཏན་གྱི་ལྡོག་པ་བསམ་གྱིས་མི་ཁྱབ་པ་ཐོབ་ཚུལ་སོགས་མདོ་རྒྱུད་ཀྱི་དགོངས་པ་ཕྱོགས་གཅིག་པ་མང་དུ་སྣང་མོད་ཀྱི། བཤད་ཀྱང་རེ་ཤིག་གཞན་གྱིས་གོ་བར་དཀའ་བ་དང་། ཡི་གེ་ཡང་མངས་སུ་དོགས་ནས་འདིར་མ་སྤྲོས་སོ། །གང་དག་དབང་གི་སྐབས་སུ་ཉམས་མྱོང་སྐྱེས་པ་ལྟ་ཅི་སྨོས། དམིགས་པ་ཙམ་ཡང་འཛིན་མི་ཤེས་པར་དབང་གི་གྲལ་དུ་འདུག་ཙམ་གྱི་དབང་བསྐུར་ཐོབ་པར་རློམ་ནས་སྔགས་སྡོམ་ཐོབ་པར་སྨྲ་བས་ནི། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས། ཁ་ཅིག་བླུན་པོ་སྡིག་པ་ཅན། །ཡིན་ཡང་དེར་འཚོགས་ཐམས་ཅད་ནི། །སོ་སོ་ཐར་པའི་སྡོམ་པ་ཅན། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ། །མཁས་པ་ཤ་སྟག་ཡིན་ནོ་ལོ། །འདི་འདྲའི་ཚིག་ལའང་བདེན་འཛིན་ཡོད། །གལ་ཏེ་འདི་འདྲའི་ཚིག་བདེན་ན། །དེ་ལས་མི་བདེན་གཞན་ཅི་ཡོད། །ཅེས་གསུངས་པའི་ཕྱོགས་སྔའི་ནང་དུ་ད་དུང་ཡང་འཇུག་པའི་ཞུ་བ་ཕུལ་བའོ། །གལ་ཏེ་དབང་གི་ཡེ་ཤེས་ནི་མུན་པ་ལ་ནི་མར་མེ་ལྟར་ཞེས་པ་ལྟར། གསལ་བ་འབའ་ཞིག་ཏུ་སྐྱེ་བ་ཡིན་གྱི་མངོན་གསལ་དུ་སྐྱེ་མི་སྐྱེའི་ཁྱད་པར་མི་འཐད་དོ་སྙམ་ན། ཡེ་ཤེས་རང་གི་ངོ་བོ་གསལ་བ་ཡིན་ཀྱང་ཕན་ཚུན་ལྟོས་ནས་གསལ་མི་གསལ་གྱི་ཁྱད་པར་མི་འགལ་ཏེ། སྤྱིར་ཤེས་པ་ཐམས་ཅད་གསལ་བ་ཡིན་ཀྱང་དེ་ཉིད་ལ་ཕན་ཚུན་ལྟོས་ནས་གསལ་མི་གསལ་གྱི་རྣམ་གཞག་མང་དུ་གསུངས་པ་དང་། བྱེ་བྲག་དྲན་པ་དང་ཤེས་རབ་ལ་སོགས་ལ་ཕན་ཚུན་ལྟོས་ནས་གསལ་མི་གསལ་གྱི་ཁྱད་པར་ཡོད་པ་དང་། ཕྱི་རོལ་གྱི་དངོས་པོ་ལ་ཡང་། མར་མེ་གསལ་བ་ཡིན་ཀྱང་ཕན་ཚུན་ལྟོས་ནས་གསལ་མི་གསལ་གྱི་ཁྱད་པར་མངོན་སུམ་གྱིས་གྲུབ་པ་བཞིན་ནོ། །འདིར་ནི་རྗེས་ཀྱི་བློས་ཡེ་ཤེས་སུ་ངོ་ཤེས་མི་ཤེས་ཀྱི་སྒོ་ནས་གསལ་མི་གསལ་གྱི་ཐ་སྙད་བྱས་པ་ཡིན་གྱི། ཡེ་ཤེས་རང་གི་ངོ་བོ་མི་གསལ་བ་ཡིན་ཞེས་པ་ཁོ་བོས་གང་དུ་ཡང་མ་སྨྲས་ཏེ། རྨི་ལམ་རང་གི་ངོ་བོ་གསལ་བ་ཡིན་ཀྱང་། སད་པའི་ཚེ་རྨི་ལམ་གསལ་མི་གསལ་གྱི་ཐ་སྙད་འདི་སུ་ཞིག་འགོག གལ་ཏེ་དཔེའི་ཡེ་ཤེས་རང་གི་ངོ་བོ་གསལ་བ་ཡིན་ན་གསལ་བར་ངོ་མི་ཤེས་པ་མི་སྲིད་དོ་སྙམ་ན། དེ་ནི་རྒྱུད་དང་། མན་ངག་དང་། རྒྱ་གར་མཁས་པའི་གཞུང་རྣམས་དང་འགལ་ཏེ། ཀྱེ་རྡོ་རྗེ་ལས། བདེ་བ་གང་གིས་འཆི་བ་འདིར། །དེ་ཡི་བདེ་བ་བསམ་གཏན་བརྗོད། །ཅེས་དང་། དེའི་འགྲེལ་པ་དག་ལྡན་ལས་བདེ་བ་གང་གིས་འཆི་བ་ཞེས་བྱ་བ་འདི་ནི་ཐ་མལ་པ་རྣམས་འཆི་བའི་ཚེ། རྩ་མདུད་རྣམས་གྲོལ་ནས་བདེ་སྟོང་གི་དཔེའི་ཡེ་ཤེས་དེ་སྐྱེ་བར་འགྱུར་ལ། དེ་ངོ་ཤེས་ན་གྲོལ་བ་ལས། མ་ཤེས་ན་འཁོར་བར་འཁྱམས་པར་འགྱུར་རོ་ཞེས་དང་། འཇམ་དཔལ་ཞལ་ལུང་ལས། ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ཤི་དང་བརྒྱལ་དང་གཉིད་ལོག་དང་། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བས་རབ་བསྒོམས་ན། །ལུས་ཅན་རྣམས་ཀྱི་ཡིད་ནི་སྦྱོང་། །ཞེས་དང་། དེའི་འགྲེལ་པར་སྨན་པའི་ཞབས་ཀྱིས། གཉིས་སུ་མེད་པའི་ཡེ་ཤེས་ཡིད་ལ་བྱེད་པའི་དུས་ཀྱང་གསུངས་པ། ཆོས་སྐུ་ཞེས་པ་ལ་སོགས་པའོ། །སྐད་ཅིག་ཙམ་ཞེས་པ་ནི་དེ་ཙམ་དུ་ལམ་དེ་ལས་རིང་དུ་ཡང་རྟོག་པ་དང་བྲལ་བའི་བདེ་བ་ཆེན་པོ་སྐྱེ་ཡང་དེ་བླ་མའི་མན་ངག་དང་བྲལ་བས་རྟོགས་པར་མི་བྱེད་དོ་ཞེས་གསུངས་པས་སོ། །གཉིས་པ་ནི་ཁ་ཅིག་མཚོན་བྱེད་དཔེའི་ཡེ་ཤེས་ནི་དབང་གི་རྗེས་སུ་རྫོགས་རིམ་བསྒོམས་པ་ལས་སྐྱེ་བ་ཁོ་ན་ཡིན་གྱི། དབང་གི་སྐབས་སུ་སྐྱེ་བ་ནི་མེད། དེ་གལ་ཏེ་ཡོད་ན། དབང་བསྐུར་ཉིད་ཀྱི་སྐབས་སུ་རྫོགས་རིམ་ལོ་དང་ཟླ་བར་བསྒོམ་པ་ཡོད་པར་ཐལ་བའི་ཕྱིར་ཞེས་སྨྲའོ། །འདི་ནི་རྒྱུད་དང་གོང་མའི་གསུང་རབ་ལ་བློ་ཁ་མ་ཕྱོགས་པ་སྟེ། རྩ་རྒྱུད་དང་པོའི་བཅུ་པར། རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། །དེ་ཉིད་ལ་ཡང་བྱ་བར་བྱ། །ཞེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཚུལ་གསུངས་ནས་དེའི་ཡེ་ཤེས་སྟོན་པའི་དབང་དུ་བྱས་ཏེ། རང་རིག་ཡེ་ཤེས་ཉིད་དུ་འགྱུར་ཞེས་པ་ནས། རྣམ་པར་ཤེས་པ་ཀུན་གྱི་ཚུལ། །ཞེས་པའི་བར་ཚིགས་བཅད་ཕྱེད་དང་བཞི་དང་། དེའི་འགྲེལ་པ་དག་ལྡན་ལས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཡེ་ཤེས་ནི། བརྗོད་བྱའི་གཙོ་བོ་ལྟ་བ་གཏན་ལ་འབེབས་པར་བྱེད་དོ། །དེའི་ཡེ་ཤེས་དེ་ཇི་ལྟ་བུ་ཞེས་སྟོན་པ་ནི་རང་རིག་ཡེ་ཤེས་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཞེས་དང་། ཕྱི་མའི་ལྔ་པར། དེ་ལ་དབང་ནི་སྦྱིན་པར་བྱ། །ཅི་ལྟར་མཆོད་དང་བསྟོད་བཤད་པ། །སློབ་མ་བཟང་པོས་སྔར་ཤེས་བྱ། །དེ་ཉིད་དེ་ལ་བསྟན་པ་ནི། །དགའ་བྲལ་དང་པོ་མཆོག་མཐའ་ཅན། །ཞེས་དང་། ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །དེ་ནས་ཡེ་ཤེས་སྐྱེ་བར་འགྱུར། །དེ་ལ་ཅི་ཞིག་སྐྱེ་ཞེ་ན། །གཞོན་ནུའི་དགའ་བ་ཇི་ལྟ་བའམ། །ལྐུགས་པའི་རྨི་ལམ་ཇི་ལྟ་བའོ། །མཆོག་གི་མཐའ་དང་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་དང་། དེའི་འགྲེལ་པར། དགའ་བྲལ་དང་པོ་མཆོག་མཐའ་ཅན། །ཞེས་པ་ལ། ལྷན་སྐྱེས་གསུམ་པ་འདོད་པ་ནི་གོང་དུ་སུན་ཕྱུང་ཟིན་ཏོ། །ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ་ཞེས་བྱ་བ་ནི། ཁ་ཅིག་གསང་དབང་དུ་འཆད་པ་དང་། ཁ་ཅིག་ཤེས་རབ་ཡེ་ཤེས་སུ་འཆད་པ་ལས། འདིར་བླ་མ་རྣམས་ནི། ནང་ལྟར་བཤད་པ་མ་ནིང་གི་དབང་ཞེས་བྱ་བ་དགེ་སློང་བསླབ་པས་བཅིངས་པ་དང་། རྒན་པོ་སྟོབས་མེད་པ་དང་། བྱིས་པ་སྦྱོར་བ་མི་ཤེས་པ་རྣམས་ལ་དབང་གསུམ་པའི་ཡེ་ཤེས་ངོ་སྤྲོད་པའི་ཕྱིར་སྟོན་པ་སྟེ། དེའི་ལག་ཏུ་བླང་བ་བླ་མས་སྟོན་པར་འགྱུར་རོ། །ཞེས་དང་། ལྗོན་ཤིང་ལས། ཤེས་རབ་དེ་ཡང་རྣམ་པར་མི་རྟོག་པ་ཡིན་ལ་མི་རྟོག་པ་དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལྟར། ཚིག་ཙམ་གྱིས་བསྟན་པར་མི་ནུས་པས་དབང་གི་ཡེ་ཤེས་ཐོབ་པའི་རྗེས་ལ་བསྟན་པའི་ཕྱིར། ཕྱི་ནས་དེ་ཉིད་ཡང་དག་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ལྔ་སྟེ། དབང་གི་ཡེ་ཤེས་བསྟན་པས་དེ་ཁོ་ན་ཉིད་ཀྱི་དོན་ལ་ངོ་སྤྲོད་པ་དངོས་དང་། ཡེ་ཤེས་དེ་ལ་གང་ཟག་གི་བདག་ཏུ་ལོག་པར་རྟོག་པར་འགྱུར་བས་གང་ཟག་གི་བདག་མེད་བསྟན་པ་དང་ཞེས་སོགས་དང་། དབང་གི་ཡེ་ཤེས་ལ་ལོག་རྟོག་དགག་པའི་སྐབས་སུ། གནས་ལ་ལོག་པར་རྟོག་པ་བྱང་སེམས་རྡོ་རྗེ་ནོར་བུའི་དཀྱིལ་ན་གནས་པ་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བར་འདོད་པ་དང་། ངོ་བོ་ལ་ལོག་པར་རྟོག་པ་དབང་གི་ཡེ་ཤེས་ནི་དོན་གྱི་ཡེ་ཤེས་སུ་འདོད་པ་དང་། གོ་རིམ་ལ་ལོག་པར་རྟོག་པ་ལྷན་སྐྱེས་དགའ་བ་གསུམ་པར་འདོད་པ་རྣམས་ལུང་དང་རིགས་པ་དུ་མས་བཀག་ནས་རང་ལུགས་བཞག་པ་ན། གནས་ཀྱི་དབང་དུ་བྱས་ན་ཐབས་ཀྱི་རིགས་ཀྱི་བདག་པོའི་ཁ་དང་ཤེས་རབ་ཀྱི་རྩ་མཛེས་པའི་སྣ་རྩེར་བྱང་ཆུབ་ཀྱི་སེམས་གནས་ཏེ། མ་ཉམས་པའི་དུས་དེར་སྐྱེ་བར་འགྱུར་ཞེས་དང་། རང་གི་ངོ་བོ་ནི་མཚོན་བྱེད་དཔེའི་ཡེ་ཤེས་བྱ་བ་བཞིན་གྱི་དཀྱིལ་འཁོར་བལྟ་བར་འདོད་པ་ལ་མེ་ལོང་གི་གཟུགས་བརྙན་ནམ། བདུད་རྩི་དོན་དུ་གཉེར་བ་ལ་སྦྲང་རྩི་ལྕེ་ལ་བཞག་པ་ལྟ་བུ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་དམ། མཐོང་ལམ་གྱི་ཡེ་ཤེས་དང་འདྲ་བ་ལས་ཡེ་ཤེས་དེ་ཉིད་ནི་མ་ཡིན་ཞིང་། ཡེ་ཤེས་དེ་མཚོན་དུ་རུང་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྐྱེ་བ་ཡིན་ཏེ་ཞེས་དང་། གསུམ་པ་གོ་རིམ་གྱི་དབང་དུ་བྱས་ན་ལྷན་ཅིག་སྐྱེས་པ་ནི་བཞི་པར་སྐྱེ་སྟེ་ཞེས་དང་། སྡོམ་གསུམ་རབ་དབྱེར། ཇོ་བོ་ནཱ་རོ་ཏ་པ་ནི། །དབང་བསྐུར་དུས་སུ་མཐོང་ལམ་སྐྱེ། །དེ་ནི་སྐད་ཅིག་དེ་ལ་འགག །ཆོས་མཆོག་རྗེས་ཀྱི་ཡེ་ཤེས་ནི། །འགགས་པ་མེད་ཅེས་གསུངས་པར་གྲགས། །དེ་ནི་དཔེ་ཡི་ཡེ་ཤེས་ལ། །མཐོང་བའི་ལམ་དུ་བཏགས་པར་ཟད། །ཅེས་དང་། རྗེ་བླ་མས་མཁའ་འགྲོ་རྒྱ་མཚོའི་དཀྱིལ་ཆོག་ཏུ། རྣམ་རྟོག་བཀག་སླ་བའི་ཕྱིར་གདོང་གཡོགས་བཅིངས་ལ། འདི་སྐད་བརྗོད་དོ། །ཁྱོད་ཀྱི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྐབས་དགའ་བ་བཞི་པ་ལྷན་སྐྱེས་ཀྱི་དགའ་བ་རྒྱུད་ལ་སྐྱེས་པའི་དུས་སུ་རྣམ་རྟོག་ཐམས་ཅད་འགག་ཅིང་སེམས་ཉིད་བདེ་བ་ཆེན་པོའི་ངོ་བོར་ཤར་བ་དེ་ནི། དབང་གི་ཡེ་ཤེས་མཚོན་བྱེད་དཔེའི་ཡེ་ཤེས་ཡིན་ལ། དེས་མཚོན་པའི་དོན་གྱི་ཡེ་ཤེས་ཟུང་དུ་འཇུག་པ་དབང་བཞི་པའི་དོན་ཚིག་ཙམ་གྱི་སྒོ་ནས་བཤད་ན་ཞེས་དང་། སཾ་བུ་ཊའི་དཀྱིལ་ཆོག་ཏུ། དབང་བཞི་པའི་དངོས་རྒྱུ་འཆད་པ་ན་ཤེས་རབ་ཡེ་ཤེས་ཀྱི་དབང་རབ་མཆོག་རིགས་ཀྱི་བདག་པོའི་ཁ་དང་། རྩ་མཛེས་པའི་སྤྱི་བོར་རླུང་འདྲེན་པའི་སྒོ་ནས་ཐིག་ལེ་བཟུང་བས་གསུམ་པའི་ཉམས་མྱོང་མན་ངག་མེད་པ་རྣམས་ཀྱི་རྙེད་པར་དཀའ་ཞིང་། དབབ་པ་དང་། བཟློག་པ་དང་། དགྲམ་པ་ལ་སོགས་མཚུངས་པ་མེད་པའི་མན་ངག་གི་སྒོ་ནས་བདེ་བའི་རྟེན་ཁམས་བྱང་ཆུབ་ཀྱི་སེམས་ཉིད། ཕ་རོལ་ཏུ་འཕོས་པ་མེད་པར་རང་གི་ལུས་ལ་བསྡམས་པ་ལས་སྐྱེས་པའི་ཡེ་ཤེས་ནི་དངོས་ཀྱི་རྒྱུ་ཡིན་ལ་ཞེས་དང་། གཤེད་དམར་གྱི་དཀྱིལ་ཆོག་ཏུ། དབང་གསུམ་པའི་དུས་སུ་ཉམས་སུ་མྱོང་བའི་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་དེས་མཚོན་པའི་དོན་གྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་དབང་བཞི་པ་ཚིག་གི་སྒོ་ནས་ངོ་སྤྲད་ན། ཞེས་དང་། རྗེ་མུས་པ་ཆེན་པོས། ཀྱེ་རྡོ་རྗེའི་རས་བྲིས་ཀྱི་དཀྱིལ་ཆོག་ཏུ། དབང་གསུམ་པའི་གནས་སྐབས་སུ། ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་ཆེན་གྱི་ཡེ་ཤེས་འདི་ནི་ཞེས་པ་ནས། དཔེའི་ཡེ་ཤེས་ཀྱིས་དོན་གྱི་ཡེ་ཤེས་རྟོགས་པར་བྱ་སྟེ། སངས་རྒྱས་ཀྱི་ས་མངོན་དུ་གྱིས་ཤིག་ཅེས་བྱ་བའི་དོན་ཏོ་ཞེས་སོགས་རྒྱུད་དང་། རྒྱ་བོད་ཀྱི་དཀྱིལ་ཆོག་ཚད་ལྡན་ཐམས་ཅད་དུ་དབང་གསུམ་པའི་ཡེ་ཤེས་ལ་བཞི་པའི་སྐབས་སུ་ངོ་སྤྲོད་བྱེད་པ་འབའ་ཞིག་གསུངས་ཀྱི་ཁྱོད་འདོད་པ་དེ་ནི་ཡིག་ཆ་ཚད་ལྡན་གང་ན་ཡང་མི་འདུག་པའི་ཕྱིར་རོ། །དེང་སང་དབང་གི་དུས་སུ་མཚོན་བྱེད་དཔེའི་ཡེ་ཤེས་སྐྱེ་མི་སྲིད་པར་ཁས་བླངས་ནས། སློབ་མ་ལ་དབང་བསྐུར་བྱེད་པའི་ཚེ་དབང་གསུམ་པའི་དུས་སུ་སྐྱེས་པའི་མཚོན་བྱེད་དཔེའི་ཡེ་ཤེས་འདི་ནི། དཔེ་དང་གཏན་ཚིགས་ལ་སོགས་པའི་རྟོགས་པར་མི་ནུས་པས་ཆེས་ཕྲ་ཞིང་ཞེས་སོགས་འདོན་པ་དང་། དཀྱིལ་འཁོར་གྱི་ལྷ་ལ་བཀོད་པའི་འཇིག་རྟེན་པའི་ཚུལ་སྟོན་པ་རྣམས་འཇིག་རྟེན་པའི་འབྱུང་པོ་རང་རྒྱུད་པར་ཁས་བླངས་བཞིན་དུ་མེ་ཏོག་དོར་བའི་ཚེ། ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་གཞལ་ཡས་ཁང་འདི་ན་བཞུགས་པའི་ལྷ་ཚོགས་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་གཙོ་འཁོར་གྱི་རྣམ་པ་ཐ་དད་དུ་སྟོན་པ་ཡིན་གྱི་བཟང་ངན་གྱི་དབྱེ་བ་མེད་དོ། །འོན་ཀྱང་ལས་བསགས་པའི་ལྷ་གཅིག་ལ་འབབ་པར་ཤོག་ཅིག་སྙམ་དུ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་ལ་དོར་ཅིག་ཅེས་བརྗོད་པ་ནི་གྲུབ་མཐའ་མི་ཤེས་བཞིན་དུ་འཆའ། དཀྱིལ་ཆོག་འདོན་པ་གོམས་པས་འདོན་པའོ། །གསུམ་པ་ནི། གནས་ལུགས་ཟབ་མོའི་དོན་ལ་ཡེ་ཤེས་ཀྱི་འཇུག་པ་འགྲན་ཟླ་མེད་པ་རྗེ་བཙུན་དམ་པ་དཀོན་མཆོག་རྒྱལ་མཚན་གྱི་ཞལ་སྔ་ནས་དབང་གི་སྐབས་སུ་མཚོན་བྱེད་དཔེའི་ཡེ་ཤེས་སྐྱེ་བའང་ཡོད། མཚོན་བྱ་དོན་གྱི་ཡེ་ཤེས་མཐོང་བའི་ལམ་སྐྱེ་བ་ཡང་ཡོད། ས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་སྐྱེ་བ་ཡང་ཡོད་མོད་ཀྱི་དེ་དག་སྐྱེ་བས་ནི་མ་ཁྱབ་སྟེ། བླ་མས་ཆོ་ག་མཚན་ཉིད་དང་ལྡན་པར་བྱས་ནས་སློབ་མ་སྣོད་ལྡན་གྱིས་དམིགས་པ་གཟུང་བའི་ཚེ་སྔར་གྱི་ཡེ་ཤེས་དེ་དག་མ་སྐྱེས་ཀྱང་སྔར་དང་མི་འདྲ་བའི་ཉམས་མྱོང་ཁྱད་པར་ཅན་གཅིག་ངེས་པར་སྐྱེ་ལ། དེ་ཉིད་དབང་གི་ཡེ་ཤེས་སུ་བྱས་ནས་དེ་ལ་དབང་བཞི་པའི་ངོ་སྤྲོད་དང་། ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ངོ་སྤྲོད་ཐམས་ཅད་བྱེད་པ་ཡིན་ནོ། །ཞེས་གསུངས་པ་འདི་ཉིད་རྒྱུད་དང་མན་ངག་ཐམས་ཅད་ཀྱི་གནད་དམ་པར་མཐོང་སྟེ་དབང་བསྐུར་ཚུལ་ལ་དངོས་ཀྱི་ཕྱག་རྒྱ་ལ་བརྟེན་པ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་གཉིས་ལས། དང་པོ་ལ་དབང་གསུམ་པའི་སྐབས་སུ་ཡེ་ཤེས་ངོས་མ་ཟིན་ན་བཞི་པ་རྟེན་ཅན་ཞེས་པ་བཞི་པའི་སྐབས་སུ་བསྐྱར་ནས་བསྐུར་བར་གསུངས་པས་གང་ལྟར་ཡང་བཞི་པའི་ངོ་སྤྲོད་ཀྱི་གོང་དུ་མཚོན་བྱེད་དཔེའི་ཡེ་ཤེས་སྐྱེས་པར་ངེས་པར་དགོས་སོ། །རྒྱུད་ཀྱི་དངོས་བསྟན་ཕལ་ཆེར་འདིའི་དབང་དུ་བྱས་པ་ཡིན་པས་དབང་གསུམ་པའི་ཡེ་ཤེས་ཀྱི་ངོ་སྤྲོད་མང་དུ་གསུངས་ཤིང་། རྗེ་བཙུན་གྱི་ཀྱང་ལོག་རྟོག་གསུམ་ཀ་བཀག་ནས་རང་ལུགས་སྐྱོན་མེད་གསུམ་བཞག་པར་ཤེས་པར་བྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ལ་བདེ་སྟོང་གི་ཡེ་ཤེས་དངོས་སུ་སྐྱེ་བ་དང་མི་སྐྱེ་བ་གཉིས་ཡོད་དེ། རྗེ་བཙུན་གྱི་མཆོག་དབང་གསུམ་གྲོལ་ལམ་ལ་བརྟེན་ནས་བསྐུར་བའི་ཡིག་ཆ་ལས། སྤྱིར་ཡེ་ཤེས་ཀྱི་ཕྱག་རྒྱ་རྐྱང་པས་ཀྱང་ཁ་ཅིག་ལ་བདེ་སྟོང་གི་ཡེ་ཤེས་སྐྱེ་བའང་སྣང་ལ། ཁ་ཅིག་ལ་མི་སྐྱེ་བ་ཡང་ཡོད་ལ། དེ་ལ་དབང་གི་ཆོ་ག་ཙམ་མོ་ཞེས་གསུངས་པས་སོ། །དེའི་དང་པོ་ནི་སྔ་མ་ལ་མཚོན་བྱེད་དཔེའི་ཡེ་ཤེས་སུ་ཁྱད་པར་མེད་ཀྱང་། རྟེན་ཕྱག་རྒྱའི་ངོས་ནས་སྔ་མ་ལ་ལྟོས་ཏེ་ཅུང་ཟད་མི་གསལ་བའོ། །ཕྱི་མ་སྔར་བཤད་པ་ལྟར་མཚོན་བྱེད་དཔེའི་ཡེ་ཤེས་མ་སྐྱེས་ཀྱང་ཆོ་ག་མཚན་ཉིད་དང་ལྡན་པས་ཉམས་མྱོང་ཁྱད་པར་ཅན་སྐྱེས་པ་སྟེ། དབང་གིས་ཆོ་ག་ཙམ་ཞེས་པའི་དོན་ཡང་ཡིན་ཞིང་། དབང་ཐ་མ་ཐོབ་པའི་དོན་ཡང་ཡིན་པའི་ཕྱིར། ཉམས་མྱོང་མ་སྐྱེས་ཀྱང་དབང་བསྐུར་གྱི་གྲལ་ན་འདུག་པ་ཙམ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ། །འདི་དག་ནི་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཚུལ་གྱི་དབང་དུ་བྱས་པ་ཡིན་ཏེ། སྤྲུལ་པའི་དཀྱིལ་འཁོར་གྱིས་དབང་བསྐུར་བའི་ཚེ་དོན་གྱི་ཡེ་ཤེས་ངེས་པར་སྐྱེ་ཞིང་། གྲུབ་པའི་ས་ལ་གནས་པས་དབང་བསྐུར་བའི་ཚེ་དོན་གྱི་ཡེ་ཤེས་སྐྱེ་བ་དང་། དཔེའི་ཡེ་ཤེས་སྐྱེ་བ་ཅི་རིགས་པར་ཡོད་པའི་ཕྱིར་རོ། །དེ་ལྟར་བྱས་ན་དོན་གྱི་ཡེ་ཤེས་སྐྱེས་པ་ལ་ནི་ངོ་སྤྲོད་མི་དགོས་ལ། དཔེའི་ཡེ་ཤེས་སྐྱེས་པ་དང་། མ་སྐྱེས་པ་གཉིས་ལ་དབང་བཞི་པ་དང་། ལྟ་བའི་ངོ་སྤྲོད་བྱེད་པ་ནི་དཔེའི་ཡེ་ཤེས་ཉིད་ལ་ངོ་སྤྲོད་བྱེད་པ་དང་། ཉམས་མྱོང་ཁྱད་པར་ཅན་ལ་དབང་གི་ཡེ་ཤེས་སུ་བྱས་ནས་དེ་ལ་ངོ་སྤྲོད་བྱེད་པར་གྲུབ་ཅིང་དབང་བསྐུར་མཚན་ཉིད་པ་ཐོབ་པ་ཐམས་ཅད་ལ་ལྟ་བའི་ངོ་སྤྲོད་བྱར་ཡོད་པའི་ཚུལ་ནི་ལེགས་པར་ཤེས་པར་འགྱུར་རོ། །འདི་ནི་གཞུང་བཤད་གཉག་མར། དེ་དག་ཀྱང་དངོས་ཀྱི་རིགས་མ་ལ་བརྟེན་ནས་ཐོབ་ན་རབ། ཡེ་ཤེས་ཀྱི་རིག་མ་ལ་བརྟེན་ནས་ཐོབ་ན་འབྲིང་། ཚིག་ཙམ་གྱི་སྒོ་ནས་ཐོབ་ན་ཐ་མ་ཞེས་པའི་དགོངས་པ་བླ་ན་མེད་པ་སྟེ། རབ་ནི་རྟོགས་པར་སླ་ལ། འབྲིང་དང་ཐ་མ་གཉིས་ནི་སྔར་བཤད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རྐྱང་པ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་སྐྱེ་མི་སྐྱེ་གཉིས་དང་དོན་གཅིག་པའི་ཕྱིར་ཏེ། ཚིག་ཙམ་གྱིས་ཞེས་པའི་དོན་ཡང་བདེ་སྟོང་གི་ཡེ་ཤེས་མ་སྐྱེས་ཀྱང་བླ་མས་དབང་གསུམ་པའི་ཆོ་ག་ཚིག་ཙམ་གྱིས་བརྗོད་པས། སློབ་མས་ཚུལ་བཞིན་དུ་བསྒོམས་པའི་ཚེ་ཉམས་མྱོང་ཁྱད་པར་ཅན་སྐྱེས་པ་ལ་འཇོག་དགོས་ཀྱི། གཞན་དུ་ཚིག་བརྗོད་པ་ཙམ་གྱིས་དབང་ཐོབ་པ་སོགས་ནི་བརྒྱུད་པ་འདིའི་ལུགས་ཀྱི་དགག་བྱ་ཡིན་པའི་ཕྱིར་རོ། །རྣམ་དཔྱོད་དང་ལྡན་ཞིང་གོང་མའི་གསུང་རབ་ལ་འདྲིས་ཆ་ཡོད་པ་དག་གིས་ལེགས་པར་དཔྱོད་ཅིག མི་ཤེས་པ་དག་ངོ་ཚ་བོར་བའི་གཏམ་ཅི་ཡང་མ་སྨྲ་ཞིག དེ་ལྟ་བུའི་དབང་བསྐུར་ཐོབ་ཚུལ་ཐམས་ཅད་ལ་སྤོང་སེམས་སྐྱེ་བར་ཁྱད་པར་མེད་པས་སྤོང་སེམས་རྫོགས་པ་ཡང་དབང་གོང་མ་ལ་ལྟོས་སོ། །གལ་ཏེ་སྤོང་སེམས་ནི་རྩ་བ་དང་། ཡན་ལག་གི་ལྟུང་བ་ཁོ་ན་སྤོང་བའི་སེམས་པ་ཡིན་པས། དེ་ཉིད་བུམ་དབང་གི་གནས་སྐབས་སུ་ཐོབ་བོ་སྙམ་ན་དེ་ནི་མ་ཡིན་ཏེ། ཐ་མལ་གྱི་རྣམ་རྟོག་སྤོང་བའི་སྤོང་སེམས་བུམ་དབང་གི་སྐབས་སུ་ཐོབ་ཀྱང་། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་སྤོང་བའི་སྤོང་སེམས་མཆོག་དབང་གསུམ་དུ་ཐོབ་དགོས་པའི་ཕྱིར། གཞན་དུ་དེ་ཡང་བུམ་དབང་གི་སྐབས་སུ་ཐོབ་ན། བསྐྱེད་རིམ་གྱིས་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་སྤོང་ནུས་པར་ཡང་འགྱུར་རོ། །སྤོང་སེམས་དེ་གཉིས་ཀྱི་ཐོབ་ཚུལ་བྱེ་བྲག་ཏུ་བཤད་པར་འདོད་ནས། རྒྱས་གདབ་ལྔ་དང་རྡོ་རྗེའི་བརྟུལ་ཞུགས་དང་། །དམ་ཚིག་གསུམ་གྱི་བརྡ་དོན་འཕྲོད་པའི་ཚེ། །ཆོས་ཅན་ལྔ་པོ་ཆོས་ཉིད་དང་བཅས་དང་། །སྒོ་གསུམ་ཐ་མལ་རྣམ་རྟོག་སྤོང་སེམས་ཐོབ། །གཞིར་གནས་བྱང་ཆུབ་སེམས་ལ་བླ་མ་ཡི། །བྱང་སེམས་འདྲེས་དང་མས་བརྟན་བཞི་པ་དང་། །དེ་ཉིད་ཚིག་གི་བརྡ་དོན་འཕྲོད་པའི་ཚེ། །གྱ་ནོམ་ལྷར་ཞེན་རྣམ་རྟོག་སྤོང་སེམས་ཐོབ། །ཅེས་བྱ་བ་སྨོས་ཏེ། སྤོང་སེམས་དེ་དག་ཀྱང་ཆོ་གའི་སྒོ་ནས་ཐོབ་དགོས་པས་མི་བསྐྱོད་པ་ཆུ་དབང་གི་སྐབས་སུ། སློབ་མ་དང་དབང་རྫས་ཀྱི་དག་བྱ་དག་བྱེད་ངོ་འཕྲོད་པའི་སྒོ་ནས་སློབ་མ་ལ་བུམ་པའི་ཆུས་དབང་བསྐུར་ཏེ། དབུ་རྒྱན་ལ་རིགས་བདག་ཚར་བའི་ཚེ། ཕུང་པོ་ལྔའི་ནང་ནས་རྣམ་ཤེས་ཀྱི་ཕུང་པོ་དང་། ཉོན་མོངས་ལྔའི་ནང་ནས་ཞེ་སྡང་ལ་ཐ་མལ་གྱི་རྣམ་རྟོག་སྤོང་སེམས་ཐོབ་སྟེ། དེའི་ཚེ་སྦྱང་གཞི་དེ་དག་སྦྱོང་བྱེད་དེའི་ངོ་བོར་བསྒྱུར་བའི་དབང་གི་ཆོ་ག་རྫོགས་པའི་ཕྱིར། འདི་ཅི་ལྟར་ཤེས་ཞེ་ན། ཀྱེ་རྡོ་རྗེ་ལས། དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ། །འདིས་ནི་ཧེ་རུ་ཀ་རྫོགས་པ་ཉིད་དོ། །ཞེས་བསྐྱེད་རིམ་གྱི་སྐབས་སུ་གསུངས་པ་དེ་ཉིད་དབང་གི་སྐབས་སུའང་མཚོན་པའོ། །རིག་པའི་དབང་གཞན་བཞི་པོའང་དབུ་རྒྱན་ལ་རིགས་བདག་ཚར་བའི་ཚེ། སྦྱང་གཞི་དེ་དང་དེ་དག་སྦྱོང་བྱེད་དེ་དང་དེའི་ངོ་བོར་བསྒྱུར་བའི་ཆོ་ག་རྫོགས་པས། སྦྱང་གཞི་དེ་དང་དེ་དག་ལ་ཐ་མལ་གྱི་རྣམ་རྟོག་སྤོང་བའི་སྤོང་སེམས་འཐོབ་བོ། །རྡོ་རྗེའི་བརྟུལ་ཞུགས་ལ་ནི། རྡོ་རྗེའི་བརྟུལ་ཞུགས་ནམ་ཐོབ་པའི་ཚེ་ཕུང་པོ་ལྔའི་ཆོས་ཉིད་ལ་ཐ་མལ་རྣམ་རྟོག་སྤང་སེམས་ཐོབ་བོ། །འོན་ཀྱང་རིགས་པའི་དབང་ལྔ་ནི་ཆོས་ཅན་ལྔ་ལ་ཐ་མལ་གྱི་རྣམ་རྟོག་སྤོང་སེམས་ཐོབ་པ་གཙོ་བོ་ཡིན་ལ། འདི་ནི་ཐ་མལ་གྱི་རྣམ་རྟོག་བརྟུལ་ནས། རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་ཀྱི་བརྟུལ་ཞུགས་ལ་གནས་པ་གཙོ་བོ་ཡིན་པས། དཀྱིལ་ཆོག་ཕལ་ཆེར་ལས་སྐབས་འདིར་བཤད་ལ། དཀྱིལ་ཆོག་ཚད་ལྡན་འགའ་ཞིག་ཏུ་རྡོ་རྗེ་སློབ་དཔོན་གྱི་དབང་གི་འོག་ཏུའང་བཤད་དེ་འདྲ་བའོ། །ཕུང་པོ་ལྔའི་ཆོས་ཉིད་ལ་ཐ་མལ་གྱི་རྣམ་རྟོག་སྦྱོང་བའི་ཆེད་དུ་ལྷར་བསྒོམ་དགོས་ན་བརྟག་གཉིས་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་རང་བཞིན་རྣམ་དག་ལྷར་བསྒོམ་དུ་མེད་ལ། ཕྱི་ནས་ཀུན་རྫོབ་ལྷར་བསྒོམ་པར་གསུངས་པ་དང་། གུར་ལས། གལ་ཏེ་འགལ་བ་ཡོད་པ་མ་ཡིན་ཡང་། །དེ་ཚེ་རྒྱལ་བའི་དངོས་པོས་སྦྱངས་པ་ཡོད། །ཀུན་རྫོབ་གཟུགས་སུ་རྣམ་པར་གནས་ནས་ནི། །འཁོར་ལོའི་གཟུགས་ཀྱི་ཆོས་ཙམ་རྣམ་པར་བརྟག །ཞེས་ཀུན་རྫོབ་ཁོ་ན་ལྷར་བསྒོམ་པར་གསུངས་པ་དང་འགལ་ལོ་སྙམ་ན། འདིར་ཕུང་པོ་ལྔའི་ཆོས་ཉིད་འཕགས་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རིག་པའི་ཆ་ལྷར་བསྒོམ་པ་མ་ཡིན་ཏེ། དེ་ནི་ལྷ་ཡིན་མིན་གྱི་སྤྲོས་པ་དང་བྲལ་བའི་ཕྱིར་དང་། ཡུལ་ཅན་དེས་ཡུལ་དེ་ལ་ཐ་མལ་གྱི་རྣམ་རྟོག་ཀྱང་མེད་པའི་ཕྱིར་རོ། །དེ་ཉིད་རྟོག་བློས་འདི་ནི་ཕུང་པོ་ལྔའི་ཆོས་ཉིད་དོ་སྙམ་དུ་གཟུང་བའི་ཚེ་དེའི་ཡུལ་ནི་རྣམ་གྲངས་པའི་དོན་དམ་དང་། རྣམ་གྲངས་པའི་ཆོས་ཉིད་ཡིན་གྱི། རྣལ་འབྱོར་པའི་ཀུན་རྫོབ་ཡིན་པས། དེ་ལྷར་བསྒོམ་དགོས་ཏེ། དེ་ལ་ཐ་མལ་གྱི་རྣམ་རྟོག་ཡོད་པས་དེ་སྦྱོང་དགོས་པའི་ཕྱིར་གནད་འདི་ནི་སློབ་དཔོན་ཟླ་བས། བདེན་པ་གཉིས་སུ་འཇོག་པ་ནི་འཇིག་རྟེན་པའི་བློ་ལ་ལྟོས་ནས་ཡིན་པར་གསུངས་པ་ལན་ཅིག་མ་ཡིན་པར་ཡང་ཡང་དྲངས་ནས་བསྟན་པའི་སྒྲས་བརྗོད་པའི་བདེན་གཉིས་དང་། གདུལ་བྱའི་བློ་ལ་ཐོས་བསམ་གྱི་སྒོ་ནས་ཤར་བའི་བདེན་གཉིས་ཀྱི་ཟླས་ཕྱེ་བའི་དོན་དམ་བདེན་པ་རྣམ་གྲངས་པའི་དོན་དམ་བདེན་པ་ཡིན་པ་རྗེ་བཙུན་གོང་མས་གཏན་ལ་ཕབ་པའི་སྐབས་སུ་མཁོ་ཞིང་། སྔགས་ཀྱི་གཞུང་རྣམས་སུ་རེས། །སྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཅེས་དོན་དམ་ལ་བསྒོམ་པ་དང་། ལྷ་དང་སྔགས་མེད་པར་གསུངས་པ་དང་། རེས་ཆོས་ཉིད་ལྷར་བསྒོམ་པར་གསུངས་པའི་གནས་སྐབས་རྣམས་སུ་མི་དགོས་ཁ་མེད་དུ་ཤེས་པར་བྱའོ། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་ངོ་འཕྲོད་པའི་ཚེ་སེམས་ལ་ཐ་མལ་རྣམ་རྟོག་སྤོང་སེམས་ཐོབ་ཏེ། དེའི་ཚེ་སེམས་ཐོག་མཐའ་མེད་པའི་སེམས་པར་དང་། རྡོ་རྗེ་སེམས་དཔའ་དང་། ཀུན་ཏུ་བཟང་པོ་དང་། དཔལ་མཆོག་དང་པོའི་སྐྱེས་བུ་སོགས་སུ་རང་བཞིན་གྱིས་རྣམ་པར་དག་པར་ངོ་འཕྲོད་པའི་ཕྱིར། དྲིལ་བུ་གསུང་གི་དམ་ཚིག་གི་ཚེ་ངག་ལ་ཐ་མལ་གྱི་རྣམ་རྟོག་སྤོང་སེམས་ཐོབ་སྟེ། དེའི་ཚེ་ངག་སྲིད་པ་རྣམ་པར་དག་པ་གསུང་གི་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པར་ངོ་འཕྲོད་པའི་ཕྱིར། ཕྱག་རྒྱ་སྐུའི་དམ་ཚིག་གི་ཚེ། ལུས་ལ་ཐ་མལ་གྱི་རྣམ་རྟོག་སྤོང་སེམས་ཐོབ་སྟེ། དེའི་ཚེ་ལུས་རྡོ་རྗེ་འཆང་ཆེན་པོ་ཁ་སྦྱོར་གྱི་ངོ་བོར་རྣམ་པར་དག་པར་ངོ་འཕྲོད་པའི་ཕྱིར། དཀྱིལ་ཆོག་འགའ་ཞིག་ཏུ། དམ་ཚིག་འདི་དག་རྡོ་རྗེ་སློབ་མའི་དབང་གི་སྐབས་སུ། བརྟུལ་ཞུགས་དང་མཉམ་དུ་སྦྱིན་པར་སྣང་ཡང་། རྣལ་འབྱོར་དབང་ཕྱུག་བརྒྱུད་པ་དང་བཅས་པས་བུམ་དབང་གི་རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞིར་མཛད་པ་ནི། བརྟག་གཉིས་ལས། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་བཟུང་། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་གསུངས་པའི་དགོངས་པར་སྣང་ངོ་། །གཞིར་གནས་ཀྱི་བྱང་ཆུབ་ཀྱི་སེམས་ལ་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་འདྲེས་པ་དང་། དབང་གསུམ་པའི་དངོས་གཞི་ལྷན་སྐྱེས་ཀྱི་སྐབས་དང་། དེ་ཉིད་ལ་སངས་རྒྱས་ཀྱི་ཡེ་ཤེས་དང་། འཁོར་འདས་ཐམས་ཅད་ཚང་ངོ་ཞེས། ཚིག་གི་བཞི་པས་བརྡ་དོན་འཕྲོད་པའི་ཚེ། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་སྤོང་སེམས་ཐོབ་སྟེ། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་སྤོང་བའི་བསྒོམ་པ་ནི་གྲོལ་བྱེད་ཀྱི་ལམ་རྫོགས་རིམ་ཡིན་པས་དེའི་སྨིན་བྱེད་དབང་གོང་མ་གསུམ་ཡིན་པའི་ཕྱིར་རོ། །དེས་ན་སྤོང་སེམས་ཐོབ་ཚུལ་ཉན་ཐོས་ལྟར་སྤང་བྱ་འདི་དག་སྤང་བར་བྱའོ་སྙམ་པའི་རྟོག་པ་མངོན་གྱུར་སྐྱེས་པ་ལ་འཇོག་པ་མ་ཡིན་པར་དབང་གི་ཆོ་གའི་ལག་རྗེས་ལ་མཚོན་བྱ་དོན་གྱི་ཡེ་ཤེས་སམ། མཚོན་བྱེད་དཔེའི་ཡེ་ཤེས་སམ། ཉམས་མྱོང་ཙམ་ཐོབ་པའི་ཚེ་རང་ཤུགས་ཀྱིས་ཐོབ་པར་ཤེས་པར་བྱའོ། །དེ་ཉིད་ལ་རྩོད་པ་སྤོང་བར་འདོད་ནས། ཡེ་ཤེས་སྐྱེས་ཚེ་སྤོང་སེམས་གཞན་ཡོད་དང་། །རྩ་བའི་ལྟུང་བ་སྤོང་སེམས་མ་འདུས་དང་། །སྨིན་གྲོལ་སྤང་བྱ་འཆོལ་སོགས་སྐྱོན་རྣམས་ཀྱིས། །མི་སྒྲིབ་རྒྱུ་མཚན་དག་ལས་ཤེས་པར་བྱ། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་མཚོན་བྱེད་དཔེའི་ཡེ་ཤེས་རྟོག་པ་ཐམས་ཅད་དང་བྲལ་བ་ནམ་མཁའི་ཟླ་བ་བལྟ་བར་འདོད་པ་ལ་ཆུ་ནང་གི་ཟླ་བའི་གཟུགས་བརྙན་མཐོང་བ་དང་འདྲ་བ་སྐྱེས་པའི་ཚེ་ཡང་ཐ་མལ་གྱི་རྣམ་རྟོག་སྤང་བར་བྱའོ་སྙམ་པའི་སེམས་པ་ཡེ་ཤེས་དེ་ལས་གཞན་དུ་གྱུར་པ་ཞིག་དགོས་སོ་སྙམ་ན། དེ་ནི་མ་ཡིན་ཏེ། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་དང་། དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ན་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ་ཞེས་གསུངས་པར་ལྟར། དེའི་ཚེ་ཡེ་ཤེས་དེའི་ངོ་བོར་མ་གྱུར་པའི་སྣང་བའི་དངོས་པོ་གང་ཡང་མེད་པའི་ཕྱིར་དང་། རྟོག་པ་མངོན་གྱུར་པ་ནི་སྐབས་དེར་སྐྱེ་མི་སྲིད་པའི་ཕྱིར་རོ། །འདིར་སྤོང་སེམས་ཐམས་ཅད་ཐ་མལ་གྱི་རྣམ་རྟོག་སྤོངས་སེམས་དང་། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་སྤོང་སེམས་གཉིས་སུ་འདུས་ན་རྩ་བ་དང་ཡན་ལག་གི་ལྟུང་བ་སྤོང་བའི་སྤོང་སེམས་རྣམས་མ་འདུས་པར་འགྱུར་རོ་སྙམ་ན། དེས་ཀྱང་མི་སྒྲིབ་སྟེ། དེ་དག་ཐ་མལ་གྱི་རྣམ་རྟོག་སྤོང་བའི་སྤོང་སེམས་སུ་འདུས་པའི་ཕྱིར་རོ། །སྤང་བྱའི་རྣམ་རྟོག་དེ་དག་ཐ་མལ་གྱི་རྣམ་རྟོག་ལས་མ་འདས་པའི་ཕྱིར་རོ། །ཡང་ཐ་མལ་གྱི་རྣམ་རྟོག་དང་། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་གཉིས་གྲོལ་བྱེད་ཀྱི་ལམ་བསྐྱེད་རྫོགས་གཉིས་ཀྱི་སྤང་བྱ་བཤད་པས་དེ་གཉིས་སྤོང་བའི་སྤོང་སེམས་དབང་གི་གནས་སྐབས་སུ་ཐོབ་ན་སྨིན་གྲོལ་གཉིས་སྤང་བྱ་འཆོལ་བར་འགྱུར་རོ་སྙམ་ན་དེས་ཀྱང་མི་སྒྲིབ་སྟེ། དབང་ལས་ལོགས་སུ་ལམ་མེད་པར་དབང་གི་སྐབས་སུ་ཐོབ་པ་དེ་ཉིད་བསྒོམ་པ་ལ་ལམ་དུ་འཇོག་པའི་ལུགས་མཆོག་འདི་ལ་དབང་དང་ལམ་གཉིས་སྤང་བྱ་གཅིག་པ་ཁྱད་པར་གྱི་ཆོས་ཡིན་གྱི་སྐྱོན་མ་ཡིན་པའི་ཕྱིར་རོ། །སོགས་ཀྱིས་བསྡུས་པ་དབང་ལས་ལོགས་སུ་ལམ་མེད་ཅིང་ལམ་གྱི་སྤང་བྱ་རྣམས་ཀྱང་དབང་གི་སྤང་བྱ་ཡིན་ན། དབང་བསྐུར་ཉིད་ཀྱིས་གྲོལ་བར་འགྱུར་རོ་སྙམ་ན་དེས་ཀྱང་མི་སྒྲིབ་སྟེ། དེ་ཉིད་ཀྱི་ཕྱིར་གང་ཟག་རབ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་དབང་བསྐུར་ཉིད་ཀྱིས་གྲོལ་བར་གསུངས་ཤིང་། དབང་གིས་གྲོལ་བར་མ་ནུས་པའི་གང་ཟག་གཞན་གྱིས་བསྒོམ་དགོས་ཀྱང་དབང་བསྐུར་ཐོབ་པ་དེ་བསྲུང་ཞིང་འཕེལ་བར་བྱེད་པ་ལ་བསྒོམ་པ་ཞེས་བཏགས་པ་ཡིན་པའི་ཕྱིར་ཏེ། སྡོམ་གསུམ་རབ་དབྱེ་ལས། དེས་ན་སྙིང་གཏམ་འདི་ལྟར་ཡིན། །དབང་བསྐུར་ཆོས་སྒོ་ཙམ་མ་ཡིན། །གསང་སྔགས་རྟེན་འབྲེལ་ལམ་བྱེད་པས། །རྟེན་འབྲེལ་སྒྲིག་པའི་གདམས་ངག་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བོན་བཏབ་ནས་ནི། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་བཏགས། །དེ་ན་གང་ཟག་དབང་པོ་རབ། །དབང་བསྐུར་ཉིད་ཀྱིས་གྲོལ་བར་གསུངས། །དབང་གིས་གྲོལ་བར་མ་ནུས་པའི། །གང་ཟག་གཞན་ལ་བསྒོམ་དགོས་སོ། །དེས་ན་དབང་བསྐུར་ཐོབ་པ་དེ། །བསྲུང་ཞིང་འཕེལ་བར་བྱེད་པ་ལ། །བསྒོམ་པ་ཞེས་སུ་བཏགས་པ་ཡིན། །ཞེས་གསུངས་པས་སོ། །དབང་གིས་ཐོབ་པ་དེ་ཉིད་ལམ་དུ་ཇི་ལྟར་བསྒོམ་སྙམ་ན། དེ་རྗེས་དཀྱིལ་འཁོར་དེའམ་གཞན་དུའང་རུང་། །རྒྱུ་དབང་བཞི་དང་ལུས་དཀྱིལ་དབང་བཞི་དང་། །བླ་མའི་རྣལ་འབྱོར་བྱིན་རླབས་རིམ་གཉིས་སོགས། །ཐོབ་པའི་སྡོམ་པ་ཡང་ཡང་གོམས་པའི་ཐབས། །ཞེས་བྱ་བ་ཡིན་ཏེ། དང་པོ་དཀྱིལ་འཁོར་གཅིག་ཏུ་སྨིན་བྱེད་ཀྱི་དབང་བཞི་ཐོབ་ནས་དེའི་རྗེས་སུ་དཀྱིལ་འཁོར་དེ་ཉིད་དང་། དཀྱིལ་འཁོར་གཞན་དུའང་རུང་སྟེ་བླ་མ་ལས་དབང་བཞི་ལེན་པའམ་རང་ཉིད་ཀྱིས་དཀྱིལ་འཁོར་བྲིས་ནས་བདག་འཇུག་གི་ཚུལ་གྱིས་ལེན་པ་ཐམས་ཅད་ཀྱང་སྨིན་བྱེད་ཀྱི་སྐབས་སུ་ཐོབ་པའི་སྡོམ་པ་ཐོབ་པ་ཡང་ནས་ཡང་དུ་གོམས་པའི་ཐབས་ཡིན་པས་ལམ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་བདེ་མཆོག་ལུས་དཀྱིལ། རྡོ་རྗེ་བདག་མེད་མ་ཀྱེ་རྡོ་རྗེའི་ལུས་དཀྱིལ་ལ་རྟེན་ནས་དབང་བཞི་བླ་མ་ལས་ལེན་པའམ། རང་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཐུན་བཞི་ལ་སོགས་པའི་ཚུལ་གྱིས་ལེན་པ་ཡང་དེ་དང་འདྲ་སྟེ། འདི་ལ་སྨིན་བྱེད་སྔོན་དུ་འགྲོ་དགོས་པའི་གནད་ཀྱང་འདི་ཉིད་ཡིན་ཏེ། དེ་བཞིན་དུ་གང་ཟག་དབང་པོ་རབ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཁོ་ན་བསྒོམ་པ་དང་། རྫོགས་རིམ་ཟབ་མོ་འགའ་ཞིག་བསྒོམ་པའི་སྔོན་དུ་བྱིན་རླབས་ཀྱི་ཆོ་ག་ཉམས་སུ་ལེན་པ་རྣམས་ཀྱང་ཐོབ་པའི་སྡོམ་པ་གོམས་པའི་ཐབས་ཡིན་པ་ཡང་སྔ་མ་དང་འདྲའོ། །སོགས་ཀྱི་སྒྲས་བསྡུས་པ་རིམ་གཉིས་བརྩོན་འགྲུས་དྲག་པོས་ཚུལ་བཞིན་དུ་བསྒོམ་པ་དང་། རིམ་གཉིས་བརྩོན་འགྲུས་དྲག་པོས་མ་བསྒོམས་ཀྱང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུངས་ན་སྐྱེ་བ་བཅུ་དྲུག་ཚུན་ཆད་ནས་འགྲུབ་པ་རྣམས་ཀྱང་སྟེ། སྔ་མ་ནི་སྐུ་བཞིའི་ས་བོན་དེ་ཉིད་ལ་འགལ་རྐྱེན་མེད་པའི་སྟེང་དུ་མཐུན་རྐྱེན་རླབས་པོ་ཆེ་མྱུར་དུ་འགྲུབ་པའི་དབང་དུ་བྱས་ལ། ཕྱི་མ་ནི་འགལ་རྐྱེན་མེད་ན་དུས་རིང་མོ་ཞིག་ནས་སྐུ་བཞིའི་ས་བོན་དེ་ཉིད་ངང་གིས་འཕེལ་ཏེ་འབྲས་བུ་འགྲུབ་པའི་དབང་དུ་བྱས་པའོ། །འདིས་ཀྱང་ལུགས་འདིའི་སྔགས་སྡོམ་རྫོགས་པ་ལ་དབང་བཞི་རྫོགས་པར་ཐོབ་དགོས་པར་གྲུབ་སྟེ། སྔགས་སྡོམ་རྫོགས་པར་ཐོབ་ནས་དམ་ཚིག་ཚུལ་བཞིན་དུ་བསྲུངས་ན་སྐྱེ་བ་བཅུ་དྲུག་ནས་འགྲུབ་པ་ནི་འདིའི་དོན་ཡིན་ཞིང་། བུམ་དབང་གིས་སྔགས་སྡོམ་རྫོགས་ན་དབང་གོང་མ་མ་ཐོབ་པར་འབྲས་བུ་འགྲུབ་པར་ཐལ་བའི་ཕྱིར་རོ། །འདི་དག་ལ་སྒྲུབ་བྱེད་འགོད་པར་འདོད་ནས། དབང་གི་རབ་དབྱེ་བཅུ་གཉིས་གསུངས་པ་དང་། །ལམ་དུ་དབང་དང་ལམ་ཟབ་བླ་མ་ཡིས། །རིམ་གཉིས་བསྒོམ་པ་མེད་ཀྱང་དངོས་གྲུབ་མཆོག །འགྲུབ་པར་གསུངས་པ་འདི་ལ་འཐད་པ་ཡིན། །ཞེས་བྱ་བ་སྨྲོས་ཏེ་རྗེ་བཙུན་གྱི་དབང་གི་རབ་དབྱེར་སྔར་མ་སྨིན་པ་ཅིག་སྦྱོར་དངོས་མཇུག་གིས་གཞན་ལ་ལེན་པ་རྒྱུ་དུས་ཀྱི་དབང་དང་། དེ་ནས་ཆོ་ག་དེ་ཉིད་ཀྱིས་དབང་དེ་ཡང་ནས་ཡང་དུ་གཞན་ལ་ལེན་པ་རྒྱུའི་དབང་ལམ་དུ་བྱེད་པ་དང་། ཆོ་ག་དེ་ཉིད་ཀྱིས་རང་གིས་ལེན་པ་རྒྱུའི་དབང་ཏིང་ངེ་འཛིན་གྱི་ལམ་དུ་བྱེད་པ་དང་། ས་ཆོག་ཡན་ཆད་གཏོར་མ་བྱིན་ཏེ་བདེན་པ་བདར་བ་ཙམ་བྱས་ནས་ལྷ་ལྷག་གནས་མན་ཆད་ལེན་པ་དང་། སློབ་མ་ལྷག་གནས་ཡན་ཆད་དོར་ནས་དེའི་དོད་རྒྱུན་བཤགས་བཅུག་སྟེ་གཞན་རྣམས་ལེན་པ་དང་། འཇུག་པ་ཡན་ཆད་དོར་ནས་དེའི་དོད་རིགས་ལྔའི་སྡོམ་བཟུང་བཅུག་སྟེ་གཞན་རྣམས་ལེན་པ་དང་། སྡོམ་པ་བསྒྲག་གཟུང་གཉིས་མདོར་བསྡུས་ཀྱི་བཟུང་ནས་བུམ་དབང་མན་ཆད་ལེན་པ་དང་། རྒྱུན་བཤགས་སྔོན་དུ་བཏང་ནས་དབང་བཞི་ཚིག་བཞིས་ལེན་ཅིང་། མཇུག་འབྲས་བུའི་དབུགས་དབྱུང་ཙམ་སྟེར་བ་དང་། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གཅིག་ལ་དབང་བཞི་ལེན་པ་དང་། འཇུག་འདྲ། རྒྱུན་བཤགས་སྔོན་དུ་སོང་ནས་རིགས་ལྔའི་སྡོམ་གཟུང་གིས་ལེན། གཙོ་བོས་ཇི་ལྟར་བཀའ་བསྩལ་སོགས་མཇུག་དམ་ཚིག་གྲུབ་པར་ཁས་བླངས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཅིག་ཆར་དབང་བསྐུར་སྟེ། འབྲས་བུ་ལ་མཚམས་སྦྱོར་བ་དང་། ཟབ་ལམ་གང་རུང་གཅིག་གིས་དབང་བཞི་ལེན་པ་སྟེ་རིམ་པ་བཅུ་གཉིས་སོ། །དེ་ལྟར་བླང་ཚུལ་དེ་དག་ལས་དང་པོ་ནི། སྔར་མ་སྨིན་པ་ལ་བྱ་ཞིང་། གཉིས་པ་ནི་ཆོ་ག་མི་ཤེས་པ་ལའང་བྱ། གསུམ་པ་ནས་བཅུ་པའི་བར་ནི་རང་གཞན་དབང་གིས་སྨིན་པ་ལ་དུས་སྐབས་དང་དགག་དགོས་བརྩིས་ལ་བྱ་ཡིས། མུ་ཅོར་དུ་ནི་མི་བྱའོ། །བཅུ་གཅིག་པ་ནི་གང་ཟག་མཆོག་ཁོ་ན་ཡིན་ལ། བཅུ་གཉིས་པ་ནི་ཁྲིད་བསྐྱངས་པ་རྣམས་ལ་དུས་སྐབས་དང་དྲོད་ཚད་ལ་སྦྱར་ལ་བྱའོ། །ཕན་ཡོན་ནི་ལམ་ལ་མ་ཞུགས་པ་རྣམས་ཀྱི་བར་ཆད་ཞི་ཞིང་། མཐུན་རྐྱེན་ཚང་བ་དང་རིམ་གྱིས་ལམ་ལ་འཇུག་པ་རྣམས་སྣོད་དུ་རུང་བ་དང་། ལམ་ཞུགས་རྣམས་ཀྱི་དགེ་སྦྱོར་གྱི་བོགས་འདོན་པ་དང་། ཡན་ལག་གི་ཉེས་པ་ཐམས་ཅད་འདག ཐུན་བཞིར་བླངས་ན་རྩ་བའི་ལྟུང་བ་མི་འབྱུང་། མཐར་བརྩོན་པ་ཆེ་འབྲིང་ཆུང་གསུམ་གྱི་བྱེ་བྲག་གིས་ཚེ་འདིའམ་བར་དོ། སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་དུ་གྲོལ་ཏེ། རྒྱུད་ལས་འབྱུང་ངོ་། །ཞེས་གསུངས་སོ། །འདི་དག་གིས་ནི་རིམ་གཉིས་བསྒོམ་པ་མེད་ཀྱང་དབང་བསྐུར་ཉིད་ཀྱིས་གྲོལ་བར་གསུངས་ཤིང་། དེ་ཡང་ཐོག་མར་སྨིན་བྱེད་ཀྱི་དབང་བཞིའི་སྐབས་སུ་ཐོབ་པའི་སྡོམ་པ་དེ་ཉིད་དབང་ཕྱི་མ་རྣམས་ཀྱིས་གོང་ནས་གོང་དུ་འཕེལ་བའི་གནད་ཀྱིས་སོ། །ལམ་དུས་ཀྱི་དབང་དང་། ལམ་ཟབ་དང་། བྱིན་རླབས་ཀྱིས་གྲོལ་བ་ཡང་འདི་ཉིད་ལས་འབྱུང་མོད་ཀྱི། བྱེ་བྲག་ཕྱེ་ན་རྡོ་རྗེའི་ཚིག་རྐང་ལས་ལམ་གྱི་ཐུན་བཞི་ལ་ཞེས་སོགས་དང་། ཀླུ་སྒྲུབ་ཡབ་སྲས་གཉིས་ཆར་གྱིས། རི་དབང་རྩེ་ལས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་སོགས་དང་། མན་ངག་ཟབ་མོའི་སྐབས་སུ་ཡང་བླ་མའི་རྣལ་འབྱོར་ཚུལ་བཞིན་བསྒོམས་ན་དེ་ལས་གཞན་བླ་མས་ཐུན་གཅིག་བསྟན་པ་མེད། སློབ་མས་ཐུན་གཅིག་བསྒོམས་པ་མེད་ཀྱང་གྲོལ་བར་གསུངས་པ་རྣམས་ངེས་པའི་དོན་དུ་གསུངས་པ་ལས་ཀྱང་འགྲུབ་བོ། །དེའི་རྒྱུ་མཚན་ཡང་རིམ་གཉིས་ཚུལ་བཞིན་དུ་བསྒོམ་པ་དང་། འདི་དག་དབང་བཞིའི་སྐབས་སུ་ཐོབ་པའི་སྡོམ་པ་གོང་འཕེལ་དུ་བྱེད་པའི་ཐབས་སུ་མཚུངས་པའི་ཕྱིར་རོ། །དབང་ལས་ཐོབ་ཅིང་ལམ་གྱིས་གོམས་པ་དེ་ཉིད་འབྲས་བུའི་སྐབས་སུ་ཇི་ལྟར་མངོན་དུ་འགྱུར་སྙམ་ན། དབང་ལས་བྱུང་བ་ཐབས་ཀྱིས་གོམས་པ་ཡིས། །བདེ་ཆེན་སྒྲིབ་པ་འགགས་ནས་རང་སྣང་གི །ཡེ་ཤེས་སྐྱེས་ཚེ་ཤེས་བྱ་མ་ལུས་པ། །གསང་གསུམ་ངོ་བོར་སྡོམ་པ་འབྲས་བུའི་སྡོམ། །ཞེས་བྱ་བ་སྨོས་ཏེ། སྔར་རྒྱུ་དུས་སུ་སྣང་བ་ཐམས་ཅད་གསལ་སྟོང་ཟུང་འཇུག་གི་ངོ་བོར་རང་བཞིན་གྱིས་སྡོམ་པ་དེ་དབང་གི་སྐབས་སུ་ཐབས་ཀྱི་ངོ་བོར་གྱུར་པའི་སྡོམ་པར་བསྒྱུར་ནས་དེ་ཉིད་སྔར་བཤད་པའི་ལམ་གྱི་གཙོ་བོ་དེ་དག་གིས་གློ་བུར་གྱི་དྲི་མ་མ་ལུས་པ་དང་བྲལ་བར་བྱས་ནས་ཤེས་བྱའི་སྣང་བ་ཉིད་ཀྱང་ཡེ་ཤེས། ཡེ་ཤེས་ཉིད་ཀྱང་སྣང་བ། དེ་དག་ཀྱང་སྟོང་པ། སྟོང་པ་ཡང་དེ་དག་དང་དབྱེར་མེད་པའི་རང་སྣང་གི་ཡེ་ཤེས་སྐྱེས་པའི་ཚེ་ཤེས་བྱ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱི་ངོ་བོར་སྡོམ་པ་ནི་འབྲས་བུའི་སྡོམ་པ་སྟེ། ཀྱེ་རྡོ་རྗེ་ལས། དེ་ནས་ཆོས་ཀུན་སྡོམ་གཅིག་པའི། །རྡོ་རྗེ་སེམས་དཔའ་ཞེས་བྱས་བསྟན། །ཞེས་དང་། སཾ་བུ་ཊི་ལས། དངོས་དང་དངོས་མེད་ལས་གྲོལ་བ། །རྡོ་རྗེ་སེམས་དཔའ་བདེ་བའི་སྡོམ། །ཞེས་པ་རྣམས་ཀྱིས་བསྟན་ཏོ། །དེ་བཞིན་དུས་སཾ་བུ་ཊི་ལས། བསམ་གྱིས་མི་ཁྱབ་པའི་གནས་ཞེས་གསུངས་པའི་དོན། རྗེ་བཙུན་རྩེ་མོས། ཤེས་བྱ་ཐམས་ཅད་རང་སྣང་གི་ཡེ་ཤེས་སུ་བཤད་པ་ཡང་སྡོམ་པའི་དོན་ཉིད་དུ་སྣང་སྟེ། སྡོམ་པའི་དོན་མང་པོ་གཅིག་ཏུ་སྡོམ་པ་དང་། སྤང་བྱ་མི་མཐུན་པའི་ཕྱོགས་སྡོམ་པ་གཉིས་ཀ་ཡང་འདི་ལ་ཚང་བའི་ཕྱིར་རོ། །སྡོམ་པ་ཐམས་ཅད་མཐར་འབྲས་བུའི་སྡོམ་པར་འགྲོ་བ་འདིའི་སྒྲུབ་བྱེད་གང་ཞེ་ན། འབྲས་བུའི་རྣམ་པ་ལམ་དུ་བྱེད་དགོས་པས། ལམ་གྱི་དུས་སུ་ཤེས་བྱ་མ་ལུས་པ། །ལྷ་དང་བདེ་ཆེན་ངོ་བོར་བསྒོམ་པ་ནི། །འབྲས་བུའི་སྡོམ་པ་འདི་ཡི་སྒྲུབ་བྱེད་ཡིན། །ཞེས་བྱ་བ་འདི་ཡིན་ཏེ། འབྲས་བུའི་དུས་ན་སྣང་བ་ཐམས་ཅད་སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བ་གསུམ་གྱི་ངོ་བོར་སྡོམ་པ་ཡིན་གྱི་དེ་ལས་ལོགས་སུ་གྱུར་པའི་མ་དག་པའི་སྣང་བ་མེད་པའི་སྒྲུབ་བྱེད་ཀྱང་། ལུང་དང་རིགས་པ་གཉིས་ལས། ལུང་ནི། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དང་། རྡོ་རྗེ་ཐེག་པ་གཉིས་ཅར་དུ། སངས་རྒྱས་རང་སྣང་ལ་མ་དག་པའི་སྣང་བ་མེད་པར་གསུངས་པ་མཐའ་དག་ཡིན་ལ། རིགས་པ་ནི། ལམ་གྱི་སྐབས་སུ་བསྐྱེད་རིམ་གྱིས་སྣང་བ་ཐམས་ཅད་ལྷའི་ངོ་བོར་སྡོམ་པ་དང་། རྫོགས་རིམ་གྱིས་དེ་དག་ཀྱང་ཡེ་ཤེས་ཀྱི་ངོ་བོར་སྡོམས་ནས་བསྒོམ་པ་འདི་ཉིད་དེ། བསྐྱེད་རྫོགས་འདི་དག་འབྲས་བུའི་རྣམ་པ་ལམ་དུ་བྱེད་པ་ཡིན་ཞིང་། འབྲས་བུའི་དུས་སུ་དེ་ལྟ་བུའི་སྡོམ་པ་མེད་ན་འབྲས་བུ་ལམ་བྱེད་དུ་མི་འགྱུར་བའི་ཕྱིར་རོ། །འདི་ལ་དགོངས་ནས་རྗེ་བཙུན་གྱིས། རིག་པ་འཛིན་པ་ནི་དེ་དག་ཀྱང་ལྷའི་རྣམ་པར་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པས་འདི་ལ་འགལ་བ་ཅི་ཞིག་ཡོད་ཅེས་གསུངས་སོ། །དབང་དང་རིམ་གཉིས་ལས་བྱུང་བའི་སྡོམ་པ་དེ་དག་ཀྱང་མཚོན་བྱེད་དཔེའི་ཡེ་ཤེས་མ་སྐྱེས་པར་ས་བོན་ཙམ་ལ་སྔགས་སྡོམ་དུ་འཇོག་པའི་ཚེ་དཔེ་དང་དོན་གྱི་དབྱེ་བ་མེད་ཀྱང་། ཡེ་ཤེས་སྐྱེས་པའི་ཚེ་ཡེ་ཤེས་ལས་ལོགས་སུ་སྡོམ་པ་མེད་པས་དེ་དག་ཀྱང་དཔེ་དང་དོན་གྱི་ཡེ་ཤེས་གཉིས་སུ་བསྡུ་བར་འདོད་ནས། དབང་དང་ལམ་ལས་བྱུང་བའི་ཡེ་ཤེས་བཞི། །སོ་སྐྱེའི་དུས་སུ་དཔེ་ཡིས་སྡོམ་པ་ཡིན། །མཐོང་བའི་ལམ་ནས་རྡོ་རྗེ་འཛིན་པའི་བར། །དོན་གྱི་སྡོམ་པ་ཡིན་ཏེ་ཕྱག་ཆེན་བཞིན། །ཞེས་བྱ་བ་སྨོས་ཏེ། མཚོན་བྱེད་དཔེའི་ཡེ་ཤེས་སྐྱེས་པ་ནས་གཟུང་སྟེ། ཅི་སྲིད་དོན་གྱི་ཡེ་ཤེས་མ་སྐྱེས་ཀྱི་བར་གྱི་ཡེ་ཤེས་ཐམས་ཅད། མཚོན་བྱེད་དཔེའི་སྡོམ་པ་ཞེས་བྱ་བར་གཞག་ཏུ་རུང་སྟེ། དོན་གྱི་ཡེ་ཤེས་མཚོན་པར་ནུས་པའི་ཆ་ནས་མཚོན་བྱེད་དཔེའི་ཡེ་ཤེས་དང་། དོན་གྱི་ཕྱག་ཆེན་མཚོན་པར་ནུས་པའི་ཆ་ནས་དཔེའི་ཕྱག་ཆེན་དུ་འཇོག་པ་ལྟར་འདིར་ཡང་རང་གི་ཡེ་ཤེས་དེ་ཉིད་དོན་གྱི་སྡོམ་པ་མཚོན་པར་ནུས་པའི་ཆ་ནས་དཔེའི་སྡོམ་པར་འཇོག་པ་ཡིན་ནོ། །དབང་དང་རིམ་གཉིས་ལས་བྱུང་བའི་ཡེ་ཤེས་དེ་ཉིད་སྡོམ་པར་འཐད་ན་དཔེའི་སྡོམ་པར་འཇོག་ཏུ་རུང་ཡང་། དེ་ཉིད་སྡོམ་པར་མི་འཐད་དོ་ཞེ་ན། འདིའི་སྒྲུབ་བྱེད་སྔར་ཡང་ཅུང་ཟད་བཤད་ཟིན་ཅིང་། རྒྱས་པར་ནི་འཆད་པར་འགྱུར་རོ། །དེ་ཉིད་ཀྱི་རིགས་པས་ལམ་འདིས་ཐོབ་པའི་མཐོང་ལམ་ནས་བཟུང་སྟེ། རྡོ་རྗེ་འཛིན་པའི་སའི་བར་གྱི་སྡོམ་པ་ཐམས་ཅད་དོན་གྱི་སྡོམ་པ་ཞེས་བྱ་བར་གྲུབ་བོ། །དེ་ལྟར་ན་སོ་སྐྱེའི་དུས་ཀྱི་སྡོམ་པ་ནི་དཔེ་ཙམ་ཡིན་པས་སྡོམ་པ་མཚན་ཉིད་པར་མི་འགྱུར་རོ་སྙམ་ན། སྤྱིར་སྡོམ་པའི་དཔེ་ཡིན་ཞེས་པའི་དོན་མ་ཡིན་གྱི། འབྲས་བུའི་སྡོམ་པ་མཐའ་དག་མཚོན་ནུས་པའི་དཔེར་འཇོག་པས་སྐྱོན་མེད་དོ། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ་ཞེས་གསུངས་པ་ལྟར་རོ། །གཞན་དུ་ན་ཡེ་ཤེས་ལ་ཡང་མཚུངས་སོ། །ད་ནི་རིག་པ་འཛིན་པའི་སྡོམ་པ། སྡོམ་པ་འོག་མ་གཉིས་དང་བཅས་ཏེ། གང་དུ་སྡོམ་པའི་གནས་ལ་སོགས་པ་ལྔའི་སྒོ་ནས་གནད་མ་ལུས་པ་གཏན་ལ་དབབ་པར་འདོད་ནས། གང་དུ་སྡོམ་དང་སྤང་བྱ་གང་སྡོམ་དང་། །ཇི་སྙེད་སྡོམ་དང་སྡོམ་པའི་ངོ་བོ་དང་། །གང་གིས་སྡོམ་པ་དོན་ཆེན་རྣམ་ལྔ་ཡིས། །སྡོམ་གསུམ་མ་ལུས་གཏན་ལ་དབབ་པར་གསུངས། །ཞེས་བྱ་བ་སྨོས་ཏེ། རྗེ་བཙུན་གྱི་དག་ལྡན་ལས། གཉིས་པ་སྡོམ་པའི་བྱེ་བ་ནི་སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་སྤྱིའི་དོན་དང་། ཡན་ལག་གི་དོན་གཉིས་ལས། དང་པོ་ལ་ལྔ་སྟེ། གནས་གང་དུ་སྡོམ་པ་དང་། ཇི་སྙེད་སྡོམ་པ་དང་། གང་སྡོམ་པ་དང་། སྡོམ་པ་རང་གི་ངོ་བོ་དང་། ཐབས་གང་གིས་སྡོམ་པའོ། །དང་པོ་གང་དུ་སྡོམ་ན་ཕྱི་རོལ་ཏུ་ན་ལེནྟྲ་ལ་སོགས་པའི་གཙུག་ལག་ཁང་དུ། རྩ་བའི་སྡེ་པ་བཞི་གནས་པ་ལྟར། འདིར་གང་དུ་སྡོམ་པའི་གནས་ནི་རང་གི་ལུས་ཏེ་འཁོར་ལོ་བཞི་དང་། རྩ་གསུམ་ལ་སོགས་པའོ། །ཇི་སྙེད་ཅིག་སྡོམ་ན་ཕྱི་རོལ་ཏུ་སྤོང་བའི་ཆོས་མང་པོ་བསྡུས་པ་ལྟར། འདིར་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་ཀྱང་རྩ་འཁོར་ལོ་ལ་སོགས་པར་བསྡུས་པས། སྤྲོས་པ་ཐམས་ཅད་འདིར་ཆོད་པར་བྱས་པས་ལམ་ལ་སོམ་ཉི་སེལ་བར་བྱེད་དོ། །གང་སྡོམ་ན་མི་མཐུན་པའི་ཕྱོགས་སྡོམ་པས་སྡོམ་པ་སྟེ། ཕྱི་རོལ་ཏུ་ཉན་ཐོས་ལུས་ངག་གི་ཁ་ན་མ་ཐོ་བ་སྡོམ་ཞིང་། བྱང་ཆུབ་སེམས་དཔའ་སེམས་ཀྱི་ཁ་ན་མ་ཐོ་བ་སྡོམ་ལ། འདིར་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་སྡོམ་པའོ། །སྡོམ་པ་རང་གི་ངོ་བོ་ནི། དེས་བདེ་བར་གྱུར་པས་སྡོམ་པ་སྟེ། མཐུན་པ་རྣམས་ཀྱི་བཀའ་ཐུབ་བདེ། །ཞེས་བྱ་བ་ལ་སོགས་པ་ལྟ་བུར་འདིར་ཡང་རང་བྱུང་གི་ཡེ་ཤེས་བདེ་བ་མཆོག་ཏུ་གྱུར་པ་སྟེ། སམ་ཞེས་བྱ་བ་བདེ་བར་བཤད། །སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས། །མཆོག་ཏུ་བདེ་བ་བདེ་བའི་མཆོག །ཅེས་མཉམ་སྦྱོར་ལས་གསུངས་པ་ལྟ་བུའོ། །སྡོམ་པའི་ཐབས་ནི་ཕྱི་རོལ་ཏུ་བརྗོད་པས་ཐོབ་པ་ལྟར། འདིར་ཕྱག་རྒྱའི་ལམ་མམ་གཏུམ་མོ་འབར་བ་དང་འཛག་པ་ལ་སོགས་པ་སྟེ་སྤྱིའི་དོན་ཏོ། །ཡན་ལག་གི་དོན་ལ་སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ། ཞེས་པའི་སྡོམ་པ་ནི་བཤད་ཟིན་ལ། དབྱེ་བ་ནི་ཕྱི་རོལ་ན་ཇི་སྙེད་ཡོད་པ་དེ་ནང་དུ་སྤྲོས་པ་གཅོད་པ་ཡིན་ཏེ། ཇི་ལྟར་ཕྱི་རོལ་དེ་ལྟར་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། །ཞེས་འཆད་པར་འགྱུར་རོ། །དེ་ལས་འདིར་གནས་དང་། མང་པོ་གཅིག་ཏུ་སྡོམ་པ་དང་། ཐབས་བསྟན་ལ། གཉིས་པོ་ཤུགས་ཀྱིས་འབྱུང་ངོ་། །ཞེས་གསུངས་སོ། །དེ་དག་གི་དོན་ཡང་སྡོམ་པའི་སྐད་དོད་ལ། སམ་བ་ར་ཞེས་པའི་སམ་བདེ་བ་དང་། བ་ར་མཆོག་ལ་འཇུག་པས། བདེ་བའི་མཆོག་གམ། མཆོག་ཏུ་བདེ་བ་སྟེ། དེ་ཉིད་ཀྱང་སྤང་བྱ་མི་མཐུན་པའི་ཕྱོགས་སྡོམ་པའི་སྒོ་ནས་བདེ་བ་ཡིན་གྱི་ཚོར་བ་བདེ་བ་ལྟ་བུ་མ་ཡིན་པས་ན་སྡོམ་པར་ཡང་བསྒྱུར་རོ། །དེ་ལྟ་བུའི་སྡོམ་པའི་སྒྲ་དོན། སྡོམ་པ་གསུམ་ཆར་ལ་འཆད་དགོས་པས། འདིར་རྗེ་བཙུན་གྱིས་སོ་ཐར་གྱི་སྡོམ་པ་ལ་གནས་སོགས་ལྔའི་སྒོ་ནས་སྡོམ་པར་འཇོག་པ་དཔེར་བྱས་ནས་རྫོགས་རིམ་གྱི་སྡོམ་པ་གནས་སོགས་ལྔའི་སྒོ་ནས་སྡོམ་པར་འཇོག་པར་གསུངས་པའི་སྐབས་དོན་རྫོགས་རིམ་གྱི་སྡོམ་པ་འཆད་པའི་སྐབས་ཡིན་པ་ལ་དགོངས་སོ། །དེ་ཉིད་ཀྱི་རིག་པས་བྱང་སེམས་ཀྱི་སྡོམ་པ་དང་། བསྐྱེད་རིམ་གྱི་སྡོམ་པ་ཡང་གནས་སོགས་ལྔའི་སྒོ་ནས་འཇོག་པར་འགྲུབ་སྟེ། འདི་ཉིད་ཀྱི་སྤང་བྱ་གང་སྡོམ་པའི་སྐབས་སུ་བྱང་སེམས་སེམས་ཀྱི་ཁ་ན་མ་ཐོ་བ་སྡོམ་པར་གསུངས་པ་ལས་ཞེས་སོ། །དེས་ན་སྐབས་འདིར་སྡོམ་པ་རང་གི་ངོ་བོ་མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ་ཞེས་པ་དཔེར་བྱས་ནས་རང་བྱུང་ཡེ་ཤེས་བདེ་བ་མཆོག་ཏུ་གྱུར་པ་ལ་དངོས་སུ་གསུངས་པའི་རྫོགས་རིམ་གྱི་སྡོམ་པ་ཞེས་པའི་ཐ་སྙད་ཀྱང་མི་འཐད་པ་དང་། དེ་འཐད་ཀྱང་རྫོགས་རིམ་གྱི་སྡོམ་པ་སྡོམ་པ་མ་ཡིན་པར་འདོད་པ་རྣམས་ནི་རྒྱུད་དང་གོང་མའི་གསུང་རབ་འདི་དག་དང་འགལ་ལོ། །གལ་ཏེ་རྫོགས་རིམ་གྱི་སྡོམ་པ་སྡོམ་པ་ཡིན་ཀྱང་ཕྱིས་རྫོགས་རིམ་བསྒོམ་པ་ལས་སྐྱེ་བ་ཡིན་གྱི་སྔར་དབང་གི་གནས་སྐབས་སུ་ཐོབ་པ་མི་འཐད་དེ། དབང་གི་སྐབས་སུ་ཐོབ་པའི་བཤད་པ་མེད་པའི་ཕྱིར་དང་། འདིར་ཡང་སྡོམ་པའི་ཐབས་ཕྱག་རྒྱའི་ལམ་མམ། གཏུམ་མོ་འབར་འཛག་ཉིད་ལ་བཤད་པས་སོ་སྙམ་ན། བཤད་པ་མེད་དོ་ཞེས་པའི་ཁ་ཚོན་གཅོད་པ་སྔ་བ་ནི་མི་རུང་སྟེ། ཀྱེ་རྡོ་རྗེའི་རྩ་རྒྱུད་ཕྱི་མའི་གསུམ་པར། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝཾ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་གསུངས་པའི་དོན། རྗེ་བཙུན་གྱིས་སྡོམ་པའི་གནས་གསང་གནས་དང་། ངོ་བོ་ཟུང་འཇུག་གི་ཡེ་ཤེས་དང་། ཐབས་དབང་གསུམ་པ་སྟེ། ཚུལ་གསུམ་དུ་གནས་པར་གསུངས་པའི་ཕྱིར་རོ། །དེ་ཉིད་རྫོགས་རིམ་གྱི་སྡོམ་པ་མ་ཡིན་ནོ་སྙམ་ན། ལེའུ་དེ་ཉིད་ཀྱི་མངོན་པར་རྟོགས་པ་གང་དང་འབྲེལ་གྱི་སྐབས་སུ། རྫོགས་རིམ་གྱི་སྡོམ་པའི་རབ་དབྱེ་ཞེས་གསུངས་པ་དེ། གཞུང་གང་ལ་བསྙེགས་པ་ཡིན་བརྗོད་དགོས་སོ། །གནས་སོགས་ལྔའི་སྐབས་ཀྱི་སྡོམ་པའི་ཐབས་ཀྱི་ངོས་འཛིན་ནི་ལེའུ་དེར། གནས་དང་། གྲངས་དང་། ཐབས་གསུམ་དངོས་སུ་བསྟན་པར་གསུངས་པའི་ཐབས་ནི། ལྟེ་བར་གཏུམ་པོ་སྦར་བ་ཡིས། །ཞེས་སོགས་ཚིགས་བཅད་ཅིག་གིས་བསྟན་པ་ལ། རང་བྱིན་རླབས་དང་། དཀྱིལ་འཁོར་འཁོར་ལོའི་བཤད་པ་གཉིས་མཛད་པའི་དབང་དུ་བྱས་པ་ཡིན་པས་དེས་དབང་ལས་ཐོབ་པ་མི་ཁེགས་སོ། །དེས་ན་ཁོ་བོའི་ལུགས་ཀྱིས་རྒྱུད་གོང་འོག་བསྡེབས་ནས་རྫོགས་རིམ་གྱི་སྡོམ་པ་དབང་གི་སྐབས་སུ་སྔར་མེད་གསར་དུ་ཐོབ་ཅིང་། ལམ་གྱི་སྐབས་སུ་ཐོབ་ཟིན་ཡང་ཡང་མངོན་དུ་བྱེད་པའི་ཚུལ་གྱིས་གོམས་པར་བྱེད་པས་སྡོམ་པའི་ཐབས་ལ་དབང་དང་ལམ་གཉིས་གསུངས་པ་གནད་གཅིག་ཏུ་འགྱུར་ཞིང་། སྔར་བཤད་པའི་རྒྱུ་དབང་ལམ་དུ་བྱེད་པ་མན་ཆད་ཐམས་ཅད་ཀྱང་དབང་བཞིའི་སྡོམ་པ་ཡང་ཡང་གོམས་པར་བྱེད་པའི་ཐབས་སུ་གྲུབ་བོ། །ད་ནི་སྔར་བཤད་པའི་རྫོགས་རིམ་གྱི་སྡོམ་པ་དེ་དག་གི་མིང་གི་རྣམ་གྲངས་རྒྱུད་སྡེ་ལས་གསུངས་པ་རགས་པ་ཙམ་བརྗོད་པའི་སྒོ་ནས་དེ་དག་དང་ལྡན་པའི་གང་ཟག་གི་སྒྲ་དོན་ཡང་བཤད་པར་འདོད་ནས། སྐལ་ལྡན་གང་གིས་རྣལ་འབྱོར་ཆེན་པོ་ཡི། །སྔགས་ཀྱི་སྡོམ་པ་དབང་གི་ཡེ་ཤེས་དང་། །ལམ་གྱི་ཉམས་མྱོང་ཕྱག་རྒྱ་ཆེན་པོ་དང་། །རང་བྱུང་བདེ་ཆེན་བརྗོད་བྲལ་ལྷན་ཅིག་སྐྱེས། །རང་རིག་མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །ཟུང་འཇུག་འགྱུར་མེད་ལྷུན་གྲུབ་མ་བཅོས་པ། །དབྱེར་མེད་ཤེས་ནས་རྩེ་གཅིག་སྒྲུབ་པ་དེ། །གསང་བ་ཆེན་པོའི་རྣལ་འབྱོར་པ་ཞེས་བྱ། །ཞེས་བྱ་བ་སྨོས་ཏེ། དེ་ལ་སྔགས་ནི་མནྟྲ་ཅེས་པའི་མ་ནུ་ཡིད་དང་། ཏ་ར་སྐྱོབ་པ་ལ་འཇུག་པས་ཡིད་མཚན་རྟོག་ལས་སྐྱོབ་པས་ན་སྔགས་ཏེ། གསང་བ་འདུས་པ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་ལས་གང་དང་གང་འབྱུང་བ། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲཱ་ནི་སྐྱོབ་པར་བྱེད་པ་སྟེ། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱི་བསྲུང་བ་ནི། །སྔགས་ཀྱི་སྦྱོང་བ་ཞེས་བཤད་དོ། །ཞེས་བྱ་བ་དང་། ཡང་གཉིས་སུ་མེད་པའི་མཚན་ཉིད་ཀྱང་། དབང་ཡོན་ཏན་རིམ་པར། མན་ནི་སྟོང་པ་མཚན་མ་བྲལ། །དེ་བཞིན་གཤེགས་པའི་དབུགས་དབྱུང་བ། །ཤེས་རབ་ཆེན་པོར་བདག་གིས་བཤད། །ཏྲཱ་ནི་སྐྱོབ་པར་བྱེད་པའི་དོན། །རྡོ་རྗེ་སེམས་དཔའི་དབུགས་དབྱུང་བ། །སྙིང་རྗེ་ཆེན་པོར་བདག་གིས་བཤད། །སྟོང་པ་དང་ནི་སྙིང་རྗེ་ཉིད། །གཉིས་སུ་མེད་དང་གཉིས་ཀྱི་ཚུལ། །གསང་སྔགས་ཞེས་ནི་དེ་ལ་བཤད། །ཅེས་གསུངས་སོ། །དེ་ལྟར་སྔགས་ཀྱི་དོན་ཡིད་མཚན་རྟོག་ལས་སྐྱོབ་པ་དང་། ཐབས་ཤེས་གཉིས་སུ་མེད་པ་ལ་བཤད་པ་གཉིས་ཀ་ཡང་རྒྱུད་གསུམ་ཀ་ལ་འཇུག་ཏུ་རུང་སྟེ། རྒྱུ་རྒྱུད་ནི་རང་བཞིན་གྱིས་མཚན་རྟོག་ལས་སྐྱོབ། ཐབས་རྒྱུད་ནི་གློ་བུར་གྱི་མཚན་རྟོག་སྤོང་བར་བྱེད། འབྲས་རྒྱུད་ནི་གློ་བུར་གྱི་མཚན་རྟོགས་སྤངས་ཟིན་པས་ན་སྔགས་ཏེ། རྒྱུད་ཀྱི་རྒྱལ་པོ་ཞེས་པའི་རྒྱལ་པོ་རྒྱུད་གསུམ་ཆར་ལ་བཤད་པ་བཞིན་ནོ། །གཉིས་སུ་མེད་པ་རྒྱུད་གསུམ་ཆར་ལ་འཇུག་པ་ཡང་། ཀྱེ་རྡོ་རྗེའི་མཚན་གྱི་སྒྲ་དོན་རྒྱུད་གསུམ་ཆར་ལ་བཤད་པ་ཉིད་ཀྱིས་ཤེས་སོ། །རྒྱུད་གསུམ་ཆར་ལ་སྔགས་ཀྱི་སྒྲ་འཇུག་ཀྱང་། སྔགས་དང་། དེའི་སྡོམ་པ་མཚན་ཉིད་པ་ཐབས་རྒྱུད་ཡན་ཆད་ལ་འཇོག་པའི་ཚུལ་ནི་གཙོ་བོར་འོག་ཏུ་འབྱུང་ཞིང་། འདིར་ཡང་སྔར་གྱི་ལུང་ཉིད་ལས། རྒྱུད་ལས་གང་བཤད་པའི་དམ་ཚིག་དང་སྡོམ་པ་དང་། རྡོ་རྗེ་ཀུན་གྱི་བསྲུང་བ་དང་། སྔགས་ཀྱི་སྤྱོད་པ་གསུམ་པོ་དོན་གཅིག་པར་གསུངས་པས་འགྲུབ་ཅིང་། འདུས་པའི་རྒྱུད་ཕྱི་མར་ཡང་དེ་བཞིན་དུ་འབྱུང་ངོ་། །དེ་ལྟ་བུའི་སྔགས་ཀྱི་སྡོམ་པ་ལ་སྤྱིར་དུ་མ་ཡོད་པའི་ནང་ནས། དབང་གི་སྐབས་སུ་སྐྱེས་པའི་ཡེ་ཤེས་དང་། ལམ་གྱི་ཉམས་མྱོང་དང་། ཕྱག་རྒྱ་ཆེན་པོ་སྔགས་སྡོམ་དུ་འཇོག་པའི་ཚེ། གསུམ་ཀ་ཡང་ཡེ་ཤེས་གཅིག་ཉིད་ཀྱི་རྣམ་གྲངས་སུ་ཤེས་པར་བྱའོ། །དེ་ཉིད་ལ་རྒྱུད་སྡེ་རྣམས་ལས། རང་བྱུང་ལ་སོགས་པ་མཚན་གྱི་རྣམ་གྲངས་དུ་མས་བསྟན་ཏོ། །ལུས་ལ་གནད་དུ་བསྣུན་པ་ལས་རང་གི་ངང་གིས་བྱུང་བས་ན་རང་བྱུང་དང་། བདེ་བའི་ངོ་བོར་སྐྱེས་པས་ན་བདེ་ཆེན་དང་། ཚིག་གིས་བརྗོད་མི་ཤེས་པས་ན་བརྗོད་བྲལ་དང་། ཐོག་མ་མེད་པ་ནས་དབྱེར་མེད་དུ་ཡོད་པས་ན་ལྷན་སྐྱེས་དང་། གཞན་གྱིས་རྟོགས་པ་མ་ཡིན་པར་སོ་སོ་རང་གིས་རིག་པས་ན་རང་རིག་དང་། མཐའ་དབུས་མེད་པས་ན་མཁའ་མཉམ་དང་། གློ་བུར་གྱི་རྣམ་པར་རྟོག་པའང་མེད་པས་ན་རྡུལ་བྲལ་དང་། མཐའ་བཞིའི་སྤྲོས་པས་སྟོང་པ་ན་སྟོང་ཉིད། ཐབས་ཤེས་དབྱེར་མེད་པས་ན་ཟུང་འཇུག་དང་། གཞན་དུ་མི་འགྱུར་བས་ན་འགྱུར་མེད་ཡི་གེ་དང་། རང་བཞིན་རྒྱུའི་དུས་ནས་ཡོད་པས་ན་ལྷུན་གྲུབ་དང་། རྐྱེན་གྱིས་གསར་དུ་མ་བསྐྱེད་པས་ན་མ་བཅོས་པ་དང་། སེམས་ཀྱི་རང་བཞིན་ཡིན་པས་ན་སྲོག་ཆགས་རྣམས་ཀྱི་སྲོག་དང་། བརྟན་གཡོ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས་འགྲོ་བའི་བདག་ཉིད་དང་། བརྟན་གཡོ་ཐམས་ཅད་ལ་ཁྱབ་པས་ན་ཁྱབ་པ་པོ་ཞེས་སོགས་དོན་དམ་པར་མིང་གིས་བརྗོད་མི་ཤེས་ཀྱང་གདུལ་བྱ་ལ་ཐ་སྙད་གདགས་པའི་ཆེད་དུ་མིང་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཏེ། ཀྱེ་རྡོ་རྗེའི་དང་པོའི་བཅུ་པ་ལས། རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མེད་བདག་ཉིད་མཆོག །ཐབས་དང་ཤེས་རབ་ཉིད་དུ་འདྲེས། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་ཡི་གེ་དམ་པ་ཉིད། །དེ་ཉིད་འགྲོ་བའི་བདག་ཉིད་དེ། །དེ་ཉིད་ཐམས་ཅད་ཁྱབ་པ་པོ། །ཐམས་ཅད་ལུས་ལ་རྣམ་པར་གནས། །དངོས་དང་དངོས་མེད་དེ་ལས་བྱུང་། །གཞན་རྣམས་གང་རྣམས་དེ་རྣམས་དང་། །རྣམ་པར་ཤེས་པ་ཀུན་ཀྱི་ཚུལ། །ཞེས་གསུངས་ལ། ལུང་གཞན་རྣམས་ནི་མངས་པས་འཇིགས་པས་མ་བྲིས་སོ། །དེ་ལྟ་བུའི་དབང་དང་རིམ་གཉིས་ལས་སྐྱེས་པའི་ཡེ་ཤེས་ཉིད་ལ་སྣང་བའི་དངོས་པོ་མཐའ་དག་དང་། འབྲས་བུ་སངས་རྒྱས་ཀྱི་སའི་ཡོན་ཏན་མཐའ་དག་དག་བྱ་དག་བྱེད་དང་རྒྱུ་ལ་འབྲས་བུའི་རྒྱ་ལ་སོགས་པའི་ཚུལ་གྱིས་དབྱེར་མེད་དུ་ཤེས་ཤིང་། ལམ་སྡོམ་པ་གསུམ་པོ་མཐའ་དག་དང་། སྔར་བཤད་པའི་ཡོན་ཏན་གྱི་ལྡོག་པ་མཐའ་དག་དང་། སྔགས་ཀྱི་བཟླས་པ་དང་། སྦྱིན་སྲེག་ལ་སོགས་པའི་སྤྱོད་པ་མཐའ་དག་དབྱེར་མེད་དུ་ཤེས་ནས་རྩེ་གཅིག་ཏུ་ཉམས་སུ་ལེན་པའི་གང་ཟག་དེ་ལ་གསང་བ་ཆེན་པོའི་རྣལ་འབྱོར་པ་ཞེས་བྱ་སྟེ། ཀྱེ་རྡོ་རྗེ་ལས། ང་ལས་འགྲོ་བ་ཐམས་ཅད་འབྱུང་། །ང་ལས་གནས་གསུམ་པོ་ཡང་འབྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་དང་། དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །བདེ་ཆེན་བཟང་པོའི་རྣལ་འབྱོར་མ། །དེ་ཉིད་དཀྱིལ་འཁོར་འཁོར་ལོ་དང་། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཞེས་དང་། སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་དང་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ན་ནི་སེམས་ནི་བསྡུས་པའི་གཟུགས་ཅན་ནོ། །ཞེས་གསུངས་སོ། །དེ་ལྟར་མིང་གི་རྣམ་གྲངས་བསྟན་པ་དེ་དག་ཁྱབ་མཉམ་ཉིད་དུ་འཁྲུལ་པར་དོགས་ནས། ཡེ་ཤེས་སྐྱེས་ཚེ་དེ་དག་སྡོམ་པ་ཡི། །མིང་གི་རྣམ་གྲངས་ཡིན་ཀྱང་མ་སྐྱེས་ན། །སྤོང་སེམས་ཙམ་ལ་དེ་དག་མི་འཇུག་པས། །ཁྱབ་མཉམ་ཉིད་དུ་འཁྲུལ་པར་མི་བྱའོ། །ཞེས་བྱ་བ་སྨོས་ཏེ། དབང་དང་རིམ་གཉིས་ལས་སྐྱེས་པའི་ཡེ་ཤེས་ལ་སྔགས་སྡོམ་དུ་འཇོག་པའི་ཚེ་སྔར་གྱི་དེ་དག་མིང་གི་རྣམ་གྲངས་སུ་འཇུག་ཀྱང་། སྔགས་ཀྱི་སྤྱོད་པ་དང་། སྤོང་སེམས་མཐའ་དག་སྔགས་སྡོམ་དུ་འཇོག་པའི་ཚེ་མ་ངེས་ཏེ། མཉམ་གཞག་ལའང་ཡེ་ཤེས་མ་སྐྱེས་པའི་སྐབས་དང་། རྗེས་སྤྱོད་ཀྱི་སྐབས་ཀྱི་སྔགས་སྡོམ་ཕལ་ཆེ་བ་རྟོག་བཅས་ཀྱི་སྔགས་སྡོམ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་སྔགས་ཀྱི་སྤྱོད་པ་དང་། སྔགས་སྡོམ་མཐའ་དག་སྔགས་ཀྱི་ཉམས་ལེན་དུ་འདུ་ཞེ་ན། མཉམ་པར་གཞག་དང་མ་གཞག་རྣལ་འབྱོར་བཅུས། །དབང་གི་དུས་ཀྱི་སྐུ་བཞིའི་ས་བོན་ཉིད། །བསྲུང་ཞིང་འཕེལ་བར་བྱེད་ཕྱིར་བཅུ་ཆར་ཡང་། །སྔགས་ཀྱི་སྡོམ་པའི་ཉམས་ལེན་ཉིད་དུ་འདུས། །ཞེས་བྱ་བ་འདི་ཉིད་ཡིན་ཏེ། ཉམས་ལེན་མཐའ་དག་མཉམ་པར་གཞག་པའི་རྣལ་འབྱོར་དང་། མཉམ་པར་མ་གཞག་པའི་རྣལ་འབྱོར་གཉིས། དང་པོ་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས། ཕྱི་མ་ལ་ཉལ་བ་དང་། ལྡང་བ་དང་། ཁྲུས་དང་། མཆོད་གཏོར་དང་། བཟླས་པ་དང་། ཁ་ཟས་དང་། སྤྱོད་ལམ་དང་། རྗེས་ཆགས་ཀྱི་རྣལ་འབྱོར་རྣམ་པ་བརྒྱད་དེ་བཅུར་འདུས་པ་ལས། བསྐྱེད་རིམ་གྱིས་ནི་བུམ་དབང་གི་སྐབས་སུ་ཐོབ་པའི་སྤྲུལ་སྐུའི་ས་བོན་གོང་འཕེལ་དུ་བྱེད། རྫོགས་རིམ་གྱིས་ནི་དབང་གོང་མ་གསུམ་གྱི་སྐབས་སུ་ཐོབ་པའི་སྐུ་ཕྱི་མ་གསུམ་གྱི་ས་བོན་གོང་འཕེལ་དུ་བྱེད་པས་ཐམས་ཅད་ཀྱང་སྔགས་ཀྱི་སྡོམ་པའི་ཉམས་ལེན་དུ་འདུས་ཏེ། འདི་ལ་དགོངས་ནས་ཆོས་རྗེ་ས་པཎ་གྱིས། དེ་ཕྱིར་ཕ་རོལ་ཕྱིན་པ་ལ། །སེམས་བསྐྱེད་མིན་པའི་ཆོས་གཞན་མེད། །རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དབང་བསྐུར་ལས་གཞན་ཆོས་མེད་དོ། །ཞེས་གསུངས་པར་ཤེས་པར་བྱའོ། །གཞན་ཡང་དམ་ཚིག་དང་སྡོམ་པའི་ནང་དུ་ཉམས་ལེན་མཐའ་དག་འདུས་པ་ནི། དག་ལྡན་ལས། དམ་ཚིག་དང་སྡོམ་པ་ནི། དེ་ལ་དང་པོ་ཐོབ་པ་ལ་དམ་ཚིག