ཡུམ་བཞིན་དུ་ཡབ་དཔའ་བོ་རྣམས་ཀྱང་དག་གོ །ཞེས་བྱ་བ་ལ་དགོངས་ལ། དེས་ན་བསྒོམ་པ་དང་བརྗོད་པ་གཉིས་ཀའི་དུས་སུ་ཟུང་འཇུག་ཏུ་ཤེས་པར་བྱ་བའི་ཕྱིར། འདིར་བསྡེབས་ཏེ་བྲིས་པ་ཡིན་ནོ་ཞེས་རྗེ་བཙུན་གྱིས་གསུངས་པས། གང་ལ་བསྒོམ་པར་བྱ་བའི་གཞི་ནི་ལྷ་སུམ་ཅུ་སོ་བདུན་པོ་ཐམས་ཅད་དོ། །བཞི་པ་ནི་རྗེ་བཙུན་དང་། དམར་གྱིས་དེ་ཡང་ལྷའི་སྐུ་རྡོས་པའི་རྣམ་པ་ལྟ་བུར་མཐོང་སྟེ། ལྷ་ལ་མངོན་པར་ཞེན་པ་སྐྱེས་ན་ཚུར་དག་ཏུ་སྦྱར་བར་བྱ་སྟེ་ཡང་དག་པར་ན་མཁའ་འགྲོ་མ་ནི་ལུས་རྗེས་སུ་དྲན་པའོ། །ཞེས་བྱ་བ་ལ་སོགས་པར་ཤེས་པར་བྱའོ། །ལམ་ལ་སོམ་ཉི་ཟ་ན་སྟེ། ཕ་རོལ་དུ་ཕྱིན་པའི་ཐེག་པ་ལ་ལམ་དམན་པའམ་ལོག་པ་ཞིག་ཏུ་གོ་ན་དེ་ནི་མ་ཡིན་ཏེ། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཞེས་བྱ་བ་ལ་སོགས་པ་སྟེ། དག་བྱ་བྱང་ཆུབ་ཀྱི་སེམས་ཀྱི་ཆོས་སུ་བྱས་ནས་དག་བྱེད་ལྷས་དག་པར་བྱེད་པ་སྟེ། ལམ་དམན་པའམ་གུད་དུ་མ་ལས་པར་ཤེས་པར་བྱའོ། །དེ་ལྟར་ལྷ་ལ་ཞེན་པ་མི་སྐྱེ་ཞིང་། ལམ་ལ་སོམ་ཉི་མི་ཟ་ན་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་ངག་ཏུ་བརྗོད་མི་དགོས་སོ་ཞེས་གསུངས་ལ་བླ་མ་གོང་མ་རྣམས་ནི་ཅིས་ཀྱང་ལག་ལེན་ལ་མཛད་དོ། །ཞེས་གསུངས་སོ། །ལྔ་པ་ནི་རྗེ་བཙུན་དང་། དམར་གྱི་བཞེད་པ་ནི་བསྒོམ་ཚུལ་གྱི་སྐབས་སུ་བསྟན་པ་དེ་ཉིད་ཡིན་ལ། དམར་གྱིས་དགོས་དོན་གྱི་སྐབས་སུ། ལྷ་ལ་ཞེན་པ་སྤང་བའི་ཕྱིར་ཡིན་ནོ། །སྤང་བྱ་ཞེན་པ་ལ་གསུམ་སྟེ། ལྷ་ལ་རྒྱུད་ཐ་དད་དུ་ཞེན་པ་དང་། ཡང་དག་ཏུ་ཞེན་པ་དང་། བེམ་པོར་ཞེན་པའོ། །དེ་ལ་ཞེན་པ་དང་པོའི་གཉེན་པོར། ལྷ་ཐམས་ཅད་གཙོ་བོའི་ཐུགས་གཉིས་སུ་མེད་པ། ཆོས་ཀྱི་སྐུར་རོ་གཅིག་ཏུ་གོ་བས་རྒྱུད་ཐ་དད་དུ་ཞེན་པ་སྤོང་ངོ་། །གསལ་བ་ལྟར་སྣང་ཡང་དེ་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསྒོམས་པས་ཡང་དག་ཏུ་ཞེན་པ་སྤོང་ངོ་། །དེ་ཉིད་ཉམས་མྱོང་གསལ་བ་དང་མ་བྲལ་བས་བེམ་པོར་ཞེན་པ་སྤོང་ངོ་། །ཞེས་གསུངས་པས་ནི་རྡོ་རྗེ་ཐེག་པའི་བསྐྱེད་རིམ་གྱི་གནད་མཐའ་དག་ལ་མཁོ་བར་སྣང་ཞིང་། སྐབས་འདིར་ཕར་དག་གི་དགོས་པའི་དགོས་པ་དང་པོ་བསྟན་ཏེ། གཙོ་བོའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས། བྱང་ཕྱོགས་སོ་བདུན་ཉིད་ལྟར་ཤར་བར་བསྟན་པའི་ཕྱིར་རོ། །ཚུར་དག་གི་དགོས་པས་དགོས་པ་ཕྱི་མ་གཉིས་བསྟན་ཏེ། ལྷ་སུམ་ཅུ་སོ་བདུན་བྱང་ཕྱོགས་སོ་བདུན་དུ་ཤེས་པས་ཡང་དག་ཏུ་འཛིན་པ་དང་། བེམ་པོར་འཛིན་པ་གཉིས་ཀ་སྤོང་ནུས་པའི་ཕྱིར་རོ། །ཇོ་བོའི་འགྲེལ་པར་དགོས་པ་བཞི་གསུངས་ཏེ། ཧེ་རུ་ཀའི་ལྷ་ཚོགས་རྣམས་ཆོས་སྐུའི་རང་བཞིན་དུ་བསྟན་པ་དང་། ལྷར་ཞེན་པ་བཟློག་པ་དང་། སྒྱུ་མ་དང་སྟོང་པ་གཉིས་སུ་མེད་པར་མཚོན་པ་དང་། །ཅིག་ཆར་ལམ་དུ་བྱས་པ་ཐེག་པའི་ཁྱད་པར་རོ་ཞེས་གསུངས་པའི་དང་པོ་གསུམ་ནི་ཚུར་དག་གི་དགོས་པ་དང་། ཕྱི་མ་ནི་ཕར་དག་གི་དགོས་པ་ཡིན་པས་དོན་གཅིག་པར་སྣང་ངོ་། །འགྲེལ་པ་གསུམ་ལས། ལྷ་ལ་མངོན་པར་ཞེན་པ་དོར་བ་དང་། ཐམས་ཅད་ཤེས་པ་ཉིད་ཐོབ་པར་བྱ་བའི་ཕྱིར་དུ་བསྒོམ་པར་བཤད་པ་ཡང་རིམ་པ་ལྟར། ཕར་དག་དང་ཚུར་དག་གི་དགོས་པར་སྣང་སྟེ། མངོན་པར་ཞེན་པ་དོར་ཚུལ་ནི་བཤད་ཟིན་ལ། སརྦ་ཛྙཱ་ན་ཞེས་པ་གཅིག་ཉིད་ཐམས་ཅད་ཤེས་པ་དང་། ཐམས་ཅད་མཁྱེན་པ་གཉིས་ཀ་ལ་འཇུག་པས་བྱང་ཕྱོགས་སོ་བདུན་གཟུགས་ཀྱི་རྣམ་པ་ལྷ་སོ་བདུན་དུ་བསྒོམས་པས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་བསྒོམ་ཚུལ་ཁྱད་པར་འཕགས་པའི་སྒོ་ནས་བྱང་ཕྱོགས་སོ་བདུན་གྱིས་བསྡུས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་ཅེས་པའི་དོན་ཡིན་པའི་ཕྱིར་རོ། །འདི་ལ་འདོད་འཇོ་མཁན་པོས། དེ་ལྟར་བཤད་པའི་དང་པོ་ནི། འབྲས་བུའི་སྐབས་ན་གཉིས་མེད་བདེ་ཆེན་གྱི་ཡེ་ཤེས་ཉིད་ལྷར་ཤར་བ་ཡིན་ལ། དེ་དང་རྗེས་སུ་མཐུན་པར་འབྲས་བུ་ལམ་དུ་བྱེད་པའི་དོན་ཡིན་གྱི། སོ་བདུན་པོ་ཐེག་ཆེན་གཞན་དང་ཐུན་མོང་བ་ཉིད་ལྷར་སྟོན་པ་དང་། ལྷ་སྐུ་ཤ་རུས་ལ་སོགས་པའི་རྡོས་ཅན་མ་ཡིན་པར་འཇའ་ཚོན་ལྟར་བསྒོམ་པ་ཙམ་གྱི་དོན་མ་ཡིན་ནོ་ཞེས་བཤད་པ་འདི་རྗེ་བཙུན་དང་། དམར་གྱི་བཞེད་པ་ལ་ཟུར་ཟ་བར་སྣང་ན་ཡང་། འབྲས་བུ་ལམ་བྱེད་དེ་ཉིད་ལ་ལྷའི་རྣམ་པར་ཞེན་པ་སྤངས་ནས། ཡེ་ཤེས་ཀྱི་ངོ་བོར་བསྒོམ་པའི་ཚུལ་དག་བསྒོམ་དགོས་པས་སྔ་མ་ནི་སུན་འབྱིན་མི་ནུས་ལ། ལྷ་སྐུ་ཤ་རུས་ལ་སོགས་པའི་རྡོས་ཅན་མ་ཡིན་པར་འཇའ་ཚོན་ལྟར་བསྒོམས་པ་ཙམ་གྱི་དོན་དུ་མི་འདོད་པས། ཕྱོགས་སྔ་ཡང་མ་ལོངས་པར་སྣང་ངོ་། །སོ་བདུན་པོ་ཐེག་ཆེན་གཞན་དང་ཐུན་མོང་བ་ཉིད་ལྷར་སྟོན་པ་མ་ཡིན་པ་དང་། ཁྱེད་རང་གིས་དགོས་པ་གཉིས་པ་བཤད་པའི་ཚེ། ཕུང་ཁམས་སྐྱེ་མཆེད་ཀྱི་གཞི་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་རྟོགས་པ་དམ་པ་རྒྱུད་ལ་བསྐྱེད་པའི་དོན་ཡིན་ཅེས་འཆད་པ་གཉིས་ནང་འགལ་ཏེ། ཐམས་ཅད་ཤེས་པ་ཅེས་པའི་དོན་གཞི་ཤེས་ལ་བྱས་འདུག་པའི་ཕྱིར་རོ། །དྲུག་པ་ནི་རྗེ་བཙུན་གྱིས། གཞུང་ནས་ཡང་དག་སྤོང་བ་ཞེས་མཇུག་དུ་སྨོས་པ་ནི། ལྷའི་གོ་རིམ་མི་འཁྲུག་པར་བྱ་བའི་ཕྱིར་ཡིན་ལ། དཔལ་ཧེ་རུ་ཀ་མཇུག་ཏུ་སྨོས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་གོ་རིམ་མི་འཁྲུག་པར་བྱ་བའི་དགོས་པ་ཡིན་ནོ་ཞེས་གསུངས་ལ། གཞན་ཡང་ཀུན་སྤྱོད་ལས་གསུངས་པའི་ས་དང་ལྷའི་གོ་རིམ་ལ་སྦྱར་བ་དང་། སཾ་བུ་ཊི་ནས་གསུངས་པའི་སྦྱར་ཚུལ་གོ་རིམ་མི་འདྲ་བར་སྣང་བ་ནི། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་ལ་བྱང་ཕྱོགས་སོ་བདུན་ལྡོག་པའི་སྒོ་ནས་ཕྱེ་བ་ཡིན་པས། གང་ལྟར་སྦྱར་ཡང་འགལ་བ་མེད་པར་རྟོགས་པའི་ཆེད་ཡིན་ནོ། །གཉིས་པ་ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་བཅས་པ་ལ་གཉིས་ཏེ། ལུས་ཀྱི་དཀྱིལ་འཁོར་བསྒོམ་ཚུལ། སྔགས་ཀྱི་བྱིན་གྱིས་བརླབ་པའི་ཚུལ་ལོ། །དང་པོ་ནི་སློབ་དཔོན་གྱི་གཞུང་ལས། དེ་ནས་གཞན་ཡང་སྐུའི་དཀྱིལ་འཁོར་མཆོག །ཅེས་པ་ནས། འདི་དག་ནི་སྐུའི་འཁོར་ལོ་སྟེ། ས་འོག་ན་གནས་པའོ་ཞེས་པའི་བར་གྱིས་བསྟན་ཏེ། འདི་འཆད་པ་ལ་གཞུང་ལས་བཤད་པའི་ལུས་དཀྱིལ་ངོས་གཟུང་། མ་བཤད་པའི་ལུས་དཀྱིལ་ཁ་བསྐང་བའི་ཚུལ། དེ་དག་གི་བསྒོམ་ཚུལ་ཞིབ་ཏུ་བཤད་པ། དེ་ལྟར་བསྒོམ་པའི་དགོས་པ། རྟོག་པས་བརྟགས་པའི་ལུགས་དགག་པ་དང་ལྔ་ལས། དང་པོ་ནི། ལཱུ་ནག་གཉིས་ཀྱི་གཞུང་ལས། འཁོར་ལོ་གསུམ་གྱི་ལུས་དཀྱིལ་ཁོ་ན་བཤད་ཀྱི། གཞན་ལྷ་བཅུ་གསུམ་དང་། རྟེན་ལུས་དཀྱིལ་མ་བཤད་པ་ནི་ཨ་བྷི་དྷ་ནའི་དགུ་པ་མ་གཏོགས་པའི་ལུས་དཀྱིལ་སྟོན་པའི་སྐབས་ཕལ་ཆེར་དང་། རྡོ་རྗེ་མཁའ་འགྲོ་དང་། ཀུན་སྤྱོད་ཀྱི་ལུས་དཀྱིལ་སྟོན་པའི་སྐབས་རྣམས་སུ། འཁོར་ལོ་གསུམ་གྱི་ལུས་དཀྱིལ་ལས་གཞན་མ་བཤད་པའི་དབང་དུ་བྱས་པའོ། །དེ་དག་ལས་དེ་ལྟར་བཤད་པའི་རྒྱུ་མཚན་ཡང་། ཕ་རོལ་ཏུ་ཕྱིན་པ་བ་དག་དེ་དང་མི་མཐུན་པའི་སའི་རྣམ་གཞག་མཐོང་ན། འགྱོད་པ་སྐྱེ་བར་འགྱུར་བས་དེ་བཟློག་ནས། དེ་དང་ལུང་སྒོ་བསྟུན་གྱི་དབང་དུ་བྱས་པ་སྟེ། རྩ་རྒྱུད་དང་། སཾ་བུ་ཊ་གཉིས་ཀ་ལས། གནས་དེ་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེར་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་དེ་འོད་འཕྲོ་ཅན། །ཚནྡོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚནྡོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་ཡང་དག་བསམ། །ཞེས་གསུངས་པས་སོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དང་ལུང་སྒོ་བསྟུན་ན། སློབ་ལམ་ས་བཅུ་ལས་མེད་པས། རྒྱུད་གཞུང་རྣམས་ཀྱི་དངོས་བསྟན་འཁོར་ལོ་གསུམ་གྱི་ལུས་དཀྱིལ་ལས་མ་གསུངས་ཀྱང་། དོན་ལ་ས་བཅུ་གསུམ་མི་བཞེད་པ་མ་ཡིན་པས། ལུས་དཀྱིལ་ལ་ཡང་དེ་དང་མཐུན་པར་འབྱུང་དགོས་ཏེ། མངོན་བརྗོད་ལས། དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་གསུངས་ཤིང་། རྩ་རྒྱུད་ལས། རྣལ་འབྱོར་མ་ཡི་ས་དང་གནས། །ཧེ་རུ་ཀ་དཔལ་སྐུའི་ཡན་ལག །ཐམས་ཅད་བརྟན་གཡོའི་བདག་ཉིད་ཅན། །ཞེས་རྣལ་འབྱོར་མ་རྒྱུད་ཀྱི་ས་དང་། གནས་ཐམས་ཅད་ལུས་ལ་ཚང་དགོས་པར་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ལྷ་བཅུ་གསུམ་ཁ་བསྐང་བའི་ཚུལ། རྟེན་གྱི་དཀྱིལ་འཁོར་ཁ་བསྐང་བའི་ཚུལ་ལོ། །དང་པོ་ནི། དེ་ལྟར་འཁོར་ལོ་གསུམ་གྱི་སྟེང་དུ། ས་ལྷག་མ་རྣམས་བགྲོད་པའི་ལུས་དཀྱིལ་ཁ་བསྐང་དགོས་ན། དཀྱིལ་འཁོར་གང་ཞིག་ཁ་བསྐང་སྙམ་ན། འདིར་རྫོགས་པའི་རིམ་པ་དང་ཐུན་མོང་གི་དབང་དུ་བྱས་ནས། སཾ་བུ་ཊི་ལས། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། །དཀྱིལ་འཁོར་བྱང་ཆུབ་སེམས་ཉིད་དེ། །དཀྱིལ་འཁོར་གསུམ་ནི་ཡོངས་སུ་བརྟག །ཅེས་ལུས་རྩའི་དཀྱིལ་འཁོར་ལ། རྩ་ཉི་ཤུ་རྩ་བཞི་དང་། བུ་ག་བརྒྱད་དང་འབྲེལ་བའི་རྩ་བརྒྱད། སྙིང་ག་སྦས་པའི་རྩ་ལྔ་སྟེ། སུམ་ཅུ་རྩ་བདུན། རྩ་ཡི་གེའི་དཀྱིལ་འཁོར་ལ། པུ་ཛཱ་ལ་སོགས་པ་ཉེར་བཞི་དང་། ཧཱུྃ་རིང་པོ་བརྒྱད་དང་། ཀྱཻ་རྡོར་ལྟར་ན། བྷྲཱུྃ་ཨཱྃ་ཛྲཱིྃ་ཁྃ་ཧཱུྃ་ངམ། བདེ་མཆོག་ལྟར་ན། ལྃ་མཱྃ་པཱྃ་ཏཱྃ་ཧཱུྃ་སྟེ་སུམ་ཅུ་རྩ་བདུན། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ། སོ་དང་སེན་མོ་བསྐྱེད་པ་ལ་སོགས་པའི་ཁམས་ཉི་ཤུ་རྩ་བཞི། རྣམ་ཤེས་བརྒྱད་དང་འབྲེལ་བའི་ཁམས་བརྒྱད། དེ་དག་གི་རྩ་བ་བདུད་རྩི་ལྔ་སྟེ་སུམ་ཅུ་རྩ་བདུན་ཏེ། ཚན་པ་གསུམ་དང་། དེ་དག་གི་ཁྱབ་བྱེད་དུ་གྱུར་པའི་རླུང་རྣམས་ཀྱིས་ས་བཅུ་གསུམ་བགྲོད་དགོས་པས། ལྷ་ལྷག་མ་བཅུ་གསུམ་ངེས་པར་ཁ་བསྐང་དགོས་པའོ། །འོ་ན་ལྷ་གང་། ལུས་ཀྱི་གནས་གང་དུ་ཁ་བསྐང་ན། དམར་གྱིས་ཡེ་ཤེས་ཀྱི་འཁོར་ལོའི་ལྷ་ལྔ་སྙིང་གར་བསྒོམ་པ་དང་། དམ་ཚིག་གི་འཁོར་ལོའི་སྒོ་མཚམས་མ་བརྒྱད། སྣ་བུག་གཉིས་གཅིག་ཏུ་བྱས་པའི་བུ་ག་བརྒྱད་དུ་བསྒོམ་པ་ནི། བཤད་རྒྱུད་སཾ་བུ་ཊའི་རྗེས་སུ་འབྲངས་ནས་བྷ་དན་ཏ་བཞེད། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་ངེས་བརྗོད་ཀྱི་རྗེས་སུ་འབྲངས་ནས་སྙིང་གའི་བདེ་ཆེན་འཁོར་ལོའི་ཕྱི་རོལ་དུ་རྩ་འདབ་མ་བརྒྱད་ལ་བསྒོམ་གསུང་ངོ་། །བླ་མ་ཕམ་འཐིང་པ་རྡོ་རྗེ་མཁའ་འགྲོའི་རྗེས་སུ་འབྲངས་ནས། ལྷ་མོ་བཅུ་གཉིས་གཙོ་བོའི་ཕྱག་བཅུ་གཉིས་ལ་འགོད་པ་ཡིན་ནོ་ཞེས་གསུངས་ཀྱང་། སྙིང་གའི་རྩ་འདབ་ལ་འགོད་པ་ངེས་བརྗོད་ན་གསལ་བར་མི་སྣང་ཞིང་། ཕྱག་བཅུ་གཉིས་ལ་འགོད་པ་ངེས་བརྗོད་ན་གསལ་བར་སྣང་ངོ་། །འོ་ན་ཅི་ལྟར་སྙམ་ན། འདི་ལ་ཕ་རོལ་ཏུ་ཕྱིན་པ་དང་ལུང་སྒོ་བསྟུན་དབང་བཙན་པར་བྱས་ནས། ཇོ་བོ་ནཱ་རོ་ཏ་པ་དོན་ལ་ས་བཅུ་གཅིག་ལས་མི་བཞེད་པར་རྒྱ་གར་ན་གྲགས་ཤིང་། མུ་ཏིག་ཕྲེང་བ་ལས་ཀྱང་། ས་བཅུ་གསུམ་དུ་བཤད་པ་ནི་གདུལ་བྱ་སྤྲོ་བ་བསྐྱེད་པའི་ཆེད་ཡིན་གྱི། དོན་ལ་ས་བཅུ་གཅིག་ལས་མེད་གསུང་ཞེས་པ་ཡང་། ནཱ་རོ་པའི་གསུང་སྒྲོས་ཀྱི་དབང་དུ་བྱས་པ་ཡིན་པས་དེའི་མན་ངག་འཛིན་པའི་ཕམ་འཐིང་པའི་བརྒྱུད་པ་འདི་ལ། མ་མོ་བཅུ་གཉིས་ཕྱག་བཅུ་གཉིས་ལ་འགོད་པར་སྣང་སྟེ། ས་ཆེན་གྱིས། ནག་པོ་པའི་སྐབས་དང་རྗེ་བཙུན་གྱིས་ལཱུ་ཧི་པའི་སྐབས་སུ་དེ་ལྟར་གསུངས་པས་སོ། །ཕྱག་བཅུ་གཉིས་ལ་འགོད་པ་འདི་ཡང་ངེས་བརྗོད་ཀྱི་དགོངས་པར་སྣང་སྟེ། དེ་ཉིད་ལས། མཁའ་འགྲོ་མ་ནི་རྡོ་རྗེ། ལཱ་མ་ནི་དྲིལ་བུ། དུམ་སྐྱེས་མ་དང་གཟུགས་ཅན་མ་ནི་གླང་པོ་ཆེའི་པགས་པ་འཛིན་པའི་ཁུ་ཚུར། ཁྭ་གདོང་མ་ནི་རྡོ་རྗེ་མདུང་། འུག་གདོང་མ་ནི་ལྕགས་ཀྱུ། ཁྱི་གདོང་མ་ནི་གྲི་གུག ཕག་གདོང་མ་ནི་ཅང་ཏེའུ། གཤིན་རྗེ་སྲེག་མ་ནི་ཐོད་པའི་ཁ་ཊྭཱཾ་ག