སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོར་བསྟོད་པ།

༄༅། ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་འཁོར་ལོ་མགོན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་༸དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་ཐེག་ཆེན་དཔའ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོར་ཅུང་ཙམ་བསྟོད་པ་བྱིན་རླབས་དངོས་གྲུབ་རྒྱ་མཚོའི་གཏེར་ཞེས་བྱ་བ་བཞུགས་སོ།།

སྨར་འཐོར་རླུང། སྟག་ལྗོངས་འཆི་མེད།

ན་མོ་བུདྡྷ་ཡཿ

ཟབ་མོའི་རང་བཞིན་གཟིགས་པ་ཡིས། །ཀུན་ཏུ་རྟོག་པའི་དྲ་བ་ཆོད། །

གཞན་ཕན་ཁུར་ཆེན་སྐྱོ་མེད་པར། །ཐུགས་ཀྱིས་ཁྱེར་ལ་ལྷག་པར་དད། །

འཆར་ཀའི་མདངས་ཀྱིས་རབ་འཁྱུད་ཅིང་། །གསེར་གྱི་རི་བོའི་ངོས་བཞིན་ཏུ། །

འོད་ཀྱི་ཕུང་པོ་ལྷམ་མེ་བ། །མཁྱེན་པའི་གཏེར་ལ་ཡིད་ནི་གཏད། །

འཇིག་རྟེན་གསུམ་ན་ཐབས་ཀྱིས་རྒྱུ། །འཕྲུལ་གྱི་རྩལ་ལ་རྟེན་ནས་ནི། །

སྐྱབས་གཞན་འབད་པས་བཙལ་ན་ཡང་། །ཁྱེད་ལས་ལྷག་པར་སུ་མ་མཐོང་།

དེ་ཕྱིར་ཁྱེད་ལ་ཡིད་ཕྱོགས་ནས། །སྐོམ་པ་དག་གིས་ཆུ་འདོད་བཞིན། །

ཡོན་ཏན་བརྗོད་ཅིང་འབད་པ་ཡང་། །རིང་ནས་གོམས་པའི་གཤིས་སུ་གྲུབ།

སྐུ་ནི་མཐོ་ཞིང་དྲང་བ་དང་། །ལྗོན་པ་རྒྱས་ལྟར་ཆུ་ཞེང་གབ། །

བཙོ་མའི་གསེར་ལྟར་གསལ་བ་དང་། །པགས་པའི་མདོག་ལེགས་སྲབ་ལ་འཇམ། །

གནག་ཅིང་སྣུམ་པའི་གཙུག་ཕུད་ཡི། །མཛེས་པར་བཅིངས་པའི་ཟུར་ཕུད་ཀྱང་། །

ལྔ་ལྡན་རིན་ཆེན་རྩེ་ཕྲན་མཛེས། །དབྱིབས་ལེགས་གདུགས་བཞིན་རྒྱས་པའི་དབུ། །

སྤྱི་བོར་སྐྱེས་པའི་མཚམས་ཀྱང་མཐོ། །དཔྲལ་བའི་དབྱེས་ནི་ག་བུར་དབང་། །

གཡས་སུ་འཁྱིལ་བའི་མཛོད་སྤུ་ཡང་། །སྨིན་མའི་དབུས་ན་གངས་རི་ལྟར། །

སྨིན་ཚུགས་རིང་ཞིང་སྟུབ་ལ་འཇམ། །འཛིངས་སྒྲིག་ལེགས་ལ་རྫི་མ་ཡང་། །

འོད་ཀྱི་དྲ་བ་བཞིན་ཏུ་མཚར། །སྤྱན་དཀྱུས་རིང་ཞིང་ཅུང་ཟད་ཟུམ། །

དཀར་ནག་ཆ་རྣམས་མ་འདྲེས་པ། །མཛེས་ཤིང་འདབ་མ་རེངས་པ་བཞིན། །

ཞལ་གྱི་དཀྱིལ་མཁོར་དང་འཚམ་པའི། །ཤངས་ཀྱི་དབང་པོ་ཀུན་ཏུ་མཐོ། །

བིམ་པ་ལྟར་དམར་ཡིད་འོང་མཆུ། །དཀར་ཞིང་ཚད་མཉམ་ཐགས་བཟང་ཚེམས། །

འགྲམ་པ་ཟླུམ་ཞིང་རྒྱས་པ་ནི། །གླང་པོ་འཇོམས་པ་ཇི་བཞིན་ནོ། །

སྲབ་གཉེན་རོ་མཆོག་མྱོང་པའི་ལྗགས། །ཞལ་ནི་ཀུན་ཏུ་ཁེབས་པར་མཛད། །

སྙན་ཤལ་རིང་དུ་འཕྱང་བའི་རྩེ་མོ་ན། །རིན་ཆེན་དུ་མས་སྤྲས་པའི་སྙན་རྒྱན་མཚར། །

ཕྲེང་བའི་རྒྱན་པའི་དྲི་མེད་མགྲིན་པ་ལ། །རྩ་ཡི་དྲ་བ་མི་མངོན་རིམ་པ་འཚམ། །

