སྔགས་བརྗོད་དེ་ཁམས་གསུམ་སྟོང་ཉིད་དུ་བལྟའོ། །དེ་ནས་ཨོཾ་ཨཱཿཧཱུྃ་ཡི་གེ་གསུམ་དུ་ལངས་པ་ནས། ནཱ་དའི་བར་ནི་རང་གི་སེམས་ཙམ་ཉིད་ལ་གནས་པའི་དོན་དང་། སྔགས་ཕྱི་མ་བརྗོད་དེ་ནཱ་ད་ཡང་མི་དམིགས་པར་བསྒོམས་པ་ནི་མིག་ཡོར་ཙམ་གྱི་ཞེས་པ་མན་ཆད་ཀྱི་དོན་དུ་འཆད་པར་སྣང་ངོ་། །འདོད་འཇོ་མཁན་པོས། སྐབས་འདིར་སྣོད་བཅུད་ཀྱི་སྣང་བ་དོན་ལ་མ་དག་བཞིན་དུ་སྡུད་པ་ཡང་ཆད་སྟོང་བསྒོམ་པ་མ་ཡིན་ཏེ་ཞེས་དང་། རང་བཞིན་གྱིས་གྲུབ་པས་སྟོང་པ་ལ། བྱ་བྱེད་ཐམས་ཅད་འཐད་པར་རྟོག་ན་ནི་སྣང་བ་སྡུད་པ་བསྒོམས་པ་ལ་ཆད་ལྟའི་དོན་མེད་དེ། དགོས་པའི་དབང་གིས་དེ་ལྟར་བྱེད་པ་ཡིན་གྱི། སྣང་བ་མེད་པར་ཁས་མི་ལེན་པའི་ཕྱིར་ཞེས་དང་། འགྲེལ་པར་བཤད་པའི་ཐིམ་རིམ་རྣམས། འཆི་བའི་ཚེ་སྣང་མཆེད་ཐོབ་གསུམ་གྱི་ཐིམ་རིམ་ལ་བཤད་པ་ནི། རང་ཉིད་ཡེ་ཤེས་ཚོགས་བསག་གི་ཚེ། སྣང་བ་མེད་པར་མི་བསྒོམ་པ་དང་འགལ་གྱིས་དོགས་ནས། དེའི་སྐྱོན་སྤོང་བ་དང་། ཡེ་ཤེས་ཚོགས་བསག་འཆི་སྲིད་སྦྱོང་བྱེད་ལ་སྦྱར་བའི་རང་གི་གྲུབ་མཐའི་རྒྱབ་རྟེན་དུ་འཆད་པར་སྣང་ངོ་། །དེ་ལའང་འགལ་བའི་སྐྱོན་སྤོང་ནི་མི་ནུས་ཏེ། གཞན་གྱིས་དེའི་ཚེ་སྣང་བ་མེད་པར་བསྒོམས་པས། སྤྱིར་སྣང་བ་མེད་པར་ཁས་ལེན་དགོས་ན། ཁྱེད་ཀྱིས་ཀྱང་དེའི་ཚེ་སྣང་བ་སྡུད་པར་བསྒོམས་པས། སྤྱིར་སྣང་བ་སྡུད་པར་ཁས་ལེན་དགོས་པའི་ཕྱིར་རོ། །སྐབས་དེར་སྣང་བ་མེད་པར་སྒོམ་པ་ཙམ་གྱིས་ཆད་ལྟར་འགྱུར་ན། སྣང་བ་སྡུད་པར་བསྒོམ་པ་ལ་ཡང་མཚུངས་ཏེ། སྣང་བ་མེད་པར་བསྒོམ་པར་མཚུངས་པའི་ཕྱིར་དང་། མེད་པར་མི་བསྒོམ་ན། རང་གི་གོས་ལ་སོགས་པའི་སྣང་བ་འདི་གཞལ་ཡས་ཁང་གི་ནང་ན་ཡོད་དམ་ཕྱི་ན་ཡོད་སོགས་ཀྱི་དཔྱད་པ་གཞན་དུ་བཤད་ཟིན་ཏོ། །མངོན་རྟོགས་ཀྱི་དངོས་གཞིས་སྐྱེ་འཆི་བར་དོ་གསུམ་སྦྱོང་བའི་ཚེ་ཡེ་ཤེས་ཚོགས་བསག་འཆི་སྲིད་སྦྱོང་བ་ལ་སྦྱར་བ་ནི་འགྲོ་བའི་རིས་གཅིག་གིས་ཆོས་གསུམ་འཆི་སྲིད་ཐོག་མར་འོང་བ་ནི་གསུང་རབ་མཐའ་དག་དང་འགལ་བ་སོགས་གཞན་དུ་རྒྱས་པར་བཤད་ཟིན་ཏོ། །གསུམ་པ་ནི། རྗེ་བཙུན་གྱིས། དེ་ནས་བསྲུང་བའི་རྣམ་པ་སེམས་སུ་ཤེས་པར་བྱ་བའི་ཕྱིར་དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ནི་ཕྱི་དང་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཙམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། མིག་ཡོར་ལྟ་བུར་བསྒོམས་ལ། ངག་དུ་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་ལ་བརྟན་པར་བྱ། ཡང་སྒྱུ་མ་ཡང་རང་བཞིན་མེད་པར་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་བརྟན་པར་བྱའོ། །ཞེས་གསུངས་པ་འདི་ཙམ་ཞིག་སྔར་གྱི་གྲུབ་ཆེན་གྱི་གཞུང་གི་དོན་དུ་སྣང་ཞིང་། འདི་སྟོང་ཉིད་ཀྱི་ལྟ་བ་སྣང་བ་ཙམ་ཡང་མི་དམིགས་པ་བསྒོམ་པ་གཙོ་བོ་ཡིན་པས། སྣང་བ་སེམས་སུ་བསྡུ་བ་དང་། སེམས་ཉིད་ཀྱང་མི་དམིགས་པར་བསྒོམ་པ་ཙམ་ཞིག་སྐབས་སུ་བབ་ལ། སྔགས་གཉིས་ཀྱིས་བརྟན་པར་བྱེད་པ་ཡང་འདི་གཉིས་བརྟན་པར་བྱེད་པ་ཡིན་པའི་ཕྱིར་རོ། །འདི་ཉིད་ཇོ་བོའི་ལུགས་ལོ་ཆེན་གྱི་འགྲེལ་ཆུང་ལས། རང་གི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་གི་ལུས་མི་སྣང་སྟེ། ཟླ་བ་དང་ཡི་གེ་ཧཱུྃ་ལུས་པར་བསམ། དེ་ནས་ཟླ་བ་ཞུ་ནས་ཧཱུྃ་འབའ་ཞིག་ལུས། དེ་ནས་ཧཱུྃ་ཞུ་ནས་ཐིག་ལེ་འོད་ཟེར་དང་བཅས་པ་འབའ་ཞིག་ལུས། དེ་ཡང་རིམ་གྱིས་ཇེ་ཕྲར་གྱུར་ནས་ཐིག་ལེ་ཡང་མི་སྣང་སྟེ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ནས་དེ་བརྟན་པར་བྱ་བའི་ཕྱིར་སྔགས་དང་པོ་བརྗོད། དེའི་རྗེས་ལ་དེའི་དོན་དྲན་པའི་སྒོ་ནས་སྟོང་ཉིད་བསྒོམ་པ་ནི་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ཏེ། སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཡེ་ཤེས་དང་། བདག་དབྱེར་མེད་པ་བརྟན་པའི་ཕྱིར་སྔགས་ཕྱི་མ་བརྗོད་པར་གསུངས་པ་དང་ཡང་མཐུན་ཏེ། བསྡུ་རིམ་གྱི་སྒོ་ནས་བསྒོམ་པ་འདི་ནི་གཤིན་རྗེ་གཤེད་ལ་སོགས་པའི་སྒྲུབ་ཐབས་གཞན་རྣམས་ལས་ཀྱང་འབྱུང་ཞིང་། རྒྱས་པར་ན་ལུགས་འདིར་ཡང་རུང་པར་སྣང་ངོ་། །བཞི་པ་ནི་ཇོ་བོའི་འགྲེལ་པར་དགོས་པ་དྲུག་གསུངས་ཏེ། དེ་ལྟར་སྔགས་རྣམ་པ་གཉིས་ལན་གསུམ་དུ་བརྗོད་པ་ནི། སྟོང་པ་ཉིད་རྟོགས་ནུས་པ་དང་། སྟོང་པ་ཉིད་ཀྱི་དྲན་པ་གསོ་བ་དང་། གནས་པ་བརྟན་པ་དང་། ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། ཐ་མལ་གྱི་ལུས་ངག་ཡིད་གསུམ་གྱི་རྟོག་པ་སྤོང་བ་དང་། རྟེན་དང་བརྟེན་པ་ཐམས་ཅད་སྟོང་པའི་རྣམ་འཕྲུལ་དུ་རྟོགས་པའི་ཕྱིར་ཞེས་བཤད་ལ། འདིའི་དོན་ལོ་ཆེན་གྱི་འགྲེལ་ཆུང་ནས། དང་པོ་གཉིས་དབང་རྟུལ་དང་། དེ་ནས་གཉིས་དབང་རྣོན་དང་། ཕྱི་མ་གཉིས་དབང་འབྲིང་གི་དབང་དུ་བྱས་པར་བཤད་དོ། །འདོད་འཇོ་མཁན་པོས་འགྲེལ་ཆུང་ནས་དང་པོ་དབང་རྟུལ་དང་། གཉིས་པ་དབང་འབྲིང་དང་། ཕྱི་མ་བཞི་དབང་རྣོན་གྱི་དབང་དུ་བྱས་པར་བཤད་ཅེས་བྲིས་འདུག་པ་ནི་འགྲེལ་པ་དེ་ན་མི་སྣང་ངོ་། །སྐབས་འདིར་རྗེ་བཙུན་གྱིས་དངོས་ཀྱི་དགོས་པ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་བསྒོམ་པ་ཡིན་པས་དོན་ཆེན་པོའོ་ཞེས་དང་། ཆེད་དུ་བྱ་བའི་དགོས་པ་བསྲུང་བའི་རྣམ་པ་སེམས་སུ་ཤེས་པར་བྱ་བའི་ཕྱིར་ཞེས་པ་ཙམ་ཞིག་གསུངས་ལ། རྗེ་བཙུན་རྩེ་མོས་ཡེ་ཤེས་ཚོགས་བསག་གི་དགོས་པ་བཞི་གསུངས་ཏེ། ཡེ་ཤེས་ཚོགས་བསག་དགོས་པ་ཡང་། །རྣམ་པ་བཞི་རུ་ཤེས་བྱ་སྟེ། །ཀུན་ཏུ་བརྟགས་པའི་དྲི་མ་ལས། །དག་པར་བྱ་བའི་དགོས་པ་དང་། །གཉིས་པ་ཐམས་ཅད་མཁྱེན་པ་ཡི། །ལྷ་ཡི་མྱུ་གུ་བསྐྱེད་པ་དང་། །གསུམ་པ་བསོད་ནམས་ཚོགས་དང་ནི། །ཡེ་ཤེས་ཚོགས་སུ་འབྲེལ་ཕྱིར་དང་། །བཞི་པ་ཆོས་ཀྱི་སྐུ་ལས་ནི། །གཟུགས་སྐུ་འགྲུབ་པར་བྱ་ཕྱིར་རོ། །ཞེས་གསུངས་པ་འདི་ནི་ཡེ་ཤེས་ཀྱི་ཚོགས་ཀུན་གྱི་དགོས་པ་ལ་སྦྱར་བར་བྱའོ། །དམར་གྱིས་ཡེ་ཤེས་ཀྱི་ཚོགས་ནི་དམིགས་པ་མེད་པའི་ཤེས་རབ་སྟེ། དེས་རྟག་པ་འཁོར་བའི་མཐའ་མནན་པས་སོ་སོ་སྐྱེ་བོ་ལས་ཁྱད་པར་དུ་བྱས་ལ། གང་གི་བསོད་ནམས་ཀྱི་ཚོགས་ནི་ལྷན་ཅིག་བྱེད་པའི་རྐྱེན་དམིགས་པ་མེད་པའི་སྙིང་རྗེ་སྟེ། ཆད་པ་མྱ་ངན་ལས་འདས་པའི་མཐའ་མནན་ཅིང་གཞན་དོན་འབྱུང་བས་འཕགས་པ་ཉན་རང་ལས་ཁྱད་པར་དུ་བྱས་སོ་ཞེས་གསུངས་པ་ཡང་བཤད་མ་ཐག་པའི་དགོས་པ་ཕྱི་མ་གཉིས་དང་མཐུན་ནོ། །རྒྱུ་ཚོགས་གཉིས་བསག་པ་བཤད་ཟིན་ཏོ། །གཉིས་པ་འབྲས་བུ་ལྷར་བསྐྱེད་པ་ལ་བཞི་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ། གོ་ཆ་བཅིང་བ། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པའོ། །དང་པོ་ལ་གཉིས་ཏེ། ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་བསྒོམ་པ། ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་བཅས་པ་བསྒོམས་པའོ། །དང་པོ་ལ་གསུམ་སྟེ། ཕྱིའི་དཀྱིལ་འཁོར་བསྒོམ་པ་དངོས། ཕོ་ཉ་གསུམ་བསྲེ་བ། བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པའོ། །དང་པོ་ལ་གཉིས་ཏེ། རྟེན་བསྐྱེད་པ་དང་། བརྟེན་པ་བསྐྱེད་པའོ། །དང་པོ་ནི་སློབ་དཔོན་གྱི་གཞུང་ལས། དེ་ལས་ལངས་ནས་རྟེན་དང་བརྟེན་པའི་ཚུལ་དུ་གནས་པར་བེ་རཾ་པ་ལ་སོགས་པར་གནས་པ་ལ། ཡི་གེ་ཡྃ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ལ་རྒྱལ་མཚན་གྱིས་མཚན་པ་མདོག་སྔོན་པོར་རྣམ་པར་བསམ་སྟེ། དེའི་སྟེང་དུ་ཡི་གེ་རྃ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ་ཁ་དོག་དམར་པོའོ། །དེའི་སྟེང་དུ་ཝྃ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཁ་དོག་དཀར་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་ཡི་གེ་ལྃ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་ལ་ཁ་དོག་སེར་པོ་གྲྭར་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེའི་སྟེང་དུ་ཡི་གེ་སུྃ་ཡོངས་སུ་གྱུར་པ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ། རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་རྩེ་མོ་ལྕོགས་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའོ། །དེའི་སྟེང་དུ་ཡི་གེ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་པྃ་ལས་བྱུང་བའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དུ་བཅས་པ་ཞེས་གསུངས་ལ། འདིའི་དོན་བཤད་པ་ལ་ཡེ་ཤེས་ཚོགས་བསག་གི་རྗེས་སུ། ནམ་མཁར་ནཱ་ད་འཇོག་པ་དང་མི་འཇོག་པའི་ཁྱད་པར། དཀྱིལ་འཁོར་བཞི་དང་རི་རབ་ཀྱི་ས་བོན་གྱི་ཁྱད་པར། རི་རབ་ཀྱི་སྟེང་དུ་པདྨ་འདོད་པ་དང་མི་འདོད་པའི་ཁྱད་པར་གསུམ་ལས། དང་པོ་ནི། པྲ་ཛྙཱ་རཀྵི་ཏའི་འགྲེལ་པ་དང་། དེ་བཞིན་གཤེགས་པའི་རྡོ་རྗེ་དང་། འཁྲུལ་སྤོང་མཁན་པོས། སྟོང་ཉིད་ལས་ལངས་པའི་ཐོག་མར། རང་གི་སེམས་ཉིད་ནཱ་དའི་གཟུགས་སུ་ནམ་མཁའ་ལ་འཇོག་པར་བཤད་དེ། དེ་ཡང་ལྭ་བ་པའི་འགྲེལ་པར་བཤད་པའི་རྗེས་སུ་འབྲང་བའོ། །འདི་དག་གི་རྗེས་སུ་འབྲངས་ནས་བོད་ཀྱི་མར་དོ་དང་། དམར་དང་། བུ་དགེ་གཉིས་ཀྱང་འདི་བཞིན་དུ་འདོད་དོ། །འདིར་རྗེ་བཙུན་གྱིས། ནམ་མཁར་ནཱ་དཱ་འཇོག་པ་མི་བཞེད་པར། སྟོང་པའི་ངང་ལས་རང་གི་སེམས་ཉིད་ཡྃ་ཡིག་ཏུ་ལངས་ནས། དེ་ལས་རླུང་གི་དཀྱིལ་འཁོར་བསྒོམ་པ་སོགས་ལ་འཇུག་པར་མཛད་དོ། །འདི་གཉིས་ཀྱི་ཁྱད་པར་ནི། རྒྱ་གར་གྱི་ལྭ་བ་པ་སོགས་ཚད་ལྡན་དང་། རྗེ་བཙུན་གྱི་བཞེད་པ། ཡེ་ཤེས་ཚོགས་བསག་གིས་ཐམས་ཅད་སྟོང་ཉིད་དུ་སྦྱངས་པའི་ངང་ལས་རང་གི་སེམས་གསལ་བ་ཙམ། ནཱ་དའམ་ཡྃ་ལ་སོགས་པའི་ས་བོན་དུ་ལངས་ནས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྒོམས་པས། ཐམས་ཅད་རང་གི་སེམས་ཀྱི་རྣམ་འཕྲུལ་དུ་བསྒྲུབ་པའི་ཆེད་ཡིན་ལ། དེ་ལ་ནཱ་ད་དང་། ས་བོན་སོགས་གང་ནས་ལངས་ཀྱང་ཁྱད་པར་མེད་པར་བཞེད་དོ། །ས་ཆེན་གྱིས་ནག་པོ་པའི་སྐབས་སུ་ནཱ་དར་ལངས་པ་དང་། རྗེ་བཙུན་གྱིས་སྐབས་འདིར་ཡྃ་ཡིག་ཏུ་ལངས་པར་གསུངས་པའི་ཁྱད་པར་ཡང་འདི་ཡིན་ཅིང་། འདུས་པ་ཡེ་ཤེས་ཞབས་ལུགས་ལ་ཡེ་ཤེས་ཀྱི་ཚོགས་ཀྱི་རྗེས་སུ་ནམ་མཁར་ཡིག་འབྲུ་ལྔ་འཇོག་པ་དང་མི་འཇོག་པའི་ལུགས་གཉིས་འབྱུང་བའི་གནད་ཀྱང་འདི་ཉིད་ཡིན་ནོ། །དོན་འདི་མ་རྟོག་པར་འདོད་འཇོ་མཁན་པོས་ཡེ་ཤེས་ཚོགས་བསག་གི་རྗེས་སུ། ནམ་མཁར་ནཱ་ད་འཇོག་པ་མེད་ན་བར་དོ་སྦྱོང་བྱེད་ཆད་པས་མངོན་རྟོགས་ཀྱི་དངོས་གཞི་ཆད་པའི་སྐྱོན་ཡོད་དོ་ཞེས་སྨྲ་བ་ནི་རང་ཉིད་ཡེ་ཤེས་ཚོགས་བསག་འཆི་སྲིད་སྦྱོང་བྱེད་ལ་སྦྱར་ནས། སྦྱང་གཞིའི་ཆོས་གསུམ་ལས་འཕེན་གཅིག་གིས་འཕངས་པའི་ཆོས་གསུམ་ལ་འཇོག་དགོས་པའི་གནད་ཙམ་ཡང་བློ་ཡུལ་དུ་མ་ཤར་བའི་གཏམ་སྟེ། གཞན་དུ་རྒྱས་པར་བཀག་ཟིན་ཏོ། །ནཱ་ད་འཇོག་པའི་ཚེ་ན་ཡང་། དེའི་འོད་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ནས་གྲུབ་པར་འདོད་པ་བུ་སྟོན་གྱི་ལུགས་དང་། རྟེན་པདྨ་མན་ཆད་བསྐྱེད་ཟིན་ནས། ནཱ་ད་ལས་ཨཱ་ལི་ཀཱ་ལི་འཕྲོ་བར་འདོད་པ་འདོད་འཇོ་མཁན་པོའི་ལུགས་གཉིས་ལས། དང་པོ་ཉིད་ལེགས་པར་སྣང་སྟེ། དེ་ནས་བཟུང་སྟེ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་དུ་བསྒྲུབ་དགོས་པའི་ཕྱིར་རོ། །དེས་ན་སྐབས་འདིར་ནཱ་ད་མ་བཞག་ཀྱང་ཆད་པའི་ཉེས་པ་མེད་ཅིང་། བཞག་ཀྱང་ལྷག་པའི་ཉེས་པ་མེད་པར་ཤེས་པར་བྱའོ། །གཉིས་པ་ནི་གཞུང་འདིར་བེ་རཾ་པ་ལ་སོགས་པ་ཞེས་གསུངས་པའི་བེ་ནི། བེ་ཝ་ཡུ་རླུང་གི་མིང་ཡིན་པས་རླུང་གི་ས་བོན་དང་། རཾ་ནི་མེའི་ས་བོན་ཏེ། གཉིས་དངོས་སུ་བསྟན་ཅིང་ལྷག་མ་གསུམ་པོ་སོགས་ཁོངས་ནས་སྡུད་པར་དམར་གྱིས་བཤད་ཀྱང་བུ་སྟོན་གྱིས་བྷཻ་རམྦྷ་ནི་འོག་གཞིའི་རླུང་གི་མིང་སྟེ་རྩོམ་ཆེན་ཞེས་བསྒྱུར་རོ་ཞེས་གསུངས་པ་ལྟར་ལེགས་པས། ཡཾ་རཾ་བཾ་ལཾ་སུཾ་དང་ལྔ་ལས། འབྱུང་བཞི་དང་རི་རབ་བསྐྱེད་པར་ཐམས་ཅད་མཐུན་ལ། འབྱུང་བཞིའི་རིམ་པ་དེ་ལྟར་འོང་བའི་རྒྱུ་མཚན་ཡང་ཕྱི་རོལ་གྱི་འབྱུང་བ་རླུང་ནས་ཆགས་པའི་རིམ་པའོ། །མེའི་དཀྱིལ་འཁོར་ལོགས་སུ་མེད་ཀྱང་དཀྱིལ་འཁོར་གཞན་གསུམ་ལ་མེ་རྡུལ་ཡོད་པས་སྦྱང་གཞི་ཆད་པའི་སྐྱོན་མེད་པར་ཀླུའི་བྱང་ཆུབ་ཀྱིས་གསུངས་པ་ཉིད་དུས་འཁོར་མ་གཏོགས་པའི་སྔགས་ཀྱི་གཞུང་ཐམས་ཅད་དུ་ཁས་བླང་བར་བྱ་བ་ཡིན་ནོ། །འདི་དག་ཀྱང་རྩ་རྒྱུད་ལེའུ་སུམ་ཅུ་སོ་གཉིས་པར། བ་ལང་ལྷས་ཀྱི་མི་འབྱིང་དང་། །ལྷག་མ་སྐེམས་བྱེད་རྩ་གནས་སོ། །བྲག་ཆེན་པོ་ཡི་ངོ་བོ་རུ། །ཡང་ན་རུས་སྦལ་དག་གིས་སོ། །ཞེས་གསུངས་པའི་དོན་ཏེ། བ་ལང་ནི་རྒྱ་སྐད་ལ་གོ་ཞེས་པ་ས་ཡིན་ལ། ལྷས་ནི་རྟེན་ཉིད་ཡིན་པས་སོ། །མི་འབྱིང་དང་ཞེས་པ་ནི། དེའི་སྟེང་དུ་དངོས་པོ་གཞན་མི་འབྱིང་ཞིང་ལྡིང་བར་བྱེད་པས་ཆུ་བོ། ལྷག་མ་ནི་ཚིག་ཕྲད་དེ་དོན་ལོགས་པ་མེད་དོ། །སྐེམ་བྱེད་ནི་དེས་ཆུ་སྐེམ་པར་བྱེད་པའི་ཕྱིར་ན་མེའོ། །རྩ་གནས་ནི་དང་པོ་ཆགས་པའི་ཚེ་འོག་དག་ཏུ་ཆགས་པས་རླུང་ངོ་། །བྲག་ཆེན་པོ་ནི་རི་རབ་སྟེ། དེའི་སྟེང་དུ་ཐིག་ལེ་སེར་པོ་ཡང་བསྒོམས་ནས་ལྷ་མངལ་སྐྱེས་ལྟར་ན། དེ་དག་ཞུ་བ་ལས། རླུང་ནས་བརྩམས་ཏེ། འབྱུང་བཞི་ལུགས་འབྱུང་གི་སྟེང་དུ་རི་རབ་ཐིག་ལེ་སེར་པོ་དང་བཅས་པ་བསྒོམས་ནས། དེའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པ་སྟེ། ལུགས་འབྱུང་ལུགས་བཟློག་གཉིས་ཀ་ཡང་གཞུང་འདིས་བསྟན་ཏོ། །ཡང་ན་ཞེས་པ་ནི་ལྷ་སྒོང་སྐྱེས་ལྟར་ན། དང་པོར་རྩ་གནས། དེ་ནས་མེ་འབྱིང་། དེ་ནས་སྐེམས་བྱེད། དེ་ནས་བ་ལང་ལྷས། དེ་ནས་བྲག་ཆེན་བསྒོམས་ཏེ། རུས་སྦལ་དག་གིས་སོ་ཞེས་པ་ནི། མུ་ཏིག་ཕྲེང་བར། སའི་ཁྱད་ཆོས་སུ་འཆད་ཀྱང་། བླ་མའི་གསུང་ལས། རུས་སྦལ་གྱི་ཕྱིའི་ལྐོགས་ཤུན་དང་། ནང་སེམས་ཅན་གཅིག་ཆར་དུ་སྐྱེ་བ་ལྟར། དེའི་སྟེང་དུ་ལྷ་སྒོང་སྐྱེས་ཀྱི་སྐྱེད་ཆོག་བསྟན་པར་བཞེད་དོ། །འབྱུང་བཞི་དང་། རི་རབ་ཀྱི་ཁ་དོག་དང་། དབྱིབས་ནི་གཞུང་ཉིད་ན་གསལ་ལོ། །གསུམ་པ་ལ། སྣ་ཚོགས་རྡོ་རྗེའི་འོག་གཞིར་པདྨ་མི་འདོད་པའི་ལུགས་དང་། དེ་འདོད་པའི་ལུགས་དང་། འཐད་མི་འཐད་ཀྱི་ཁྱད་པར་དཔྱད་པ་དང་གསུམ་ལས། དང་པོ་ནི། ལོ་ཆེན་གྱི་འགྲེལ་ཆུང་དང་། དམར་གྱི་ཊཱི་ཀ་དང་། རྗེ་བཙུན་གྱི་སྒྲུབ་ཐབས་རྣམས་ལས། སློབ་དཔོན་གྱི་གཞུང་ཇི་ལྟ་བ་བཞིན་རི་རབ་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་པདྨ་བཤད་ཀྱི། སྣ་ཚོགས་རྡོ་རྗེའི་འོག་ཏུ་པདྨ་མི་འདོད་དོ། །མར་དོ་དང་། དེའི་རྗེས་འབྲང་བྲོག་རྭ་བ་དང་། ཕྱིས་ཀྱི་བུ་དགེ་གཉིས་ཀྱིས་སྣ་ཚོགས་རྡོ་རྗེའི་འོག་ཏུ་ཡང་པདྨ་འདོད་ཅིང་། དེ་ལ་པད་ཆེན་དང་། སྟེང་གི་པདྨ་ལ་པད་ཆུང་ཞེས་པའི་ཐ་སྙད་བྱས་སོ། །འདིར་འདོད་འཇོ་མཁན་པོས། མངོན་བརྗོད་ལས། སྣ་ཚོགས་རྡོ་རྗེ་དང་། པདྨ་གང་ཡང་མ་བཤད་པར། རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པའི་ཚུལ་དང་། རྩ་རྒྱུད་དང་། ཀུན་སྤྱོད་ལས། རི་སྟེང་སྣ་ཚོགས་པདྨ་ཡི། །ཞེས་སྣ་ཚོགས་རྡོ་རྗེ་མེད་པར་པདྨ་རྐྱང་པ་བཤད་པའི་ཚུལ་དང་། སྡོམ་འབྱུང་ལས། རི་རབ་ཀྱི་དེ་མ་ཐག་ཏུ། དེ་ཡི་སྟེང་དུ་ཧཱུྃ་བྱུང་བའི། །སྣ་ཚོགས་རྡོ་རྗེ་རྣམ་པར་བསྒོམ། །དེ་ཡི་སྟེང་དུ་པདྨ་ནི། །ལྟེ་བ་གེ་སར་ལྡན་པར་བསྒོམ། །ཞེས་སྣ་ཚོགས་རྡོ་རྗེ་དང་། པདྨ་གཉིས་བཤད་པའི་ཚུལ་གསུམ་གསུངས་པ་ལས། སློབ་དཔོན་འདིས་ཕྱི་མ་ལ་བརྟེན་པ་ཡིན་ནོ་ཞེས་སྨྲའོ། །འདི་ནི་རྣམ་པར་འཁྱམ་སྟེ། ཚུལ་གཉིས་པ་དང་། གསུམ་པ་དོན་མི་གཅིག་ན། གསང་མཐའི་རྩ་བཤད་ཀྱི་ཚུལ་དོར་ནས་བཤད་རྒྱུད་གཞན་ལ་བརྟེན་པ་ལུགས་འདི་ལ་ཤིན་ཏུ་མི་འོས་པའི་ཕྱིར་རོ། །འོ་ན་ཇི་ལྟར་སྙམ་ན། རི་རབ་ཀྱི་སྟེང་དུ་དེ་གཉིས་མེད་པའི་ཕྱོགས་དང་། ཡོད་པའི་ཕྱོགས་གཉིས་ལས། དང་པོ་ནི། མངོན་བརྗོད་ཀྱི་དགོངས་པ་སྔར་བཤད་པ་ཉིད་ཡིན་པས། ནག་པོ་པའི་སྒྲུབ་ཐབས་སུ་འབྱུང་ཞིང་། ཕྱི་མ་ནི་ཐུན་མོང་མ་ཡིན་པའི་རྩ་བཤད་གཉིས་དང་། སྡོམ་འབྱུང་ཚིག་རྒྱས་བསྡུས་ཙམ་ཡིན་གྱི། དོན་ལ་ཁྱད་པར་མེད་པ་ནི་སྒྲུབ་ཐབས་འདིར་འབྱུང་བའོ། །ཚིག་རྒྱས་བསྡུས་ཇི་ལྟར་སྙམ་ན། རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། ཚིག་དེ་ཉིད་འབྱུང་བའི་འགྲེལ་པ་མུ་ཏིག་ཕྲེང་བ་ལས། སྣ་ཚོགས་ཞེས་པས་སྣ་ཚོགས་རྡོ་རྗེ་དང་། པདྨ་ཞེས་པས་དེའི་སྟེང་དུ་པདྨ་བསྟན་པར་གསལ་བར་གསུངས་པ་ལས་ཤེས་སོ། །གསུམ་པ་ནི། པདྨ་གཉིས་འདོད་པ་དེ་དག་གིས་ནི་བཤད་རྒྱུད་སོ་སོ་ནས་གསུངས་པའི་བསྐྱེད་ཆོག་གི་ཁྱད་པར་ཡིན་པ་མ་རྟོགས་པར། སྣ་ཚོགས་རྡོ་རྗེ་དེ་གཞལ་ཡས་ཁང་གི་འོག་གཞིའི་སྣ་ཚོགས་རྡོ་རྗེ་ཡིན་པར་བསམས་ནས། དེའི་གདན་ལ་པདྨ་བསྣན་ཅིང་། སྟེང་གི་པདྨ་ལ་པད་ཆུང་ཟེར་བའི་རྒྱུ་མཚན། གཞལ་ཡས་ཁང་གི་ནང་དུ་སོང་ནས། བདེ་ཆེན་འཁོར་ལོའི་པདྨ་ཡིན་པར་སྒྲུབ་པར་སྣང་ངོ་། །འདི་དག་ནི་དོན་མ་རྟོགས་པ་སྟེ། འོག་གཞིའི་སྣ་ཚོགས་རྡོ་རྗེ་ཡིན་ན། པདྨར་མ་ཟད་ཉི་མ་ཡང་དགོས་ཀྱང་། དེའི་དཔྱད་པ་ཅུང་ཟད་ཀྱང་མ་བྱས་འདུག་པའི་ཕྱིར་དང་། བཅོམ་ལྡན་འདས་གྲུབ་པའི་ཚེ་རྡོ་རྗེའི་རྭ་བ་སོགས་ཀྱང་གྲུབ་པར་པྲ་ཛྙཱ་རཀྵི་ཏས་བཤད་པ་དེ་ཉིད་ཀུན་གྱིས་ཚད་མར་བྱེད་པར་སྣང་བས། འོག་གཞིའི་སྣ་ཚོགས་རྡོ་རྗེ་ཡང་དེའི་ཚེ་གྲུབ་པར་ཁས་བླངས་དགོས་པའི་ཕྱིར་རོ། །པད་ཆུང་བདེ་ཆེན་འཁོར་ལོའི་པདྨར་འདོད་པ་ནི་རྣམ་པར་མ་བརྟགས་པ་སྟེ། འཁོར་ལོ་གཞན་རྣམས་བཅོམ་ལྡན་འདས་དང་ལྷན་ཅིག་དུ་གྲུབ་ནས་འཁོར་ལོ་གོང་མ་དེའི་སྔོན་དུ་བསྐྱེད་པ་འགལ་བའི་ཕྱིར་དང་། བསྐྱེད་ཚུལ་ཡང་བདེ་ཆེན་འཁོར་ལོ་མ་གཏོགས་པའི་གཞལ་ཡས་ཁང་གྲུབ་པའི་ཚེ། བདེ་ཆེན་འཁོར་ལོ་ལ་མར་བཀོན་པ་ཡིན་ནམ། གཞལ་ཡས་ཁང་གྲུབ་ཟིན་ནས་བདེ་ཆེན་འཁོར་ལོ་ཡར་འབིགས་པའི་ཚུལ་གྱིས་བྱུང་བ་ཡིན་ཞེས་བརྟགས་ན་ངོས་བཟུང་གང་ཡང་མི་སྣང་བའི་ཕྱིར་རོ། །མདོར་ན་སྒྲུབ་ཐབས་འདིའི་སྐབས་སུ། རི་རབ་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང་། པདྨ་ཐོག་མར་བསྐྱེད་ནས། དེའི་སྟེང་དུ་མངོན་བྱང་ལས། ཉི་མ་ཡན་ཆད་ཀྱི་རྟེན་བརྟེན་པ་གཅིག་ཆར་དུ་གྲུབ་པ་ནི་མ་འཁྲུལ་པའི་གནད་དུ་ཤེས་པར་བྱའོ། །པདྨའི་ཁ་དོག་ལྭ་བ་པ་དང་། པྲ་ཛྙཱ་རཀྵི་ཏས་ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་གནག་པར་གསུངས་པ་དང་། ནག་པོ་པས་ཕྱོགས་བཞི་དམར། མཚམས་བཞི་མཛེས་ཚོན་དུ་གསུངས་པ་དང་། རྒྱུད་ཁ་ཅིག་ལས། ཕྱོགས་བཞི་ཕྱོགས་མདོག