དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་རྣམ་བཤད་དཔག་བསམ་ལྗོན་པ། ཀ༽

༼ད༽༄༅། །དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་རྣམ་བཤད་དཔག་བསམ་ལྗོན་པ་བཞུགས་སོ།།

དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་བསྐྱེད་པའི་རིམ་པའི་རྣམ་པར་བཤད་པ་འདོད་དགུ་སྦྱིན་པའི་དཔག་བསམ་ལྗོན་པ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྨྲ་བ་ཀུན་གྱི་གཙུག་གི་རྒྱན་གྱུར་ཅིང་། །འགྲོ་ལ་དགའ་བདེའི་དཔལ་འབྱོར་འབྱུང་བའི་གཞི། །དགོས་འདོད་བཟང་པོ་འབད་མེད་སྩོལ་མཛད་པ། །འདྲེན་མཆོག་དབང་གི་རྒྱལ་པོ་ལ་ཕྱག་འཚལ། །རྒྱུད་སྡེ་དྲུག་པའི་རྩ་བཤད་གཞུང་འགྲེལ་བཅས། །ཕ་ན་ཕིམ་གུའི་མན་ངག་ལས་བྱུང་བའི། །སྨིན་ལམ་བཟང་པོ་གཏམས་མཛད་དྲིན་ཅན་རྗེ། །སེམས་དཔའ་ཆེན་པོར་གྲགས་ལ་མགོས་ཕྱག་འཚལ། །ཆུ་ཀླུང་སྟོང་གི་མདངས་འོད་ཆགས་པའི་སྐུ་མཆོག་ཡོན་ཏན་རིན་ཆེན་བྱེ་བས་གཏམས། །ཐུགས་རྗེའི་རླུང་གིས་བསྐུལ་བས་ཟེགས་མ་འཐོར་བའི་རུས་ཕྲེང་དཀར་པོའི་ཆལ་ཆིལ་ཅན། །རྦ་རླབས་དུ་མ་ཕྱོགས་སུ་འཁྲིགས་པའི་ཕྱག་དང་ཞབས་ཀྱིས་རྣམ་འགྱུར་ཅི་ཡང་སྟོན། །དྲེགས་ལྡན་ཕོ་མོའི་དབང་ཆེན་ལས་བྱུང་དངོས་གྲུབ་རྒྱ་མཚོ་ཧེ་རུ་ཀས་སྐྱོངས་ཤིག །བདུད་དཔུང་བྱེ་བས་ལྟ་བར་མི་བཟོད་པའི། །ཡེ་ཤེས་མེ་དཔུང་མཆོག་གི་ས་བརྙེས་ནས། །ས་བདག་དཔུང་བཅས་རེངས་པའི་ལྟ་སྟངས་ཀྱིས། །རྗེས་སུ་འཛིན་མཛད་གྲུབ་པའི་དབང་ཕྱུག་རྒྱལ། །གང་ཞིག་རྡོ་རྗེ་རྣལ་འབྱོར་མས་བཟུང་བས། །གསང་ཆེན་བསྟན་པ་རྒྱས་མཛད་ནཱ་རོ་པ། །སློབ་བཤད་འཛིན་པའི་སློབ་མའི་ཚོགས་བཅས་ལ། །སྙིང་པོ་མཆོག་གི་བར་དུ་བདག་སྐྱབས་མཆི། །འཛམ་བུ་ལྗོན་པའི་ངོས་ལ་འཕྱངས་བ་ཡི། །འབྲས་བུའི་མཆོག་ལྟར་དམ་ཆོས་མངར་བའི་རོས། །སྙིགས་དུས་སྐལ་ལྡན་འགྲོ་རྣམས་ཚིམ་མཛད་པ། །ས་སྐྱའི་རྗེ་བཙུན་མཆོག་རྣམས་སྤྱི་བོས་མཆོད། །རྒྱུད་སྡེའི་རྩ་བ་རབ་བརྟན་དཔལ་ལྡན་མངོན་པར་རྟོགས་པའི་རིན་ཆེན་ལྗོན། །ཡང་དག་བརྒྱུད་པའི་མན་ངག་པད་དཀར་ཕྲེང་བས་ལེགས་མཛེས་གཞུང་འགྲེལ་གྱི། །སྣ་ཚོགས་ཡལ་ག་ལམ་བཟང་འབྲས་བུས་སྤུད་པའི་རྣམ་རོལ་དུ་མ་ཡི། །ཐུན་མོང་མཆོག་གི་འདོད་དགུ་སྦྱིན་པའི་དཔག་བསམ་ལྗོན་པ་བྲི་བར་བྱ། ༈ །འདིར་དཔྱོད་པ་དང་ལྡན་པའི་སྐྱེས་བུ་གང་དག་བྱ་བ་གང་ཞིག་ལ་འཇུག་པ་ན། ཐོག་མར་བྱ་བའི་འབྲས་བུ་ངེས་པར་བྱས་ནས་འཇུག་པ་ཡིན་པའི་ཕྱིར་ན་འདིར་ཡང་བྱ་བའི་འབྲས་བུ་གང་ཞེ་ན། ཨ་བྷི་དྷ་ན་ལས། རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་གསུངས་པ་ལྟར། ས་བཅུ་གསུམ་པས་བསྡུས་པའི་ཕྱག་ཆེན་མཆོག་གི་དངོས་གྲུབ་ནི་མཐར་ཐུག་གི་འབྲས་བུ་ཡིན་ཞིང་། འདི་སྒྲུབ་པར་བྱེད་པའི་ཐབས། རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་རྣམས་ལས། དབང་བཞི་དང་རིམ་པ་གཉིས་སུ་གསུངས་པར་འདྲ་ཡང་ནང་སེལ་གྱི་དབྱེ་བ། གདུལ་བྱ་སོ་སོའི་བློ་ལ་ལྟོས་ནས། རྒྱུད་སྡེ་སོ་སོའི་དགོངས་པ་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་བ་ལས། འདིར་བདེ་མཆོག་གསང་མཐའི་ལུགས་ཀྱི་རིམ་པ་གཉིས་ཡན་ལག་དང་བཅས་པ་སྟོན་པ། རྣལ་འབྱོར་དབང་ཕྱུག་ལཱུ་ཧི་པས་མཛད་པའི་དཔལ་མངོན་པར་རྟོགས་པ་ཞེས་བྱ་བ་ནི་གང་བཤད་པར་བྱ་བའི་ཆོས་སོ། །འདི་ལ་བཤད་པའི་སྔོན་དུ་འགྲོ་བ་རྣམ་པ་དྲུག་དགོས་པ་ནི་འཁོར་ལོ་བདེ་མཆོག་གི་ཆོས་འབྱུང་དུ་རྒྱས་པར་བཤད་ཟིན་པས་དེར་བལྟ་བར་བྱ་ཞིང་། འདིར་ཉེ་བར་མཁོ་བའི་སྔོན་འགྲོ་དང་བཅས་པ་ནི། དོན་ཚན་བཞིས་རྟོགས་པར་བྱ་སྟེ། མཛད་པ་པོ་སློབ་དཔོན་གྱི་ཆེ་བ་བརྒྱུད་པ་དང་བཅས་པ། དེས་མངོན་རྟོགས་ཇི་ལྟར་མཛད་པའི་ཚུལ་ཞར་བྱུང་དང་བཅས་པ། བརྩམ་བྱའི་བསྟན་བཅོས་འཕྲོས་དོན་དང་བཅས་པ། བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་ཉིད་བཤད་པའོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། དྲང་དོན་དུ་དབང་བསྐུར་ཞིང་། གསང་སྔགས་ཀྱི་ཐེག་པ་རྣམས་ཇི་ལྟ་བ་བཞིན་དུ་རྗེས་སུ་གཏད་པ་ཕྱག་ན་རྡོ་རྗེ་ཡིན་ལ། དེས་དབང་བསྐུར་ཞིང་རྒྱུད་བྱིན་གྱིས་བརླབ་ཏེ། ཡང་དག་པའི་གདམས་ངག་གནང་བ་ནི་སློབ་དཔོན་བྲམ་ཟེ་ཆེན་པོ་ས་ར་ཧ་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ། འཛམ་བུའི་གླིང་དུ་ལོ་བརྒྱ་ཕྲག་བཅོ་བརྒྱད་དུ་བཞུགས་པར་གྲགས་པ་དེ་ཉིད་ཡིན་ནོ། །དེས་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་གདམས་པ་ནི། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཅེས་བྱ་བ། ས་དང་པོ་ཆོས་ཉིད་བདེན་པ་མཐོང་བ། མདོ་སྡེ་དུ་མ་ནས་ལུང་བསྟན་པ། སྟོང་ཉིད་སྨྲ་བའི་སེང་གེར་གྲགས་པ་དེ་ཉིད་ཡིན་ལ། དེས་སློབ་དཔོན་བྲམ་ཟེ་ས་ར་ཧ་པ་ཆུང་ངུ་ཞེས་བྱ་བ་ལུས་དེ་ཉིད་ཀྱིས་མཆོག་གི་དངོས་གྲུབ་ཐོབ་པར་གྲགས་པ་དེ་ལ་གདམས་ཏེ། དེ་གྲོང་དང་གྲོང་ཁྱེར་རྣམས་སུ་བསོད་སྙོམས་ལ་གཤེགས་པའི་དུས་སུ། མཐར་གྱིས་འཛམ་བུའི་གླིང་ན་རྒྱལ་པོ་ཆེ་བར་གྲགས་པ། ཤྲཱི་དྷརྨཱ་ཕཱ་ལ་ཞེས་བྱ་བའི་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་པའི་ཚེ། དེ་ན་རྒྱལ་པོའི་ཡི་གེ་པ་ཞེས་བྱ་བ། རྒྱལ་པོ་གཞན་ལ་ཕར་ཕྲིན་བསྐུར་བ། ཡི་གེ་རེ་རེའི་ནང་དུ་ཚིགས་སུ་བཅད་པ་རེ་རེའི་དོན་འདུས་པ་དང་། གཉིས་གཉིས་ཀྱི་དོན་འདུས་པ་བསྐུར་བ་ལ་སོགས་པ་དང་། སླར་ཚུར་ཡང་དེ་ལྟ་བུ་བསྐུར་བ་རྣམས་ཀློག་པའི་མི་གཅིག་དེ་ལྟ་བུ་ལ་ཡིད་རྩེ་གཅིག་ཏུ་བྱེད་པ་གཅིག་གཟིགས་ཏེ། དེ་ཡང་དག་པའི་གདམས་ངག་གི་སྣོད་དུ་རུང་བར་གཟིགས་ནས། སློབ་དཔོན་གྱིས་ཁྱོད་ཡང་དག་པའི་གདམས་ངག་འདོད་དམ་གསུངས་པས། ཁོ་བོ་ཅི་སྟེ་མི་འདོད་དེ་འདོད་ཅེས་བརྗོད་དོ། །འོ་ན་ཁྱོད་ལ་དབང་བསྐུར་དགོས་པས་དེའི་ཡོ་བྱད་ཚོལ་ཅིག་ཅེས་གསུངས་ཏེ། བཙལ་ནས་དབང་བསྐུར་ཏེ་ཡང་དག་པའི་གདམས་ངག་བྱིན་ཏེ། གང་ལ་ཞེན་པ་བྱུང་ན་དེ་ཡང་ཐོང་། །རྟོག་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་བསྟན་དུ་མེད། །གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་དེས་བསམས་པ། བདག་གིས་རྒྱལ་པོའི་བྱ་བ་བྱས་ན། སྒྲུབ་པ་སྙིང་པོའི་བྱ་བ་མི་འོང་། མ་བྱས་ན་བདག་གི་འཚོ་བ་གཞན་ཤིང་ཐོག་ལ་སོགས་པས་བྱས་ན་དབྱར་དང་། སྟོན་འབྱུང་ཡང་། དགུན་དང་དཔྱིད་མི་འབྱུང་། སློབ་དཔོན་བཞིན་བསོད་སྙོམས་བྱས་ན། བདག་ལྟ་བུ་ལས་དང་པོ་པ་བྱིན་པ་ལ་རྗེས་སུ་ཆགས་པ་སྐྱེ་ལ། མ་བྱིན་པ་ལ་ཁོང་ཁྲོ་སྐྱེ་བས་ཇི་ལྟར་བྱ་བསམ་ཞིང་ཕྱིན་པས། མཐར་གྱིས་བྷ་ལེན་ཏྲ་ཞེས་བྱ་བ། གངྒཱའི་འགྲམ་ན་ཉ་པའི་གྲོང་ཁྱེར་ཡོད་པ་དེ་བས་ཉ་མང་པོ་བསད་པ། དེའི་རྒྱུ་ལྟོ་རྣམས་སྤུངས་པ་མཐོང་ནས། ཁོ་བོས་འདི་བཟློག་པའི་ནུས་པ་ནི་མེད་སྙམ་སྟེ། བཟའ་བར་ཚད་པས་མི་འཇུ་བར་བྱུང་ནས་ས་ར་ཧ་པའི་གདམས་པ། ཐ་མལ་པའི་གཏུམ་མོ་དང་། འོད་ཀྱི་གཏུམ་མོ་ཁ་སྦྱར་བ་བསྒོམས་ཏེ། མེའི་ནུས་པ་བསྐྱེད་ནས། ངས་ནི་མཚན་མ་དང་རྣམ་པར་རྟོག་པའང་འཇུ་ནུས་ན། འདི་ལྟ་བུ་ཅིའི་ཕྱིར་འཇུ་མི་ནུས་སྙམ་ནས། ཁྲོས་པའི་བསམས་པ་དང་བཅས་པས་ཟོས་པས་ཞུའོ། །དེ་ནས་ཡུལ་དེ་བཏང་སྟེ། ཡུལ་གཞན་ཞིག་ཏུ་ཕྱིན་ནས་འཚོ་བ་ཉའི་རྒྱུ་ལྟོ་ལ་བརྟེན་ཏེ། སྒྲུབ་པ་སྙིང་པོར་བྱས་པས། ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པས་ཡུལ་ཀུན་དུ། སྔར་གྱི་ཡི་གེ་པ་དེ་ལཱུ་ཧི་པ་ཞེས་བྱ་བའི་རྣལ་འབྱོར་པ་དངོས་གྲུབ་ཐོབ་བོ་ཞེས་གྲགས་ཏེ། རྒྱལ་པོས་ཀྱང་ཐོས་ཏེ། ཡུལ་ཁམས་ཐམས་ཅད་དུ་བཙལ་བས་ཀྱང་མ་རྙེད་དོ། །དེ་ནས་སློབ་དཔོན་གྱིས་སྔར་གྱི་རྒྱལ་པོ་དེ་འདུལ་བའི་དུས་ལ་བབ་པར་གཟིགས་ནས། དེ་ཆོས་ལ་གཟུད་པར་དགོངས་ནས། རྒྱལ་པོའི་གྲོང་དུ་གཤེགས་སོ། །དེའི་དུས་སུ་རྒྱལ་པོ་དེ་ལ་རྒྱལ་ཕྲན་ཞིག་ཕྱག་འབུལ་དུ་འོངས་པས་སྲང་ཐམས་ཅད་ཕྱག་དར་བྱས། དར་གྱི་ལྡ་ལྡིས་བརྒྱན། སྤོས་ཁང་དང་བཅས། གདུགས་དང་བླ་རེས་བརྒྱན་ཅིང་། སྐྱེད་མོས་ཚལ་དུ་རྒྱལ་པོའི་ཁྲི་བཤམས་པ་མཐོང་སྟེ། སློབ་དཔོན་གྱིས་རྒྱལ་པོའི་ཁྲིའི་སྟེང་དུ་གཟིམས་ཏེ་བཞུགས་སོ། །དེར་རྒྱལ་པོ་འོངས་པའི་དུས་སུ་སྔོན་ལ་བྲམ་ཟེ་མདུན་ན་འདོན་བྱ་བ་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་བརྗོད་ཅིང་། ཀུ་ཤ་རྣ་ལྟག་ཏུ་གཟེར། རིལ་བ་སྤྱི་བླུགས་དང་ཚངས་སྐུད་དང་བཅས་པ་འོངས་ཏེ། སྲང་ལ་སོགས་པ་ན་མི་གཙང་བ་ལ་སོགས་པ་རྣམས་དག་པར་བྱེད་པ་དེ་སྔོན་ལ་འོངས་པས། མི་མདོག་སྔོ་བ་ཉི་ལྷགས་ཀྱིས་ཁྱེར་བ་སྐྲ་འཛིངས་པ་གོས་མེད་པ། ཉའི་རྒྱུ་མ་ཟ་བ་ཞིག རྒྱལ་པོའི་ཁྲི་ཁ་ན་འདུག་པ་མཐོང་ནས་སླར་ལོག་སྟེ་རྒྱལ་པོ་ལ་བསྙད་པས། དེ་ཐོན་ཅིག་ཟེར་ནས་བཏོན་པས་བྲམ་ཟེས་མ་ཐོན། མི་གཞན་མང་པོས་ཀྱང་གྲོགས་བྱས་ཏེ་བཏོན་པས་ཀྱང་རི་ཆེན་པོ་ལ་འཇུས་པ་དང་འདྲ་བར་འདུག་སྟེ་མ་ཐོན། སླར་བྲམ་ཟེ་ལ་སྡང་མིག་བལྟ་ཞིང་གླུ་བླངས་པ། འཇིག་རྟེན་གསུམ་འདི་རྒྱ་ཁྱོན་ཇི་ཙམ་ཡིན། །ཞི་བ་མ་ལུས་པ་འདི་ཇི་ཙམ་ཡིན། །རྒྱལ་པོ་དེ་ཉིད་གཅིག་གཅིག་མི་བདག་ཡིན། །མི་བདག་གཞན་ནི་དེ་ཡི་གཡོག་ཡིན་ན། །བློ་བཟང་དམ་པ་གཞན་གྱི་སྤྱོད་པ་ལ། །བཞད་གད་དག་ཏུ་བྱེད་པ་ངོ་མཚར་ཆེ། །ཨེ་མ་འཁོར་བ་ངོ་མཚར་རེ་ཆེ་ཨང་། །མང་དུ་སྨྲས་པ་གཞན་གྱིས་ཅི་ཞིག་བྱ། །ཞེས་གླུ་བླངས་སོ། །དེ་ནས་བྲམ་ཟེ་དེ་དག་གིས་རྒྱལ་པོ་ལ་བསྙད་དེ་མ་ཐོན་བྱས་པས། རྒྱལ་པོ་ན་རེ། དེ་ཉིད་བལྟ་བའི་ཕྱིར་འདོང་ངོ་ཞེས་ཟེར་ཏེ། དཔུང་དང་བཅས་པས་ཕྱིན་པས། སློབ་དཔོན་གྱིས་སྡང་མིག་བལྟས་པས་ཐམས་ཅད་རེངས་སོ། །དེར་བློན་པོ་རིགས་པ་ཅན་ཞིག་གིས་དངོས་གྲུབ་ཐོབ་པར་ཤེས་ནས་གུས་པར་བྱས་པས་གྲོལ་ལོ། །དེས་རྒྱལ་པོ་ལ་གུས་པ་གྱིས་ཤིག་ཅེས་བྱས་པས། དེ་བཞིན་དུ་བྱས་པས་རྒྱལ་པོ་གྲོལ་ལོ། །གཞན་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་བྱས་པས། ལུས་ངག་རེངས་པ་དང་སེམས་མྱོས་པ་ལས་གྲོལ་ལོ། །དེ་ནས་རྒྱལ་པོས་ཁྱོད་སུ་ཡིན་བྱས་པས། སློབ་དཔོན་ན་རེ། ཁྱོད་ཀྱང་སུ་ཡིན་གསུངས་སོ། །རྒྱལ་པོས་ང་རྒྱལ་པོ་ཡིན་བྱས་པས། སློབ་དཔོན་ན་རེ་ངའང་རྒྱལ་པོ་ཡིན་གསུངས་སོ། །རྒྱལ་པོ་ན་རེ་ཁྱོད་ལ་རྒྱལ་པོའི་ལོངས་སྤྱོད་མལ་སྟན་དང་། ཆུང་མ་དང་། བསིལ་ཡབ་དང་། སྒྲོན་མ་ལ་སོགས་པ་མི་འདུག་པ་བྱས་པས། སློབ་དཔོན་གྱིས་གླུ་བླངས་པ། ས་གཞི་མལ་སྟན་ཆེན་པོ་ལག་ངར་སྔས་ནི་འབོལ་ལ་འཁྲིལ། །ཉི་ཟླའི་སྒྲོན་མ་བསིལ་ཡབ་རྗེས་སུ་མཐུན་པའི་རླུང་། །ནམ་མཁའི་བླ་རེ་ཆགས་པ་ལས་གྲོལ་སྟོང་པའི་བུད་མེད་ལ་སྤྱོད་དེ། །ཨེ་མ་རྒྱལ་ལྟར་སྲིད་ལ་མི་འཇིགས་རྣལ་འབྱོར་བདེ་གནས་རྒྱལ་པོ་ཡིན། །ཞེས་གསུངས་པས་རྒྱལ་བློན་གཉིས་དད་ནས་ཞབས་ལ་འཇུས་ཏེ། ཡང་དག་པའི་གདམས་ངག་ཞུ་བྱས་པས། ཁྱེད་ནི་རིགས་སྙེམས་པའི་གང་ཟག་ཡིན་པས་ཁྱེད་སྣོད་དུ་མི་རུང་ངོ་གསུངས་པས། རྒྱལ་བློན་གཉིས་ཀྱིས་རྒྱལ་སྲིད་ཀྱི་བྱ་བ་བཏང་སྟེ། ཞབས་ལ་འཇུས་པས། དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཏེ། ཡང་དག་པའི་གདམས་ངག་གནང་སྟེ། རྒྱལ་པོ་ལ་ཁྱོད་ཟས་ཀྱི་བྱ་བ་ཅི་ལ་དགའ་གསུངས་པ་ལ། བྱ་བ་རྣམས་ནི་བློན་པོས་བྱེད་པས། ཁོ་བོ་ནི་རྟག་ཏུ་ཆང་འཐུང་བས་ཆང་ལ་དགའ་འོ་ཞེས་བྱས་པས། འོ་ན་ཤར་ལྷོ་ན་ཨོ་ཊི་བི་ཤ་ཞེས་བྱ་བ་དེའི་བྱེ་བྲག་ཙ་རི་ཊ་པ་ཏ་ཞེས་བྱ་བ་ན་ཤིན་ཏུ་ཆང་མང་བས་དེར་སོང་ལ་འབྲས་བརྡུང་གྱིས་ཤིག་ཅེས་གསུངས་ཏེ་བཏང་ངོ་། །དེས་ན་འབྲས་བརྡུང་བ་ལ་ཌེམ་གི་ཞེས་ཟེར་བས་ཌེམ་གི་པར་གྲགས་སོ། །བློན་པོ་ལ་ཁྱོད་ཅི་ལ་དགའ་བྱས་པས། ཁོ་བོ་ནི་རྟག་ཏུ་རྒྱལ་པོའི་བྱ་བ་བྱེད་དགོས་པས་དེ་ལ་ཆང་འཐུངས་ན་བྱ་བ་མི་འགྲུབ་པས། གོ་ལ་ལ་དགའ་འོ་བྱས་པས། འོ་ན་ལྷོ་ཕྱོགས་ཌཱ་ཀི་ནཱི་པཱ་ཏ་ཞེས་བྱ་བའི་བྱེ་བྲག་ཀཉྩི་ན་གར་ཞེས་བྱ་བར་སོང་ལ། སྨད་འཚོང་མའི་གཡོག་གྱིས་ཤིག་གསུང་སྟེ་བཏང་། དེས་ན་སྨད་འཚོང་མ་ལ་དཱ་རི་ཟེར་བས་དེའི་གཡོག་བྱས་པས་དཱ་རི་ཀ་པར་གྲགས་སོ། །དེའི་ཚེ་རྒྱལ་བློན་གཉིས་ཀྱི་དོན་དུ་དཔལ་མངོན་པར་རྟོགས་པ་མཛད་དོ། །རྒྱལ་པོ་ཨོ་ཊི་བི་ཤ་བ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་པས་དེའི་བརྒྱུད་པ་མེད། བློན་པོ་དཱ་རི་ཀ་པ་ནས། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས་ཅན། ཛ་ལེན་དྷ་རི་པ། ནག་པོ་སྤྱོད་པ་བ། གུ་ཧེ་པ། རྣམ་པར་རྒྱལ་བའི་ཞབས་ཅན། ཏཻ་ལོ་པ་རྣམས་ལ་རིམ་པ་བཞིན་དུ་བརྒྱུད་པ་ཡིན་ལ། ལཱུ་ཧི་པ་འདི་ནི་ཉེ་བརྒྱུད་དཱ་རི་ཀ་པ་ནས། ཨནྟར་པ་སྟེ་བར་མའི་སློབ་དཔོན། དེ་ནས་ཏཻ་ལོ་པ་ལ་བརྒྱུད་པ་ཡིན་ནོ། །དེའི་སློབ་མ་ནཱ་རོ་པ། དེ་ལ་སློབ་མ་བསམ་གྱིས་མི་ཁྱབ་པའི་ནང་ནས་གཙོ་བོར་གྱུར་པ་གཉིས་སྐྱེས་མཆོག་གསུམ་སྟེ་བཞིར་གྲགས་སོ། །གཉིས་སྐྱེས་ནི་རིགས་བྲམ་ཟེ་ཡིན་པས་གཉིས་སྐྱེས་ཞེས་བྱ་ལ། རྟེན་དགེ་སློང་ཡིན་ནོ། །མཆོག་གསུམ་ནི་མཱ་ན་ཀ་ཤྲཱི་ཛྙཱ་ན་དང་། པྲཛྙཱ་རཀྵི་ཏ་དང་། བལ་པོ་ཕམ་འཐིང་པ་དང་གསུམ་ཡིན་པར་བཤད་ཅིང་། དང་པོ་གཉིས་ཀྱི་སློབ་མ་ནི་ཀ་ན་ཀ་ཤྲཱི་ཛྙཱ་ནའོ། །ཀ་ན་ཀ་ཤྲཱི་དང་། ཕམ་འཐིང་པ་གཉིས་ཀའི་སློབ་མ། ཇོ་བོ་བྷ་ཌཎ་ཏ་ཡིན། འདིའི་ཡུལ་བལ་པོ། མཚན་དངོས་ནི་སུ་མཱ་ཏི་ཀིརྟི་ཞེས་བྱ་སྟེ། སྒྲ་ཚད་ལ་ཤིན་ཏུ་མཁས། ཕྱིས་རྒྱ་ནག་ཏུ་བྱོན་ནས་དེར་སྐུ་གཤེགས། འདིའི་སློབ་མ་རྔོག་ལོ་ཙྪ་བ། ཟངས་དཀར་ལོ་ཙྪ་བ། ཀློག་སྐྱ། མལ་གྱོ། མར་པ་དོ་པ། རྗེ་བཙུན་པུ་ཧྲངས་ལོ་ཆུང་རྣམས་ཡིན་པ་ལས། ཕྱི་མ་གཉིས་ཀྱི་སློབ་མ་དངོས་གྲུབ་ཤེས་རབ། དེ་ནས་རིམ་བཞིན་བྲོག་ར་བ་ཤེར་རྒྱལ། ཞིང་རིངས་པ། བླ་མ་ལྷ་རྗེ། གློ་བོ་ལོ་ཙྪ་བ་ཤེས་རབ་རིན་ཆེན་གྱི་བར་དུ་བརྒྱུད་དེ། དེ་ལ་ཡང་དམར་ཆོས་ཀྱི་རྒྱལ་པོས་གསན་ནོ། །ཡང་རྗེ་བཙུན་པུ་ཧྲངས་ལོ་ཆུང་གྲགས་མཆོག་ཤེས་རབ་ལ། རྗེ་ས་ཆེན་དང་། དམར་བརྩོན་འགྲུས་རྒྱལ་མཚན་གྱིས་གསན། དམར་ཆེན་པོ་འདིས་ལ་སྟོད་ཀྱི་ཤྲཱིའི་དགོན་པ་མཁན་དམར་ཞེས་བྱ་བར་གད་ལོགས་ལ་ཕུག་པ་སུམ་བརྩེགས་བྲུས་ནས་གོང་མར་རྗེ་བཙུན་པུ་ཧྲངས་པ་བཞུགས། བར་མར་དམར་ཆེན་པོ་བཞུགས། འོག་མར་གཡོས་ཁང་བྱས་ནས་རྗེ་བཙུན་པུ་ཧྲངས་པ་མཁའ་སྤྱོད་དུ་གཤེགས་པའི་ཚེ་འདིས་སློབ་མ་རྣམས་ལ་ཁྲིད་བསྐྱངས། ལཱུ་ནག་དྲིལ་གསུམ་གྱི་བསྐྱེད་རྫོགས་ལ་མན་ངག་ཡི་གེར་བྲིས་པའི་ཡིག་ཆ་ཡང་མང་དུ་མཛད་དོ། །དེའི་དབོན་པོ་དམར་བརྩོན་འགྲུས་རྡོ་རྗེ། དེའི་དབོན་པོ་དམར་ཆོས་ཀྱི་རྒྱལ་པོ་སྟེ། འདིས་རང་གི་བླ་མ་བརྩོན་འགྲུས་རྡོ་རྗེ་དང་། རྗེ་བཙུན་དང་། ནུབ་པ་རིགས་འཛིན་གྲགས་དང་། ས་སྐྱ་པཎྜི་ཏ་ཡུན་རིང་དུ་བསྟེན་ཏེ། བདེ་དགྱེས་ཀྱི་མན་ངག་ཐམས་ཅད་ཀྱི་བདག་པོ་ལྟ་བུར་བཞུགས་སོ། །ཡང་ཕམ་འཐིང་པ་སྐུ་མཆེད་བཞི་ལས། གཅེན་ཆོས་ཀྱི་བློ་གྲོས་ཀྱིས་ནཱ་རོ་པ་ལོ་བཅུ་གཉིས་བསྟེན། དེ་གདན་འདྲེན་པ་ལ་གཅེན་འཇིགས་མེད་གྲགས་པ་བྱོན། ཆོས་ཀྱི་བློ་གྲོས་ཀྱི་ཞལ་ནས། ཁྱོད་ཀྱིས་ངའི་བླ་མའི་ཞབས་ཐོག་གྱིས། ང་རྒྱ་ནག་རི་བོ་རྩེ་ལྔར་འགྲོ་ཟེར་ནས་གར་སོང་ཆ་མེད་དུ་གཤེགས། འཇིགས་མེད་གྲགས་པས་ནཱ་རོ་པ་ལོ་དགུ་བསྟེན། འདི་ལ་བལ་ཡུལ་ན་ཨ་དེས་པར་གྲགས། བོད་དུ་ཕམ་འཐིང་པ་ཆེན་པོར་གྲགས། དེ་གདན་འདྲེན་པ་ལ་གཅུང་དུས་འཁོར་བ་བྱོན། དེས་ནཱ་རོ་པ་ལོ་ལྔ་བསྟེན། འདི་ལ་བལ་པོ་མཻ་ཏྲི་པ་ཡང་ཟེར། དེ་གདན་འདྲེན་པ་ལ་ཐང་ཆུང་བས་བྱོན། དེས་ཀྱང་ནཱ་རོ་པ་ལས་དབང་བསྐུར་ཐོབ། ངག་གི་དབང་ཕྱུག་ཆུང་ངུ་གྲུབ་པས། བལ་པོ་ངག་གི་དབང་ཕྱུག་ཏུ་ཡང་གྲགས་སོ། །ཕམ་འཐིང་པ་སྐུ་མཆེད་ཀྱི་དྲུང་དུ་ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་ལོ་མང་དུ་བཞུགས་ནས་གདམས་པ་ཞུས། དེ་ལ་ཐོག་མར་མལ་གྱོ་ལོ་ཙྪ་བས་ཞུས། ཕྱིས་མལ་གྱོ་ཉིད་ཀྱིས་ཕམ་འཐིང་པ་ཆེན་པོ་ལ། དབང་དང་གདམས་པ་ཅུང་ཟད་ཐོབ་ཅིང་། དུས་འཁོར་བ་དང་། ཐང་ཆུང་བ་དང་། སུ་མཱ་ཏི་ཀིརྟིའི་དྲུང་དུ་ལེགས་པར་སྦྱངས་སོ། །དེའི་དྲུང་དུ་མཚན་བརྗོད་པར་དཀའ་བ་རྗེ་ས་སྐྱ་པ་ཆེན་པོས་བྱོན་ནས་དབང་དང་གདམས་པ་མ་ལུས་པར་གསན་ཏེ། དེ་ནས་རིམ་པ་བཞིན། རྗེ་བཙུན་དམ་པ་མུས་ཆེན་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་བར་དུ་བརྒྱུད་དེ། དེའི་དྲུང་དུ་བདག་གིས། གསང་མཐའི་རྩ་བཤད་ཀྱི་རྒྱུད་དང་། གཞུང་ཕྲན་རྣམས་ཀྱི་བཤད་པ་དང་ལུང་། ལཱུ་ནག་དྲིལ་གསུམ་གྱི་སྨིན་བྱེད་ཀྱི་དབང་། བསྐྱེད་རྫོགས་ཀྱི་མན་ངག་རྣམས་ཚང་བར་ཞུས་སོ། །གཉིས་པ་ལ་གསུམ་སྟེ། རྩ་བཤད་ཀྱི་རྒྱུད་གང་ལ་བརྟེན་པ། དེ་ལ་བརྟེན་པའི་མངོན་རྟོགས་ཀྱི་སྐོར་ཇི་ཙམ་བྱུང་བ། དེ་དག་གི་བརྗོད་བྱ་ལམ་མངོན་པར་རྟོགས་པའི་རྣམ་པར་གཞག་པའོ། །དང་པོ་ནི། རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། ཇི་སྲིད་མདོ་བྱ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ཡིས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་དང་། ཀུན་སྤྱོད་ལེའུ་བཅུ་དྲུག་པ་ལས་ཀྱང་། མདོ་དང་བྱ་བ་སྤྱོད་པ་རྣམས། །རྣལ་འབྱོར་གསང་སོགས་དབྱེ་བ་ཉིད། །ཅེས་གསུངས་པའི་དོན་རྗེ་བཙུན་རྩེ་མོས། མདོ་སྡེ་རྟོག་པའི་རྒྱུད། བྱ་བའི་རྒྱུད་ཅེས་བྱ་རྒྱུད་ལ་གཉིས་སུ་བྱས་ནས་སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོ་གསང་བའི་རྒྱུད་དང་། གསང་བའི་མཐའི་རྒྱུད་དེ་རྒྱུད་སྡེ་དྲུག་ཏུ་མཛད་ལ། གཉན་ཕུལ་བྱུང་བ་དང་། རྗེ་བཙུན་གྱིས་མདོ་ཞེས་པས། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལོགས་སུ་བསྟན་པས། རིག་པ་འཛིན་པའི་སྡེ་སྣོད་ལ་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། གསང་བ་དང་། གསང་བའི་མཐའ་དང་དྲུག་ཏུ་མཛད་དེ་གང་ལྟར་ཡང་དྲུག་པ་གསང་བའི་མཐའ་ལ། རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་གཉིས་ལས། དང་པོ་ལ་རྒྱུད་རྒྱས་པ་ལེའུ་འབུམ་པ། དེ་རྩོད་དུས་སུ་བཤད་ཉན་མ་ནུས་པས། དེ་ལས་བསྡུས་པ་ཤླཽ་ཀ་འབུམ་པ། དེ་ཡང་རྩོད་དུས་སུ་མི་འགྲུབ་པས། དེ་ལས་བསྡུས་པ་ཡི་གེ་འབུམ་པ་ལེའུ་ལྔ་བཅུ་རྩ་གཅིག་པ་འདི་གསུངས་ཞེས་རྗེ་བཙུན་གྱིས་ཧེ་རུ་ཀའི་བྱུང་ཚུལ་ལས་བཤད་ཅིང་། ཀུན་སྤྱོད་ཀྱི་ཊཱི་ཀ་དང་། གཉན་ཕུལ་བྱུང་བས་རྒྱུད་རྒྱས་པ་ནམ་མཁའ་དང་མཉམ་པ་འབུམ་ཕྲག་གསུམ་པ་བསྡུས་པ་ལེའུ་ལྔ་བཅུ་རྩ་གཅིག་པ་འདི་ཉིད་ཡིན་པར་གསུངས་ལ། ཀུན་སྤྱོད་ལས། ནམ་མཁའ་དང་ནི་མཉམ་པའི་རྒྱུད། །འབུམ་གཅིག་ན་ཡང་འདི་བཤད་དེ། །ཞེས་དང་། ཕྱག་རྡོར་བསྟོད་འགྲེལ་ལས་ཀྱང་། རྒྱུད་རྒྱས་པ་ནམ་མཁའ་དང་མཉམ་པ་འབུམ་ཕྲག་གཅིག་ཡིན་པར་བཤད་དེ། གདུལ་བྱའི་བློའི་བྱེ་བྲག་གིས་རྒྱས་བསྡུས་སྣ་ཚོགས་སུ་སྣང་བ་མི་འགལ་བར་སེམས་སོ། །དེ་ལྟར་ན་བཤད་བྱ་རྩ་བའི་རྒྱུད་བསྡུས་པ་ལེའུ་ལྔ་བཅུ་རྩ་གཅིག་པ་འདི་ཉིད་ལ། འཆད་བྱེད་བཤད་རྒྱུད་ཀྱི་ཚུལ་རྣམ་པ་བཞི་ཡོད་དེ། མ་རྒྱུད་སྤྱི་དང་མཐུན་པར་བཤད་པ། གསང་འདུས་འཕགས་ལུགས་དང་མཐུན་པར་བཤད་པ། དུས་ཀྱི་འཁོར་ལོ་དང་མཐུན་པར་བཤད་པ། གསང་མཐའ་ལྟར་བཤད་པའོ། །དང་པོ་ནི་བདེ་མཆོག་སངས་རྒྱས་མཉམ་སྦྱོར་ལྟ་བུ་སྟེ། མ་རྒྱུད་སྤྱི་དང་མཐུན་པའི་སྨིན་གྲོལ་སྟོན་པའོ། །གཉིས་པ་ནི་སྡོམ་འབྱུང་སྟེ། འདི་ཉིད་ཀྱི་ལེའུ་གཉིས་པར། སྲིད་པ་སྐྱེ་བའི་རིམ་པ་རྒྱས་པར་བཤད་ནས། དེ་ཉིད་ལ་བསྐྱེད་རིམ་ཞེས་པའི་ཐ་སྙད་མཛད་ཅིང་། རྣམ་གཞག་རིམ་པའི་སྦྱང་གཞི་སྦྱོང་ཚུལ་གྱི་རྣམ་གཞག་འདི་ཁོ་ན་ལྟར་སྣང་བའི་ཕྱིར་དང་། དཀྱིལ་འཁོར་གྱི་གཙོ་བོ་ཞལ་གསུམ་ཕྱག་དྲུག་པའི་རྣམ་གཞག་ཀྱང་འཕགས་ལུགས་དང་མཐུན་པར་སྣང་བའི་ཕྱིར་དང་། རྫོགས་རིམ་ལ་ཡང་དབེན་གསུམ་དང་། འོད་གསལ་དང་། ཟུང་འཇུག་གི་རྣམ་གཞག་མཛད་པའི་ཕྱིར་རོ། །གསུམ་པ་ནི་བཤད་རྒྱུད་མཁའ་འགྲོ་རྒྱ་མཚོ་སྟེ། བསྐྱེད་པའི་རིམ་པ་ལ་ས་དུམ་བུ་བཅུ་གཉིས་དང་བསྟུན་ནས། འཁོར་ལོ་བཅུ་གཉིས་ཀྱི་རྣམ་གཞག་མཛད་པ་དང་། རྫོགས་རིམ་ལ་སྦྱོར་བ་ཡན་ལག་དྲུག་གི་རྣམ་གཞག་མཛད་པའི་ཕྱིར་རོ། །བཞི་པ་ནི་སློབ་དཔོན་སྐར་རྒྱལ་ཟླ་བས། རྩ་རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེའི་ཚོགས་ལས། འབྱུང་དང་མཁའ་འགྲོ་ཀུན་སྤྱོད་དང་། །ཁ་སྦྱོར་རྒྱུད་དང་བླ་མ་སྟེ། །བཤད་རྒྱུད་རྣམ་པ་ལྔ་རུ་འདོད། །ཅེས་གསུངས་པ་ལྟར། བཤད་རྒྱུད་རྣམ་པ་ལྔའི་སྒོ་ནས་རྩ་རྒྱུད་འཆད་པ་སྟེ། དེ་ཡང་རྩ་བའི་རྒྱུད་ཀྱི་ལེའུ་དང་པོ་ལས། གསང་བ་མཆོག་གི་དགྱེས་པ་ན། །ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པ་མདོར་བསྟན། ལེའུ་བཞི་པར་བསྐྱེད་པའི་རིམ་པའི་དེ་ཁོ་ན་ཉིད་བཞི་བསྟན། ལེའུ་སུམ་ཅུ་རྩ་གཉིས་པར་རྟེན་འབྱུང་བ་རིམ་བརྩེགས་བསྒོམ་པ་བརྡའི་སྐད་ཀྱིས་བཤད་པ་དང་། བརྟེན་པ་ལྷ་གཙོ་བོ་ཧེ་རུ་ཀ་ཕྱག་བཞི་པ་ནས་ཕྱག་འབུམ་པའི་བར་དུ་བསྒོམ་པ་བསྟན། ལེའུ་བཞི་བཅུ་རྩ་བརྒྱད་པར་བསྐྱེད་པའི་རིམ་པ་བསྒོམ་པའི་གནས་དང་། དཀྱིལ་འཁོར་གྱི་ལྷ་རྫོགས་པར་བསྒོམ་པ་བསྟན། ལེའུ་ལྔ་བཅུ་པའི་ཞབས་སུ་གནས་ལ་སོགས་པའི་སྒོ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་བསྟན། ལེའུ་ལྔ་བཅུ་རྩ་གཅིག་པ་ནས། རི་སྟེང་སྣ་ཚོགས་པདྨ་ཡི། །ཞེས་པ་ལ་སོགས་པ་ལྷ་སུམ་ཅུ་རྩ་བདུན་བསྐྱེད་པའི་ཆོ་ག་དང་བཅས་པ་གསུངས་ཀྱང་བསྐྱེད་པའི་རིམ་པ་གསལ་བར་མ་གསུངས་པས་བཤད་པའི་རྒྱུད་རྣམས་ཀྱི་ཐོག་མ་ཁོ་ནར། གཙོ་བོར་བསྐྱེད་པའི་རིམ་པ་གསལ་བར་སྟོན་པའི་རྒྱུད་མངོན་པར་རྟོགས་པའི་རྒྱུད་བླ་མ་གསུངས་པས། དེ་ལ་ཐོག་མར་གླེང་གཞི་བསྟན་པ་ཡིན་ནོ། །ཡང་རྩ་བའི་རྒྱུད་ཀྱི་ལེའུ་དང་པོའི་ཞབས་སུ། རི་བོ་ཚང་ཚིང་རི་སུལ་ལམ། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་བྲི་བའི་གནས་གསུངས། ལེའུ་གཉིས་པར་དཀྱིལ་འཁོར་བསྟན། ལེའུ་གསུམ་པར་དཀྱིལ་འཁོར་དུ་འཇུག་པ་དང་། དབང་བསྐུར་བའི་ཆོ་ག་གསུངས་ཀྱང་། སློབ་དཔོན་གྱི་ལས་ལ་སོགས་པ་གསལ་བར་མ་གསུངས་པས། སློབ་དཔོན་གྱི་ལས་ལ་སོགས་པ་གསལ་བར་སྟོན་པ་ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་གསུངས། ཡང་རྩ་བའི་རྒྱུད་ལས། ལས་དང་པོ་པའི་ཆོ་གའི་ཡན་ལག་ལེའུ་སུམ་ཅུ་རྩ་གཅིག་པ་ལས་ལག་པའི་མཆོད་པ་བསྟན། ལེའུ་ཉི་ཤུ་རྩ་བདུན་པ་ལས་གཏོར་མའི་མཆོད་པ་བསྟན་ཀྱང་། ལག་པའི་མཆོད་པ་དང་། ཕྱིའི་མཆོད་པ་དང་། གཏོར་མའི་མཆོད་པ་ལ་སོགས་པ་གསལ་བར་མ་གསུངས་པས། རྩ་བའི་རྒྱུད་ཀྱི་ཆོ་གའི་ཡན་ལག་གསལ་བར་སྟོན་པའི་བཤད་པའི་རྒྱུད་མཁའ་འགྲོ་མ་ཀུན་ཏུ་སྤྱོད་པ་རྟོག་པ་དྲུག་ཅུ་རྩ་བཞི་པ་གསུངས། ཡང་རྩ་བའི་རྒྱུད་ཀྱི་ལེའུ་བཞི་བཅུ་རྩ་གཅིག་པ་ལས། ལས་ཆེན་བཅུ་གཉིས་འདི་དག་ནི། །ཞེས་གསུངས་པས་ཞལ་བཞི་པའི་སྔགས་ལ་བརྟེན་ནས། ལས་བཅུ་གཉིས་བསྒྲུབ་པ་ཙམ་གསུངས་ཀྱང་ལས་བཅུ་གཉིས་པོ་བསྒྲུབ་པ་གསལ་བར་མ་གསུངས་པས་དེ་གསལ་བར་བྱ་བའི་ཕྱིར། རྩ་བའི་རྒྱུད་ཀྱི་ལས་ཚོགས་གསལ་བར་སྟོན་པའི་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་གསུངས། ཡང་རྩ་བའི་རྒྱུད་ཀྱི་ལེའུ་དང་པོར། གསང་བ་མཆོག་གི་དགྱེས་པ་ན། །ལ་སོགས་པ་དང་། མཆོད་གཞི་དཔའ་བོ་ཆེན་པོ་ནི། །ཞེས་པ་ལ་སོགས་པས་རྫོགས་པའི་རིམ་པ་མདོར་བསྟན། ལེའུ་བཞི་པ་དང་། སུམ་ཅུ་རྩ་བཞི་པ། རྩ་ལྔ་པ། རྩ་དྲུག་པ། སུམ་ཅུ་རྩ་བདུན་པ་རྣམས་ཀྱིས། ཕྱག་རྒྱ་བཞིའི་རྫོགས་པའི་རིམ་པ་ལ་སོགས་རྒྱས་པར་བཤད་པ་བྱས་ནས་གསུངས་ཀྱང་། རྫོགས་པའི་རིམ་པ་གསལ་བར་མ་གསུངས་པས་རྫོགས་པའི་རིམ་པ་གསལ་བར་སྟོན་པའི་བཤད་པའི་རྒྱུད་ཀུན་ཏུ་ཁ་སྦྱོར་གསུངས་ཏེ། འདི་ནི་ཐུན་མོང་གི་བཤད་པའི་རྒྱུད་ཡིན་པས་འདི་ལ་གླེང་གཞི་བསྟན་པ་ཡིན་ཞེས་གསུངས་སོ། །བླ་མ་ཕམ་འཐིང་པ་ལ་སོགས་པ་རྣམས་ནི་འཁོར་ལོ་བདེ་མཆོག་གི་བཤད་པའི་རྒྱུད་ལྔ་པོ་དེ་ལ་བཞེད། ནཱ་རོ་པའི་སློབ་མ་རྒྱ་གར་དཱ་རི་ཀ་པ་ནི་ལྔ་པོ་དེའི་སྟེང་དུ། རྣལ་འབྱོར་མ་བཞི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བ་དང་། མཁའ་འགྲོ་རྒྱ་མཚོ་དང་བདུན་དུ་བཞེད་ཅིང་། བདེ་མཆོག་སྡོམ་འབྱུང་ནི་བཤད་རྒྱུད་ཡིན་ཀྱང་། ནཱ་རོ་པ་ལ་བཤད་བཀའ་མི་བཞུགས་པ་ཡིན་ནོ་ཞེས་བཞེད་དོ། །གཉིས་པ་ནི་རྗེ་བཙུན་གྱིས་མངོན་པར་རྟོགས་པའི་དབང་དུ་བྱས་ན་སྐོར་བཞི་ཞེས་གྲགས་ཏེ། ལཱུ་ཧི་པའི་སྐོར། དྲིལ་བུ་པའི་སྐོར། ནག་པོ་པའི་སྐོར། རི་ཁྲོད་མགོན་པོའི་བསྐོར་རོ་ཞེས་གསུངས་ཤིང་གཞན་དག དང་པོ་གསུམ་གྱི་སྟེང་དུ་ཀོང་ཀ་ན་རྒྱལ་བ་བཟང་པོའི་སྐོར་དང་བཞིར་བྱས་པ་ཡང་ཡོད་དོ། །དང་པོ་ནི་སློབ་དཔོན་ལཱུ་ཧི་པས་དཔལ་མངོན་པར་རྟོགས་པ་མཛད་པ་ནི་མ་ལྟ་བུ་ཡིན་ལ། པྲཛྙཱ་རཀྵི་ཏས། དེའི་འགྲེལ་པ་དང་། ཕྱི་རོལ་མཆོད་པའི་ཆོ་ག་དང་། ལག་མཆོད་དང་། གཏོར་མའི་ཆོ་ག་སྟེ་བཞི་མཛད་པ་ནི་བུ་ལྟ་བུ་སྟེ། ལཱུ་ཧི་པ་སྨད་ལྔར་གྲགས་སོ། །གཉིས་པ་ནི་གྲུབ་ཆེན་དྲིལ་བུ་པས། ལུས་དཀྱིལ་ལ་བརྟེན་པའི་གཞུང་གསུམ་མཛད་དེ། འདི་ལ་སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པ་གཉིས། དང་པོ་ནི། གདུལ་བྱ་དབང་རྟུལ་དང་། དབང་འབྲིང་ལ་ཕྱིའི་དཀྱིལ་འཁོར་དུ་རྒྱུད་སྨིན་ནས་ལུས་དཀྱིལ་བསྒོམ་རུང་གི་དབང་བསྐུར་བ་དང་། དབང་རྣོན་ལ་དང་པོ་ཉིད་ནས་སྨིན་བྱེད་དུ་རུང་བའི་དབང་དུ་བྱས་ནས་དཀྱིལ་འཁོར་གྱི་ཆོ་ག་མཛད། གཉིས་པ་ལ། ཕྱི་རོལ་གྱི་རྣམ་རྟོག་སྤངས་ནས་ལུས་དཀྱིལ་འབའ་ཞིག་བསྒོམ་པའི་བསྐྱེད་པའི་རིམ་པའི་གཞུང་དང་། རྫོགས་རིམ་རིམ་པ་ལྔ་པའི་གཞུང་གཉིས་མཛད་དོ། །གསུམ་པ་ནི། ནག་པོ་སྤྱོད་པ་བས་ཧེ་རུ་ཀའི་བཀའ་ལ་བརྟེན་ནས་བསྐྱེད་རྫོགས་ཀྱི་གཞུང་དྲུག་མཛད་དེ། འདི་ལའང་སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པ་གཉིས་ལས། དང་པོ་ནི་རྩ་རྒྱུད་དང་། རྡོ་རྗེ་མཁའ་འགྲོ་དང་། ཧེ་རུ་ཀ་མངོན་འབྱུང་ལ་བརྟེན་ནས་དཀྱིལ་འཁོར་གྱི་ཆོ་ག་མཛད་དོ། །གཉིས་པ་ལ་བསྐྱེད་རྫོགས་གཉིས་ལས། དང་པོ་ལའང་ལྷ་མ་གྲུབ་པ་གྲུབ་པར་བྱེད་པ་དང་། སྔགས་མ་གྲུབ་པ་གྲུབ་པར་བྱེད་པ་དང་། ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་གསུམ་ལས། དང་པོ་ནི་བསྐྱེད་པའི་རིམ་པའི་སྒྲུབ་ཐབས་ཏེ། འདི་ཏིང་ངེ་འཛིན་གསུམ་གྱིས་འཆིང་ཞིང་། རྩ་རྒྱུད་དང་། རྡོ་རྗེ་མཁའ་འགྲོ་དང་། ཨ་བྷི་དྷ་ན་ལ་བརྟེན་པའོ། །གཉིས་པ་ནི་མཆོག་སྒྲུབ་པ་རིན་ཆེན་བཞི་དང་། བར་ཆད་ཞི་བར་བྱེད་པ་ཞལ་བཞི་པའི་སྔགས་ཏེ། འདི་ལ་གཞུང་ལོགས་སུ་མེད་དོ། །གསུམ་པ་ནི་རྩ་བའི་རྒྱུད་དང་། སཾ་བུ་ཊི་དང་། མངོན་བརྗོད་བླ་མ་སོགས་ལ་བརྟེན་ནས་སྦྱིན་སྲེག་གི་གཞུང་མཛད་དེ། འདི་མར་དོས་སློབ་དཔོན་གྱི་གཞུང་མ་ཡིན་པར་འདོད་ཀྱང་། མལ་གྱོས་སློབ་དཔོན་གྱིས་མཛད་པར་བཞེད་པ་ཉིད་ལེགས་ཏེ། གཞན་དུ་ན། འདི་རུ་མཆོག་མིན་དངོས་གྲུབ་གཞན་འགྲུབ་གཞུང་དྲུག་རྩོམས་ཤིག་བར་དོར་སངས་རྒྱས་འགྲུབ། །ཅེས་གསུངས་པའི་གཞུང་དྲུག་མ་ཚང་བར་ཐལ་བའི་ཕྱིར་རོ། །གཉིས་པ་རྫོགས་པའི་རིམ་པ་ལ་ཐབས་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་གཉིས། རྗོད་བྱེད་གླེང་གཞིའི་ཡི་གེ་ཐ་དད་དུ་ཡོད་ཀྱང་། བརྗོད་བྱ་རིམ་པ་བཞི་ལས་མ་འདས་པར་བསྟན་པའི་ཕྱིར་དུ་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་མཛད། ཤེས་རབ་ཀྱི་རྒྱུད་ལའང་ཀྱེ་རྡོ་རྗེ་དང་། འཁོར་ལོ་བདེ་མཆོག་གཉིས། རྗོད་བྱེད་གླེང་གཞིའི་ཡི་གེ་ཐ་དད་དུ་ཡོད་ཀྱང་། བརྗོད་བྱ་རིམ་པ་བཞི་ལས་མ་འདས་པར་བསྟན་པའི་ཕྱིར་དུ་ཨོ་ལ་པ་ཏི་མཛད། འཁོར་ལོ་བདེ་མཆོག་ཉིད་ཀྱི་བརྗོད་བྱ་རིམ་པ་བཞིར་འདུས་པར་ཤེས་པར་བྱ་བའི་ཕྱིར་དུ་དཔྱིད་ཀྱི་ཐིག་ལེ་མཛད་ཅེས་པ་ནི་ཕམ་འཐིང་པ་ནས་བརྒྱུད་པའི་ལུགས་ཡིན་ལ། ག་ཡ་དྷ་ར་ནས་འབྲོག་མི་ལ་བརྒྱུད་པའི་ལུགས་ལ། སློབ་དཔོན་འདིས་སྔར་གྱི་བསྐྱེད་རིམ་གྱི་གཞུང་གསུམ་གྱི་སྟེང་དུ། རྫོགས་རིམ་སྡོམ་དྲུག་སྟེ་གཞུང་དགུ་མཛད་པར་བཞེད་དེ། སྡོམ་དྲུག་ནི། དཔྱིད་ཀྱི་ཐིག་ལེ་རྩ་ཡི་སྡོམ། གསང་བའི་དེ་ཉིད་ཚིག་གི་སྡོམ། ཨོ་ལ་པ་ཏི་མངོན་རྟོགས་སྡོམ། སྙིང་པོ་བསྡུས་པ་དོན་གྱི་སྡོམ། སྡོམ་པ་བཤད་པ་རྣལ་འབྱོར་གྱི་སྡོམ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ཕྱག་རྒྱ་བསྟེན་པའི་སྡོམ་སྟེ་དྲུག་གོ །སྡོམ་པ་བཤད་པའི་ནང་དུ་བརྟུལ་ཞུགས་ཞལ་སྔ་ནས་ཀྱི་གཞུང་། །ཕྱག་གཉིས་དང་ནི་ཞལ་གཅིག་མ། །ཞེས་བཤད་པས། ནག་པོ་པ་ཞེས་མི་མཐུན་པ་ཅིག་གིས་བྱས་པ་ཡིན་གྱི། སྤྱོད་པའི་རྡོ་རྗེས་མཛད་པ་མ་ཡིན་པར་ཕྱི་མ་དག་བཞེད་དོ། །བཞི་པ་ནི། རི་ཁྲོད་པའི་ཞལ་སྔ་ནས་བརྒྱུད་དེ་ཨ་པཱུ་ཛཱུ་ག་ཏས་ཞལ་གཉིས་མ་མཛད། རི་ཁྲོད་པའི་སློབ་མ་མཻ་ཏྲི་པས་དབང་པོ་དང་སྦྱར་ནས་ལྷ་བཅུ་གསུམ་མ། ལྷ་བདུན་མ། ལྷ་ལྔ་མ། ཕྲིན་ལས་ཀྱི་སྒྲུབ་ཐབས་དང་། ཚོགས་འཁོར་ཏེ་གཞུང་དྲུག་མཛད་དོ། །ཀོང་ཀ་ན་རྒྱལ་བ་བཟང་པོའི་སྐོར་ལ་རྩ་རྒྱུད་ཀྱི་འགྲེལ་པ། དེའི་འགྲེལ་བཤད་སྐལ་ལྡན་གྲགས་པས་མཛད་པ། དེ་གཉིས་ཆར་གྱི་བཤད་སྦྱར་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་དང་། རྒྱལ་བ་བཟང་པོ་ཉིད་ཀྱིས་སྒྲུབ་པའི་ཐབས་དང་། དཀྱིལ་འཁོར་གྱི་ཆོ་ག་དགུ་བརྒྱ་པ་རྣམས་མཛད་དོ། །གསུམ་པ་དེ་དག་གི་བརྗོད་བྱ་འཁོར་ལོ་བདེ་མཆོག་གི་ལམ་གྱི་རིམ་པ་ལ་གསུམ་སྟེ། རྩ་རྒྱུད་ཀྱི་གླེང་གཞིའི་གསང་བ་ཅེས་པའི་ཚིག་གིས་བསྟན་པའི་ལམ་གྱི་རིམ་པ་དང་། ལེའུ་ལྔ་བཅུ་རྩ་གཅིག་པའི་དེ་ཁོ་ན་ཉིད་བཅུ་བཞིས་བསྟན་པའི་ལམ་གྱི་རིམ་པ་དང་། བཤད་རྒྱུད་ཀུན་སྤྱོད་ནས་གསུངས་པའི་ལམ་གྱི་རིམ་པའོ། །དང་པོ་ནི་རྩ་རྒྱུད་ཀྱི་ཐོག་མར། དེ་ནས་གསང་བ་བཤད་བྱ་བ། །ཞེས་པའི་གསང་བ་ཞེས་པའི་ཚིག་ངེས་དོན་དུ་བཤད་ན། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། དེ་དག་གིས་བསྒྲུབས་པའི་འབྲས་བུ་གསུམ་བསྟན་པ་ལས། དང་པོ་ནི། གསང་བ་མཆོག་གི་དགྱེས་པ་ན། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་སྟོན་ཏེ། འདི་ལ་རྟེན་ལ་སྦྱར་བ་དང་། བརྟེན་པ་ལ་སྦྱར་བ་གཉིས་ལས་དང་པོ་ནི། གསང་བ་མཆོག་གི་དགེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པས་རྣལ་འབྱོར་པའི་རྟེན་རི་བོ་ཚང་ཚིང་རི་སུལ་ལ་སོགས་པ་སྟོན་ཅིང་། ལྷའི་རྟེན་ལྷ་མངལ་སྐྱེས་དང་། སྒོང་སྐྱེས་གང་བསྒོམ་ཡང་། རླུང་གི་དཀྱིལ་འཁོར་ནས་རི་རབ་ཀྱི་བར་སྟོན་ནོ། །ཡང་ལྷའི་རྟེན་ཐུན་མོང་མ་ཡིན་པ་ཆོས་འབྱུང་ནས་གཞལ་ཡས་ཁང་གི་བར་ཡང་སྟོན་ཏེ། ཞིབ་དུ་མ་སྤྲོས་སོ། །བརྟེན་པ་ལྷ་བསྐྱེད་པ་ལ། ངེས་བརྗོད་བླ་མར། བསྐྱེད་རིམ་གྱི་སྒྲུབ་ཐབས་བདུན་ཅུ་རྩ་ལྔ་སྒོང་སྐྱེས་གཙོ་བོར་བྱས་པའི་སྐྱེ་གནས་བཞི་ཀ་དང་སྦྱར་བ་སྟོན་པ་ནི། འདིར་མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་པ་ནས། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཞེས་པའི་བར་ཚིག་རྐང་དྲུག་མངལ་སྐྱེས་ལ་སྦྱར་བ་དང་། སྒོང་སྐྱེས་ལ་སྦྱར་བ་གཉིས་ཀྱིས་བསྐྱེད་པའི་རིམ་པ་ཡོངས་སུ་རྫོགས་པར་བསྟན་ནོ། །གཉིས་པ་རྫོགས་པའི་རིམ་པ་ལ་སྦྱར་ན། གསང་བ་མཆོག་གི་དགེས་པ་ན། །ཐམས་ཅད་བདག་ཉིད་རྟག་དུ་བཞུགས་ཞེས་པས། རྫོགས་རིམ་རིམ་པ་བཞིའི་དང་པོ་ཤེས་བྱ་རྒྱུད་ཀྱི་རིམ་པ་བསྟན། སྒྲ་ཡི་ཚུལ་ལས་ངེས་འབྱུང་ཞིང་། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཞེས་པས་སྔགས་ཀྱི་རིམ་པ་བསྟན། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པས་ཡེ་ཤེས་ཀྱི་རིམ་པ་བསྟན། འདི་ནི་རང་བྱུང་བཅོམ་ལྡན་དཔའ། །མཁའ་འགྲོ་དྲྭ་བའི་སྡོམ་པ་ཡིན། །ཞེས་པས་གསང་བའི་རིམ་པ་བསྟན་ཏེ། དེ་ལྟར་ན་གསང་བ་ཅེས་དང་། དེའི་དོན་ཚིགས་སུ་བཅད་པ་གཉིས་ཀྱིས་ལམ་གྱི་གསང་བ་བསྐྱེད་རྫོགས་གཉིས་ཀ་བསྟན་པས། འཁོར་ལོ་བདེ་མཆོག་གི་ལམ་གྱི་རིམ་པ་མ་ལུས་པ་བསྟན་ནོ། །གསུམ་པ་དེ་དག་གིས་བསྒྲུབས་པའི་འབྲས་བུའི་གསང་བ་ནི། ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་གཉིས་ཏེ། སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཆོ་གའི་སྦྱོར་ཉིད་ཡེ་ཤེས་ཀྱང་། །ཞེས་པས་བསྟན་ནོ། །གཉིས་པ་ནི་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་དྲྭ། །ཨཱ་ལི་ཀཱ་ལི་ཞེས་བརྗོད་པ། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བ། །འཇུག་པ་སྒྲ་ལ་སོགས་པ་ནས། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་ཞིང་། །བདུད་རྩི་ཚིམ་བྱེད་མྱ་ངན་འདས། །ལག་པའི་མཆོད་པ་དབང་བསྐུར་བ། །གོ་ཆ་ཆེན་པོ་ཡང་དག་བསྲུང་། །སྔགས་རྣམས་ཀུན་གྱི་མཆོད་པ་ཡིན། །དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་གསུངས་ཏེ། འདི་ཉིད་ལྷ་མངལ་སྐྱེས་ལྟར་ན། བསྐྱེད་པའི་རིམ་པ་འབའ་ཞིག་གི་མཉམ་བཞག་དང་། རྗེས་སྤྱོད་དང་བཅས་པ་ལ་སྦྱར་བ་དང་། ལྷ་སྒོང་སྐྱེས་ལྟར་ན་བསྐྱེད་རྫོགས་མ་ལུས་པ་ལ་སྦྱར་བ་གཉིས་ལས། འདིར་སྐབས་སུ་བབ་པ་ཕྱི་མ་ལྟར་བཤད་ན། གོས་ནི་ཕན་འདོགས་པས་ན་གོས་ཞེས་བྱ་སྟེ། བསྐྱེད་རིམ་གྱི་སྔོན་འགྲོ་ཚངས་པའི་གནས་བཞི་བསྒོམ་པ་ལ་སོགས་པའོ། །ཕྱག་རྒྱ་ལྔ་ལ་སོགས་པ་ནི་མཉམ་བཞག་གི་དུས་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྐུ་ལ་ཡོད་པའི་རྒྱན་ནོ། །ཤེས་རབ་ཡན་ལག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དག་པ་དྲན་པ་བསྒོམ་པའོ། །ཕུར་བུ་དྲྭ་བ་ནི་རྗེས་སྤྱོད་ཀྱི་དུས་སུ་ཚམ་རྔམ་སྔགས་ཀྱིས་བསྲུང་བ་བྱེད་པའོ། །ཨཱ་ལི་ཀཱ་ལི་ཞེས་བརྗོད་པ་ནི་ངག་དག་པར་བྱེད་པ་སྟེ། དེས་མཚོན་ནས་ཐོག་མ་ཉིད་དུ་ལུས་ངག་ཡིད་གསུམ་དག་པར་བྱའོ། །རྒྱུ་སོགས་བསོད་ནམས་ཀྱི་ཚོགས། སྟོང་པ་སྔོན་དུ་འགྲོ་བ་ཡེ་ཤེས་ཀྱི་ཚོགས་སོ། །འཇུག་པ་ནི་སེམས་ཅན་གྱི་དོན་ལ་འཇུག་ཅིང་སྤྲོ་བ་ཡིན་ལ། སྒྲ་ལ་སོགས་པ་ནས་ནི་དཔལ་མངོན་པར་རྟོགས་པར་ལྷ་བསྐྱེད་པ་ལྟར་སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྣ་ཚོགས་པདྨའི་བར་དུ་བསྐྱེད་པ་དང་། སྣ་ཚོགས་པདྨའི་ལྟེ་བར་ཨཱ་ལི་ལས་ཟླ་བ། དེའི་སྟེང་དུ་ཀཱ་ལི་ལས་ཉི་མ། དེའི་བར་དུ་ཧཱུྃ་ཉི་མའི་སྟེང་དུ་ཡི་གེ་གསུམ་རིམ་པ་བཞིན་དུ་བསམས་ལ། དེའི་སྟེང་དུ་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་བསམ་སྟེ། ཡི་གེ་གསུམ་ནས་མས་རིམ་གྱིས་གཅིག་ལ་གཅིག་ཐིམ་ནས་ཧཱུྃ་གི་ཐིག་ལེ་ཡང་། ནཱ་དར་གྱུར་པ་ནི་སྒྲ་ཡིན་ལ། སོགས་པ་ཞེས་པ་ནི་ནཱ་ད་སྒྲ་དེ་ཉི་མ་ཟླ་བའི་བར་གྱི་ཚུལ་ཧཱུྃ་ལ་ཐིམ་སྟེ། དེ་ཐམས་ཅད་གྱུར་པ་ལས་རྟེན་དང་བརྟེན་པ་ཐམས་ཅད་དུས་གཅིག་ལ་རྫོགས་པར་བསྐྱེད་པའོ། །དེ་ནས་བརྩམས་ནས་ཇི་སྲིད་བསྡུས་པའི་སྦྱོར་ལྡན་ཞིང་ནི་སྤྲུལ་སྐུ་ལ་དམིགས་པའི་རྗེས་ལ་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པ་ཆོས་ཀྱི་སྐུ་ལ་དམིགས་པའི་བར་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲང་བའི་བར་བསྡུ་བའོ། །བདུད་རྩི་ཚིམ་བྱེད་ནི་མཆོད་པ་བྱེད་པའི་དུས་སུ་ཆོ་ག་བཞིན་བདུད་རྩི་མྱོང་བའོ། །མྱ་ངན་འདས་ནི་ཕྱག་རྒྱ་བཞི་དང་། རྡོ་རྗེ་སེམས་དཔའ་བསྡུ་བ་ལ་སོགས་པ་རྫོགས་པའི་རིམ་པ་བསྒོམ་པ་སྟེ། དེ་ལྟར་དེ་ཁོ་ན་ཉིད་བཅུ་པོ་དེས་ནི་མཉམ་བཞག་ཁོ་ན་བསྟན་ཏོ། །ལག་པའི་མཆོད་པ་ལ་སོགས་པ་བཞི་ནི་རྗེས་སྤྱོད་ཁོ་ན་སྟེ། རྗེས་སྤྱོད་ཀྱི་དུས་སུ་ལག་པའི་མཆོད་པ་བྱ་བ་དང་། དབང་བསྐུར་བ་ཁྲུས་ཀྱི་རྣལ་འབྱོར་བྱ་བ་དང་། རྗེས་ཀྱི་དུས་སུ་གོ་ཆ་ཆེན་པོས་བདག་ཉིད་ཡང་དག་པར་བསྲུང་བ་དང་། རྩ་བའི་སྔགས་བརྗོད་པ་ལ་སོགས་པའི་སྔགས་རྣམས་ཀུན་གྱི་མཆོད་པ་བྱ་བ་སྟེ། དེ་ལྟར་ན་འབྲས་བུ་འགྲུབ་པ་ལ་མི་བསླུ་ཞིང་། སྒྲུབ་པ་པོ་ལ་ཕན་འདོགས་པར་བྱེད་པ་དེ་ཁོ་ན་ཉིད་བཅུ་བཞི་པོ་དེ་ནི་བདེ་མཆོག་ཉུང་ངུའི་རྒྱུད་འདིར། འབུམ་ཕྲག་གསུམ་པའི་རྒྱུད་ལས་མདོར་བསྡུས་ནས་བཤད་པ་ཡིན་ནོ། །གསུམ་པ་བཤད་རྒྱུད་ཀུན་སྤྱོད་ནས་གསུངས་པའི་ལམ་གྱི་རིམ་པ་ལ་གཉིས་ཏེ། རྒྱུད་ཀྱི་བརྗོད་བྱ་མ་ལུས་པ་འཁྲུགས་སྡེབས་པའི་ལམ་གྱི་རིམ་པ་དང་། ལམ་གྱི་དངོས་གཞི་ཉིན་ཞག་ཕྲུགས་གཅིག་ལ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུ་བའོ། །དང་པོ་ནི་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་བརྗོད་བྱ་ཐམས་ཅད་བསྡུ་ན། གཉིས་སུ་བསྡུ་བ་དང་། གསུམ་དུ་བསྡུ་བ་དང་། བཞིར་བསྡུ་བ་གསུམ་ལས། དང་པོ་ནི། དེ་བཞིན་གཤེགས་པའི་དབུགས་དབྱུང་དང་། རྡོ་རྗེ་འཛིན་པའི་དབུགས་དབྱུང་གཉིས་ཏེ། དེ་ཉིད་རྒྱུའི་དབང་དུ་བྱས་ན་ཀུན་རྫོབ་ཀྱི་བདེན་པ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་། དོན་དམ་པའི་བདེན་པ་ནི་རྡོ་རྗེ་འཛིན་པའི་དབུགས་དབྱུང་། ལམ་གྱི་དབང་དུ་བྱས་ན་བསྐྱེད་རིམ་དང་རྫོགས་རིམ་གཉིས། འབྲས་བུའི་དབང་དུ་བྱས་ན་གཟུགས་སྐུ་དང་། ཆོས་སྐུ་གཉིས་ལ་དབུགས་དབྱུང་གཉིས་སྦྱར་དགོས་ཏེ། ཀུན་སྤྱོད་ལེའུ་བཅུ་གསུམ་པ་ལས། བསོད་ནམས་ཡེ་ཤེས་ཚོགས་དག་ནི། །བདེན་པ་གཉིས་ལ་བརྟེན་པ་ཡིན། །ཞེས་དང་། ལེའུ་བཅུ་གཅིག་པ་ལས། བདེ་གཤེགས་དབུགས་དབྱུང་གསུངས་པ་ནི། །དག་པའི་ལུས་ནི་སྐྱོན་མེད་པ། །ཞེས་གསུངས་པས་སོ། །གཉིས་པ་ནི་ལམ་གྱི་ཀུན་ཏུ་སྤྱོད་པ་དང་། དེ་རྫོགས་པར་བྱེད་པའི་ཡན་ལག་གི་ཀུན་ཏུ་སྤྱོད་པ་དང་། འབྲས་བུའི་ཀུན་ཏུ་སྤྱོད་པ་གསུམ་དུ་འདུས་སོ། །གསུམ་པ་ནི་དེའི་སྔོན་དུ་རྒྱུའི་ཀུན་སྤྱོད་སྔོན་དུ་སོང་བ་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་བགྲངས་ན་བཞིར་འགྱུར་རོ། །དེ་ལྟར་བཤད་ན་ཆོས་ཐམས་ཅད་ཀྱི་རང་བཞིན་སེམས་ཀྱི་རང་བཞིན་སེམས་ཀྱི་ཆོས་ཉིད་སྤྲོས་བྲལ་སྔོན་དུ་འགྲོ་བའི་རྟེན་གྱི་གང་ཟག་ལ་རིགས་གཉིས་ཏེ། ལམ་ལ་འཇུག་པ་དང་། ཞུགས་པའོ། །ལམ་ལ་འཇུག་པ་ལ་གསུམ། སྔར་མི་དགེ་བ་འབའ་ཞིག་སྤྱོད་པ་མ་དག་པ་དང་། སྔར་ཕ་རོལ་ཏུ་ཕྱིན་པས་ཅི་རིགས་རྒྱུད་སྦྱངས་པ་དག་པ་དང་། རེས་སྡིག་པ་སྤྱོད་ཅིང་རེས་དགེ་བ་སྤྱོད་པ་འདྲེས་པ་སྟེ། དེ་སྐད་དུ། དག་དང་མ་དག་འདྲེས་པ་སྟེ། །སྒྲུབ་པ་པོ་ནི་གསུམ་དུ་གནས། །ཞེས་གསུངས་པས་སོ། །ལམ་ལ་ཞུགས་པ་ལ་ཡང་གསུམ་སྟེ། བསྐྱེད་པའི་རིམ་པ་འབའ་ཞིག་ལ་དགའ་བ་མཉེས་པར་བྱེད་པའི་སྒྲུབ་པ་པོ་དང་། རྫོགས་པའི་རིམ་པ་འབའ་ཞིག་བསྒོམས་པའི་རྣམ་པར་དག་པའི་སྒྲུབ་པ་པོ་དང་། ཟུང་དུ་འཇུག་པ་ལ་དགའ་བ་གསལ་བྱེད་ཡོན་ཏན་ལྡན་པ་ཞེས་བྱ་བ་སྟེ། དེ་ཡང་། མཉེས་བྱ་རྣམ་པར་དག་པ་དང་། །གསལ་བྱེད་ཡོན་ཏན་ལྡན་པའི་མི། །ཞེས་གསུངས་པ་ཡིན་ནོ། །ཡང་རྒྱུད་འདི་ནི་གང་ཟག་གཉིས་ཏེ། སྤང་བར་བྱ་བ་དང་། བསྒྲུབ་བར་བྱ་བའི་གང་ཟག་གོ །དང་པོ་ནི། ལེའུ་བཅུ་གཅིག་པ་ལས། ལྐུགས་ཅིང་གླེན་པ་སྡིག་དང་ལྡན། །བྱིས་པའི་ཤེས་པས་ཤེས་པ་ཅན། །སེམས་ཅན་ཡོངས་སུ་མ་སྨིན་དང་། །ཕྱི་རོལ་བསྟན་བཅོས་ཀྱིས་འཆལ་པ། །དེ་དག་ཀུན་གྱིས་མི་ཤེས་ཏེ། །མི་ཤེས་མུན་པས་ཁེབས་པ་དང་། །ཁེངས་པ་ལ་ནི་རྟག་དགའ་བ། །ང་རྒྱལ་ལ་སོགས་བདུན་སེམས་ལྡན། །དེ་དག་ཀུན་ཀྱང་སངས་རྒྱས་ཀྱི། །སྤྱོད་ཡུལ་གསང་བ་མི་ཤེས་སོ། །ཞེས་པའི་ཡན་ལག་གསུངས་པ་དང་། སྒྲུབ་པའི་མཚན་ཉིད་ཀྱང་དེ་ཉིད་ལས། བླ་མའི་རིམ་པས་ཇི་ལྟར་བསྟན། །གང་གིས་མྱུར་དུ་ཤེས་འགྱུར་བ། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡིས་ཡེ་ཤེས་ཀྱིས་བསྐུལ་ཡིན། །དད་པ་ཡང་དག་ལྡན་པ་དང་། །རྣལ་འབྱོར་སྤྱོད་ཚུལ་ལ་གནས་ཡིན། །ཞེས་གསུངས་ལ། ལེའུ་དང་པོ་ལ་རྣལ་འབྱོར་གྱི་དབང་ཕྱུག་ཅེས་གསུངས་སོ། །གཉིས་པ་ལམ་གྱི་ཀུན་ཏུ་སྤྱོད་པ་ལ་གསུམ། རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་ཕྱིའི་ཀུན་སྤྱོད་སྤྲུལ་པའི་སྐུ་ལམ་དུ་བྱེད་པ་དང་། ལུས་ལ་ལྷ་རྣམས་རྫོགས་པར་བསྒོམ་པ་ནང་གི་ཀུན་སྤྱོད་ལོངས་སྐུ་ལམ་དུ་བྱེད་པ་དང་། རྫོགས་པའི་རིམ་པ་ཉམས་མྱོང་དང་བཅས་པ་ནི་རྫོགས་པའི་ཀུན་སྤྱོད་ཆོས་སྐུ་ལམ་དུ་བྱེད་པའོ། །གསུམ་པ་དེ་རྫོགས་པར་བྱེད་པ་ཡན་ལག་གི་ཀུན་ཏུ་སྤྱོད་པ་ལ་གསུམ་སྟེ། དང་པོ་གཉིས་རྫོགས་པར་བྱེད་པའི་ཡན་ལག་དང་། གསུམ་ཀ་རྫོགས་པར་བྱེད་པའི་ཡན་ལག་དང་། དེ་དག་བརྟན་པར་བྱེད་པའི་སྤྱོད་པའོ། །དང་པོ་ལ་ལྔ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་སྦྱང་བསྒྱུར་དང་། ཚོགས་གཉིས་བསག་པ་དང་། གོ་ཆ་བཅིང་བ་དང་། ཡེ་ཤེས་པ་དགུག་པ་དང་། དབང་བསྐུར་བའོ། །གཉིས་པ་ལ་ལྔ་སྟེ། སྔགས་མཆོད་དང་། གསང་བའི་མཆོད་པ་དང་། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་དང་། དམ་ཚིག་དང་སྡོམ་པ་དང་། ཐུན་མོང་གི་བྱ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དང་། ཐུན་མཚམས་ཀྱི་བྱ་བའོ། །འདི་ལ་ཡང་ལྔ་སྟེ། ཁམས་དང་རྒྱན་ཆའི་དག་པ། སུམ་བྷ་ནིས་བསྲུང་བ། སྤྱོད་ལམ་གྱི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར། ཉལ་བ་དང་ལྡང་བའི་རྣལ་འབྱོར་རོ། །གསུམ་པ་ལ་རང་དོན་གྱི་སྤྱོད་པ་དང་། གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་གཉིས་ལས། དང་པོ་ལ་གསུམ་སྟེ། བསྐྱེད་རིམ་བརྟན་པར་བྱེད་པ་སྤྲོས་བཅས་ཀྱི་སྤྱོད་པ། རྫོགས་རིམ་བརྟན་པར་བྱེད་པ་སྤྲོས་མེད་ཀྱི་སྤྱོད་པ། གཉིས་ཀ་བརྟན་པར་བྱེད་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །གསུམ་པ་འབྲས་བུའི་ཀུན་ཏུ་སྤྱོད་པ་ལ་ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གསུམ་སྟེ། དེ་ལྟར་ན་ཀུན་ཏུ་སྤྱོད་པ་ཞེས་པའི་ཚིག་དེ་ཉིད་ཀྱིས། འཁོར་ལོ་བདེ་མཆོག་གི་ལམ་དང་འབྲས་བུ་མ་ལུས་པ་བསྟན་ཅིང་། ལེའུ་གང་ནས་གང་འབྱུང་ནི་རྒྱུད་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །གཉིས་པ་ལམ་གྱི་དངོས་གཞི་ཉིན་ཞག་ཕྲུགས་གཅིག་ལ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུ་བ་ནི། ཀུན་སྤྱོད་ལེའུ་བཅུ་གཉིས་པ་ལས། འདུག་དང་ལྡང་བ་ཉིད་དང་ནི། །འཇུག་དང་རྫོགས་པ་ཉིད་དག་དང་། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །ཏིང་འཛིན་མཆོད་པ་བསྡུ་བ་ཡིན། །ཞེས་བྱ་བ་དེ་ཁོ་ན་ཉིད་བཅུ་སྟེ། དེ་ལ་འདུག་པ་ཞེས་བྱ་བ་ནི། ཚངས་པའི་གནས་བཞི་དང་། གཞི་སྦྱང་བསྒྱུར་དང་། སྲུང་བའི་འཁོར་ལོ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་བདག་མེད་པ་ལ་བློ་ཅུང་ཟད་འདུག་པ་ཡིན་ནོ། །གཉིས་པ་ལྡང་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་སེམས་ཅན་གྱི་དོན་བྱའོ་སྙམ་པའི་བསམ་པས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་བསྒོམ་པའོ། །གསུམ་པ་འཇུག་པ་ནི་རི་རབ་ཀྱི་སྟེང་དུ་མངོན་པར་བྱང་ཆུབ་པ་ལྔ་ལས་རྟེན་དང་བརྟེན་པ་དུས་གཅིག་ཏུ་ཤིན་ཏུ་གསལ་བར་ཕྱིའི་དཀྱིལ་འཁོར་བསྒོམ་པ་ཡིན་ནོ། །བཞི་པ་རྫོགས་པ་ནི་ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བསྒོམས་པ་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །ལྔ་པ་བྱིན་གྱིས་བརླབ་པ་ནི་ཕོ་ཉ་བསྲེ་བ་དང་། གོ་ཆ་བཅིང་བ་དང་། ཡེ་ཤེས་པ་དགུག་པ་ཡིན་ནོ། །དྲུག་པ་དབང་བསྐུར་བ་ནི་རིགས་ཀྱི་བདག་པོས་རྒྱས་གདབ་པ་དང་བཅས་པའོ། །བདུན་པ་ཏིང་ངེ་འཛིན་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པར་བྱས་ལ་ལྷའི་སྐུ་མདོག་དང་ཕྱག་མཚན་ལ་སེམས་ཅུང་ཟད་འཛིན་པ་ཡིན་ནོ། །བརྒྱད་པ་མཆོད་པ་ནི་སྔགས་ཀྱི་མཆོད་པ་དང་། ཕྱིའི་མཆོད་པ་དང་། བདུད་རྩིའི་མཆོད་པ་དང་། མཉེས་པའི་མཆོད་པ་དང་། ཡིད་ལས་བྱུང་བའི་མཆོད་པ་དང་། བསྟོད་པའི་མཆོད་པ་དང་། གསང་བའི་མཆོད་པ་སྟེ། དེ་ལ་བཟླས་པ་སྔགས་མཆོད་ཀྱི་ཁོངས་སུ་འདུས་ལ། གསང་བའི་མཆོད་པ་ནི་རྫོགས་པའི་རིམ་པར་འགྲོ་བའི་སྐབས་ཀྱང་ཡོད་དོ། །གཏོར་མའང་མཆོད་པའི་སྐབས་སུ་འདུ་བ་ཡིན་ཏེ། ཐུན་གོང་མ་རྣམས་ལ་གཏོར་མ་ནི་ཐུན་མཇུག་བསྡུ་བའི་རྗེས་ལ་བཏང་ལ། ཐུན་ཐ་མ་ལ་ནི་གཏོར་མ་དང་དག་པའི་རྗེས་ལ་བསྡུ་བ་བསྒོམ་པ་ཡིན་ནོ། །ཐུན་མཚམས་ཀྱི་བྱ་བ་ལ་ཁ་ཟས་དང་། སྤྱོད་ལམ་དང་། ཕྱི་མཆོད་དང་། ལག་མཆོད་ཀྱང་མཆོད་པའི་ཁོངས་སུ་བསྡུ་ལ། གནས་སྐབས་ཀྱི་མཆོད་པའི་ཚེས་བཅུའི་མཆོད་པའང་མཆོད་པའི་ཕྱིར་འདུའོ། །དགུ་པ་བསྡུ་བ་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་སྟེ་རྡོ་རྗེ་སེམས་དཔའ་བསྡུ་བ་ལྟ་བུས་དཀྱིལ་འཁོར་རིམ་པས་བསྡུས་ལ། ཐུན་གོང་མ་རྣམས་ལ་ནི་དེ་ལས་ལངས་ནས་དག་པ་རྗེས་སུ་དྲན་པར་བྱེད་པ་ཡིན་ལ། ཐུན་ཐ་མ་ལ་ནི་དག་པ་རྗེས་དྲན་གྱི་རྗེས་ལ་རྡོ་རྗེ་སེམས་དཔའ་བསྡུ་བར་བྱས་ནས་དེའི་ངང་ལ་ཉལ་བའི་རྣལ་འབྱོར་བྱེད་པ་ཡིན་ནོ། །བཅུ་པ་ཡིན་ཞེས་པ་ངེས་པ་སྟེ། དག་པ་ནི་ཁམས་ཀྱི་དག་པ་དང་། རྒྱན་ཆེའི་དག་པ་བྱས་ལ། དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ་ཚམ་རྔམ་སྔགས་ཀྱིས་བསྲུངས་ལ། སྤྱོད་ལམ་གྱི་རྣལ་འབྱོར་བྱེད་པ་ཡིན་ནོ་ཞེས་རྗེ་བཙུན་གསུང་ངོ་། །གསུམ་པ་བརྩམ་བྱའི་བསྟན་བཅོས་འཕྲོས་དོན་དང་བཅས་པ་ནི། དེ་ལྟར་ན་སློབ་དཔོན་འདིས་མངོན་པར་རྟོགས་པའི་གཞུང་ཆོ་གའི་ཡན་ལག་ཕལ་ཆེར་ཀུན་ཏུ་སྤྱོད་པའི་རྒྱུད་ལ་བརྟེན་ནས་བརྩམ་པ་ཡིན་ནོ། །དེའི་རྒྱུ་མཚན་གྱིས། འདིའི་རྒྱུད་རྒྱས་པའི་ནང་ནས། རྒྱུད་བསྡུས་པ་འདི་རང་གཞུང་གི་ཤེས་བྱེད་དུ། སློབ་དཔོན་ཉིད་ཀྱིས་ཕྱུང་སྟེ། ཐོག་མར། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་ཚིགས་བཅད་གཅིག་གི་མཆོད་བརྗོད་ཀྱང་མཛད་པ་ཡིན་ལ། གང་ཞིག་ཕྱུང་ན་རྗེ་བཙུན་གྱིས་རྒྱུད་རྒྱས་པ་ལ་རྟོག་པ་དྲུག་ཅུ་རྩ་བཞི་བཞུགས་ཤིང་། རྟོག་པ་རེ་རེ་ལ་ལེའུ་བཅུ་བདུན་བཅུ་བདུན་དུ་བཞུགས་པ་ལས། རྒྱུད་ཉུང་ངུ་འདི་ནི་ཉི་ཤུ་པ་རིག་འཛིན་གྲུབ་པའི་རྟོག་པ་སོང་བའི་རྗེས་ལ་ཉེར་གཅིག་པ་འཁོར་ལོ་གསུམ་བཀོད་པའི་རྟོག་པ་ཡིན་པར་བཞེད་ཅིང་། པུ་ཧྲངས་པའི་རྗེས་སུ་འབྲངས་པ་དག་རྟོག་པ་ཉི་ཤུ་རྩ་ལྔ་པ་ཡིན་པར་བཞེད་དོ། །དེས་ན་སློབ་དཔོན་གྱི་གཞུང་འདི་རྒྱ་བོད་ཀུན་ཏུ་ཉི་ཟླ་ལྟར་དུ་གྲགས་པས། རྒྱ་གར་དུ་ཡང་ལྭ་བ་པ་དང་། པྲཛྙཱ་རཀྵི་ཏ་དང་། དེ་བཞིན་གཤེགས་པའི་རྡོ་རྗེ་དང་། ཀུ་མཱ་ར་བོ་དྷི་དང་། ཇོ་བོ་རྗེའི་འགྲེལ་པ་རྣམས་ཡོད་ཅིང་། བོད་དུ་ཡང་ཇོ་བོའི་གསུང་སྒྲོས་བྲིས་པ་ལོ་ཆེན་རིན་བཟང་གི་ཊཱི་ཀ་དང་། མར་དོའི་རྗེས་འབྲངས་ལ་གློ་བོ་ལོ་ཙྪ་བ་དང་། བནྡེ་རྒྱ་མཚོ་གྲགས་ཀྱི་ཊཱི་ཀ་གཉིས་དང་། པུ་ཧྲངས་པའི་རྗེས་འབྲངས་ལ་དམར་ཆོས་ཀྱི་རྒྱལ་པོའི་ཊཱི་ཀ་དང་། མལ་གྱོའི་རྗེས་འབྲང་ལ་གཉན་ཕུལ་བྱུང་བའི་འབྲུ་འབུམ་དང་། རྗེ་བཙུན་གྱི་དོན་འགྲེལ་དང་། དགའ་ལྡན་པ་ཆོས་ཀྱི་རྒྱལ་མཚན་གྱི་ཊཱི་ཀ་རྣམས་ཡོད་དོ། །བཞི་པ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་ཉིད་བཤད་པ་ལ་བཞི་སྟེ། གང་དུ་བསྒོམ་པའི་གནས། གང་གིས་སྒོམ་པའི་གང་ཟག