མི་ཉམས་པ་བསྲུང་བ་ལ་སྡོམ་པ་ཞེས་བྱ་བའམ། བཟའ་བ་ལ་དམ་ཚིག བསྲུང་བ་ལ་སྡོམ་པ་ཞེས་བྱ་བའམ། གཉེན་པོ་བརྟེན་པ་དམ་ཚིག སྤང་བྱ་སྤོང་བ་ལ་སྡོམ་པ་ཞེས་བྱ་བའམ། དེ་གཉིས་མིང་གི་རྣམ་གྲངས་སུའང་འགྱུར་རོ་ཞེས་གསུངས་ཤིང་། དམ་ཚིག་ཉི་ཤུའི་སྐབས་ཀྱིས་ཀྱང་ཤེས་ཏེ། བསྐྱེད་རྫོགས་གཉིས་ནི་མཉམ་གཞག་གི་དམ་ཚིག དེ་ལས་བྱུང་བའི་ལྟ་བ་རྣམས་ནི་རྗེས་སྤྱོད་ཀྱི་དམ་ཚིག ཉམས་ལེན་གཞན་རྣམས་ནི་བཟའ་བ་དང་བསྲུང་བ་དང་། མི་འབྲལ་བའི་དམ་ཚིག་ཏུ་འདུས་པའི་ཕྱིར་རོ། །སྣང་བ་ཐམས་ཅད་ཀྱང་དེར་སྡོམ་པའི་དག་བྱ་དག་བྱེད་ངོ་སྤྲོད་པའི་ཕྱིར་དུ། སྣང་བའི་དངོས་པོ་རིམ་པ་དང་པོར་ནི། །ལྷ་རུ་སྡོམ་ཞིང་དེ་ཉིད་གཉིས་པའི་ཚེ། །བདེ་ཆེན་ཡེ་ཤེས་ཉིད་དུ་སྡོམ་པའི་ཕྱིར། །སྣང་བ་ཐམས་ཅད་འདི་རུ་སྡོམ་པར་གསུངས། །ཞེས་སྨོས་ཏེ། བསྐྱེད་རིམ་གྱི་སྐབས་སུ་གཉེན་པོར་ཆེ་བ་བཞིའི་སྒོ་ནས་མ་དག་པའི་སྣང་བ་མཐའ་དག་ལྷའི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པར་སྤྱོད་པ་དང་། རྫོགས་རིམ་གྱི་སྐབས་སུ། བརྟན་དང་གཡོ་བའི་དངོས་པོ་གང་། །རྩ་ལྕུག་འཁྲིལ་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་དེས་བསྒོམ་བྱ། །ཞེས་པའི་ཚུལ་གྱིས་ཡེ་ཤེས་ཀྱི་ངོ་བོར་རྣམ་པར་དག་པར་གསུངས་པའི་རིགས་པས་སྣང་བའི་དངོས་པོ་མཐའ་དག་སྔགས་སྡོམ་གྱི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པར་ཤེས་པར་བྱ་སྟེ། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཨེ་ཡི་རྣམ་པར་སྡོམ་པའི་གནས། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། །ཞེས་པའི་ལུང་དང་། འདི་བསྒོམས་པས་མཐར་སྣང་བ་ཐམས་ཅད་རང་སྣང་གི་ཡེ་ཤེས་སུ་འགྱུར་བའི་རིགས་པས་སོ། །ལུས་རྣམ་གཞག་གི་སོགས་ཀྱི་སྒྲས་བསྡུས་པ་རྒྱུད་གསུམ་སྡོམ་པར་སྦྱོར་ཚུལ་མཚན་བཏགས་ཕྱེ་བ་དང་བཅས་པ། སྡོམ་པ་དང་ཕྱག་རྒྱ་ཆེན་པོའི་སྒྲ་དོན་གྱི་ཁྱད་པར། རིམ་པ་གཉིས་ཀྱི་སྡོམ་པའི་གྲངས་ངེས་འགྲུབ་པ་དང་གསུམ་ལས་དང་པོ་ནི། རྒྱུད་གསུམ་ཀྱེ་ཡི་རྡོ་རྗེར་སྦྱོར་ཚུལ་དང་། །རྒྱུད་གསུམ་དག་པ་གསུམ་དུ་སྦྱོར་ཚུལ་གྱིས། །རྒྱུད་གསུམ་སྡོམ་པར་སྦྱོར་ཚུལ་རྟོགས་པར་འགྱུར། །འོན་ཀྱང་མཚན་བཏགས་ཕྱེ་བ་གནད་དུ་གཅེས། །ཞེས་བྱ་བ་ཡིན་ཏེ། འདི་ལ་དཔེ་སྒྲུབ་པ་དང་། མཚན་བཏགས་ཕྱེ་བ་དང་། དོན་ལ་སྦྱར་བ་གསུམ་ལས། དང་པོ་ནི། རྗེ་བཙུན་སྐུ་མཆེད་གཉིས་ཆར་གྱིས། ཀྱེ་རྡོ་རྗེ་ཞེས་པའི་མཚན་གྱི་དོན་གྱིས་རྒྱུད་ཀྱི་བརྗོད་བྱ་རྒྱུད་གསུམ་པོ་མ་ལུས་པ་བསྟན་དགོས་པས་རྒྱུ་རྒྱུད་ལ་དངོས་པོ་སྣ་ཚོགས་སུ་སྣང་བ་ནི་ཐབས་ཏེ་ཧེའི་དོན་ཏོ། །རང་བཞིན་མེད་པ་ནི་ཤེས་རབ་སྟེ་བཛྲ་གྱི་དོན་ཏོ། །བདག་ཉིད་རྒྱུད་ནི་སེམས་ཅན་གཅིག་གི་རྒྱུད་ལ་དབྱེར་མི་ཕྱེད་པར་གཉིས་སུ་མེད་པའི་དོན་ཏོ། །ལམ་གྱི་དབང་དུ་བྱས་ན་བསྐྱེད་པ་ཐབས། རྫོགས་པ་ཤེས་རབ། བསྐྱེད་པའི་ཡང་ལྷ་ཡབ་ཀྱི་རྣམ་པ་ཐབས། ཡུམ་གྱི་རྣམ་པ་ཤེས་རབ། རྫོགས་རིམ་གྱིའང་རང་བྱིན་རླབས་ཐབས། དཀྱིལ་འཁོར་འཁོར་ལོ་ཤེས་རབ། རང་བྱིན་རླབས་ཀྱིའང་དམིགས་བཅས་ཐབས། དམིགས་མེད་ཤེས་རབ་བོ། །དེ་རྣམས་ཐམས་ཅད་ཀྱང་སྒྲུབ་པ་པོ་གཅིག་གི་རྒྱུད་ལ་དབྱེར་མི་ཕྱེད་པར་ཉམས་སུ་ལེན་པར་བྱེད་པ་བདག་ཉིད་རྒྱུད་ཅེས་བྱ་བ་ཡིན་ནོ། །འབྲས་བུའི་རྒྱུད་ཀྱི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ནི་བསྟན་ཟིན་ཏོ། །ཞེས་གསུངས་ལ། བསྟན་ཟིན་པའི་དོན་ཡང་། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་པའི་སྐབས་སུ་སངས་རྒྱས་སའི་དམིགས་པ་མེད་པའི་སྙིང་རྗེ་དང་། ཤེས་རབ་ཟུང་དུ་འཇུག་པ་ལ་བཤད་པ་ཉིད་དོ། །དག་པ་གསུམ་རྒྱུད་གསུམ་ལ་སྦྱོར་བའི་ཚུལ་ནི་རྩ་རྒྱུད་དང་པོའི་དགུ་པར། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་དང་། རང་རིག་བདག་ཉིད་དག་པ་ཉིད། །ཅེས་གསུངས་པའི་དོན་ལ་རྗེ་བཙུན་གྱི་དེ་ཡང་རྒྱུའི་རྒྱུད་ཀྱི་དེ་བཞིན་ཉིད་ཀྱི་དག་པ་ནི་ཆོས་ཐམས་ཅད་རང་གི་སེམས་ཡིན་ལ། སེམས་དེ་ཡང་རང་བཞིན་གྱིས་སྤྲོས་པ་དང་བྲལ་བའོ། །དེའང་གསལ་བའི་ཆ་ནི་རང་རིག་པའི་དག་པ་སྟེ། དེ་གཉིས་ནི་སེམས་རང་བཞིན་གྱིས་དག་པའི་རྫོགས་པའི་སངས་རྒྱས་སོ། །ལུས་ཞལ་ཕྱག་གི་རྣམ་པར་གྲུབ་པ་ནི་ལྷ་སོ་སོའི་དག་པ་སྟེ་ལུས་རང་བཞིན་གྱིས་རྫོགས་པའི་སངས་རྒྱས་སོ། །རྒྱུའི་རྒྱུད་དེ་ལྟར་གནས་པའི་སྟོབས་ཀྱིས། ཐབས་ཀྱི་རྒྱུད་ཀྱང་དག་པ་གསུམ་སྟེ། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་ཡུལ་དུ་བྱེད་པའི་ལྟ་བ་ནི་དེ་བཞིན་ཉིད་ཀྱི་དག་པ་སྟེ། འདིས་སྤང་བྱ་ཀུན་ཏུ་བརྟགས་པའི་དུག་ཞི་བར་བྱེད་དོ། །སྣང་བ་ཐམས་ཅད་ལྷའི་རང་བཞིན་དུ་ཤེས་པར་བྱས་ནས་ལྷ་ཡང་ཞལཾ་ཕྱག་གི་དག་པ་སྟོང་པ་ལ་སོགས་པས་བྱེ་བྲག་དུ་སྦྱངས་ཏེ། དེ་ཡང་དེ་བཞིན་ཉིད་ཀྱི་དག་པས་བྱིན་གྱིས་བརླབས་ནས་བསྒོམ་པ་ནི་ལྷ་སོ་སོའི་དག་པ་སྟེ། འདིས་ཀུན་ཏུ་རྟོག་པའི་དུག་སྦྱོང་བར་བྱེད་དོ། །རྫོགས་རིམ་ལས་བྱུང་བའི་ཡེ་ཤེས་སྤྲོས་བྲལ་མངོན་དུ་གྱུར་པ་དེས་ལྷའང་བྱིན་གྱིས་བརླབས་ནས་བསྒོམ་པ་ནི་རང་རིག་པའི་དག་པ་སྟེ། འདིས་ལྷར་ཞེན་པའི་དུག་སྦྱོང་བར་བྱེད་དོ། །ཐབས་ཀྱི་རྒྱུད་དེ་ཉམས་སུ་བླངས་པས་འབྲས་བུའི་རྒྱུད་ཀྱང་དག་པ་གསུམ་དུ་འགྱུར་ཏེ། ངོ་བོ་ཉིད་ཀྱི་སྐུ་ནི་དེ་བཞིན་ཉིད་ཀྱི་དག་པ། གཟུགས་ཀྱི་སྐུ་གཉིས་ནི་ལྷ་སོ་སོའི་དག་པ། ཆོས་ཀྱི་སྐུ་ནི་རང་རིག་པའི་དག་པའོ། །ཡང་ན། ཆོས་ཀྱི་སྐུ་ནི་དེ་བཞིན་ཉིད་ཀྱི་དག་པ། ལོངས་སྤྱོད་རྫོགས་པའི་སྐུ་ནི་རང་རིག་པའི་དག་པ། སྤྲུལ་པའི་སྐུ་ནི་ལྷ་སོ་སོའི་དག་པའོ། །ཞེས་གསུངས་སོ། །གཉིས་པ་ནི། དེ་བཞིན་དུ་སྡོམ་པ་ཞེས་པའི་སྒྲ་དོན་ཡང་རྒྱུད་གསུམ་ཆར་ལ་འཇུག་སྟེ། བདེ་བའི་མཆོག་ལ་འཇུག་པའི་ཚེ་རྒྱུ་རྒྱུད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པས་བདེ་བའི་མཆོག་དང་། ཐབས་རྒྱུད་སྡུག་བསྔལ་སྤོང་བར་བྱེད་པས་བདེ་བའི་མཆོག་དང་། འབྲས་རྒྱུད་སྡུག་བསྔལ་སྤངས་ཟིན་པས་ན་བདེ་བའི་མཆོག་གོ །མང་པོ་གཅིག་ཏུ་སྡོམ་པ་ལ་འཇུག་པའི་ཚེ་རྒྱུད་གསུམ་པོ་དེ་དང་དེའི་གནས་སྐབས་ཀྱི་སྣང་བ་ཐམས་ཅད་རྒྱུད་གསུམ་པོ་དེ་དང་དེའི་ངོ་བོར་སྡོམ་པ་སྟེ། མན་ངག་ཐུན་མོང་མ་ཡིན་པའི་སྐབས་སུ། རྒྱུ་ལམ་འབྲས་བུའི་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གསུམ་བཤད་པ་ལྟར་རོ། །སྤང་བྱ་མི་མཐུན་པའི་ཕྱོགས་སྡོམ་པ་ལ་འཇུག་པའི་ཚེ་རྒྱུད་གསུམ་ལ་སྦྱོར་བའི་ཚུལ་ནི་སྔར་བཤད་ཟིན་ཏོ། །འདི་དག་རིགས་པའི་འགོས་སྦྱར་བར་སྣང་བས་ལུང་གིས་བརྒྱན་དགོས་སོ་སྙམ་ན། ཀྱེ་རྡོ་རྗེ་ལས། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཨེ་ཡི་རྣམ་པ་སྡོམ་པའི་གནས། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་ཕྱེ། །ཞེས་གསུངས་པའི་སྐབས་ཀྱི་སྡོམ་པ་གཙོ་བོར་རྫོགས་རིམ་གྱི་སྡོམ་པ་ཡིན་ཡང་ཤུགས་ལ་རྒྱུ་རྒྱུད་ཀྱི་སྡོམ་པ་སྟོན་པར་བཞེད་དེ། རྗེ་བཙུན་གྱིས་འདིར་གང་སྡོམ་ན་མི་མཐུན་པའི་ཕྱོགས་སྡོམ་པ་དང་། གང་གིས་སྡོམ་ན་གཏུམ་མོ་འབར་འཛག་གི་ཐབས་དང་། དཀྱིལ་འཁོར་འཁོར་ལོའི་ཐབས་གཉིས་ལས། དང་པོ་ནི་གཙོ་བོར་ལེའུ་དང་པོར་བསྟན་ལ། དཀྱིལ་འཁོར་འཁོར་ལོ་དང་སྡོམ་པ་རང་གི་ངོ་བོ་ནི། ཡེ་ཤེས་ལྔའི་ཚུལ་གྱིས་འདས་མ་ཐག་པར་བསྟན་ཅིང་གང་དུ་སྡོམ་པ་དང་། ཇི་སྙེད་ཅིག་སྡོམ་པ་འདིར་འབྱུང་བ་ལས། གང་དུ་སྡོམ་པ་ནི་ཨེ་ཝཾ་དང་འཁོར་ལོ་བཞིའོ། །ཇི་སྙེད་ཅིག་སྡོམ་པ་འདིར་ནང་གི་སྙོམས་འཇུག་དང་། འཁོར་ལོ་བཞི་ལ་སྐུ་གསུམ་དུ་བཞག་པ་དང་། འཁོར་ལོ་བཞི་ལ་འབྲས་བུ་བཞིར་བཞག་པ་དང་། འཁོར་ལོ་བཞི་ལ་སྡེ་པ་བཞིར་བཞག་པ་སྟེ་བཞི་དང་། སེམས་ཅན་རྣམས་རང་བཞིན་གྱིས་སངས་རྒྱས་ཡིན་ཞིང་གནས་སྐབས་ཀྱི་ཆོས་མཐུན་གྱིས་སངས་རྒྱས་སུ་བསྟན་པས་སྡོམ་པ་དང་ལྡན་པའི་གང་ཟག་ཏུ་བསྟན་པའོ། །ཞེས་གསུངས་ལ། འདིའི་དོན་གང་དུ་སྡོམ་པ་དང་། གྲངས་ཇི་སྙེད་སྡོམ་པ་ལུས་གྲུབ་ཙམ་ཉིད་ནས་རང་བཞིན་གྱིས་གནས་ལ་སྡོམ་པའི་ངོ་བོ་དང་། མི་མཐུན་པའི་ཕྱོགས་སྡོམ་པ་ལ་ཡང་རང་བཞིན་གྱི་སྡོམ་པའི་ཆ་དང་། ཐབས་ལ་བརྟེན་ནས་སྡོམ་པའི་ཆ་གཉིས་ལས། དང་པོ་ནི། རྒྱུའི་དུས་ནས་གནས། ཕྱི་མ་ནི་ལམ་གྱི་དུས་སུ་ཐོབ་པའོ། །སྡོམ་པའི་ཐབས་ནི་ལམ་ཁོ་ན་ལ་འཇོག་དགོས་པས་ལྔ་ཆར་ཚང་བའི་སྡོམ་པ་ལམ་ནས་འཇོག་པའི་གནད་ཀྱང་འདི་ཉིད་ཡིན་ཏེ་འཆད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་སྡོམ་པ་དང་ལྡན་པའི་གང་ཟག་ཡིན་པར་གསུངས་པ་ཡང་ལམ་མ་བསྒོམས་པའི་དུས་ན་རྒྱུ་རྒྱུད་ཀྱི་སྡོམ་པ་དང་ལྡན་ཞིང་ལམ་ལ་ཞུགས་ནས་ཐབས་ཀྱི་སྡོམ་པ་དང་ལྡན་པས་མཚན་བཏགས་མ་ཕྱེ་བའི་དབང་དུ་བྱས་པ་སྟེ། དེ་ལྟར་ན་རྒྱུ་རྒྱུད་ཀྱི་སྡོམ་པ་དང་ཐབས་ཀྱི་སྡོམ་པའི་རྣམ་གཞག་འགྲུབ་ཅིང་འབྲས་རྒྱུད་ཀྱི་སྡོམ་པ་ནི་སྔར་དྲངས་པའི་ལུང་རྣམས་དང་། གཞན་ཡང་ཀྱེ་རྡོ་རྗེ་མཁའ་འགྲོ་མ་དྲྭ་བའི་སྡོམ་པ་ཞེས་དང་། ཙཀྲ་སཾ་བ་རའི་དོན་འཁོར་ལོ་སྡོམ་པར་བསྒྱུར་བ་རྣམས་ཀྱིས་ཀྱང་སྟོན་ཏེ། སྡོམ་པའི་དོན་སྡོམ་པ་རྒྱུད་གསུམ་ཆར་ལ་སྒྲ་འཇུག་པ་རྒྱུད་དང་བླ་མ་གོང་མའི་གསུང་རབ་ལས་བཤད་པའོ། །གསུམ་པ་ནི། དེ་ལྟར་ཀྱེ་རྡོ་རྗེ་སོགས་དང་། དག་པ་གསུམ་དང་། སྡོམ་པ་རྣམས་རྒྱུད་གསུམ་ཆར་ལ་སྒྲ་བཤད་ན་རྒྱུད་གསུམ་ཆར་དེར་མཚན་ཉིད་པར་ཁས་ལེན་ནམ་འོན་ཏེ་མཚན་བཏགས་སོ་སོར་དབྱེ་བར་བྱར་ཡོད་ཅེ་ན། མཚན་བཏགས་སོ་སོར་ཕྱེ་བ་གནད་དུ་གཅེས་ཏེ། མིང་བཏགས་པ་ཙམ་དེ་དང་དེར་ཁས་བླངས་ན་རྣམ་གཞག་ཐམས་ཅད་འཆོལ་བར་འགྱུར་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། ཀྱེ་རྡོ་རྗེ་མཚན་ཉིད་པ་ནི་འབྲས་བུའི་རྒྱུད་ཁོ་ན་སྟེ། དེ་ཡིན་ན་ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་པའི་དངོས་བསྟན་ཡིན་དགོས་ཤིང་། གཞུང་དེ་ནི་འབྲས་རྒྱུད་སྟོན་པའི་སྐབས་ཡིན་པ་ལྟར་བླ་མ་གོང་མས་ཀྱང་འབྲས་རྒྱུད་ཁོ་ན་ལ་བཤད་པའི་ཕྱིར་རོ། །རྡོ་རྗེ་གུར་དང་། སཾ་བུ་ཊི་དང་། གསང་བ་འདུས་པ་སོགས་ཀྱང་དེ་བཞིན་ནོ། །དག་པ་གསུམ་ལ་ནི་རྒྱུད་གསུམ་ཆར་ཡང་མཚན་ཉིད་པ་སྟེ། འདི་ནི་རྣམ་པར་དག་པའི་ཆ་ནས་གཞག་པ་ཡིན་ལ་དེ་ནི་རྒྱུད་གསུམ་ཆར་ལ་འགལ་བ་མེད་པའི་ཕྱིར་རོ། །དེ་ཡང་དཔེར་ན་རྒྱུ་རྒྱུད་ཀྱི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པ་དང་། ཕུང་པོ་ལྔ་སངས་རྒྱས་ལྔའི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པ་སོགས་སྒྲ་ཇི་བཞིན་དུ་གཟུང་དགོས་ཏེ། གཞན་དུ་ན་དེ་དག་གི་ངོ་བོ་རང་བཞིན་གྱིས་དག་མ་དག་ཐེ་ཚོམ་ཟ་བ་དང་། རང་བཞིན་གྱིས་མ་དག་པར་མཐའ་གཅིག་ཏུ་འཛིན་པ་ལ་རྩ་ལྟུང་དགུ་པ་འབྱུང་བར་གསུངས་པའི་ཕྱིར་རོ། །གལ་ཏེ་ལྷའི