མཚམས་བཞི་མཛེས་ཚོན་དུ་གསུངས་པ་རྣམས་ལས། རྗེ་བཙུན་གྱིས་ནི་གསུམ་པོ་གང་བྱས་ཀྱང་འདྲ་བར་བཞེད་དོ། །གཉིས་པ་བརྟེན་པ་བསྐྱེད་པ་ལ་གཉིས་ཏེ། བསྐྱེད་ཆོག་གི་སྒོ་ནས་སྤྱིར་བསྟན། རྟེན་དང་བརྟེན་པའི་གནས་ཚུལ་སོ་སོར་བཤད་པའོ། །དང་པོ་ནི། སློབ་དཔོན་གྱི་གཞུང་ལས། དེའི་དབུས་སུ་ཨཱ་ལི་ཀཱ་ལིའི་སྦྱོར་བ། དེའི་དབུས་སུ་ཡི་གེ་ཧཱུྃ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན། འོད་ཟེར་སྣ་ཚོགས་རྣམ་པར་འཕྲོ་བར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་ཉི་མ་ལ་བཞུགས་ཤིང་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་བྱུང་བ། དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའོ། །ཞེས་གསུངས་སོ། །འདིའི་དོན་འཆད་པ་ལ། བསྐྱེད་རིམ་མངལ་སྒོང་གི་ཁྱད་པར། སྒོང་སྐྱེས་ཀྱི་མངོན་བྱང་བྱེ་བྲག་ཏུ་བཤད་པ། ཤིན་ཏུ་ཟབ་པའི་མན་ངག་གིས་གཉིས་ཀ་ལ་སྦྱར་ཚུལ། དེ་ཉིད་ཀྱིས་སྦྱང་གཞི་སྦྱོང་བའི་ཚུལ་དང་བཞི་ལས། དང་པོ་ནི། ཨ་བྷི་དྷ་ན་ལས། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡིས། །སྒོམ་པ་རྣམས་ནི་ཡོངས་སུ་བརྟག །སྒོང་སྐྱེས་གླུ་ནི་མེད་པ་ཡིས། །སྒྲ་དང་སྒྲ་མིན་སྤངས་པའོ། །ཞེས་མངལ་སྐྱེས་ཀྱི་བསྐྱེད་ཆོག་ལ་སྒྲ་སྟེ་སཾ་ཀྲྀ་ཏའི་སྐད་དང་། སྒྲ་མིན་ཏེ་པྲ་ཀྲྀ་ཏ་ལ་སོགས་པའི་སྐད་ཀྱིས་གླུས་བསྐུལ་བ་ཡོད་པ་དང་། སྒོང་སྐྱེས་ཀྱི་བསྐྱེད་ཆོག་ལ་དེ་མེད་པར་གསུངས་སོ། །དེས་ན་འདིར་ཡང་གཞུང་གི་དངོས་བསྟན་དང་། འགྲེལ་པ་རྣམས་ཀྱི་བཤད་ཚུལ་གླུས་བསྐུལ་མེད་པར། རོ་གཅིག་དུ་འདྲེས་པའི་ཐིག་ལེའི་གོང་བུ་ཙམ་ལས་རྟེན་བརྟེན་པ་གཅིག་ཆར་དུ་བསྐྱེད་པས་སྒོང་སྐྱེས་ཀྱི་བསྐྱེད་ཆོག་ཡིན་པར་བདེ་མཆོག་ལ་སྦྱངས་པའི་སྔོན་གྱི་མཁས་པ་དག་མགྲིན་གཅིག་ཏུ་གསུངས་སོ། །འོན་ཀྱང་སྒོང་སྐྱེས་སྦྱོང་བ་གཙོ་བོ་ཡིན་གྱི། སྐྱེ་གནས་བཞི་ཆར་སྦྱོང་བའི་ཚུལ་ནི་འོག་ཏུ་འཆད་དོ། །འདིར་འདོད་འཇོ་མཁན་པོས། མངོན་བརྗོད་ཀྱི་ལུང་དེས། མངལ་སྒོང་གཉིས་ཀྱི་བསྐྱེད་ཆོག་བསྟན་པར་འཆད་ཅིང་། ལཱུ་ཧི་པའི་སྒྲུབ་ཐབས་འདི་སྔ་རབས་པ་དག་སྒོང་སྐྱེས་ཡིན་པས་མངལ་སྐྱེས་དང་མི་སྦྱོར་བ་འདོད་པ་ནི་མི་རིགས་ཏེ། དེ་ལྟར་ཡིན་ན་ནི། སྡོམ་འབྱུང་ལེའུ་གཉིས་པ་བསྐྱེད་རིམ་གྱི་ལེའུ་ལས། མངལ་སྐྱེས་ཀྱི་དབང་དུ་བྱས་ནས་བཤད་པ་དང་། ལེའུ་བཅུ་གསུམ་པར། གླུས་བསྐུལ་མེད་པར་མངོན་བྱང་ལྔ་ལས་བསྐྱེད་པ་ལཱུ་ཧི་པ་བཞིན་དུ་བཤད་པ་གཉིས་འགལ་བར་འགྱུར་བའི་ཕྱིར་ཏེ། ལེའུ་བཅུ་གསུམ་པ་ལས་བཤད་པའི་བསྐྱེད་རིམ་ནི། སྔར་སྦྱང་གཞི་མངལ་སྐྱེས་ལ་བཤད་པ་དང་སྦྱར་དགོས་པའི་ཕྱིར་རོ། །མངལ་སྐྱེས་བཤད་ཚུལ་ནི་སྦྱང་གཞི་ལ་སྐྱེ་འཆི་བར་དོ་གསུམ་བཤད་ནས། བར་དོ་སྐྱེ་བ་ལེན་ཚུལ་སྟོན་པ་ན། དང་པོར་ཕ་མའི་ཀུན་སྤྱོད་མཐོང་བ་དང་། དེ་ནས་ཕའི་ཁ་ནས་ཞུགས་ཏེ། ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ནས་གནས་པར་བཤད་པའི་ཕྱིར་དང་། སྒོང་སྐྱེས་ལ་དེ་མེད་པའི་ཕྱིར་རོ། །དྲིལ་བུ་ཞབས་ཀྱིས། སེམས་ཅན་བརྫུས་ཏེ་འབྱུང་བ་བཞིན། །ས་བོན་མེད་པར་རྣམ་པར་བསྒོམ། །ཞེས་གསུངས་པ་ནི། རྫོགས་རིམ་གྱི་ཡེ་ཤེས་ཀྱི་སྐུ་ཡིན་གྱི། བསྐྱེད་རིམ་གྱི་མ་ཡིན་ཞེས་པ་དང་། འོ་ན་མངོན་བརྗོད་ལས་གླུས་བསྐུལ་མེད་པ་ལཱུ་ཧི་པ་ལྟ་བུའི་བསྐྱེད་ཆོག་རྣམས་སྒོང་སྐྱེས་སུ་བཤད་པ་དང་། འགལ་བ་ཇི་ལྟར་སྤང་སྙམ་ན་བཤད་པར་བྱ་སྟེ། མངོན་བརྗོད་ལས་གླུས་བསྐུལ་མེད་པ་རྣམས་མངལ་སྐྱེས་སུ་མ་གསུངས་པ་ནི། མངལ་དུ་ས་བོན་འདེབས་པ་ཕ་ལྟ་བུའི་ལྷ་ཡབ་དང་། མངལ་དུ་ས་བོན་འཛིན་པའི་མ་ལྟ་བུའི་ལྷ་ཡུམ་མེད་པ་ལ་དགོངས་ལ། དེ་མེད་ཀྱང་ཕ་མའི་ཁུ་ཁྲག་གི་དོད་ཟླ་ཉིའམ། ཟླ་བ་དཀར་དམར་ཡོད་ལ། ཕ་མའི་ཁུ་ཁྲག་ལ་འཇུག་པའི་བར་དོའི་དོད། ནཱ་ད་སོགས་ཡོད་པས་མངལ་སྐྱེས་དང་སྦྱོར་བ་ནི་ཤིན་ཏུ་དགོས་སོ་ཞེས་སྤྲོས་པ་དང་བཅས་ཏེ་སྨྲའོ། །འདི་དག་ནི་བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བའི་གནད་ཆེས་ཆེར་འཆུག་པར་སྣང་བས་དགག་པར་བྱ་བ་ཡིན་ཏེ། སྤྱིར་མངལ་སྐྱེས་ཁོ་ན་སྦྱང་གཞི་ཡིན་གྱི། སྐྱེ་གནས་གཞན་གསུམ་པོ་སྦྱང་གཞི་མ་ཡིན་པར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། རྡོ་རྗེ་གུར་ལས། ཕལ་པའི་རྣམ་རྟོག་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་དུ་གྲགས། །ཞེས་གསུངས་ཤིང་། སྐྱེ་གནས་བཞི་ཆར་ལ་ཕལ་པའི་རྣམ་རྟོག་ཡོད་པར་ཁྱད་པར་མེད་པའི་ཕྱིར་དང་། སྒྲུབ་ཐབས་མདོར་བྱས་ལས། རྣམ་རྟོག་བག་ཆགས་ཉེས་པ་ཡིས། །འགྲོ་བ་གསུམ་པོ་རྣམ་རྨོངས་ལ། །བློ་དང་ལྡན་པས་ལེགས་བལྟས་ནས། །རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ། །ཞེས་གསུངས་པའི་སྦྱང་གཞི་སྐྱེ་གནས་བཞི་ཆར་ལ་ཡོད་པ་ཁྱད་པར་མེད་པའི་ཕྱིར་རོ། །རིགས་པས་ཀྱང་གནོད་དེ། ལམ་མ་བསྒོམས་ན་སྐྱེ་གནས་གཞན་གསུམ་དུ་སྐྱེ་བར་འགྱུར་བའི་གང་ཟག་གིས་རྣལ་འབྱོར་ཆེན་པོའི་བསྐྱེད་རིམ་བསྒོམས་པ་དོན་མེད་པར་འགྱུར་ཏེ། སྦྱང་གཞི་མེད་པའི་ཕྱིར་རོ། །ཁྱད་པར་དུ་མངོན་བརྗོད་ཀྱི་ལུང་གི་དོན། ཚིག་རྐང་སྔ་མ་གཉིས་ཀྱིས། མངལ་སྐྱེས་སྦྱང་གཞིར་སྟོན་པ་མ་ཡིན་པར་འགྱུར་ཏེ། ཕྱི་མ་གཉིས་ཀྱིས་སྒོང་སྐྱེས་སྦྱང་གཞིར་སྟོན་པ་མ་ཡིན་པ་གང་ཞིག རྒྱུ་མཚན་ཀུན་ཏུ་མཚུངས་པའི་ཕྱིར་རོ། །སྡོམ་འབྱུང་གི་ལུང་གིས་ཀྱང་མི་གནོད་དེ། ཕ་མའི་ཀུན་སྦྱོར་མཐོང་ནས། བར་དོ་ཕའི་ཁ་ནས་ཞུགས་ཏེ། ཕ་མའི་ཁུ་ཁྲག་གིས་དབུས་སུ་ཞུགས་པ་སྒོང་སྐྱེས་ལ་མེད་པ་མ་ཡིན་པའི་ཕྱིར་དང་། དེ་མངལ་སྐྱེས་ཡིན་དུ་ཆུག་ན་ཡང་། སྒོང་སྐྱེས་སྦྱོང་ན་མངལ་སྐྱེས་མི་སྦྱོང་བས་ཁྱབ་པར་འདོད་པའི་ལུགས་ལ་གནོད་པ་ཡིན་གྱི། འདིར་སྒོང་སྐྱེས་གཙོ་བོར་གྱུར་པའི་སྐྱེ་གནས་བཞི་ཆར་སྦྱོང་བའི་ལུགས་ལ་གནོད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཏེ། སྡོམ་འབྱུང་ལས། དེ་ནས་འདི་ལ་བསྐྱེད་པའི་རིམ། །བསྒོམ་པ་ཡང་དག་རབ་བཤད་བྱ། །སྣ་ཚོགས་ལས་ཀྱི་རང་བཞིན་ལས། །སྐྱེ་གནས་བཞི་པོ་རྣམས་སུ་འགྱུར། །སྒོང་སྐྱེས་དང་ནི་མངལ་སྐྱེས་དང་། །དྲོད་གཤེར་སྐྱེས་དང་རྫུས་སྐྱེས་སོ། །ཞེས་གསུངས་པའི་སྐྱེ་གནས་བཞི་པོ་འདི་སྦྱང་གཞི་སྦྱོང་བྱེད་གང་རུང་གཅིག་ལ་མི་སྦྱོར་བའི་ཐབས་མེད་པའི་ཕྱིར་རོ། །སྡོན་འབྱུང་གི་འགྲེལ་པར་དེ་ལ་ཟླ་བ་དང་ཉི་མ་དང་ས་བོན་དང་མཚན་མའི་རིམ་པས་རྫོགས་པའི་ལྷ་ནི་སྐྱེ་གནས་སྒོ་ང་ལས་སྐྱེས་པའོ། །ཡབ་དང་ཡུམ་གྱི་རྡོ་རྗེ་དང་པདྨ་བསྲུབས་པས་ཞུ་བའི་བྱང་ཆུབ་ཀྱི་སེམས་ལས་ཐོན་པ་ནི་སྐྱེ་གནས་མངལ་ནས་སྐྱེས་སོ། །ཟླ་བ་དང་ས་བོན་ལས་སྐྱེས་པ་ནི་སྐྱེ་གནས་དྲོད་གཤེར་ལས་སྐྱེས་པའོ། །སྤྲོ་བ་ནི་སྐྱེ་གནས་དྲོད་གཤེར་ལས་སྐྱེས་པའོ་ཞེས་ཁ་ཅིག་གོ །ས་བོན་ལ་སོགས་པ་དང་བྲལ་བས་སྐད་ཅིག་ལ་འོད་གསལ་ལས་སྐྱེས་པ་ནི་སྐྱེ་གནས་རྫུས་ཏེ་སྐྱེས་པའོ། །སྐྱེ་གནས་རྫུས་ཏེ་སྐྱེས་པ་ཉིད་ཟབ་མོ་བསྐྱེད་པའི་རིམ་པ་དང་། བརྟག་པ་རྫོགས་པའི་རིམ་པར་ཡང་རྣམ་པར་བཞག་པར་བྱའོ་ཞེས་གསུངས་པ་འདིས་ལེའུ་བཅུ་གསུམ་པའི་བསྐྱེད་རིམ་གྱི་ལེའུ་གཉིས་པ་ནས་གསུངས་པའི་སྐྱེ་གནས་བཞི་མི་སྦྱོང་བ་ལ་དངོས་སུ་གནོད་ཅིང་། སྐྱེ་གནས་བཞི་བཤད་པ་ནི་ལྷའི་བསྐྱེད་ཆོག་བཞི་སྟོན་པར་བཤད་པས། དྲིལ་བུ་ཞབས་ཀྱིས། སེམས་ཅན་རྫུས་ཏེ་འབྱུང་བ་བཞིན། །ས་བོན་མེད་པར་རྣམ་པར་བསྒོམ། །ཞེས་པའི་དོན། བསྐྱེད་རིམ་གྱི་དབང་དུ་བྱས་པ་མ་ཡིན་པར་འདོད་པ་ལ་ཡང་དངོས་སུ་གནོད་པ་ཡིན་ནོ། །མངོན་བརྗོད་ལས། འདིའི་བསྐྱེད་ཆོག་སྒོང་སྐྱེས་སུ་བཤད་པ་དང་། འགལ་བ་སྤོང་བའི་ཚུལ་ཡང་བཞད་གད་ཀྱི་གནས་ཏེ། འདིར་རྒྱུ་རྡོ་རྗེ་འཆང་ཡབ་ཡུམ་མེད་པས་སྒོང་སྐྱེས་སུ་བཤད་ནས་མངལ་སྐྱེས་སུ་མ་བཤད་པ་ཡིན་ན། སྒོང་སྐྱེས་ལ་ཕ་མ་མེད་པར་ཁས་ལེན་དགོས་པའི་ཕྱིར་དང་། ཕ་མའི་སྦྱོང་བྱེད་མེད་པས་རང་ཉིད་མངལ་སྐྱེས་ལ་སྦྱོར་བ་དང་ཡང་འགལ་བའི་ཕྱིར་རོ། །དེས་ན་འདི་དག་ནི་འདུས་པའི་སྐབས་སུ། རྣལ་འབྱོར་ཆེན་པོའི་བསྐྱེད་རིམ་གྱི་སྦྱང་གཞི་ཡིན་ན། འབྱུང་འགྱུར་གྱི་འཛམ་བུ་གླིང་པའི་མི་མངལ་སྐྱེས་ཀྱི་སྐྱེ་འཆི་བར་དོ་གསུམ་ཡིན་པས་ཁྱབ་པའི་གྲུབ་མཐའ་བཅའ་ཉེས་པའི་སྟོབས་ཀྱིས་མངོན་བརྗོད་ལས་བསྐྱེད་ཆོག་འདི་སྒོང་སྐྱེས་སྦྱོང་བྱེད་དུ་གསུངས་པ་བཅོས་དཀའ་བའི་གཏམ་འབའ་ཞིག་ཏུ་སྣང་གི མཁས་པའི་རྣ་བར་འོང་བའི་གཏམ་དུ་མི་སྣང་ངོ་། །གཉིས་པ་ནི། སློབ་དཔོན་གྱི་གཞུང་ལས། ཨཱ་ལི་ཀཱ་ལིའི་སྦྱོར་བ་ཞེས་པ་ཙམ་ལས། ཟླ་བ་དང་ཉི་མ་གང་ཡང་མི་གསལ་བས། འདིའི་དོན། ཟླ་བ་གཅིག་ཏུ་འཆད་པ་དང་། ཟླ་བ་གཉིས་སུ་འཆད་པ་དང་། ཉི་ཟླ་གཉིས་སུ་འཆད་པའི་ཚུལ་དང་གསུམ་ལས། དང་པོ་ནི་པྲ་ཛྙཱ་རཀྵི་ཏའི་འགྲེལ་པར། ཨཱ་ལི་ཀཱ་ལིའི་སྦྱོར་བའོ་ཞེས་བྱ་བ་ལ། གཡོན་སྐོར་དང་གཡས་སྐོར་དུ་གནས་པའི་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་ཡོངས་སུ་གྱུར་པ་ལས་དེས་བྱིན་གྱིས་བརླབས་པའི་གཟུགས་ཅན་གྱི་རྣམ་པའི་ཟླ་བའི་དཀྱིལ་འཁོར་བསམ་པར་བྱ་བ་ནི་འདིའི་རྣལ་འབྱོར་རོ། །དེའི་དབུས་སུ་ཞེས་བྱ་བ་ནི་ཟླ་བའི་དབུས་སུའོ། །ཡི་གེ་ཧཱུྃ་ཞེས་བྱ་བ་ནི་སྔར་བཞག་པའི་ནཱ་ད་ལས་རིམ་པ་རྫོགས་པའོ། །རྡོ་རྗེ་སེམས་དཔའི་རང་བཞིན་ཞེས་བྱ་བ་ནི་རྒྱུའི་རྡོ་རྗེ་འཆང་གི་རང་བཞིན་ནོ། །འོད་ཟེར་སྣ་ཚོགས་རྣམ་པར་འཕྲོ་བ་ཞེས་བྱ་བ་ནི་སྤྲོ་བ་ན་ཁ་དོག་ལྔའི་འོད་ཟེར་གྱི་སྒོ་ནས་བྱུང་བའི་འཁོར་ལོ་ལྔའི་ལྷ་རྣམས་ཀྱིས་འགྲོ་བ་དེའི་རང་བཞིན་དུ་བྱས་ནས་ཡང་བསྡུས་པས་ཕྱོགས་བཅུར་གནས་པའི་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ལ་སོགས་པ་ཐབས་དང་ཤེས་རབ་རོ་མཉམ་པ་སྔོན་དུ་འགྲོ་བའི་སྦྱོར་བས་ཞུ་བར་བྱས་ནས་ནཱ་ད་ལ་ཞུགས་པར་བསམ་པར་བྱའོ་ཞེས་ཟླ་བ་གཅིག་ཏུ་གསུངས་ཤིང་། ལྭ་བ་པའི་འགྲེལ་པར་ཡང་འདི་བཞིན་དུ་བཤད་ལ། བོད་ཀྱི་མར་དོ་རྗེས་འབྲང་དང་བཅས་པ་ཡང་འདིའི་རྗེས་སུ་འབྲང་ངོ་། །དེ་ཡང་མངོན་བརྗོད་དགུ་པའི་བསྐྱེད་ཆོག་གི་དངོས་བསྟན་དུ་སྣང་ངོ་། །གཉིས་པ་ནི་མཁས་པ་བུས། སྒྲུབ་ཐབས་རྣལ་འབྱོར་བཞི་ལྡན་ལས། ཨཱ་ལི་བཅུ་དྲུག་གཡས་སྐོར་གཡོན་སྐོར། མཚན་སོ་གཉིས་ཀྱི་ངོ་བོར་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་ཀཱ་ལི་སོ་བཞི་ལ་ཌ་ཌྷ། ད་དྷ། ཡ་ལ་དྲུག་བསྣན་པས་བཞི་བཅུ་གཡས་སྐོར་གཡོན་སྐོར། དཔེ་བྱད་བརྒྱད་ཅུའི་ངོ་བོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དམར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་བསྒོམ་པ་ནི་རྣལ་འབྱོར་རོ། །དེ་གཉིས་ཀྱི་དབུས་སུ་སྔར་གྱི་ནཱ་ད་ཞུགས་པ་སོགས་བཤད་ཅིང་། བོད་ཁ་ཅིག་ཟླ་བ་གཅིག་བསྒོམ་པ་ཡོད་པ་ནི་རྒྱུད་དང་། རྣལ་འབྱོར་དབང་ཕྱུག་གི་དགོངས་པ་མ་ཡིན་ཏེ། སཾ་བུ་ཊི་ལས། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་ཟླ་བ་གཉིས་པ་ཅན། །འདིར་ཡང་སྐར་མའི་རྣམ་པས་ནི། །སངས་རྒྱས་ཡོན་ཏན་ཀ་སོགས་ཀྱི། །གཟུགས་ཀྱི་གཟུགས་བརྙན་ལྟ་བུ་ཡི། །རྣལ་འབྱོར་གྱིས་ནི་འཇུག་པར་འགྱུར། །ཞེས་གསུངས་པས་སོ། །བི་བྷུ་ཏི་དང་། ཨ་ཏི་ཤ་དང་། བོད་ཁ་ཅིག ཀཱ་ལི་ལས་ཉི་མ་བསྐྱེད་པར་འདོད་དེ། དེ་ནི་རྒྱུད་གཞན་གྱི་དགོངས་པའོ། །ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི་རྣལ་འབྱོར་ཡིན་ཏེ། སྡོམ་འབྱུང་ལས། དེ་དབུས་རྣལ་འབྱོར་བསྒོམ་པར་བྱ། །ཞེས་གསུངས་སོ་ཞེས་བཤད་པ་ནི། སཾ་བུ་ཊིའི་རྡོ་རྗེ་སེམས་དཔའ་ལ། ཨ་བྷྱས། བདེ་མཆོག་རྡོ་རྗེ་སེམས་དཔའ་ཞེས་པའི་ཐ་སྙད་མཛད་པས། དེ་དང་འདི་བསྐྱེད་ཆོག་གཅིག་པར་མཛད་པར་སྣང་གི གཞན་རྒྱ་གར་བའི་གཞུང་ནས་འདིའི་སྐབས་སུ་ཟླ་བ་ཉིས་བརྩེགས་བྱས་པ་མི་སྣང་ངོ་། །འོན་ཀྱང་ཀྱཻ་རྡོ་རྗེར་ཡང་མན་ངག་གི་སྐབས་སུ་མཉམ་སྦྱོར་མི་མཉམ་སྦྱོར་གཉིས་ཀ་ཡོད་པ་ལྟར། འདིར་ཡང་མན་ངག་གིས་མི་མཉམ་སྦྱོར་མཛད་པའི་ཚེ་མཉམ་སྦྱོར་ཡང་འགལ་བ་མེད་པ་འདྲ་སྟེ། དེ་ལྟར་ན་བཤད་རྒྱུད་སམ་བུ་ཊི་ལ་བརྟེན་དགོས་པར་སྣང་ངོ་། །གསུམ་པ་ནི་རྒྱ་གར་གྱི་ཀུ་མཱ་ར་བོ་དྷིའི་འགྲེལ་པ་དང་། དེ་བཞིན་གཤེགས་པའི་རྡོ་རྗེ་དང་། བོད་ཀྱི་རྗེ་བཙུན་དང་། དམར་རྣམས་ཀྱི་ཟླ་ཉི་གཉིས་སུ་བཞེད་དོ། །དེ་ལ་རྗེ་བཙུན་གྱི་བཞེད་པ་ནི་འོག་ཏུ་འཆད་ཅིང་། དམར་གྱིས་ཨཱ་ལི་ཀཱ་ལི་རབ་ཏུ་སྦྱོར་བའོ་ཞེས་པ་ནི་སྒྲ་ནཱ་ད་ལས་ཚུལ་ཨཱ་ལི་བཅུ་དྲུག་ཁ་དོག་དཀར་པོ་ཕྲག་གཉིས་གཡོན་སྐོར་དུ་བསམ་པ་ནི་རྣམ་པ་ཡིན་ལ། ངོ་བོ་ནི་འབྲས་བུ་སངས་རྒྱས་ལ་མངའ་བའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་མོས་པ་བྱའོ། །དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ནི་རྣམ་པ་ཡིན་ལ། ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱའོ། །དེའི་སྟེང་དུ་ནཱ་ད་ལས་ཀཱ་ལི་སུམ་ཅུ་རྩ་བཞིའི་སྟེང་དུ་ཡ་ར་ལ་ཝ་ཌ་ཌྷ་ཞེས་པ་དྲུག་བསྣན་པས་བཞི་བཅུ། དེ་ཕྲག་གཉིས་ཁ་དོག་དམར་པོ་གཡས་སྐོར་ནི་རྣམ་པ་ཡིན་ལ། ངོ་བོ་དཔེ་བྱད་བཟང་པོ་བརྒྱད་ཅུར་མོས་པ་བྱའོ། །དེ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ནི་རྣམ་པ། ངོ་བོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པ་བྱའོ། །དེ་གཉིས་ཁ་སྦྱར་བས་ན་རབ་ཏུ་སྦྱོར་བའོ། །དེའི་དབུས་སུ་ནི་ཞེས་པ་ནི་སྒོང་སྐྱེས་དག་པའི་དབང་དུ་བྱས་ནས། སྟེང་གི་ནཱ་ད་དེ་ཉིད་ཀ་ར་ཀ་ར་ལ་སོགས་པ་རྩ་སྔགས་ཟློ་བཞིན་དུ་ཉི་ཟླའི་དབུས་སུ་ཞུགས་ནས་རིམ་གྱིས་ཡི་གེ་ཧཱུྃ་དངུལ་ཆུའི་མདོག་ཅན། རྡོ་རྗེ་སེམས་དཔའི་ངོ་བོ་ཞེས་པ་ནི་རྒྱུ་རྡོ་རྗེ་འཆང་གི་རང་བཞིན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་སུ་མོས་པ་བྱ། དེ་ལས་འོད་ཟེར་སྣ་ཚོགས་པ་ལྕགས་ཀྱུ་ལྟ་བུ་འཕྲོ་བ་རྣམ་པར་བསམ་པས། ཕྱོགས་བཅུའི་སྔོན་གྲུབ་པའི་དཔའ་བོ་དང་མཁའ་འགྲོ་མ་དཔག་ཏུ་མེད་པ་བཀུག་ནས་ཧཱུྃ་ལ་ཞུགས་ཏེ། འདྲེས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སུ་མོས་པ་བྱ། དེ་དག་ཡོངས་སུ་གྱུར་པ་ལས་འབྲས་བུ་རྡོ་རྗེ་འཆང་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་དུས་གཅིག་ཏུ་ཝལ་གྱིས་རྫོགས་པར་བསྒོམ་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མོས་པ་བྱ་སྟེ། རྫུས་སྐྱེས་དག་པའི་དབང་དུ་བྱས་པའོ་ཞེས་གསུངས་ཏེ། འདི་ནི་ཉི་ཟླ་གཉིས་ཀྱི་སྒོམ་ཚུལ་རྗེ་བཙུན་དང་འདྲ་བར་སྣང་ཞིང་། མངོན་བྱང་གསུམ་པ་ལ་ནི། ནཱ་ད་སྐབས་འདིར་འཇུག་པ་དང་། དེ་ཡང་ཀ་ར་ཀ་ར་ལ་སོགས་པའི་སྒྲ་དང་བཅས་པའི་ཆ་ནས། ལུགས་སྔ་མ་རྣམས་ལས་ཁྱད་པར་དུ་འཕགས་པར་སྣང་ལ། རྗེ་བཙུན་གྱི་དགོངས་པ་དང་ཡང་ཁྱད་པར་ཆེ་བར་སྣང་ངོ་། །གསུམ་པ་ཤིན་ཏུ་ཟབ་པའི་མན་ངག་གིས་གཉིས་ཀ་ལ་སྦྱར་ཚུལ་ནི། ནཱ་རོ་པའི་མན་ངག་ཕམ་འཐིང་པ་ནས་བརྒྱུད་པ་རྗེ་བཙུན་གྱིས་འདི་ལྟར་བཞེད་དེ། པདྨའི་ལྟེ་བར་ཉི་ཟླ་གཉིས་ཀྱི་བསྒོམ་ཚུལ་ནི་སྔ་མ་དང་འདྲ་ལ། དེ་གཉིས་ཀྱི་བར་དུ་སྒོང་སྐྱེས་ཀྱི་དབང་དུ་བྱས་ནས་རིགས་དྲུག་པ་རྡོ་རྗེ་འཆང་གི་ངོ་བོ་ཡིན་པས། ཡི་གེ་ཧཱུྃ་ཁ་དོག་དཀར་པོ་གཅིག་བསྒོམས་ཏེ། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སུ་མོས་པ་བྱ། དེ་ནས་འོག་ནས་འབྱུང་བའི་སྒྲ་ཚུལ་གྱི་རྟེན་འབྲེལ་གྱིས་གཅིག་ཏུ་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས། རྟེན་དང་བརྟེན་པ་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་པ་ལ། སྒྲ་ཚུལ་གྱི་རྟེན་འབྲེལ་ནི་ཉི་ཟླ་ཁ་སྦྱར་གྱི་སྟེང་མཐོ་གང་ཙམ་གྱིས་མ་རེག་པར་ཐ་མལ་པའི་ལུས་ངག་ཡིད་གསུམ་གྱི་རང་བཞིན་མས་རིམ་གྱིས་ཨོཾ་ཨཱཿཧཱུྃ། དེའི་སྟེང་དུ་ཡུམ་གྱི་མཁའ་དག་པའི་རྟགས་སུ་པདྨ། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་མཚོན་པ་ཟླ་བ། དེའི་སྟེང་དུ་རང་བཞིན་གྱིས་འོད་གསལ་བ་མཚོན་པ་ཡི་གེ་ཧཱུྃ་བསམ། དེ་ནས་མས་ཡས་རིམ་གྱིས་ཨོཾ་ཨཱཿལ། ཨཱཿཧཱུྃ་ལ། ཧཱུྃ་པདྨ་ལ། པདྨ་ཟླ་བ་ལ། ཟླ་བ་ཧཱུྃ་གི་ཞབས་ཀྱུ་ལ། དེ་ཁོག་པ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་ཁ་དོག་དམར་སྐྱ་ཀ་ར་ཀ་ར་ལ་སོགས་པ་ཡབ་ཀྱི་ཕྲེང་སྔགས་ཟློས་ཤིང་ཡས་མར་བྱོན་པ་ལ་ནི་སྒྲ་ཞེས་བྱ། ཉི་ཟླའི་བར་གྱི་ཡི་གེ་ཧཱུྃ་ལ་ནི་ཚུལ་ཞེས་བྱ་སྟེ། རྩ་བའི་རྒྱུད་ལས། སྒྲ་ཡི་ཚུལ་ལས་ངེས་འབྱུང་ཞིང་། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཅན། །ཞེས་བྱ་བའི་དགོངས་པ་ཡང་དེ་ཉིད་ཡིན་ནོ། །དེ་ལྟ་བུའི་སྒྲ་དེས་སྟེང་གི་ཉི་མ་ཕུག་ནས་བར་གྱི་ཚུལ་ལ་ཐིམ་པས་རྐྱེན་བྱས་ནས་ཉི་ཟླ་དང་བཅས་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མེ་ལོང་ལ་བཞིན་གྱི་དཀྱིལ་འཁོར་བཏེག་པ་བཞིན་དུས་གཅིག་ལ་ཝལ་གྱིས་བསྐྱེད་ལ་དབུས་ཀྱི་གཙོ་བོ་ནས་བཟུང་སྟེ། སྲུང་བའི་འཁོར་ལོའི་བར་དུ་རིམ་གྱིས་གསལ་གདབ་པར་བྱའོ། །ཞེས་གསུངས་སོ། །བཀའ་སྲོལ་འདིའི་ལུགས་ལ་ཡང་རྒྱུད་འཆད་པའི་སྐབས་སུ་སྒོང་སྐྱེས་ཀྱི་སྐབས་སུ། ནམ་མཁར་ནཱ་ད་བཞག་ནས་དེ་ལས་ཨཱ་ལི་ཚར་གཉིས་བྱུང་སྟེ། སྣ་ཚོགས་པདྨའི་ལྟེ་བར་བསམ་པ་ལས་ཟླ་བ། ཡང་ཀཱ་ལི་དམར་པོ་བཞི་བཅུ་པོ་ཚར་གཉིས་བྱུང་བ་ཟླ་བའི་སྟེང་དུ་འཕྲོས་ཏེ། ཟླ་བ་དེ་འོད་དམར་པོ་དང་བཅས་པ་བསྒོམ། དེ་ནས་ནམ་མཁའི་ནཱ་ད་དེ་ལས་ཐིག་ལེ་ནས་རིམ་གྱིས་ཧཱུྃ་རྫོགས་པ་གཅིག་ཏུ་གྲུབ་པ་དེ་ཟླ་བའི་སྟེང་དུ་བབ་པར་བསམ་པ་དང་། ཟླ་བ་ཧཱུྃ་དུ་གྱུར་པ་ལས་རྟེན་དང་བརྟེན་པ་ཐམས་ཅད་དུས་གཅིག་ལ་བསྐྱེད་པ་དང་། མངལ་སྐྱེས་ཀྱི་སྐབས་སུ། ཐོག་མར་ཡེ་ཤེས་ཀྱི་ཚོགས་སྟོང་པར་བསྒོམ་པའི་བར་དུ་བྱས་ལ། དེ་ནས་རྟེན་རི་རབ་དང་། པདྨའི་བར་དུ་བསྐྱེད་པ་དང་། དེར་བརྟེན་པ་ལྷ་མངོན་པར་བྱང་ཆུབ་པ་ལྔས་གཙོ་བོ་བསྐྱེད་པ་ནི། སྣ་ཚོགས་པདྨའི་ལྟེ་བར་ཨཱ་ལི་ལས་ཟླ་བ། དེའི་སྟེང་དུ་ཀཱ་ལི་ལས་ཉི་མ། དེ་གཉིས་ཀྱི་བར་དུ་ཧཱུྃ་བསམ་སྟེ། དེ་ལས་འོད་འཕྲོས་པས་ཉི་མའི་སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུྃ་གསུམ་རིམ་པ་བཞིན་དུ་བསམ། དེའི་སྟེང་དུ་སྣ་ཚོགས་པདྨ། དེར་ཉི་མ་ལ་ཡི་གེ་ཧཱུྃ་ནཱ་ད་ཁ་དོག་དམར་པོ་ཆ་ཕྲ་བ་དང་ལྡན་པ་བསམ་སྟེ། དེ་ནས་ཨོཾ་ནས་རིམ་གྱིས་ཡར་ལ་གཅིག་ལ་གཅིག་ཐིམ་ནས་ཧཱུྃ་གི་ནཱ་ད་ཙམ་དུ་འདུས་ནས། དེ་ཀ་ར་ཀ་ར་ལ་སོགས་པའི་སྒྲ་དང་བཅས་ཏེ། ཉི་ཟླའི་བར་གྱི་ཧཱུྃ་ལ་ཞུགས་པས། གཙོ་བོ་ཡབ་ཡུམ་དང་གཞལ་ཡས་ཁང་དུས་གཅིག་ལ་བསྐྱེད་ནས། དེའི་རྗེས་སུ་འཁོར་མངལ་འབྱིན་དང་། ཞུ་བ་གླུས་བསྐུལ་བྱེད་པར་གསུངས་ཤིང་། སྒོང་སྐྱེས་ལ་ལཱུ་ཧི་པའི་སྟེང་དུ་དགོངས་པ་བསྐང་བ་དང་། རྒྱུད་འདི་ཉིད་ཀྱི་སྟེང་དུ་གསུངས་པ་གཉིས་མི་འདྲ་བ་ནཱ་རོ་པའི་དགོངས་པ་ཡིན་ནོ་ཞེས་མུ་ཏིག་ཕྲེང་བ་ལས་གསུངས་སོ། །བཞི་པ་དེ་ཉིད་ཀྱི་སྦྱངས་གཞི་སྦྱོང་བའི་ཚུལ་ནི། མུ་ཏིག་ཕྲེང་བ་ལས། ཨ་བྷི་དྷ་ནར་བསྐྱེད་རིམ་གྱི་སྒྲུབ་ཐབས་བདུན་ཅུ་རྩ་ལྔ་གསུངས་པ་ཐམས་ཅད་སྒོང་སྐྱེས་གཙོ་བོར་གྱུར་པའི་སྐྱེ་གནས་བཞི་ཆར་སྦྱོང་བ་ཡིན་པར་གསུངས་པ་ལྟར་བཤད་ན། མངོན་བྱང་གི་གཙོ་བོ་སྒོང་སྐྱེས་དང་སྦྱར་བ། ཡན་ལག་མངལ་སྐྱེས་དང་སྦྱར་བ། སྐྱེ་གནས་བཞི་ཆར་སྦྱོང་བའི་ཚུལ་དང་གསུམ་ལས། དང་པོ་ནི། འོག་གི་ཟླ་བ་ནི་སྒོང་སྐྱེས་ཀྱི་ཕའི་ཁུ་བ་དང་། ཉི་མ་ནི་མའི་རཀྟ་དང་། བར་གྱི་ཧཱུྃ་ཡིག་ནི་འདིར་ཞུ་བ་གླུས་བསྐུལ་མེད་པས། རྒྱུ་རྡོ་རྗེ་འཆང་གི་ངོ་བོ་ཡིན་པར་གསུངས་པ་ནི་འབྲས་བུའི་རྣམ་པ་ཡིན་ལ། སྦྱང་གཞི་ལ་ནི་ཕ་མ་གཉིས་ཡིན་པར་དེ་ཉིད་ཀྱིས་གྲུབ་བོ། །གཉིས་པ་ནི། དེའི་སྟེང་གི་མཐོ་གང་ཙམ་གྱི་སར། ཨོཾ་ཨཱཿཧཱུྃ་སྟེང་ནས་སྟེང་དུ་བརྩེགས་པ་ནི་ཚེ་སྔ་མའི་མངལ་སྐྱེས་ཀྱི་བར་དོའི་ལུས་ངག་ཡིད་གསུམ། དེ་པདྨ་ལ་ཐིམ་པ་ནི་བར་དོ་མངལ་སྒོ་ནས་ཞུགས་པ་སྟེ། བར་དོ་འཇུག་ཚུལ་ལ། རྣམ་གཞག་རིམ་པར་སྤྱི་གཙུག་རྣམ་སྣང་གི་སྒོ་ནས་འཇུག་པ་དང་། སྡོམ་འབྱུང་དུ་ཁ་ནས་འཇུག་པ་དང་། མངོན་པར་མངལ་སྒོ་ནས་འཇུག་པར་གསུངས་པ་གསུམ་ཡོད་པའི་ནང་ནས། འདི་ཕྱི་མའི་དབང་དུ་བྱས་པའོ། །པདྨ་ཟླ་བ་ལ་ཐིམ་པ་ནི་མའི་མངལ་དུ་ཁུ་ཁྲག་གི་དབུས་སུ་བར་དོ་ཞུགས་ཏེ། མེར་མེར་པོར་གྱུར་པ་ནས། མངལ་གྱི་གནས་སྐབས་དང་། བཙས་ནས་མ་ཤིའི་བར་སྐྱེ་སྲིད་ཐམས་ཅད་བསྡུས་ཏེ་བསྒོམ་པའོ། །ཟླ་བ་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པ་ནི་དེ་ཉིད་འཆི་བ་སྟེ་སྔར་གྱི་ཧཱུྃ་ཡིག་ལ་ཐ་མལ་པའི་ཡིད་ཅེས་དང་། ཧཱུྃ་ཡིག་འདི་ལ་སེམས་ཀྱི་རང་བཞིན་འོད་གསལ་བ་ཅེས་གསུངས་པས། འཆི་བ་འོད་གསལ་ཡིན་པར་གྲུབ་པའོ། །དེ་ཡང་ཞབས་ཀྱུ་ནས་ནཱ་ད་ལ་ཐིམ་པའི་བར་ནི་ལུགས་འབྱུང་གི་སྣང་བ་གསུམ་གྱི་ཐིམ་རིམ་མཚོན་ལ། ནཱ་ད་དམར་སྐྱ་ཕྲ་ཞིང་བརྗིད་པ། ཀ་ར་ཀ་ར་ལ་སོགས་པའི་སྒྲ་སྒྲོགས་བཞིན་པ་འབབ་པ་ནི་ལུགས་བཟློག་གི་སྣང་བ་གསུམ་གྱིས་འཆི་སྲིད་ལས་ལྡང་བ་མཚོན། དེས་ཉི་མའི་དཀྱིལ་འཁོར་ཕུག་ནས་ཧཱུྃ་གི་ཡི་གེའི་ཚུལ་ལ་ཐིམ་པ་ནི། མངལ་སྐྱེས་ཀྱི་འཆི་སྲིད་ལས་ལངས་ནས་སྒོང་སྐྱེས་ཀྱི་བར་སྲིད་མའི་མངལ་དུ་ཞུགས་པའོ། །རོ་གཅིག་དུ་འདྲེས་པ་ནི་མངལ་དུ་སེམས་ཅན་དང་བཅས་པའི་སྒོ་ངར་གྱུར་པའོ། །དེ་ལས་སྐད་ཅིག་གིས་རྟེན་བརྟེན་པ་གཅིག་ཆར་དུ་གྲུབ་པ་ནི་སྒོ་ང་ཕྱིར་བཙས་ཏེ། སྒོ་ང་བཅག་ནས་སེམས་ཅན་དུ་གྱུར་པའོ། །དེས་ན་མངོན་བྱང་གི་གཙོ་བོ་སྒོང་སྐྱེས་དང་། དེའི་ཡན་ལག་དུ་ཚེ་སྔ་མའི་མངལ་སྐྱེས་ཀྱི་ཆོས་གསུམ་བསྒོམ་པ་འདི་ནི་སྒོང་སྐྱེས་གཙོ་བོ་དང་། མངལ་སྐྱེས་ཡན་ལག་ཏུ་སྦྱར་བ་སྟེ། བསྐྱེད་ཆོག་གཅིག་པོ་འདི་ཉིད་ལ། །མངལ་སྐྱེས་གླུ་ཡི་སྦྱོར་བ་ཡི། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་པའི་བསྐྱེད་ཆོག་གཉིས་ཀ་ཚང་བའི་དབང་དུ་བྱས་པ་སྟེ། རྒྱུད་ཀྱི་ཚིག་ལ་ཤིན་ཏུ་ཟབ་པའི་མན་ངག་གི་སྙན་བརྒྱུད་འབའ་ཞིག་གིས་བསྟན་པའི་དོན་ལ་ངེས་པ་བསྐྱེད་པའི་རྒྱུ་རུའང་འགྲོའོ། །སྟེང་གི་བསྐྱེད་ཆོག་མངལ་སྐྱེས་སྦྱོང་བྱེད་ཡིན་ན། གླུའི་སྦྱོར་བ་ཅི་ལྟར་སྙམ་ན། ཀ་ར་ཀ་ར་ལ་སོགས་པ་སྟེ། མངལ་སྐྱེས་གཙོ་བོར་བྱས་པའི་ཚེ། ཞུ་བ་ལས་གླུས་བསྐུལ་བའི་ཚིག་དགོས་ཀྱང་། ཡན་ལག་ཏུ་བྱས་པའི་ཚེ་ཚིག་འདི་ཙམ་གྱིས་ཆོག་པའོ། །འདི་ཉིད་ཀྱིས་རྒྱུད་འཆད་པའི་གནས་སྐབས་ཀྱི་མངལ་སྐྱེས་ཀྱི་སྦྱང་གཞི་སྦྱོང་ཚུལ་ཡང་ལེགས་པར་གྲུབ་སྟེ། མངོན་བྱང་གི་གཙོ་བོ་ཡང་མངལ་སྐྱེས་དང་སྦྱར། དེའི་ཡན་ལག་ཀྱང་ཚེ་སྔ་མའི་མངལ་སྐྱེས་དང་སྦྱར་བར་གྲུབ་པས། མངོན་པར་རྟོགས་པ་དེ་ཉིད་ལ། ཞུ་བ་ལས་གླུས་བསྐུལ་བའི་ཚིག་དང་། ནཱ་དའི་གླུ་ཚིག་གཉིས་ཀ་ཚང་བའི་གནད་ཀྱང་འདི་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་ནི་སྐྱེ་གནས་གཞན་གཉིས་ཀྱི་སྦྱོང་བྱེད་ཇི་ལྟར་ཚང་ན་ཉི་མ་ནི་དྲོད་དང་། ཟླ་བ་ནི་གཤེར་ཡིན་པས། དྲོད་གཤེར་སྐྱེས་སྦྱོང་། འདྲེས་པ་ལས་རྟེན་བརྟེན་པ་གཅིག་ཆར་དུ་གྲུབ་པས་རྫུས་སྐྱེས་སྦྱོང་བར་དམར་གྱིས་བཤད་པ་ལྟར་ཡང་དོན་ལ་གནས་ཤིང་། ཡང་དག་པར་ན་མངོན་བྱང་གཅིག་པོ་དེ་ཉིད་ཀྱིས་སྐྱེ་གནས་བཞི་ཆར་སྦྱོང་བའི་ཚུལ་ཤིན་ཏུ་ཟབ་པའི་མན་ངག་གཞན་ལས་འབྱུང་བ་ཡང་སྐབས་འདིར་ཤེས་པར་བྱའོ། །གཉིས་པ་རྟེན་དང་བརྟེན་པའི་གནས་ཚུལ་སོ་སོར་བཤད་པ་ལ་གཉིས་ཏེ། རྟེན་བཤད་པ་དང་། བརྟེན་པ་བཤད་པའོ། །དང་པོ་ནི། རྗེ་བཙུན་གྱིས་གསལ་གདབ་པའི་ཚེ་གཙོ་བོ་ནས་མེ་རིའི་བར་རིམ་གྱིས་གསལ་གདབ་པར་གསུངས་པ་ནི་ཐོག་མར་རང་གི་སེམས་གང་དུ་གནས་པའི་ས་ནས། ཕར་རིམ་གྱིས་གསལ་གདབ་པའི་དབང་དུ་བྱས་ལ། འཕགས་པས། ཐོག་མར་རྟེན་གསལ་གདབ་པར་གསུངས་པ་ནི་སྤྱི་དང་མཐུན་པའི་དབང་དུ་བྱས་པས། གང་ལྟར་ཡང་འགལ་བ་མེད་མོད་ཀྱི། འདིར་བཤད་པའི་གནས་སྐབས་སུ་ཐོག་མར་རྟེན་བཤད་པ་བདེ་བས། འདི་ལ་བཤད་བྱ་ཁུངས་ཐུབ་ཀྱི་ལུང་འགོད་པ། དེའི་དོན་བཤད་པས་རྣམ་པ་བློ་ཡུལ་དུ་ཤར་བར་བྱ་བ་དང་གཉིས་ལས། དང་པོ་ནི། སྡོམ་འབྱུང་ལས། ཐིག་གི་མཚན་མ་དྲུག་ཅུ་བཞི། །ཀུན་ཏུ་འཁོར་ལོའི་མཐར་ཐུག་བར། །ཞེས་ཐིག་སྐུད་ཆ་ཕྲན་དྲུག་ཅུ་རྩ་བཞི་པའི་ཕྱོགས་གསུངས་པ་དང་། ནག་པོ་དཀྱིལ་ཆོག་ལས། ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དྲྭ་བ་དྲྭ་ཕྱེད་འཕྱང་བས་མཛེས། །གཡེར་ཁའི་ཕྲེང་བའི་དྲྭ་བ་ཅན། །མཚམས་ཀྱི་ཆ་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་ནང་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པར། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བོ། །དེ་ཡི་ནང་དུ་པདྨ་སྟེ། །པདྨའི་རྒྱབ་ཏུ་འཁོར་ལོ་བྱ། །འཁོར་ལོ་གཉིས་པོ་དེ་ཡི་རྒྱབ། །རྡོ་རྗེ་ཕྲེང་བས་བསྐོར་བར་བྱ། །འཁོར་ལོ་གསུམ་ནི་ཆ་ཆེན་པོར། །རྡོ་རྗེའི་ཐེག་གིས་བསྐོར་བར་བྱ། །གེ་སར་དང་ནི་པདྨར་བཅས། །འདབ་མ་བཅུ་དྲུག་དག་ཏུ་གནས། །མན་ངག་དག་ནི་ཐོབ་པ་ལས། །དཀྱིལ་འཁོར་ཐིག་གདབ་ཀུན་ཤེས་ནས། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ཁྱམས་ནི་དེ་ཡི་ཕྱེད་དུ་བྱ། །སྒོ་ཁྱུད་དག་ནི་སྒོ་ཡི་ཚད། །ལྷ་ཡི་སྣམ་བུ་ཚད་དེ་བཞིན། །མཚམས་ཀྱི་ཐིག་ནི་བསྐོར་བ་དག །རྟ་བབས་ཀྱི་ནི་གནས་སུ་བཤད། །བ་དན་དྲིལ་བུ་འོད་ཟེར་གྱིས། །བརྒྱན་པར་ཐམས་ཅད་ཐིག་གདབ་ཅིང་། །ལྕགས་རི་མཐར་ཐུག་པ་ཡི་བར། །རྡོ་རྗེ་ཕྲེང་བས་མངོན་བསྐོར་ཅིང་། །འོད་ཀྱི་དཀྱིལ་འཁོར་ནང་དུ་ནི། །རིམ་གཉིས་ཐིག་ནི་གདབ་པར་བྱ། །ཞེས་དང་། ལྷ་སྟ་གོན་གྱི་སྐབས་སུ། ཨིནྡྲ་ནཱི་ལའི་ས་གཞི་ལ། །འཁོར་ལོ་གསུམ་གྱི་བདག་ཉིད་བསམ། །ཞེས་གསུངས་ཤིང་། དེ་དག་གི་དོན། རྗེ་བཙུན་རིན་པོ་ཆེས། དེ་ལ་འཁོར་ལོ་བཞི་ཡི་ས་གཞི་ནི་སྔོན་པོ་ཡིན་ལ། ས་གཞིའི་སྟེང་ནས་ཡར་རྩིབས་ཀྱི་ངོ་བོ་ཅུང་ཟད་ཙམ་འཕགས་པ་ཡིན་ལ། འཁོར་ལོ་སོ་སོའི་མཐོ་དམན་གྱི་ཁྱད་པར་ནི་ལྷ་རྣམས་ཀྱི་པུས་མོའི་ཚད་ཙམ་རེས་འཕགས་པ་ཡིན་ལ། རྡོ་རྗེ་ལ་སོགས་པའི་དཔངས་ནི་ལྷ་དེ་དག་གི་སྐེད་པར་སླེབས་པ་ཡིན་ཞིང་། ཀ་བའི་དཔངས་ནི་དབུའི་སྟེང་ནས་ཡར་ཁྲུ་གང་ཙམ་གྱིས་འཕགས་པ་ཡིན་ལ། སྟེང་གི་ཕུབ་ཀྱིས་ནི་འོག་མའི་ཕུབ་ནོན་པ་སྟེ། བློའི་སྣང་བ་ལ་ཆར་གྱི་ཆུ་ལྟ་བུ་ཡང་གཅིག་གི་སྟེང་དུ་གཅིག་གི་ཆུ་བབས་ནས། དམ་ཚིག་གི་འཁོར་ལོའི་ཕུབ་ཀྱི་འདོད་ཡོན་གྱི་ས་སྟེགས་ཀྱི་ཐད་སོ་ནོན་པ་ཙམ་སྟེ་ཆུའང་འདོད་ཡོན་གྱི་ཕྱི་སོར་འགྲོ་བ་ལྟ་བུའོ། །དམ་ཚིག་གི་འཁོར་ལོ་ནི་ས་སྟེགས་ལ་ཕེབས་པ་སྟེ། ཁ་དོག་ནི་ཤར་སྔོ་བ། ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བའོ། །སྒོ་ནི་ས་གཞི་ལ་བྲིས་པ་བཞིན་བརྩིགས་ནས་ཡོད་པར་འདོད་དེ། ཡ་ཕུབ་ནི་སྒོའི་དངོས་གཞི་ཡིན་པའི་ཕྱིར་ཡ་ཕུབ་ཀྱི་རྩིག་པ་ནི་མེད་པར་འདོད་ལ། སྒོ་ཁང་གི་སྟེང་བཀབ་པ་ནི་རྟ་བབས་ཡིན་པས་ཀ་བ་བཞིས་མཐོ་བར་བཏེག་པ། རྩིག་པའི་དངོས་གཞི་དང་། རྟ་བབས་ཀྱིས་སྟེང་ན་ནམ་མཁའ་སྟོང་པ་དང་བཅས་པའོ། །ཕ་གུ་དང་མདའ་ཡབ་ཀྱི་བར་ན་དྲྭ་ཕྱེད་ཡོད་ལ། མདའ་ཡབ་ཀྱི་སྟེང་ན་ཡར་ལ་པུ་ཤུ་ཞེས་བྱ་བ། རིན་པོ་ཆེའི་དྲྭ་བ་སེང་མ། ནང་ནས་ཕྱིར་མཐོང་བ། མདའ་ཡབ་ཀྱི་དཔངས་དང་མཉམ་པ་ཡོད་དོ། །འདོད་ཡོན་གྱི་སྣམ་བུའི་སྟེང་ན། ཕྱོགས་རེ་ན་རིག་མའི་ལྷ་མོ་བཞི་བཞི་སྟེ། བཅུ་དྲུག་གིས་ཡོངས་སུ་བསྐོར་བ་ཡིན་ནོ། །རྩིག་པ་ལྔ་ནི་ཡེ་ཤེས་ཀྱི་རིམ་པས་ནང་ནས། ནག་པོ་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་རྣམས་ཡིན་ལ། འབྲི་བའི་དུས་སུ་ནི་ནག་པོ་དང་། ལྗང་ཁུ་ནས་བརྩམས་ཏེ། དཀར་པོ་ཕྱི་རོལ་ཏུ་བཏོན་ཡང་། ཕྱོགས་ཀྱི་རིམ་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེས་གསུངས་པ་རྣམས་སོ། །གཉིས་པ་ནི། འོག་གཞི་ལོགས་དང་སྟེང་ཐོག་དང་། །སྒོ་དང་རྟ་བབས་ལྔ་ཡིས་བསྡུས། །ཞེས་པ་ལྟར་ལྔ་ལས། དང་པོ་འོག་ལ་སྣ་ཚོགས་རྡོ་རྗེ་དང་། །ཉི་མ་པདྨ་ཁོར་ཡུག་གོ །ཞེས་བཞི་ལས། དང་པོ་སྣ་ཚོགས་རྡོ་རྗེ་ནི་གཞལ་ཡས་ཁང་གནས་པའི་གཞི་སྟེ། ལྟེ་བ་གྲུ་བཞི་པའི་རྒྱར་ཆ་ཆེན་བཅུ་གཉིས་ཡིན་ལ། དེའི་སྟེང་འོག་གི་དཔངས་ནི་ཆ་ཆེན་གཅིག་གོ །དེ་ལས་འཐོན་པའི་ཕྱོགས་བཞིའི་རྭ་ནི་འདིར་སྡོམ་འབྱུང་ལས། རྭ་རྩེ་ནས་རྭ་རྩེའི་བར་ཆ་ཕྲན་དྲུག་ཅུ་རེ་བཞིར་བཤད་པའི་ལུགས་ཡིན་པས། རྭའི་སྲིད་ལ་ཆ་ཆེན་གཉིས་སོ། །དཔངས་ཚད་ནི་རྭ་དབུས་མའི་རྩ་བ་དང་། རྩེ་མོའི་དཔངས་ཆ་ཕྲན་གཉིས་དབུས་ཀྱི་སྦོམ་སའི་དཔངས་ཆ་ཆེན་གཅིག་སྟེ། གཡས་གཡོན་གཉིས་ཕྱོགས་གཉིས་ཀ་ཡང་ཅུང་ཟད་ཙམ་གྱི་ཕྲ་བ་ཆུ་སྲིན་གྱི་ཁ་ནས་བྱུང་བའོ། །ཁ་དོག་ནི་ཤར་སྔོན་པོར་བྱས་པའི་ཕྱོགས་མདོག་སྟེ། ལྟེ་བ་ནི་རྒྱ་གར་བ་ཁ་ཅིག་གི་དཀར་པོར་བཤད་པ་ལྟར་ན། ཡུམ་གྱི་རིགས་བདག་གི་དབང་དུ་བྱས་པ་ཡིན་ཀྱང་འདིར་ནི་ཡབ་ཀྱི་དབང་དུ་བྱས་ནས་མཐིང་ནག་དུ་བཞེད་དོ། །རྭའི་གྲངས་ཕྱོགས་རེ་རེར་གསུམ་གསུམ་སྟེ། བཅུ་གཉིས་སུ་བྱེད་པ་དང་། ཕྱོགས་རེ་རེར་ལྔ་ལྔ་སྟེ་ཉི་ཤུར་བྱེད་པའི་ལུགས་གང་ལྟར་ཡང་འགལ་བ་མེད་དེ། སྔ་མ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྣམ་པར་དག་པ་དང་། ཕྱི་མ་ནི་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་དག་པ་མཚོན་པའི་ཕྱིར་རོ། །རྩེ་མོ་ལྔ་པར་བྱེད་པའི་ཚེ་ན། གཡས་གཡོན་གྱི་རྭ་གཉིས་ཀྱི་གཡས་གཡོན་དུ་ཡང་། དེ་དང་འདྲ་བ་གཉིས་གཉིས་བྱེད་པ་ཡིན་གྱི། སྟེང་རྭ་འོག་རྭ་ཡིན་པར་ནི་མི་བཞེད་དོ། །གཉིས་པ་ཉི་མ་ནི་སྣ་ཚོགས་རྡོ་རྗེ་གནས་པའི་གཞི་སྟེ། མེ་ཤེལ་གྱི་རང་བཞིན་ཅན་ཁ་དོག་དམར་པོ། དབྱིབས་ཟླུམ་པོ། རྒྱར་ཆ་ཆུང་དྲུག་ཅུ་རེ་བཞིའོ། །གལ་ཏེ་ཉི་མ་དམར་པོ་ཡིན་ན། བྲི་བྱ་ལ་ཁ་དོག་ལྗང་ཁུར་བྱེད་པ་དང་འགལ་སྙམ་ན། ཉི་མའི་ཁ་དོག་དམར་པོ་ཡིན་ཀྱང་། དེའི་འོག་ན་པདྨ་ཡོད་ལ། དེའི་ལྟེ་བ་ལྗང་གུ་ཡིན་པར་ཨ་བྷྱས་བཤད་པས། དེའི་ཁ་དོག་ཏུ་གྱུར་པ་སྟེ། དཔེར་ན་དར་ལྗང་ཁུའི་སྟེང་དུ་ཤེལ་དམར་པོ་བཞག་པ་ལྟ་བུའོ་ཞེས་བོད་ཀྱི་ཕྲེང་བ་མཁན་པོ་རྣམས་གསུངས་སོ། །འདི་ཡན་ཆད་མངོན་བྱང་ལས་གཅིག་ཆར་དུ་གྲུབ་པའོ། །གསུམ་པ་པདྨ་ནི། སྣ་ཚོགས་རྡོ་རྗེ་གནས་པའི་རྟེན་ཏེ། ལྟེ་བའི་ཚད་ཉི་དཀྱིལ་དང་མཉམ་ལ། འདབ་མའི་རྒྱ་ཆ་ཆུང་གཉིས་པར་ཐིག་གི་རིགས་པས་ཤེས་ཤིང་། གྲངས་ནི་ལ་ལི་ཏ་བཛྲས། འདབ་མ་འབུམ་ལྡན་དེ་དབུས་སུ། །ཞེས་བཤད་ལ། བླ་མ་རྔོག་པ་རྣམས་ཀྱིས། སུམ་ཅུ་སོ་གཉིས་པར་འདོད་ཀྱང་། འདིར་ནི་སྔར་རྟེན་བསྐྱེད་པའི་སྐབས་སུ་བཤད་པ་དེ་ཉིད་ཡིན་པས་འདབ་མ་བརྒྱད་པའོ། །ཁ་དོག་ནི་སྔར་བཤད་པ་ལྟར་རོ། །བཞི་པ་ཁོར་ཡུག་ནི། རྡོ་རྭ་མེ་རི་དང་། དུར་ཁྲོད་གཉིས་ལས། བསྒོམ་བྱའི་སྐབས་སུ་བསྐྱེད་ཆོག་ལས་རྟེན་བརྟེན་པ་གྲུབ་པའི་ཚེ་སྲུང་འཁོར་དྲུག་ཆར་ཡང་གྲུབ་པའི་ཚུལ་དང་། དེ་དག་གི་བསྒོམ་ཚུལ་རྣམས་ནི་སྔར་བཤད་ཟིན་ལ། བྲི་བྱའི་སྐབས་སུ་རྡོ་རྗེའི་རྭ་བ་ཆ་ཕྲན་གཉིས་དང་། མེ་རི་ཆ་ཆེན་གཅིག་ལ་ཐམས་ཅད་བསྡུས་ནས་བྲི་བ་ཡིན་གྱི། གཞན་བྲི་བའི་ལུགས་ནི་མེད་དོ། །དུར་ཁྲོད་ནི་རྡོ་རྗེ་མཁའ་འགྲོའི་དགོངས་པ་སྲུང་འཁོར་གྱི་ཕྱི་རོལ་དུ་ཡོད་པར་རྗེ་བཙུན་བཞེད་དེ། དེ་ཉིད་ལས། རྡོ་རྗེ་རྭ་བའི་ཕྱི་རོལ་དུ། །ཤིང་སོགས་དུར་ཁྲོད་བརྒྱད་པོ་ཡིན། །ཞེས་གསུངས་པས་སོ། །སྡོམ་འབྱུང་གི་དགོངས་པ་རྡོ་རྗེ་རྭ་བའི་ནང་དུ་ཡོད་དེ། དེ་ཉིད་ལས། རྡོ་རྗེ་རྭ་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའོ། །ཞེས་བཤད་པས་སོ། །དེ་ལ་ཕྱིས་ཀྱིས་མཁས་པ་དག