གཤིན་རྗེ་ཕོ་ཉ་མ་ནི་ཞགས་པ། གཤིན་རྗེ་མཆེ་བ་མ་ནི་ཚངས་པའི་མགོ་བོ། གཤིན་རྗེ་འཇོམས་པ་ནི་དགྲ་སཏྭ། བྱང་ཆུབ་ཀྱི་སེམས་ཀྱི་སྣོད་ནི་ཞལ་བཞིའི་ངོ་བོ་ཞེས་གསུངས་པ་འདི། གཙོ་བོའི་ཕྱག་མཚན་དང་ཅུང་ཟད་མི་འདྲ་ཡང་། ཕྱག་ལ་འགོད་ཚུལ་འདྲ་བའི་ཕྱིར་རོ། །དེའི་ཚེ་གཙོ་བོ་གང་དུ་འགོད་ན། སྤྱིར་མངོན་བརྗོད་དགུ་པའི་ལུགས་འདི། ཕྱིའི་ཧེ་རུ་ཀའི་ལུས་ལ། ལྷ་སུམ་ཅུ་སོ་དྲུག་དང་། ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་བཅུ་བདུན་དང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་སྟེ། ལྷ་ལྔ་བཅུ་ང་དྲུག་འགོད་པ་ལས་གཙོ་བོ་འགོད་པ་མ་གསུངས་ཀྱང་། སཾ་བུ་ཊ་ལས། ལུས་ཀྱི་སྙིང་གི་ནང་དུ་ཡང་། །རྩ་རྣམས་ལྔ་ནི་རྣམ་པར་གནས། །ཞེས་དང་། རྡོ་རྗེ་དྲིལ་བུ་པས། ཐུགས་སུ་ཨ་ཝ་དྷཱུ་ཏཱི་ཧཱུྃ། །མ་བཅོས་ནང་གི་བདག་ཉིད་དོ། །ཞེས་གསུངས་པས། སྙིང་གར་འགོད་པ་ལས་འོས་མེད་པས། རྗེ་བཙུན་གྱིས་ཀྱང་དེ་ལྟར་གསུངས་སོ། །འོ་ན་ས་བཅུ་གསུམ་བགྲོད་པའི་ལུས་དཀྱིལ་ཇི་ལྟར་བསྒོམ་སྙམ་ན། འདི་ལ་ལཱུ་ནག་གཉིས་ཀྱི་སྐབས་སུ་ཡང་། དྲིལ་བུ་པའི་གཞུང་ལས་གསུངས་པ་ལྟར། སྙིང་གའི་རྩ་འདབ་ཕྱི་ནང་ལ་འགོད་པ་འདི་ཉིད་དགོས་པ་ལ་དགོངས་ནས། གཞུང་དུ་གསལ་བར་མ་གསུངས་པར་མན་ངག་གི་ཁ་བསྐང་དགོས་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །སྡོམ་འབྱུང་ལས། བུ་ག་བརྒྱད་ལ་འགོད་པར་གསུངས་ཀྱང་འདི་དང་གནད་འདྲ་སྟེ། བུ་ག་བརྒྱད་དང་འབྲེལ་བའི་རྩ་བརྒྱད་ནི་སྙིང་གའི་ཕྱི་སྐོར་གྱི་རྩ་བརྒྱད་པོ་དེ་ཉིད་ཡིན་པས། རྩའི་ངོ་བོ་ལ་འགོད་པ་དང་། རྩའི་འབྲས་བུ་ལ་འགོད་པའི་ཁྱད་པར་ཙམ་ཡིན་པའི་ཕྱིར་དང་། བུ་ག་བརྒྱད་དུ་དུར་ཁྲོད་བརྒྱད་འགོད་པར་གསུངས་ཤིང་། སྒོ་མཚམས་མ་བརྒྱད་ཀྱང་དུར་ཁྲོད་བརྒྱད་ན་བཞུགས་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་རྟེན་ལུས་དཀྱིལ་ལཱུ་ནག་གཉིས་ཀྱི་གཞུང་ལས་དངོས་སུ་མ་གསུངས་ཀྱང་མན་ངག་གིས་ངེས་པར་ཁ་བསྐང་དགོས་ཏེ། སཾ་བུ་ཊི་ལས། ལུས་ནི་དཀྱིལ་འཁོར་ཉམས་དགའ་བ། །སྒོ་བཞི་ཇི་སྐད་གསུངས་པའོ། །རང་གི་ཡན་ལག་བརྒྱད་བྱུང་བས། །ཀ་བ་དེ་ཡིས་བསྐོར་ནས་གནས། །དངོས་པོ་ཀུན་གྱིས་མཉམ་པའི་ཕྱིར། །གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་ངོ་བོ་ནི། །འཁོར་ལོ་གསུམ་ནི་གཅིག་ཏུ་གསུངས། །རི་ནི་མགོ་བོའི་ཟེའུ་འབྲུ་ལ། །ཇི་ལྟར་རྩོམ་ཆེན་ལ་སོགས་རིམ། །བླ་མའི་དུས་ཐབས་རིམ་ཉིད་ཀྱིས། །དེ་ནི་རྫོགས་པར་དཀྱིལ་འཁོར་གནས། །རྐང་པའི་མཐིལ་དུ་རྩོམ་ཆེན་རླུང་། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ཟླུམ་པོའི་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ནི་ལྟོ་བར་རྣམ་པར་གནས། །སྙིང་ཁར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །སྒལ་ཚིགས་དབྱིག་གུའི་གཟུགས་ཀྱིས་ནི། །རི་རབ་རི་རྒྱལ་དེ་བཞིན་ནོ། །ཞེས་གསུངས་པའི་དོན་གྲུབ་ཆེན་དྲིལ་བུ་པས། རྐང་མཐིལ་སུམ་མདོ་ལྟོ་སྙིང་ག །རླུང་དང་མེ་ཆུ་ས་ཡིན་ནོ། །སྒལ་ཚིགས་རི་རྒྱལ་དེ་བཞིན་ཏེ། །ལུས་ནི་མཉམ་པ་སྒོ་བཞི་རླུང་། །རྒྱན་རྣམས་རབ་མཛེས་ཧེ་རུ་ཀའི། །ལུས་ནི་དཀྱིལ་འཁོར་དུ་འདོད་དོ། །ཞེས་དངོས་སུ་གསུངས་པས་ལཱུ་ནག་གཉིས་ཀྱི་སྐབས་སུ་ཡང་དེ་དག་བསྒོམ་དགོས་པར་གྲུབ་པའི་ཕྱིར་རོ། །དེར་མ་ཟད་ལཱུ་ཧི་པའི་སྐབས་སུ། དེར་ནི་སྤྱི་བོའི་ཆར་གནས་པ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །དབྱངས་དང་གསལ་བྱེད་མཛེས་པར་གནས། །སུམ་ཅུ་རྩ་གཉིས་བྱང་ཆུབ་འདོད། །པདྨའི་ནང་དུ་སོན་པ་གང་། །དེ་ནི་ཟླ་བའི་དཀྱིལ་འཁོར་བརྗོད། །སྤྱི་བོའི་ནང་དུ་ཀླད་པ་ནི། །གང་ཞིག་གནས་པ་དེ་རུ་གསུངས། །དེ་ནང་ཧཾ་གི་རྣམ་པ་ནི། །ཐིག་ལེའི་གཟུགས་ཅན་མི་ཤིགས་པ། །འཇིག་རྟེན་ཀུན་གྱི་རྩ་བ་དེ། །བརྟེན་པའི་བདག་ཉིད་གཡོ་བའི་བདག །གསལ་དང་མི་གསལ་གཟུགས་ལས་ནི། །ས་བོན་གཟུགས་ཀྱིས་ཡང་དག་གནས། །ཞེས་གསུངས་པའི་དོན་རྣམས་ཀྱང་བསྒོམ་དགོས་པར་གྲུབ་བོ། །རིན་པོ་ཆེ་བུས། སཾ་བུ་ཊི་ནས་གསུངས་པའི་རྟེན་ལུས་དཀྱིལ་བསྒོམ་པ་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ནས་གསུངས་པའི་རྟེན་ལུས་དཀྱིལ་བསྒོམ་པར་འདམ་ཁ་ཅན་དུ་གསུངས་པ་མི་འཐད་དེ། སྐབས་འདིར་གསང་མཐའ་རང་གི་བཤད་རྒྱུད་ནས་བཤད་པའི་རྟེན་ལུས་དཀྱིལ་ཡོད་བཞིན་དུ། ཕ་རྒྱུད་ནས་གསུངས་པའི་རྟེན་ལུས་དཀྱིལ་དང་གདམ་ཁ་ཅན་བྱེད་དོན་མེད་པའི་ཕྱིར་རོ། །གསུམ་པ་དེ་དག་གི་བསྒོམ་ཚུལ་ཞིབ་ཏུ་བཤད་པ་ལ་གཉིས་ཏེ། བསྐྱེད་ཆོག་ཡོད་མེད་ཀྱི་ཚུལ་ལ་དཔྱད་པ། གནས་དང་རྣམ་པ་སོགས་བཤད་པའོ། །དང་པོ་ནི། སྤྱིར་ལུས་དཀྱིལ་ལ་བསྐྱེད་ཆོག་ཡོད་པའི་ལུགས་དང་། དེ་མེད་པར་རྐྱེན་ཙམ་གྱིས་གསལ་གདབ་པའི་ལུགས་གཉིས་ལས། དང་པོ་ནི། ཕ་རྒྱུད་གསང་བ་འདུས་པའི་ལུས་དཀྱིལ་ཏེ། སྤྱི་བོ་ལ་སོགས་པར་ཨོཾ་ལ་སོགས་པ་རྩ་ཁམས་ཀྱི་རང་བཞིན་གྲུབ་པ་མེད་ཀྱང་། གཟུགས་ཕུང་ལ་སོགས་པའི་ངོ་བོ་ཨོཾ་ལ་སོགས་པ་གསར་དུ་བསྐྱེད་ནས། དེ་ཡོངས་སུ་གྱུར་པ་ལས་རྣམ་སྣང་ལ་སོགས་པའི་ལྷ་གསལ་འདེབས་པའམ། ཡི་གེའི་རྣམ་པ་ཉིད་ལྷའི་ངོ་བོར་བསྒོམ་པ་གང་རུང་བྱ་བར་གསུངས་ཏེ། གསང་འདུས་རྩ་རྒྱུད་ལས། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབ་བོ་ཞེས་གསུངས་པའི་དོན། འགྲེལ་པས། སྔགས་ནི་ཨོཾ་ལ་སོགས་པ་དང་། བྱིན་གྱིས་བརླབ་པ་ནི་བཀོད་པ་ལ་བཤད་པའི་ཕྱིར་དང་། མདོར་བྱས་ལས་ཀྱང་། རྣམ་སྣང་མཛད་ཀྱི་ཡི་གེ་ཨོཾ། །གཟུགས་ཕུང་ངོ་བོ་ཉིད་ཀྱིས་ནི། །སྔགས་ཤེས་པས་ནི་སྤྱི་བོར་དགོད། །ཅེས་གསུངས་པའི་ཕྱིར་རོ། །འདི་དང་ཕྱི་ལ་ཨོཾ་ཡོངས་སུ་གྱུར་པ་ལས། རྣམ་སྣང་བསྒོམ་པ་བསྐྱེད་ཆོག་ཡིན་མིན་གྱི་ཁྱད་པར་མེད་པས་བསྐྱེད་ཆོག་ལས་བསྐྱེད་པའི་ལུགས་ཏེ། མ་རྒྱུད་ལ་ལྟོས་ནས་མི་ཟབ་བོ། །གཉིས་པ་ནི་སྐབས་འདིར་གཞུང་འགྲེལ་རྣམས་ལས་ལུས་དཀྱིལ་གསལ་གདབ་པ་ཙམ་མ་གཏོགས། བསྐྱེད་ཆོག་དང་རྐྱེན་གང་ཡང་མ་གསུངས་ཀྱང་ནཱ་རོ་པའི་མན་ངག་རྗེ་བཙུན་དང་། དམར་གྱིས