གང་བསྒོམ་པའི་རྣལ་འབྱོར། དེ་ལྟར་བསྒོམས་པའི་འབྲས་བུའོ། །དང་པོ་ནི། མངོན་བརྗོད་བླ་མ་ལས། རི་སུལ་དང་ནི་རི་རྩེ་དང་། །ཆུ་བོའི་ངོགས་དང་འདུས་པ་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དག་དང་། །ཤིང་གཅིག་དང་ནི་ཞི་བའི་གནས། །མ་མོའི་ཁྱིམ་མམ་དུར་ཁྲོད་དམ། །སྣ་ཚོགས་སྐྱེད་མོས་ཚལ་མཆོག་གམ། །ལྷ་ཁང་དང་ནི་མཆོད་རྟེན་ནམ། །ཁྱིམ་མམ་བཞི་མདོ་དག་ཏུ་ནི། །སྒྲུབ་པ་པོ་ཡིས་སྦྱོར་བསྒྲུབ་ན། །འདོད་པ་ཀུན་གྱིས་འབྲས་བུ་གསོལ། །གནས་ནི་བརྟག་པར་བྱས་པའམ། །ཡིད་ནི་གང་དུ་དགའ་བ་དེར། །སྣ་ཚོགས་བདེ་མཆོག་དམ་པ་དེར། །དེ་རུ་བསྒྲུབས་ན་དངོས་གྲུབ་འགྱུར། །དབྱེ་བ་དུ་མས་བསྒོམ་པ་ནི། །གདུལ་བྱའི་བསམ་པའི་དབང་གིས་སོ། །ཞེས་གསུངས་པའི་རི་སུལ་ནས་བཞི་མདོའི་བར་རྣམས་གདུལ་བྱའི་བསམ་པའི་དབང་གིས་རྒྱས་པར་དབྱེ་བ་ཡིན་ལ། མདོར་བསྡུ་ན། ཡིད་ནི་གང་དུ་དགའ་བ་དེར། །ཞེས་པ་སྟེ། ཀྱཻ་རྡོ་རྗེར། དང་པོར་གོམས་པར་བྱེད་དུས་ཀྱི། །གནས་ནི་གང་དུ་སྔགས་པའི་སེམས། །གཅིག་ཏུ་མཉམ་གཞག་འགྲུབ་འགྱུར་བའི། །གནས་ནི་བཟང་པོ་ངེས་པར་བརྟག །རང་གི་ཁྱིམ་དུ་ཞེས་གསུངས་པ་དང་མཐུན་ནོ། །གཉིས་པ་ནི་གཞུང་ལས། དང་པོར་རེ་ཤིག་རྣལ་འབྱོར་པའི་དབང་ཕྱུག་གིས་ཞེས་གསུངས་ཏེ། འདི་ལ་བཤད་པ་གསུམ་དུ་གསུངས་པ་ལས། དང་པོ་ནི་རྣལ་འབྱོར་པའི་ཞེས་པ་ནི། སློབ་པའི་རྣལ་འབྱོར་པ་དང་། མི་སློབ་པའི་རྣལ་འབྱོར་པ་གཉིས་སོ། །དེ་ལ་དང་པོ་ནི་རྣལ་འབྱོར་ཏེ། དང་པོ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ནས་མཉམ་པར་བཞག་པའི་རྣལ་འབྱོར་བསྐྱེད་རྫོགས་གཉིས་ལ་སྐུ་གསུམ་ལམ་དུ་བྱེད་པ་བསྒོམ་པ་དང་། ཐུན་མཚམས་སུ་གཏོར་མ་གཏོང་བ་གཏོར་མའི་རྣལ་འབྱོར་དང་། ཁ་ཟས་ཀྱི་རྣལ་འབྱོར། ནང་གི་སྦྱིན་སྲེག་དང་། དུས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མི་འབྲལ་བའི་སྤྱོད་ལམ་གྱི་རྣལ་འབྱོར་ཏེ་རྣལ་འབྱོར་བཞི་ཡིན་ལ། པའི་ཞེས་པ་ནི་བཞི་པོ་དེ་དག་ལྡན་པའི་རྣལ་འབྱོར་པའོ། །དབང་ཕྱུག་ནི་བཞི་པོ་དེ་ལ་ཐུན་བཞི་ཡི་རིམ་གྱིས་གོམས་པར་བྱས་པས་དེ་ལ་དབང་དུ་གྱུར་པའོ། །ཡང་བཤད་པ་གཉིས་པ་ནི་མི་སློབ་པའི་རྣལ་འབྱོར་པའི་དབང་དུ་བྱས་ན། རྣལ་འབྱོར་ནི་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཐབས་ཤེས་རབ་གཉིས་སུ་མེད་པ་ཡིན་ལ། པ་ནི་དེ་དང་ལྡན་པའོ། །དབང་ཕྱུག་ནི་མཚོན་བྱེད་ཀྱི་རྫོགས་པའི་རིམ་པ་ལ་མི་ལྟོས་པར་བསམ་གྱིས་མི་ཁྱབ་པ་ལ་དབང་ཐོབ་པ་སྟེ། དེ་ཡང་དང་པོ་དཀྱིལ་འཁོར་དུ་ཞུགས་ཏེ་ལྷ་དང་སྐལ་བ་མཉམ་པར་བྱས་པའི་རྣལ་འབྱོར་པས་ཞག་གཅིག་ལ་ཐུན་བརྒྱད་དུ་བསྒོམས་པའི་བཞི་ཆའམ་བརྒྱད་ཆ་གཅིག་གིས་བར་དུ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ལ་རང་གི་ངང་གིས་མཉམ་པར་འཇོག་པར་ནུས་པ་ནི་རབ་ཀྱི་ཡང་རབ་སྟེ་དེ་ནི་མི་སློབ་པའི་རྣལ་འབྱོར་ཞེས་བྱའོ། །གང་ཟག་དེའི་བསྐྱེད་པའི་རིམ་པའི་དོད་ནི། བླ་མའི་ཆགས་ལྷྭམ་གཉིས་རང་གི་སྤྱི་བོར་བསམས་ནས། བླ་མ་སངས་རྒྱས་བླ་མ་ཆོས། །ཞེས་པ་ལ་སོགས་པས་མོས་གུས་བྱེད་པའོ། །དེས་བསྐྱེད་པའི་རིམ་པར་ཅིས་ཏེ་འགྲོ་སྙམ་ན་བསྐྱེད་རིམ་བསྒོམས་པས་ཀྱང་རང་གི་རྒྱུད་ལ་ཚོགས་གསོག་ཅིང་སྒྲིབ་པ་སྦྱོང་བར་བྱེད་པ་བཞིན་དུ་སྔ་མས་ཀྱང་རང་གི་རྒྱུད་ལ་ཚོགས་གསོག་ཅིང་སྒྲིབ་པ་སྦྱོང་བར་བྱེད་པའི་ཕྱིར་རོ། །འདིའི་རྫོགས་པའི་རིམ་པ་ནི་སྔར་སློབ་པའི་རྣལ་འབྱོར་པ་སློབ་པའི་དུས་སུ་མཚོན་བྱེད་ལ་ལྟོས་པའི་རྫོགས་པའི་རིམ་པ་རྡོ་རྗེ་སེམས་དཔའ་བསྡུས་པ་ལ་སོགས་པ་ལ་གོམས་པར་བྱས་ཟིན་པ་ཡིན་པས་མི་སློབ་པའི་རྣལ་འབྱོར་བསྒོམ་པའི་དུས་སུ་མཚོན་བྱེད་ལ་མི་ལྟོས་པར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་གསལ་ལ་མི་རྟོག་པ་དེ་བསྒོམ་པའོ། །ཡང་བཤད་པ་གསུམ་པ་ནི་བདེ་མཆོག་ཉུང་ངུ་དང་། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་དགོངས་པས་རྒྱུད་སྡེ་དྲུག་ཏུ་གནས་པ་ཡིན་པས་ན། དེ་ཡང་རྣལ་འབྱོར་པའི་ཞེས་པ་ནི་བྱ་བའི་རྒྱུད་ལ་སོགས་པའི་ཆོ་ག་ཉམས་སུ་ལེན་པའི་གང་ཟག་ལ་བྱ་བའི་རྒྱུད་ཀྱི་རྣལ་འབྱོར་པ་ཞེས་པ་ལ་སོགས་པར་མིང་འདོགས་པ་ཡིན་ལ། རྒྱུད་འདི་རྒྱུད་སྡེ་དྲུག་པ་མའི་ཡང་མ་བླ་ན་མེད་པའི་རྒྱུད་ཡིན་པས་རྒྱུད་འདིའི་ལམ་ཉམས་སུ་ལེན་པའི་སྒྲུབ་པ་པོ་ལ་ཡང་མིང་རྣལ་འབྱོར་པའི་དབང་ཕྱུག་ཞེས་བྱ་སྟེ། དཔེར་ན་འཇིག་རྟེན་ན་བཙུན་མོ་རྣམས་ཀྱི་ཁྱོ་གྲལ་གྱི་གོ་རིམ་མམ། ག་བུར་ལ་སོགས་པའི་སྨན་གྱི་སྣོད་ཀྱི་གོ་རིམ་བཞིན་ནོ། །དེས་ན་འདིར་རྟེན་གྱི་གང་ཟག་ཁྱད་པར་དུ་བསྟན་པ་འདིས་ནི་གང་ཟག་བཞི་ལས་ཡང་རབ་ཀྱི་ཉམས་སུ་བླང་བྱ་ཡིན་པར་ཤུགས་ལ་བསྟན་ནོ། །དེའི་ཕྱིར་བླ་མ་ཕམ་འཐིང་པ་ནི་སྒྲུབ་པའི་ཐབས་འདི་ཉམས་སུ་ལེན་པའི་གང་ཟག་ཡང་རབ་བཞིར་བཞེད་ལ། བླ་མ་དུས་འཁོར་བ་དང་། ཁ་ཆེ་བྱང་ཆུབ་བཟང་པོ་ནི་འདིར་རབ་ཀྱི་རབ་མི་སློབ་པའི་རྣལ་འབྱོར་པའི་ཉམས་བླང་ཕར་བོར་ནས་སློབ་པའི་རྣལ་འབྱོར་ཉམས་སུ་ལེན་པ་ལ་སྒྲུབ་ཐབས་རྒྱས་འབྲིང་བསྡུས་པ་གསུམ་དུ་བཞེད་དོ། །གསུམ་དུ་ཕྱེ་བ་ནི་གཉན་ཕུལ་བྱུང་བས་བཤད་ལ། རྗེ་བཙུན་རྩེ་མོས་ནི་དེ་དག་གི་དོན་བསྡུས་ནས། སེམས་ཅན་ཐམས་ཅད་ལ་གཅིག་ཏུ་བརྩེ་བའི་བློ་དང་ལྡན་པས་ཡང་དག་པའི་བླ་མ་བསྙེན་བཀུར་བས། དཔལ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པ་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་ཤིང་། བླ་མའི་མན་ངག་གི་ལུང་ཡང་དག་པ་དང་ལྡན་པའི་རྣལ་འབྱོར་པའི་དབང་ཕྱུག་གིས་ཞེས་གསུངས་ཤིང་། རྗེ་བཙུན་ཡང་འདི་བཞིན་དུ་བཞེད་དོ། །དམར་གྱིས་རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་བྱ། དབང་ཕྱུག་ནི་དེ་ཉིད་ལ་དབང་བསྒྱུར་ཞིང་ཕྱུག་པ་སྟེ། མཐར་ཐུག་སངས་རྒྱས་སོ། །ད་ལྟའི་རྣལ་འབྱོར་པ་ལ་དེ་ལྟར་དུ་མིང་འདོགས་པ་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ་ཞེས་བཞེད་དེ། མིང་གི་འདོགས་ཚུལ་འདི་ནི་སྔར་གྱི་བཤད་ཚུལ་ཐམས་ཅད་ལ་ཡང་ཉེ་བར་མཁོ་བ་ཞིག་སྣང་ངོ་། །གསུམ་པ་ལ་གཉིས་ཏེ། ཇོ་བོ་བྷ་ཌནྟ་ནས་བརྒྱུད་པའི་མངོན་རྟོགས་ཀྱི་ཆིངས་བཤད་པ། ཕམ་འཐིང་པ་ནས་བརྒྱུད་པའི་ཉམས་ལེན་ཞིབ་ཏུ་བཤད་པའོ། །དང་པོ་ནི་རྗེ་བཙུན་པུ་ཧྲངས་ལོ་ཆུང་པ་ནས་རིམ་པ་བཞིན་དུ་བརྒྱུད་པའི་མན་ངག་དམར་ཆོས་ཀྱི་རྒྱལ་པོས་འདི་ལྟར་བཤད་དེ། རྟེན་བསྐྱེད་པའི་རིམ་པ་ལ་མཉམ་པར་བཞག་པའི་རྣལ་འབྱོར་ནི། མཉམ་པར་བཞག་པའི་ཆོས་བཅུ་བཞིས་བསྡུས་པ་ཡིན་ནོ། །ཅི་ལྟར་ན་འདི་ལ་རྒྱུའི་ལྷག་མོས་དང་། འབྲས་བུའི་ལྷག་མོས་གཉིས་ལས། དང་པོ་ལ་ཡང་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་ཉོན་མོངས་པའི་སྒྲིབ་པ་ལས་བསྲུང་བའི་དོན་དུ་རྣལ་འབྱོར་བསྲུང་བ་དང་། ཤེས་བྱའི་སྒྲིབ་པ་ལས་བསྲུང་བའི་དོན་དུ་བདག་བསྲུང་བ་དང་། ཕྱིའི་བགེགས་ལས་བསྲུང་བའི་ཕྱིར་གནས་བསྲུང་བ་སྟེ། ཚད་མེད་བཞི་བསྒོམ་པ་དང་། ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་། སྲུང་བའི་འཁོར་ལོ་བསྒོམ་པ་གསུམ་ལ་བཞེད་དོ། །གཉིས་པ་ལ་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་རྟོགས་པར་བྱ་བའི་ཕྱིར་བསོད་ནམས་ཀྱི་ཚོགས་བསག་པ་དང་། དོན་དམ་པའི་བདེན་པ་ལ་རྨོངས་པ་སྤང་བའི་ཕྱིར་ཡེ་ཤེས་ཀྱི་ཚོགས་བསག་པའོ། །གཉིས་པ་འབྲས་བུའི་ལྷག་མོས་ལ་གཉིས་ཏེ། རྟེན་དང་བརྟེན་པར་བཅས་པའི་སངས་རྒྱས་ཀྱི་ཞིང་སྦྱང་བའི་ཕྱིར་བདེ་བ་ཆེན་པོ་འབྲས་བུ་སྤྱིའི་ལྷག་མོས་དང་། སྐུ་གསུམ་ལམ་དུ་བྱ་བའི་ཕྱིར་འབྲས་བུ་བྱེ་བྲག་གི་ལྷག་མོས་སོ། །འདི་ལ་གསུམ་སྟེ། ཆོས་སྐུ་ལམ་དུ་བྱ་ཞིང་ལམ་དང་ལྷ་ལ་ཐེ་ཚོམ་སྤང་བའི་ཕྱིར་ཆོས་སྐུའི་ལྷག་མོས་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པར་བྱ་བ་དང་། ལོངས་སྐུ་ལམ་དུ་བྱ་ཞིང་གཙོ་བོའི་ལུས་ལ་ཞེན་པ་སྤང་བའི་ཕྱིར་ལོངས་སྐུའི་ལྷག་མོས་ལུས་ལ་སྐུའི་དཀྱིལ་འཁོར་འགོད་པ་དང་། སྤྲུལ་སྐུ་ལམ་དུ་བྱ་ཞིང་ཆོས་ཐམས་ཅད་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཏིང་ངེ་འཛིན་དུ་མ་ལ་དབང་འབྱོར་པར་བྱ་བའི་ཕྱིར་སྤྲུལ་སྐུའི་ལྷག་མོས་སོ། །འདི་ལ་དྲུག་སྟེ། ཏིང་ངེ་འཛིན་བརྟན་པར་བྱ་བའི་ཕྱིར་གོ་ཆ་བགོ་བ་དང་། བཟང་ངན་ནམ་ཐ་དད་ཀྱི་རྟོག་པ་སྤོང་བའི་ཕྱིར་ཡེ་ཤེས་པ་གཞུག་པ་དང་། ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པ་མཚོན་པའི་ཕྱིར་དབང་བསྐུར་བ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོ་རྟོགས་པར་བྱ་བའི་ཕྱིར་མཆོད་པ་བྱ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་བཟླས་པ་བྱ་བ་དང་། ཐུན་མཚམས་ཤེས་ཤིང་མཁའ་འགྲོ་མའི་བྱིན་རླབས་འབྱུང་བའི་ཕྱིར་དུ་བདུད་རྩི་མྱང་བའོ། །དེ་ལྟར་མཉམ་བཞག་གི་ཆོས་བཅུ་བཞི་པོ་དེ་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་པས་བསྟན་པ་ཡིན་ནོ། །ཞེས་བཤད་དོ། །གཉིས་པ་ནི། རྗེ་བཙུན་ཕམ་འཐིང་པའི་མན་ངག་མལ་གྱོ་ནས་བརྒྱུད་པ་རྗེ་བཙུན་རིན་པོ་ཆེ་འདི་ལྟར་བཞེད་དེ། ལམ་མངོན་པར་རྟོགས་པ་ནི་བཞིས་བཅིངས་པ་སྟེ། མཉམ་པར་བཞག་པའི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར། གཏོར་མའི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར་རོ། །ཉལ་བའི་རྣལ་འབྱོར་ནི་རྫོགས་པའི་རིམ་པའི་ཁོངས་སུ་འདུ་ལ། ལྡང་བའི་རྣལ་འབྱོར་དང་། ཁྲུས་ཀྱི་རྣལ་འབྱོར་གཉིས་ནི་བསྐྱེད་རིམ་གྱི་སྔོན་འགྲོ་ཡིན་ཅིང་། དག་པ་རྗེས་སུ་དྲན་པ་ནི་ཁ་ཅིག་སྤྱོད་ལམ་གྱི་ཁོངས་སུ་ཡང་སྡུད་མོད་ཀྱི། འདིར་བསྐྱེད་རིམ་བརྟན་པར་བྱེད་པ་ཡིན་པས་མཉམ་གཞག་གི་ཁོངས་སུ་བསྡུའོ། །དང་པོ་མཉམ་པར་བཞག་པའི་རྣལ་འབྱོར་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་དང་། བཟླས་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། རྒྱས་པ་ལ་དགའ་བས་ཅི་སྙེད་ཡོད་པའི་ཆོས་ཇི་ལྟ་བ་བཞིན་དུ་བསྒོམ་པ་དང་། འབྲིང་ལ་དགའ་བས་ཇི་ལྟ་བ་བཞིན་བསྒོམ་པ་དང་། བསྡུས་པ་ལ་དགའ་བས་རང་གི་ལུས་ལ་ཇི་ལྟར་གྲུབ་པ་ཙམ་ཞིག་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་དང་། དེ་ལ་མཆོད་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་བསག་པ་དང་། འབྲས་བུ་ལྷར་བསྐྱེད་པའོ། །དང་པོ་ལ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་འཁོར་དང་བཅས་པ་དང་། དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསྒོམ་པའོ། །དང་པོ་ལ་བཞི་སྟེ། སོག་པར་གྱུར་པའི་དགེ་བའི་རྩ་བ་ཐམས་ཅད་གཞན་དོན་དུ་འགྱུར་བར་བྱ་བའི་ཕྱིར་ཚངས་པའི་གནས་བཞི་བསྒོམ་པ་དང་། ཚོགས་སོག་པའི་རྟེན་ཁྱད་པར་ཅན་གཅིག་དགོས་པས་ཕུང་ཁམས་སྐྱེ་མཆེད་གཞི་སྦྱང་བསྒྱུར་དང་། ཚོགས་བསག་དངོས་དང་འབྲེལ་བས་ཚོགས་བསག་བཅུ་གསུམ་གྱིས་ཚོགས་བསག་པ་དང་། དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་ལ་འཇུག་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། སྔོན་དུ་བྱ་བའི་རིམ་པ་དང་། རྣལ་འབྱོར་བསྒོམ་པ་དངོས་སོ། །དང་པོ་ནི། ཐོ་རངས་ཀྱི་དུས་སུ་ཚངས་པའི་གནས་བཞི་བསྒོམ་པའི་སྔོན་དུ་ལྡང་བའི་རྣལ་འབྱོར་འཇུག་ལ། དེའི་ཡང་སྔོན་དུ་ཉལ་བའི་རྣལ་འབྱོར་འཇུག་པའི་རིམ་པ་བཞིན་དུ་བརྗོད་ན། མདང་ནུབ་མོ་ཉལ་བའི་རྣལ་འབྱོར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་རྡོ་རྗེ་སེམས་དཔའ་བསྡུ་བའི་རྫོགས་པའི་རིམ་པ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་བར་བྱ་སྟེ། ཉལ་བའི་རྣལ་འབྱོར་རོ། །དེ་ནས་ལྡང་བའི་རྣལ་འབྱོར་ནས་ཚངས་པའི་གནས་བཞི་བསྒོམ་པ་ལ་ཐུག་གི་བར་དུ་སྔོན་དུ་བྱ་བའི་རིམ་པ་ལ་མན་ངག་ལས་འབྱུང་བའི་ལུགས་དང་། འགྲེལ་པ་དག་ལས་འབྱུང་བའི་ལུགས་དང་། དེས་ལུགས་སྔ་མ་འགོག་པ་མི་འཐད་པར་བསྟན་པ་དང་གསུམ་ལས། དང་པོ་ནི། ནམ་གྱི་བཞི་ཆའམ་བརྒྱད་ཆ་ནས་ལྡང་བར་འདོད་པས། ནམ་མཁའ་ལ་ཌཱ་མ་རུའི་སྒྲ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་ཞེས་བྱ་བ་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་སུ་གྲག་པས་བདག་གི་གཉིད་བསྐུལ་ནས་སད་པ་དང་མཉམ་དུ་དཔལ་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་ལྡང་བར་བྱ་སྟེ། ལུས་ལྷར་བྱིན་གྱིས་བརླབ་པ་སྐུའི་དགའ་བའོ། །སྤྱིར་ལྡང་བའི་རྣལ་འབྱོར་ཙམ་ལ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ལངས་ཀྱང་དགོས་པ་འགྲུབ་མོད་ཀྱི་འདིར་ནི་ཚངས་པའི་གནས་བཞི་བསྒོམ་ཚུལ་ཐུན་མོང་མ་ཡིན་པ་ལ་ཞལ་བཞི་པར་ལྡང་དགོས་པས་དེའི་དབང་དུ་བྱས་པའོ། །འདི་