དེ་ནི་འགྱུར་ཉེས་པ་ཡིན་ཏེ། རྒྱུད་དུ། ཐིག་གི་མཚན་མ་དྲུག་ཅུ་བཞི། །ཀུན་ཏུ་འཁོར་ལོའི་མཐར་ཐུག་བར། །ཞེས་ཆ་ཕྲན་དྲུག་ཅུ་རྩ་བཞི་པས་རྡོ་རྗེ་རྭ་བ་ལ་ཐུག་པར་བཤད་པའི་ཕྱིར་དུར་ཁྲོད་ནང་དུ་འོང་ས་མེད་དོ། །དེས་ན་འགྲེལ་པ་དང་བསྟུན་ནས། འགྱུར་གསར་ལས། རྡོ་རྗེ་རྭ་བ་ནང་དུ་སྟེ། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའོ། །ཞེས་པ་ཉིད་འགྱུར་ལེགས་སོ་ཞེས་བཤད་ཀྱང་། ལུང་དེས་སྔ་མ་ལ་མི་གནོད་དེ། འཁོར་ལོའི་མཐར་ཐུག་བར། །ཞེས་གསུངས་ཀྱི། རྡོ་རྗེ་རྭ་བ་ཞེས་མ་གསུངས་པས་ཟུར་ཐིག་ནས་བཟུང་བའི་ཟླུམ་སྐོར་ཐོག་མར་གང་འོང་བ་དེ་ཉིད་འཁོར་ལོ་ཡིན་པའི་ཕྱིར་རོ། །དེས་ན་ནག་པོ་དཀྱིལ་ཆོག་ལས། །ལྕགས་རིའི་མཐར་ཐུག་པ་ཡི་བར། །རྡོ་རྗེ་ཕྲེང་བས་མངོན་བསྐོར་ཞིང་། །འོད་ཀྱི་དཀྱིལ་འཁོར་ནང་དུ་ནི། །རིམ་གཉིས་ཐིག་ནི་གདབ་པར་བྱ། །ཞེས་གསུངས་པ་ནི་སྡོམ་འབྱུང་ལྟར། དུར་ཁྲོད་ནང་དུ་འོངས་པའི་ལུགས་སུ་སྣང་སྟེ། ལྕགས་རི་ཐམས་ཅད་ཀྱི་ཕྱི་རོལ་དུ་འབྱུང་བ་ལྟར། རྡོ་རྗེ་རྭ་བའི་ཕྱི་ཐིག་ཟླུམ་ཐིག་ཐམས་ཅད་ཀྱི་ཕྱི་མ་ཡིན་པར་བསྟན་པའི་ཕྱིར་རོ། །མཁས་པ་བུས་ལུང་དེའི་དོན་ལཱུ་ཧི་པའི་འགྲེལ་པར། སྒོ་མཚམས་མ་བརྒྱད་རྡོ་རྗེ་རྭ་བ་ལ་ཐིམ་པས། ཆུ་ལ་ཆུ་ཐིམ་པའི་ཟེགས་མ་ཕྱིར་འཕྲོས་པ་ལྟར། ཕྱི་རུ་རྡོ་རྗེ་དང་། པདྨ་དང་། འཁོར་ལོའི་རྭ་བ་གསུམ་གྲུབ་པའི་ཕྱི་མ་གཉིས་ཀྱི་ཐིག་ལ། རིམ་གཉིས་ཀྱི་ཐིག་ཞེས་བཞེད་པ་ནི་མི་འཐད་དེ། རྡོ་རྗེའི་རྭ་བ་དང་། འོད་ཕྲེང་གི་བར་རྭ་བ་གཞན་གྱིས་ཆོད་པ་མི་རིགས་པའི་ཕྱིར་རོ། །དེས་ན། རིམ་གཉིས་ཐིག་ཅེས་པས། རྡོ་རྗེ་ཕྲེང་བས་མངོན་པར་བསྐོར་བའི་ཕྱི་ཐིག་ནང་ཐིག་གཉིས་སྟོན་པ་ལུང་དེའི་དོན་དུ་སྣང་ངོ་། །མདོར་ན་རྗེ་བཙུན་གྱིས། རྡོ་རྗེ་རྭ་བའི་ནང་དུ་དུར་ཁྲོད་བརྒྱད་བསྒོམ་པ་དང་། ཕྱི་རུ་བསྒོམ་པ་གཉིས་གང་ལྟར་ཡང་རུང་སྟེ། འཁོར་འདས་དབྱེར་མེད་ཡིན་པའི་ཕྱིར་ཞེས་གསུངས་པའི་གནད་ཤེས་ན་མཐའ་གཅིག་པའི་དགག་སྒྲུབ་གང་ཡང་མི་དགོས་པར་སྣང་ངོ་། །དེ་ལ་དུར་ཁྲོད་ནི་སློབ་དཔོན་གྱི་གཞུང་ལས། དེ་ནས་དུར་ཁྲོད་རྣམ་པར་བཤད་དེ་རྡོ་རྗེ་རྭ་བའི་ནང་དུ་གཡོན་སྐོར་གྱིས་ཕྱོགས་ཐམས་ཅད་དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་བཞི་བཞིར་བརྗོད་པར་བྱ་སྟེ། དྲག་དུ་གཏུམ་པ་དང་། ཚང་ཚིང་འཁྲིགས་པ་དང་། འུར་འུར་འབར་བས་ཁྱབ་པ་དང་། འཇིགས་སུ་རུང་བ་རྣམས་ཤར་ལ་སོགས་པའི་ཕྱོགས་སུ་གཡོན་སྐོར་གྱིས་ལེགས་པར་གནས་སོ། །དབང་ལྡན་གྱི་མཚམས་སུ་ནི་ཧ་ཧར་དགོད་པའོ། །བྱིན་ཟའི་མཚམས་སུ་ནི་ནགས་ཚལ་ཕུན་སུམ་ཚོགས་པའོ། །སྲིན་པོའི་གནས་སུ་ནི་མུན་པ་མི་ཟད་པའོ། །རླུང་གི་མཚམས་སུ་ནི་ཀི་ལི་ཀི་ལ་སྒྲ་སྒྲོགས་པ་སྟེ། རྡོ་རྗེ་རྭ་བའི་དུར་ཁྲོད་དེ་རྣམས་ནི། འཇིགས་པའི་གཟུགས་ཀྱི་རོ་ལངས་དང་། འབྱུང་པོ་འདུས་པ་ཅེ་སྤྱང་གི་སྒྲ་སྒྲོགས་པའོ། །རིམ་པ་དེ་ལྟར་གནས་པའི་དུར་ཁྲོད་བརྒྱད་པོ་དེར་ཤིང་དང་། ཕྱོགས་སྐྱོང་བ་དང་། ཀླུའི་དབང་པོ་དང་། སྤྲིན་གྱི་དབང་པོ་རྣམས་ལས། ཤི་རི་ར་དང་། ཨ་ཤྭ་ཐཱ་དང་། ཀ་ཀོ་ལ་དང་། ཙུན་དྷའི་ཤིང་སྟེ་ཤར་ལ་སོགས་པའོ། །ཁ་ཏ་ཀ་དང་། ཀ་ར་ན་ཙ་པ་དང་། ལ་ཏ་པ་ར་ཀ་ཏི་དང་། པ་ཏི་པའོ། །དེ་བཞིན་དུ་དབང་པོ་དང་། སྦྱིན་བདག་དང་། ཀླུའི་དབང་པོ་དང་། གཤིན་རྗེ་དང་། དབང་ལྡན་དང་། བྱིན་ཟ་དང་། སྲིན་པོའི་དབང་པོ་དང་། རླུང་བདག་གོ །དེ་བཞིན་དུ་ནོར་རྒྱས་དང་། འཇོག་པོ་དང་། སྟོབས་ཀྱི་རྒྱུ་དང་། པདྨ་དང་། དེ་བཞིན་དུ་པདྨ་ཆེན་པོ་དང་། ཧུ་ལུནྜ་དང་། རིགས་ལྡན་དང་། དུང་སྐྱོང་ངོ་། །དེ་བཞིན་དུ་སྒྲ་གྲག་དང་། སྨུགས་པ་དང་། མུན་པ་ཅན་དང་། ཀུན་ཏུ་འཁྱིལ་དང་། འཁྲིགས་པ་དང་། གང་བ་དང་། འབབ་པ་དང་། དྲག་པོའི་སྤྲིན་གྱི་བདག་པོ་སྟེ། དེ་རྣམས་དེ་བཞིན་དུ་བསམས་ནས་ཞེས་གསུངས་ཏེ། དུར་ཁྲོད་ཀྱི་གཞུང་འདི་དག་ལཱུ་ཧི་པའི་གཞུང་ན་མེད་ཀྱང་། རྗེ་བཙུན་ནཱ་རོ་པས་ཁ་བསྐང་བ་ཡིན་པར་རྗེ་བཙུན་གསུངས་ཏེ། ཕམ་འཐིང་པའི་སློབ་མ་རྣམས་ཀྱི་རྒྱ་དཔེ་ལ་ཡང་འདི་དག་ཡོད་པ་དང་། མེད་པ་གཉིས་ཡོད་པར་གྲག་གོ །གཉིས་པ་ནི། ལོགས་ལ་རྩིག་པ་ཕ་གུ་དང་། །དྲྭ་ཕྱེད་མདའ་ཡབ་པུ་ཤུའོ། །ཞེས་པ་ལྟར་ལྔ་ལས། དང་པོ་རྩིག་པ་ནི། སྔར་གྱི་སྣ་ཚོགས་རྡོ་རྗེའི་སྟེང་དུ། ཆ་ཆེན་བཅུ་གཉིས་མཉམ་པར་བགོས་པའི་དབུས་ནས་བགྲངས་པའི་ཆ་ཆེན་ལྔ་པ་ལ་དབུས་དོར་མཐའ་གཉིས་གདབ་པའི་མཐའ་ནང་མ་ནི་རྩིག་པའི་ས་ཡིན་པས། དེའི་རྒྱ་ནི་ཐིག་ན་ཇི་ལྟར་ཡོད་པ་བཞིན་ཡིན་ལ། ཆུར་ནི་ཕྱོགས་བཞི་ཆར་ལ་སྒོའི་བུག་པའི་ཐད་དུ། སྒོ་ལོགས་ནས་སྒོ་ལོགས་ཀྱི་བར་རྒྱུན་ཆགས་སུ་སོང་བ་དང་། སྒོའི་སྟེང་གི་ཐད་དུ་ནི་ཕྱོགས་མཐའ་དག་ཏུ་རྒྱུན་ཆགས་སུ་སོང་བའོ། །དཔངས་ནི་ནོར་བུ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པའི་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ལས། འཕངས་སུ་དཔག་ཚད་གསུམ་ཡོད་པ། རྒྱར་དཔག་ཚད་ལྔ་ཡོད་པ་ཞེས་གསུངས་པས། ཤར་ནུབ་ཏུ་ཆ་ཆེན་བརྒྱད། ཆ་ཕྲན་སུམ་ཅུ་སོ་གཉིས་ཡོད་པ་དེ་ཉིད་དུམ་བུ་ལྔར་བགོས་པའི་དུམ་བུ་རེ་རེ་ནི་དཔག་ཚད་རེ་རེར་བྱས་པས་འདིར་དཔག་ཚད་རེ་ལ་ཆ་ཕྲན་དྲུག་རེ་དང་། ཆ་ཕྲན་གཅིག་གི་ཆ་གཉིས་རེ་ཐོབ་སྟེ། དེ་ལྟར་ན་རྒྱར་དཔག་ཚད་ལྔ་ཞེས་པའི་དོན་ཏོ། །དཔངས་སུ་དཔག་ཚད་གསུམ་ནི་གྲུ་བཞི་པའི་ཐོག་མན་ཆད་ཀྱི་དཔངས་ཡིན་པས་ཆ་ཕྲན་བཅུ་དགུ་དང་། ཆ་ཕྲན་གཅིག་གི་ལྔ་ཆ་སྟེ། མདོར་ན་རྩིག་པའི་དཔངས་ཆ་ཆེན་བཞི། ཕ་གུ་ལ་ཆ་ཕྲན་གཅིག དྲྭ་ཕྱེད་ལ་ཆ་ཕྲན་གཉིས། གསེར་གྱི་སྐ་རགས་ལ་ཆ་ཕྲན་གཅིག་གི་ལྔ་ཆ་སྟེ། འདི་མན་ཆད་དཔག་ཚད་གསུམ་ཡིན་ལ། སྐ་རགས་དང་ནང་གི་གདུང་དཔངས་མཉམ་པའི་སྟེང་ནས་ཐོག་འབུབས་པ་ཡིན་ནོ། །དེ་ལ་རྩིག་པ་ལྔ་ནི། རྗེ་བཙུན་གྱིས། ཡེ་ཤེས་ཀྱི་རིམ་པ་དང་། ཕྱོགས་ཀྱི་རིམ་པ་གཉིས་གསུངས་པ་བསྒོམ་པ་དང་། བྲི་བའི་གནས་སྐབས་སོ་སོར་སྦྱར་བར་བྱའོ། །གཉིས་པ་ཕ་གུ་ནི། སློབ་དཔོན་ཤྲདྡྷས། འགྲམ་རྒྱབ་རིན་ཆེན་ཕ་གུ་སྟེ། །ཆ་ཆུང་གཅིག་གི་ཚད་དུ་བྱ། །ཞེས་གསུངས་པས། དཔངས་སུ་ཆ་ཆུང་གཅིག་ཡིན་ལ། རྒྱར་ནི་རྩིག་པ་ལས་ཆ་ཆུང་ཕྱེད་ཀྱིས་འཕྱར་དུ་ཡོད་པར་ཡོ་ག་པའི་བླ་མ་རྣམས་བཞེད་དོ། །ཁ་དོག་ནི་ཨ་བྷྱས། རྩིག་པ་ལྔ་ཕྱི་ནང་སྦྲག་པར་འདོད་པའི་ལུགས་ལ་ཁ་དོག་དམར་པོ་དང་། བརྩེགས་པར་འདོད་པའི་ལུགས་ལ་རྩིག་པ་དང་པོའི་ཁ་དོག་ཏུ་འདོད་ཀྱང་། ཤྲདྡྷ་ནས་བརྒྱུད་པའི་མན་ངག་ལས་གཞི་སེར་པོར་བཤད་པས། གསེར་གྱི་རང་བཞིན་ཟུར་གསུམ་དང་། གྲུ་བཞི་དང་། ཟླུམ་པོའི་དབྱིབས་ཀྱི་རིན་པོ་ཆེའི་ཕྲས་སྤྲས་པའོ། །གསུམ་པ་དྲྭ་ཕྱེད་ནི། ཕ་གུའི་སྟེང་དུ་ཆ་ཕྲན་གཉིས་ཀྱི་གཞི་ནག་པོར་བཤད་པ་ནི་བར་སྟོང་གི་དོན་ཡིན་པས། སྟོང་པའི་རང་བཞིན་ལ་བར་སྐབས་སུ་རིན་པོ་ཆེའི་བྲེ་ཕུལ་བཞི། སྟེང་འོག་ཏུ་བརྩེགས་པ་རེ་རེའི་དཔངས་ལ་ཆ་ཕྲན་ཕྱེད་ཡོད་ཅིང་། རྒྱར་ནི་བྲེ་ཕུལ་འོག་མ་ལ་ཆ་ཕྲན་གཅིག གོང་མ་རྣམས་ཆ་ཕྲན་ཕྱེད་ཕྱེད་ཀྱིས་རྒྱ་ཆེ་བར་གྱུར་པའོ། །དེའི་སྟེང་དུ་གསེར་གྱི་སྐ་རགས་ནི་དོན་གསེར་གྱི་གདུང་ལེབ་སྟེ། དཔངས་སུ་ཐིག་སྐུད་གང་ལས་མེད་པས་ཆ་ཕྲན་གཅིག་གི་ལྔ་ཆ་ཡིན་ལ། རྒྱར་བྲེ་ཕུལ་གོང་མ་དང་མཉམ་པའོ། །དེའི་ཕྱི་ངོས་སུ་ཆུ་སྲིན་མ་ཀ་རའི་ཁ་ནས་བྱུང་བའི་དྲྭ་བ་དང་། དྲྭ་བ་ཕྱེད་པ་འཕྱང་བ་སྟེ། དེ་ལ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས། དྲྭ་བ་ནི་མུ་ཏིག་གི་ཆུན་འཕྱང་སྟེ། མཆོག་དབུས་ན་ཡོད་པའོ། །དྲྭ་བ་ཕྱེད་པ་ནི་མཆོག་མཐའ་ན་ཡོད་པའོ། །ཞེས་དང་། སློབ་དཔོན་དཔལ་འབྲས་རྡོ་རྗེས། མུ་ཏིག་གི་ཆུན་འཕྱང་དབུས་ན་ནོར་བུས་མཛེས་པ་ལ་ནི་དྲྭ་བ་ཞེས་བྱ་ལ། དབུས་ན་རྒྱན་མེད་པ་ལ་ནི་དྲྭ་བ་ཕྱེད་པ་ཞེས་བྱའོ་ཞེས་གསུངས་པ་ལྟར་རོ། །བཞི་པ་མདའ་ཡབ་ནི་གསེར་གྱི་སྐ་རགས་དང་། ནང་གི་གདུང་མཉམ་པོར་བྱས་པའི་སྟེང་ནས་ཐོག་ཕུབ་པའི་ཕྱམ་གྱི་བྱ་འདབ་འོག་གི་འདོད་སྣམ་དང་ཐད་མཉམ་པོར་ཡོད་པའི་མཐའ་སྐོར་ལ་རིན་པོ་ཆེའི་མདའ་ཡབ་ཐུར་དུ་འཕྱང་བ་སྟེ། འདི་ལ་རྣམ་པ་འདི་ལྟར་ཡིན་གཞུང་རྣམས་ནས་བཤད་པ་མི་སྣང་ཡང་བླ་མ་གོང་མ་རྣམས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཀྱིས། མཆུ་མེད་པའི་སྤྱི་བླུགས་མགོ་མཇུག་བཟློག་པ་ལྟ་བུའམ། རུས་རྒྱན་རྙིང་པའི་ཟ་ར་ཚགས་ཀྱི་སྣེ་མོའི་རྣམ་པ་ཅན་དུ་བཞེད་དེ། རྒྱ་གར་དང་བལ་པོར་བྲིས་པའི་ཐང་སྐུ་རྙིང་པ་ལ་བྲིས་པ་དང་མཐུན་པར་སྣང་ངོ་། །ཞེས་བླ་མ་དག་གསུང་ངོ་། །ལྔ་པ་པུ་ཤུ་ནི་མདའ་ཡབ་ཀྱི་སྟེང་གི་ཐད་དུ་གྱེན་དུ་འགྲེང་བའི་ཚུལ་གྱིས་གནས་པ་སྟེ། དབྱིབས་ནི་རྗེ་བཙུན་དང་། འཕགས་པ་རིན་པོ་ཆེས་དྲྭ་མིག་གསེང་མའི་པུ་ཤུ་ཞེས་གསུངས་ཏེ། པུ་ཤུའི་རྣམ་པ་ཆ་ཕྲན་གཉིས་པ་ཁོར་ཡུག་ཏུ་ཡོད་པ་ལ་དྲྭ་མིག་གི་ནང་དུ་རིན་པོ་ཆེ་མིག་གསུམ་པ་ཡོད་པའོ། །འདིར་ཨ་བྷྱས་འོག་ཏུ་འཕྱང་བ་ལ་ཤར་བུ་དང་། སྟེང་དུ་བརྩེགས་པ་ལ་མདའ་ཡབ་ཀྱི་ཐ་སྙད་མཛད་ཅིང་། དབྱིབས་ཀྱང་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་དུ་བཞེད་དོ། །གསུམ་པ་ནི། སྟེང་ཐོག་ཀ་བ་ཤིང་བརྩེགས་དང་། །གདུང་དང་ཐོག་ཕུབ་རིམ་པ་དྲུག །ཞེས་པ་ལྟར་བཞི་ལས། ཀ་བ་ནི་འདིར་འཁོར་ལོ་གོང་མ་བཞི་པོ་རེ་རེ་ལ་བརྒྱད་བརྒྱད་གསུངས་པས་སུམ་ཅུ་རྩ་གཉིས་སོ། །ཤིང་བརྩེགས་ཀྱང་དེའི་རིགས་པས་སུམ་ཅུ་རྩ་གཉིས་སོ། །གདུང་ནི་ཟླུམ་པོ་བཞི་དང་། ཐལ་གདུང་མིག་མངས་རིས་སུ་བྲིས་པ་རྣམས་སོ། །བཞི་པ་ཐོག་ཕུབ་རིམ་པ་དྲུག་ལས། ཐོག་ཕུབ་དང་པོ་ནི་ནག་པོ་དཀྱིལ་ཆོག་ལས། ཨིནྡྲ་ནཱི་ལའི་ས་གཞི་ལ། །འཁོར་ལོ་གསུམ་གྱི་བདག་ཉིད་བསམ། །ཞེས་དང་། རྗེ་བཙུན་གྱིས། འཁོར་ལོ་ཐམས་ཅད་ཀྱི་ས་གཞི་ནི་སྔོན་པོ་ཡིན་ལ་ཞེས་གསུངས་པའི་དོན། རྩིག་པའི་ནང་དུ་རྒྱར་ཆ་ཆེན་གཅིག་པ། དཔངས་སུ་ཆ་ཕྲན་གཅིག་ཡོད་པའི་ལྷ་སྣམ་གྲུ་བཞི་པ་ཕྱོགས་མདོག་ཅན་ནི་དམ་ཚིག་གི་འཁོར་ལོ་ཡིན་ལ། དེའི་དབུས་ཀྱི་ཆ་ཆེན་དྲུག་སྔོན་པོར་བྱེད་པ་ནི། ཨིནྡྲ་ནཱི་ལའི་ས་གཞི་ཡིན་ཅིང་། དེའི་དཔངས་གཞུང་ལས་དངོས་སུ་མ་བཤད་ཀྱང་། སྐུ་འཁོར་གྱི་གདུང་དང་། ཕྱིའི་གསེར་གྱི་གདུང་ལེབ་མཉམ་པོར་འོང་དགོས་པའི་རིགས་པས་ཆ་ཕྲན་ཕྱེད་དང་དགུའོ། །དེའི་སྟེང་དུ་སྐུའི་འཁོར་ལོ་དཀར་པོ་ལྟེ་བའི་རྒྱར་ཆ་ཆེན་ལྔ་ལ་ཆ་ཕྲན་གཅིག་གིས་མ་ཆོགས་པ། དཔངས་ཆ་ཕྲན་གཉིས། དེའི་སྐེད་པར་རྩིབས་ཀྱི་དཔངས་ཆ་ཕྲན་གཅིག ཞེང་ལ་ཆ་ཕྲན་གཉིས་ཡོད་པས་བསྐོར་བ་ནི། རྗེ་བཙུན་གྱིས། ས་གཞིའི་སྟེང་དུ་རྩིབས་ཀྱི་ངོ་བོ་ཡར་ལ་ཅུང་ཟད་འཕགས་པ་ཡིན་ལ། རྩིབས་སོ་སོའི་མཐོ་དམན་གྱི་ཚད་ནི། ལྷ་སོ་སོའི་པུས་མོར་སླེབ་པ་ཙམ་ཡིན་ཅིང་ཞེས་པའི་དོན་ཏོ། །རྩིབ་ཀྱི་རྩེ་མོར་མུ་ཁྱུད་ཆ་ཕྲན་ཕྱེད་ཀྱིས་བསྐོར་བའི་སྟེང་དུ་རྭ་བ་དཔངས་སུ་ཆ་ཕྲན་གཉིས་པས་བསྐོར་བ་ནི། རྭ་བའི་ཚད་ལྷ་སོ་སོའི་སྐེད་པར་སླེབ་པ་ཞེས་གསུངས་པའི་དོན་ནོ། །ཨིནྡྲ་ནཱི་ལའི་ས་གཞིར། རྩིབས་བརྒྱད་ཀྱི་བར་མཚམས་སུ། རྭ་བ་དང་མཉམ་པའི་ཀ་རྟེན་བཙུགས་ནས། དེའི་སྟེང་དུ་ཀ་བ་ཆ་ཕྲན་ལྔ་པ་རེ་རེ་འཛུགས་པ་ནི། ཀ་བའི་ཚད་ལྷ་སོ་སོའི་དབུའི་སྟེང་ནས་ཡར་ཁྲུ་གང་འཕགས་པ་ཞེས་པའི་དོན་ཏོ། །དེ་དག་གི་སྟེང་དུ་ཤིང་བརྩེགས་ཆ་ཕྲན་གཅིག་དང་ཆ་ཕྲན་གཅིག་གི་ལྔ་ཆ་གཅིག དེའི་སྟེང་དུ་གདུང་ཟླུམ་པོ་ཆ་ཕྲན་གཅིག་ཡོད་པས་བསྐོར་ཏེ། དེ་དང་ཕྱིའི་གསེར་གྱི་གདུང་ལེབ་ཐད་མཉམ་པའི་སྟེང་དུ། ཕྱམ་བཏང་ནས་ཐོག་ཕུབ་སྟེ། གསེར་གྱི་གདུང་ལེབ་ཀྱི་ཕྱིར་བྱ་འདབ་ཆ་ཕྲན་གཉིས་འཕྱར་བའི་འོག་ཕྱོགས་སུ་རིལ་བ་སྤྱི་བླུགས་མཆུ་བཅད་པ་ཐུར་དུ་བསྒྲིགས་པ་ལྟ་བུའི་མདའ་ཡབ་ཆ་ཕྲན་གཉིས་དང་། སྟེང་དུ་རིན་པོ་ཆེའི་དྲྭ་མིག་གསེང་མའི་པུ་ཤུ་ཆ་ཕྲན་གཉིས་པས་བསྐོར་བ་ལ། གོས་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་། ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པའི་རྒྱན་དུ་མས་བསྐོར་བ་ནི། དམ་ཚིག་གི་འཁོར་ལོའི་ཐོག་ཕུབ་ཡིན་ལ། འདིའི་དྲྭ་བ་དང་། ཀ་བ་དང་། གདུང་རྣམས་ནི། སྐུ་འཁོར་གྱི་ཡིན་པས། འཁོར་ལོས་མཚན་པར་བྱའོ། །ཐོག་ཕུབ་གཉིས་པ་ནི་སྐུ་འཁོར་གྱི་ལྟེ་བའི་སྟེང་དུ། གསུང་འཁོར་དམར་པོ། ལྟེ་བའི་རྒྱར་ཆ་ཆེན་ཕྱེད་དང་བཞི། དཔངས་སྔ་མ་དང་འདྲ་བ་ལ། ལྟེ་བའི་སྐེད་པར་རྩིབས་དང་མུ་ཁྱུད། རྒྱ་དཔངས་སྔ་མ་དང་འདྲ། མུ་ཁྱུད་ཀྱི་སྟེང་དུ་རྭ་བ་དང་། ཀ་བའི་དཔངས་ཡང་སྔ་མ་དང་འདྲ་ཞིང་། དེའི་སྟེང་དུ་ཤིང་བརྩེགས་ཆ་ཕྲན་རེ་རེའི་སྟེང་དུ་གདུང་ཟླུམ་ཆ་ཕྲན་གཅིག་པ་བཀོད་དོ། །ཡང་སྐུ་འཁོར་གྱི་གདུང་ཟླུམ་གྱི་སྟེང་དུ། རྩིག་པ་དཔངས་སུ་ཆ་ཕྲན་གཅིག ཕ་གུ་དང་། དྲྭ་ཕྱེད་དང་། གསེར་གྱི་གདུང་ལེབ་ཟླུམ་པོ་གསུམ་ཆར་ལ་དཔངས་སུ་ཆ་ཕྲན་གཅིག་བྱས་པ་དང་། ནང་གི་གདུང་ཟླུམ་མཉམ་པའི་སྟེང་དུ། ཐོག་ཕུབ་སྟེ། འདིའི་ཐོག་ནི་སྐུ་འཁོར་གྱི་ཡིན་པས་འཁོར་ལོས་མཚན་པ་དང་། རྭ་བ་སོགས་ནི་གསུང་འཁོར་གྱི་ཡིན་པས་པདྨས་མཚན་པར་བྱའོ། །ཐོག་ཕུབ་གསུམ་པ་ནི་གསུང་འཁོར་གྱི་ལྟེ་བའི་སྟེང་དུ། ཐུགས་ཀྱི་འཁོར་ལོ་སྔོན་པོ། ལྟེ་བའི་རྒྱར་ཆ་ཆེན་གཉིས་དང་། ཆ་ཕྲན་གཅིག དཔངས་ཚད་སྔ་མ་དང་འདྲ། དེའི་སྐེད་པར། རྩིབས་དང་། མུ་ཁྱུད་དང་། རྒྱ་དཔངས་སྔ་མ་དང་འདྲ་བའི་མུ་ཁྱུད་ཀྱི་སྟེང་དུ། རྭ་བ་དང་། ཀ་བ་དང་། ཤིང་བརྩེགས་དང་། གདུང་ཟླུམ་རྣམས་ཀྱང་ཚད་སྔ་མ་བཞིན་དུ་བྱའོ། །ཡང་གསུང་འཁོར་གྱི་གདུང་ཟླུམ་གྱི་སྟེང་དུ། རྩིག་པ་ཆ་ཕྲན་གཅིག ཕ་གུ་དྲྭ་ཕྱེད། གདུང་ལེབ་གསུམ་ལ་ཆ་ཕྲན་གཅིག་སྟེ། དེ་དང་ནང་གི་གདུང་ཟླུམ་ཐད་མཉམ་པའི་སྟེང་དུ་ཐོག་ཕུབ་པ་ནི་གསུང་འཁོར་གྱི་ཡིན་པས། པདྨས་མཚན་པ་བྱ་ལ། རྭ་བ་སོགས་ནི་ཐུགས་འཁོར་གྱི་ཡིན་པས་རྡོ་རྗེས་མཚན་པར་བྱའོ། །ཐོག་ཕུབ་བཞི་པ་ནི། ཐུགས་འཁོར་གྱི་ལྟེ་བའི་སྟེང་དུ། སྣ་ཚོགས་པདྨ་ཡུ་བ་དང་ལྟེ་བའི་རྒྱར་ཆ་ཆེན་གཅིག་པ་ཡུ་བའི་དཔངས་ལ་ཆ་ཕྲན་ཕྱེད་ཡོད་པའི་སྟེང་དུ་འདབ་མ་རྒྱ་དཔངས་སྔར་གྱི་རྩིབས་དང་འདྲ་བའི་རྩེ་མོར་མུ་ཁྱུད་ཆ་ཕྲན་ཕྱེད་པའི་སྟེང་དུ། རྭ་བ་དང་། ཀ་བ་དང་། ཤིང་བརྩེགས་དང་། གདུང་ཟླུམ་རྣམས་སྔ་མ་དང་ཚད་མཉམ་པའོ། །ཡང་ཐུགས་འཁོར་གྱི་གདུང་གི་སྟེང་དུ་རྩིགས་པ་ནས་གདུང་ལེབ་ཀྱི་བར། སྔ་མ་ལྟ་བུ་བྱས་པ་ཐད་མཉམ་པའི་སྟེང་དུ་ཐོག་ཕུབ་པ་ནི། ཐུགས་འཁོར་གྱི་ཡིན་པས། རྡོ་རྗེས་མཚན་པ་བྱ་ལ། རྭ་བ་སོགས་ནི་བདེ་ཆེན་གྱི་འཁོར་ལོའི་ཡིན་པས་གྲི་གུག་གིས་མཚན་པ་བྱའོ། །ཐོག་ཕུབ་ལྔ་པ་ནི་བདེ་ཆེན་འཁོར་ལོའི་གདུང་ཟླུམ་གྱི་སྟེང་དུ་རྩིག་པ་ཆ་ཕྲན་ཕྱེད་དང་གཉིས་ལ། ལྔ་ཆ་གཅིག་གིས་མ་ཆོགས་པ། དེའི་སྟེང་དུ་ཕ་གུ། དྲྭ་ཕྱེད། གདུང་ལེབ་གསུམ་ལ་ཆ་ཕྲན་ཕྱེད་དང་གཉིས་བྱས་པའི་སྟེང་དུ་ཐལ་གདུང་བཞི། མིག་མངས་རིས་སུ་བྲིས་པའི་དཔངས་ལ་ཆ་ཕྲན་གཅིག དེའི་རེ་མིག་བརྒྱད་ཕུབ་པ་ནི། བདེ་ཆེན་འཁོར་ལོའི་ཐོག་ཕུབ་ཡིན་ནོ། །ཐོག་ཕུབ་དྲུག་པ་ནི། དེའི་དབུས་ཀྱི་གདུང་གྲུ་བཞིའི་སྟེང་དུ། རྩིག་པ་ཆ་ཕྲན་ཕྱེད་དང་གཉིས། དེའི་སྟེང་དུ་དྲྭ་ཕྱེད་ཕ་གུ་གསེར་གྱི་གདུང་ལེབ་རྣམས་ལ་ཆ་ཕྲན་ཕྱེད་དང་གཉིས་བྱས་པའི་སྟེང་དུ། ཐོག་གྲུ་བཞིར་ཕུབ་པ་ནི་གཙོ་བོའི་ཐོག་ཕུབ་སྟེ། རྡོ་རྗེ་ནོར་བུ་རིན་པོ་ཆེ་ཆ་ཆེན་གཅིག་པའི་ཏོག་གིས་སྤྲས་པའོ། །ཐོག་ཕུབ་གོང་མ་རྣམས་ལ་ཡང་། བྱ་འདབ་དང་། མདའ་ཡབ་དང་། པུ་ཤུ་རྣམས་ཀྱང་། ཇི་ལྟར་འཚམས་པ་བྱ་ཞིང་། གདུགས་དང་རྒྱལ་མཚན་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པར་བྱའོ། །ཡང་ཀ་བ་རྣམས་ཀྱི་ཕྱི་སོ་དང་། རྭ་བ་རྣམས་ཕྱི་སོ་མཉམ་པོར་བྱས་པའི་ཀ་བའི་བར་མཚམས་སུ་རྭ་བས་བསྐོར་བ་འབྱུང་ཞིང་། ཀ་བའི་ཐད་དུ་ཀ་གདན་རང་རང་གི་འོག་མའི་ལྟེ་བའི་ཐད་དུ་འཛུགས་པ་ཡང་ཐམས་ཅད་ལ་འདྲ་འོ། །འདིའི་ཐོག་གོང་མ་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་བར་དང་། རྩིག་པའི་ནང་ངོས་ཀྱི་རྒྱ་མཉམ་པ་ནི་ལུས་མི་མཉམ་པ་མེད་པ་རྣམ་པར་དག་པ་མཚོན་ལ། འཁོར་ལོ་སོ་སོའི་ལྟེ་བ་སོགས་ཀྱི་གཅོད་ཚུལ་ནི། རྗེ་བཙུན་གྱིས་ནག་པོ་དཀྱིལ་ཆོག་ལས། ཕྱིའི་དཀྱིལ་འཁོར་གྱི་དབྱིབས་ནི་དཀྱིལ་འཁོར་གཞན་དང་མཐུན་ནོ། །ནང་མ་ཆ་ཆེན་བཞི་གནས་པ་ལས། ཆ་ཆེན་དང་པོ་གཅིག་བདེ་ཆེན་འཁོར་ལོ་ལ་བཏང་སྟེ། དེ་ཡི་ཡང་ཕྱེད་ལྟེ་བ་ལ། ཕྱེད་འདབ་མ་ལ། དེ་ནས་ཆ་ཆེན་གཉིས་ལ་ཐག་པ་བརྐྱང་བ་ཆ་གསུམ་མཉམ་དུ་བྱས་ལ། དབུས་སུ་ཕུར་བུ་བཏབ་ལ། དེ་ལ་སྲད་བུ་སྲ་བ་ཉིས་ལྟབ་ཏུ་བྱས་ལ། རྡོ་རྒྱུས་ལ་སོགས་པས་འཁོར་ལོ་རེ་བསྐོར། དེ་ནས་རང་རང་གི་གནས་ཀྱི་ནང་དུ་པན་རེག་གི་ཕྱེད་ཚད་ཙམ་རེ་བསྐོར་ལ། ལྟེ་བའི་གེ་སར་དང་། གྲི་གུག་ལ་སོགས་པའི་རྭ་བ་བྱའོ། །རྡོ་རྒྱུས་ལ་སོགས་པས་པདྨ་འཁོར་ལོའི་རྩིབས་དང་། རྐང་པའི་རི་མོ་བྲིའོ། །ཆ་ཆེན་གཅིག་དམ་ཚིག་གི་འཁོར་ལོ་སྟེ་ལྷ་སྣམ་ལ་བཞག་གོ །སྤྱོད་པ་བ་ཉིད་ཀྱི་དགོངས་པའོ་ཞེས་གསུངས་པའི་དོན་ཏེ། བདེ་ཆེན་འཁོར་ལོའི་ནང་དུ་པན་རེག་གི་ཕྱེད་ཚད་བསྐོར་རྒྱུ་མེད་པས་དེ་ཉིད་ཕྱི་ནས་བསྐོར་ཏེ། ལྷག་མ་ཆ་ཕྲན་ཕྱེད་དང་བརྒྱད་ལ་དུམ་བུ་གསུམ་དུ་བྱས་ནས་བསྐོར་བའི་ཚེ་ཇི་ལྟ་བ་བཞིན་འགྲིག་པའོ། །ཡང་དཱ་རི་ཀ་པས། ཚངས་པའི་ཐིག་གི་ངོས་དེ་རུ། །རེ་རེ་ལྔར་བྱ་ཉི་ཤུ་གདབ། །ཕོ་བྲང་ལ་གཉིས་གེ་སར་གཅིག །གསུམ་གསུམ་གྱི་ནི་འཁོར་ལོ་རྣམས། །ཀ་བ་རྡོ་རྗེ་གྲི་གུག་ཕྲེང་། །པདྨ་འཁོར་ལོ་རེ་རེ་བྱ། །གཅིག་གིས་ཕྱི་ཡི་ཁྱམས་ཡིན་ཏེ། །ཞེས་གསུངས་པ་ལྟར་གཅོད་ན་ཡང་། དཔངས་ཚད་ནི་སྔ་མ་ལས་མ་འདས་སོ། །ཕྱིའི་རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ཞེས་ཀྱང་བྱ། ཁྱམས་ཞེས་ཀྱང་བྱ་བ་ཁ་དོག་དམར་པོ། རྒྱ་དཔངས་ཆ་ཕྲན་གཉིས་པ། དཀྱུས་སུ་སྒོ་ཁྱུད་ཀྱི་རྒྱབ་ནས། གཅིག་ཤོས་ཀྱི་སྒོ་ཁྱུད་ཀྱི་རྒྱབ་ཀྱི་བར་དུ་སོང་བའི་སྟེང་དུ། རིག་མ་བཅུ་དྲུག་ཕྱོགས་རེ་རེར་བཞི་བཞི་སྟེ། ཐམས་ཅད་ཀྱང་འཛུམ་པའི་བཞིན་ལ་མཛེས་པའི་རྒྱན་དང་ལྡན་པ་རྣམས་ལག་ན་རང་རང་གི་མཆོད་རྫས་འཛིན་པ་ཞལ་ནང་དུ་བལྟས་ནས་བཅོམ་ལྡན་འདས་ལ་མཆོད་པ་འབུལ་བའོ། །བཞི་པ་སྒོ་ལ། དརྤན་གྱིས་སྒོ་ཆེ་བ་ལ་དཔངས་སུ་ཆ་ཆེན་གསུམ་དང་། ཆུང་བ་ལ་དཔངས་སུ་ཆ་ཆེན་གཉིས་ཡོད་པར་གསུངས་པ་ལས། འདིར་རྟ་བབས་དཔངས་སུ་སྒོ་ཚད་གཅིག་མའི་ཚེ། ཕྱི་མ་ཉིད་ཁས་ལེན་དགོས་པས། རྩིག་པའི་དཀྱིལ་དུ་རྒྱར་ཆ་ཆེན་གཅིག་པ། དཔངས་སུ་ཆ་ཆེན་གཉིས་པ་བཅད་པའི་སྒོའི་བུག་པ་བྱས་ནས། གཡས་གཡོན་གྱི་རྩིག་པ་ལྔ་ཆར་གྱི་རྒྱུན་མདུན་ཕྱོགས་སུ་ཆ་ཆེན་གཅིག་སོང་བ་ནི་སྒོ་ཁྱུད། དེ་ནས་གཡས་གཡོན་དུ་ནང་ངོས་ཀྱི་ཆ་ཕྲན་གཉིས་གཉིས་སོང་བ་ནི་སྒོ་འགྲམ། དེ་ནས་མདུན་ཕྱོགས་སུ་ནང་ངོས་ཀྱི་ཆ་ཕྲན་གསུམ་གསུམ་སོང་བ་ནི་སྒོ་ལོགས་ཡིན་ནོ། །རྗེ་བཙུན་གྱིས། སྒོ་ནི་ས་ལ་བྲིས་པ་བཞིན་བརྩེགས་ནས་ཀྱང་ཡོད་པར་འདོད་དོ་ཞེས་སོགས་ཀྱི་དོན། སྤྱིར་སྒོ་ཁང་བྲིས་པ་བཞིན་བརྩེགས་ནས་ཀྱང་ཡོད་པར་འདོད་ལ། དམིགས་བསལ་བྲི་བྱའི་ཡ་ཕུབས་ནི་སྒོའི་དངོས་གཞིའི་ཐད་ཀྱི་རྩིག་རྒྱུན་མ་ཆད་པར་མཚོན་པའི་ཕྱིར། དེར་བྲིས་པ་ཡིན་གྱི། བསྒོམ་བྱ་ལ་ཡ་ཕུབས་ཀྱི་ཐད་ཀྱི་རྩིག་པ་མེད་པར་འདོད་དོ། །འོ་ན་བསྒོམ་བྱ་ལ་རྩིག་རྒྱུན་ཆད་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། སྒོའི་སྟེང་དུ་ཡང་ཆ་ཆེན་གཉིས་ཀྱི་རྩིག་རྒྱུན་མ་ཆད་པར་ཡོད་པའི་ཕྱིར་རོ། །དེས་ན་སྒོ་ཁང་གི་རྩིག་པའི་དཔངས་ནི་ཆ་ཆེན་གཉིས་པ་ཡིན་ལ། སྒོ་ལོགས་ཀྱི་རྩིག་གདོང་ནི་མཉམ་པར་བཅད་པ་ཡིན་གྱི། གསེགས་དྲས་ནི་མི་དགོས་སོ། །ལྔ་པ་རྟ་བབས་ནི། རྗེ་བཙུན་གྱིས་སྒོ་ཁང་གི་སྟེང་འགེབས་པ་ནི་རྟ་བབས་ཡིན་པས་ཞེས་སོགས་ཀྱི་དོན། རྟ་བབས་ཀྱིས་སྒོ་ཁང་གི་སྟེང་འགེབས་དགོས་པས། སྒོ་ལོགས་ཀྱི་ཕྱི་མཐའ་ཆ་ཕྲན་རེ་རེ་སོང་བའི་སར་ནང་ངོས་འདོད་སྣམ་ལ་རེག་པ་དང་། ཕྱི་ངོས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ཟད་མཚམས་སུ་སྟེགས་བུ་གྲུ་བཞི་དཔངས་སུ་ཆ་ཕྲན་གཅིག དེའི་སྟེང་དུ་བུམ་པ་ཆ་ཕྲན་གཅིག དེའི་སྟེང་དུ་ཀ་བ་ཆ་ཕྲན་ལྔ་པ་བཞི་འཛུགས་སོ། །དེ་དག་གི་སྟེང་དུ་ཞུ་རིང་ཐུང་གཉིས་ལ། དཔངས་སུ་ཆ་ཕྲན་གཅིག སྲིད་དུ་ཞུ་རིང་ཆ་ཕྲན་གཉིས་ཡོད་པ། རྩེ་མོ་ཀ་རྒྱན་དང་། མུན་པའི་ཕྱེད་ནོན་པའི་ཚུལ་གྱིས་ཡོད་པའོ། །དེའི་སྟེང་དུ་མདུན་ངོས་ལ་གདུང་དཀྱུས་སུ་ཆ་ཆེན་བཞི། དཔངས་སུ་ཆ་ཕྲན་གཅིག་ཡོད་པ་དང་། ཀ་བ་ནང་མ་གཉིས་ཀྱི་སྟེང་དུ་ཡང་དེ་དང་མཉམ་པའི་གདུང་འགོད་དོ། །དེའི་སྟེང་དུ་རྟ་བབས་སྣམ་བུ་འོག་མ་དཀྱུས་སུ་ཆ་ཆེན་བཞི། ཞེང་དུ་ཆ་ཕྲན་ལྔ་ཡོད་པས་བཀབ། དེའི་སྟེང་དུ་སྣམ་བུ་གོང་མ་གསུམ་གཡས་གཡོན་དང་། མདུན་ངོས་གསུམ་ཆ་ཕྲན་རེ་རེ་ཐུང་བ་བརྩེགས་ཏེ། མཆོད་རྟེན་གྱི་བང་རིམ་ལྟར་ཡོད་པའི་སྟེང་མ་ལ་དཀྱུས་སུ་ཆ་ཕྲན་བཅུ་དང་། ཞེང་དུ་ཆ་ཕྲན་གཉིས་ཡོད་པའོ། །དེའི་དབུས་སུ་པདྨ་འཁོར་ལོ་གདུགས་གསུམ་ཆ་ཆེན་གཅིག་གི་ཚད་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་གཉིས་དང་། མཇུག་མའི་ངོས་སུ་གདུགས་འཛིན་པའི་སྤྲེའུ་གཉིས་དང་། སྣམ་བུའི་རིམ་པ་རྣམས་ལ་རྒྱལ་མཚན་དང་། བ་དན་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །སྣམ་བུ་བཞི་ཆར་གྱི་ནང་ངོས་མཉམ་པ་དང་། སྒོའི་སྟེང་གི་ལོགས་ཀྱི་རྩིག་པའི་བར་ན་ཆ་ཕྲན་གཉིས་སྟོང་པར་ཡོད་པ་ནི་རྩིག་པའི་དངོས་གཞི་དང་། རྟ་བབས་ཀྱི་བར་ན་ནམ་མཁའ་སྟོང་པ་དང་བཅས་པའི་དོན་ཡིན་ཞིང་། སྒོ་ཁང་གི་རྩིག་པ་དང་། རྟ་བབས་ཀྱི་བར་ན་ཆ་ཕྲན་གཅིག་ཡོད་པ་ནི་ཀ་བ་བཞིས་མཐོ་བར་བཏེག་པ་ཞེས་དང་། ཀ་བ་བཞི་དགོས་པའི་དོན་ཀྱང་ཡིན་ནོ། །ཀ་བའི་གདན་ལ་སྟེགས་བུ་དང་། བུམ་པ་ཡོད་པ་ནི་ཀླུའི་བློས། བུམ་པ་ཀ་བའི་སྟེང་གནས་པའི། །སྒོ་ལ་སུམ་འགྱུར་རྟ་བབས་ཏེ། །ཞེས་དང་། ཕྲེང་བར། སྟེགས་བུ་བུམ་པ་ལ་གནས་པའི། །རྟ་བབས་ཀ་བ་དྲང་པོར་བྱ། །ཞེས་པས་འགྲུབ་ཅིང་། རྟ་བབས་འདེགས་པའི་གདུང་དགོས་པ་ནི། རིན་ཆེན་འབར་བར། ཡ་ཕུབ་ཐ་མ་རྡོ་རྗེའི་གདུང་། །ཞེས་པས་འགྲུབ་བོ། །འདི་ཉིད་བྲི་བྱ་ལ་མེད་དོ་སྙམ་ན། ཡ་ཕུབ་དང་། རྟ་བབས་ཀྱི་བར་གྱི་ཆ་ཕྲན་གཅིག་པོ་དེ་ཉིད། སློབ་དཔོན་འདིས་གདུང་གི་ཐིག་ཏུ་འདོད་དེ། ཡ་ཕུབ་ཐ་མ་རྡོ་རྗེའི་གདུང་། །བདུན་པ་རྟ་བབས་དག་ཏུ་འགྱུར། །ཞེས་པ་བྲི་བྱའི་སྐབས་སུ་བཤད་པའི་ཕྱིར་རོ། །ཤྲ་དྡྷས་གདུང་ཐིག་དང་། མུན་སྣམ་གང་གི་ཡང་གསལ་ཁ་མེད་ཅིང་། དབང་ཆུར་ནམ་མཁའ་ཞེས་བཤད་པས་མུན་སྣམ་དུ་བཞེད་པ་གདམ་ཁ་ཅན་དེ་གང་ལྟར་ཡང་བསྒོམ་པ་ལ་ནི་ཁྱད་མེད་དོ། །གུན་དྷ་རི་ནི། སྣམ་བུ་འོག་མའི་ནང་ངོས་དཔངས་སུ་ཆ་ཕྲན་ཕྱེད་ཙམ་གྲུས་པའི་དབྱིབས་མཛེས་པོ་འབྱུང་ལ། དྲྭ་བ་དང་དྲྭ་བ་ཕྱེད་པ་ལ་སོགས་པའི་གནམ་རྒྱན་སྣ་ཚོགས་པ་འདོགས་པའོ་ཞེས་པ་འདི་རྗེ་བཙུན་གྱི་དགོངས་པའོ་སྙམ་དུ་ཁོ་བོ་སེམས་སོ། གཞལ་ཡས་ཁང་དེར་ལྷ་སུམ་ཅུ་སོ་བདུན་ལ། པདྨ་དང་ཉི་མའི་གདན་རེ་རེ་ནི་འདྲ་ལ། ཁྱད་པར་གཙོ་བོ་ལ་འཇིགས་བྱེད་དང་། དུས་མཚན་གྱི་གདན་དང་། སྒོ་མཚམས་མ་བརྒྱད་ལ་ཡི་དྭགས་ཀྱི་གདན་ཏེ། སློབ་དཔོན་གྱི་གཞུང་ལས། སྒོ་མཚམས་མ་བརྒྱད་བཤད་མ་ཐག་ཏུ། ཐམས་ཅད་ཀྱང་ཡི་དྭགས་ཀྱི་གདན་ལ་བཞུགས་པ། སེམས་ཅན་གྱི་དོན་མཛད་པ་ལ་བརྩོན་པ་ཞེས་གསུངས་པའི་དོན། འཁོར་གྱི་ལྷ་ཐམས་ཅད་ལ་སྦྱར་ན། སྔོན་བྱུང་གི་རྣམ་འཕྲུལ་དང་འགྲིག་པར་སྣང་ཡང་། འདིའི་འགྲེལ་པར། ཡི་དྭགས་ཀྱི་གདན་ལ་གནས་ཤིང་། འཇིགས་པ་ཆེན་མོ་ཞེས་བྱ་བ་ནི་བརྒྱད་ཆར་ལ་ཡང་རིག་པར་བྱའོ། །དུར་ཁྲོད་དུ་གནས་པ་ཅན་ཉིད་ཀྱི་ཕྱིར་འདི་རྣམས་ཀྱི་གདན་རོ་ཉིད་དོ་ཞེས་གསུངས་པ་ལ་བརྟེན་ནས། རྗེ་བཙུན་དང་། འཕགས་པས་ཀྱང་སྒོ་མཚམས་མ་བརྒྱད་ཁོ་ན་ལ་སྦྱར་བར་མཛད་དོ། །གཉིས་པ་བརྟེན་པ་བཤད་པ་ལ་གཉིས་ཏེ། གཙོ་བོ་ཡབ་ཡུམ་གྱི་རྣམ་པ། འཁོར་གྱི་ལྷ་རྣམས་ཀྱི་རྣམ་པ་བཤད་པའོ། །དང་པོ་ནི། སློབ་དཔོན་གྱི་གཞུང་ལས། བཅོམ་ལྡན་འདས་ཞལ་བཞི་པ། སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། སྐུ་མདོག་མཐིང་ག གཡས་བརྐྱང་བས་བཞུགས་པ། འཇིགས་བྱེད་དང་དུས་མཚན་མནན་པ། རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། ཕྱག་གཞན་གཉིས་ཀྱིས་གླང་པོ་ཆེའི་ལྤགས་པའི་ན་བཟའ་བསྣམས་པ། གཡས་པའི་ཕྱག་གསུམ་པ་ལ་ཌཱ་མ་རུ། བཞི་པ་ལ་དགྲ་སཏྭ། ལྔ་པ་ལ་གྲི་གུག དྲུག་པ་ལ་མདུང་རྩེ་གསུམ་པ་བསྒྲེང་བ། གཡོན་པའི་ཕྱག་གསུམ་པ་ལ་ཁ་ཊྭཱཾ་ག་རྡོ་རྗེས་མཚན་པ། བཞི་པ་ལ་ཁྲག་གིས་བཀང་བའི་ཐོད་པ་དང་། ལྔ་པ་ལ་རྡོ་རྗེ་ཞགས་པ། དྲུག་པ་ལ་ཚངས་པའི་མགོ་བོ་བསྣམས་པ། རལ་པ་དང་ཅོད་པཎ་གྱིས་བརྒྱན་པ། ཐོད་པའི་ཕྲེང་བའི་ཐོད་ཅན། ཟླ་བ་ཕྱེད་པར་འཇོག་པ། སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་རྒྱན་ཅན། ཞལ་རྣམ་པར་འགྱུར་བ། མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། སྐུ་མདོག་མཐིང་ཁར་བསམ་པར་བྱའོ། །ཞལ་གཡས་པ་ཤིན་ཏུ་སེར་བ། རྒྱབ་ཞལ་པདྨ་རཱ་ག་ལྟ་བུའི་མདོག་ཅན། གཡོན་པ་མརྒད་ལྟ་བུའི་མདོག་ཅན། སྟག་གི་ལྤགས་པའི་ན་བཟའ་བསྣམས་པའོ། །མི་མགོ་རློན་པའི་ཕྲེང་བ་འཕྱང་བ། རྣ་ཆ་དང་། གདུ་བུ་དང་། མགུལ་རྒྱན་དང་། སྤྱི་གཙུག་ནོར་བུས་བརྒྱན་པ། མཆོད་ཕྱིར་ཐོགས་འཆང་བ། ཐལ་བ་དང་ཕྱག་རྒྱ་དྲུག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་ཕྱིར། ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ། །དེའི་སྤྱན་སྔར་བཅོམ་ལྡན་འདས་མ་ཡུམ་སྐུ་མདོག་དམར་མོ། ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་གཉིས་པ། སྐྲ་གྲོལ་བ། གཅེར་བུ། དུམ་བུའི་སྐ་རགས་ཀྱིས་བརྒྱན་པ། ཕྱག་གཡོན་པས་འཁྱུད་ནས་གདུག་པ་དང་། བདུད་ལ་སོགས་པའི་ཁྲག་གིས་བཀང་བའི་ཐོད་པ་བསྣམས་པའོ། །གཡས་པས་ཕྱོགས་ཐམས་ཅད་དུ་གདུག་པ་ཅན་རྣམས་ལ་སྡིགས་མཛུབ་བྱེད་པའི་རྡོ་རྗེ་བསྣམས་པ། བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཆེན་པོ་དང་ལྡན་པའོ། །ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ་བྱིན་པ་གཉིས་འཁྱུད་པ། བདེ་བ་ཆེན་པོ་ཐུགས་རྗེའི་བདག་ཉིད་ཅན་ནོ། །ཞེས་གསུངས་སོ། །འདིའི་དོན་ལ་སྐུ་མདོག་དང་ཕྱག་མཚན་བཤད་པ། རྒྱན་ཆ་དང་གདན་བཤད་པ། དེ་དག་གི་རྣམ་དག་བཤད་པ་དང་གསུམ་ལས། དང་པོ་ནི། སྐུ་བྱིན་པོ་མཐིང་ག་ཡིན་ལ། དེའི་སྟོབས་ཀྱིས་རྩ་བའི་ཞལ་ཡང་དེ་དང་འདྲ་ཞིང་། ཞལ་གཞན་གསུམ་ནི་འདིར་ཕྱོགས་མདོག་སྟེ། རྗེ་ས་ཆེན་གྱིས། ནག་པོ་པའི་སྐབས་སུ་བཅོམ་ལྡན་འདས་ཀྱི་ཞལ་ལ་སོགས་པ་འདི་རྡོ་རྗེ་མཁའ་འགྲོའི་རྗེས་སུ་འབྲང་། ལཱུ་ཧི་པ་ཨ་བྷི་དྷ་ནའི་རྗེས་སུ་འབྲང་ཞེས་གསུངས་ཤིང་། རྡོ་རྗེ་མཁའ་འགྲོར་གཡོན་ཞལ་དམར་བ། རྒྱབ་ཞལ་སེར་བ། གཡས་ཞལ་དཀར་བ་གསུངས་ལ། ཨ་བྷི་དྷ་ན་ནས་སྔ་མ་ལྟར་གསུངས་པའི་ཕྱིར་རོ། །ཕྱག་བཅུ་གཉིས་ཀྱི་གྱེས་ཚུལ་ལ། གཡས་གཡོན་གྱི་དྲུག་དྲུག་མདུན་ནས་རྒྱབ་དུ་བསྒྲིགས་པའི་ཚུལ་གྱིས་ཡོད་པ་ལས། དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་ལྤགས་པ་རློན་པའི་ལག་པ་གཡོན་པ་དང་། རྐང་པ་གཡོན་པ་གཉིས་ནས་བཟུང་སྟེ་སྤུ་ཕྱིར་བསྟན་པ། མཐོ་དམན་གཙོ་བོའི་སྨིན་མཚམས་ཀྱི་ཐད་དང་མཉམ་པར། ཕྱག་མཚན་ཐམས་ཅད་ཀྱི་ཕྱི་རོལ་དུ་བརྒྱངས་ཏེ་འཛིན་པའོ། །གཡས་ཀྱི་གསུམ་པ་ན་ཌཱ་མ་རུ་ནི་རྔེའུ་ཆུང་སྐེད་པ་ཉག་པའོ། །བཞི་པ་ན་དགྲ་སཏྭ་ནི་ཡུ་བ་ཁྲུ་གང་ཡོད་པའི་རྩ་བ་དང་རྩེ་མོར་རྡོ་རྗེ་ཕྱེད་པས་མཚན་པ་སྟེང་གི་རྡོ་རྗེ་ཕྱེད་པའི་འོག་ཏུ་དགྲ་སཏྭ་ཁ་བོ་ཆེ་མེ་ལོང་ཕྱེ་བཀས་པ་ལྟ་བུའི་ཟླུམ་པོའི་ཕྱོགས་སུ་ཡུ་བ་འདོགས་པའོ། །ལྔ་པ་ན་གྲི་གུག་ནི་རྡོ་རྗེ་ཕྱེད་པའི་འོག་ཏུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་གྲི་གུག་ཁ་ལ་སོར་བཅུ་གཉིས་ཡོད་པའོ། །དྲུག་པ་ན་མདུང་རྩེ་གསུམ་པ་ནི་ཡུ་བ་ཁྲུ་གང་ཡོད་པའི་རྩ་བ་དང་། རྩེ་མོར་རྡོ་རྗེ་ཕྱེད་པའི་སྟེང་དུ་པདྨ། དེའི་སྟེང་དུ་རལ་གྲིའི་སོ་ལྟ་བུ་གསུམ་ལ་དབུས་རིང་ཞིང་། གཡས་གཡོན་ཅུང་ཟད་ཐུང་བའོ། །གཡོན་གྱི་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ནི་མངོན་བརྗོད་ལས། མཆོད་ཕྱིར་ཐོགས་དང་འབྲེལ་བའི་རྡོ་རྗེ་ཁ་ཊྭཱཾ་ག སྟེང་དུ་རྩེ་མོ་ལྔ་པའི་རྡོ་རྗེ་རབ་ཏུ་འཇིགས་པར་རྡོ་རྗེ་དྲིལ་བུ་རབ་ཏུ་འཕྱང་ཞིང་སྣ་ཚོགས་པའི་བ་དན་རབ་ཏུ་དཔྱངས་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ། འོག་ཏུ་རྡོ་རྗེ་རྩེ་གཅིག་པ་ཞེས་གསུངས་ཤིང་། ཨུ་མཱ་པ་ཏི་ཏ་ཏྲས་མཛད་པའི་ཕག་མོའི་སྒྲུབ་ཐབས་སུ་ཐུར་དུ་རྩེ་གཅིག་པ། གྱེན་དུ་རྩེ་ལྔར་ཡོད་པ་ནག་པོ་ཡུ་བ་དང་བཅས་པ། སྐམ་པོ་དང་། རློན་པའི་མགོ་བོ་དང་། སྣ་ཚོགས་རྡོ་རྗེ་དང་། གསེར་གྱི་བུམ་པའི་རྩ་བ་ནས་འཐོན་པ་གཡེར་ཁའི་སྒྲ་དང་བཅས་པའི་སྣ་ཚོགས་ཀྱི་བ་དན་དང་ལྡན་པས་མཛེས་པར་བྱས་པའི་ཁ་ཊྭཱཾ་ག་ཞེས་བཤད། ཕག་མོ་ཤེས་རབ་སྣང་བའི་སྒྲུབ་ཐབས་སུ། དབྱུག་པ་དཀར་པོ་རྩེ་མོར་རྡོ་རྗེ་རྩེ་ལྔ་པ། དེའི་འོག་ཏུ་མི་མགོ་སྐམ་པོ་དང་། རྙིང་པ་དང་། གསར་པ་རློན་པ་དང་། དེའི་འོག་ཏུ་སྣ་ཚོགས་རྡོ་རྗེ། དེའི་འོག་ཏུ་གསེར་གྱི་བུམ་པ། དེ་མན་ཆད་དབྱུག་པ་སྒྲ་དང་བཅས་པའི་དྲིལ་བུ་གཡེར་ཁས་བརྒྱན་པ། བ་དན་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་ཞེས་བཤད་དོ། །འདིར་ཕམ་འཐིང་བའི་མན་ངག་བརྒྱུད་པ་ལས། འོག་ཏུ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པའི་སྟེང་དུ། ཡུ་བ་བརྒྱད་གཞོགས་སུ་བྱས་པ་ལ་གྱེན་དུ་འཕེལ་ཁ་ཆེ་བའི་རྣམ་པ་ཅན། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་བུམ་པ། དེའི་སྟེང་དུ་ཐོད་པ་སྐམ་པོ་གསུམ། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པས་མཚན་པ། བུམ་པའི་འོག་དུ་དྲིལ་བུ་དང་། ཌཱ་མ་རུ་དང་། འཕན་འཕྱང་བ་སྟེ། དེ་ཡང་འོག་གི་རྡོ་རྗེ་རྩེ་ལྔ་པ་ནི་འགྲོ་བ་རྒྱུད་ལྔ་མཚོན་ཅིང་། ཡུ་བ་བརྒྱད་གཞོགས་ནི་འཕགས་ལམ་ཡན་ལག་བརྒྱད་མཚོན་ལ། གྱེན་དུ་འཕེལ་ཁ་ཆེ་བ་ནི་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་དེ་མཚོན་ཞིང་། དེས་འགྲོ་བ་རྒྱུད་ལྔ་འདྲེན་པར་བྱེད་པའོ། །གང་དུ་ཞེ་ན་སྐུ་གསུམ་གྱི་སར་འདྲེན་པར་བྱེད་པའོ། །དེ་ཡང་སྣ་ཚོགས་རྡོ་རྗེ་ནི་ཕྲིན་ལས་སྣ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པས་སྤྲུལ་སྐུ་མཚོན་ཞིང་། བུམ་པས་ནི་བདེ་བ་ཆེན་པོ་སྟེ་ལོངས་སྐུ་མཚོན་པར་བྱེད་ལ། ཐོད་པ་སྐམ་པོ་གསུམ་གྱིས་ནི་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་གྱི་ཆོས་སྐུ་མཚོན་པར་བྱེད་དོ། །དེའི་སྟེང་གི་རྡོ་རྗེ་རྩེ་ལྔ་པས་ནི་སྐུ་གསུམ་པོ་རེ་རེ་ཡང་ཡེ་ཤེས་ལྔ་ལྔའི་བདག་ཉིད་ཅན་དུ་མཚོན་པར་བྱེད་དོ། །དེ་དག་ནི་ཐུགས་ཀྱི་གསང་བ་མཚོན་ལ། དྲིལ་བུ་དང་། ཌཱ་མ་རུ་ནི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། འཕན་གྱིས་ནི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་མཚོན་པ་ཡིན་ནོ་ཞེས་འབྱུང་ངོ་། །བཞི་པ་ན་ཁྲག་གིས་གང་བའི་ཐོད་པ་ནི། ལྷ་དང་ལྷ་མ་ཡིན་གྱི་མགོ་བོའི་ནང་དུ་བདུད་བཞིའི་ཁྲག་བླུགས་པའོ། །ལྔ་པ་ན་རྡོ་རྗེ་ཞགས་པ་ནི་རྩ་བ་དང་། རྩེ་མོར་རྡོ་རྗེ་ཕྱེད་པས་མཚན་པའི་ཞགས་པ་སེར་པོ་གསུམ་ལྟབ་ཏུ་བྱས་ནས་འཛིན་པའོ། །དྲུག་པ་ན་ཚངས་པའི་མགོ་བོ་ནི། མགོ་བོ་གདོང་བཞི་པའི་སྐྲ་ནས་འཛིན་པའོ། །ཕྱག་གི་གྱེས་ཚུལ་དང་། ཕྱག་མཚན་གྱི་འཛིན་ཚུལ་འདི་ལྟ་བུ་ནི། གཞུང་འགྲེལ་དང་། རྗེ་བཙུན་མཆོག་གིས་གསུངས་ཀྱང་། དེང་སང་གི་ཟིན་བྲིས་འགའ་ཞིག་ལས། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ་དང་། གཡོན་གྱི་གསུམ་པ་ན་ཚངས་པའི་མགོ་བོ་འཛིན་པ་ནི། ཌཱ་མ་རུའི་སྒྲས་ཚངས་པ་གཏི་མུག་གི་རང་བཞིན་ཡིན་པས། དེ་ལས་སད་པར་བྱེད་པ་མཚོན་ནོ། །གཡས་ཀྱི་བཞི་པ་ན་དགྲ་སཏྭ་དང་། གཡོན་གྱི་བཞི་པ་ན་ཞགས་པ་འཛིན་པས་ནི་ཞགས་པས་བདུད་དང་ཉོན་མོངས་འཆིང་བར་བྱེད་ཅིང་། དེ་དགྲ་སཏྭས་གཅོད་པ་མཚོན། གཡས་ཀྱི་ལྔ་པས་གྲི་གུག་དང་། གཡོན་གྱི་ལྔ་པས་ཐོད་པ་ཁྲག་གིས་གང་བ་འཛིན་པས་ནི། གྲི་གུག་གིས་ལྷ་དང་ལྷ་མ་ཡིན་གྱི་མགོ་བཅད་ནས། དེའི་ནང་དུ་ཁྲག་བླུགས་པ་མཚོན། གཡས་ཀྱི་དྲུག་པས་མདུང་རྩེ་གསུམ་འཛིན་པ་དང་། གཡོན་གྱི་དྲུག་པས་ཁ་ཊྭཱཾ་ག་འཛིན་པ་ནི་ཚར་བཅད་དང་། རྗེས་འཛིན་མཚོན་པ་ཡིན་ནོ་ཞེས་བྲིས་ཤིང་། དེ་ལ་གཡས་ཡས་འགྱེད་དང་། གཡོན་མས་འགྱེད་ཀྱི་ཐ་སྙད་བྱེད་དོ། །འདི་ལྟ་བུ་ནི་བདེ་མཆོག་གི་རྒྱུད་འགྲེལ། གཞུང་ཕྲན། རྗེ་བཙུན་མཆོག་གི་གསུང་རབ་རྣམས་ལས་མི་འབྱུང་ཞིང་། རྗེ་བླ་མ་རྣམས་ཀྱིས་གསུངས་པ་ཡང་མེད་ལ། རྗེ་བཙུན་གྱིས་གསུངས་པའི་རྣམ་དག་དང་ཡང་འགལ་བས་དོར་བར་བྱ་བ་ཡིན་ནོ། །ཁ་ཅིག་དེ་ཨ་བྷྱའི་བཞེད་པ་ཡིན་ཞེས་ཟེར་བར་སྣང་ཡང་། དེས་མཛད་པའི་སྒྲུབ་ཐབས་འཁྲུལ་སྤོང་དང་། རྡོ་རྗེ་ཕྲེང་བའི་བདེ་མཆོག་གི་སྐབས་རྣམས་སུ་ལཱུ་ཧི་པའི་གཞུང་ཇི་ལྟ་བ་བཞིན་མཛད་པར་སྣང་གི འདི་ལྟ་བུའི་ཕྱག་མཚན་འཛིན་ཚུལ་བྱས་པ་གཏན་མི་སྣང་ངོ་། །དེས་ན་ཡས་འགྱེད་མས་འགྱེད་ཀྱི་འཁྲུལ་གཞི་ནི། སློབ་དཔོན་སྤྱོད་པའི་རྡོ་རྗེས། སྒྲུབ་ཐབས་ཀྱི་མཆོད་བརྗོད་དུ། ཡི་དྭགས་གདན་ལ་བཞུགས་ཤིང་ཞལ་རྣམས་ཀུན་ལ་སྤྱན་གསུམ་དང་ནི་ཕག་མོ་དམར་ལུས་ལ། །རྩ་བའི་ཕྱག་གཉིས་ཀྱིས་འཁྱུད་གཉིས་ཀྱིས་མྱུར་དུ་གླང་ཆེན་གཙོ་བོ་རྒྱངས། །ལྷག་མ་གཡོན་པ་ཕྱག་བཞི་ཡིས་ནི་ཁ་ཊྭཱཾ་ཞགས་པ་མི་ཐོད་ཚངས་པའི་མགོ་བོ་འཆང་། །གཡས་པ་གྲི་གུག་རྩེ་གསུམ་དགྲ་སཏྭ་རྔ་ཆུང་འཆང་བའི་ཧེ་རུ་ཀ་ལ་ཕྱག་འཚལ་ཏེ། །ཞེས་གསུངས་པའི་གཞུང་གི་འབྲུ་གནོན་པ་ན། གཡོན་གྱི་བཞི་མདུན་ནས་ཕར་བགྲངས་པ་དང་། གཡས་ཀྱི་བཞི་རྒྱབ་ནས་ཚུར་བགྲང་དགོས་པ་ལ་འཁྲུལ་གཞི་བྱས་པར་སྣང་ཡང་། དེ་ལྟར་བགྲངས་པ་ཉིད་ཀྱིས་འཛིན་ཚུལ་སྔ་མ་ལས་མ་འདས་པར་གྲུབ་བོ། །བླ་ཆེན་འཕགས་པས་གཞུང་འདིའི་དོན་གཡོན་པ་མདུན་ནས་བགྲངས་པ་དང་། གཡས་པ་རྒྱབ་ནས་བགྲངས་པའི་འཛིན་ཚུལ་མཛད་པ་ལ། མཁས་པ་བུས། དེ་ནི་དགོངས་པ་མ་ཡིན་ཏེ། ལང་ཀ་རྒྱལ་བ་བཟང་པོའི་དཀའ་འགྲེལ་ལས་ཀྱང་། གཡས་ཀྱི་གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་ན་རྩེ་གསུམ་པ་དང་། དགྲ་སཏྭ་དང་། གྲི་གུག་དང་། ཌཱ་མ་རུ་བསྣམས་པ། གཡོན་གྱི་བཞི་པ་ན་ཁ་ཊྭཱཾ་ག་དང་། ཐོད་པ་དང་། ཞགས་པ་དང་། ཚངས་པའི་མགོ་བོ་བསྣམས་པ་ཞེས་བཤད་དོ། །ཀུན་སྤྱོད་ལས་ཀྱང་། ཕྱག་གཉིས་ཡང་དག་འཁྱུད་པ་དང་། །གཉིས་ཀྱིས་གླང་པོའི་ལྤགས་པ་འཛིན། །དགྲ་སཏྭ་མདུང་རྩེ་གསུམ་གྲི་གུག །ཌཱ་མ་རུ་ནི་གཡས་པས་འཕྱར། །ཁ་ཊྭཱཾ་ག་དང་ཐོད་པའི་ཁྲག །ཞགས་པ་མགོ་བོ་འཕྱར་བ་སྟེ། །གཡོན་པ་རུ་ནི་ཡང་དག་བཤད། །ཞེས་གསུངས་པས་སོ། །ཞེས་དགག་པ་མཛད་པས་ནི། འཕགས་པའི་དགོངས་པ་ལ་ནི་མི་གནོད་དེ། འགྲེལ་པ་དེས་ནི་རྩ་བའི་ཚིག་རིས་བཞིན་དུ་བགྲངས་པར་སྣང་བས། རྩ་བའི་དགོངས་པ། ཕྱག་ལྷག་མ་བརྒྱད་གཡོན་སྐོར་དུ་བགྲངས་པར་གྲུབ་པའི་ཚེ། འགྲེལ་པའི་དགོངས་པ་ཡང་དེ་བཞིན་དུ་གྲུབ་པའི་ཕྱིར་དང་། ནག་པོ་པའི་ལུགས་ཀྱི་ཞལ་ཕྱག་རྡོ་རྗེ་མཁའ་འགྲོ་ལ་བརྟེན་པ་དང་། ལཱུ་ཧི་པའི་ལུགས་ཀྱི་ཞལ་ཕྱག་མངོན་བརྗོད་དགུ་པ་ལ་བརྟེན་པ་ཡིན་གྱི། ཀུན་སྤྱོད་ནས་གསུངས་པ་དེ་གཉིས་གང་ཡང་མ་ཡིན་པར་སྣང་བའི་ཕྱིར་རོ། །ཡུམ་རྡོ་རྗེ་ཕག་མོ་ནི། དེའི་སྤྱན་སྔར་ཞེས་པ་ནས། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་ནོ་ཞེས་པའི་བར་ཏེ། གཞན་རྣམས་ནི་གོ་སླ་ལ། འདིར་ཕྱག་གཡས་ཀྱིས་རྡོ་རྗེ་བསྣམས་པར་གསུངས་ཤིང་། མན་ངག་གིས་རྡོ་རྗེས་མཚན་པའི་གྲི་གུག་བསྣམས་པར་མཛད་པར་སྣང་བ་ནི། ཀུན་སྤྱོད་ལེའུ་དྲུག་པ་ལས། མདུན་ན་བཞུགས་པའི་བཅོམ་ལྡན་ཡུམ། །ཞལ་གཅིག་འབར་བ་ཆེན་པོ་སྟེ། །འཁྱུད་པ་ཡི་ནི་ཐོད་པ་དག །གདུག་པ་བདུད་ཀྱི་ཁྲག་གང་བསྣམས། །གཡས་པས་རྟག་ཏུ་སྡིགས་མཛུབ་དང་། །མ་རུངས་པ་ཡི་གྲི་གུག་བསྣམས། །ཞེས་གསུངས་པ་ལ་བརྟེན་པ་སྟེ། ནཱ་རོ་པས་མཛད་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ལས། ཕྱག་མཚན་རྡོ་རྗེ་གསུངས་ཀྱང་མན་ངག་གིས་རྡོ་རྗེས་མཚན་པའི་གྲི་གུག་དུ་མཛད་པ་ལྟ་བུའོ། །བྱིན་པ་གཉིས་ཀྱིས་འཁྱུད་པ་ནི། སྡོམ་འབྱུང་དང་ཀུན་སྤྱོད་ལས་དངོས་སུ་གསུངས་ཤིང་། འགྲེལ་པར། བྱིན་པས་འཁྱུད་པ་ནི་ཤིང་ལ་འཛེགས་པའི་འཁྱུད་ཐབས་ཀྱིས་གནས་པའོ། །གཉིས་པ་རྒྱན་ཆ་དང་གདན་བཤད་པ་ནི། རལ་པ་དང་ཅོད་པཎ་གྱིས་བརྒྱན་པ་ཞེས་སོགས་དང་། གང་གིས་གཡས་བརྐྱངས་པས་བཞུགས་པས། འཇིགས་བྱེད་དང་དུས་མཚན་མནན་པ་ཞེས་པ་སྟེ། རལ་པ་ནི་ཐོར་ཅོག་ཏུ་བྱས་པའོ། །ཅོད་པཎ་ནི། ཐོད་པ་སྐམ་པོ་ལྔའི་སྟེང་གི་རྩེ་ཕྲན་ནོ། །ཐོད་པའི་ཕྲེང་བའི་ཐོད་ཅན་ནི་ཐོད་པ་སྐམ་པོ་ལྔ་ལྔའོ། །ཟླ་བ་ཕྱེད་པ་འཇོག་པ་ནི་གཡོན་ཕྱོགས་སུ་ཚེས་གཅིག་གི་ཟླ་བ་འཇོག་པའོ། །སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་རྒྱན་ཅན་ནི། སྣ་ཚོགས་རྡོ་རྗེ་ཉིད་དབུ་རྒྱན་དུ་བྱས་པ་སྟེ། མཚོག་མའི་སྟེང་གི་རལ་པ་ལ་འཇོག་པའོ། །འདིར་འདོད་འཇོ་མཁན་པོས། འཁྲུལ་སྤོང་ལས་སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཅོག་ཅན་ཞེས་བཤད་པས། སྣ་ཚོགས་རྡོ་རྗེས་མཚོག་མ་ནོན་པར་འདོད་པ་ནི་རྒྱུད་ཀྱི་དོན་མ་ཡིན་ནོ་ཞེས་དང་། མངོན་སྤྱོད་ལས་ཀྱང་། ལན་དུ་མར་ཟླ་ཕྱེད་དུ་གསུངས་པས་ཚེས་གཅིག་གི་ཟླ་བར་འཆད་པ་དོན་མ་ཡིན་ནོ་ཞེས་སྨྲ་བ་ནི་མི་འཐད་དེ། སྡོམ་འབྱུང་ལས། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན། །ཞེས་གསུངས་པས་སྐྲ་མཚམས་ནས། སོར་བཞི་གཞལ་བ་མཚོག་མ། དེ་ནས་སོར་བཞི་གཞལ་བ་སྤྱི་བོ་ཡིན་པས། དེ་གཉིས་ཀྱི་མཚམས་སུ་སྣ་ཚོགས་རྡོ་རྗེ་བཞག་པ་ན། རེས་མཚོག་མ་དང་། རེས་སྤྱི་བོ་མཚན་པ་ཞེས་པའི་ཐ་སྙད་ཀྱིས་གསུངས་པའི་ཕྱིར་དང་ཟླ་བ་ཕྱེད་པ་ཞེས་པ་ནི། ཟླ་བ་མ་རངས་པ་སྤྱིའི་མིང་ཡིན་གྱི། ཕྱེད་བཀས་ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུ་ཁོ་ན་ལ་འཇུག་པ་མ་ཡིན་པའི་ཕྱིར་ཏེ། ཀྱེ་རྡོར་རྩ་སྔགས་ཀྱི་སྔགས་དོན་འཆད་པ་ན། མཆེ་བ་ཟླ་བ་ཕྱེད་པ་ལྟ་བུ་ཞེས་གསུངས་པ་མཆེ་བ་ཚེས་གཅིག་གི་ཟླ་བ་ལྟ་བུ་ཡོད་པའི་དོན་ཡིན་གྱི། ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུའི་མཆེ་བ་མི་རིགས་པའི་ཕྱིར་དང་། སྔོན་བྱུང་ལའང་ལྷ་དང་ལྷ་མ་ཡིན་གྱིས་རྒྱ་མཚོ་བསྲུབས་པ་ལས། ཟླ་ཚེས་བྱུང་བ་དབང་ཕྱུག་གི་མགོ་རྒྱན་དུ་བྱས་པ་དེ་ཕྲོགས་ནས། འདིར་བཅོམ་ལྡན་འདས་ཀྱི་དབུར་བརྒྱན་པ་ཡིན་ལ། དེ་ཉིད་གཡོན་ངོས་སུ་འཇོག་པ་ནི་གཡོན་ཕྱོགས་སུ་བྱང་སེམས་འབབ་པ་མཚོན། ཚེས་གཅིག་གི་ཟླ་བ་དཔེར་བྱས་པ་ནི་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་ཟླ་བ་གོང་དུ་འཕེལ་བ་ལྟར་བྱང་སེམས་གོང་ནས་གོང་དུ་འཕེལ་བ་མཚོན་དགོས་པའི་ཕྱིར་རོ། །སྡོམ་འབྱུང་ལས་ཀྱང་། ཟླ་བ་ཕྱེད་པས་རྣམ་པར་བརྒྱན། །ཅེས་པ་དང་། སྙིང་པོར་ཟླ་བའི་དཀྱིལ་འཁོར་སྟེ། །ཞེས་པའི་དོན་འགྲེལ་པས། ཟླ་བ་ཚེས་པས་བརྒྱན་པའི་རལ་པའི་ཅོད་པཎ་ནོ་ཞེས་གསུངས་པ་རྣམས་ལ་ཡང་། ཟླ་བའི་དཀྱིལ་འཁོར་རངས་པ་དང་། ཟླ་བ་ཕྱེད་བཀས་གཉིས་ཀ་ལ་འཆད་དགོས་པར་ཐལ་བའི་སྐྱོན་ཡོད་ཅིང་། དེ་ལྟར་འདོད་ན། ཟླ་བ་ཚེས་པ་ཞེས་གསུངས་པ་དང་འགལ་ལོ། །དེས་ན་ཟླ་བ་ཕྱེད་པའི་དོན། ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུ་ལ་འདོད་པ་ནི་མན་ངག་མེད་པར་ཚིག་ཙམ་ལ་བརྟེན་པའི་མཚོན་བྱེད་དུ་སྣང་ཞིང་འཇིག་རྟེན་གྱི་ཐ་སྙད་ལ་ཡང་དངོས་པོ་གཅིག་དུམ་བུར་སོང་བའི་ཚེ་ཆེ་ཆུང་གི་ཁྱད་པར་ཡོད་ཀྱང་། ཕྱེད་མར་སོང་ཞེས་པ་ཙམ་ལ་ཡང་མ་དཔྱད་པར་སྣང་ངོ་། །སྟག་གི་ལྤགས་པའི་ན་བཟའ་ནི། རྒྱབ་ཕྱོགས་ནས་གཡོགས་པ་སྟག་གི་ལྤགས་པའི་ཤམ་ཐབས་འཕྱང་བ་དང་། མདུན་ཕྱོགས་ནས་བཅིངས་པ་སྟག་གི་ལྤགས་པའི་ཤམ་ཐབས་བཅིངས་པ་དང་། རྒྱབ་ཕྱོགས་སུ་ལག་པ་དང་། རྐང་པ་མདུད་དེ། མདུན་ཕྱོགས་སུ་གསང་གནས་ཀྱི་འོག་ཏུ་ལྷུག་གེ་ཡོད་པ། སྟག་གི་ལྦགས་པའི་ཤམ་ཐབས་གྲོལ་བ་དང་གསུམ་ལས། ཡུམ་དང་ཞལ་སྦྱོར་གྱི་ཚེ་ཕྱི་མ་ཉིད་ཡིན་གསུང་ངོ་། །རྣ་ཆ་དང་སོགས་ནི་ཕྱག་རྒྱ་དྲུག་སྟོན་ཏེ། དེ་དག་ཀྱང་གང་ཞེ་ན། བརྟག་པ་གཉིས་པའི་ལེའུ་དྲུག་པ་ལས། སྒོམ་པ་པོ་ཡིས་རྣམ་འཛིན་པ། །རྣ་བ་དག་ལ་རྣ་ཆ་བཟང་། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་གཉིས། །སྐེད་པ་ལ་ཡང་སྐ་རགས་ཉིད། །རྐང་པར་དེ་བཞིན་རྐང་གདུབ་བོ། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པར་རུས་པའི་ཕྲེང་བ་སྟེ། །ཞེས་པ་དང་། རྐུན་མའི་སྐྲ་ལས་ཅོད་པཎ་བྱས། །དེ་ལས་ཧཱུྃ་བྱུང་སྦྱར་བར་བྱ། །སངས་རྒྱས་ལྔ་ཡི་ཐོད་པ་རྣམས། །རྣལ་འབྱོར་སྤྱོད་པས་རྣམ་པར་འཛིན། །ཐོད་པ་སོར་ལྔ་པ་ཡི་ཚད། །བྱས་པའི་ཅོད་པཎ་འཛིན་པར་བྱེད། །ཅེས་བྱ་བ་དང་། ཐལ་བ་སྐྲ་ཡི་མཆོད་ཕྱིར་ཐོགས། །ཞེས་པ་དང་། དེ་ཉིད་ཀྱི་དོན་གསལ་བར་བྱ་བའི་ཕྱིར། ཀུན་ཏུ་སྤྱོད་པའི་ལེའུ་བཅུ་བདུན་པ་ལས། ཀུན་ཏུ་མི་དབུག་བཅིང་བ་དང་། །གཞུག་དང་དེ་བཞིན་བསྐྱོད་པ་དང་། །འབེབས་པ་དང་ནི་འཁྱིལ་བའོ། །དང་པོ་འདིར་ནི་བརྒྱན་པ་དང་། །རྣམ་པ་ཀུན་ཏུ་བཅིང་བ་དང་། །དཔུང་རྒྱན་དག་དང་དེ་བཞིན་དུ། །ལག་པའི་རྒྱ་ནི་ཉིད་དག་དང་། །རྐང་གདུབ་རབ་ཏུ་གཞུག་པའོ། །འོག་པགས་དང་ནི་བརྒྱད་པའོ། །རོ་ལྡན་བཅུ་དྲུག་ཤེས་པར་བྱ། །ཚངས་སྐུད་སྐུད་པ་གཅིག་ཏུ་འགྱུར། །ཕྲེང་བ་ཉི་ཤུ་རྩ་ལྔ་ཡིན། །ཞེས་འབྱུང་ངོ་། །དེ་ལྟར་དེ་དག་གི་ཚིག་དོན་ཡང་ཀུན་ཏུ་མི་དབུག་ནི་བུ་ག་མེད་པ་སྟེ་མགོ་རྒྱན་ཡིན་པས་མགོ་ལ་བཀོན་པ་སྟེ། དང་པོ་འདིར་ནི་བརྒྱན་པ་དང་། །ཞེས་པའི་དོན་ཏོ། །བཅིང་བ་ནི་རྣ་རྒྱན་ཏེ། རྣམ་པ་ཀུན་དུ་བཅིང་བ་དང་གི་དོན་ཡིན་ནོ། །གཞུག་པ་ནི་གདུ་བུ་དྲུག་སྟེ། དཔུང་རྒྱན་དག་ལ་སོགས་པ་ཚིག་རྐང་གསུམ་གྱིས་བསྟན་ཏོ། །དེ་བཞིན་བསྐྱོད་པ་ནི་སྐ་རགས་ཏེ། འོག་པག་ནི་བརྒྱད་པ་ཡིན་ཞེས་པས་ཕྲེང་བ་རིམ་པ་བརྒྱད་ཡོད་དོ། །འབེབས་པ་ནི་མགུལ་རྒྱན་ཏེ། མགྲིན་པ་ནས་སྒྲ་འབེབས་པ་ཡིན་ལ། དེ་ཉིད་རོ་ལྡན་བཅུ་དྲུག་ཤེས་པར་བྱ། །ཞེས་པ་སྟེ། རོ་ལྡན་ནི་མགྲིན་པ་ཡིན་ལ། དེར་ཕྲེང་བ་བརྒྱད་དང་། དོ་ཤལ་བརྒྱད་དེ་བཅུ་དྲུག་ཡིན་ནོ། །འདི་ལ་ཨ་བྷྱ་ཀ་ར་ན་རེ། རོ་ལྡན་ནི་བུད་མེད་ཡིན་ལ། དེའི་སྐ་རགས་ནི་རིམ་པ་བཅུ་དྲུག་ཡིན་ནོ་ཞེས་ཀྱང་ཟེར་རོ། །ཀུན་དུ་འཁྱིལ་བ་ནི་སེ་རལ་ཁ་རྒྱ་གྲམ་དུ་འཁྱིལ་པ་དང་། ཐོད་པའི་དོ་ཤལ་ཡིན་ཏེ། དེའང་དང་པོ་ནི་ཚངས་སྐུད་སྐུད་པ་གཅིག་ཏུ་འགྱུར་ཞེས་པ་རྒྱ་གྲམ་དུ་འཁྱིལ་པ་ལས་སྲད་བུ་རེ་རེ་ལས་མེད་པ་ལ་བྱའོ། །གཉིས་པ་དོ་ཤལ་ནི་ཕྲེང་བ་ཉི་ཤུ་རྩ་ལྔ་ཉིད། །ཅེས་བྱ་བ་ཉི་ཤུ་རྩ་ལྔ་ཉིད་དམ། ཉིས་ལྟབ་ཏུ་བྱས་ན་ལྔ་བཅུ་ཐམ་པ་ཡིན་ནོ། །དེ་ལྟར་ལུང་དེ་དག་གི་དོན་བླ་མའི་གསུང་དང་མི་འགལ་བར་བརྗོད་ན། ཐོག་མར་མགོ་རྒྱན་གྱི་སྤྱི་བོར་རུས་པའི་འཁོར་ལོ་ལ་བུ་ག་བརྒྱད་ཕུག་སྟེ། རུས་པའི་ཕྲེང་བ་འཁོར་ལོའི་རྩིབས་ལྟ་བུར་གྱུར་པ་བརྒྱད་བྱ། དེ་ལ་བརྒྱད་ཀྱི་རྩིབས་གསུམ་མ་གཏོགས་པ་རྩིབས་ལྔའི་ཐད་ཀར་མིའི་ཐོད་པ་སོར་ལྔ་པའི་ཚད་མི་མགོའི་རི་མོ་བྲིས་པ་རེ་བཞག དེ་དག་གི་སྟེང་འོག་གཉིས་ན་ཕར་རུས་པའི་ཕྲེང་བ་ཐོད་པ་ལྟ་བུར་འཁོར་བ་རེ་བྱ། ཐོད་པའི་བར་མཚམས་སྡེབ་པའི་ཕྲེང་བ་ཐོད་ལྟར་འཁོར་བ་གསུམ་གསུམ་བྱ། དཔྲལ་བའི་ཐད་ཀར་སོར་གསུམ་གྱིས་དྲྭ་བ་དྲྭ་ཕྱེད་བྱ། གཞན་རྣམས་སུ་རྣ་བ་ཕྱེད་ནོན་ཙམ་གྱི་དྲྭ་བ་དྲྭ་ཕྱེད་བྱ། འཁོར་ལོའི་རྒྱབ་ངོས་ཀྱི་ཐད་ཀར་སྣ་ཚོགས་རྡོ་རྗེ་དང་། དེའི་གཡོན་ངོས་སུ་ཚེས་གཅིག་གི་ཟླ་བ་བྱས་ལ་སྐྲའི་ཐོར་ཚུགས་ཀྱི་ཅོད་པཎ་ལ་བརྟེན་པར་བྱ། སྐྲ་མེད་ན་བཅོས་མའི་སྐྲ་བྱས་ལ། བྲིས་སྐུའམ་གླེགས་བམ་བཅུག་ལ། སྤྱི་གཙུག་དབུ་རྒྱན་གྱི་ནང་ན་ཡར་ལ་ཐོར་ཚུགས་སུ་རྐུན་པོ་བསད་པའི་སྐྲ་ལ་བཅིངས་ཏེ། ཐག་པའི་མཐའ་གཉིས་སུ་ན་རེས་འཇོག་པ་ནི་ཅོད་པཎ་ཞེས་བྱའོ། །རྣ་རྒྱན་ནི་རུས་པའི་འཁོར་ལོ་ལ་ཁུག་པ་གསུམ་དང་། ཁུག་ཕྱེད་གཉིས་ཏེ་ལྔ་ཡིས་བརྒྱན་པ་ཡིན་ནོ། །མགུལ་རྒྱན་ནི་གཞུང་གཡས་གཡོན་གཉིས་དབུས་དང་གསུམ་ལ་ཕྲེང་བ་བརྒྱད་ཀྱིས་བར་བསྡམས་པ་དང་། དེ་ལ་དོ་ཤལ་གྱི་ཚུལ་དུ་འཕྱང་བ་རུས་པའི་མདུང་རྩེ་དུ་མས་མཛེས་པར་བྱས་པའི་བརྒྱད་དེ་བཅུ་དྲུག་ཡིན་ནོ། །དཔུང་རྒྱན་གཉིས་དང་། ལག་རྒྱན་གཉིས་དང་། རྐང་རྒྱན་གཉིས་ཏེ་གདུ་བུ་དྲུག་སྟེ་ཕ་ད་ཚུ་ད་གཉིས་དབུས་དང་། རུས་པའི་གཞུང་གསུམ་ལས་ཕྲེང་བ་ལྔ་ལྔ་ཡིས་བར་བསྡམས་པ་སྨད་ངོས་སུ་མདུང་རྩེ་དང་གཡེར་ཁ་དུ་མས་མཛེས་པར་བྱས་པ་ཡིན་ནོ། །དེའང་དཔུང་རྒྱན་གཉིས་རིང་། དེ་བས་རྐང་གདུབ་ཐུང་། དེ་བས་ཀྱང་ལག་གདུབ་ཐུང་ངོ་། །སྐ་རགས་ཀྱི་གཞུང་གསུམ་ཕ་ད་ཚུ་ད་སྟེ་ལྔའི་བར་ཕྲེང་བ་བརྒྱད་རིམ་མམ་བཅུ་དྲུག་རིམ་གྱིས་བར་བསྡམས་ལ་དེ་ལ་དྲྭ་བ་དྲྭ་ཕྱེད་གཡེར་ཁ་དང་རུས་པའི་མདུང་རྩེ་དུ་མས་མཛེས་པར་བྱས་པ་མཐེབ་སོར་བརྒྱད་ཀྱི་ཚད་དང་མཉམ་པ་དྲྭ་བ་ལྔ་དང་དྲྭ་ཕྱེད་བཅོ་བརྒྱད་ཀྱིས་མཛེས་པར་བྱས་པ་ཡིན་ལ། གཡས་གཡོན་གྱི་དྲྭ་ཕྱེད་གསུམ་གསུམ་ལ་གཉིས་ཀྱིས་པུས་མོའི་ཐད་ཀར་སླེབ་པ་དབུས་མས་ནི་བྱིན་པའི་དཀྱིལ་ཙམ་སླེབ་པ་ཡིན་ཏེ། དེ་དག་ལ་དྲིལ་བུ་ཆུང་ངུ་མཛེས་པ་རེ་གདགས་པར་བྱའོ། །རུས་པའི་ཚངས་སྐུད་ནི། རུས་པའི་འཁོར་ལོ་རྩིབས་བརྒྱད་ལ་བུ་ག་ཕུག་སྟེ། རྒྱ་གྲམ་དུ་བསྡམས་ལ་འཁོར་ལོ་མདུན་དང་རྒྱབ་ཏུ་འོང་བར་བྱ་སྟེ། རྒྱ་གྲམ་དུ་བཅིང་བར་བྱའོ། །རུས་པའི་ཚངས་སྐུད་འདི་ཡོད་ཀྱང་རུང་མེད་ཀྱང་ཆོག་སྟེ། རྐུན་པོ་བསད་པའི་སྐྲ་ལས་སྐུད་པ་སུམ་སྒྲིལ་བྱས་པ་དེའང་བསྐོར་ལྔའམ་གསུམ་གསུམ་དུ་བྱ་སྟེ་རྡོ་རྗེའི་མདུད་པ་གསུམ་གྱིས་བར་འཚམས་པར་བསྡམས་ལ། དེ་ལྟ་བུའི་སེ་རལ་ཁར་ལག་པ་གཡས་པ་བཏོན་ལ། གོན་པ་ནི་ཚངས་པའི་སྐུད་པ་ཞེས་བྱ་བ་དངོས་ཡིན་ནོ། །དགུ་བསྒྲིལ་དུ་བྱས་པའི་སྐུད་པ་གཅིག་ལ་སྔ་མ་བཞིན་རྡོ་རྗེའི་མདུད་པ་བྱས་པས་ཀྱང་བཏུབ་བོ། །ཐོད་པའི་ཚལ་བུ་སོར་ལྔ་པའི་ཚད་དང་མཉམ་པ་བྱ་སྟེ། དེའང་སྐྱེས་པ་ལ་གཞོན་ནུ་མའི་ཐོད་པ་ཡིན་ཞིང་། བུད་མེད་ལ་སྐྱེས་པ་ཡིན་ནོ། །སྟག་གི་ལྤགས་པའི་ཤམ་ཐབས་ཀྱི་སྟེང་དུ་རྐུན་པོ་བསད་པའི་སྐྲ་ལས་བྱས་པའི་སྐ་རགས་ཉིས་སྐོར་གྱིས་བསྡམས་ལ་དེའི་སྟེང་དུ་རུས་རྒྱན་གྱིས་སྐ་རགས་བཅིང་བར་བྱའོ། །ཁ་ཅིག་ནི་ཕོ་རྒྱན་མོ་རྒྱན་བྱ་བ་ཡོད་ཞེས་ཟེར་ན། ཨ་བྷྱ་ཀ་རས་བྱས་པའི་སྐ་རགས་དང་མི་མགོའི་དོ་ཤལ་གཉིས་མིན་པ་ཁྱད་པར་མ་མཐོང་ལ། ལུས་ཀྱི་ཚད་དང་མཉམ་པར་བྱེད་ན་སྐྱེས་པ་རྣམས་མགོ་ཆེ་ལ། ཡན་ལག་གཞན་དང་སྐེད་པ་ཕྲ་བས་མགོ་རྒྱན་ཆེ་ལ། གཞན་ཕྲ་བར་བྱ། བུད་མེད་རྣམས་ནི་མགོ་ཆུང་ལ་ཡན་ལག་གཞན་སྦོམ་པས། མགོ་རྒྱན་ཆུང་ལ་གཞན་ཆེ་བར་བྱའོ། །རྒྱན་དྲུག་གི་མཚན་ཉིད་དོ། །ཞེས་རྗེ་བཙུན་རིན་པོ་ཆེས་གསུང་ངོ་། །ཞབས་ཀྱིས་འཇིགས་བྱེད་དང་། དུས་མཚན་གནོན་པའི་ཚུལ་ལ། རྩ་འགྲེལ་གཉིས་ལས་ཞབས་གཡས་བརྐྱང་བས་འཇིགས་བྱེད་དང་། དུས་མཚན་གནོན་ཞེས་པ་དང་། གཡས་བརྐྱང་བ་དང་། གཡོན་བསྐུམ་པས་འཇིགས་བྱེད་དང་དུས་མཚན་གནོན་ཞེས་པ་ཙམ་ལས་གསལ་ཁ་མ་བྱུང་ཞིང་། ཁྱད་པར་གསལ་བྱེད་ལས། འདིའི་གོ་རིམ་དང་བསྟུན་ནས་གཡས་པས་འཇིགས་བྱེད་དང་། གཡོན་པས་དུས་མཚན་མནན་པ་དང་། ཇོ་བོ་རྗེས་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས། དེ་ལས་བཟློག་སྟེ་གསུངས་པ་སོགས་དུ་མ་སྣང་བ་ལས། རྗེ་བཙུན་གྱིས་ཕྱི་མ་ལྟར་མཛད་པ་ནི། མངོན་བརྗོད་ལས། འཇིགས་བྱེད་དང་ནི་དུས་མཚན་དག །སྲེད་དང་སྡང་བ་ཞབས་ཀྱིས་གནོན། །ཞེས་དང་། རྟག་དང་ཆད་པའི་རྣམ་རྟོག་གིས། །འཇིགས་བྱེད་དུས་མཚན་འོག་དུ་བྱས། །ཞེས་གསུངས་པའི་དོན་དུ་མཛད་པ་སྟེ། འཇིགས་བྱེད་རྟག་པ་འཁོར་བའི་མཐའ་སྲེད་པའི་ངོ་བོ་ཞབས་གཡོན་པ་ཤེས་རབ་ཀྱི་རང་བཞིན་གྱིས་མནན་པས་ཟུང་འཇུག་ཏུ་འགྱུར་ལ། དུས་མཚན་ཆད་པ་མྱ་ངན་ལས་འདས་པའི་མཐའ་སྤང་བའི་ངོ་བོ་ཞབས་གཡས་པ་ཐབས་ཀྱི་རང་བཞིན་གྱིས་མནན་པས་ཟུང་འཇུག་ཏུ་འགྱུར་བའོ། །རྗེ་བཙུན་གྱིས་འཇིགས་བྱེད་ནག་པོ་ལག་པ་བཞི་པ། གཡས་ཌཱ་མ་རུ་དང་གྲི་གུག གཡོན་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ། དུས་མཚན་མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་ཞེས་གསུངས་པ་ལ། མཁས་པ་བུས། དེ་འདྲ་བའི་ཕྱག་མཚན་ནི་རྒྱུད་འགྲེལ། སྒྲུབ་ཐབས་སོགས་ན་འདུག་པ་མ་མཐོང་ཞེས་གསུངས་པ་ནི། མ་གཟིགས་པ་ཐུགས་མེད་ན་ཡང་། འདི་ནི་ཕམ་འཐིང་པའི་མན་ངག་སྟེ། མན་ངག་ཏུ་འགྲོ་ཚུལ་ནི། རྩ་རྒྱུད་ལས། ཧེ་རུ་ཀ་ཞལ་བཞི་ཕྱག་བཞི་པ་ནས། ཕྱག་འབུམ་པའི་བར་གསུངས་པའི་ཕྱག་བཞི་པ་དང་། སངས་རྒྱས་ཐོད་པའི་གཙོ་བོ་དང་། རྡོ་རྗེ་མཁའ་འགྲོ་ནས་གསུངས་པའི་གཙོ་བོ་མང་པོ་ཕྱག་མཚན་དེ་ལྟར་དུ་གསུངས་ལ། འདིར་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད། གདུལ་བྱ་དབང་ཕྱུག་ཆེན་པོར་སྤྲུལ་ནས་བཏུལ་བའི་ཚེ། དེའི་ཕྱག་མཚན་བཅོམ་ལྡན་འདས་ཀྱི་ཕྱག་མཚན་དུ་བཟུང་བར་གསུངས་པས། འདིར་གདུལ་བྱ་ལ་ཕྱག་མཚན་ཉུང་ཤོས་དེ་ཉིད་སྦྱར་བའི་སྐབས་ཡིན་པའི་ཕྱིར་དང་། དེ་ཉིད་ཀྱིས་དུས་མཚན་མའི་ཕྱག་མཚན་ཡང་དེ་ལྟར་དུ་གྲུབ་པའི་ཕྱིར་རོ། །གསུམ་པ་དེ་དག་གི་རྣམ་དག་ནི། ལྭ་བ་པས། ཞལ་བཞིར་གསུངས་པ་གང་ཡིན་པ། །དགའ་བ་བཞི་ཡི་རང་བཞིན་གསུངས། །དགའ་ཀུན་རྫོགས་པའི་བྱང་ཆུབ་གཅིག །སྟོང་པའི་རང་བཞིན་ཉིད་ཀྱི་ཕྱིར། །ཞལ་གཅིག་ཏུ་ནི་རབ་ཏུ་གྲགས། །སྤྱན་གསུམ་སྲིད་པ་གསུམ་དུ་ཤར། །ཐོག་མཐའ་མེད་པའི་ཆོས་རྣམས་ནི། །བེམ་པོའི་རང་བཞིན་ལས་བཟློག་པ། །རལ་པའི་དོན་དུ་རབ་ཏུ་གསུངས། །སྣ་ཚོགས་སེམས་ཅན་དོན་མཛད་པས། །སྣ་ཚོགས་རྡོ་རྗེས་མཚན་པ་ཡིན། །ཟླ་བ་བྱང་ཆུབ་སེམས་འགྱུར་བ། །བདེ་ཆེན་རང་བཞིན་འོད་གསལ་བའོ། །སྲིད་པའི་ཡན་ལག་བཅུ་གཉིས་ཕྱིར། །བཅུ་གཉིས་ཕྱག་དང་མངོན་དུ་ལྡན། །ཡུལ་རྣམས་དང་ནི་དབང་པོ་རྣམས། །གཉིས་མེད་རྣམ་པའི་སྤྱོད་ཡུལ་གྱི། །ཕྱག་རྣམས་མཚན་མས་མཚན་པ་ཡིན། །བྱང་ཆུབ་སེམས་ནི་རྡོ་རྗེར་གྱུར། །ཤེས་རབ་དྲིལ་བུར་རབ་ཏུ་བརྗོད། །སྐུ་གསུམ་དག་ཕྱིར་མདུང་རྩེ་གསུམ། །གླང་པོ་གཏི་མུག་བྲལ་བ་སྟེ། །དགྲ་སཏྭ་ཞེ་སྡང་གཅོད་བྱེད་པ། །ལུས་ངག་སེམས་ལས་ཡང་དག་བྱུང་། །ཞགས་པས་ཉེས་པ་འཆིང་བ་སྟེ། །ལུས་ཅན་མ་ལུས་མི་མཐུན་ཕྱོགས། །སེམས་ཅན་དོན་བྱེད་རྩོམ་པས་ན། །ཟངས་གྲི་ཤིན་ཏུ་རྣོ་བའོ། །མགོ་བོ་ཚངས་པའི་རང་བཞིན་གྱིས། །ཁ་ཊྭཱཾ་སྟོང་པའི་རྣམ་པ་སྟེ། །ཅང་ཏེའུ་ཐབས་རྣམ་དག་པའོ། །རྟག་ཏུ་དགའ་བའི་རང་བཞིན་གྱིས། །ཆོས་ཀྱི་དབྱངས་སྒྲ་ཧཱུྃ་མཛད་པའོ། །ཐོད་པ་ནམ་མཁའི་དཀྱིལ་འཁོར་ཏེ། །སྙིང་རྗེ་རོ་ཡིས་ཡོངས་བཀང་བའོ། །གསོལ་བ་དངོས་གྲུབ་རྒྱུ་ཡིན་ནོ། །མཆེ་བ་བཞི་ནི་མངོན་གྱུར་པ། །བདུད་བཞི་འཇོམས་པར་མཛད་པའོ། །འོད་ཟེར་འཁྲིགས་པས་འཁྲུགས་ལྡན་པའི། །རྟག་ཏུ་ཚེམས་ཀྱི་ཕྲེང་བ་གཉིས། །རྡོ་རྗེ་རོ་ཡིས་ཡོངས་བཀང་བས། །ཧ་ཧ་བཞད་པས་གསོལ་མཛད་ཞལ། །ཉོན་མོངས་བདུད་བཞི་དག་ཉིད་པས། །མགོ་བོ་དོ་ཤལ་གྱིས་བརྒྱན་བྱས། །སྟོང་ཉིད་དག་པས་སྡིགས་མཛུབ་བོ། །ཞེས་སོ། །རྗེ་བཙུན་གྱིས། བཅོམ་ལྡན་འདས་སྐུ་མདོག་སྔོན་པོ་ཞལ་བཞི་པ། རྩ་བའི་ཞལ་ནི་ལུས་མདོག་མཚུངས་པ། གཡས་ཞལ་ནི་ཤིན་ཏུ་སེར་བ། རྒྱབ་མ་དམར་བ། གཡོན་པ་ལྗང་བ་སྟེ། ཚད་མེད་པ་བཞིའམ། འབྱུང་བ་བཞིའམ། རྣམ་ཐར་བཞིའམ། ཕྲིན་ལས་བཞི་འགྲུབ་པའི་རྟགས་ཡིན་ནོ། །ཁམས་གསུམ་ལ་གཟིགས་ཤིང་། དུས་གསུམ་གྱི་དངོས་པོ་མཁྱེན་པའི་བརྡར་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མོ། །རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུགས་འབྱུང་དང་། ལུགས་ལས་ཟློག་པ་ཐུགས་སུ་ཆུད་པའི་བརྡར་ཕྱག་བཅུ་གཉིས་པ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བརྡར་རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་ཡེ་ཤེས་ལྔ་རོ་གཅིག་པའི་བརྡར་རྡོ་རྗེ་དང་། སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པའི་བརྡར་དྲིལ་བུ་བསྣམས་པ། འོག་མ་གཉིས་ཀྱིས་གཏི་མུག་སྤངས་པའི་བརྡར་གླང་པོ་ཆེའི་པགས་པ་མགོ་གཡས་སུ་བསྟན་ཏེ་བརྒྱངས་པའི་ཚུལ་གྱིས་བསྣམས་པ། མཆོག་ཏུ་དགའ་བའི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་བའི་རྟགས་སུ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། ཉེས་པ་ཐམས་ཅད་གཅོད་པའི་བརྡར་བཞི་པ་ན་དགྲ་སཏྭ། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་ཐམས་ཅད་གཅོད་པའི་བརྡར་ལྔ་པ་ན་གྲི་གུག སྲིད་པ་གསུམ་གྱི་ཉེས་པ་འཇོམས་པའི་རྟགས་སུ་དྲུག་པ་ན་མདུང་རྩེ་གསུམ་པ་བསྒྲེང་བའོ། །བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་མཚོན་པས་ན་གཡོན་གྱི་གསུམ་པ་ན་ཁ་ཊྭཱཾ་ག་རྡོ་རྗེས་མཚན་པ། བདེ་བ་ཆེན་པོ་སྐྱོང་བའི་རྟགས་སུ་བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ཡང་དག་པའི་ཡེ་ཤེས་སེམས་ཅན་གྱི་རྒྱུད་ལ་འཆིང་བ་ནི་ལྔ་པ་ན་རྡོ་རྗེ་ཞགས་པ། རྣམ་པར་རྟོག་པ་ཐམས་ཅད་བཅོམ་པའི་བརྡར་དྲུག་པ་ན་ཚངས་པའི་མགོ་བོ། པདྨ་དང་ཉི་མའི་གདན་གྱི་སྟེང་ན་ཞབས་གཡས་པ་ཐུགས་རྗེ་ཆེན་པོའི་རང་བཞིན་བརྐྱངས་པས་དུས་མཚན་དམར་མོ་མྱ་ངན་ལས་འདས་པའི་མཐའ་མནན་པ། ཞབས་གཡོན་པ་ཤེས་རབ་ཀྱི་རང་བཞིན་བསྐུམས་པས་འཇིགས་བྱེད་ནག་པོ་འཁོར་བའི་མཐའ་མནན་པའོ། །ཚོགས་གཉིས་ཡོངས་སུ་རྫོགས་པ་ནི་རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། ཡེ་ཤེས་ལྔའི་རང་བཞིན་གྱི་དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔའི་ཅོད་པཎ། ཚོགས་རིམ་གྱིས་རྫོགས་ཤིང་བྱང་ཆུབ་ཀྱི་སེམས་མཚོན་པ་ནི་དབུའི་གཙུག་གི་གཡོན་ལ་ཟླ་བ་ཕྱེད་པ་འཇོག་པ། ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ནི་སྣ་ཚོགས་རྡོ་རྗེས་སྤྱི་བོར་བརྒྱན་པ། ཞལ་རྣམ་པར་འགྱུར་བ་ནི་ལོག་པར་ལྟ་བ་སྤངས་པ། མཆེ་བ་རྣམ་པར་གཙིགས་པ་ནི་བདུད་བཞི་འཇོམས་པ། སྟག་གི་པགས་པའི་ཤམ་ཐབས་ཀྱིས་ནི་གཟུང་འཛིན་སྤངས་པ། མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུ་ཐམ་པའི་དོ་ཤལ་གྱིས་ནི་ཡི་གེ་ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པ། རྣ་རྒྱན་གཉིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། གདུ་བུ་དྲུག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། མགུལ་གྱི་ཕྲེང་བ་དང་དོ་ཤལ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། སྐ་རགས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། སྤྱི་བོའི་རྒྱན་རྣམས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། ཐལ་བ་དང་མཆོད་ཕྱིར་ཐོགས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ། །སྒེག་པ་དང་། དཔའ་བ་དང་། མི་སྡུག་པ་དང་། དགོད་པ་དང་། དྲག་ཤུལ་དང་། འཇིགས་སུ་རུང་བ་དང་། སྙིང་རྗེ་དང་། རྔམ་པ་དང་། ཞི་བ་དང་ལྡན་པ་སྟེ། གར་གྱི་ཉམས་དགུ་དང་ལྡན་པའོ། །ཡུམ་རྡོ་རྗེ་ཕག་མོ་ནི་སྐུ་མདོག་དམར་ཞིང་སྐྲ་གྲོལ་བ་ནི་སེམས་ཅན་ལ་རྗེས་སུ་ཆགས་པ། ཞལ་གཅིག་པ་ནི་དེ་བཞིན་ཉིད་དུ་རོ་གཅིག་པ། སྤྱན་གསུམ་པ་ནི་སྔར་བརྗོད་དོ། །གཅེར་བུ་ནི་ཉོན་མོངས་པའི་སྒྲིབ་གཡོགས་དང་བྲལ་བ། ཕྱག་གཡོན་པས་འཁྱུད་ནས། གདུག་པ་དང་བདུད་ལ་སོགས་པའི་ཁྲག་གིས་བཀང་བའི་ཐོད་པ་བསྣམས་པ་ནི་གདུག་པ་ལ་སོགས་པ་ཉིད་འདུལ་བ། གཡས་པས་ཕྱོགས་ཐམས་ཅད་དུ་གདུག་པ་ཅན་རྣམས་ལ་སྡིགས་མཛུབ་བྱེད་ཅིང་གྲི་གུག་རྡོ་རྗེས་མཚན་པ་བསྣམས་པ་ནི་ཉོན་མོངས་པ་ཚར་གཅོད་པ། ཐལ་བ་དང་མཆོད་ཕྱིར་ཐོགས་མ་གཏོགས་པའི་རྒྱན་ལྔ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་སྟེ། ཤེས་རབ་ནི་ལྷ་མོ་ཉིད་ཡིན་པའི་ཕྱིར་རོ། །ལྷ་མོ་འོག་ནས་འབྱུང་བ་རྣམས་ཀྱི་རྒྱན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་དང་ལྡན་པ་ནི་བདུད་ཐམས་ཅད་སྐྲག་པར་བྱེད་པ། བདེ་བ་གསོལ་བའི་བརྡར་ཁྲག་གསོལ་བ་ལ་དགྱེས་ཤིང་བྷ་ག་ནས་ཁྲག་འཛག་པ། ཐབས་ཤེས་རབ་ཟུང་དུ་འཇུག་པ་མཚོན་པ་ནི་བྱིན་པ་གཉིས་ཀྱིས་ལེགས་པར་འཁྱུད་པ་སྟེ། བཅོམ་ལྡན་འདས་ནི་ལྷག་མཐོང་དང་ཐུགས་རྗེ་ཆེན་པོའི་བརྡ་ཡིན་ལ། ཡུམ་ནི་ཞི་གནས་དང་བདེ་བ་ཆེན་པོའི་བརྡའི་རང་བཞིན་ཡིན་ནོ་ཞེས་གསུངས་ཏེ། འདི་དག་ནི་ཕལ་ཆེར། པྲ་ཛྙཱ་རཀྵི་ཏའི་འགྲེལ་པ་ལ་བརྟེན་པར་སྣང་ངོ་། །གཙོ་བོ་ཡབ་ཡུམ་གསལ་བཏབ་ནས་འཁོར་རྣམས་གསལ་མ་བཏབ་པའི་བར་འདིར་པྲ་ཛྙཱ་རཀྵི་དང་། ལྭ་བ་པས་མཁའ་གསང་བྱིན་རླབས་དང་། ལྟེ་བ། སྙིང་ག མགྲིན་པ། སྤྱི་བོ་རྣམས་སུ་ཕན་ཚུན་གྱི་སྙིང་པོ་དང་ཉེ་སྙིང་བཀོད་དེ། ཕན་ཚུན་ཙུམྦ་ན་དང་། ཡི་གེ་གསུམ་གྱི་དགའ་བ་བརྩམ་པར་བཤད་ཅིང་། འཁྲུལ་སྤོང་དང་ཁྱད་པར་གསལ་བྱེད་ལས། འཁོར་གྱི་ལྷ་རྣམས་གསལ་བཏབ་པའི་རྗེས་སུ་དེ་ལྟར་བཤད་པ་ནི་སློབ་དཔོན་གྱི་གཞུང་དང་། ནཱ་རོ་པའི་མན་ངག་གཉིས་ཀ་ལས་མི་འབྱུང་ཞིང་། ཀུན་སྤྱོད་བརྒྱད་པར། ཡི་གེ་དྱཾ་ནི་སྣ་རྩེར་ཡང་དག་སྦྱར། །བྱཾ་ནི་མཚམས་ཀྱི་ལྟེ་བར་ཡང་དག་དགོད། །ལྟེ་བ་སྙིང་ག་དཔྲལ་བ་རུ། །སྔགས་ཀྱི་ཚོགས་དང་བཅས་པས་བྱིན་གྱིས་བརླབ། །ལྟེ་བ་སྙིང་ག་དག་ཏུ་རྣལ་འབྱོར་མ། །སངས་རྒྱས་མཁའ་འགྲོ་མ་ཡི་སྔགས་ཀྱིས་ནི། །ཨ་ཝ་དྷཱུ་ཏཱི་གཉིས་ཀྱི་དཔའ་བྱིན་བརླབ། །རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད་ཡིན། །ཞེས་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་གི་རྗེས་སུ་གསུངས་པ་ནི། ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པའི་དགའ་བ་སྐྱོང་བ་རྒྱས་པ་ཡིན་ལ། མདོར་བསྡུ་ན་ལག་པ་གཉིས་ཀྱིས་པད་སྐོར་དང་འཁྱུད་རྒྱ་བྱས་ཏེ། ཡོ་ག་ཤུདྡྷཿའི་སྔགས་བརྗོད་པས་ཆོག་པའི་དོན་ཡིན་པར་སྣང་གི སྔ་མ་རྣམས་སྟོན་པ་མ་ཡིན་ཏེ། སྔར་གྱི་ལུང་དེའི་དེ་མ་ཐག་ཏུ། དང་པོར་དགའ་བ་དཔའ་བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །རབ་ཏུ་དགའ་བ་མ་ལུས་ཉིད། །དེ་བདེའི་ཐབས་ནི་ཀུན་རིག་པའོ། །ལྷ་ཡུལ་ས་སྟེང་ས་འོག་ཏུ། །སྐད་ཅིག་གིས་ནི་གཟུགས་གཅིག་འགྱུར། །བསྒོམ་པ་བདག་ཉིད་བཤད་པའོ། །བསྡུ་བའི་ཆོ་ག་དྲན་པ་ནི། །གཡས་དང་གཡོན་ནི་ལག་གཉིས་ཀྱིས། །བསྐོར་བ་མཁའ་འགྲོ་བདེ་དེ་ཡིན། །ཞེས་གསུངས་པས་སོ། །རྒྱ་གར་བ་རྣམས་ཀྱང་ཐུགས་དགྱེས་པར་གྱུར་ཅིག གཉིས་པ་འཁོར་གྱི་ལྷ་རྣམས་བཤད་པ་ནི། སློབ་དཔོན་གྱི་གཞུང་ལས། མཁའ་འགྲོ་མ་དང་། ལཱ་མ་དང་ཞེས་པ་ནས། དཔའ་བོ་དང་རྣལ་འབྱོར་མ་འདི་ཐམས་ཅད་ཀྱི་དཔྲལ་བར་རྡོ་རྗེའི་ཕྲེང་བའོ། །ཞེས་པའི་བར་གྱིས་བསྟེན་ཏེ། བདེ་ཆེན་འཁོར་ལོའི་པདྨའི་འདབ་མ་བཞི་ལ། ཤར་དུ་ཌཱ་ཀི་ནཱི་སྟེ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་སྟེ་མཛེས་མ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧ་སྟེ་དུམ་སྐྱེས་མ་དམར་མོ། ལྷོར་རཱུ་བི་ནི་སྟེ་གཟུགས་ཅན་མ་སེར་མོ་རྣམས་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ན་ཌཱ་མ་རུ་དང་གྲི་གུག གཡོན་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ་སྟེ་འདི་དག་ནི་རྒྱབ་ནས་ཚུར་བགྲངས་པའོ། །གཅེར་བུ་སྐྲ་གྲོལ་བ་སྤྱན་གསུམ་པ། གཡས་བརྐྱངས་པས་བཞུགས་པ། ཞལ་མཆེ་བ་རྣམ་པར་གཙིགས་པ། ཕྱག་རྒྱ་ལྔས་བརྒྱན་པ་བསམ་པར་བྱའོ། །འདི་དག་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་རྣམས་མངོན་བརྗོད་ཀྱི་ལེའུ་བཞི་པ་ལས་གསུངས་པས། ནག་པོ་ཞབས་ཀྱི་འཁོར་ལོ་གཞན་རྣམས་ཀྱི་ལྷ་ཞལ་གཅིག་ཕྱག་གཉིས་པར་བྱེད་པའི་ཚེ་ན་ཡང་། བཞི་པོ་ཞལ་གཅིག་ཕྱག་བཞི་པར་རྡུལ་ཚོན་བྲི་བའི་སྐབས་སུ་གསུངས་ཤིང་། རྗེ་བཙུན་རྩེ་མོས་དྲིལ་བུ་པའི་སྒྲུབ་ཐབས་སུ་ཡང་འདི་བཞིན་དུ་གསུངས་སོ། །མཚམས་བཞིར་བདུད་རྩི་ལྔས་ཡོངས་སུ་གང་བའི་བུམ་པའི་སྟེང་དུ་བྱང་སེམས་དཀར་པོས་གང་བའི་ཐོད་པ་བཞི་འཇོག་པར་མངོན་བརྗོད་ལས་གསུངས་ཤིང་། ཀུན་སྤྱོད་ལས་ཀྱང་། ཕྱོགས་བྲལ་གྱི་ནི་བཞི་པོ་དག །ལྔ་ཡིས་གང་བའི་ཐོད་པ་ཉིད། །ཅེས་གསུངས་སོ། །སྔར་བཤད་པའི་ཐུགས་འཁོར་དེའི་ཤར་རྩིབས་པུལླཱི་ར་མ་ལ་ཡར་དཔའ་བོ་ཁཎྜ་ཀ་པཱ་ལི་སྟེ་ཐོད་པའི་དུམ་བུ་དང་། དཔའ་མོ་པྲ་ཙཎྜི་སྟེ་རབ་གཏུམ་མ་ཞལ་སྦྱོར་གྱི་ཚུལ་ལོ། །དེ་བཞིན་དུ་བྱང་རྩིབས་ཛཱ་ལེན་དྷ་ར་སྟེ། འབར་བ་འཛིན་པར་མ་ཧཱ་ཀཾ་ཀཱ་ལ་སྟེ་ཀེཾ་རུས་ཆེན་པོ་དང་། ཙཎྜ་ཨཀྵི་སྟེ་གཏུམ་པའི་མིག་ཅན་མའོ། །འདིར་བུ་དགེ་གཉིས་ཀྱིས་དྲྭ་བ་འཛིན་པར་བསྒྱུར་བ་ནི། སྔོན་གྱི་སྒྱུར་བྱེད་དམ་པ་འབྲོག་མི་སོགས་ལ་ཟུར་ཟ་བར་སྣང་ཡང་ཛྭ་ལ་ཆུ་ལ་འཇུག་པ་ལ། དེ་ལས་བཟློག་པའི་དོན་ལ། ཨ་ནཱིའི་འཕེལ་བ་བྱས་པས། ཛྭ་ལ་འབར་བའམ་མེ་ལ་འཇུག་པའི་དོན་མ་རྟོགས་པའོ། །ནུབ་རྩིབས་ཨོ་ཌི་ཡ་ནཱ་སྟེ་འཇིག་རྟེན་ན་གྲགས་པའི་ཨུ་རྒྱན་དུ་ཀཾ་ཀ་ལ་སྟེ་ཀེང་རུས་དང་། བྲ་བྷཱ་ཝ་ཏི་སྟེ་འོད་ལྡན་མའོ། །ལྷོ་རྩིབས་ཨརྦུ་ད་ར་བི་ཀ་དཾཥྚི་ཎ་སྟེ་མཆེ་བ་རྣམ་པར་གཙིགས་པ་དང་། མ་ཧཱ་ནཱ་སཱི་སྟེ་སྣ་ཆེན་མ་གཉིས་སོ། །ཤར་ལྷོའི་རྩིབས་གོ་ད་ཝ་རཱི་སྟེ་མཆོག་སྦྱིན་དུ་སུ་རཱ་ལྷའམ་ཆང་ལ་འཇུག བཻ་རཱི་སྟེ་ཆང་སྒྲའམ་ལྷ་སྒྲ་དང་། ཝི་རཱ་མ་ཏཱི་སྟེ་དཔའ་བོའི་བློ་ཆེན་མའོ། །ལྷོ་ནུབ་ཀྱི་རྩིབས་རཱ་མེ་ཤྭ་རར་ཨ་མི་ཏཱ་བྷ་བ་སྟེ་འོད་དཔག་མེད་དང་། ཁར་ཝ་རཱི་སྟེ་མིའུ་ཐུང་མའོ། །ནུབ་བྱང་གི་རྩིབས་དེ་ཝཱི་ཀོ་ཊི་སྟེ་ལྷ་མོའི་མཁར་དུ་བཛྲ་པྲ་བྷ་བ་སྟེ་རྡོ་རྗེའི་འོད་དང་། ལང་ཀ་ཤྭ་རཱི་སྟེ་ལང་ཀའི་དབང་ཕྱུག་མའོ། །བྱང་ཤར་གྱི་རྩིབས་མཱ་ལ་བ་སྟེ་ཕྲེང་བ་ཅན་མར་བཛྲ་དེ་ཧ་སྟེ་རྡོ་རྗེའི་སྐུ་དང་། དྲུ་མཙྪ་ཡཱ་ཏ་ཤིང་གྲིང་མའོ། །འདི་དག་ནི་ཐུགས་ཀྱི་འཁོར་ལོའི་ལྷ་སྟེ་སྐུ་མདོག་སྔོན་པོ་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོའོ། །དེའི་ཕྱི་རོལ་གསུང་གི་འཁོར་ལོའི་ཤར་རྩིབས་ཀཱ་མ་རཱུ་པ་སྟེ་འདོད་པའི་གཟུགས་སུ་ཨཾ་གུ་རཱི་སྟེ་མྱུ་གུ་ཅན་དང་། ཨེ་རཱ་ཝ་ཏྭི་སྟེ་ས་སྲུང་མའོ། །བྱང་རྩིབས་ཨོ་དྲར་བཛྲ་ཛ་ཊཱི་སྟེ་རྡོ་རྗེ་རལ་པ་ཅན་དང་། མཧཱ་བྷཻ་ར་ཝཱ་སྟེ་འཇིགས་བྱེད་ཆེན་མོའོ། །ནུབ་རྩིབས་ཏྲི་ཤ་ཀུ་ནི་སྟེ་དགེ་མཚན་གསུམ་པར་མ་ཧཱ་བཱི་ར་སྟེ་དཔའ་བོ་ཆེན་པོ་དང་བཱ་ཡུ་བེ་གཱ་སྟེ་རླུང་གི་ཤུགས་ཅན་མའོ། །ལྷོ་རྩིབས་ཀོ་ས་ལ་སྟེ་དགེ་བ་ཅན་དུ་བཛྲ་ཧཱུྃ་ཀཱ་ར་སྟེ་རྡོ་རྗེ་ཧཱུྃ་མཛད་དང་། སུ་རཱ་བྷཀྵི་སྟེ་ཆང་འཐུང་མའོ། །ཤར་ལྷོའི་རྩིབས་ཀ་ལིཾ་ཀར་སུ་བྷ་ཏྲ་སྟེ་རབ་ཏུ་བཟང་པོ་དང་། ཤྱཱ་མ་དེ་ཝཱི་སྟེ་སྔོ་བསངས་ལྷ་མོའམ་ལྗང་ལྷ་མོའོ། །ལྷོ་ནུབ་ཀྱི་རྩིབས་ལཾ་པཱ་ཀ་སྟེ་འཕྱང་བ་ཅན་དུ་བཛྲ་བྷ་ཏྲ་སྟེ་རྡོ་རྗེ་བཟང་པོ་དང་། སུ་བྷ་ཏྲ་སྟེ་ཤིན་ཏུ་བཟང་མོའོ། །ནུབ་བྱང་གི་རྩིབས་ཀཉྩིར་མ་ཧཱ་བྷཻ་ར་ཝ་སྟེ་འཇིགས་བྱེད་ཆེན་པོ་དང་། ཧ་ཡ་ཀརྞ་སྟེ་རྟ་རྣ་མའོ། །བྱང་ཤར་གྱི་རྩིབས་ཧི་མཱ་ལ་ཡ་སྟེ་གངས་ཅན་དུ་བི་རུ་པཀྵ་སྟེ་མིག་མི་བཟང་དང་། ཁ་ག་ན་ནཱི་སྟེ་བྱ་གདོང་མའོ། །འདི་དག་ནི་གསུང་གི་འཁོར་ལོའི་ལྷ་སྟེ་སྐུ་མདོག་དམར་པོ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོའོ། །དེའི་ཕྱི་རོལ་སྐུའི་འཁོར་ལོའི་ཤར་རྩིབས་པྲེ་ཏ་པུ་རཱི་སྟེ་ཡི་དྭགས་ཀྱི་གྲོང་དུ་མཧཱ་བ་ལ་སྟེ་སྟོབས་པོ་ཆེ་དང་། ཙཀྲ་ཝཻ་ར་སྟེ་འཁོར་ལོའི་ཤུགས་ཅན་མའོ། །བྱང་རྩིབས་གྲྀ་ཧ་དེ་ཝ་སྟེ་ཁྱིམ་གྱི་ལྷར་རཏྣ་བཛྲ་སྟེ་རིན་ཆེན་རྡོ་རྗེ་དང་། ཁཎྜ་རོ་ཧཱ་སྟེ་དུམ་སྐྱེས་མའོ། །ནུབ་རྩིབས་སཽ་རཱཥྚར་སྟེ་ཡུལ་འཁོར་བཟང་པོར་ཧ་ཡ་གྲཱྀ་ཝ་སྟེ་རྟ་མགྲིན་དང་། ཤཽཎྜི་ནི་སྟེ་ཆང་འཚོང་མའོ། །ལྷོ་རྩིབས་སུ་ཝརྞ་དྭི་སྟེ་གསེར་གླིང་དུ་ཨཱ་ཀཱ་ཤ་གརྦྷ་སྟེ་ནམ་མཁའི་སྙིང་པོ་དང་། ཙཀྲ་ཝརྨི་ཎི་སྟེ་འཁོར་ལོའི་གོ་ཆ་མའོ། །ཤར་ལྷོའི་རྩིབས་ན་ག་ར་སྟེ་གྲོང་ཁྱེར་དུ་ཤྲཱི་ཧེ་རུ་ཀ་སྟེ་དཔལ་ཧེ་རུ་ཀ་དང་། སུ་ཝཱི་ར་སྟེ་ཤིན་ཏུ་དཔའ་མོའོ། །ལྷོ་ནུབ་ཀྱི་རྩིབས་སིནྡྷཱུར་པདྨ་ནི་ཤྭ་ར་སྟེ་པདྨ་གར་གི་དབང་ཕྱུག་དང་། མ་ཧཱ་བ་ལི་སྟེ་སྟོབས་ཆེན་མའོ། །ནུབ་བྱང་གི་རྩིབས་མ་རུ་སྟེ་མྱ་ངམ་དུ་བཻ་རོ་ཙ་ན་སྟེ་རྣམ་པར་སྣང་མཛད་དང་། ཙཀྲ་ཝརྟི་ནཱི་སྟེ་འཁོར་ལོས་སྒྱུར་མའོ། །བྱང་ཤར་གྱི་རྩིབས་ཀུ་ལ་ཏར་བཛྲ་སཏྭ་སྟེ་རྡོ་རྗེ་སེམས་དཔའ་དང་། མ་ཧཱ་བཱིརྻ་སྟེ་བརྩོན་འགྲུས་ཆེན་མོའོ། །འདི་དག་ནི་སྐུའི་འཁོར་ལོའི་ལྷ་སྟེ་སྐུ་མདོག་དཀར་པོ་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོའོ། །དཔའ་བོ་ཉི་ཤུ་རྩ་བཞི་ནི་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་རང་གི་ཡུམ་ལ་འཁྱུད་པ། གཡས་འོག་མས་ཌཱ་མ་རུ། གཡོན་འོག་མས་ཁ་ཊྭཱཾ་ག་འཛིན་པར་གཞུང་ལས་གསུངས་ཤིང་། རྗེ་བཙུན་གྱིས། ཕམ་འཐིང་པའི་དགོངས་པས་ཁ་ཊྭཱཾ་ག་ནི་གྲུ་མོར་འོང་ལ། གཡོན་པ་དངོས་སུ་ནི་ཐོད་པ་འོང་སྟེ། རྩ་བའི་རྒྱུད་ཀྱི་ལེའུ་དང་པོ་ལས། མཆོད་གཞི་དཔའ་བོ་ཆེན་པོ་ནི། །ཞེས་བྱ་བའི་གཞུང་གི་དགོངས་པ་ཡིན་ནོ་ཞེས་གསུངས་ཏེ། བསྒོམ་པའི་ཚེ་ནི་ཐོད་པ་བསྒོམ་ལ། འབྲི་བ་ལྟ་བུའི་ཚེ་ནི་མི་འབྲི་སྟེ། གཞུང་ན་སྦས་པ་ཡིན་པའི་ཕྱིར་རོ། །གཞན་རྒྱན་ཆ་ལུགས་དང་། བཞུགས་ཚུལ་རྣམས་ནི་གཙོ་བོ་དང་འདྲ་ཞིང་། དཔའ་མོ་ཉི་ཤུ་རྩ་བཞིའི་ཕྱག་མཚན་རྒྱན་ཆ་ལུགས། འཁྱུད་པའི་ཚུལ་ཐམས་ཅད་རྡོ་རྗེ་ཕག་མོ་དང་འདྲ་བར་བཞེད་དོ། །དེ་ནས་དམ་ཚིག་གི་འཁོར་ལོའི་ཤར་སྒོར་ཁྭའི་གདོང་ཅན་མ་ནག་མོ། བྱང་སྒོར་འུག་པའི་གདོང་ཅན་ལྗང་གུ། ནུབ་སྒོར་ཁྱིའི་གདོང་ཅན་དམར་མོ། ལྷོ་སྒོར་ཕག་གི་གདོང་ཅན་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་ལ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་ལ་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་ལ་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་ལ་གཡོན་སྔོ་བའོ། །དེ་དག་གི་ཕྱག་གི་གྲངས་དང་། ཕྱག་མཚན་ནི་སྙིང་པོའི་རྣལ་འབྱོར་མ་བཞི་དང་མཚུངས་ཤིང་། གཞུང་ལས་ཡི་དྭགས་ཀྱི་གདན་ལ་ཞབས་གཡས་བརྐྱངས་པས་བཞུགས་ཤིང་། སེམས་ཅན་གྱི་དོན་ལ་མངོན་པར་བརྩོན་པའོ། །ཞེས་གསུངས་སོ། །འདིར་ལོ་ཆེན་གྱི་འགྲེལ་ཆུང་ལས། རྡོ་རྗེ་ཕག་མོའི་ངེས་ཚིག་ནི་བྱི་བ་དང་ཆོས་མཐུན་ཏེ། བྱི་བས་རྫས་འཕྲོག་པར་བྱེད་པ་བཞིན་དུ་ཧེ་རུ་ཀའི་ཞེ་སྡང་འཕྲོག་པར་བྱེད་པས་ན་ཕག་མོའོ། །ཧེ་རུ་ཀས་ཕག་མོའི་འདོད་ཆགས་འཕྲོག་པར་བྱེད་པ་སྟེ། དེའི་ཕྱིར་འདོད་ཆགས་དང་། ཞེ་སྡང་དང་འགལ་བའི་ཆོས་དང་ལྡན་པར་བསྟན་པ་ནི། དེ་དག་སྤང་བར་བྱ་བའི་ཕྱིར་རོ། །མཚམས་རྣམས་སུ་བྱང་ཆུབ་ཀྱི་སེམས་ཀྱི་བཀང་བའི་སྣོད་བཞི་ཞེས་བྱ་བ་ནི་མཚམས་བཞིར་བུམ་པ་བཞིའི་སྟེང་དུ་ཐོད་པ་བཞི་བདུད་རྩི་ལྔས་བཀང་བ་བསམ་མོ། །དེ་ཡང་བུམ་པ་ནི་གཞལ་ཡས་ཁང་སྟེ་ཆོས་ཀྱི་དབྱིངས་ཡིན་ལ། ཐོད་པ་ནི་ཐབས་ཏེ་སྙིང་རྗེ་ཆེན་པོའོ། །དང་པོར་ཐུགས་ཀྱི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་གནས་ཉི་ཤུ་རྩ་བཞི་ན་གནས་པའི་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་གདུལ་བའི་ཕྱིར་རོ། །དེ་རྣམས་དང་མཐུན་པར་བྱ་བའི་ཕྱིར་ཐོད་པའི་དུམ་བུ་དང་། རབ་ཏུ་གཏུམ་མོ་ལ་སོགས་པར་མིང་དུ་བཏགས་ཀྱི་ངེས་པའི་ཚིག་ནི་མེད་དོ། །སྒོ་རྣམས་སུ་ཞེས་བྱ་བ་ནི་ཁྭ་གདོང་མ་ནི་