་སྒྲ་ཚུལ་གྱི་རྐྱེན་གྱིས་གསལ་གདབ་པར་གསུངས་ཏེ། དེ་ནས་འོག་རླུང་གིས་ལྟེ་བའི་ཨཾ་མས་འཕུལ་བ་ནི་ཚུལ། ལྟག་པའི་རླུང་གིས་སྤྱི་གཙུག་གི་ཧཾ་ཡས་ཕུལ་བ་ནི་སྒྲ་སྟེ་དེ་ལྟར་སྒྲ་ཚུལ་གཉིས་སྙིང་གའི་གནས་སུ་དཀྲུག་གིས་འདྲེས་པས་རྐྱེན་བྱས་ནས་རྟེན་དང་བརྟེན་པ་ཕྱིའི་ཧེ་རུ་ཀ་དང་བཅས་པ་དུས་གཅིག་ཏུ་ཝལ་གྱིས་བསྐྱེད་ལ་རིམ་གྱིས་གསལ་གདབ་པར་བྱ་སྟེ། ཞེས་གསུངས་ཤིང་། དམར་གྱིས་སྒྲ་ཚུལ་དེ་ལྟར་གསུངས་པའི་རྗེས་སུ། སྒྲ་ཚུལ་ལས་བྱུང་བ་ཞེས་གསུངས་ཀྱང་རྐྱེན་ལས་འོས་མ་འདས་སོ། །འོ་ན་ཕྱིའི་སྒྲ་ཚུལ་ཡང་བསྐྱེད་ཆོག་མ་ཡིན་པར་རྐྱེན་ཙམ་དུ་གསུངས་སོ་སྙམ་ན། བློ་གྲོས་རྩིང་པོས་བརྟགས་ན་དེ་ལྟར་ཡིན་ཡང་། རྣམ་དཔྱོད་ཞིབ་མོས་དཔྱད་ན་ཡེ་མི་མཚུངས་ཏེ། ཕྱིའི་སྒྲ་ཚུལ་ལ་ནི་སྒྲ་ཚུལ་དེ་ཉིད་རོ་གཅིག་ཏུ་འདྲེས་པ་ལས། རྟེན་བརྟེན་པ་ཅིག་ཆར་དུ་བྱུང་བ་ཡིན་པས་ཉེར་ལེན་གྱི་རྒྱུ་གཞན་མེད་ལ། འདིར་ནི་ཉེར་ལེན་གྱི་རྒྱུ་རྐང་མཐིལ་ལ་སོགས་པའི་ལུས་རགས་པ་དང་། པུ་ཛཱ་ལ་སོགས་པའི་ཕྲ་བ་རྩ་ཁམས་རྣམས་རང་རང་གི་གནས་སུ་རྟེན་དང་བརྟེན་པའི་ངོ་བོར་རང་བཞིན་གྱིས་གྲུབ་ནས་ཡོད་པ་སྙིང་གའི་སྒྲ་ཚུལ་གྱི་རྐྱེན་གྱིས་རྣམ་པ་བློ་ངོར་གསལ་བ་ཙམ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་པུ་ཛཱ་ལ་སོགས་པ་ལུས་དཀྱིལ་གྱི་ལྷར་བསྐྱེད་པ་ཡང་། ཕྱིའི་ས་བོན་ལས་བསྐྱེད་པ་དང་ཡེ་མི་འདྲ་སྟེ། འདི་ནི་པུ་ཛཱ་ལ་སོགས་པ་ངོ་བོ་ལྷ་ཡིན་ཀྱང་། རྣམ་པ་ཡི་གེའི་དབྱིབས་སུ་གནས་པ་དེ་ཉིད་ལྷའི་རྣམ་པར་ཤར་བ་ཙམ་ཡིན་ལ། ཕྱི་ལ་ནི་ཨོཾ་ལ་སོགས་པ་སྔར་མེད་གསར་དུ་བསྐྱེད་ནས། དེ་འོད་དུ་ཞུ་བ་ལས་ལྷ་ཞལ་ཕྱག་གི་རྣམ་པ་ཅན་གྲུབ་པ་ལ་འཇོག་དགོས་པའི་ཕྱིར་རོ། །དེ་བཞིན་དུ་ནག་པོ་པའི་སྒྲུབ་ཐབས་ལས། བསྐྱེད་ཆོག་དང་རྐྱེན་གང་ཡང་མ་གསུངས་ཀྱང་། ནཱ་རོ་པའི་མན་ངག་གིས། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རང་གནས་སུ་འཁོད་པས་རྐྱེན་བྱས་ནས་ལུས་ཀྱི་གནས་དེ་དང་དེར་ལྷ་ཞལ་ཕྱག་གི་རྣམ་པ་ཅན་བསྒོམ་པར་གསུངས་པ་དང་། རྡོ་རྗེ་དྲིལ་བུ་པས། འོད་ཟེར་སྤྲོས་པས་སྔོན་འགྲུབ་པ། །བསྐུལ་ནས་ཕྱག་འཚལ་རང་ལུས་གཞུག །རྐང་མཐིལ་སུམ་མདོ་ལྟོ་སྙིང་ག །རླུང་དང་མེ་ཆུ་ས་ཡིན་ནོ། །ཞེས་དང་། དྲིལ་བུ་གཞུང་ཆུང་ལས། མཛོད་སྤུའི་ནང་ནས་རང་ལུས་གཞུག །ལུས་ལ་རྟེན་དང་བརྟེན་པ་ཡི། །འཁོར་ལོ་གསལ་གདབ་ཉེ་བར་དམིགས། །ཞེས་ཚོགས་ཞིང་བསྟིམས་པའི་རྐྱེན་གྱིས་གསལ་གདབ་པར་གསུངས་པ་དང་། དེ་བཞིན་དུ་ཀྱེ་རྡོ་རྗེའི་མན་ངག་ལས། ཚོགས་ཞིང་བསྟིམས་པའི་རྐྱེན་དང་། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་གི་རྐྱེན་གྱིས་གསལ་གདབ་པར་གསུངས་པ་རྣམས་ཀྱང་། ལུས་ལ་རང་བཞིན་གྱིས་གྲུབ་པ་རྐྱེན་གྱིས་གསལ་གདབ་པའི་ལུགས་ཏེ། མ་རྒྱུད་ཀྱི་ཟབ་ཁྱད་ཡིན་པར་སྐལ་བ་དང་ལྡན་པ་དག་གིས་ཤེས་པར་གྱིས་ཤིག