ཕྱག་ཞབས་བོལ་ནི་མི་མཉམ་མེད་པ་དང་། །ཕྲག་གོང་ལྟག་པ་སྡེར་ཆགས་རྒྱལ་པོ་བཞིན། །

རང་ཏུ་ཡངས་པའི་བྲང་ནི་ལྷུན་པོ་ལྟར། །བརྗིད་ཆགས་སྟོབས་ཀྱི་བདག་པོ་ཁྱེད་ལ་དད། །

གླང་པོའི་སྣ་ལྟར་རིང་པའི་དཔུང་པའི་འགོར། །ལེགས་པར་ཟླུམ་པའི་ཕྱག་ལ་སོར་མོས་མཛེས། །

ངང་པའི་རྒྱལ་པོ་བཞིན་ཏུ་དྲ་བས་འབྲེལ། །སོར་མོ་ཉི་ཤུ་འཇམ་ཞིང་གཞོན་ཤ་ཆགས། །

རིང་ཞིང་རྒྱས་ལ་སོར་གདུབ་ལེགས་པར་རྒྱན། །རྩིབས་སྟོང་ལྡན་པའི་གསེར་གྱི་འཁོར་ལོ་ནི། །

ཕྱག་ཞབས་མཐིལ་ན་འོད་ཀྱི་གསལ་ལེར་བཀྲ། །ཕྱག་གཉིས་སོ་སོར་དཔུང་རྒྱན་གདུ་བུས་མཛེས། །

གཡས་པའི་ཕྱག་ན་གསེར་གྱི་རྡོ་རྗེ་ནི། །སྡིགས་མཛུབ་དང་བཅས་པདྨའི་གདན་ལ་མནོན། །

གཡོན་པའི་མཉམ་བཞག་ཚེ་ཡི་བུམ་པ་ལ། །སྙན་གོང་གཡོན་ན་ཨུཏྤལ་རྒྱས་པའི་སྟེང། །

དངོས་འཛིན་དྲུང་ནས་གཅོད་པའི་རལ་གྲི་དང་། །གནས་ལུགས་རྗེན་པར་སྟོན་པའི་གླེགས་བམ་མཆོག །

སྡོང་བུའི་རྩ་བ་ཚེ་བུམ་མཐིལ་ན་འཛིན། །

རབ་དཀར་དར་གྱི་སྨད་གཡོགས་ནི། །ཡིད་འོང་ཀུན་ནས་མཛེས་པར་སྣང་། །

གསང་གནས་རྟ་མཆོག་བཞིན་ཏུ་ནུབ། །འཇམ་ཞིང་ཕྲ་བའི་བ་སྤུའི་ཚོགས། །

གཡས་སུ་འཁྱིལ་ལ་རེ་རེར་བཞིན། །རིམ་གྱིས་སྐུ་ལ་གྱེན་དུ་ཕྱོགས། །

བྱིན་པ་ཕྲ་སྦོམ་འཚམ་པ་དང་། །མཁྲིག་མའི་ལོང་བུ་མི་མངོན་དོ། །

ཞབས་མཐིལ་ཀུན་ནས་མཉམ་པ་ལ། །ཕྱིར་འཕགས་རྟིང་པ་ཤིན་ཏུ་ཡངས། །

བསོད་ནམས་ཚོགས་གཉིས་རྒྱུ་ལས་ལས་འཁྲུངས་ཤིང་། །སྐུ་མཆོག་མཆོག་ཏུ་མཛེས་པ་ཁྱེད་ཀྱི་སྐུ། །

མཇལ་བའི་དྲིན་འདི་འདི་དང་ཕྱི་མར་ཡང་། །མ་ལུས་ལུས་ཅན་ཀུན་ལའང་ཐོབ་པར་ཤོག །

ཀུན་མཁྱེན་རྒྱལ་བ་གཉིས་པ་མཚོ་སྐྱེས་རྗེ། །སྙེགས་དུས་མི་ཡི་གཟུགས་སུ་ལེགས་བྱོན་པ། །

གང་གི་སྐུ་ལ་ཅུང་ཟད་བསྟོད་པ་ཡིས། །འགྲོ་བའི་མིག་གི་ལམ་དུ་འབྲལ་མེད་ཤོག །

 

ཅེས་པ་འདི་ནི་བླ་མ་ས་སྐྱ་པ་ཆེན་པོའི་རྗེས་སུ་འཇུག་པའི་སྐལ་བ་དང་ལྡན་ཀྱང་ཚུལ་ཁྲིམས་འཆལ་བའི་བན་ལོག་རྒྱལ་ཁམས་པ་སྨར་འཐོར་རླུང་ངམ་སྟག་ལྗོངས་འཆི་མེད་ཅེས་འབོད་པ་དེས་རྨི་ལམ་ཏུ་ཇི་ལྟར་མཇལ་བ་བཞིན་ཐོག་མར་ཟིན་བྲིས་སུ་བྱས་ཤིང་། ལས་བྲེལ་གྱི་བར་མཚམས་རྣམས་སུ་ཚིགས་སུ་བཅད་པའི་གཟུགས་སུ་བྱས་ཤིང་ཞུས་ཏེ་དག་པར་བྱས་སོ། གསུང་དང་ཐུགས་ཀྱི་བསྟོད་པ་དག་ཀྱང་རྗེས་སུ་འབྱུང་བ་འགྱུར་རོ།། །།

About སྟག་ལྗོངས་འཆི་མེད། 98 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

Be the first to comment

Leave a Reply

Your email address will not be published.


*