བྱ་རོག་གིས་རྒྱང་རིང་པོ་མཐོང་བ་ལྟར་དུས་གསུམ་མཁྱེན་པའི་ཕྱིར་རོ། །འུག་གདོང་མ་ནི་འུག་པས་ཉིན་མོ་མི་མཐོང་བ་ལ་མཚན་མོ་མཐོང་བ་དང་འདྲ་བར་གཟུང་འཛིན་དུ་མི་མཐོང་ལ་གཉིས་སུ་མེད་པར་མཐོང་བའི་ཕྱིར་རོ། །ཁྱི་གདོང་མ་ནི་ཁྱི་ནི་ཟན་ཟ་བ་ལ་མ་ཡེངས་པར་བལྟ་བ་བཞིན་དུ་དེ་བཞིན་ཉིད་ལ་ལྷུན་གྱིས་གྲུབ་པར་དམིགས་པའི་ཕྱིར་རོ། །ཕག་གདོང་མ་ནི་ཕག་ནི་རྣམ་པར་རྟོག་པ་མེད་པ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་རྟོག་པ་མེད་པའོ། །མཚམས་རྣམས་ན་གནས་པའི་ལྷ་མོ་ནི་ཡིད་འཕྲོག་པའི་གཟུགས་གཉིས་ཏེ་ཞེས་པ་ནི་འགྲོ་བ་རྣམས་འཁོར་བ་ལས་འདྲེན་པར་མཛད་པ་དང་། མྱ་ངན་ལས་འདས་པར་འཇོག་པར་མཛད་པའི་ཕྱིར་གཟུགས་གཉིས་སུ་བསྟན་ནོ། །དེ་ལ་གཤིན་རྗེ་སྲེག་མ་ནི་འཆི་བ་སྲེག་པའོ། །གཤིན་རྗེའི་ཕོ་ཉ་མོ་ནི་འཆི་བ་མི་སྟེར་བའོ། །གཤིན་རྗེ་མཆེ་བ་མ་ནི་འཆི་བ་ཟོས་པའོ། །གཤིན་རྗེ་འཇོམས་མ་ནི་འཆི་བ་བརླག་པ་སྟེ་གཏན་བཅོམ་པའོ། །ཐམས་ཅད་ཀྱང་ཡི་དྭགས་ཀྱི་གདན་ལ་བཞུགས་ཤིང་ཞེས་པ་ནི་ལྷ་ཐམས་ཅད་ཀྱང་མི་རོའི་གདན་ལ་བཞུགས་པ་སྟེ། དེ་ནི་ཆོས་ཐམས་ཅད་བདག་མེད་པར་བསྟན་པའི་ཕྱིར་དང་། ལྷ་དེ་ཉིད་ཀྱང་ཆོས་ཉིད་དང་ཡེ་ཤེས་དབྱེར་མེད་པའི་ངོ་བོར་བསྟན་པའི་ཕྱིར་དང་། ཆོས་ཐམས་ཅད་ཀྱང་མི་རྟག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དང་། རྣལ་འབྱོར་པ་རྣམས་སྐྱོ་བ་བསྐྱེད་པས་བསྒོམ་པ་ལ་བརྩོན་འགྲུས་སྐྱེ་བའི་ཕྱིར་རོ། །དཔྲལ་བར་རྡོ་རྗེ་ཕྲེང་བ་ནི་རིགས་དྲན་པའི་ཕྱིར་དང་། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པར་བསྟན་པའི་ཕྱིར་ཞེས་གསུངས་སོ། །དཔྲལ་བར་རྡོ་རྗེའི་ཕྲེང་བས་བསྐོར་བ་རིགས་དྲན་པའི་ཕྱིར་ཡིན་ཞེས་པའི་དོན་འདིར་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་དྲུག་པའི་དཀྱིལ་འཁོར་ཡིན་པར་བསྟན་པའི་ཆེད་ཡིན་ཏེ། མངོན་བརྗོད་དུ། ཐུགས་འཁོར་གྱི་ལྷ་རྣམས་ཀྱི་དཔྲལ་བར་རྡོ་རྗེའི་ཕྲེང་བ། གསུང་འཁོར་གྱི་ལ་པདྨ། སྐུ་འཁོར་གྱི་ལ་འཁོར་ལོའི་ཕྲེང་བ་བཤད་པའི་རིགས་ལས་ཁྱད་པར་དུ་བྱས་པའོ། །འདིར་འཁོར་གྱི་ལྷ་ཞལ་གཅིག་ཕྱག་བཞི་པར་མཛད་པ་ནི་ཨ་བྷི་དྷ་ན་ལ་བརྟེན་ལ། དྲིལ་བུ་པ་དང་། ནག་པོ་པའི་སྒྲུབ་ཐབས་སུ་ཞལ་གཅིག་ཕྱག་གཉིས་པར་མཛད་པ་ནི་ཀུན་སྤྱོད་ལ་བརྟེན་པར་སྣང་ངོ་། །གཉིས་པ་ཕོ་ཉ་གསུམ་བསྲེ་བ་ནི། སློབ་དཔོན་གྱི་གཞུང་ལས། སྐབས་འདིར་མ་བྱུང་ཡང་། རྗེ་བཙུན་ནཱ་རོ་པའི་སློབ་བཤད། ཕམ་འཐིང་པ་ནས་བརྒྱུད་པ། རྗེ་བཙུན་ཆེན་པོས་འདི་ལྟར་གསུངས་ཏེ། དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྐྱེད་ནས་ཕོ་ཉ་བསྲེ་བ་ལས། སྤྱིར་ཕོ་ཉ་བསྲེ་བ་ཞེས་བྱ་བ་ནི་རྒྱལ་པོའི་ཕོ་ཉ་དང་འདྲ་སྟེ། དངོས་གྲུབ་འགྲུབ་པ་ལ་ཤིན་དུ་མྱུར་བའི་ཕྱིར་ཕོ་ཉ་ཞེས་བྱའོ། །དེའང་རྣམ་པ་གསུམ་སྟེ། ཕོ་ཉ་སྔགས་སྐྱེས་དང་། ཞིང་སྐྱེས་དང་། ལྷན་སྐྱེས་སོ། །དེ་སྐད་དུ་རྩ་བའི་རྒྱུད་ལས། ཕོ་ཉ་རྣམ་གསུམ་ལེགས་འདྲེས་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །ཞེས་འབྱུང་ངོ་། །དེ་ལ་བསྒོམ་པ་དང་སྤྲོས་པ་གཅད་པ་གཉིས་ལས། དང་པོ་བརྗོད་ན་བློ་རྒྱ་ཆེ་ཆུང་གི་རིམ་པས། རྩིབས་དང་ལྷ་རེ་རེའི་སྟེང་ནས་བསྲེ་བ་དང་། འཁོར་ལོ་རེ་རེའི་སྟེང་དུ་བསྲེ་བ་དང་། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་ལ་བསྲེ་བའོ། །དེ་རེ་རེ་ལ་ཡང་ཡུལ་ལ་ཡུལ་གྱི་ཞེན་པ་དང་། ལྷ་ལ་ལྷའི་ཞེན་པ་བྱ་སྟེ། དེ་ལ་བདག་གིས་བསྒོམས་པའི་བློ་ལ་སྣང་བ་ནི་ཕོ་ཉ་སྔགས་སྐྱེས། འཛམ་བུ་གླིང་གི་ཡུལ་རྣམས་ན་སྤྲུལ་པའི་སྐུ་ཉིད་དུ་དངོས་སུ་བཞུགས་པ་རྣམས་ནི་ཕོ་ཉ་ཞིང་སྐྱེས། འོག་མིན་ལོངས་སྤྱོད་རྫོགས་པའི་གནས་ན་བཞུགས་པ་རྣམས་ནི་ཕོ་ཉ་ལྷན་སྐྱེས་སོ། །དེ་གསུམ་བསྲེ་བ་བློ་ཐ་མའི་དབང་དུ་བྱས་ནས་བརྗོད་ན། བདག་གི་བློ་ལ་སྣང་བའི་ཐུགས་ཀྱི་འཁོར་ལོའི་ཤར་ཕྱོགས་ཀྱི་རྩིབས་པུལླཱི་ར་མ་ལ་ཡ་འདི་འཛམ་བུའི་གླིང་ན་བཞུགས་པའི་ཡུལ་དེ་ཉིད་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་ཡུལ་དེ་ཉིད་ཡིན་ཞིང་། དེའང་ཆོས་ཀྱི་སྐུ་ལས་བྱུང་བ་ཡིན་ནོ་སྙམ་དུ་ཡུལ་ལ་ཡུལ་གྱི་ཞེན་པ་བྱ། ཡང་བློ་སྣང་གི་ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་ལ་བཞུགས་པའི་ཁཎྜ་ཀ་པཱ་ལི་དང་། རབ་ཏུ་གཏུམ་མོ་འདི་འཛམ་བུའི་གླིང་ན་བཞུགས་པའི་སྤྲུལ་པའི་སྐུའི་བཅོམ་ལྡན་འདས་དེ་ཉིད་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་ལོངས་སྐུའི་བཅོམ་ལྡན་འདས་ཡིན་ཞིང་། དེ་ཉིད་ཆོས་ཀྱི་སྐུ་ལས་བྱུང་བའོ་སྙམ་དུ་ལྷ་ལ་ལྷའི་ཞེན་པ་བྱའོ། །དེ་བཞིན་དུ་ཡུལ་སོ་སོ་དང་། ལྷ་སོ་སོ་ཡོངས་སུ་རྫོགས་ཀྱི་བར་དུ་བསྲེ་བར་བྱའོ། །དེ་དག་ཀྱང་བསྒོམས་པ་དང་བསྟུན་ནས་ལྷ་རེ་རེ་གསལ་བཏབ་པ་དང་བསྲེ་ཞིང་བསྒོམ་པ་ཡིན་ནོ། །བློ་འབྲིང་གིས་འཁོར་ལོ་རེ་རེ་ནས་བསྲེ་ན་ཐུགས་ཀྱི་འཁོར་ལོའི་རྩིབས་བརྒྱད་པོ་འདི་ཉིད་འཛམ་བུའི་གླིང་ན་བཞུགས་པའི་ཡུལ་བརྒྱད་པོ་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་ཡུལ་བརྒྱད་པོ་ཡིན་ཞིང་དེ་ཆོས་ཀྱི་སྐུ་ལས་བྱུང་བ་ཡིན་ནོ་ཞེས་ཡུལ་ལ་ཡུལ་གྱི་ཞེན་པའོ། །རྩིབས་བརྒྱད་པོའི་དཔའ་བོ་དང་དཔའ་མོ་དེ་དག་འཛམ་བུའི་གླིང་ན་བཞུགས་པའི་སྤྲུལ་པའི་སྐུའི་དཔའ་བོ་དང་རྣལ་འབྱོར་མ་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་སྤྲུལ་པའི་སྐུའི་དཔའ་བོ་དང་རྣལ་འབྱོར་མ་ཡིན་ཞིང་། དེ་ཆོས་ཀྱི་སྐུ་ལས་བྱུང་བ་ཡིན་སྙམ་དུ་ལྷ་ལ་ལྷའི་ཞེན་པ་བྱའོ། །དེ་བཞིན་དུ་འཁོར་ལོ་སོ་སོ་དང་། ལྷ་རྣམས་སོ་སོ་ཡོངས་སུ་རྫོགས་ཀྱི་བར་དུ་བསྲེ་བར་བྱའོ། །བློ་རྒྱ་ཆེན་པོས་ཐམས་ཅད་ཀྱང་དུས་གཅིག་ཏུ་བསྲེ་ན། བློ་ལ་སྣང་བའི་གཞལ་ཡས་ཁང་སྲུང་བའི་འཁོར་ལོ་དང་། དུར་ཁྲོད་བརྒྱད་དང་བཅས་པ་འདི་ནི་ཕྱི་རོལ་སྣོད་ལ་བཞུགས་པའི་ཞིང་སྐྱེས་ཀྱི་ཡུལ་རྣམས་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་ལྷན་སྐྱེས་ཀྱི་གཞལ་ཡས་ཁང་ཡིན་ཞིང་། དེ་ཆོས་ཀྱི་སྐུ་ལས་བྱུང་བ་ཡིན་སྙམ་དུ་ཡུལ་ལ་ཡུལ་གྱི་ཞེན་པ་དང་། ཡང་བློ་ལ་སྣང་བའི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྔགས་སྐྱེས་འདི་ཉིད་འཛམ་བུའི་གླིང་ན་བཞུགས་པའི་སྤྲུལ་པའི་སྐུ་ཞིང་སྐྱེས་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་ལྷན་སྐྱེས་ཀྱི་ལྷ་དྲུག་ཅུ་རྩ་གཉིས་ཡིན་ཞིང་། དེ་ཆོས་ཀྱི་སྐུ་ལས་བྱུང་བའོ་སྙམ་དུ་ལྷ་ལ་ལྷའི་ཞེན་པ་བྱའོ། །བསྒོམ་པའི་རིམ་པའི་དབང་དུ་བྱས་ན་དེ་ཙམ་ཞིག་གིས་བཏུབ་བོ། །གལ་ཏེ་སྤྲོས་པ་གཅོད་པར་འདོད་ན། དེ་ལྟར་ཕོ་ཉ་བསྲེས་པས་འདྲེས་པར་ག་ལ་འགྱུར་སྙམ་ན། འདྲེ་བར་འགྱུར་ཏེ། ཞེན་པས་འཇུག་ཅིང་འབྲེལ་པས་མི་བསླུ་བའི་ལམ་ཡིན་པའི་ཕྱིར་རོ། །དེའང་ཇི་ལྟར་ཞེ་ན། ལམ་བསྒོམ་པའི་དུས་སུ་ཞེན་པ་ནི་ཞིང་སྐྱེས་དང་ལྷན་སྐྱེས་ལ་ཞེན་ཅིང་འཇུག་པ་ནི་སྔགས་སྐྱེས་ལ་འཇུག་པར་འབྲེལ་བས་མི་བསླུ་བ་སྟེ། དཔེར་ན་ནམ་མཁའ་ལ་ཟླ་བ་བྱུང་ན་ཆུ་ནང་དུ་འཆར་བ་བཞིན་དུ། ཆོས་སྐུའི་བྱིན་རླབས་ཀྱིས་འོག་མིན་དུ་ལོངས་སྐུ་འབྱུང་ལ། དེའི་མཐུས་འཛམ་བུ་གླིང་དུ་སྤྲུལ་སྐུ་འབྱུང་ལ། དེའི་མཐུས་སྒྲུབ་པ་པོའི་བློ་ལ་སྣང་བ་ཡིན་ནོ། །ཡང་འདིར་བསྒོམ་པ་མས་སྒོམ། བྱིན་གྱིས་ཡས་རློབ་ཅེས་བྱ་བ་དང་། བསྒོམ་པ་མས་སྒོམ་ལ་རྟོགས་པ་ཡས་འཆར་ཞེས་བྱ་བ་ཡིན་ཏེ། བསྒོམ་པ་མས་སྒོམ་པ་ནི་སྔགས་སྐྱེས་ཁོ་ན་ལ་འཇུག་པ་ཡིན་ལ། བྱིན་གྱིས་ཡས་རློབ་པ་ནི་སྔགས་སྐྱེས་ཞིང་སྐྱེས་ཀྱིས་བྱིན་གྱིས་རློབ་ལ། ཞིང་སྐྱེས་ལ་ལྷན་སྐྱེས་ཀྱིས་བྱིན་གྱིས་རློབ་ལ། དེ་ལ་ཆོས་སྐུས་བྱིན་གྱིས་རློབ་པ་ཡིན་པའི་ཕྱིར་རོ། །རྟོགས་པ་ཡས་འཆར་བ་ནི་སྔགས་སྐྱེས་བསྒོམས་པས་སྔོན་ལ་ཞིང་སྐྱེས་ཀྱི་རྟོགས་པ་སྐྱེ་བ་ལྟ་བུ་ནི་མ་ཡིན་ཏེ། ཐོག་མ་ཁོ་ནར་ཆོས་ཐམས་ཅད་རང་བཞིན་ཆོས་ཀྱི་སྐུའི་རྟོགས་པ་སྐྱེ་ལ། དེས་ལྷན་སྐྱེས་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་ཅིང་། དེའི་ཐུགས་རྗེ་ཆེན་པོས་འཇིག་རྟེན་དུ་སྤྲུལ་པའི་སྐུ་ཞིང་སྐྱེས་འབྱུང་ལ། དེ་དག་གིས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་རློབ་པ་ན་སྔགས་སྐྱེས་ཀྱི་སྣང་བ་འབྱུང་བ་ཡིན་ནོ། །ཡང་འདིར་ཕོ་ཉ་འདྲི་བར་ནི་རྟོགས་ན། བསྲེ་བའི་ཡུལ་མ་ཚང་སྟེ། བློ་སྣང་སྔགས་སྐྱེས་ལ་ལྷ་ཐམས་ཅད་ཚང་ཡང་འཛམ་བུའི་གླིང་ན་བདེ་བ་ཆེན་པོའི་འཁོར་ལོ་མི་བཞུགས་སོ་ཞེས་བྱ་བ་དང་། འོག་མིན་ན་ནི་བདེ་བ་ཆེན་པོའི་འཁོར་ལོ་ཁོ་ན་ལས་གཞན་པ་མི་བཞུགས་པར་གྲག་གོ་ཞེས་སྨྲ་ན། དེ་ལྟར་ནི་མ་ཡིན་ཏེ་འཛམ་བུའི་གླིང་ལ་སོགས་པ་ཕྱི་རོལ་ནའང་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཚང་བར་བཞུགས་ལ། འོག་མིན་ན་ཡང་ཐམས་ཅད་བཞུགས་པ་ཉིད་ཡིན་ཏེ། རྒྱུ་ལ་ཆོས་ཐམས་ཅད་ཚང་བར་ཉམས་སུ་བླངས་པས་འབྲས་བུ་ནི་གནས་གྱུར་གྱི་ཚུལ་དུ་འབྱུང་བ་ཉིད་ཡིན་པས་ན་འདི་ལ་མ་ཚང་བ་ག་ལ་སྲིད། ཡང་ཁྱོད་སྨྲ་བ་བཞིན་ཡིན་དུ་ཆུག་ནའང་འཛམ་བུ་གླིང་ན་བཞུགས་པ་ནི་བསྡུ་བྱ་འཁོར་ཡིན་ལ། འོག་མིན་ན་བཞུགས་པ་ནི་བསྡུ་བྱེད་གཙོ་བོ་ཡིན་པས་ན། འཁོར་ལ་བསྲེས་པས་ཀྱང་གཙོ་བོ་ཚང་ལ་གཙོ་བོ་ལ་བསྲེས་པས་ཀྱང་འཁོར་ཚང་སྟེ། དཔེར་ན་འཇིག་རྟེན་ན་འཁོར་མཉེས་ན་གཙོ་བོ་ཡང་མཉེས་ལ། གཙོ་བོ་མཉེས་ན་འཁོར་ཡང་མཉེས་པར་འགྱུར་བ་བཞིན་ནོ། །གཞན་ཡང་ལྷ་རེ་རེའི་ལུས་ལ་ཡང་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཚང་བར་ཡོད་པས་ན་ལྷ་རེ་རེ་ལ་བསྲེས་པས་ཀྱང་ཐམས་ཅད་ཚང་བར་འགྱུར་བ་ཡིན་ནོ། །དེ་ལྟར་དེ་དག་ཐམས་ཅད་ཀྱི་མིང་ནི་བློའི་སྤྱོད་ཡུལ་གཅིག་ལ་ཕོ་ཉ་གསུམ་བསྲེ་བ་ཞེས་བྱ་བ་ཡིན་ནོ། །ཡང་མངོན་པར་རྟོགས་པ་གཅིག་ལ་ཕོ་ཉ་གསུམ་བསྲེ་བ་ཞེས་བྱ་བ་ནི། ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་ཕྱི་རོལ་ན་ཡོད་པ་དང་མཐུན་པས་ན་ཕོ་ཉ་ཞིང་སྐྱེས། ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱི་བྱིན་གྱིས་བརླབ་པ་དང་བཅས་པ་སྔགས་ལས་བྱུང་བས་ན་ཕོ་ཉ་སྔགས་སྐྱེས། རྫོགས་པའི་རིམ་པ་སྤྱོད་པ་དང་བཅས་པ་རང་བཞིན་མེད་པའི་ངོ་བོ་ཡིན་པའི་ཕྱིར་ཕོ་ཉ་ལྷན་སྐྱེས་ཏེ་མངོན་པར་རྟོགས་པ་རྫོགས་པ་གཅིག་ལ་ཕོ་ཉ་གསུམ་བསྲེ་བ་ཞེས་བྱའོ། །ཡང་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ལ་ཕོ་ཉ་གསུམ་བསྲེ་ན་བདེ་བ་ཆེན་པོའི་འཁོར་ལོ་ནི་ཕོ་ཉ་ལྷན་སྐྱེས། འཁོར་ལོ་གསུམ་ནི་ཕོ་ཉ་ཞིང་སྐྱེས། སྒོ་མཚམས་མ་བརྒྱད་ནི་ཕོ་ཉ་སྔགས་སྐྱེས་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ལྟར་བློའི་རིམ་པས་རིམ་གྱིས་བསྲེ་བའམ་ཅིག་ཆར་དུ་བསྲེ་བའང་རུང་སྟེ། ཕོ་ཉ་བསྲེ་བ་ལ་བློ་དད་པས་བརྟན་པར་བསྒོམ་པར་བྱའོ་ཞེས་གསུངས་པ་འདིའི་དོན་ལ་ལེགས་པར་དཔྱད་ན་དོན་དེ་ཚུལ་བཞིན་དུ་ངེས་པར་འགྱུར་རོ། །འདི་ལ་བླ་མ་ཕྱི་མ་དག །ཕོ་ཉ་རྣམ་གསུམ་ལེགས་འདྲེས་ན། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །ཞེས་པ་འདི་རྩ་རྒྱུད་ན་མི་སྣང་ཞིང་། གཞུང་འགྲེལ་རྣམས་ལས། སྐབས་འདིར་ཕོ་ཉ་བསྲེ་བ་མི་སྣང་བས་མ་དག་པ་ཡིན་ནོ་ཞེས་ཀྱང་སྨྲ་ཞིང་། སྔར་པྲ་ཛྙཱ་རཀྵི་ཏ་ནི། ནཱ་རོ་པ་ལོ་བཅུ་གཉིས་བསྟེན་ཀྱང་། ཚོགས་བཤད་ལས་སློབ་བཤད་མ་ཐོབ་པར་མལ་གྱོའི་རྗེས་འབྲང་དག་སྨྲ་ཡང་། སློབ་བཤད་ཡོད་པར་འདོད་པ་རྣམས་ལ་ཡོད་ཅིང་། ཁོ་ལ་མེད་པའི་བཤད་པ་ཁྱད་པར་ཅན་ཅིའང་མི་འདུག་ལ་ཞེས་ཀྱང་སྨྲ་བ་ནི། བ་ལང་ལ་རྟ་ལ་མེད་པའི་ཁྱད་ཆོས་ཅིའང་མི་འདུག་ཅེས་ཀྱང་སྨྲ། ནོག་ལྐོག་ཤལ་སོགས་ཡིན་ནོ་བྱས་པ་ལ། དེ་དག་ནི་རྟ་ལ་མེད་པས་བ་ལང་གི་ཁྱད་ཆོས་སུ་མི་འཐད་དོ་ཞེས་ཀྱང་སྨྲ་བ་དང་མཚུངས་སོ། །འོ་ན་སློབ་བཤད་ཡིན་ན། གཞུང་འགྲེལ་ན་མེད་ཀྱང་། རྒྱུད་ལ་བརྟེན་དགོས་པས། རྒྱུད་གང་ལ་བརྟེན་ཅེ་ན་བཤད་པར་བྱ་སྟེ། རྩ་རྒྱུད་ལེའུ་དང་པོ་ལས། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་ནི། །མཆོག་དང་འབྲིང་དང་ཐ་མ་སྟེ། །ཞེས་ཕོ་ཉ་གསུམ་དུ་གསུངས་ཤིང་། ལེའུ་ཉི་ཤུ་རྩ་དྲུག་པ་ལས། རིམ་དང་རིམ་ལས་བཟློག་པ་ཡིས། །ཕོ་ཉ་རྣམས་ནི་ཡང་དག་གནས། །འོག་དང་སྟེང་གྲུབ་རྟག་ཏུ་སྟེར། །བདག་གི་ཕོ་ཉ་མ་ཀུན་འགྲོ། །ཕོ་ཉ་མ་སྟེ་ཀུན་གྲུབ་སྟེར། །ཞེས་དང་། ཉི་ཤུ་རྩ་བདུན་པ་ལས། དེ་བཞིན་ཕོ་ཉ་ལེགས་འདྲེས་པ། །སྒྲུབ་པ་པོ་ཡིས་དངོས་གྲུབ་འཐོབ། །ཅེས་གསུངས་པ་རྣམས་ཀྱི་དོན་བསྡུས་ནས། རྗེ་བཙུན་གྱི་ཚིག་རྐང་གཉིས་གསུངས་པ་དོན་བསྡུས་པའི་ལུང་ངོ་། །དེ་དག་གི་དོན་ནི། རིམ་པ་ནི། རབ་གཏུམ་མ་ནས་བཟུང་སྟེ། ལྷ་རྣམས་ཡས་རིམ་མམ། ཕྱོགས་གཡོན་སྐོར་དུ་འགོད་པ་དང་། རིམ་པ་ལས་བཟློག་པ་ནི། བརྩོན་འགྲུས་ཆེན་མོ་ནས་བཟུང་སྟེ་མས་རིམ་མམ། མཚམས་གཡས་སྐོར་དུ་འགོད་པའི་ཕོ་ཉ་རྣམས་དཀྱིལ་འཁོར་ལ་གནས་པ་ནི། ཕོ་ཉ་སྔགས་སྐྱེས་ཏེ། ཐ་མའི་དོན་ནོ། །འོག་གྲུབ་ཅེས་པ་ནི། འཛམ་བུའི་གླིང་ན་བཞུགས་པའི་ཕོ་ཉ་ཞིང་སྐྱེས་ཏེ། འབྲིང་གི་དོན་ཏོ། །སྟེང་གྲུབ་ཅེས་པ་ནི་འོག་མིན་ན་བཞུགས་པའི་ལྷན་སྐྱེས་ཏེ། མཆོག་གི་དོན་ཏོ། །དེས་ན་བདག་གི་ཕོ་ཉ་མ་ནི་སྔགས་སྐྱེས་ཡིན་ལ། དེ་ཉིད་ཞིང་སྐྱེས་དང་། ལྷན་སྐྱེས་ཀུན་དུ་འགྲོ་བས། དངོས་གྲུབ་སྟེར་ཅེས་པའོ། །ཉམས་ལེན་གང་གིས་ན། དེ་བཞིན་ཕོ་ཉ་ལེགས་འདྲེས་པ། །ཞེས་སོགས་ཏེ། འདྲེས་པས་སྟེར་ཅེས་པའི་དོན་ཏེ། རྒྱུད་ཀྱི་སྟེང་གི་ཉམས་ལེན་གྱི་རིམ་པ་འདི་ལྟ་བུ་གང་ལ་མེད་པ་ནི་ཚོགས་བཤད་དང་། ཡོད་པ་ནི་སློབ་བཤད་དུ་ངེས་པར་བྱའོ། །གསུམ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པ་ལ་དྲུག་སྟེ། གང་དུ་བསྒོམ་པའི་གནས་སྐབས་ཀྱི་ངེས་པ། གང་བསྒོམ་པ་བྱང་ཆུབ་ཀྱི་ཕྱོགས་ངོས་གཟུང་། གང་ལ་བསྒོམ་པའི་གཞི་ངོས་གཟུང་། དེ་ལ་དེ་ཇི་ལྟར་བསྒོམ་པའི་ཚུལ། དེ་ལྟར་བསྒོམ་པའི་དགོས་པ། གོ་རིམ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། ཀུན་སྤྱོད་ལེའུ་གསུམ་པར། ལྷ་དང་སྦྱར་ནས་བསྒོམ་ཚུལ་ཙམ་ལས། གནས་སྐབས་གང་དུ་བསྒོམ་པ་གསལ་བར་མ་གསུངས་ལ། གྲུབ་ཆེན་འདིས། གནས་སྐབས་འདིར་བསྒོམ་པར་གསུངས། སློབ་དཔོན་དྲིལ་བུ་པས། ལུས་དཀྱིལ་གྱི་ལྷ་རྣམས་གསལ་གདབ་ཟིན་པའི་རྗེས་སུ་བསྒོམ་པའང་གསུངས་ཤིང་། ནག་པོ་སྤྱོད་པ་བས། སངས་རྒྱས་སུ་བསྐྱེད་པ་དང་། དེ་ལ་མཆོད་པ་གཉིས་རྫོགས་ནས་བཟླས་པའི་གོང་དུ་བསྒོམ་པར་གསུངས་སོ། །དེ་དག་གི་དོན་ཡང་བསྒོམ་གཞི་ལྷ་གསལ་གདབ་པ་ཙམ་ནི་སྔོན་དུ་འགྲོ་དགོས་ཤིང་། དེའི་རྗེས་སུ་གང་དུ་བསྒོམས་ཀྱང་འདྲ་བར་བཞེད་དོ། །གཉིས་པ་ནི། སྤྱིར་བྱང་ཕྱོགས་སོ་བདུན་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས། མངོན་པ་གོང་འོག་གཉིས་ནས། སྡེ་ཚན་བདུན་གྱི་ས་མཚམས་ཅུང་ཟད་མི་འདྲ་བ་དང་། མངོན་རྟོགས་རྒྱན་ལས་སོ་བདུན་པོ་ཐམས་ཅད་རྣམ་མཁྱེན་གྱི་རྣམ་པར་བཤད་པ་དང་། རྡོ་རྗེ་ཐེག་པ་ལས་རྡོ་རྗེ་རྩེ་མོར་གཞལ་ཡས་ཁང་གི་ཆ་ཤས་ལ་སྦྱར་བ་དང་། ཀུན་སྤྱོད་ལས་ལྷ་སུམ་ཅུ་སོ་བདུན་ལ་སྦྱར་བ་དང་། སཾ་བུ་ཊིར། རབ་དགའ་ལ་སོགས་པའི་ས་བཅུ་གསུམ་ལ་སྦྱར་བ་སོགས་དུ་མ་ཡོད་པའི་ནང་ནས། སྐབས་འདིར་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་ལ་བྱང་ཕྱོགས་སོ་བདུན་ལྡོག་པའི་སྒོ་ནས་ཕྱེ་བའོ། །དེ་ཡང་སཾ་བུ་ཊིར། ཕ་རོལ་ཏུ་ཕྱིན་པའི་ལུགས་ཇི་ལྟ་བ་བཞིན་གྱི་བསྒོམ་ཚུལ་དང་གོ་རིམ་བཤད་ལ། ཀུན་སྤྱོད་གཉིས་པ་ལས། རྒྱས་བཤད་ཀྱི་སྐབས་སུ་སྐབས་འདི་ནས་བསྟན་པའི་ལྷའི་གོ་རིམ་བཞིན་དུ་བཤད་ཅིང་། དོན་བསྡུའི་སྐབས་སུ་སྡེ་ཚན་བདུན་པོ་ཕ་རོལ་ཏུ་ཕྱིན་པའི་གོ་རིམ་བཞིན་དུ་བཤད་དོ། །གསུམ་པ་ནི་ཀུན་སྤྱོད་གསུམ་པ་ལས། དེ་ལ་དེ་རྣམས་ཀྱི་ལྷའི་རྣལ་འབྱོར་པ་གྲངས་ཇི་ལྟ་བར་མདོར་བསྡུས་པ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ་ཞེས་པ་ནས། མི་དགེ་བའི་ཆོས་རྣམས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་གཤིན་རྗེ་འཇོམས་མའོ་ཞེས་པའི་བར་གསུངས་ཤིང་། སློབ་དཔོན་གྱི་གཞུང་ལས་ཀྱང་། དེས་ནས་གཞན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷའི་སྦྱོར་བར་བྱ་སྟེ། དེ་དག་ཀྱང་གང་ཞེ་ན། ལུས་རྗེས་སུ་དྲན་པ་ནི་ཞེས་སོགས་རྒྱུད་ཀྱི་ཚིག་ཇི་ལྟ་བ་བཞིན་གསུངས་སོ། །རྒྱུད་གཞུང་འདི་གཉིས་ཆར་ལས། འཁོར་ལོ་གསུམ་གྱི་ཡུམ་འབའ་ཞིག་སྨོས་པ་ནི། ཤེས་རབ་ཀྱི་རྒྱུད་གཙོ་བོར་གྱུར་པ་དང་། རྩ་རྣམས་ལྷ་མོ་ཡིན་པ་ལ་དགོངས་ལ། ཡབ་ཧེ་རུ་ཀ་ཙམ་ཞིག་སྨོས་པས་ནི། རྗེས་མ།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།