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པས་ཐ་སྙད་དུ་ལྷ་ཡིན་པར་ཁས་བླངས་ན་ཐ་སྙད་དུ་ཆོས་ཐམས་ཅད་ཆོས་དབྱིངས་སུ་ཁས་བླངས་དགོས་པས་ཀུན་རྫོབ་བདེན་པ་དོན་དམ་བདེན་པར་ཁས་བླང་དགོས་པར་འགྱུར་རོ། །འོན་ཀྱང་འདི་ལ་ས་པཎ་གྱིས་གསུང་རབ་འཆད་པ་ལ་འཇུག་ཚུལ་ལ། ཐ་སྙད་ཁས་ནི་མ་བླང་བར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་པ་ལྟར་ཐ་སྙད་ཁས་བླངས་པ་འཇིག་རྟེན་མཐུན་འཇུག་གི་སྐབས་དང་། ཐ་སྙད་དཔྱོད་པའི་རིགས་པའི་སྐབས་དང་། དོན་དམ་དཔྱོད་པའི་རིགས་པའི་སྐབས་གསུམ་གསུངས་པ་བླ་མེད་འཆད་ཚུལ་ལ་སྦྱར་ན། སྐབས་དང་པོའི་ཚེ་སྣང་བ་ལྷ་ཡིན་པ་ཁས་མི་བླང་སྟེ། འདི་ནི་སེམས་ཡིན། འདི་སངས་རྒྱས་ཡིན། འདི་ནི་བུམ་པ་ཡིན། འདི་ནི་སྣམ་བུ་ཡིན། ཞེས་སོགས་རྣམ་གཞག་སོ་སོར་ཕྱེ་བའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པའི་ཚེ་ཕུང་པོ་ལྔ་སངས་རྒྱས་ལྔ་ཡིན་པ་སོགས་སྣང་བ་ཐམས་ཅད་ལྷར་ཁས་ལེན་དགོས་ཏེ། བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་སྦྱར་བའི་རིགས་པས་དཔྱད་པའི་ཚེ། ལྷ་མ་ཡིན་པའི་སྣང་བ་གང་ཡང་མེད་པའི་ཕྱིར་རོ། །གསུམ་པའི་ཚེ་ལྷ་ཡིན་པ་དང་མ་ཡིན་པ་སོགས་མཐའ་གང་ཡང་ཁས་མི་ལེན་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འདིར་མཚན་བཏགས་ཕྱེ་བ་རྣམས་ནི་དང་པོའི་དབང་དུ་བྱས་པའོ། །སྡོམ་པ་ལ་རྒྱུ་རྒྱུད་ནི་བཏགས་པ་བ་སྟེ། གཞན་དུ་ན་དབང་བསྐུར་མ་ཐོབ་པའི་སེམས་ཅན་ཐམས་ཅད་སྔགས་སྡོམ་རྒྱུད་ལྡན་དུ་ཁས་ལེན་དགོས་པས་འབད་མེད་དུ་གྲོལ་བ་དང་། གསང་སྒྲོགས་ཀྱི་རྩ་ལྟུང་གི་ཡུལ་མེད་པ་དང་། སྨིན་བྱེད་ལམ་དུས་ཀྱི་དབང་དུ་འགྱུར་བ་དང་། མངལ་སྐྱེས་ཐམས་ཅད་དགེ་སློང་དུ་འགྱུར་བ་དང་། སོ་སྐྱེ་དང་། ཐེག་དམན་ཐམས་ཅད་བྱང་སེམས་སུ་འགྱུར་བ་སོགས་སྐྱོན་མཐའ་ཡས་པའི་ཕྱིར་རོ། །ཐབས་རྒྱུད་དང་འབྲས་རྒྱུད་གཉིས་ནི་མཚན་ཉིད་པ་སྟེ། སྔགས་སྡོམ་གྱི་དབང་དུ་བྱས་པའི་སྡོམ་པའི་གནས་སོགས་ལྔ་ཆར་ཚང་བའི་ཕྱིར་རོ། །དེ་ཡང་ཐབས་གང་གིས་སྡོམ་པའི་མ་མཐའ་དབང་ནས་འཛིན་པ་ཉིད་ཀྱིས་འདི་འགྲུབ་པ་སྟེ་ལེགས་པར་དཔྱོད་ཅིག ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ནས་བསྒོམ་པར་གསུངས་པ་བས་ཀྱང་དོན་འདི་དག་འགྲུབ་སྟེ། ཡིན་ཚུལ་ལ་འབྲས་བུ་དངོས་མ་ཡིན་ཞིང་རྣམ་པ་ཡིན་པར་གསུངས་ལ། ཡིན་ཚུལ་དེ་ཙམ་ནི་འཇུག་པའི་སྐབས་ཀྱི་རྡོ་རྗེ་དོན་དམ་སེམས་བསྐྱེད་དུ་བསྒོམ་པ་ལ་ཡང་ཡོད་པའི་ཕྱིར་རོ། །རྒྱུད་གསུམ་དག་པ་མཚན་ཉིད་པ་ཡིན་དུ་ཆུག་མོད་ཀྱི་ཀྱེ་རྡོ་རྗེ་སོགས་འབྲས་རྒྱུད་མཚན་ཉིད་པ་དང་། གཞན་གཉིས་བཏགས་པ་བ། སྡོམ་པ་ལ་ཐབས་རྒྱུད་དང་། འབྲས་རྒྱུད་མཚན་ཉིད་པ་དང་། རྒྱུ་རྒྱུད་བཏགས་པ་བར་འཇོག་པ་འདི་རྟོགས་པས་རང་དབང་དུ་སྦྱར་བར་སོང་གི་དེ་འདྲའི་རྣམ་པར་དབྱེ་བ་ཡིད་ཆེས་པའི་ལུང་ཁུངས་གང་ན་ཡོད་ཅེ་ན། དཔལ་ལྡན་རྩེ་མོའི་ཞབས་ཀྱིས་རྒྱུད་ཀྱི་མཚན་དོན་གྱི་སྐབས་སུ། དེ་ལ་རྒྱུད་ཀྱི་མཚན་ནི་ཕལ་ཆེར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡེ་ཤེས་འབྲས་བུའི་རྒྱུད་ལས་བརྩམས་ཏེ་བཏགས་ནས། དེ་ནས་ཐབས་རྒྱུད་དང་རྒྱུ་རྒྱུད་ལ་ཤུགས་ལས་སྦྱར་བའི་མཚན་མང་སྟེ། དཔེར་ན་དཔལ་ཀྱེ་རྡོ་རྗེ་དང་། གསང་བ་འདུས་པ་དང་། ཡང་དག་པར་སྦྱོར་བ་ལ་སོགས་པ་ལྟ་བུའོ། །ཡང་ཁ་ཅིག་ནི་འབྲས་བུའི་རྒྱུད་དང་ཐབས་རྒྱུད་ལས་བཏགས་ཏེ། དཔེར་ན་དེ་ཁོ་ན་ཉིད་བསྡུས་པ་ལྟ་བུའོ། །ཁ་ཅིག་ནི་ཐབས་རྒྱུད་ཁོ་ནའི་མིང་ཡིན་ཏེ། དཔེར་ན་ལེགས་པར་གྲུབ་པ་བྱེད་པ་ལྟ་བུའོ་ཞེས་གསུངས་པ་འདི་ཉིད་ཡིད་ཆེས་པའི་ལུང་ཁུངས་ཡིན་ནོ། །འདིས་ཅི་ལྟར་འགྲུབ་ཅེ་ན་རྒྱུད་གསུམ་ཀ་ཀྱེ་རྡོ་རྗེ་མཚན་ཉིད་པ་ཡིན་ན། ཀྱེ་རྡོར་ཞེས་པའི་མཚན་གྱིས་འབྲས་རྒྱུད་དངོས་སུ་བསྟན་ནས་གཞན་གཉིས་ཤུགས་ལ་བསྟན་པ་འགལ་ཏེ། བུམ་པ་ཞེས་པས་གསེར་བུམ་དངོས་སུ་བསྟན་ནས། དངུལ་བུམ་དང་། ཟངས་བུམ་ཤུགས་ལ་བསྟན་པ་མི་འཐད་པ་བཞིན་ནོ། །དེ་ཁོ་ན་ཉིད་བསྡུས་པ་ཐབས་རྒྱུད་དང་འབྲས་རྒྱུད་ལ་དངོས་སུ་བཏགས་ནས་རྒྱུ་རྒྱུད་ཤུགས་ལ་བསྟན་པ་གྲུབ་ན་སྡོམ་པའང་འགྲུབ་སྟེ། གང་སྨྲ་བ་དེ་སྨྲ་བའི་ཕྱིར་རོ། །དེས་ན་རྗེ་བཙུན་སྐུ་མཆེད་ཀྱིས་རྒྱུད་གསུམ་ཀའང་ཀྱེ་རྡོ་རྗེ་སྟེ་ཞེས་གསུངས་ནས་བརྒྱད་སྟོང་དོན་བསྡུའི་ལུང་དྲངས་པའི་དོན་ཡང་། དངོས་བསྟན་ཤུགས་བསྟན་ནམ་མཚན་བཏགས་མ་ཕྱེ་བའི་མཚན་དོན་གྱི་སྐབས་ཀྱི་ཀྱེ་རྡོ་རྗེ་ཡིན་ཞེས་པའི་དོན་ཏེ། འབྲས་རྒྱུད་ནི་དངོས་བསྟན་དང་མཚན་ཉིད་པ་ཡིན་པའི་ཕྱིར་དང་། གཞན་གཉིས་ནི་ཤུགས་བསྟན་དང་བརྟགས་པ་བ་ཡིན་པའི་ཕྱིར་རོ། །དེས་ན་འདི་ལ་སྒྲ་འཇུག་སྟེ་ཞེས་པའི་འབྲུ་ཡང་མི་དགོས་ཤིང་། ཀྱེ་རྡོ་རྗེ་དང་། རྡོ་རྗེ་གུར་དང་། ཡང་དག་པར་སྦྱོར་བ་རྣམས་རྒྱུད་གསུམ་གྱི་བདག་ཉིད་ཅན་དུ་གསུངས་པའི་དོན་ཐམས་ཅད་ཀྱང་འདིས་རྟོག་པར་བྱའོ། །གཉིས་པ་ནི། དབང་གི་ཡེ་ཤེས་དེ་ཡིས་སྣང་བ་ལ། །རྒྱས་འདེབས་ཕྱིར་ན་ཕྱག་རྒྱ་ཆེན་པོ་སྟེ། །སྣང་བ་ཐམས་ཅད་ཡེ་ཤེས་དེ་ཉིད་དུ། །འདུས་ཕྱིར་སྡོམ་པར་ཁ་སྦྱོར་རྒྱུད་ལས་གསུངས། །ཞེས་བྱ་བ་སྟེ། དབང་དང་རིམ་གཉིས་ལས་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཁྱད་ཆོས་ལྔ་ལྡན་གྱི་སྡོམ་པ་ཡིན་ན། ཕྱག་རྒྱ་ཆེན་པོ་དང་སྡོམ་པར་འཇོག་པའི་སྒྲ་དོན་ཡང་གཅིག་གམ་སྙམ་ན་དེ་ནི་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་སྐད་དོད་ནི་མ་ཧཱ་མུུ་དྲ་ཞེས་པ་རྒྱས་འདེབས་པས་ན་རྒྱ་ཆེན་པོ་སྟེ། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་དང་། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །ཞེས་པའི་ཚུལ་གྱིས་ཡེ་ཤེས་དེས་སྣང་བའི་དངོས་པོ་ཐམས་ཅད་ལ་ཕར་རྒྱས་འདེབས་པའི་སྒོ་ནས་བཤད་དགོས་ལ། སྡོམ་པའི་དོན་ནི། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་ཕྱེ། །ཞེས་སྣང་བ་དེ་ཉིད་ཡེ་ཤེས་དེའི་ངོ་བོར་སྡོམ་པའི་ཆ་ནས་བཤད་དགོས་པའི་ཕྱིར་ཏེ། ཁ་སྦྱོར་དང་པོའི་གསུམ་པར། ཀུན་ལས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ལས་སྣ་ཚོགས་སྡོམ་པ་ཡིས། །ཞེས་གསུངས་པས་སོ། །གལ་ཏེ་འདིའི་ཕྱག་རྒྱ། རྗེ་བཙུན་རྩེ་མོས། ཕྱག་རྒྱ་ནི་རྡོ་རྗེ་ལྷ་མོའི་ཚོགས་ཏེ། སྔར་བསྟན་པའི་བུད་མེད་སྒྱུ་མ་ཉིད་དོ། །ཞེས་བཤད་པ་དང་འགལ་ལོ་སྙམ་ན། ཡེ་ཤེས་ཕྱག་རྒྱ་ཆེན་པོ་དེ། བསྐྱེད་པའི་ཆ་ནས་བུད་མེད་སྒྱུ་མ་ཡང་ཕྱག་རྒྱར་འཇོག་པ་སྟེ། ཕྱག་རྒྱ་ཡེ་ཤེས་སུ་བསྒྲུབ་པ་དང་། ཡེ་ཤེས་ཕྱག་རྒྱར་བསྒྲུབ་པ་ལས་ཤེས་སོ། །གསུམ་པ་ནི། སྤང་བྱ་འབྲས་བུ་རྟེན་དང་བརྟེན་པ་ཡིས། །རིམ་གཉིས་གྲངས་ངེས་བསྒྲུབ་པའི་ལུང་རིགས་ཀྱི། །ལུགས་མཆོག་འདི་ལ་སྡོམ་པའང་རིམ་གཉིས་ཀྱི། །སྡོམ་པ་གཉིས་སུ་ངེས་པའི་གྲངས་ངེས་འགྲུབ། །ཞེས་བྱ་བ་སྟེ། མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་ལས། སྤང་བྱ་ལ་ཐ་མལ་གྱི་རྣམ་རྟོག་དང་། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་གཉིས་སུ་ངེས་པས་རིམ་པ་གཉིས་སུ་ངེས་པ་དང་། འབྲས་བུ་ལ་གཟུགས་སྐུ་དང་ཆོས་སྐུ་གཉིས་སུ་ངེས་པས་རིམ་པ་གཉིས་སུ་ངེས་པ་དང་། རང་གི་ངོ་བོ་མེ་ཏོག་དང་མེ་ཏོག་གི་དྲི་ལྟར་རྟེན་དང་བརྟེན་པ་ཡིན་པས་རིམ་པ་གཉིས་སུ་གྲངས་ངེས་པར་སྒྲུབ་པ་གསུམ་གྱི་རྣལ་འབྱོར་ཆེན་པོའི་སྡོམ་པ་ལ་ཡང་བསྐྱེད་རིམ་གྱི་སྡོམ་པ་དང་། རྫོགས་རིམ་གྱི་སྡོམ་པ་གཉིས་སུ་གྲངས་ངེས་པར་འགྲུབ་སྟེ། ཁ་སྦྱོར་དང་འདུས་པའི་རྒྱུད་ཕྱི་མ་ལས་གསལ་བར་གསུངས་པའི་ཚུལ་ནི་འོག་ཏུ་བཤད་པར་བྱའོ། །ད་ནི་སྔར་བཤད་པའི་དོན་དེ་དག་ཐམས་ཅད་རྟོག་གེའི་རིགས་པས་རང་དགར་དབྱེ་བསྡུ་བྱས་པ་མ་ཡིན་པར། བཀའ་དང་། བསྟན་བཅོས་དང་། མན་ངག་ཐུན་མོང་མ་ཡིན་པའི་ཡིད་ཆེས་པའི་ཁུངས་བསྟན་པར་འདོད་ནས། རྩ་རྒྱུད་ཁ་སྦྱོར་ཡེ་ཤེས་ཐིག་ལེ་དང་། །ལུགས་འདིར་ཚད་མར་གྱུར་པའི་གཞུང་འགྲེལ་དང་། །སྙིང་པོ་རྩེ་མོ་རྒྱལ་མཚན་བཟང་པོ་ཡི། །མཐའ་ཅན་བླ་མའི་གསུང་རབ་འདི་སྦྱར་བྱ། །ཞེས་བྱ་བ་སྨོས་ཏེ། ཀྱེ་རྡོ་རྗེ་རྩ་བའི་རྒྱུད་ལས། ལེའུ་དང་པོར། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ། ཞེས་དང་། ཕྱི་མའི་གསུམ་པར་དེ་ནས་རྡོ་རྗེ་ཅན་གྱིས་རྣལ་འབྱོར་མ་རྣམས་ལ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ཐབས་བཀའ་སྩལ་པ། སྡོམ་པ་དང་ནི་དབང་དང་ཡང་། །ཞེས་དང་། དེ་ལ་སྡོམ་པ་བཀའ་སྩལ་པ། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝཾ་རྣམ་པའཾང་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པ་ནི། །ཞེས་དང་། ཕྱི་མའི་བཞི་པར། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཨེ་ཡི་རྣམ་པ་སྡོམ་པའི་གནས། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། །ཞེས་པ་རྣམས་ཀྱིས་གཙོ་བོར་རྫོགས་རིམ་གྱི་སྡོམ་པ་བསྟན་ནས། ཤུགས་ལ་རྒྱུ་རྒྱུད་ཀྱི་སྡོམ་པའང་བསྟན་ནོ། །ཁ་སྦྱོར་གཉིས་པའི་གཉིས་པ་ལས་དམ་ཚིག་ཉམས་པས་རྣལ་འབྱོར་པ་བག་མེད་པར་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་དམ་ཚིག་བླང་བར་བྱས་ནས་ཡང་མི་བྱེད་པར་སྡོམ་པ་གཟུང་བར་བྱ་སྟེ། དེའི་ཕྱིར་ཀུན་གྱི་སྡོམ་པ་དང་ལྡན་ཞིང་དེ་ཁོ་ན་ལ་གནས་པས་ཕྱག་རྒྱའི་རྣལ་འབྱོར་བྱའོ། །ཞེས་གསུངས་པ་འདིས་དབང་གསུམ་པའི་ལམ་བསྒོམ་པ་ལ་སྡོམ་པ་རྫོགས་དགོས་པར་བསྟན་ནོ། །ཡང་དང་པོའི་གསུམ་པར། ཀུན་ལས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ལས་སྣ་ཚོགས་སྡོམ་པ་ཡིས། །ཞེས་གསུངས་པའི་དོན་རྗེ་བཙུན་རྩེ་མོས་རྫོགས་རིམ་གྱི་སྡོམ་པ་ལ་བཤད་ཅིང་། གཉིས་པའི་གསུམ་པར་ཚིག་དེ་ཉིད་གསུངས་པ་བསྐྱེད་རིམ་གྱི་སྡོམ་པ་ལ་བཤད་པ་ནི་རྣལ་འབྱོར་ཆེན་པོའི་སྡོམ་པ་དེ་གཉིས་སུ་ངེས་པའི་ལུང་ངོ་། །ཡང་དྲུག་པའི་གསུམ་པར་དཀྱིལ་འཁོར་དང་། སྦྱིན་སྲེག་དང་། བཟླས་པ་སོགས་ནང་དུ་སྡོམ་པའི་ཚུལ་རྒྱས་པར་བཤད་ཅིང་། དྲུག་པའི་བཞི་པར་དེ་ལ་སྡོམ་པ་བཀའ་སྩལ་པ། །རྣལ་འབྱོར་མ་ལུས་དབུས་གནས་སུ། །ཞེས་སོགས། ཨེ་ཡི་རྣམ་པ་ཞེས་པ་ལ་ཨཾ་གི་རྣམ་པ་ཞེས་པའི་ཁྱད་པར་ཙམ་མ་གཏོགས། རྩ་རྒྱུད་ཕྱི་མའི་བཞི་པར་ཇི་ལྟ་བ་བཞིན་གསུངས་པ་དེས་ཀྱང་སྔ་མ་དེ་ཉིད་སྟོན་ནོ། །རྒྱུད་ཕྱི་མར། འདི་སྐད་ལ་སོགས་མཐའ་ཡས་མཆོག །སངས་རྒྱས་ཀུན་གྱི་སྡོམ་པ་མཆོག །ཅེས་གསུངས་པས་རྩ་རྒྱུད་ལས་རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་དོན་སངས་རྒྱས་ཀུན་གྱི་སྡོམ་པར་གསུངས་པའི་དོན་སྟོན་ནོ། །རྡོ་རྗེ་གུར་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་གསུངས་པ་འདི་ཉིད་ཀྱིས་བསྐྱེད་རིམ་གྱི་སྡོམ་པའི་དོན་དང་ཐ་སྙད་གཉིས་ཀ་ལེགས་པར་བསྟན་ནོ། །ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་ཅོད་པཎ་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་ཕྱེ། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་ཡང་ནི་དེ་བཞིན་ནོ། །ཞེས་གསུངས་པའི་དོན་ནི་སྤྱིར་རྒྱུད་སྡེ་བཞི་ལ་དབང་གི་བབས་མི་འདྲ་བ་བཞི་ཡོད་པ་ཉིད་ཀྱིས་སྔགས་སྡོམ་ཐོབ་མཚམས་ལ་ཡང་མི་འདྲ་བ་བཞི་ཡོད་པ་བསྟན་ཏོ། །འདུས་པའི་རྒྱུད་ཕྱི་མར། དྲི་བ་སོ་གཉིས་པ། དེ་བཞིན་སྡོམ་པ་ཇི་ལྟ་བུ། །ཞེས་པའི་ལན་དུ། རྡོ་རྗེ་ཅན་གྱིས་དེར་སྟོན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་ཉིད་དང་། །དེ་བཞིན་རྫོགས་པའི་རིམ་པའོ། །སྒྲུབ་པ་དང་ནི་ནན་ཏན་དང་། །དམ་ཚིག་དེ་བཞིན་སྡོམ་པ་རྣམས། །སྔར་བཞིན་དེ་ཀུན་རྒྱས་པར་ནི། །རིམ་པའི་དབྱེ་བས་ཕྱེ་བ་ཡིན། །ཞེས་གསུངས་པ་འདིས་སྡོམ་པའི་ངོས་འཛིན་བསྐྱེད་རྫོགས་གཉིས་ལ་མཛད་པ་དང་། རྒྱུད་ལས་གསུངས་པའི་ཆོས་ཐམས་ཅད་གཉིས་པོ་དེར་འདུས་པའི་ཚུལ་གྱི་བར་བཤད་དོ། །བདེ་མཆོག་སྡོམ་འབྱུང་ལས། ཀྱེ་རྣམ་པ་ཀུན་མཆོག་སྡོམ་པ་ཡི། །བསྐྱེད་པའི་རྣལ་འབྱོར་མཚན་ཉིད་དང་། །རྫོགས་པ་ཡི་ནི་ཇི་ལྟར་ལགས། །ཞེས་དང་། རྫོགས་པའི་བྱང་ཆུབ་བདེ་བ་ཆེ། །ཕྱག་རྒྱ་ཆེན་པོ་མཆོག་དེ་བཞིན། །དེ་ཉིད་ཆོས་ལ་འཇུག་བྱའི་ཕྱིར། །དེ་ནས་དབྱེ་བ་རབ་བསྟན་པ། །བླ་མ་དམ་པའི་གདམས་ངག་ནི། །གསལ་བར་འགྱུར་གྱིས་གཞན་དུ་མིན། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེ་ལ་རབ་གནས། །སྐུ་དང་གསུང་དང་ཐུགས་རྣམས་ལས། །རྣམ་ཀུན་མཆོག་གི་སྡོམ་པའོ། །སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། །བལྟར་མེད་བརྗོད་དུ་མེད་པའོ། །སངས་རྒྱས་ཀུན་གྱི་གསང་བ་ནི། །འདུས་པ་བདེ་བའི་མཆོག་