ནི་གྲུབ་ཆེན་རྡོ་རྗེ་དྲིལ་བུ་པའི་དགོངས་པ་ཡང་ཡིན་ཏེ། དྲིལ་བུ་པའི་གཞུང་ལས། ནངས་པར་སད་པ་དང་མལ་ནས་ལངས་ལ་ཞེས་གསུངས་ལ། ལངས་ཚུལ་ཡང་། དྲིལ་བུ་གཞུང་ཆུང་ལས། ཉེར་བཞིས་བསྐུལ་ནས་ཞལ་བཞི་ཡི། །དཔའ་བོའི་དབང་པོ་བཞེངས་པར་བྱ། །ཞེས་གསུངས་པས་སོ། །དེ་ནས་ངག་ཏུ་ཤྲཱི་ཧེ་རུ་ཀ་ཨ་ཧཾ་ཞེས་བརྗོད་ལ། དེའི་དོན་ཀུན་སྤྱོད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་གསུངས་པ་དྲན་པར་བྱ་བ་ནི་ངག་སྔགས་སུ་བྱིན་གྱིས་བརླབ་པ་གསུང་གི་དགའ་བའོ། །གསུང་གི་དགའ་བ་ཙམ་ལ་མངོན་བརྗོད་ལས་གསུངས་པ་ལྟར་རྐང་པ་བརྒྱད་པ་བརྗོད་པ་དང་། ཀུན་སྤྱོད་ལས་གསུངས་པ་ལྟར་ཨཱ་ལི་ཀཱ་ལི་བརྗོད་པས་ཀྱང་འགྲུབ་མོད་ཀྱི། འདིར་དེ་ལྟར་བརྗོད་པ་ཡང་རྡོ་རྗེ་དྲིལ་བུ་པའི་དགོངས་པ་ཡིན་ཏེ། སྒྲུབ་ཐབས་ལས། རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། བདུད་རྩིའི་རིལ་བུ་ཁར་བཅུག་ལ། ཤྲཱི་ཧེ་རུ་ཀ་ཞེས་བྱ་བའི་དོན་དྲན་པར་བྱ་སྟེ། ཞེས་གསུངས་ཤིང་། སྐུའི་དགའ་བ་སྔོན་དུ་སོང་། ཐུགས་ཀྱི་དགའ་བ་རྗེས་ལ་འབྱུང་བས་གསུང་གི་དགའ་བ་ལས་མ་འདས་པའི་ཕྱིར་རོ། །དེ་ལ་རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་ནི་བཤད་ཟིན་ལ། ཕྱི་མ་གཉིས་ཀྱི་དོན་ལྭ་བ་པ་དང་། པྲཛྙཱ་རཀྵི་ཏ་དང་། དེ་བཞིན་གཤེགས་པའི་རྡོ་རྗེའི་འགྲེལ་པ་རྣམས་སུ་རོ་ལ་ཉེ་བར་གནས་པ་ལ་སྐྲ་བཀྲོལ་ཏེ་བདུད་རྩི་ལྔའི་རིལ་བུ་ཁར་བཅུག་ལ། ཁ་ལྷོ་ཕྱོགས་སུ་བལྟས་པའམ་མོས་ཏེ་ཞེས་གསུངས་ཏེ། རོ་ལ་ཉེ་བར་གནས་པའི་དོན། ཧེ་རུ་ཀའི་ཆས་དྲུག་ནས་གསུངས་པ་ལྟར་རོ་གདན་དངོས་སམ་རས་ལ་སོགས་པ་ལ་རོའི་གཟུགས་བརྙན་བྲིས་པའམ་རོའི་གདན་ཡོད་པར་མོས་པ་ཡང་རུང་སྟེ། བདག་མེད་པ་ལ་གནས་པ་མཚོན་པའོ། །སྐྲ་གྲོལ་བ་ནི་ཁྱིམ་པའི་རྟེན་ཅན་ཡིན་ན། ཐོར་ཅོག་མི་བྱ་བར་བཀྲོལ་ཞེས་པའི་དོན་ཡིན་གྱི། སྐྲ་དངོས་སུ་མེད་ན་བཅོས་མའི་སྐྲས་བརྒྱན་ཞེས་པ་ནི་དོན་མིན་ནོ། །བདུད་རྩི་ལྔའི་རིལ་བུ་ཁར་བཅུག་པ་ནི་བཟའ་བའི་དམ་ཚིག་ཏུ་འགྱུར་པ་དང་། མཁའ་འགྲོས་བྱིན་གྱིས་བརླབ་པ་དང་། ཁ་དག་པས་གསུང་གི་དགའ་བ་དང་རྗེས་སུ་མཐུན་པའོ། །བདུད་རྩི་རིལ་བུ་མེད་ན་ཆང་བདུད་རྩིར་བྱིན་གྱིས་བརླབས་ལ་མྱང་། དེའང་མེད་ན་ཡོད་པར་བསམས་ནས་བྱིན་རླབས་ཀྱི་ཆོ་ག་བྱས་ནས་མྱངས་པར་བསམས་ཏེ། ཆོས་རྗེ་བྲག་ཕུག་པ་སྐབས་འདིར་བདུད་རྩི་བྱིན་རླབས་མཛད་པར་གྲག་གོ །ཁ་ལྷོ་ཕྱོགས་སུ་བལྟས་པའམ། མོས་པ་ནི་བྱ་བའི་རྒྱུད་དང་དུས་འཁོར་བ་དག ཤར་དང་བྱང་གཉིས་ཐབས་ཀྱི་ཕྱོགས་དང་། ནུབ་དང་ལྷོ་གཉིས་ཤེས་རབ་ཀྱི་ཕྱོགས་ཡིན་པས་འདིར་ཤེས་རབ་ཀྱི་རྒྱུད་གཙོ་ཆེ་བ་ལ་དགོངས་པའོ། །འོ་ན་ནུབ་ཀྱི་ཕྱོགས་སུ་ཡང་བལྟ་བར་འགྱུར་རོ་སྙམ་ན་དགོས་པ་གཉིས་པ་ནི། གདུལ་བྱ་དྲག་པོ་དབང་ཕྱུག་ཆེན་པོ་ལྷོ་ཕྱོགས་ན་ཡོད་པས། གདུལ་བྱ་གང་ན་ཡོད་པ་དེར་གཟིགས་པའོ། །མོས་པ་ནི་འཇིག་རྟེན་པའི་ལྷོ་ཕྱོགས་སུ་མོས་པ་ཡིན་གྱི། རྣལ་འབྱོར་པས་ནི་ཁ་གང་བསྟན་ཤར་ཡིན་པའོ། །དེ་ནས་སྙིང་ཁར་ཨ་དཀར་པོ་བསྒོམ་པ་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་མོས་པ་བྱ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་སུ་མོས་པ་བྱ། དེའི་སྟེང་དུ་ཡི་གེ་ཧཱུྃ་གཟུང་འཛིན་དང་བྲལ་བའི་སེམས་སུ་མོས་ཤིང་དེ་ཡང་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་མོས་པ་ནི་སེམས་ཡེ་ཤེས་སུ་བྱིན་གྱིས་བརླབ་པ་ཐུགས་ཀྱི་དགའ་བའོ། །འདི་ཡང་གྲུབ་ཆེན་དྲིལ་བུ་པའི་དགོངས་པ་ཡིན་ཏེ་སྒྲུབ་ཐབས་ལས། སྔར་གྱི་གསུང་གི་དགའ་བའི་རྗེས་སུ་སྙིང་གར་ཟླ་བ་ལ་དཔལ་མཆོག་དང་པོའི་ཡི་གེ་ཡེ་ཤེས་ལྔ་ཡི་རང་བཞིན་ཅན་འོད་ཟེར་དང་བཅས་པའོ། །དེས་སྒོ་གསུམ་གྱི་དྲི་མ་སྦྱོང་ངོ་ཞེས་གསུངས་པས་སོ། །འདི་དག་ལ་སྦྱང་གཞི་ཐ་མལ་པའི་ལུས་དང་ངག་དང་ཡིད་དག་པའི་ཆ་ནས་དག་པ་གསུམ་གྱི་ཐ་སྙད་ཀྱང་རུང་སྟེ། རྗེ་བཙུན་རྩེ་མོས། དང་པོ་ཁོ་ནར་བདག་གི་ལུས་དང་ངག་དང་ཡིད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞེས་གསུང་ཞིང་། ས་ཆེན་གྱིས་ཀྱང་ནག་པོ་པའི་ཐོ་ཡིག་ཏུ་དེ་ལྟར་གསུངས་སོ། །དེ་ལྟར་དག་པ་གསུམ་གྱི་རྗེས་སུ་ཅི་ཞིག་བྱ་སྙམ་ན་རྣལ་འབྱོར་གྱི་གྲོགས་སུ་འགྲོ་ན་ཆུ་གཙང་མའམ་རྡོ་རྗེའི་ཆུས་འོག་དབང་བསྐུར་གྱི་སྐབས་ནས་འབྱུང་བ་ལྟར་ཁྲུས་བྱ། རྣལ་འབྱོར་ལ་མི་ཕན་ན་མི་དགོས་སོ། །དེ་ནས་བསོད་ནམས་ཀྱི་ཚོགས་བསག་པ་རྒྱས་པར་འདོད་པས་ཕྱི་རོལ་མཆོད་པའི་ཆོ་ག་བྱ་སྟེ། པྲཛྙཱ་རཀྵི་ཏས། འདིར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་མཆོད་པ་འདོད་པའི་རྣལ་འབྱོར་པས་ཐོ་རངས་ལངས་པའམ་སྐབས་ཇི་ལྟ་བ་བཞིན་དུ་ཞེས་དང་། རྗེ་བཙུན་རྩེ་མོས། ནངས་པར་སྔར་ལངས་པའམ་མཚན་ཕྱེད་དམ། སྐབས་ཇི་ལྟར་ཡང་རུང་སྟེ། མཉམ་པར་བཞག་པ་ལས་ལངས་ལ་དཔལ་སྡོམ་པའི་དཀྱིལ་འཁོར་ལ་མཆོད་པ་ལ་སོགས་པ་རྗེས་སུ་སྤྱད་པར་བྱའོ་ཞེས་གསུངས་པས་སོ། །འོ་ན་འདིར་ཡང་མཉམ་པར་བཞག་པ་ལས་ལངས་ལ་ཞེས་དང་། ལུང་སྔ་མའི་མཇུག་ཏུ། དཔལ་བདེ་མཆོག་གི་རྣལ་འབྱོར་དང་ལྡན་པས་ཞེས་གསུངས་པས་བདག་བསྐྱེད་སྔོན་དུ་འགྲོ་དགོས་པ་མ་ཡིན་ནམ་སྙམ་ན། ཐོ་རངས་ཀྱི་ཐུན་ལ་མཉམ་པར་བཞག་པ་ལས་ལངས་པ་ནི་ཉལ་བའི་རྣལ་འབྱོར་ལས་ལངས་པའི་དོན་ཡིན་ལ། ལུང་སྔ་མར་ལྷའི་རྣལ་འབྱོར་དང་ལྡན་པས་བྱ་བར་གསུངས་པ་ནི་ལྡང་བའི་རྣལ་འབྱོར་གྱི་ཚེ་སྐུའི་དགའ་བ་དང་ལྡན་པའི་དོན་ཡིན་པས་ཐོ་རངས་ཀྱི་ཐུན་ལ་ནི་སྐབས་འདིར་བྱ་དགོས་ཏེ། ཀྱཻ་རྡོ་རྗེའི་སྒྲུབ་ཐབས་རྣམས་ལས་སྐབས་འདིར་བྱ་བར་གསུངས་པ་དང་མཐུན་ནོ། །ཐུན་གཞན་ལ་ནི་ཐུན་གྱི་མགོ་མཇུག་གང་དུ་བྱས་ཀྱང་འདྲ་ལ། སྲོད་ཐུན་ལ་ནི་ཐུན་གཞུག་ཏུ་གཏོར་མ་གཏོང་བ་དང་བསྟུན་ལ་བྱ་སྟེ། མཚན་ཕྱེད་ཀྱི་དུས་སུ་བྱ་བར་གསུང་པའི་དོན་ནོ། །རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི་ཉལ་བའི་རྣལ་འབྱོར་ཚུལ་བཞིན་བྱས་ནས་ལྡང་བའི་རྣལ་འབྱོར་གྱི་བར་དུ་ཐུན་མཚམས་ཀྱི་ཉེས་ལྟུང་མ་བྱུང་བ་ལ་དགོངས་ནས་འདི་དང་ཀྱཻ་རྡོ་རྗེ་གཉིས་ཆར་ལས་ཐོ་རངས་ཀྱི་ཐུན་ལ་བྱ་བར་མ་གསུངས་ལ། ཐུན་གཞན་ལ་ནི་དགའ་བ་གསུམ་གྱི་སྔོན་དུའམ་རྗེས་སུ་ངེས་པར་བྱ་དགོས་ཏེ། སྙིང་པོ་རྒྱན་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །པད་དཀར་ཟླ་བའི་དབུས་གནས་ཤིང་། །རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང་། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས་པས་སོ། །གཉིས་པ་ནི་པྲཛྙཱ་རཀྵི་ཏའི་འགྲེལ་པ་དང་། དེ་བཞིན་གཤེགས་པའི་རྡོ་རྗེའི་འགྲེལ་པར་ཐོག་མར་ཤྲཱི་ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་བཞིའི་དོན་མངོན་དུ་བྱས་ཏེ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་ཡིས་སྟོང་པའོ། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་རྒྱུ་ཤྲཱི་ཧེ་རུ་ཀ་ཨ་ཧཾ་ཞེས་ལན་གསུམ་བརྗོད་ལ་ཉི་མའི་གདན་ལ་བདེ་མཆོག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་བསྣམས་པར་བདག་ཉིད་མོས་པ་བྱས་ནས། དེའི་རྗེས་ལ་ཨོཾ་གྱི་ཡི་གེའི་དང་པོ་ཅན་དང་ཧུཾ་ཧཱུྃ་ཕཊ་ཀྱི་ཡི་གེའི་མཐའ་ཅན་གྱི་ཨཱ་ལི་ཀཱ་ལིའི་ཕྲེང་བ་འོད་ཟེར་ལྔ་དང་ལྡན་པ་ལན་གསུམ་དུ་བརྗོད་པས་ཡོངས་སུ་བསྐོར་ནས་གནས་པ་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས་ཏེ་བགེགས་ཀྱི་ཚོགས་རྣམས་འཇོམས་པར་བྱེད་པ་བསྒོམས་ལ་ཞེས་ཡི་གེ་བཞིའི་དོན་རྣམ་ཐར་སྒོ་གསུམ་གྱི་སྟོང་ཉིད་བསྒོམ་པ་སེམས་དག་དང་། དེའི་ངང་ལས་ལྷ་སྐུ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ལངས་པ་ལུས་དག་དང་། མགོ་བོར་ཨོཾ་དང་། མཐར་ཧུཾ་ཧཱུྃ་ཕཊ་སྦྱར་བའི་ཨཱ་ལི་ཀཱ་ལི་བརྗོད་པ་ངག་དག་ཏུ་བཤད་དོ། །གསུམ་པ་ནི། འདོད་འཇོ་མཁན་པོས་འགྲེལ་པའི་བཤད་པ་དེ་ཉིད་དང་མི་མཐུན་པས་སྔར་གྱི་དགའ་བ་གསུམ་གྱི་ངོ་བོ་དང་། གོ་རིམ་གཉིས་ཀ་མི་འཐད་པར་སྨྲའོ། །དེ་ནི་དོན་མ་རྟོགས་པ་སྟེ། ཕམ་འཐིང་པའི་བཞེད་པས། པྲཛྙཱ་རཀྵི་ཏ་ནི་ནཱ་རོ་པ་ལོ་བཅུ་གཉིས་ཀྱི་བར་དུ་བསྟེན་ཀྱང་ཚོགས་བཤད་ལས། སློབ་བཤད་མ་ཐོབ་པར་གསུངས་པས་ནཱ་རོ་པའི་ཚོགས་བཤད་ཀྱིས་སློབ་བཤད་འགོག་པ་མི་རིགས་པའི་ཕྱིར་རོ། །དེ་ལ་ཡང་འདོད་འཇོ་མཁན་པོས་དེ་སྐད་ཟེར་མོད་ཀྱི་སློབ་བཤད་ཡོད་པར་འདོད་པ་རྣམས་ལ་ཡོད་ཅིང་འདི་ལ་མེད་པ་ཅི་ཡང་མེད་པས། པྲཛྙཱ་རཀྵི་ཏ་ལ་ཡང་ནཱ་རོ་པའི་སློབ་བཤད་ཡོད་པ་ཡིན་ནོ་ཞེས་ཕོ་ཚོད་ཀྱིས་སྨྲའོ། །འདིའང་མ་བརྟགས་པ་སྟེ། ཚད་མེད་བཞི་བསྒོམ་ཚུལ་དང་། ཚོགས་བསག་བཅུ་གསུམ་དང་། སྒྲ་ཚུལ་གྱི་རྟེན་འབྲེལ་དང་། ཕོ་ཉ་གསུམ་བསྲེ་སོགས་མང་དུ་ཡོད་པ་དངོས་སུ་མཐོང་བཞིན་དུ་སྙོན་འདིང་བར་མི་བྱའོ། །འོ་ན་དགའ་བ་གསུམ་གྱི་ངོ་བོ་དང་། གོ་རིམ་སྔར་བཤད་པ་རྣམས་སློབ་བཤད་དུ་ཇི་ལྟར་འགྱུར་ན། གྲུབ་ཆེན་དྲིལ་བུ་པའི་དགོངས་པར་བསྒྲུབས་ཟིན་ཅིང་སྐུའི་དགའ་བ་ཡང་ཚོགས་བཤད་ལས་ཁྱད་པར་དུ་འཕགས་ཏེ། སྤྱིར་ཐུན་མཚམས་ཀྱི་ལྷའི་རྣལ་འབྱོར་དྲན་པ་ཙམ་གྱིས་ལུས་དག་ཕྱག་གཉིས་པས་རུང་ཡང་འདིར་ཚད་མེད་བཞི་བསྒོམ་ཚུལ་ཐུན་མོང་མ་ཡིན་པ་ལ་ཞལ་བཞི་པ་ངེས་པར་དགོས་པའི་ཕྱིར་རོ། །གསུང་གི་དགའ་བ་ཡང་ཚོགས་བཤད་ལས་ཁྱད་པར་འཕགས་ཏེ། ཐ་མལ་པའི་ངག་དག་ནས་ངག་སྔགས་སུ་བྱིན་གྱིས་བརླབ་པ་ཙམ་ཨཱ་ལི་ཀཱ་ལི་དང་རྐང་པ་བརྒྱད་པ་བརྗོད་པས་འགྲུབ་ཀྱང་འདིར་སྔ་མ་ལྟར་བྱས་པས་དགོས་པ་གཉིས་པོ་དེའི་སྟེང་དུ་ཡང་ངེས་དོན་གྱི་ཧེ་རུ་ཀ་དང་། དྲང་དོན་གྱི་ཧེ་རུ་ཀ་དྲན་པ་ལྷག་པོར་འབྱུང་བའི་ཕྱིར་རོ། །ཐུགས་ཀྱི་དགའ་བ་ཡང་ཚོགས་བཤད་ལས་ཁྱད་པར་འཕགས་ཏེ། ཡི་གེ་བཞིའི་དོན་དྲན་པས་སེམས་ལ་བདག་གཉིས་སུ་འཛིན་པའི་རྣམ་རྟོག་དག་ནུས་ཀྱང་ཐ་མལ་དུ་འཛིན་པའི་རྣམ་རྟོག་འདག་པར་མི་ནུས་ལ། འདིར་ནི་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམས་པས་དགོས་པ་སྔ་མ་དེ་ཉིད་གྲུབ་ཅིང་། དེའི་སྟེང་དུ་ཧཱུྃ་ཡེ་ཤེས་ལྔའི་བདག་ཉིད་ཅན་བསྒོམས་པས་སེམས་ལ་ཐ་མལ་དུ་འཛིན་པའི་རྣམ་པར་རྟོག་པ་ཡང་འདག་པར་བྱེད་ལ། ཚད་མེད་བཞི་བསྒོམ་པ་དང་། གཞི་སྦྱང་བསྒྱུར་དང་། ཚོགས་ཞིང་སྤྱན་འདྲེན་པའི་རྟེན་ཡང་འདིས་འགྲུབ་པའི་ཕྱིར་རོ། །ཇི་ལྟར་ན་ཨ་ནི་ཆོས་ཉིད་སྐྱེ་བ་མེད་པའི་དོན་ཡིན་པས་ཡུལ་དེ་དང་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་མཚོན་ལ། དེ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པས་ནི་རྗེས་ཐོབ་ཀྱི་གནས་སྐབས་སུ་ཡང་མཉམ་གཞག་དང་རྟོགས་པ་མཐུན་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་མཚོན་ནོ། །དེའི་སྟེང་དུ་ཧཱུྃ་བསྒོམས་པས་ནི་སེམས་ཉིད་ཡེ་ཤེས་ལྔའི་རང་བཞིན་གྱི་ཧཱུྃ་གི་གཟུགས་སུ་གྲུབ་པས་ཐ་མལ་གྱི་རྣམ་རྟོག་དག་པའོ། །འདི་ལ་བུ་སྟོན་གྱིས། ཐབས་དང་ཤེས་རབ་རང་བཞིན་ཅན། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནི། །ཞེས་བཤད་པས་ཐབས་ཤེས་གཉིས་མེད་ཀྱི་རང་བཞིན་ཡིན་པ་དང་། ཧཱུྃ་ནི་སྐུ་དང་གསུང་དང་ཐུགས། །རྡོ་རྗེ་མི་བྱེད་གསུམ་འབྱུང་བ། །ཞེས་ཧ་སྐུ་རྡོ་རྗེ་རྣམ་སྣང་གི་ས་བོན། ཨཱཿགསུང་རྡོ་རྗེ་འོད་དཔག་མེད་ཀྱི་ས་བོན་དུ་བཤད་པ་ཡོད་ཀྱི་ཧཱུྃ་ཆ་ལྔ་ཡེ་ཤེས་ལྔ་ལ་སོ་སོར་སྦྱར་བ་ནི་ཐིམ་རིམ་ཙམ་ལ་དཔགས་པ་ཡིན་པ་འདྲ། རྒྱུད་དང་རྒྱ་གཞུང་གང་ན་ཡང་བཤད་པ་མ་མཐོང་ངོ་ཞེས་གསུང་། དེ་ཡང་མི་འཐད་དེ། སཾ་བུ་ཊི་ལས། ཆ་ལྔ་པ་ཡི་རང་བཞིན་དུ། །སྙིང་གི་དབུས་སུ་རྣམ་པར་གནས། །ཞེས་དང་། མངོན་བརྗོད་ལས། དེ་སྟེང་དེ་ཉིད་མཆོག་དམ་པ། །ཡེ་ཤེས་ལྔ་པོ་ཞི་བ་ཡིན། །སྣ་ཚོགས་འོད་ཟེར་གསལ་བ་ཡིས། །རྣམ་པར་འཕྲོ་བས་ཀུན་དུ་ཁྱབ། །སྔོན་འགྲུབ་པ་ནི་བསྐུལ་ནས་ནི། །བྱིན་གྱིས་བརླབ་པར་བྱེད་པ་ཡིན། །ཞེས་དང་། དེའི་དོན་སློབ་དཔོན་དྲིལ་བུ་པས་སྙིང་གར་ཟླ་བ་ལ་དཔལ་མཆོག་དང་པོའི་ཡི་གེ་ཡེ་ཤེས་ལྔའི་རང་བཞིན་ཅན་འོད་ཟེར་དང་བཅས་པའོ། །ཞེས་གསུངས་པས་སོ། །དེས་ཧཱུྃ་ཡེ་ཤེས་ལྔའི་རང་བཞིན་ཅན་དུ་གྲུབ་མོད་ཆ་ལྔ་པོ་ཡེ་ཤེས་ལྔ་ལ་སོ་སོར་སྦྱར་བ་མི་གྲུབ་བོ་སྙམ་ན། དེ་ཡང་མ་ཡིན་ཏེ། སཾ་བུ་ཊིའི་ལུང་དེ་ཉིད་ཀྱིས་ཧཱུྃ་ཆ་ལྔ་པར་གསུང་ཤིང་། ལུང་གཞན་རྣམས་ཀྱིས་ཡེ་ཤེས་ལྔའི་རང་བཞིན་དུ་གསུངས་པས་ལེགས་པར་གྲུབ་བོ། །རྒྱ་གཞུང་ལས་མ་བཤད་པ་ཡང་མ་ཡིན་ཏེ། ཨ་བྷྱ་ཀ་རས་བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་སུ། ཞབས་ཀྱུ་དོན་ཡོད་གྲུབ་པ་དང་། ཧ་འོད་དཔག་མེད། མགོ་བོ་རིན་འབྱུང་། ཟླ་ཚེས་རྣམ་སྣང་། ཐིག་ལེ་ནཱ་ད་དང་བཅས་པ་མི་བསྐྱོད་པར་བཤད་ཅིང་། རིགས་ལྔ་དང་ཡེ་ཤེས་ལྔ་དོན་གཅིག་པའི་ཕྱིར་རོ། །གོ་རིམ་ཀྱང་ཚོགས་བཤད་ལས་ཁྱད་པར་དུ་འཕགས་ཏེ། སྤྱིར་ཐུན་ཕྱི་མ་རྣམས་ལ་ལུས་ངག་ཡིད་གསུམ་ཐོག་མར་གང་བློ་ཡུལ་དུ་འཆར་བ་ནས་དག་པ་བསྒོམ་དགོས་པས་གོ་རིམ་གཙོ་བོ་མ་ཡིན་ཡང་། ཐོ་རངས་ཀྱི་ཐུན་ལ་ལྡང་བའི་རྣལ་འབྱོར་དང་། སྐུའི་དགའ་བ་བསྟུན་དགོས་པ་དྲིལ་བུ་ཞབས་ཀྱི་གཞུང་གིས་གྲུབ་པའི་ཕྱིར་རོ། །འདོད་འཇོ་མཁན་པོས། སྐབས་འདིར། སྔོན་འགྲོའི་གཏོར་མ་བཏང་ནས། སྒྲུབ་པའི་བར་ཆད་ཞི་བའི་ཕྲིན་ལས་བཅོལ་བ་ནི་ཐུན་བཞི་ཀའམ་ཐུན་དང་པོའི་འགོར་བྱའོ། །སྐབས་འདིའི་གཏོར་མ་ནི་ཞིང་སྐྱོང་ལ་སྟེར་བར་མཁའ་འགྲོ་རྒྱ་མཚོ་ལས་གསུངས་པས། འཇིག་རྟེན་པའི་གཏོར་མའོ་ཞེས་སྒྲུབ་ཐབས་རྐྱང་པ་བསྒོམ་པའི་འགོར་སྔོན་འགྲོ་གཏོར་མ་གཏང་བ་ནི་མཐོང་བ་བརྒྱུད་པའི་ལག་ལེན་མེད་པའི་སྐྱོན་ཏེ། སྒྲུབ་ཐབས་དག་ལས། མཆོད་པ་དང་གཏོར་མའི་རྣལ་འབྱོར་བྱ་བར་གསུངས་པ་ནི་སྔར་བཤད་པ་ལྟར། བསོད་ནམས་ཚོགས་བསག་རྒྱས་པ་ཕྱི་རོལ་མཆོད་པའི་ཆོ་ག་བྱ་བའི་དོན་ཡིན་ཅིང་། དེའི་ཚེ་ཞིང་སྐྱོང་གི་གཏོར་མའམ། འཇིག་རྟེན་པའི་གཏོར་མ་ཡང་མཁའ་འགྲོ་སྤྱི་གཏོར་ཡིན་གྱི། དེ་ལས་གཞན་དུ་སྒྲུབ་ཐབས་རྐྱང་པའི་མགོར་སྔོན་འགྲོ་གཏོར་མ་གཏོང་བ་ནི་རྒྱ་བོད་སུའི་ལུགས་ལ་ཡང་མེད་པའི་ཕྱིར་རོ། །གཉིས་པ་རྣལ་འབྱོར་བསྒོམ་པ་དངོས་ནི་གཞུང་ལས། ཚངས་པའི་གནས་བཞི་བསྒོམ་པར་བྱའོ་ཞེས་གསུངས་ཏེ། འགྱུར་ཁ་ཅིག་ལས། དེའི་ཐོག་མར། དང་པོ་ཁོ་ནར་ཞེས་འབྱུང་བ་ལྟར་ན། སྒྲུབ་ཐབས་གཞན་ལས། ཡུལ་དག་པ་ལ་བརྟེན་པའི་ཚོགས་བསག་གི་རྗེས་སུ་འདི་འབྱུང་བ་ལྟར། རྒྱུན་བཤགས་ཀྱི་རྗེས་སུ་མ་ཡིན་གྱི་དང་པོ་ཁོ་ནར་བསྒོམ་ཞེས་གསུངས་པའི་དོན་ནོ། །དེའི་དགོས་པ་ཡང་། ཇོ་བོ་རྗེ་ནས་བརྒྱུད་པ་ལོ་ཆེན་དང་། པུ་ཧྲངས་པ་ནས་བརྒྱུད་པ་དམར་གྱི་འགྲེལ་པ་གཉིས་ལས། རྣལ་འབྱོར་བསྲུང་བ་ཞེས་གསུངས་ཏེ། རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཡིན་ལ། ལྷག་མཐོང་གི་རྒྱུ་ཞི་གནས་ཡིན་ཅིང་དེའི་འགལ་རྐྱེན་ཉོན་མོངས་པ་ཞེ་སྡང་དང་། རྣམ་པར་འཚེ་བ་དང་། ཕྲག་དོག་དང་། ཆགས་ཞེན་ནོ། །དེ་དག་གི་གཉེན་པོར་རིམ་པ་ལྟར་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམས་པས་བསྲུང་ཞེས་བཤད་དོ། །རྗེ་བཙུན་གྱིས་ནི་འོག་ནས་བསྒོམ་པར་འགྱུར་བའི་ཕུང་ཁམས་སྐྱེ་མཆེད་ལྷའི་ང་རྒྱལ་བྱེད་པ་སོགས་ཀྱི་མངོན་རྟོགས་མཐའ་དག་གཞན་དོན་དུ་འགྱུར་བར་བྱ་བའི་ཕྱིར་ཐོག་མར་བསྒོམ་ཞེས་གསུངས་ཏེ་དགོས་པ་གཉིས་ཀ་ཡང་མི་འགལ་ལོ། །དེ་རྣམས་ལ་ཅིའི་ཕྱིར་ཚད་མེད་ཅེས་བྱ་ཞེ་ན་ཡུལ་སེམས་ཅན་ཚད་མེད་ལ། བློ་ཚད་མེད་སྔོན་དུ་གཏོང་བས་སོ། །བསྒོམ་བྱའི་རྣལ་འབྱོར་ནི་ཚངས་པའི་གནས་ཞེས་པ་སྟེ། གནས་སྐབས་ཀྱི་ཚངས་པ་གཟུགས་ཁམས་ཀྱི་ལྷ་དང་། གནས་ནི་དེ་ཐོབ་བྱེད་ཀྱི་རྒྱུ་སྟེ། བཤེས་སྤྲིང་ལས། བྱམས་པ་དང་ནི་དེ་བཞིན་སྙིང་རྗེ་དང་། །དགའ་བ་དང་ནི་བཏང་སྙོམས་སྒོམས་མཛོད་ཅིག །གོང་མ་བརྙེས་པར་མ་གྱུར་དེ་ལྟ་ནའང་། །ཚངས་པའི་འཇིག་རྟེན་དུ་ནི་སྐྱེ་བར་འགྱུར། །ཞེས་སོ། །མཐར་ཐུག་གི་ཚངས་པ་ནི་སྒྲིབ་པའི་དྲི་མ་མ་ལུས་པ་དང་བྲལ་ཞིང་ཚངས་པས་ན་ཚངས་པ་སྟེ། བརྟག་གཉིས་ལས། ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། །ཅེས་དང་། སྦྱོང་རྒྱུད་ལས། ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ། ཞེས་དང་། མ་རིག་འཇོམས་པའི་ཚངས་པ་སྟེ་ཞེས་སོ། །གནས་ནི་དེ་ཐོབ་བྱེད་ཀྱི་རྒྱུ་སྟེ། ཚད་མེད་བཞི་ལས་བྱང་ཆུབ་ཀྱི་སེམས་འབྱུང་། དེ་ལས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་འབྱུང་། དེས་མཐར་ཐུག་ཚངས་པ་ཐོབ་པར་བྱེད་པས་སོ། །བཞི་ཞེས་པ་ནི་གྲངས་ངེས་པ་སྟེ། མི་མཐུན་པའི་ཕྱོགས་ཉོན་མོངས་པ་བཞིའི་གཉེན་པོར་བྱམས་པ་སོགས་བཞིར་ངེས་པའོ། །བསྒོམ་ཚུལ་ནི་བསྒོམ་པར་བྱའོ། །ཞེས་པ་སྟེ། འདི་ལ་གཉིས་ཏེ། ཐུན་མོང་གི་བསྒོམ་ཚུལ་དང་། ཐུན་མོང་མ་ཡིན་པའི་བསྒོམ་ཚུལ་ལོ། །དང་པོ་ལ་རྒྱས་པར་བསྒོམ་པ་དང་། བསྡུས་ཏེ་བསྒོམ་པ་གཉིས་ལས། དང་པོ་ནི་བྱམས་སོགས་བཞི་པོ་དམ་བཅའ་དང་འབྲེལ་པའམ། སྨོན་ལམ་དང་འབྲེལ་པའམ། འདུན་པ་དང་འབྲེལ་པ་གང་རུང་གི་སྒོ་ནས་ཕ་རོལ་ཏུ་ཕྱིན་པའི་ལུགས་དང་ཐུན་མོང་དུ་སོ་སོར་བསྒོམ་པ་སྟེ། མངོན་བརྗོད་དུ། ཚངས་པའི་གནས་ནི་བཞི་པོ་དང་། །བསྡུ་བའི་དངོས་པོ་བཞི་རྣམས་དང་། །དགེ་བ་བཅུ་ཡང་དམིགས་ནས་ནི། །སེམས་ཅན་ཀུན་གྱི་དོན་ཡང་བྱ། །ཞེས་དང་། བརྟག་གཉིས་ལས། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་བསྒོམ་ཞིང་། །གསུམ་པར་དགའ་བ་བསྒོམ་པ་དང་། །ཀུན་གྱི་མཐའ་ན་བཏང་སྙོམས་སོ། །ཞེས་སོ། །གཉིས་པ་ནི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བསྒོམ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་འདི་ཉིད་ལ་ཚད་མེད་བཞི་ཚང་བར་རྗེ་བཙུན་གྱི་ལཱུ་ཧི་པའི་མངོན་རྟོགས་འབྲིང་པོའི་སྐབས་དང་། ནཱ་རོ་མཁའ་སྤྱོད་ཀྱི་མན་ངག་རྣམས་ལས་འབྱུང་ཞིང་། འགྲེལ་པ་མཁན་པོ་དག་གིས་ཀྱང་འདི་ལྟར་བཤད་པར་སྣང་ངོ་། །པྲཛྙཱ་རཀྵི་ཏའི་འགྲེལ་པ་སོགས་ཚོགས་བཤད་རྣམས་དང་། ཇོ་བོ་རྗེ་དང་། པུ་ཧྲངས་པ་ནས་བརྒྱུད་པ་རྣམས་ལའང་བསྒོམ་ཚུལ་འདི་ཉིད་ལས་གཞན་མི་སྣང་ངོ་། །གཉིས་པ་ནི་རྗེ་བཙུན་གྱིས་སྙིང་ཁའི་ཧཱུྃ་ལས་འོད་ཟེར་སྔོན་པོ་གཅིག་བྱུང་སྟེ། རྩ་བའི་ཞལ་སྔོན་པོ་ནས་ཕར་ལ་སོང་། དང་པོ་ཤར་ཕྱོགས་ཀྱི་ལོ་ཀའི་ཁམས་ཐམས་ཅད་ཁྱབ། དེ་ནས་ཕྱོགས་བཅུའི་ཁམས་གསུམ་གྱི་གནས་ཐམས་ཅད་ཁྱབ་སྟེ་འགྲོ་བ་རིས་དྲུག་དང་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བསྒོམས་ལ། སླར་འོད་ཟེར་ཧཱུྃ་ལ་བསྡུས་ལ་བཞག་སྟེ་ཐུགས་ཀྱིས་བྱིན་གྱིས་བརླབ་པའོ། །ངག་ཏུ་སུ་ཁེ་བྷ་ཝན་ཏུ་ཞེས་བརྗོད་དེ་གསུང་གིས་བྱིན་གྱིས་བརླབ་པའོ། །ལུས་གཡོན་པའི་སྡིགས་མཛུབ་ཕྱོགས་བཅུར་བསྐོར་ཞིང་བརྡབས་ཏེ་སྐུ་ཡིས་བྱིན་གྱིས་བརླབ་པའོ། །དེ་ལྟར་སྐུ་གསུང་ཐུགས་བྱིན་རླབས་གསུམ་དང་ལྡན་པའི་བྱམས་པ་ཚད་མེད་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བྱམས་པ་ཚད་མེད་པ་ལས་ཁྱད་པར་དུ་འཕགས་པ་ཡིན་གསུང་སྟེ། དེ་ལྟ་བུའི་བྱིན་རླབས་གསུམ་ལྡན་གྱི་བྱམས་པ་བསྒོམ་ཚུལ་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྙིང་ཁའི་ཧཱུྃ་ལས་འོད་ཟེར་ལྗང་གུ་དང་། དམར་པོ་དང་སེར་པོ་རྣམས་རིམ་པ་བཞིན་སྤྲོས་ཏེ། ཞལ་གཞན་གསུམ་པོ་ནས་གཡོན་སྐོར་གྱིས་སོང་སྟེ། དང་པོར་རང་རང་གི་ཕྱོགས་ཁྱབ། དེ་ནས་ཕྱོགས་བཅུ་ཁམས་གསུམ་གྱི་གནས་ཐམས་ཅད་ཁྱབ་སྟེ། ཚད་མེད་གཞན་གསུམ་ལ་བཀོད་ནས་གསུང་གིས་བྱིན་བརླབ་དང་། ཐུགས་ཀྱིས་བྱིན་བརླབ་སྔ་མ་བཞིན་བྱའོ། །གཉིས་པ་ཚོགས་བསག་པ་ལ་རྟེན་ཁྱད་པར་ཅན་དགོས་པས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་གཞི་སྦྱང་ཞིང་བསྒྱུར་བ་ནི། ཀུན་སྤྱོད་དང་པོ་ལས། དེ་ལ་ཐོག་མར་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དོ། །ཞེས་པ་ནས། ནམ་མཁའི་ཁམས་པདྨ་དྲྭ་བ་ཅན་ནོ་ཞེས་པའི་བར་གསུངས་ཤིང་། ལཱུ་ཧི་པའི་གཞུང་ལས་ཀྱང་དེ་ཁོ་ན་ལྟར་གསུངས་ཤིང་། མཇུག་ཏུ། དེ་དག་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་རྣམས་ཀྱི་ལྷའི་རྣམ་པར་དག་པའོ། །ཞེས་གསུངས་སོ། །འདི་འཆད་པ་ལ། གང་ལ་བསྒོམ་པའི་གཞི། གང་བསྒོམ་པའི་ལྷ། ཇི་ལྟར་བསྒོམ་པའི་ཚུལ། དེ་ལྟར་བསྒོམ་པའི་དགོས་པ་དང་བཞི་ལས། དང་པོ་ནི། རང་གི་བློ་ལ་ཐ་མལ་དུ་སྣང་བའི་ཕུང་པོ་ལྔ། སྐྱེ་མཆེད་དྲུག ཁམས་ལྔ་སྟེ་ཆོས་བཅུ་བདུན་ཡིན་ལ། དེ་ཡང་རང་རྒྱུད་ཀྱིས་བསྡུས་པ་སྟེ། འོག་ནས་འཆད་པར་འགྱུར་བའི་དགོས་པ་ལས་ཤེས་སོ། །འདི་དག་གི་མཚན་ཉིད་དང་། མཚན་གཞི་ནི་མངོན་པ་ལས་གསུངས་པ་ལྟར། ཞིབ་ཏུ་གཏན་ལ་དབབ་ཀྱང་འགལ་བ་མེད་ལ། བསྒོམ་པའི་ཚེ་ནི་རང་གི་བློ་ལ་དེ་དང་དེར་སྣང་བ་ཙམ་སྟེ། ཐ་མལ་དུ་སྣང་བ་ལ་ཐ་མལ་གྱི་རྣམ་རྟོག་བཟློག་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་བཅུ་བདུན་ཏེ། མིང་གི་ཐ་སྙད་ནི་ཀུན་སྤྱོད་ལས་དངོས་སུ་གསུངས་ཤིང་། ཨ་བྷི་དྷ་ན་ལས། མི་འཁྲུགས་པ་དང་རྟག་པའི་རིགས། །རྡོ་རྗེ་ཉི་མ་དེ་བཞིན་ཏེ། །འོད་དཔག་མེད་དང་དོན་ཡོད་གྲུབ། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་གསུངས་སོ། །འདིར་ཨ་བྷྱ་དང་། བི་བྷུ་ཏ་ཙནྟྲ་དང་། བརྩོན་འགྲུས་དཔལ་བཤེས་གཉེན་ལ་སོགས་པ་རྣམས། ཧེ་རུ་ཀ་མི་བསྐྱོད་པ་དང་། རྡོ་རྗེ་སེམས་དཔའ་དྲུག་པར་བཞེད་པ་ལ། བུ་སྟོན་རིན་པོ་ཆེས། དེ་མི་འཐད་པར་སྔར་གྱི་ལུང་དེས་གྲུབ་བོ་ཞེས་གསུངས་ཀྱང་། རྒྱུད་གཉིས་པོ་གོ་རིམ་མི་འདྲ་བར་སྣང་བས། ཨ་བྷི་དྷ་ནའི་རྡོ་རྗེ་སེམས་དཔའ་ནི་རིགས་དྲུག་པ་ཡིན་པར་གསལ་ལོ། །སྐྱེ་མཆེད་ལ་བསྒོམ་པའི་གཏི་མུག་རྡོ་རྗེ་སོགས་དྲུག་ནི་རིམ་པ་ལྟར། ས་སྙིང་དང་། ཕྱག་རྡོར་དང་། ནམ་སྙིང་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་སེལ་དང་། ཀུན་བཟང་ཡིན་པར་མཁས་པ་དག་གིས་བཤད་ཅིང་། ཁམས་ལྔ་ལ་བསྒོམ་པའི་ལྟུང་བྱེད་མ་ལ་སོགས་པ་ནི་རིམ་པ་ལྟར། སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། ཆོས་དབྱིངས་རྡོ་རྗེ་མ་རྣམས་ཡིན་པར་བཤད་དོ། །མུ་ཏིག་ཕྲེང་བར། དང་པོ་བཞི་རིམ་པ་ལྟར། མཁའ་འགྲོ་མ་དང་། ལཱ་མ་དང་། ཁཎྜ་རོ་ཧི་དང་། གཟུགས་ཅན་མ་ཡིན་པར་བཤད་པས་དྲིལ་བུ་ལུས་དཀྱིལ་གྱིས་སྐབས་སུ་སྙིང་ཁའི་ནང་སྐོར་ལ། ལཾ་མཱཾ་པཱཾ་ཏཱཾ་བཞི་གཡོན་སྐོར་དུ་བཀོད་པ་ལ་མ་འཁྲུགས་པར་ཤེས་པར་བྱའོ། །གསུམ་པ་ལ། ཨ་བྷི་དྷ་ནའི་དགོངས་པ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་བསྒོམ་པ་དང་། ཀུན་སྤྱོད་ཀྱི་དགོངས་པ་ལྷའི་ངོ་བོ་ཙམ་དུ་བསྒོམ་པ་གཉིས་ལས། དང་པོ་ནི། དེ་ཉིད་ལས། རང་གི་གདན་ལ་ལེགས་པར་བཞུགས། །གླང་པོ་སེང་གེ་རྟ་དང་ནི། །རྨ་བྱ་དང་ནི་མཁའ་ལྡིང་དང་། །དེ་སྟེང་ཡི་དྭགས་གདན་ལ་ནི། །དངོས་གྲུབ་ཀུན་གསོལ་བསྒོམ་པར་བྱ། །རྡོ་རྗེ་ལག་པ་ས་ལ་རེག །རྡོ་རྗེ་དྲིལ་བུ་དཀུར་བརྟེན་ཅིང་། །ཞལ་ནི་རྣམ་པར་འགྱུར་བའོ། །འཁོར་ལོ་དྲིལ་བུ་འགྱིང་དང་བཅས། །རིན་ཆེན་དྲིལ་བུའང་དེ་བཞིན་ཏེ། །པདྨའི་དྲིལ་བུའི་རིམ་པ་དང་། །དྲིལ་བུའི་སྣ་ཚོགས་རྡོ་རྗེ་ཉིད། །ཐམས་ཅད་སྙེམས་པར་རྣམ་བསྒོམ་སྟེ། །ཞེས་སོགས་བཤད་ཅིང་། འདིའི་དགོངས་པར་བྱས་ནས། པྲ་ཛྙཱ་རཀྵི་ཏ་དང་། དེ་བཞིན་གཤེགས་པའི་རྡོ་རྗེ་དང་། ཛ་ཡ་སེ་ན་སོགས་ཀྱིས་ཞལ་ཕྱག་གི་རྣམ་པ་ཅན་བསྒོམ་པར་བཤད་དོ། །བསྒོམ་ཚུལ་ནི། གཟུགས་ཀྱི་ཕུང་པོ་ཐམས་ཅད་མགོ་བོའི་མཛོད་སྤུའི་ནང་དུ། ས་བོན་བྷྲཱུཾ་མམ་ཨོཾ་དུ་བསྒོམས་པས། དེ་ཡོངས་སུ་གྱུར་པ་ལས་རྣམ་སྣང་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྒོམ་པ་སོགས་མཛད་དེ། གསང་འདུས་འཕགས་ལུགས་ཀྱི་ལུས་དཀྱིལ་བསྒོམ་ཚུལ་ཙམ་ཞིག་སྔོན་འགྲོའི་སྐབས་འདིར་ཡང་ཡོད་པས། རྒྱུད་སྡེ་གཞན་ལས་ཁྱད་པར་དུ་འཕགས་པར་གྲུབ་བོ། །གཉིས་པ་ནི། ཀུན་སྤྱོད་ཀྱི་དགོངས་པ། རྗེ་བཙུན་རིན་པོ་ཆེས། ལྷའི་ངོ་བོ་ཙམ་དུ་བསྒོམ་པར་གསུངས་ཏེ། ཐོག་མར་ཕམ་འཐིང་པའི་མན་ངག་ལས་འབྱུང་བ། སྙིང་ཁའི་ས་བོན་ལས་འོད་ཟེར་འཕྲོས་པས་བདག་གི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་འོད་ཟེར་གྱིས་ཁྱབ་པས། བདག་གི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་དག་པར་བསྒོམ་སྟེ་བདག་གི་གཞི་སྦྱང་བའོ། །དེ་ནས་འོད་ཟེར་དེ་བདག་གི་བ་སྤུའི་བུ་ག་ནས་ཕར་སོང་ནས་འགྲོ་བ་རིས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཕོག་ནས་དེ་དག་གི་རྒྱུད་ལ་ཡོད་པའི་སྡིག་པ་ཐམས་ཅད་དག་པར་བསྒོམ་སྟེ་དེ་ནི་གཞན་གྱི་གཞི་སྦྱང་བའོ། །དེ་ནས་གཞི་བསྒྱུར་བ་ནི་སྔོན་ལ་གཞན་གྱི་གཞི་བསྒྱུར་བར་བྱ་སྟེ། དེ་ཡང་རིས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་འཁོར་ལོ་བདེ་མཆོག་དཔག་ཏུ་མེད་པ་བསྒོམ་པར་བྱའོ། །དེ་ནས་བདག་གི་གཞི་བསྒྱུར་བ་ནི། རིས་དྲུག་འཁོར་ལོ་བདེ་མཆོག་གི་རྣམ་པར་བྱས་པ་དེ་དག་འོད་ཟེར་གྱི་རྣམ་པར་བསྡུས་ཏེ། བདག་གི་བ་སྤུའི་བུ་ག་ནས་ཞུགས་ནས། བདག་གི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད། ལྷའི་ང་རྒྱལ་དུ་བསྒོམ་པར་བྱ་སྟེ། དེ་ཡང་བདག་གི་མ་དག་པའི་གཟུགས་ཀྱི་ཕུང་པོ་ནི། གཟུགས་ཀྱི་ཕུང་པོ་མ་ཡིན་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡིན་སྙམ་དུ་བསམ་པ་ནས། མ་དག་པའི་ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་མ་ཡིན་ལ། པདྨའི་དྲྭ་བ་ཅན་ཡིན་ནོ། །ཞེས་བྱ་བའི་བར་དུ་བསམ་ཞིང་། ངག་དུ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ་ཞེས་པ་ནས། ནམ་མཁའི་ཁམས་ནི་པདྨ་དྲྭ་བ་ཅན་ནོ་ཞེས་པའི་བར་བརྗོད་པར་གསུངས་སོ། །འདི་ནི་རྣལ་འབྱོར་མ་རྒྱུད་ཀྱི་སྤྱོད་ལམ་གྱི་རྣལ་འབྱོར་དང་བསྒོམ་ཚུལ་སྤྱིར་འདྲ་ཞིང་། རང་གི་ཕུང་ཁམས་སྐྱེ་མཆེད་སོ་སོར་ཕྱེ་ནས་བསྒོམ་པའི་ཆ་ནས་བསྒོམ་ཚུལ་ཞིབ་པའི་ཁྱད་པར་ཡོད་དོ། །འོ་ན་བཤད་རྒྱུད་གཉིས་ཀྱི་དགོངས་པ་གང་ཉམས་སུ་ལེན་ན། ཇོ་བོ་བྷ་ཌནྟའི་བཞེད་པས། གང་ཟག་སྤྲོས་པ་ལ་དགའ་བས་ཨ་བྷི་དྷ་ན་ལས་འབྱུང་བ་ལྟར། ཞལ་ཕྱག་གི་རྣམ་པ་ཅན་བསྒོམ་ལ། ཉུང་ངུའི་རྣལ་འབྱོར་ལ་དགའ་བས་ཀུན་སྤྱོད་ལྟར། ལྷའི་ངོ་བོ་ཙམ་བསྒོམ་པར་གསུངས་པ་འདི་ཉིད་ལེགས་པར་སྣང་སྟེ། རྗེ་བཙུན་གྱིས་ཀྱང་། ཇོ་བོ་བྷ་ཌནྟས་ཨ་བྷི་དྷ་ན་ལྟར། ཞལ་ཕྱག་གི་རྣམ་པ་ཅན་བསྒོམ་པ་དང་། ཕམ་འཐིང་པའི་དགོངས་པ། ང་རྒྱལ་ལམ་མོས་པ་དྲན་པ་ཙམ་ཡིན་པར་གསུངས་པས། ལུགས་གཉིས་ཀ་ལ་ཡང་གང་ཟག་གི་བློའི་བྱེ་བྲག་གིས་གཉིས་ཀ་ཡོད་པར་བཞེད་པའི་ཕྱིར་རོ། །བཞི་པ་ལ་རྗེ་བཙུན་གྱིས། རིགས་ངན་གྱི་ཁང་པ་མེས་སྲེག་པ་བཞིན། ཚོགས་བསག་པའི་རྟེན་ཁྱད་པར་ཅན་དུ་བྱས་པ་ཡིན་པར་གསུངས་ཏེ། དེའི་དོན་ཡང་། རིགས་ངན་གྱིས་རྒྱལ་པོ་ལ་བསྙེན་བཀུར་བྱེད་པའི་ཚེ། ཐོག་མར་ཁང་པ་མེས་བསྲེགས། དེའི་དུས་སུ་རང་ཉིད་རིག་བྱེད་ནས་འབྱུང་བའི་ཆོ་གས་ཁྲུས་བྱས་ཏེ། བསྙེན་བཀུར་བྱས་ན་རྒྱལ་པོ་མཉེས། གཞན་དུ་མ་ཡིན་པ་ལྟར་འདིར་ཡང་། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་བཅུ་བདུན་ལ། ཐ་མལ་གྱི་རྣམ་རྟོག་སྤངས་ནས་ལྷའི་ངོ་བོར་བསྒོམས་ནས་ཚོགས་བསག་དགོས་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །དེ་ཉིད་ཐོག་མའི་སྐུའི་དགའ་བ་ཙམ་གྱིས་འགྲུབ་པ་མ་ཡིན་ནམ་སྙམ་ན། བདེན་མོད་ཀྱི་དེ་ཙམ་ནི་བླ་མེད་ཀྱི་བསྐྱེད་པའི་རིམ་པའི་རྣལ་འབྱོར་གཞན་རྣམས་ལ་ཡང་ཡོད་ཅིང་། འདིར་ནི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སོ་སོར་ཕྱེ་ནས་ལྷར་བསྒོམས་པས། ཚོགས་བསག་པའི་རྟེན་ཡང་གཞན་ལས་ཁྱད་པར་དུ་འཕགས་པར་གྲུབ་པའོ། །ཇོ་བོ་བྷ་ཌནྟའི་བཞེད་པས། ཤེས་བྱའི་སྒྲིབ་པ་ལས་བསྲུང་བའི་ཕྱིར་བདག་བསྲུང་བ་ཞེས་པའི་ཐ་སྙད་མཛད་ཅིང་། འདིར་ཤེས་བྱ་ནི་བདག་མེད་གཉིས་ཡིན་ལ། དེ་ལ་སྒྲིབ་པ་ནི་གང་ཟག་དང་། ཆོས་ཀྱི་བདག་ཏུ་འཛིན་པའོ། །དེ་ལ་གང་ཟག་གི་བདག་ཡན་ལག་ཕུང་ཁམས་སྐྱེ་མཆེད་ཐ་མལ་དུ་འཛིན་ཅིང་། ཡན་ལག་ཅན་རིལ་པོའི་རྫས་གཅིག་ཏུ་འདོད་པའོ། །དེ་སྤོང་བ་ལ་ཐ་མལ་དུ་འཛིན་པའི་གཉེན་པོར་ལྷ་བསྒོམ་ཞིང་། རིལ་པོ་གཅིག་ཏུ་འཛིན་པའི་གཉེན་པོར་ལྷ་ཡང་དུ་མར་བསྒོམས་པས་སྤོང་ངོ་། །ཆོས་ཀྱི་བདག་དོན་དམ་དུ་བཟུང་བའི་ཡུལ་ཆ་མེད་རྡུལ་ཕྲན་དང་། འཛིན་པའི་ཤེས་པ་ཆ་མེད་ཀྱི་སྐད་ཅིག་ཏུ་བདེན་པར་འདོད་པའོ། །དེའི་གཉེན་པོར་སྣོད་བཅུད་གཞལ་ཡས་ཁང་དང་། ལྷར་མོས་པས་དེ་རྣམས་ཀྱང་སྣང་ཡང་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསྒོམས་པས་སྤོང་ངོ་། །ཞེས་བཞེད་དོ། །གསུམ་པ་ཚོགས་བསག་དངོས་དང་འབྲེལ་པས་ཚོགས་བསག་པ་བཅུ་གསུམ་གྱིས་ཚོགས་བསག་པ་ནི་གཞུང་ལས། སྐབས་འདིར་སྲུང་བའི་འཁོར་ལོ་བསྒོམ། དེ་ནས་ཚོགས་གཉིས་བསག་པ་འབྲེལ་པ་ཅན་དུ་འབྱུང་བས། དེ་བཞིན་བྱས་ན་ཡང་ལེགས་པ་ཡིན་ནོ་ཞེས་རྗེ་བཙུན་གསུང་ལ། ཕམ་འཐིང་པའི་བཞེད་པས། སྐབས་འདིར་བསོད་ནམས་ཀྱི་ཚོགས་བསགས། དེ་ནས་སྲུང་བའི་འཁོར་ལོ་བསྒོམས་ནས། ཡེ་ཤེས་ཀྱི་ཚོགས་བསག་པ་གཞུང་འཁྲུགས་སྡེབས་པའི་མན་ངག་ལས་འབྱུང་བ་ལྟར་བཤད་ན། བསོད་ནམས་ཀྱི་ཚོགས་བསག་པ་ནི་གཞུང་ལས། དེ་ནས་རང་གི་སྙིང་ཁར། ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུྃ་འོད་ཟེར་སྣ་ཚོགས་པ་འཕྲོ་བ་བསམ་པར་བྱས་ལ། དེའི་སྣང་བས་མདུན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བླ་མ་ལ་སོགས་པ་བལྟས་ལ་ཕྱག་བྱས་ཏེ། མཆོད་པར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །ཞེས་ཚོགས་ཞིང་སྤྱན་དྲངས་ནས། ཕྱག་དང་། མཆོད་པ་དང་། སྐྱབས་འགྲོ་གསུམ་ལས་གཞན་མ་གསུངས་སོ། །འདི་ལ་ནཱ་རོ་པའི་མན་ངག་ཕམ་འཐིང་པ་ནས་བརྒྱུད་པ་ལས་ཚོགས་བསག་བཅུ་གསུམ་མཛད་དེ། ཕྱག་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། སྐྱབས་སུ་འགྲོ་བ་དང་། དམ་ཚིག་དང་སྡོམ་པ་བཟུང་བ་དང་། རྗེས་སུ་ཡི་རང་བ་དང་། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། ལམ་ལ་གནས་པ་དང་། དགེ་བའི་རྩ་བ་བསྔོ་བ་དང་། གནང་བ་ནོད་པ་དང་། གཤེགས་སུ་གསོལ་བའོ། །དང་པོ་ཕྱག་འཚལ་བ་ལ་དེའི་ཡུལ་སྤྱན་འདྲེན་དགོས་པས། བདག་གི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་རྩ་བའི་བླ་མ་ནི་རྡོ་རྗེ་ཆོས་ཀྱི་རྣམ་པ་སྟེ། སྐུ་མདོག་དམར་པོ་གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པ་ལ། ཕྱག་ན་རྡོ་རྗེ་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ་སྟེ། སློབ་དཔོན་ཀླུ་སྒྲུབ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ཡིན་ལ། གཞན་ཐམས་ཅད་ཀྱང་གཡས་ཌཱ་མ་རུ། གཡོན་ཐོད་པ། གྲུ་མོ་ན་ཁ་ཊྭཱ་ཾག་འཛིན་པ། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། རྣལ་འབྱོར་པའི་ཆ་ལུགས་ཅན་སྟེང་གི་ཆ་ལ་སྤྱན་དྲང་། འོག་གྱི་ཆ་ལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྤྱན་དྲང་ངོ་། །འདིར་གཙུག་ནོར་ལས་ཤར་ཕྱོགས་ཀྱི་དུར་ཁྲོད་དུ་དབང་པོའི་མདུན་ན། བླ་མ་སེང་གེའི་ཁྲི་ལ་བཞུགས་པར་བསྒོམ་ཞེས་གསུངས་པ་ལ་བརྟེན་ནས། མར་དོ་རྗེས་འབྲང་དང་བཅས་པས་འདི་བཞིན་བཞེད་པ་ལ། མཁས་པ་བུས་དེ་ཤིན་ཏུ་མི་རིགས་ཏེ། མངོན་བརྗོད་ལས། བླ་མ་བྱང་སེམས་རྡོ་རྗེ་རིགས་དྲུག་པར་བཤད་པ་དང་། བརྩོན་འགྲུས་དཔལ་གྱིས་ཀྱང་། རྡོ་རྗེ་འཆང་བདག་རྣམ་པ་ཅན། །བླ་མ་ཞེས་བཤད་པ་དང་འགལ་བས། སྔགས་ཀྱི་རྣམ་གཞག་ལས་ཆེས་ཆེར་འཁྱམས་པའོ། །ཞེས་གསུངས་ལ། དེ་ལ་འདོད་འཇོ་མཁན་པོས། དེ་ནི་མ་ངེས་བཞིན་དུ་བཀག་པས་ཤིན་ཏུ་མི་རིགས་ཏེ། སྒྲུབ་ཐབས་དེ་ལས་ཀྱང་། བླ་མ་རྡོ་རྗེ་སེམས་དཔའ་ལྟར་འགྱིང་བག་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བཞུགས་པ་གསལ་བར་བལྟས་ལ་ཞེས་གསལ་བར་གསུངས་པས། བླ་མ་རྡོ་རྗེ་འཆང་དུ་ལྟ་བར་གསུངས་པ་རྣམས་ལུགས་དེ་ལ་ཇི་ལྟར་གནོད། གལ་ཏེ་རྡོ་རྗེ་འཆང་དུ་གསུངས་པས་དུར་ཁྲོད་དུ་བཞུགས་པ་མི་རིགས་སོ་སྙམ་ན། དེ་ལ་འགལ་བ་མེད་དེ། དུར་ཁྲོད་ན་གནས་པ་བཤད་པའི་སྐབས་སུ། དཔའ་བོ་འདུས་པའི་མཆོག་དག་དང་། །རྣལ་འབྱོར་མ་ནི་མཆོག་སྣ་ཚོགས། །ཞེས་དཔའ་བོ་དང་རྣལ་འབྱོར་མ་མཆོག་རྣམས་ཀྱང་དེ་ན་གནས་པར་བཤད་པའི་ཕྱིར་དང་། སྡོམ་འབྱུང་ལས། གྲུབ་ཆེན་རྫུ་འཕྲུལ་ཡང་དག་ཐོབ། །ཚོགས་ནི་དུར་ཁྲོད་དབུས་སུ་བལྟ་བར་བྱ། །ཞེས་གསུངས་ལ། བླ་མ་དེར་བཞུགས་པར་བསྒོམ་པ་ལ་འགལ་བ་ཅུང་ཟད་ཀྱང་མ་མཐོང་ངོ་ཞེས་སུན་འབྱིན་སྨྲའོ། །འདི་ནི་ཤིན་ཏུ་མི་འཐད་དེ། རྣལ་འབྱོར་པ་རང་གི་བློ་ངོར། གཞལ་ཡས་ཁང་དང་། དུར་ཁྲོད་གཉིས་ལ་གནས་མཆོག་དམན་གྱི་རྣམ་པ་ཡོད་པས་དམན་པའི་གནས་དེར་བླ་མ་བསྒོམ་དུ་མི་རུང་བའི་ཕྱིར་རོ། །གལ་ཏེ་དུར་ཁྲོད་དུ་དཔའ་བོ་དང་། རྣལ་འབྱོར་མའི་མཆོག་བཞུགས་པར་བཤད་པས། དེར་བླ་མ་བཞུགས་པ་བསྒོམ་པ་མི་འགལ་ན། རང་གི་བཤང་ལམ་དང་རྐང་མཐིལ་དུ་བསྒོམ་པ་ཡང་མི་འགལ་བར་འགྱུར་ཏེ། བདེ་མཆོག་གི་ལུས་དཀྱིལ་དུ་བཤང་ལམ་དུ་རིན་ཆེན་རྡོ་རྗེ་དང་། ཁཎྜ་རོ་ཧི་བཞུགས་པ་དང་། འདུས་པའི་ལུས་དཀྱིལ་དུ་རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ་བཞུགས་པར་བཤད་པའི་ཕྱིར་རོ། །ཡང་ཁྱོད་ཀྱི་རྡོ་རྗེ་འཆང་དུ་གསུངས་པ་ནི་བསྒོམ་པའི་དབང་དུ་མཛད་ལ། རྡོ་རྗེ་འཆང་ཡིན་དུ་ཆུག་ཀྱང་འགལ་བ་མེད་དེ་ཞེས་སྨྲས་པ་ནི་རྡོ་རྗེ་འཆང་མ་ཡིན་པ་གཞིར་བཞག་པའི་གཏམ་དུ་སྣང་ངོ་། །དེས་ན་ཚོགས་ཞིང་གི་སྐབས་འདིར་བླ་མ་གཙོ་བོ་དང་དབྱེར་མེད་དུ་སྤྱན་འདྲེན་པ་དང་། དེའི་རིགས་བདག་གི་ཚུལ་དང་། ལོགས་ཤིག་ཏུ་སྤྱན་འདྲེན་པ་གསུམ་ལས། ཕྱི་མ་འདི་ལ་སྟེང་གི་ཆར་བསྒོམ་པ་ངེས་པར་དགོས་སོ། །དེ་རྣམས་ཀྱི་ཞབས་ལ་ཕྱག་བྱེད་པར་བསམ་ཞིང་། ངག་ཏུ་ན་མོ་གུ་རུ་བྷྱཿ ཞེས་པས་བླ་མའི་ཚོགས་ལ་ཕྱག་བྱ། ན་མཿཤྲཱི་ཙཀྲ་སཾ་བཱ་ར་མཎྜ་ལ་བྷྱཿ ཞེས་བྱ་བས་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་བྱའོ་ཞེས་རྗེ་བཙུན་གསུང་ངོ་། །བུ་སྟོན་གྱིས་རྣལ་འབྱོར་རོ་གཅིག་བདུད་རྩི་འཐུངས་པས་རྣམ་པར་དག་པའི་ཐུགས། །ཞེས་སོགས་ཚིགས་བཅད་ཕྱེད་དང་དགུས་ཕྱག་འཚལ་བ་ནི་སྔོན་འགྲོའི་སྐབས་སུ་ཧ་ཅང་ཡང་སྤྲོས་པ་ཆེ་བར་སྣང་ངོ་། །གཉིས་པ་མཆོད་པ་ལ། རྗེ་བཙུན་གྱིས་ཕྱིའི་མཆོད་པ་དང་། ཡིད་ལས་བྱུང་བའི་མཆོད་པ་གཉིས་ལས། དང་པོ་ནི། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་པའོ། །གཉིས་པ་ནི། ཡིད་ལས་བྱུང་བའི་མཆོད་པ་དང་། ཀུན་ཏུ་བཟང་པོའི་མཆོད་པ་དང་། བླ་ན་མེད་པའི་མཆོད་པ་རྣམས་དོན་གཅིག་པས། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ནས། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་རླབས་དང་། ཞེས་པ་ནས། འབྱུང་བར་གྱུར་ཅིག་ཅེས་པའི་བར་བརྗོད་ནས། སེ་གོལ་གཅིག་གཏོག ཡང་ཕྱག་རྒྱ་བཅས་ཏེ། ཨོཾ་སརྦ་བིད་ནས། སྭཱ་ཧཱའི་བར་བརྗོད་ནས། སེ་གོལ་གཉིས་ཏེ་གསུམ་གཏོག་པའོ། །འདི་ལ་མཆོད་པའི་རྒྱུ། ངོ་བོ། ཡུལ་དང་གསུམ་ལས། དང་པོ་ནི། ན་མོ་ཆོས་ཀྱི་དབྱིངས་ཀྱི་ཞེས་པ་ནས། ཏིང་ངེ་འཛིན་དང་སྨོན་ལམ་གྱི་དབང་གིས་ཞེས་པའི་བར་གྱིས་བསྟན། གཉིས་པ་ནི་འཇིག་རྟེན་གྱི་ཁམས་ན་ཞེས་པ་ནས། བསམ་གྱིས་མི་ཁྱབ་པ་ཞིག་ཞེས་པའི་བར་གྱིས་བསྟན། གསུམ་པ་ནི་བླ་མ་དང་ཞེས་པ་མན་ཆད་ཀྱིས་བསྟན་ནོ། །སྔགས་དོན་ལ། ཨོཾ་སརྦ་བིད་ནི་ཐམས་ཅད་རིག་པའོ། །པུ་ར་པུ་ར་ནི་གང་བ་གཉིས། སུ་ར་སུ་ར་ནི་མཛེས་པ་གཉིས་ཏེ། བཀོད་པའི་ཁྱད་པར་ཕུན་སུམ་ཚོགས་པའོ། །ཨཱ་ཝརྟ་ཨཱ་ཝརྟ་ནི་འཕེལ་བ་གཉིས། ཧོ་ནི་རྒྱས་པ། ན་མཿས་མནྟ་བུདྡྷ་ནཱན་ནི་ཀུན་ནས་སངས་རྒྱས་ལ་ཕྱག་འཚལ་བའོ། །ཨ་བྷི་སྨ་ཡ་ནི་ངོ་མཚར་བ། སྥ་ར་ཎ་ནི་འཕྲོ་བ། ཨི་མཾ་ནི་འདི། ག་ག་ན་ཁཾ་ནི་ནམ་མཁའ། དྷརྨཱ་དྷཱ་ཏུ་ནི་ཆོས་ཀྱི་དབྱིངས། ཨ་ཀ་ཤ་ནི་ནམ་མཁའ་ས་མཱ་པ་ཏི་ནི་མཉམ་པར་ཁྱབ་པ། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། པརྵན་མཎྜ་ལེ་ནི་འཁོར་གྱི་དཀྱིལ་འཁོར། མ་མ་ནི་བདག པྲ་ཎི་དྷི་ནི་སྨོན་ལམ། པུཎྱེ་ནི་བསོད་ནམས། ཛྙཱ་ན་ནི་ཡེ་ཤེས། ཝ་ལེ་ན་ནི་སྟོབས། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། ཨ་དྷིཥྛ་ན་ནི་བྱིན་རླབས། ཝ་ལེ་ན་ནི་སྟོབས། དྷརྨཱ་དྷཱ་ཏྭཱ་དྷིཥྛ་ན་ནི་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས། བ་ལེ་ན་ནི་སྟོབས། ཙ་ནི་འབྱེད་པ། སྭཱ་ཧཱ་ནི་གཞི་ཚུགས་ཤིག་པའོ། །འདི་ལ་བུ་སྟོན་གྱིས། བླ་མ་ས་སྐྱ་པས། ཕྱི་མཆོད་དང་། ཡིད་མཆོད་གཉིས་ཀྱིས་མཆོད་ལ། ཡིད་མཆོད་ནི་དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱས་ནས། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། ཞེས་སོགས་ཚིག་ལྷུག་པ་དང་། ཨོཾ་སརྦ་བིད་པུ་ར་སོགས་ཀྱི་སྔགས་བརྗོད་པ་ལ་ཡིད་མཆོད་དུ་བཞེད་དེ། ལང་ཀ་རྒྱལ་བཟངས་ཀྱིས། སརྦ་བིད་ནས་ཧོའི་བར་གོས་ཟུང་འབུལ་བའི་སྔགས་སུ་བཤད་པ་མ་གཏོགས། བོད་དུ་འགྱུར་བའི་བདེ་མཆོག་གི་སྒྲུབ་དཀྱིལ་རྣམས་ནས་དེ་ལ་ཡིད་མཆོད་དུ་བཤད་པ་མེད་པས། དེ་མ་བྱས་ཀྱང་ཆོ་ག་ཆད་པའི་ཉེས་པ་མེད་དོ། །ཕྱག་རྒྱ་དང་སྔགས་སརྦ་ཨཱ་ཝརྟ་ཡ་ཧོའི་བར་ཡོ་གའི་འགྲེལ་ཆེན་རྣམས་ནས་བཤད། སྔགས་ན་མཿས་མནྟ་མན་ཆད་རྣམ་སྣང་མངོན་བྱང་གི་རྒྱུད་ནས་བཤད་པས། དེ་དག་འདིར་མ་སྦྱར་ནའང་ཉེས་པ་མེད་ཅིང་། སྦྱར་བ་ལ་ལྷག་པའི་ཉེས་པའང་མེད་དོ་ཞེས་བཤད་པ་ནི། ས་སྐྱ་པའི་ཕྱག་ལེན་དགག་པ་ཡིན་ནམ། སྒྲུབ་པ་ཡིན། དང་པོ་ལྟར་ན་སྔགས་ཀྱི་ལུང་ཁུངས་བསྟན་པ་དང་། འདིར་སྦྱར་ན་ཡང་ཉེས་པ་མེད་པར་བཤད་པ་དང་འགལ་ལོ། །ཕྱི་མ་ལྟར་ན་རང་ཉིད་ཀྱང་སྐབས་འདིར་འདོད་དགོས་པས། དེ་མ་བྱས་ཀྱང་ཆོ་ག་ཆད་པའི་ཉེས་པ་མེད་པར་བཤད་པ་དང་འགལ་ལོ། །དེས་ན་རྗེ་བཙུན་གྱིས་དེ་ལྟར་གསུངས་པ་ནི། བྷཱུ་རི་བས་རྒྱུན་བཤགས་ཀྱི་སྐབས་སུ། ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་ཆེན་དང་། ཞེས་གསུངས་པ་ལྟར་འདིར་ཡང་རིགས་པས། ཅི་ལྟར་བྱ་བའི་ཚུལ་བོད་སྐད་དང་རྒྱ་སྐད་གཉིས་ཀྱིས་དོན་ལས་ཤེས་པས་ཉེས་པ་མེད་ཅིང་འཐད་པ་ཁོ་ནའོ། །འདིར་མཆོད་པའི་རྣམ་གྲངས་ལ་དམར་གྱིས། ཕྱི་དང་། གསང་བ་དང་། དེ་ཁོ་ན་ཉིད་དང་། ལུས་ཀྱི་མཆོད་པ་བཞི་བྱ་བར་བཤད་ཅིང་། བུ་སྟོན་གྱིས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་། རིག་མ་བཅུ་དྲུག་དང་། རྐང་བརྒྱད་ཀྱི་བསྟོད་པ་རྣམས་བྱ་བར་བཤད་པ་ནི་ལུགས་གཞན་ནོ། །དེ་ནས་རྒྱུན་བཤགས་ལ་རྗེ་བཙུན་གྱིས་སྡིག་པ་བཤགས་པ་ནས་དགེ་བའི་རྩ་བ་བསྔོ་བའི་བར་དགུ་གསུངས་ཤིང་། དམར་གྱིས་སྡིག་པ་བཤགས་པ། རྗེས་སུ་ཡི་རང་བ། བསྔོ་བ། སྐྱབས་འགྲོ། སྨོན་པ་སེམས་བསྐྱེད། འཇུག་པ་སེམས་བསྐྱེད་དང་བརྒྱད་དུ་བཤད་ལ། བུ་སྟོན་གྱིས་ནི་གུར་ནས་འབྱུང་བའི་རྒྱུན་བཤགས་བྱ་བར་བཤད་དོ། །དགུར་མཛད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྐབས་སུ། རྗེ་བཙུན་གྱིས། དེ་ཡང་སེམས་ཅན་མ་བསྒྲལ་བ་བསྒྲལ་ཞེས་བྱ་བ་ནི། སྲིད་པའི་རྒྱ་མཚོར་གནས་པ་ཐམས་ཅད་འཁོར་བ་ལས་སྒྲོལ་བར་འདོད་པའོ། །མ་གྲོལ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་རང་རང་མྱ་ངན་ལས་འདས་པའི་འཆིང་བ་དམ་པོས་བཅིངས་པ་རྣམས་དགྲོལ་བར་འདོད་པའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་ནི་ངན་སོང་གསུམ་གྱིས་བསྡུས་པའི་སེམས་ཅན་བསྲན་ཐབས་མེད་པའི་སྡུག་བསྔལ་ལས་དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བའོ། །མྱ་ངན་ལས་མ་འདས་པ་མྱ་ངན་ལས་འདའ་བ་ནི། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ལ་འདོད་པ་མེ་འབར་བ་ལྟ་བུ་ཡོད་པ་རྣམས་མྱ་ངན་ལས་འདའ་བར་འདོད་པ་སྟེ། བསམས་པ་དེ་དག་དང་ལྡན་པས་ཐམས་ཅད་ངག་ཏུ་བརྗོད་པར་བྱའོ་ཞེས་གསུངས་ལ། གཞན་རྣམས་ནི་གོ་སླའོ། །འདི་དག་ནི་ཕ་རོལ་དུ་ཕྱིན་པའི་རྒྱུན་བཤགས་དང་། རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་རྒྱུན་བཤགས་གཉིས་ཀ་ཚང་ཞིང་། གྲངས་དང་གོ་རིམ་ཡང་ཕ་རོལ་ཏུ་ཕྱིན་པ་དང་སྒོ་བསྟུན་པ་མི་མཛད་པའི་ལུགས་སུ་སྣང་ངོ་། །བཅུ་གཉིས་པ་གནང་བ་ནོད་པ་ནི་རྗེ་བཙུན་གྱིས། དེ་ནས་ཚོགས་ཞིང་དེ་དག་གི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱིས་གནས་པ་འདི་ནི་ལེགས་པར་གནས་པ་ཡིན་གྱི། གནས་པ་འདིས་གནས་ན་མཆོག་གྲུབ་པར་འགྱུར་རོ། །ཞེས་གསུངས་པར་བསམ་མོ་ཞེས་གསུངས་སོ། །བཅུ་གསུམ་པ་གཤེགས་སུ་གསོལ་བ་ནི། དེ་ནས་ཐུན་མཚམས་ཀྱི་གོ་རིམ་མི་འཁྲུག་པར་བྱ་བའི་ཕྱིར། མེ་ཏོག་ལ་སོགས་པ་མཆོད་པ་ལྔ་ཙམ་གྱིས་མཆོད་ལ་གཤེགས་སུ་གསོལ་བར་བྱའོ་ཞེས་གསུངས་སོ། །བཞི་པ་དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པ་ལ་བཞི་སྟེ། རྒྱུད་གཞུང་ལས་ཇི་ལྟར་གསུངས་པའི་ཚུལ། འགྲེལ་བྱེད་གཞན་གྱིས་ཇི་ལྟར་བཀྲལ་བའི་ཚུལ། མན་ངག་ཐུན་མོང་མ་ཡིན་པའི་ལུགས་བཤད་པ། དེ་ལྟར་བསྒོམ་པའི་དགོས་པའོ། །དང་པོ་ནི་རྩ་རྒྱུད་ལེའུ་གསུམ་པ་ལས། དེ་ལྟར་བདག་ཉིད་གོ་བགོས་ནས། །རྭ་བ་རྣམས་ནི་ཕྱོགས་སུ་དགོད། །འོག་ཏུ་མཚོན་ཆ་དགོད་པར་བྱ། །འཁོར་ལོ་གནས་པའི་བདག་ཉིད་མཉམ། །སྟེང་དུ་མདའ་ཡི་དྲྭ་བ་བྱ། །མཁའ་སྤྱོད་དུ་ནི་གུར་བྱ་སྟེ། །དེ་དག་གིས་ནི་གོ་ཆར་འགྱུར། །དེ་ལྟར་གོ་བགོས་སུམ་ཅུ་ནི། །རྩ་གསུམ་པས་ཀྱང་བཤིག་མི་ནུས། །ཞེས་རྭ་བ་དང་ས་གཞི་དང་། མདའི་དྲྭ་བ་དང་། གུར་ཏེ་བཞི་གསུངས་སོ། །སློབ་དཔོན་གྱི་གཞུང་ལས། དེ་ནས་རྡོ་རྗེའི་དྲྭ་བ་བསམ་པར་བྱ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྣ་གྲྀཧྣ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྣ་པ་ཡ་གྲྀཧྣ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་ཧཱུྃ་ཧཱུྃ་ཕཊ། ཞེས་བྱ་བའི་སྔགས་ཀྱིས་ཤར་ཕྱོགས་ལ་སོགས་པར་ངེས་པར་བཞག་པར་བྱའོ། །སྟེང་དུ་ནི་མདའི་དྲྭ་བའོ། །ས་གཞི་ནི་ཡི་གེ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ལ། དེའི་འོད་ཀྱི་སྣང་བ་ལས་རྡོ་རྗེའི་རྭ་བ་དང་། རྡོ་རྗེའི་བླ་རེ་སྟེ། ཨོཾ་གྷ་གྷ་ནི་བརྡུང་གཉིས། གྷ་ཏ་ཡ་གྷ་ཏ་ཡ་ནི་བརྡུང་དུ་ཆུག་གཉིས། སརྦ་ནི་ཐམས་ཅད། དུཥྚན་ནི་གདུག་པ་རྣམས། ཕཊ་ཕཊ་ནི་ཁོས་གཉིས། ཀཱི་ལ་ཡ་ཀཱི་ལ་ཡ་ནི་ཕུར་བུས་ཐོབ་གཉིས། སརྦ་པཱ་པཾ་ཕཊ་ཕཊ་ནི་ཁོས་གཉིས། ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལ་ནི་རྡོ་རྗེ་ཕུར་བུ། བཛྲ་དྷ་རོ་ནི་རྡོ་རྗེ་འཆང་གི ཨཱ་ཛྙཱ་པ་ཡ་ཏི་ནི་བཀའ་ལས་མ་འདའ་ཤིག སརྦ་ནི་ཐམས་ཅད། བིགྣན་བགེགས་རྣམས་ཀྱི། ཀཱ་ཡ་ཝཱཀྐ་ཙིཏྟ་ལུས་ངག་ཡིད། ཀཱི་ལ་ཡ་ཀཱི་ལ་ཡ་ནི་ཕུར་བུས་ཐོབ་གཉིས། ཧཱུྃ་ཧཱུྃ་ཕཊ་ཕཊ། ཕུར་བུས་བཏབ་པའི་སྔགས་སོ། །ཨོཾ་བཛྲ་མུད་ཀ་ར་ནི་རྡོ་རྗེ་ཐོ་བས། ཨ་ཀཱོ་ཊ་ཡ་ནི་རྡུངས་ཤིག ཧཱུྃ་ཕཊ། ཕུར་བུ་བརྡུང་བའི་སྔགས་སོ། །ཞེས་རྡོ་རྗེའི་རྭ་བ་དང་། མདའི་དྲྭ་བ་དང་། རྡོ་རྗེའི་ས་གཞི་དང་། དྲྭ་བ་དང་། བླ་རེ་དང་། ཕུར་བུ་བཏབ་པ་སྟེ་དྲུག་གསུངས་སོ། །གཉིས་པ་ནི་པྲཛྙཱ་རཀྵི་ཏའི་འགྲེལ་པ་ལས། དེ་ནས་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་རྗེས་ཐོགས་སུའོ། །རྡོ་རྗེའི་གུར་བསམ་པར་བྱ་སྟེ། ཤར་ལ་སོགས་པའི་ཕྱོགས་སུ་ངེས་པར་དགོད་པར་བྱའོ། །སྟེང་དུ་ནི་མདའི་དྲྭ་བའོ། །ས་གཞི་ནི་ཡི་གེ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེའི་འོད་ཀྱི་སྣང་བ་ལས། རྡོ་རྗེའི་རྭ་བ་དང་། རྡོ་རྗེའི་བླ་རེའོ། །ཞེས་བྱ་བའི་ཚིགས་བདུན་པོ་འདི་རྣམས་ནི་མན་ངག་ཇི་ལྟ་བ་བཞིན་དུ་བྲིའོ། །གཡོན་པའི་མཛུབ་མོ་དང་། མཐེ་བོང་བརྡབ་པ་སྔོན་དུ་འགྲོ་བས། ཨོཾ་སུམྦྷ་ནི་སུམྦྷ་ཞེས་བྱ་བའི་སྔགས་བརྗོད་ཅིང་། ནག་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོའི་ཁ་དོག་ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞི་ལ་ཐུག་པར་ཁྱབ་ཅིང་འབར་བའི་ལུས་ཆེན་པོ་ཤར་དང་། བྱང་དང་། ནུབ་དང་། ལྷོའི་ཕྱོགས་རྣམས་སུ་རིམ་གྱིས་དགོད་པར་བྱའོ། །སུམྦྷ་ལ་སོགས་པའི་སྔགས་ཀྱི་འོད་ཟེར་གྱི་ཁ་དོག་ལས་དེ་དང་མཐུན་པའི་རྭ་བ་བཞིའོ། །དེ་དང་དུས་མཉམ་པ་ཉིད་དུ་ཧཱུྃ་གི་ཡི་གེ་ལས་སྐྱེས་ཤིང་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞིའོ། །དེའི་འོད་ཟེར་གྱིས་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་རྣམ་པའི་མདའི་དྲྭ་བའོ། །དེའི་འོག་དུ་རྡོ་རྗེའི་གུར་དང་། རྡོ་རྗེའི་བླ་རེ་ནི་གནས་ཇི་ལྟ་བ་བཞིན་དུ་བསམ་པའོ། །དེ་ནས་སུམ་བྷ་ལ་སོགས་པའི་སྔགས་བཞི་ལས་གྲུབ་པའི་ཁྭ་གདོང་མ་ལ་སོགས་པའི་ལྷ་མོ་བཞི་དང་། དེ་ཉིད་ཀྱི་ཚེ་གཉིས་གཉིས་ཀྱི་འོད་ཟེར་ལས་བྱུང་བའི་གཤིན་རྗེ་བརྟན་མ་ལ་སོགས་པའི་ལྷ་མོ་བཞི་སྟེ། འདི་བརྒྱད་ནི་ཞལ་གཅིག་པ་ཕྱག་གཉིས་པ་ལྟེ་བ་མན་ཆད་རྩེ་གཅིག་པའི་རྣམ་པའོ། །གཡས་པ་ནི་རྡོ་རྗེ་ཐོ་བ་འཛིན་པ། གཡོན་པ་བདག་ཉིད་ཀྱི་ཕུར་བུའི་ཕྱག་རྒྱ་ཅན་སྤྲོས་ཏེ། ཕྱོགས་བཅུ་ན་གནས་པའི་བགེགས་ཀྱི་ཚོགས་བཀུག་ནས་སྒྲ་རིང་པོར་བརྗོད་པའི་ཧཱུྃ་གི་ཡི་གེ་ལས་གྲུབ་པའི་ཕྱོགས་བརྒྱད་ཀྱི་རྭ་བ་དང་ཉེ་བའི་དོང་རྣམས་སུ་བཅུག་ལ། ཕུར་བུས་གདབ་པའི་སྔགས་སྔོན་དུ་འགྲོ་བས་བགེགས་ཀྱི་ཚོགས་ཕུར་བུས་གདབ་པ་དང་། བརྡུང་བའི་སྔགས་སྔོན་དུ་འགྲོ་བས་བརྡུང་བར་བྱའོ། །ཕུར་བུས་གདབ་པ་དང་བརྡུང་བ་དག་གིས་བགེགས་ཀྱི་ཚོགས་རྣམས་བདེ་བ་ཆེན་པོའི་དེ་བཞིན་ཉིད་དུ་རང་བཞིན་གཅིག་པར་རྣམ་པར་བསམ་པར་བྱའོ། །ཡང་བགེགས་ལྷག་མ་རྣམས་བསྐྲད་ནས་དེ་དག་རྭ་བ་ལ་ཐིམ་པ་ན། ཆུ་ལ་ཆུ་ཐིམ་པ་ལས་ཐིགས་པ་བྱུང་བའི་ཚུལ་གྱིས་མཚམས་བཅིང་བའི་དོན་དུ་ཟླུམ་པོའི་རྡོ་རྗེ་དང་། པདྨ་དང་འཁོར་ལོའི་རྭ་བ་རྣམས་བསམ་པར་བྱའོ། །རྡོ་རྗེའི་རྭ་བ་ལ་སོགས་པ་དེ་ཉིད་མཚམས་མེད་ཅིང་དུམ་བུ་གཅིག་ཏུ་གྱུར་པས་རྣམ་པ་ཐམས་ཅད་དུ་འགྲོ་བ་ལ་བགེགས་མེད་པར་མོས་པ་བྱའོ། །ཞེས་གསུངས་སོ། །པུ་ཧྲངས་པ་ནས་བརྒྱུད་པ། བྲོག་རྭ་བ་དང་། དམར་གྱིས་འདི་ཇི་ལྟ་བ་བཞིན་བཞེད་དེ། འདི་ལ་ལུས་དང་། ཡན་ལག་གཉིས་ལས། ལུས་ལ་སྔགས་ཀྱི་རྭ་བ་དང་། དེ་ལས་རྡོ་རྗེའི་རྭ་བ་དང་། དེ་ལས་འོད་ཟེར་སྣང་བ་དང་། རྡོ་རྗེའི་ས་གཞི་དང་། རྡོ་རྗེའི་གུར་དང་། རྡོ་རྗེའི་བླ་རེ་དང་། མདའི་དྲྭ་བ་སྟེ་བདུན། ཡན་ལག་ལ་ཕུར་བུས་བཏབ་པ་དང་། བརྡུང་བ་གཉིས་ཏེ་དགུར་བཤད་དོ། །བུ་སྟོན་གྱིས་གཞན་རྣམས་འདྲ་བ་ལས། སྔགས་ཀྱི་རྭ་བ་ལོགས་སུ་མི་བྱེད་པར། སྔགས་བརྗོད་པས་སྒོ་མཚམས་མ་བརྒྱད། གསེར་གྱི་ས་གཞི་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་ཁྱབ་པའི་ལུས་ཆེན་པོ་འབར་བ་བཀོད་ནས། དེའི་རྗེས་སུ་སྔགས་དྲུག་དང་། ཕྱག་རྒྱ་དྲུག་གིས་རྡོ་རྗེའི་ས་གཞི་སོགས་དྲུག་བསྒོམ་པ་ཨ་བྷི་དྷ་ན་ལྟར་མཛད་ཅིང་། དེ་ནས་ཕུར་སྟབས་མཛད་དོ། །གསུམ་པ་ནི་རྗེ་བཙུན་ནཱ་རོ་ཏ་པའི་མན་ངག་ཕམ་འཐིང་པ་ནས་བརྒྱུད་པ་རྗེ་བཙུན་གྱིས་འདི་ལྟར་གསུངས་ཏེ། ས་ཕྱོགས་བགེགས་དང་བྲལ་བར་བྱ་བ་དང་། སྲུང་བའི་འཁོར་ལོ་བརྟན་པར་བསྒོམ་པ་དང་། བགེགས་ཚར་བཅད་པ་གསུམ་ལས། དང་པོ་ནི་རང་གི་སྙིང་ཁའི་ཧཱུྃ་ལས་གཤིན་རྗེ་གཤེད་བཅུའམ། ཁཎྜ་རོ་ཧི་བཅུའམ། སྒོ་མཚམས་མ་བརྒྱད། ཁཎྜ་རོ་ཧི་གཉིས་ཏེ་བཅུ་གང་བློ་ལ་མོས་པ་སྤྲོ་གསུང་ནའང་། ཕྱི་མ་གཙོ་བོ་སྟེ། ལུས་ཀྱིས་གཡོན་པའི་སྡིགས་མཛུབ་ཕྱོགས་བཅུར་བསྟན་ཅིང་སེ་གོལ་བརྡབ། ངག་དུ་ཞལ་བཞི་པའི་སྔགས་བརྗོད་དེ། ཕྱོགས་ཤར་ནས་བཟུང་སྟེ། གཡོན་སྐོར་དུ་སྤྲོ་བའི་ཚེ་ཤར་དང་སྟེང་གི་དུས་གཅིག ནུབ་དང་འོག་གི་དུས་གཅིག་ཏུ་སྤྲོ་བ་ལ་སྔགས་ཚན་གཅིག མཚམས་རྣམས་མེ་ནས་བཟུང་སྟེ། གཡས་སྐོར་དུ་སྤྲོ་བ་ལ་སྔགས་ཚན་གཅིག་སྟེ། དེས་བགེགས་ཐམས་ཅད་བསྐྲད་པར་བསམ་མོ། །གཉིས་པ་ནི་ས་ཕྱོགས་དེར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསྒོམས་ནས། དེ་ལས་འོད་བྱུང་བས། འོག་རྡོ་རྗེའི་ས་གཞི་དང་། ཁོར་ཡུག་ཏུ་རྡོ་རྗེ་ནག་པོ་གདེངས་པ་འགྲེངས་བུར་གྱུར་པའི་རྭ་བ་དང་། ཡང་རྡོ་རྗེ་འཕྲེད་ལ་སོང་བའི་དྲྭ་བ་གཉིས་གཅིག་ཏུ་བྱས་པ་དང་། སྟེང་དུ་རྡོ་རྗེའི་གུར་དང་། དེའི་འོག་ཏུ་རྡོ་རྗེའི་བླ་རེ་དང་། དེ་དག་གི་ཕྱི་རོལ་དུ་མདའི་དྲྭ་བ་དང་། དེའི་ཕྱི་རོལ་དུ་མེ་རི་འབར་བ་རྣམས་བསྒོམས་ལ། སྔར་གྱི་ཕྱག་རྒྱ་དང་། ཨ་བྷི་དྷ་ན་ནས་འབྱུང་བའི་སྔགས་དྲུག་པོ་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །གསུམ་པ་ནི། དེ་ནས་སྔར་ཕོ་ཉ་བཅུ་པོས། བགེགས་ཁ་ཅིག་ནི་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ལ་བཀོད། ནག་པོའི་རིགས་ཁ་ཅིག་ནི་བསྒྲལ་ཏེ་བདེ་བ་ཅན་ལ་སོགས་པའི་ཞིང་དུ་གནས་སྤར། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ནི་བཀུག་སྟེ་འོངས་ནས་མེ་རིའི་ནང་རྡོ་རྗེ་རྭ་བའི་ཕྱི་རོལ་མདའི་དྲྭ་བའི་འོག་ཏུ་འོབས་གཅིག་ཡོད་པར་བསམ་དེའི་ཁ་ཁྱེར་ལ་ཕྱོགས་སྐྱོང་བཅུ་པོ་ཡོད་པར་བསྒོམ་ལ་དེ་ནས་ཕུར་གདབ་བྱ་བར་གསུངས་སོ། །དེའི་རྗེས་སུ་ཕོ་ཉ་བཅུ་པོ་རྣམས་ལས་རང་དང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས་ཏེ། མཚོན་ཆ་སྣ་ཚོགས་ཐོགས་ནས་རྡོ་རྗེའི་དྲྭ་མིག་ནས་རོ་སྟོད་འཐོན་ཏེ། སྒྲུབ་པ་པོ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བར་ཆད་ཐམས་ཅད་བསྲུང་བར་བསམ་མོ། །ཞེས་གསུངས་སོ། །གཞུང་དང་སྦྱར་ན། དེ་ནས་རྡོ་རྗེའི་དྲྭ་བ་བསམ་པར་བྱ་སྟེ། ཞེས་པས་མདོར་བསྟན་ཏེ། དྲྭ་བ་ནི་འགྲེལ་པས་གུར་དུ་བཤད་ཅིང་། སྐད་དོད་ཀྱང་གཅིག་པས་སྲུང་འཁོར་སྤྱིའི་མིང་ངོ་། །ཨོཾ་སུམ་བྷ་ཞེས་པ་ནས། ངེས་པར་བཞག་པར་བྱའོ་ཞེས་པའི་བར་གྱིས་ས་ཕྱོགས་བགེགས་དང་བྲལ་བ་བསྟན། སྟེང་དུ་ནི་ཞེས་པ་ནས་བླ་རེ་སྟེ་ཞེས་པའི་བར་གྱིས་སྲུང་བའི་འཁོར་ལོ་བརྟན་པར་བསྒོམས་པ་ཨོཾ་གྷ་གྷ་ཞེས་པ་མན་གྱིས་བགེགས་ཚར་གཅོད་པ་བསྟན་ཏེ། བསྒོམ་ཚུལ་རྒྱས་པ་ནི་མན་ངག་ལས་བྱུང་བའོ། །བཞི་པ་ནི། དམར་གྱིས་ཕྱིའི་བགེགས་ལས་བསྲུང་བའི་ཕྱིར་གནས་བསྲུང་བ་ཞེས་དང་། རྗེ་བཙུན་གྱིས་དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་གསོག་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་ཡིན་པར་གསུངས་སོ། །པྲ་ཛྙཱ་རཀྵི་ཏས། འདིར་ཅིའི་ཕྱིར་སྲུང་བའི་རྡོ་རྗེའི་དྲྭ་བ་ལ་སོགས་པའི་རྗེས་ཐོགས་སུ་སྟོང་པ་ཉིད་བསྒོམ་ཞེས་རྩོད་པར་མི་བྱ་སྟེ། གང་གི་ཕྱིར་རྒྱུད་འདི་ནི་དབང་པོ་རྣོན་པོའི་དབང་དུ་བྱས་པ་ཡིན་ལ། དེ་ལ་སྟོང་པ་ཉིད་ཁོ་ན་དོན་དམ་པའི་སྲུང་བ་ཡིན་ནོ། །འོ་ན་ཇི་ལྟར་ཕྱི་རོལ་དུ་བྲིས་པའི་དཀྱིལ་འཁོར་དུ་རྡོ་རྗེའི་རྭ་བ་ཡིན་ཞེ་ན་མ་ཡིན་ཏེ། གང་གི་ཚེ་བཅོམ་ལྡན་འདས་རྫོགས་པ་དེ་ཉིད་ཀྱི་ཚེ་དམ་ཚིག་གི་འཁོར་ལོ་ཡོངས་སུ་གཅོད་པའི་སྣ་ཚོགས་རྡོ་རྗེའི་རྭ་བ་རྫོགས་པའི་ཕྱིར་རོ། །ཞེས་གསུངས་ཏེ། འདིའི་དོན། སྲུང་བའི་འཁོར་ལོའི་རྗེས་ཐོགས་སུ་ཡེ་ཤེས་ཀྱི་ཚོགས་བསག་བསྒོམ་ན། སྲུང་འཁོར་དོན་མེད་པར་འགྱུར་ཏེ། ཡེ་ཤེས་ཀྱི་ཚོགས་ཀྱིས་སྟོང་ཉིད་དུ་སྦྱངས་པས་དངོས་གཞི་ལ་མི་ཕན་པའི་ཕྱིར་རོ་སྙམ་ན་མ་ཡིན་ཏེ། ཡེ་ཤེས་ཀྱི་ཚོགས་དེ་ཉིད་དོན་དམ་པའི་སྲུང་བ་ཡིན་པས་དངོས་གཞི་ལ་ཕན་པའི་ཕྱིར་རོ། །འོ་ན་བྲིས་པའི་དཀྱིལ་འཁོར་ལ་སྟོང་པ་ཉིད་དུ་སྦྱངས་པའི་རྗེས་སུ་རྡོ་རྗེའི་རྭ་བ་སོགས་མེད་པར་འགྱུར་རོ་སྙམ་ན། མ་ཡིན་ཏེ། རྟེན་བརྟེན་པ་གཅིག་ཆར་དུ་གྲུབ་པའི་ཚེ་རྡོ་རྗེའི་རྭ་བ་སོགས་ཀྱང་གྲུབ་པའི་ཕྱིར་ཞེས་པའི་དོན་ཏོ། །རྗེ་བཙུན་ནཱ་རོ་པའི་དགོངས་པ་ནི། ཡེ་ཤེས་ཀྱི་ཚོགས་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དངོས་སུ་བསྒོམ་པ་ཡིན་པས། དོན་ཆེན་པོ་ཡིན་ལ། དེ་ལ་བར་ཆད་མི་འབྱུང་བའི་ཕྱིར་ཐོག་མར་སྲུང་བའི་འཁོར་ལོ་བསྒོམ་མོ། །འོ་ན་དངོས་གཞི་ལ་མི་ཕན་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དེ་ལས་ལངས་ནས། དེ་རྟོགས་པའི་ཕྱིར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་དངོས་གཞི་ཡིན་པས། གཉིས་ཀའི་བར་ཆད་བསྲུང་བར་འགྱུར་བའི་ཕྱིར་སྙམ་དུ་དགོངས་ཏེ་ཚུལ་འདི་ནི་ཡེ་ཤེས་ཞབས་ལུགས་ལས་རྒྱས་པར་འབྱུང་ངོ་། །འོ་ན་སྤྱིར་བགེགས་ཞེས་བྱ་བ་རང་གང་ཡིན། དེ་དོན་དམ་པར་ཡོད་དམ་ཀུན་རྫོབ་དུ་ཡོད། བསྲུང་ན་ཅི་ལྟར་བསྲུང་ཞེ་ན། སྤྱིར་སྣ་ཚོགས་སུ་སྣང་བ་ཐམས་ཅད་རང་སེམས་གཅིག་གི་ཆོ་འཕྲུལ་ཡིན་ཅིང་། དེ་སྐྱེ་འགག་གནས་གསུམ་གྱིས་སྟོང་པ་ཡིན་ཀྱང་། དེ་ལྟར་མ་རྟོགས་པའི་དབང་གིས། རྣམ་པར་རྟོག་པ་ཕྱིན་ཅི་ལོག་གིས་བསླད་པས་སྡིག་པའི་སེམས་ཉིད་ཕྱི་རོལ་གྱི་བདུད་དུ་སྣང་བ་གང་ཡིན་པ་དེ་ཉིད་ཡིན་ཏེ། ཞི་བ་ལྷས། འདི་ལྟར་འཇིགས་པ་ཐམས་ཅད་དང་། །སྡུག་བསྔལ་དཔག་ཏུ་མེད་པ་ཡང་། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུང་བ་ཉིད་ཀྱིས་བསྟན། །ཞེས་སོ། །དེ་དོན་དམ་པར་སྤྲོས་པ་ལས་གྲོལ་ཀྱང་། ཐ་སྙད་ཀུན་རྫོབ་ཙམ་དུ་རང་སེམས་མ་ཐུལ་གྱི་བར་དུ་འབྱུང་ལ་ཐུལ་བ་ལས་མི་འབྱུང་སྟེ། ངེས་བརྗོད་ལེའུ་གསུམ་པ་ལས། བདུད་མིན་བདུད་མིན་པ་ཡང་མིན། །རང་གི་སེམས་ནི་བཅིང་བར་བྱ། །རང་གི་སེམས་ནི་ཐུལ་བ་ལ། །བགེགས་ཀྱི་འཇུག་པ་ག་ལ་ཡོད། །ཅེས་གསུངས་པས་ན། གང་དུ་རང་སེམས་གཟུང་འཛིན་གྱི་རྣམ་པར་རྟོག་པ་མི་འཆོར་བར་བཅིངས་པ་དང་། བདག་ལ་གཅེས་པར་འཛིན་པའི་བློ་ལོག་ནས། བདག་གཞན་མཉམ་པར་རྟོག་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དང་། སྣང་བ་གདོན་མི་ཟ་བར་རང་བཞིན་མེད་པར་རྟོགས་པའི་གང་ཟག་གསུམ་ལ་བདུད་མི་འབྱུང་ལ། དེ་རྣམས་དང་མི་ལྡན་ན་བགེགས་ཀྱང་ཡོད་ལ། བསྲུངས་པས་ཀྱང་ཐུབ་སྟེ། དཔེར་ན་རྒྱ་གར་གྱི་ལྷོ་ཕྱོགས་ཀྱི་རྒྱུད་ན། རྒྱལ་པོ་ཕྱི་རོལ་པའི་གྲུབ་མཐའ་འཛིན་པ་གཅིག་ལ་མཆོད་གནས་མུ་སྟེགས་ཞི་བའི་གྲུབ་མཐའ་འཛིན་པ་གཅིག་ཡོད་པ་ལ། དེ་ལ་རཱ་ཛས་ཁོ་རང་གི་ལུགས་ཀྱི་དབང་བསྐུར་ཞུས་པས། དེས་ཀྱང་དཀྱིལ་འཁོར་གྱི་ཁང་པ་བརྩིགས། རྒྱལ་མཚན་དང་བ་དན་ལ་སོགས་པ་ལྔ་བསྒྲེང་། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས། མཆོད་པ་རྒྱ་ཆེན་པོ་ཡང་བཤམས་ནས་དབང་བསྐུར་བྱེད་ལ། དེ་ལྟ་བའི་ཕྱིར་སྐྱེ་བོའི་ཚོགས་དུ་མ་འདུས་པའི་ཚེ། དེ་ནས་ཐག་མི་རིང་བ་གཅིག་ན། སངས་རྒྱས་པའི་རྣལ་འབྱོར་པ་བྷོ་ཛ་དེ་ཝ་ཞེས་པ་བདེ་མཆོག་བསྒོམ་པ་གཅིག་གི་བསམ་པ་ལ། འདིས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་སྙམ་ནས་རླུང་ལྷ་བཀུག་སྟེ། གཏོར་མ་བྱིན་པས། ཁོ་ན་རེ་ད་ཅི་བྱ་ཟེར་བ་ལ། དབང་བསྐུར་གྱི་བྱ་བ་བྱེད་པ་ཕ་གི་ཚོ་རླུང་ལ་བསྐུར་གཅིག་བྱས་པས། དེ་འདྲ་བ་སླ་ཡིས་ཟེར་ཏེ། རི་དྭགས་ཤྭ་བ་ལ་ཞོན་རླུང་གི་བ་དན་ཁྱེར་ཏེ། འཚུབ་མའི་རྣམ་པར་སོང་ནས་ཡུད་ཙམ་གཅིག་གིས་དེ་རྣམས་རྗེས་མེད་པར་བྱས་སོ། །དེར་མུ་སྟེགས་ཀྱི་རྣལ་འབྱོར་པ་དེས་བསམ་པས་ཁོ་བོ་ནི་ཤིན་ཏུ་སྨ་ཕབ་ལ། འདི་ངེས་པར་རི་སུལ་གྱི་སྤྱིལ་པོའི་སངས་རྒྱས་པའི་རྣལ་འབྱོར་པའི་ཆོ་འཕྲུལ་ཡིན་སྙམ་ནས། ལན་དུ་སླར་མེ་ལྷ་བསྐུག་ནས་སྦྱིན་སྲེག་དགང་བླུགས་བདུན་བྱིན་ནས། སངས་རྒྱས་པའི་རྣལ་འབྱོར་པ་ཕ་ཀི་ཟོ་ཞིག་བྱས་པས། མེ་ལྷ་འཁོར་དང་བཅས་པ་སྐད་ཅིག་གིས་འོངས་པ་དང་། རྣལ་འབྱོར་པས་ཀྱང་བར་ཆད་བྱེད་པར་ཤེས་ནས་མོད་ལ་སྲུང་བའི་འཁོར་ལོ་ཕྱོགས་མཚམས་བདུན་རིམ། སྟེང་བཞི་རིམ། འོག་རྡོ་རྗེའི་ས་གཞིར་བསྒོམས་ནས། དེའི་ནང་དུ་རང་ལྷ་སུམ་ཅུ་རྩ་བདུན་རྟེན་དང་བརྟེན་པར་བཅས་པའི་དབུས་སུ། གཙོ་བོའི་ང་རྒྱལ་གྱིས་སྔགས་ཟློས་ཤིང་ཡོད་པའི་ཚེ། མེ་ལྷའི་འཁོར་རྣམས་མེ་རི་ལ་བརྡུགས་ནས་སླར་ལོག་པ་དང་། མེ་ལྷ་ན་རེ་ང་མེའི་རང་བཞིན་ཡིན་པས་དེ་ལ་ཚེགས་མེད་ཀྱིས་ཟེར་ནས། མེ་རི་དང་འོབས་གསུམ་ལས་བརྒལ་ནས་བྱུང་ནས། མདའི་དྲྭ་བ་ལ་རྡུགས་ནས་ལོག་སྟེ། མུ་སྟེགས་ཀྱི་དྲུང་དུ་འོངས་ནས། ངས་ཁོ་ལ་གནོད་པ་མི་འཁྱོལ་བར་འདུག་མར་དགང་བླུགས་བདུན་བླང་ཟེར་ནས་སོང་སྐད་དོ་ཞེས་དམར་གྱིས་བཤད་དེ། སྤྱིར་སྲུང་འཁོར་བསྒོམ་པའི་དགོས་པ་དང་། བྱེ་བྲག་རིམ་པ་མང་པོ་བསྒོམ་པའི་དགོས་པ་ཡང་ལེགས་པར་གྲུབ་པའོ། །གཉིས་པ་དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ལ་བཞི་སྟེ། གཞུང་ལས་བཤད་པའི་ཚུལ། འགྲེལ་པ་མཁན་པོས་བཀྲལ་བའི་ཚུལ། མན་ངག་གིས་ཇི་ལྟར་བསྒོམ་པའི་ཚུལ། དེ་ལྟར་བསྒོམ་པའི་དགོས་པ་བཤད་པའོ། །དང་པོ་ནི་སློབ་དཔོན་གྱི་གཞུང་ལས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་ལ། ཡང་སྟོང་པ་ཉིད་དུ་བསམ་པར་བྱ་སྟེ། བྱང་ཆུབ་ཀྱི་ཚོགས་བསྒོམས་པས། རང་གི་སེམས་ཙམ་ཉིད་ལ་གནས་ཤིང་། མིག་ཡོར་ཙམ་གྱི་ཡེ་ཤེས་དག་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི་འདིའི་དོན། པྲ་ཛྙཱ་རཀྵི་ཏའི་འགྲེལ་པ་སོགས་འགྲེལ་པ་གསུམ་ལས། མཆོད་པ་ལ་སོགས་པའི་རྗེས་ལ་མཆོད་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་སེམས་ཙམ་དུ་མོས་པ་བྱས་པ་ལ་བདག་ཉིད་ཀྱི་སྤྱི་བོ་དང་མགྲིན་པ་དང་། སྙིང་ཁ་རྣམས་སུ་ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་གསུམ་བསྒོམ་ཞིང་། ཧེ་ནི་ཆོས་ཐམས་ཅད་རྒྱུ་དང་བྲལ་བ་དང་། དེ་བཞིན་དུ་རྟོགས་པ་དང་བྲལ་བ་དང་། གང་དུ་ཡང་མི་གནས་པ་ཞེས་བརྟགས་ནས། དེ་ལྟ་བུར་ཆོས་ཐམས་ཅད་ཀྱི་རང་བཞིན་མི་ཤེས་པས་སེམས་ཅན་རྣམས་བདག་དང་བདག་གི་བ་ལ་སོགས་པར་བཟུང་བས་འཁོར་བར་འགྱུར་ཏེ། དེ་བས་ན་བདག་ཉིད་ཧེ་རུ་ཀར་གྱུར་ནས། ཇི་ལྟར་དེ་ལྟ་བུའི་རང་བཞིན་དུ་ཆོས་ཐམས་ཅད་ཤེས་པར་གྱུར་པ་དེ་ལྟར་བདག་གིས་བྱའོ་ཞེས་ཆོས་ལ་དམིགས་པའི་སྙིང་རྗེ་བསྐྱེད་ལ། ཨོཾ་སྭ་བྷཱ་ཝ་ལ་སོགས་པའི་སྔགས་བརྗོད་ཅིང་ཁམས་གསུམ་པོ་ཐམས་ཅད་སྟོང་པ་ཉིད་དུ་བལྟ་བར་བྱའོ། །སྨོན་ལམ་གྱི་དབང་གིས་སེམས་དེ་གོང་ནས་གོང་དུ་གནས་པ་དཀར་པོ་དང་། དམར་པོ་དང་། སྔོན་པོའི་ཡི་གེ་ཨོཾ་ཨཱཿཧཱུྃ་གི་རང་བཞིན་དུ་རྣམ་པར་བསམ་པར་བྱའོ། །དེ་ནས་ཡི་གེ་ཨོཾ་ལས་སྐུའི་འཁོར་ལོའི་ལྷ་རྣམས་ཡང་དག་པར་སྤྲོས་ཏེ་འགྲོ་བའི་དོན་བྱས་ནས་སྙོམས་པར་འཇུག་པ་སྔོན་དུ་བྱས་ཏེ་ཞུ་བར་བྱས་ནས་དེ་ཉིད་ལ་ཞུགས་པར་བྱས་ལ། དེ་ནས་ཡི་གེ་ཨཱཿལས་གསུང་གི་འཁོར་ལོའི་ལྷ་རྣམས་དང་། ཡི་གེ་ཧཱུྃ་ལས་ཐུགས་ཀྱི་འཁོར་ལོའི་ལྷ་རྣམས་སོ། །དེ་ནས་ཨོཾ་ནི་ཨཱཿལའོ། །ཨཱཿནི་ཧཱུྃ་ལའོ། །ཨུ་ནི་ཧ་ལའོ། །ཧ་ནི་མགོ་བོ་ལའོ། །མགོ་བོ་ནི་ཟླ་བ་ཕྱེད་པ་ལའོ། །ཟླ་བ་ཕྱེད་པ་ནི་ཐིག་ལེ་ལའོ། །ཐིག་ལེ་ནི་ནཱ་ད་ལ་བསྡུས་ནས་སྐྲའི་རྩེ་མོ་བརྒྱ་སྟོང་དུ་གཤགས་པའི་ཚད་ཙམ་དུ་བཞག་ནས་སེམས་ཅན་རྣམས་ཆོས་ཉིད་མི་ཤེས་པས་འཁོར་བར་འཁོར་ཏེ། དེ་བས་ན་བདག་གིས་ཆོས་ཉིད་ཤེས་པར་བྱས་ནས་དེ་རྣམས་ཀྱིས་རྟོགས་པར་བྱའོ་ཞེས་བྱ་བའི་སྙིང་རྗེ་ཆེན་པོ་དམིགས་པ་མེད་པའི་སྙིང་རྗེའི་ས་བོན་དུ་གྱུར་པར་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པས་ནཱ་ད་ཙམ་གྱི་རྟོག་པ་ཡོངས་སུ་སྤང་བར་བྱའོ་ཞེས་གསུངས་ཤིང་། ལུགས་འདིའི་རྗེས་སུ་འབྲང་བ་མར་དོ་སོགས་དང་། ཕྱིས་ཀྱི་བུ་དགེ་གཉིས་ཀྱང་འདི་བཞིན་དུ་བསྒོམ་པར་སྣང་ངོ་། །དེ་ལ་གཞུང་གི་དོན་སྔགས་དང་པོ་བརྗོད་པས་སྟོང་ཉིད་དུ་བསམ་པ་ནི། གནས་གསུམ་དུ་ཡི་གེ་གསུམ་བཀོད་ནས། སེམས་ཅན་གཟུང་འཛིན་གྱི་དབང་གིས་འཁོར་བར་གྱུར་པ་རྣམས་ལ་ཆོས་ལ་དམིགས་པའི་སྙིང་རྗེ་བསྒོམས་ནས།             རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*