ཡིན་ཏེ། །བདག་བྱིན་རླབས་པའི་རིམ་པ་འདི། །བླ་མའི་དྲིན་གྱིས་གསལ་བར་འགྱུར། །འདི་ནི་རྫོགས་པའི་རིམ་པ་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་གསུམ་པའོ། །ཞེས་གསུངས་པ་འདིས་ཀྱང་སྔར་བཤད་པའི་དོན་དེ་ཉིད་གསལ་བར་བསྟན་ཏོ། །ཡང་དེ་ཉིད་ལས། བུམ་པ་ལས་ནི་བྱུང་བའོ། །གཉིས་པ་གསང་བ་མཆོག་ཡིན་ཏེ། །གསུམ་པ་ཤེས་རབ་ཡེ་ཤེས་ཡིན། །བཞི་པ་དེ་ལྟར་ཡང་དེ་བཞིན། །དབང་བསྐུར་འདི་དག་ཡང་དག་ལྡན། །དེ་ནི་དམ་ཚིག་ཅན་ཞེས་བྱ། །ཞེས་གསུངས་པ་འདིས་ནི་དབང་བཞི་རྫོགས་པས་དམ་ཚིག་རྫོགས་པར་བསྟན་པ་ཡིན་ནོ། །གྲུབ་ཆེན་མཚོ་སྐྱེས་ཀྱིས་སངས་རྒྱས་ཀུན་གྱི་སྡོམ་པ་ནི་ཞེས་པའི་འགྲེལ་པར་སྡོམ་པ་ནི་བདེ་བའི་མཆོག་གམ། ཆོས་ཐམས་ཅད་ཀྱི་བདག་ཉིད་དེ་བཞིན་གཤེགས་པར་བསྡུས་པའོ། །དབང་བསྐུར་བ་ལས་ཤེས་པར་བྱ། །ཞེས་པ་ནི་གང་དུ་ཨེ་དང་ཝཾ་ལས་དབང་བསྐུར་བར་ཤེས་པར་བྱེད་པའོ། །ཡང་དག་ཅེས་པ་ནི་མཆོག་གི་དབང་བསྐུར་བས་དྲི་མ་མ་ལུས་པ་འཁྲུད་པར་བྱེད་པའོ། །དེ་ཅི་སྙམ་པ་ལ། གསུངས་པ་བདེ་བ་ཆེན་པོ་སྟེ། །བདེ་བ་ཆེན་པོའི་ཡེ་ཤེས་སོ། །ཞེས་དང་། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཞེས་པའི་འགྲེལ་པར། རྡོ་རྗེ་རིགས་ཀྱི་ལེའུ་ལས་བསྟན་པའི་སྡོམ་པ་བཤད་པའི་ཕྱིར་རྡོ་རྗེ་སྙིང་པོས་ཞུས་པ་འཁོར་ལོའི་ཞེས་པའོ། །རྣལ་འབྱོར་མ་ལུས་དབུས་གནས་པ་ཞེས་པ་ནི། དེ་ཉིད་བདག་མེད་རྣལ་འབྱོར་མའི་ས་བོན་ལུས་ཀྱི་དབུས་ན་གནས་པ་དེ་ཉིད་སྡོམ་པ་དེ་ཉིད་ཕྱི་རོལ་གྱི་ཚུལ་སྡུད་པར་བྱེད་པ་དེ་ཉིད་ཀྱིས་གསུངས་པ་ཅི་ལྟར་ཕྱི་རོལ་དེ་ལྟར་ནང་ཞེས་པ་སྟེ། གང་ཕྱི་རོལ་གྱི་དཀྱིལ་འཁོར་དུ་ཨ་དེ་ཡོངས་སུ་གྱུར་པ་ལས་བདག་མེད་མ་སྟེ་དེ་ཉིད་ཀྱི་རྣམ་པར་དག་པ་ལུས་ཀྱི་དབུས་ནའོ། །ཡང་ན་ཕྱི་དང་ནང་གི་ཆོས་ཐམས་ཅད་རྣམ་པ་མང་བས་དེའི་ཕྱིར་སྡུད་པར་བྱེད་པས་སྡོམ་པའོ། །ཞེས་གསུངས་པ་འདི་དག་གིས་རྫོགས་རིམ་གྱི་སྡོམ་པའི་ངོ་བོ་བདེ་ཆེན་གྱི་ཡེ་ཤེས་དང་། དེ་ཡང་དབང་གོང་མ་ལས་ཐོབ་པ་དང་། དེར་ཆོས་ཐམས་ཅད་སྡུད་པའི་ཚུལ་བསྟན་ཏོ། །སྨན་པའི་ཞབས་ཀྱིས་གསང་བ་འདུས་པའི་སྒྲུབ་ཐབས་དངོས་གྲུབ་འབྱུང་བའི་གཏེར་ལས། དམ་ཚིག་ལ་ནི་རྣམ་གཉིས་ཏེ། །ཐུན་མོང་སྡོམ་པར་བསྟན་པ་དང་། །ཐུན་མོང་མ་ཡིན་སྡོམ་པའོ། །ཐུན་མོང་མ་ཡིན་རྣམ་གསུམ་སྟེ། །སྤང་བའི་དམ་ཚིག་སྡོམ་པ་དང་། །བཟའ་དང་བསྲུང་བའི་དམ་ཚིག་དང་། །རྣལ་འབྱོར་སྙིང་པོ་སྡོམ་པའོ། །ཞེས་གསུངས་ཤིང་། དེ་དག་གི་དོན་ཞལ་ལུང་གི་འགྲེལ་པར། སློབ་དཔོན་དེ་ཉིད་ཀྱིས། ཐུན་མོང་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་ཐུན་མོང་དུ་གྱུར་པའི་སྡོམ་པས་ཐོབ་པ་སྟེ་རིག་པའི་དབང་ངོ་། །དེ་དང་ཞེས་པ་ནི་ཐུན་མོང་མ་ཡིན་པའི་སྡོམ་པས་ཐོབ་པ་སྟེ་རྡོ་རྗེ་སློབ་དཔོན་ཕྱིར་མི་ལྡོག་པའི་དབང་ངོ་ཞེས་དང་། དེ་ལ་སོགས་པའི་རྣལ་འབྱོར་པའི་སྙིང་པོ་སྡོམ་པ་དང་། བཟའ་བའི་དམ་ཚིག་མཆོག་ལ་གནས་པར་བྱས་ནས་ཞེས་གསུངས་པ་འདི་དག་གིས་རྣལ་འབྱོར་སྙིང་པོ་སྡོམ་པ་རྫོགས་རིམ་གྱི་སྡོམ་པར་བསྟན་པས་གྲུབ་པའི་དབང་ཕྱུག་དེ་དག་དགོངས་པ་གཅིག་པའོ། །དཔལ་རྩེ་བ་ཆེན་པོ་རྗེ་བཙུན་ས་སྐྱ་པའི་ཞལ་སྔ་ནས། དབང་བཞི་ངོ་སྤྲོད་ཀྱི་འགྲེལ་པར། དེ་ལྟར་དབང་བཞིའི་ལམ་དེ་དག་བསྡུས་ནས་ཉམས་སུ་ལེན་ན། སྡོམ་པ་གསུམ་ལྡན་གྱིས་བསྒོམ་དགོས་ཏེ། སོ་སོ་ཐར་པའི་སྡོམ་པ་དགེ་བསྙེན་ནས་དགེ་སློང་གི་བར་དུ་ཐོབ་པ། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་སེམས་བསྐྱེད་ཐོབ་པ། གསང་སྔགས་ཀྱི་དབང་བཞིའི་སྡོམ་པ་ཐོབ་པའོ། །དེ་ལ་ཉན་ཐོས་ཉོན་མོངས་པའི་སྐྱོན་ཤེས་པར་བྱས་ནས་མྱུར་དུ་སྤོང་། བྱང་ཆུབ་སེམས་དཔའ་སྐྱོན་ཡོན་འདྲིས་པར་བྱས་ནས་གནས་བསྒྱུར། གསང་སྔགས་པས་ཉོན་མོངས་པ་གང་སྐྱེས་པ་དེའི་ཆོས་ཅན་དང་། ཆོས་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གཟུགས་ཀྱི་སྐུ་དང་། ཆོས་ཀྱི་སྐུ་ཉིད་ངོ་ཤེས་པར་བྱས་ནས། ལྷུན་གྲུབ་དང་གནས་གྱུར་གྱི་སྐུ་སྒྲུབ་པར་བྱེད་དོ། །དེ་ལྟར་ཤེས་པར་བྱས་ཏེ་མཚན་མ་དང་རྣམ་རྟོག་ཡེ་ཤེས་ཀྱི་དབང་དུ་བསྡུ་བའི་ཕྱིར་འདི་བསྒོམ་སྟེ། དཔེར་ན་བདག་ལ་འདོད་ཆགས་སྐྱེས་ན། གཉེན་པོས་འདོད་ཆགས་ཀྱི་དབང་དུ་མི་གཏོང་བ་ནི་སོ་སོ་ཐར་པའི་སྡོམ་པའོ། །དེ་ནས་བདག་ལ་སེམས་ཅན་གྱི་ལས་དང་ཉོན་མོངས་པ་བག་ཆགས་དང་བཅས་པ་བྲལ་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཅེས་བྱང་ཆུབ་ཀྱི་སེམས་ཀྱི་སྒོམ་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པའོ། །དེ་ནས་རང་ཡི་དམ་གྱི་ལྷར་བསྒོམ། བླ་མ་སྤྱི་བོའམ་སྙིང་ཁར་བསྒོམ་ལ་མོས་གུས་བྱ། སེམས་བསྐྱེད་རྫོགས་ཀྱི་ཡེ་ཤེས་དྲན་པར་བྱ་སྟེ། རང་གི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུར་བསྒོམ་པ་ནི་རིག་འཛིན་སྔགས་ཀྱི་སྡོམ་པའོ། །དེ་ནས་དགེ་བའི་རྩ་བ་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་བསྔོ་བ་དང་། དེ་མ་གཏོགས་པའི་སེམས་ཅན་ལ་སྙིང་རྗེ་བསྒོམ་པ་དང་། ཆོས་ཐམས་ཅད་རྨི་ལམ་ལྟ་བུའི་ངང་ལ་སྤྱོད་ལམ་བྱ་བ་སྡོམ་པ་གསུམ་མྱུར་དུ་སྨིན་པར་བྱེད་པའོ། །ཞེས་གསུངས་པ་འདི་དག་གིས་སྡོམ་པ་གསུམ་ལྡན་གྱི་སྔགས་སྡོམ་དབང་བཞིའི་སྡོམ་པ་དང་། དེ་ཉིད་ཉམས་སུ་ལེན་པ་ན་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་དྲན་དགོས་པར་བསྟན་ནོ། །སྐྱེས་བུ་ཆེན་པོ་བསོད་ནམས་རྩེ་མོའི་ཞལ་སྔ་ནས། ཀུན་ལས་སྣ་ཚོགས་ཕྱག་རྒྱ་སྟེ། །ཀུན་ལས་སྣ་ཚོགས་སྡོམ་པ་ཡི། །ཞེས་པ་གོང་མའི་འགྲེལ་པར། དེ་ཉིད་ཀུན་ལས་སྣ་ཚོགས་ཕྱག་རྒྱ་སྟེ་ཕྱོགས་དང་དུས་ཀུན་ལའོ། །སྣ་ཚོགས་ནི་ཁ་དོག་དང་དབྱིབས་མི་འདྲ་བ་དུ་མའོ། །ཕྱག་རྒྱ་ནི་རྡོ་རྗེ་ལྷ་མོའི་ཚོགས་ཏེ་སྔར་བསྟན་པའི་བུད་མེད་སྒྱུ་མ་ཉིད་དོ། །དེ་ཉིད་དང་མཉམ་པར་སྦྱོར་བ་ལས་ཕྱོགས་བཅུ་ཀུན་ལས་སྣ་ཚོགས་ཀྱི་སྡོམ་པ་སྟེ། འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པ་སྡོམ་པའམ། ཡང་ན་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པ་ཉིད་ཀྱི་ཕྱིར་སཾ་བྷ་རའོ། །དེས་ནི་བདེ་མཆོག་གི་བཤད་པར་འགྱུར་རོ། །ཞེས་དང་། དེ་ཉིད་ཕྱི་མའི་འགྲེལ་པར། ཀུན་ལས་སྣ་ཚོགས་ཞེས་བྱ་བ་རྐང་པ་གསུམ་གྱིས་བསྒོམ་བྱའི་ལྷ་མདོར་བསྟན་ཏེ། དེའང་ཀུན་ལས་ཞེས་བྱ་བ་ནི་ཕྱོགས་ཀུན་ལའོ། །སྣ་ཚོགས་པ་ནི་ཁ་དོག་སྣ་ཚོགས་པ་སྟེ་རིགས་ལྔའོ། །ཕྱག་རྒྱ་ནི་ལྷ་མོ་སྟེ་ཡུམ་དང་བཅས་པའོ། །ཀུན་ལ་ནི་ལྷ་ཀུན་ལའོ། །སྣ་ཚོགས་པ་ནི་བཞུགས་ཚུལ་ལོ། །སྡོམ་པ་ནི་དེས་ཐ་མལ་གྱི་རྣམ་རྟོག་སྡོམ་པའོ། །ཀུན་ལས་སྣ་ཚོགས་ནི་དེ་ལྟ་བུའི་ལྷ་རྣམས་ཀྱིས་སོ། །བྱ་བ་ནི། དངོས་གྲུབ་གང་འདོད་སྒྲུབ་པ་པོ། །ཞེས་དང་། དྲུག་པའི་བཞི་པའི་འགྲེལ་པར། སྡོམ་པ་ཞེས་བྱ་བ་གོང་དུ་བྱང་ཆུབ་སེམས་དཔའི་སྡོམ་པའང་གསུངས། བསྐྱེད་པའི་རིམ་པའི་སྡོམ་པའང་གསུངས་ན། འདིར་རྫོགས་པའི་རིམ་པའི་སྡོམ་པ་དེ་ཞུ་ཞེས་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དེའི་ལན་བསྟན་ཏོ། །འདི་ལ་གཉིས་ཏེ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་རྣལ་འབྱོར་མ་ལུས་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གོ །དེའང་འདིར་སྤྱིར་སྡོམ་པ་ཞེས་བྱ་བ་ནི་སྤྱིར་ཉན་ཐོས་སམ་བྱང་ཆུབ་སེམས་དཔའ་འམ། བསྐྱེད་པའི་རིམ་པ་གང་ལ་སྡོམ་པའི་གནས་གང་དུ་སྡོམ་པ་དང་། རང་གི་ངོ་བོ་གང་སྡོམ་པ་དང་། ཐབས་གང་གིས་སྡོམ་པ་དང་། སྡོམ་པ་དང་ལྡན་པའི་གང་ཟག་ཅེས་བྱ་བ་བཞི་དགོས་ཏེ། དཔེར་ན་ཉན་ཐོས་ལ་གནས་ན་ལེནྟྲ་ལ་སོགས་པ་དང་། སྡེ་པ་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པའི་གཞི་ལ་གནས་པ་དང་། རང་གི་ངོ་བོ་མི་མཐུན་པའི་ཕྱོགས་སྡོམ་པ་དང་། མང་པོ་གཅིག་ཏུ་སྡོམ་པ་དང་། རང་གི་ངོ་བོ་བདེ་བས་སྡོམ་པ་སྟེ། དེ་ལ་དང་པོ་ནི། ལུས་ངག་གི་མི་དགེ་བ་སྤང་བ་བདུན་སྡོམ་ལ། མང་པོ་གཅིག་ཏུ་སྡོམ་པ་ནི་བསླབ་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལ་སོགས་པར་སྡོམ་པའོ། །རང་གི་ངོ་བོ་མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ་བའི་ཕྱིར་སྡོམ་པའོ། །ཐབས་གང་གིས་སྡོམ་ན་གསོལ་བ་དང་བཞི་ལ་སོགས་པས་སྡོམ་པའོ། །སྡོམ་པ་དང་ལྡན་པའི་གང་ཟག་ནི་དགེ་སློང་ལ་སོགས་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དང་བསྐྱེད་པའི་རིམ་པ་ལའང་ཤེས་པར་བྱའོ། །དེ་འདིར་རྫོགས་པའི་རིམ་པ་ལ་སྦྱར་ན། གནས་ནི་ལུས་དང་རྩའི་འཁོར་ལོའོ། །རང་གི་ངོ་བོ་ལ་གསུམ་ལས། མི་མཐུན་པའི་ཕྱོགས་སྡོམ་པའི་དབང་དུ་བྱས་ན། མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་སྡོམ་པའོ། །མང་པོ་གཅིག་ཏུ་སྡོམ་པའི་དབང་དུ་བྱས་ན་ཆོས་མཐུན་གྱི་སྒོ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་འདིར་ལུས་ལ་བསྡུ་བའོ། །ཡང་རང་བྱུང་གི་ཡེ་ཤེས་བདེ་བས་སྡོམ་པའོ། །ཐབས་གང་གིས་སྡོམ་ན་འབར་འཛག་གི་ཐབས་ཏེ་ཤུགས་ལ་འོག་ནས་ཤེས་སོ། །སྡོམ་པ་དང་ལྡན་པའི་གང་ཟག་ནི་སེམས་ཅན་ཐམས་ཅད་དགེ་སློང་ངམ་སངས་རྒྱས་ཡིན་པའོ། །དེས་ན་ཕྱི་རོལ་ན་ཇི་ལྟར་གནས་པ་ནང་དུ་དབྱེ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་འདི་དག་གིས་བསྐྱེད་རྫོགས་ཀྱི་སྡོམ་པའི་དོན་དང་ཐ་སྙད་ཐམས་ཅད་གསལ་བར་བསྟན་ཅིང་། གནས་སོགས་བཞིའམ་ལྔ་བྱང་སེམས་དང་བསྐྱེད་རིམ་གྱི་སྡོམ་པ་ལ་ཡང་སྦྱར་བར་བསྟན་ནོ། །རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། ཨིནྟྲ་བྷུ་ཏིའི་ལམ་ལས། སྦྱངས་པ་ལས་བྱུང་བའི་ཡོན་ཏན་ནི། སྐྱབས་གསུམ་སྔོན་དུ་འགྲོ་བའི་སོ་སོ་ཐར་པའི་སྡོམ་པ་དང་ཡང་ལྡན། སྨོན་འཇུག་གི་སེམས་བསྐྱེད་བྱས་ཏེ་བྱང་ཆུབ་སེམས་དཔའི་བསླབ་པ་དང་ཡང་ལྡན། དབང་བཞི་ཡོངས་སུ་རྫོགས་ཏེ་རྡོ་རྗེ་ཐེག་པའི་སྡོམ་པ་དང་ཡང་ལྡན། རྒྱུད་དང་གདམས་ངག་མང་དུ་ཐོས་ཏེ། ཐོས་བསམ་མཐར་ཕྱིན་པ་ཞིག་ཡིན་ནོ། །ཞེས་དང་། ཌོམ་བྷི་བའི་ལམ་ལས། ལུས་ཆུད་མ་ཟོས་པ་ནི་སྡོམ་པ་གསུམ་དང་ལྡན་པ་སྟེ། སོ་སོ་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའོ། །དེ་རེ་རེ་ལའང་ཕྱིའི་སྡོམ་པ་དང་། ནང་གི་སྡོམ་པ་གཉིས་གཉིས་སོ། །དེ་ལ་ཕྱིའི་སོ་སོ་ཐར་པ་ནི་དགེ་བསྙེན་གྱི་བསྲུང་བ་རྣམ་པ་ལྔ། དགེ་ཚུལ་གྱི་ཡང་དག་པར་བླང་བ་བཅུ། དགེ་སློང་གི་བསྙེན་པར་རྫོགས་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མོ། །ནང་ནི་ཐིག་ལེ་མི་ཉམས་པར་ལུས་ལ་གནས་པ་ཉིད་དོ། །བྱང་ཆུབ་སེམས་དཔའི་ཕྱི་ནང་གཉིས་ལས་ཕྱི་ནི་ཕམ་པའི་ཆོས་བཞི་དང་། ཉེས་བྱས་བཞི་བཅུ་རྩ་དྲུག་ལ་སོགས་པའོ། །ནང་ནི་སྡུག་བསྔལ་ཅན་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སེམས་ཅན་གྱི་དོན་སྙིང་རྗེ་བྱེད་པ་དང་། ཤེས་པ་གསལ་ཆ་མ་འགགས་པས་ལུས་ཅི་རིགས་སུ་བཀོལ་བ་ཉིད་དོ། །རིག་པ་འཛིན་པའི་སྡོམ་པ་ལ་ཕྱི་ནང་གཉིས་ལས། ཕྱི་ནི་རྒྱུད་རྣམ་ལས་ཐུན་མོང་དུ་གྲགས་པའི་རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་ལྟུང་བ་བརྒྱད་དེ། ཉི་ཤུ་རྩ་གཉིས་བསྲུང་བའོ། །ནང་ནི་ཤེས་པ་གཉུག་མ་མི་རྟོག་པར་གནས་པའོ། །དེ་ལྟར་ན་ཕྱིའི་སྡོམ་པ་གསུམ་ནི་དཀའ་ཐུབ་ཀྱི་ལམ་དུ་འགྱུར་ལ། ནང་གི་སྡོམ་པ་གསུམ་གྱིས་ནི་བུ་ཆུང་གི་མི་རྟོག་པའི་ལམ་དུ་འགྱུར་རོ། །ཞེས་གསུངས་པ་འདི་དག་གིས་ནི་རྣལ་འབྱོར་ཆེན་པོའི་སྡོམ་གསུམ་རྫོགས་པ་ལ་དབང་བཞི་རྫོགས་པར་ཐོབ་པ་དང་། ཕྱི་ནང་གཉིས་ཀའི་སྡོམ་པ་ཐོབ་དགོས་པར་བསྟན་ནོ། །དཔལ་ལྡན་ས་སྐྱ་པཎྜི་ཏའི་ཞལ་སྔ་ནས། སྐུ་བཞིའི་ས་བོན་ཐེབས་ནུས་པ། །སངས་རྒྱས་གསུང་བཞིན་མཛད་པ་ཡི། །བླ་མ་བཙལ་ལ་དབང་བཞི་བླང་། །དེ་ཡིས་སྡོམ་པ་གསུམ་ལྡན་འགྱུར། །ཞེས་དང་། རྡོ་རྗེ་ཕག་མོའི་བྱིན་རླབས་ལ། །སྡོམ་པ་གསུམ་ལྡན་བྱར་མི་རུང་། །ཕྱི་ནང་རྟེན་འབྲེལ་འགྲིག་མི་འགྱུར། །སྐུ་བཞིའི་ས་བོན་ཐེབས་མི་ནུས། །དེ་ཕྱིར་འདི་ནི་བྱིན་རླབས་ཙམ། །ཡིན་གྱིས་སྨིན་པར་བྱེད་པ་མིན། །ཞེས་གསུངས་པ་འདི་དག་གིས་སྐུ་བཞིའི་ས་བོན་ཐེབས་པ་དང་། སྡོམ་གསུམ་རྫོགས་པ་ལ་དབང་བཞི་ཐོབ་དགོས་པར་བསྟན་ཅིང་། དབང་གོང་མ་བྱིན་རླབས་ཙམ་དུ་ཡང་མ་ཡིན་པ་བསྟན་ཏོ། །རྗེ་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོའི་ཞལ་སྔ་ནས་ཀྱང་། རྣམ་དག་དཀྱིལ་འཁོར་བཞི་ཡི་འཛིན་མ་ལ། །རྣམ་དཀར་དབང་བཞིའི་ཆར་རྒྱུན་ལེགས་ཕབ་ནས། །རྣམ་གྲོལ་སྐུ་བཞིའི་ལོ་ཐོག་རྒྱས་མཛད་པ། །རྣམ་མཁྱེན་བླ་མ་བཞི་ལ་གསོལ་བ་འདེབས། །ཞེས་གསུངས་པ་ཡང་སྔར་གྱི་དོན་དེ་དག་ཐུགས་ལ་གཞག་པ་དང་། མན་ངག་ཐུན་མོང་མ་ཡིན་པའི་དོན་བསྡུས་པར་ཤེས་པར་བྱའོ། །ལུང་དང་རིགས་པས་གྲུབ་པའི་དོན་དེ་དག་ལ་དཔྱོད་པ་དང་ལྡན་པ་དག་གིས་དོགས་པའི་གནས་བསལ་བར་བྱ་བའི་ཕྱིར། ཐུགས་མེད་སྐྱོན་དང་བསྲུང་བའི་དམ་ཚིག་དང་། །གསོལ་བཏབ་ཚིག་དང་བུམ་དབང་ཆོ་ག་དང་། །ཐོབ་མཚམས་འགའ་ཞིག་ལ་སོགས་སྐྱོན་རྣམས་ཀྱིས། །ལུགས་བཟང་འདི་ལ་གནོད་པར་ག་ལ་འགྱུར། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་བུམ་དབང་ཐོབ་ཀྱང་དེའི་རྗེས་སུ་དབང་གོང་མ་ལ་སྡོམ་པ་ཐོབ་རྒྱུ་ཡོད་པས་བུམ་དབང་གི་སྐབས་སུ་སྡོམ་པ་མ་རྫོགས་ན་དབང་བཞི་རྫོགས་པའི་རྗེས་སུ་ཡང་སྡོམ་པ་མ་རྫོགས་པར་འགྱུར་ཏེ། དེའི་རྗེས་སུ་ཡང་དབང་དང་རྗེས་གནང་ཐམས་ཅད་ལ་དམ་ཚིག་དང་སྡོམ་པ་རེ་ཐོབ་རྒྱུ་ཡོད་པའི་ཕྱིར། འདོད་ན་སྡོམ་པ་ཐོབ་པའི་དུས་ཐུག་མེད་དུ་འགྱུར་རོ། །ཞེ་ན། དེས་ཀྱང་འདི་ལ་མི་སྒྲིབ་སྟེ། དབང་གོང་མ་བུམ་དབང་གིས་གནས་སྐབས་སུ་མ་ཐོབ་པའི་སྡོམ་པའི་རིགས་རྫོགས་རིམ་གྱི་སྡོམ་པ་གསར་དུ་ཐོབ་པ་བྱར་ཡོད་ལ་ཅིག་ཤོས་ལ་ནི་སྔར་ཐོབ་ཟིན་གྱི་སྡོམ་པ་ཡང་ཡང་མངོན་དུ་བྱེད་པ་ཡིན་གྱི་བསྐྱེད་རྫོགས་ཀྱི་སྡོམ་པའི་རིགས་སྔར་མ་ཐོབ་པ་གསར་དུ་ཐོབ་པར་བྱར་མེད་པའི་ཕྱིར་རོ། །ཁ་ཅིག དབང་གོང་མ་ལ་བུམ་དབང་ལས་ལོགས་སུ་གྱུར་པའི་བསྲུང་བའི་དམ་ཚིག་ཡོད་པར་འགྱུར་རོ་ཞེས་སྨྲའོ། །ཅི་དམ་ཚིག་ཉི་ཤུའི་རྐང་གྲངས་ཙམ་ཡང་མི་དྲན་པ་ཡིན་ནམ། གལ་ཏེ་དབང་གོང་མ་ལ་རྩ་བའི་ལྟུང་བ་ཡོད་པར་འགྱུར་རོ་ཞེ་ན། དེའི་དོན་གང་ཞིག་དཔྱད་པས་དབང་གོང་མའི་སྡོམ་པ་གཏོང་བ་ལ་ཟེར་ན་ནི་རྩ་ལྟུང་བཅུ་བཞི་པོ་ཐམས་ཅད་དེ་ཉིད་ཡིན་ལ། གཞན་དུ་ན་བུམ་དབང་གི་རྩ་བའི་ལྟུང་བ་ཡང་གང་ལ་ཟེར་སྨྲ་དགོས་སོ། །ཁ་ཅིག བུམ་དབང་གི་གསོལ་གདབ་ལ། སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པའང་བླ་ན་མེད་པ་སྩོལ། །ཞེས་འབྱུང་གི་དབང་གོང་མ་ལ་སྡོམ་པ་སྩལ་དུ་གསོལ་ཞེས་པའི་གསོལ་གདབ་མ་བྱུང་བས་དབང་གོང་མ་ལ་སྡོམ་པ་མེད་དོ་ཞེས་སྨྲའོ། །དེས་ཀྱང་མི་སྒྲིབ་སྟེ་ཚིག་གཉིས་པོ་དེ་ནི་དབང་བཞི་ཆར་གྱི་ཐུན་མོང་གི་གསོལ་གདབ་ཏུ་སྣང་བའི་ཕྱིར་ཏེ། རྒྱུད་ལས། སངས་རྒྱས་ཀུན་གྱི་སྡོམ་པ་དབང་གསུམ་པའི་སྐབས་སུ་ཐོབ་པར་གསུངས་པའི་ཕྱིར་རོ། །གཞན་དུ་ན་རྡོ་རྗེ་སློབ་མའི་དབང་གི་སྐབས་སུ་ཡང་སྡོམ་པ་མི་ཐོབ་པར་འགྱུར་ཏེ། སྡོམ་པ་སྩལ་དུ་གསོལ་ཞེས་པའི་ཚིག་མི་སྣང་བའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཞེས་སོགས་ཡོད་དོ་སྙམ་ན། དེ་ནི་དཀྱིལ་འཁོར་ཆོ་ག་འགའ་ཞིག་ཏུ་དབང་གོང་མའི་གསོལ་གདབ་ལ་སྦྱར་བ་ཡང་སྣང་ངོ་། །ལ་ལ་དག་དབང་ཆུ་ཆེན་མོ་ལ་བུམ་དབང་གི་ཆོ་ག་ལས་མེད་པས་དེར་སྔགས་སྡོམ་རྫོགས་ཞེས་སྨྲ་བར་གྲག་གོ །འདི་ནི་གྱི་ན་སྟེ། བསྐྱེད་རིམ་དང་ཐུན་མོང་དུ་དགོས་པའི་ཆོས་སྣ་བདུན་གྱི་ཁོངས་སུ་བགྲང་བའི་དབང་དུ་བྱས་ནས་དེར་བུམ་དབང་ཙམ་ལས་མ་གསུངས་པ་ཡིན་ལ་གཞན་དུ། དབང་རིམ་གྱིས་པའི་ཆོ་ག་རེ་ལ་སྔགས་སྡོམ་རྫོགས་ན་རྡོ་རྗེ་སློབ་མའི་དབང་ཙམ་གྱིས་ཀྱང་སྔགས་སྡོམ་རྫོགས་པར་ཐལ་བའི་ཕྱིར་རོ། །རྩ་བའི་ལྟུང་བ་བསྲུང་དགོས་པའི་སྔགས་སྡོམ་ཐོབ་པ་ཙམ་གྱིས་སྔགས་སྡོམ་རྫོགས་སོ་ཞེས་སྨྲ་བ་ཡང་མི་འཐད་དེ། བསྲུང་བ་ཙམ་ནི་མ་མཐའི་ས་མཚམས་ཀྱི་དབང་དུ་བྱས་ནས་བུམ་དབང་ལ་བཞག་ལ། བསྲུང་དགོས་པ་ནི་དབང་བཞི་ཆར་ལ་ཁྱད་པར་མེད་པའི་ཕྱིར་རོ། །དཔེར་ན་རྩ་བ་བཞི་བསྲུང་བའི་སེམས་པ་ཙམ་གྱིས་སོ་ཐར་གྱི་སྡོམ་པ་མི་རྫོགས་པ་བཞིན་ནོ། །སོགས་ཀྱིས་བསྡུས་པ། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བོན་བཏབ་ནས་ནི། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་བཏགས། །ཞེས་གསུངས་པའི་ཐབས་ནི་བུམ་དབང་གིས་རྫོགས་པས་དེར་སྡོམ་པ་རྫོགས་པར་གྲུབ་བོ་ཞེས་བཞེད་པ་ལ་ཡང་དཔྱད་དུ་ཡོད་དེ། ལུས་རྩའི་དབང་དུ་བྱས་པའི་ཕུང་ཁམས་སྐྱེ་མཆེད་ལ་སངས་རྒྱས་སྤྲུལ་སྐུའི་ས་བོན་བཏབ་པ་བུམ་དབང་ལ་ཡོད་ཀྱང་། ཡི་གེ་བྷ་ག་དང་། ཁམས་བདུད་རྩི་དང་། སྙིང་པོ་ཡེ་ཤེས་རླུང་གི་དབང་དུ་བྱས་པའི་ཕུང་ཁམས་སྐྱེ་མཆེད་ལ་སྐུ་ཕྱི་མ་གསུམ་གྱི་ས་བོན་གདབ་པ་ནི་དབང་གོང་མ་གསུམ་ལ་ཡོད་པའི་ཕྱིར་རོ། །འདི་དག་ནི་གདན་སོགས་ཀྱི་ཡིག་ཆུང་དང་། དབང་འཁོར་འདས་དབྱེར་མེད་ཀྱི་སྐབས་སུ་གསུངས་པའི་རྟེན་དཀྱིལ་འཁོར་བཞི་ལ་གདན་གསུམ་ཚང་བའི་དག་བྱ་དག་བྱེད་གསུངས་པའི་སྐབས་ལས་རྟོགས་པར་བྱ་ཞིང་། སྡོམ་གསུམ་རབ་དབྱེ་ནི་ཐུན་མོང་དུ་བཤད་དུ་རུང་བའི་དབང་དུ་བྱས་ནས་རགས་པ་ཙམ་གསུངས་པར་ཤེས་པར་བྱ་སྟེ། གཞན་དུ་ན་བུམ་དབང་ཙམ་གྱིས་ཚེ་འདིར་སངས་རྒྱས་བྱེད་ནུས་པར་ཐལ་བ་དང་། དབང་གོང་མ་ཉིད་དབང་ཡང་མ་ཡིན་པར་ཐལ་བའི་སྐྱོན་གཉིས་ཡོད་པའི་ཕྱིར་རོ། །བདག་ཉིད་འབའ་ཞིག་གི་རྟོག་པས་སྦྱར་བའི་ཉེས་པ་སྤོང་བའི་ཕྱིར། བདག་གི་བླ་མ་རྫོགས་པའི་སངས་རྒྱས་ཀྱིས། །མཛད་པ་ཇི་བཞིན་བློ་ཡི་རིམ་པ་དང་། །འཚམ་པར་སྟོན་ཕྱིར་སྣོད་མིན་རྣམས་ལ་གསང་། །བླ་མས་གནང་ལ་དོན་འདི་གཞན་ལ་སྤེལ། །ཞེས་བྱ་བ་སྨོས་ཏེ། རྗེ་བཙུན་བླ་མ་མཁྱེན་རབ་དང་ཐུགས་རྗེ་འགྲན་པའི་ཟླ་དང་བྲལ་བ་དེ་ཉིད་ཀྱིས། དོན་འདི་གཟིགས་མོད་ཀྱི། སངས་རྒྱས་ཀྱི་མཛད་པ་གཞན་དུ་གདུལ་བྱའི་ཁམས་དང་བག་ལ་ཉལ་དང་འཚམ་པར་ཆོས་སྟོན་པས། རེ་ཞིག་སྣོད་དང་མི་ལྡན་པ་ལ་གསང་ཞིང་ཅི་ཙམ་འཚམ་པར་སྟོན་པར་མཛད་པའོ། །བདག་གིས་འདི་ཉིད་སྤེལ་བའི་གནང་བ་ཞུས་ན་ངེས་པར་གནང་མོད་ཀྱི་ཡུལ་གྱིས་བསྐལ་པའི་མཚམས་སུ་སྒྲོས་མ་ཟིན་པ་འགའ་ཞིག་གིས་སྔགས་སྡོམ་ཡིན་ན། མཚོན་བྱེད་དཔེའི་ཡེ་ཤེས་ཡིན་པས་ཁྱབ་ཞེས་སྨྲ་བར་འདུག་གོ་ཞེས་ཞུས་པ་ལ་དགག་པ་མཛད་པ་སྣང་གི་བླ་མེད་ཀྱི་སྔགས་སྡོམ་དབང་གོང་མས་རྫོགས་དགོས་པ་འདི་དཔྱོད་ལྡན་གྱིས་དཔྱད་པར་བྱ་བའི་གཞིར་འདུག་ཅེས་ཡང་ཡང་གསུངས་པས་འདི་གནང་བར་ངེས་ཤིང་། དེང་སང་ཕྱག་ཆེན་མཆོག་གི་དངོས་གྲུབ་མངོན་དུ་མཛད་པ་གདོན་མི་ཟ་བས་གནས་ལུགས་ཕྱིན་ཅི་མ་ལོག་པའི་དོན་འགྲེལ་པ་གནང་བ་ལས་འོས་མེད་དོ། །དེའི་ཐུགས་སྲས་བདག་གི་བླ་མ་དག་སྒྲོས་སྔ་མ་སྒྲུབ་པ་ནི་བླ་མའི་བཀའི་རྗེས་སུ་འབྲང་བས་ཁ་ན་མ་ཐོ་བ་ཅི་ཡང་མེད་དོ། །དེ་ལས། གཞན་དག་གྲགས་པའི་རྗེས་འབྲང་མང་སྨྲ་ནའང་། །དཔྱོད་ལྡན་ཡིད་ལ་ངེས་པའི་གྲུབ་མཐའ་ནི། །གནོད་བྱེད་ཚད་མ་ཅིག་གིས་བཟློག་འགྱུར་གྱི། །ལྟར་སྣང་ཕྱེ་བས་བཟློག་པར་ག་ལ་འགྱུར། །དེའི་ཕྱིར་དེ་དག་གི་ལན་བརྗོད་པར་མི་བྱ་སྟེ། ལུགས་རིགས་ཁས་མི་ལེན་པར་སྣང་བའི་ཕྱིར་དང་། མཐའ་མེད་པའི་ཕྱིར་རོ། །རིགས་པའི་གཙུག་རྒྱན་ཆོས་ཀྱི་གྲགས་པས་ཀྱང་། །ལོག་པའི་ལན་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་སོ། །ཅིའི་ཕྱིར་ན་འདི་ལྟར་རྩོམ་སྙམ་ན། མཁས་པ་སྔ་མའི་ལེགས་བཤད་སུན་ཕྱུང་ནས། །མི་ཤེས་ཤེས་དང་མ་མཐོང་མཐོང་སྨྲ་བའི། །བསམ་པ་མེད་ཀྱང་བློ་གྲོས་ཤར་རིའི་རྩེར། །གནས་ལུགས་ཉི་མ་ཤར་ཚེ་འོད་ཟེར་འབྱུང་། །ཞེས་པ་འདི་ཉིད་ཀྱི་ཕྱིར་ཏེ། གནས་ལུགས་ཀྱི་དོན་དེ་ཉིད་དམ་པ་གོང་མའི་གསུང་གི་རྒྱུན་མི་ཉམས་པར་བྱ་བ་དང་། དོན་དུ་གཉེར་བ་གཞན་ལ་ཡང་ཕན་པར་འདོད་པའི་ལྷག་བསམ་འབའ་ཞིག་གིས་བྱས་ཀྱི་སྤྱིར་སོ་སྐྱེའི་ཀུན་སློང་ལ་བདག་ཏུ་འཛིན་པས་ཟིལ་གྱིས་མནན་པའི་དབང་གིས་ཉེས་པ་ཡོད་པ་མི་རིག་ནའང་ཡང་ནས་ཡང་དུ་དཔྱད་པའི་ཚེ་ཉེས་པ་མེད་པར་སེམས་སོ། །ད་ནི་བསྟན་བཅོས་ཀྱི་མཇུག་རྫོགས་པར་བསྟན་པ་ནི། ས་གླང་ས་གར་མདོ་མཁར་གནས་སུ་ནི། །ཟབ་དོན་ཟབ་མོའི་གནད་ཀྱི་བདུད་རྩི་འདི། །རྒྱུད་གསུམ་རྒྱུད་དོན་སྨྲ་བ་དེ་ཡིས་སྦྱར། །དགེ་ཚོགས་དགེ་བའི་སེམས་ཀྱིས་འགྲོ་ལ་སྦྱིན། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ཀུན་དགའི་གསུང་རབ་ཟབ་མོ་རྟག་ཉན་ཅིང་། །དཀོན་མཆོག་བསྟན་པའི་རྒྱལ་མཚན་མཆོད་བྱས་ནས། །རྟག་ཏུ་འགྲོ་ལ་དམ་ཆོས་སྟོན་པར་ཤོག །ཞེས་བྱ་བ་ཡིན་ནོ། །ཚིག་རྐང་པ་དང་པོས་རྩོམ་པའི་དུས་དང་གནས་བསྟན། གཉིས་པས་བསྟན་བཅོས་ཀྱི་མིང་བསྟན། གསུམ་པས་རྩོམ་པ་པོ་བསྟན། བཞི་པས་དགེ་རྩ་གཞན་དོན་དུ་བསྔོ་བ་བསྟན། ཚིགས་སུ་བཅད་པ་ཕྱི་མས་རང་ཉིད་སྐྱེ་བ་ཀུན་ཏུ་དམ་པས་རྗེས་སུ་བཟུང་ཞིང་། ཐོས་པའི་དོན་གཞན་ལ་བསྟན་པའི་ཆེད་དུ་བསྔོ་བ་བསྟན་ནོ། །དེས་ན་རྣལ་འབྱོར་ཆེན་པོའི་སྡོམ་པའི་གནད་བྱེ་བྲག་ཏུ་བཤད་པ་ཟབ་དོན་བདུད་རྩིའི་ཉིང་ཁུ་འཆི་བ་མེད་པའི་གོ་འཕང་སྦྱིན་པ་ཞེས་བྱ་བ་འདི་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མེད་མ་མཆིས་པ་རྗེ་བཙུན་བླ་མ་ཀུན་དགའ་བཟང་པོ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྒྱུད་གསུམ་མན་ངག་དང་བཅས་པའི་དོན་ལ་བློ་ཁ་ཅུང་ཟད་ཕྱོགས་པ། ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་ས་གླང་གི་ལོ་ས་ག་ཟླ་བའི་ཡར་ཚེས་བཅུ་བཞི་ལ་དབེན་གནས་མདོ་མཁར་ཆོས་རྫོང་དགོན་པར་སྦྱར་བའོ། །ཞེས་བྱ་བ་ནི་རྩ་བའི་ཚིགས་སུ་བཅད་པ་གང་ལ་བརྟེན་ནས་གང་གིས་རྩོམ་པ་བསྟན་ཏེ། མན་ངག་ཐུན་མོང་མ་ཡིན་པའི་སྐབས་རྣམས་ནི་འདིར་ཁུངས་ཙམ་ལས་མ་སྨོས་ལ། གསུང་ངག་ཐོབ་པ་དག་གིས་ནི་དེ་དག་ཏུ་ཞིབ་ཏུ་བལྟས་ནས་སྒྲོ་འདོགས་ཆོད་པར་བྱ་ཞིང་། གཞན་རྣམས་ནི་ལུང་རིགས་ཀྱིས་སྤྲོས་པ་དུ་མ་དང་བཅས་ཏེ་སློབ་མ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ་རྣམས་ལ་བཤད་པར་བྱའོ།།  །།རྗེ་བཙུན་བླ་མ་མཁྱེན་པའི་དེ་དཔོན་གྱིས། །གསུང་རབ་རྒྱ་མཚོའི་ཕ་མཐར་སོན་གྱུར་ནས། །སྡོམ་གསུམ་ཡིད་བཞིན་ནོར་བུའི་དགའ་སྟོན་གྱིས། །དོན་གཉེར་བློ་ཡི་དབུལ་བ་སེལ་བར་མཛད། །ཁྱད་པར་མཁས་རློམ་དུ་མས་མ་ཕྱེད་པའི། །ཐེག་ཆེན་གཞུང་འདིར་སོ་ཐར་སྤོང་སེམས་དང་། །སྡོམ་གསུམ་རིམ་གྱིས་ཐོབ་ཚེ་གནས་གྱུར་ནས། །གསུམ་ཆར་ལྡན་ཚེ་ངོ་བོ་གཅིག་ཚུལ་དང་། །དེ་ལྟ་ན་ཡང་གཏོང་ཐོབ་སྡོམ་རྒྱུན་ལ། །ལྟོས་པས་ཐ་དང་འགལ་བ་མེད་པ་སོགས། །ཟབ་མོའི་གཏམ་གྱིས་ཕུལ་བྱུང་བློ་ལྡན་ལ། །ནང་ནས་འཆར་བའི་དགའ་བདེའི་དཔལ་སྟེར་མཛད། །དེ་ཡི་ཁ་སྐོང་རྣལ་འབྱོར་ཆེན་པོ་ཡི། །སྡོམ་པའི་ཐོབ་མཚམས་ངོ་བོ་ངོས་འཛིན་དང་། །རྒྱུ་ལམ་འབྲས་བུའི་རབ་ཏུ་དབྱེ་བ་དང་། །དེ་ཉིད་མཚན་བཏགས་སོ་སོར་ཕྱེ་བ་དང་། །སྤང་བྱ་སྤོང་ཚུལ་ཉམས་ལེན་དེར་འདུས་སོགས། །རྒྱུད་སྡེ་གཞན་ལས་ཁྱད་པར་འཕགས་ཚུལ་དང་། །བླ་མེད་ཉིད་ལའང་བསྐྱེད་རྫོགས་བྱེ་བྲག་གིས། །དབང་ལས་ཐོབ་པའི་རིམ་པའི་རྣམ་གཞག་སོགས། །རྒྱུད་དང་རྒྱ་གར་མཁས་པའི་གཞུང་ལུགས་དང་། །རྣལ་འབྱོར་དབང་ཕྱུག་གསུང་གི་མན་ངག་དང་། །དམ་པའི་ཞལ་གདམས་བདུད་རྩི་ལ་བརྟེན་ནས། །ལེགས་བཤད་འདི་ནི་གཞན་ལ་ཕན་ཕྱིར་སྦྱར། །འདི་ནི་གསང་ཆེན་ལམ་ལ་སློབ་པ་ཡི། །དད་ལྡན་རྣམས་ཀྱི་རྟོགས་པའི་བོགས་འདོན་ཡིན། །རྒྱུད་སྡེ་བཞི་ཡི་ཡང་རྩེ་འདེགས་པ་ཡི། །མི་འཇིགས་སེང་གེའི་ཁྲི་ཡང་འདི་ཉིད་ཡིན། །བླ་ཆེན་གོང་མའི་གསུང་གི་དོན་བལྟ་བའི། །བྱི་དོར་བྱས་པའི་མེ་ལོང་འདི་ཉིད་ཡིན། །བླ་མ་ལྷག་པའི་ལྷ་རྣམས་མཉེས་བྱེད་པའི། །སྒྲུབ་པའི་མཆོད་པ་དམ་པའང་འདི་ཉིད་ཡིན། །སྣོད་ལྡན་གཟུར་གནས་སློབ་མའི་ཚོགས་རྣམས་ལ། །ཕྲིན་ལས་རྙོག་པ་མེད་པའང་འདི་ཉིད་ཡིན། །དེ་སླད་འདི་ལ་རྣམ་དཔྱོད་བཟང་ལྡན་པའི། །ཕྱོགས་ཞེན་མེད་པར་བལྟ་བ་ཐམས་ཅད་གུས། །གང་དག་མཐོ་ལ་ཕྲག་དོག་མཉམ་ལ་འགྲན། །དམན་ལ་ཁྱད་གསོད་ཁོ་ནས་དུས་འདའ་བའི། །མ་རབས་སྐྱེ་བོས་སྨོད་པར་གྱུར་ན་ཡང་། །དེ་ལ་དེ་ཡི་སྡིག་པར་མ་གྱུར་ཅིག །སྐལ་བཟང་སྐྱེ་བོ་ཐོས་བསམ་སྒོམ་པ་ཡིས། །ཚུལ་བཞིན་ཞུགས་པའི་བརྩོན་ལྡན་དེ་དག་ལ། །བསྟན་དང་བསྟན་འཛིན་བསྲུང་བར་ཁས་བླངས་པའི། །སྲུང་མ་རྣམས་ཀྱི་རྟག་ཏུ་གྲོགས་མཛོད་ཅིག །འདི་སྦྱར་དགེ་བ་ཡིད་བཞིན་ནོར་བུ་དེས། །མ་གྱུར་མཁའ་མཉམ་འགྲོ་བ་ཐམས་ཅད་ལ། །གནས་སྐབས་ཕན་དང་བདེ་བའི་ཆར་ཕབ་ཅིང་། །མཐར་ཐུག་རྡོ་རྗེ་འཛིན་ས་ཐོབ་པར་ཤོག །རྣལ་འབྱོར་ཆེན་པོའི་སྡོམ་པའི་གནད་བྱེ་བྲག་ཏུ་བཤད་པ་ཟབ་དོན་བདུད་རྩིའི་ཉིང་ཁུ་འཆི་བ་མེད་པའི་གོ་འཕང་སྦྱིན་པའི་རྣམ་བཤད་བདུད་རྩི་སྤེལ་བ་ཞེས་བྱ་བ་འདི་ནི། རྩ་བའི་རྩོམ་པ་པོ་དེ་ཉིད་ཀྱིས་སླར་ཡང་མྱོས་བྱེད་ཅེས་བྱ་བ་ཤིང་མོ་ལུག་གི་ལོ་གྲོ་ཞུན་གྱི་ཟླ་བ་ལ་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོའོ། །ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་བསྟན་བཅོས་འདི་ཤིང་རྟ་ལོར་ལྷུན་གྲུབ་སྟེང་དུ་མཁན་མིང་ངག་དབང་བློ་ལྡན་ནས་སྤར་དུ་བསྒྲུབས་པ་དགེ་ལེགས་འཕེལ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*