གསུམ་པ་དེ་དག་གི་བསྒོམ་ཚུལ་ཞིབ་ཏུ་བཤད་པ་ནི། དེ་ལྟར་སྒྲ་ཚུལ་གྱི་རྐྱེན་གྱིས་ཅིག་ཆར་དུ་རྣམ་པར་གྲུབ་པ་རིམ་གྱིས་གསལ་གདབ་པའི་ཚེ་ཐོག་མར་རྟེན་གསལ་གདབ་པ་ནི་རྐང་མཐིལ་གཉིས་སུ་རླུང་གི་དཀྱིལ་འཁོར་སྦྱང་གཞི་དང་ཚད་མཉམ་པ་རེ་རེ་བསྒོམས་ནས། འདི་ཕྱིའི་གཞལ་ཡས་ཁང་གི་རྟེན་དུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཉིད་ཡིན་སྙམ་དུ་ཞེན་པ་བྱ་ཞིང་། ཕྱིའི་གཞལ་ཡས་ཁང་གི་རྟེན་དུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཡང་འདི་ཉིད་ཡིན་སྙམ་དུ་ཞེན་ན་ཡང་ཁྱད་པར་མེད་དེ། གནས་རྐང་མཐིལ་དེར་དེ་གཉིས་དབྱེར་མེད་གཅིག་དུ་བསྒོམ་དགོས་པའི་ཕྱིར་རོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་འགྲེའོ། །སུམ་མདོ་གྲུ་གསུམ་ནི་མེའི་དཀྱིལ་འཁོར་གྲུ་གསུམ། ལྟོ་བ་ཟླུམ་པོ་ནི་ཆུའི་དཀྱིལ་འཁོར་ཟླུམ་པོ་དང་། བྲང་གྲུ་བཞི་ནི་སའི་དཀྱིལ་འཁོར་གྲུ་བཞི་དང་། སྒལ་ཚིགས་བརྩེགས་པ་དབྱུ་གུའི་གཟུགས་སུ་ཡོད་པ་ནི་རི་རབ་དང་། མགོ་བོའི་ཟུར་བཞི་པོ་རི་རབ་ཀྱི་སྟོད་ཀྱི་ཆ་སྟེ་མཚམས་བཞིའི་ལྕོག་དང་། དཔྲལ་བ་དང་། ལྟག་པ་དང་། རྣ་བ་གཉིས་ནི་རི་རབ་ཀྱི་སྟེང་གི་སྣ་ཚོགས་རྡོ་རྗེ་དང་། ཀླད་པ་དཀར་པོ་ནི་མངོན་བྱང་ལྔའི་ཟླ་བ་དང་། ཀླད་ཁྱིམ་དམར་པོ་ནི་ཉི་མ་དང་། དེ་གཉིས་ཀྱི་བར་གྱི་ཧཾ་ཡིག་ནི་ཡི་གེ་ཧཱུྃ་རྡོ་རྗེ་སེམས་དཔའི་རང་བཞིན་དང་། ལུས་འདོམ་གང་གྲུ་བཞི་ནི་གཞལ་ཡས་ཁང་གྲུ་བཞི་དང་། སྙིང་ཁ་ཆོས་ཀྱི་འཁོར་ལོ་ནས་འབྱུང་བ་བཞིའི་རླུང་རྒྱུ་བ་ནི་སྒོ་བཞི་དང་། རྐང་བརྒྱད་ནི་ཀ་བ་བརྒྱད་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། མཆུ་དང་། རྒྱུ་ལོང་ལ་སོགས་པ་ནི་གཞལ་ཡས་ཁང་གི་རྒྱན་ཅེས་པ་ཙམ་ལས་མ་གསུངས་ཀྱང་། མིག་པཉྩ་རེ་ཁཱའི་རྩིག་པ་སོགས་ཀྱཻ་རྡོར་ནས་འབྱུང་བ་བཞིན་བསྒོམ་པར་འཕགས་པས་བཤད་པ་ལྟར་བསྒོམས་ན་ཡང་ཤིན་ཏུ་ལེགས་པ་ཡིན་ཏེ། རྒྱན་གྱི་རྣམ་པ་ཞིག་ནི་བསྒོམ་དགོས་ཤིང་། གྲུབ་ཆེན་གྱི་མན་ངག་ལས་བྱུང་བ་དེ་ཉིད་རྒྱུད་ཀྱི་དགོངས་པ་ཡིན་པའི་ཕྱིར་དང་། རྗེ་བཙུན་རྩེ་མོས་དཀྱིལ་འཁོར་སྟོན་པའི་སྐབས་སུ་རྐང་མཐིལ་རླུང་ནས་ལྕེ་དང་མཆུ་འདོད་ཡོན་གྱི་སྣམ་བུའི་བར་སྟོན་པར་གསུངས་པས་ཀྱང་འདི་ཉིད་བཞེད་པར་གསལ་བའི་ཕྱིར་རོ། །དེ་དག་ཀྱང་གནས་དེ་དང་དེར་སྦྱང་གཞི་དང་འཚམས་པའི་ཁ་དོག་དང་། དབྱིབས་ཀྱི་རྣམ་པ་བསྒོམ་པ་ནི་རྒྱས་པའི་ལུགས་ཡིན་ལ། དེ་ཙམ་བསྒོམ་མི་ནུས་ན་དོད་ཙམ་དུ་བསྒོམས་པས་ཀྱང་རུང་སྟེ། དེའི་དོན་ཡང་ཕྱིའི་རླུང་གི་དཀྱིལ་འཁོར་གྱི་དོད་རྐང་མཐིལ་ཡིན་སྙམ་དུ་བསྒོམ་པ་མ་ཡིན་གྱི། ཕྱིའི་རླུང་གི་དཀྱིལ་འཁོར་ཡང་རྐང་མཐིལ་གཉིས་པོ་འདི་ཉིད་ཡིན་སྙམ་དུ་དབྱེར་མེད་དུ་བསྒོམ་པ་ཡིན་ལ། དེ་ཙམ་གྱིས་ཕྱིའི་གཞལ་ཡས་ཁང་ནང་རྡོ་རྗེའི་ལུས་ལ་བསྒོམ་པའི་དོན་ལེགས་པར་ཚང་བའི་ཕྱིར་རོ། །དེ་ནས་བརྟེན་པ་གསལ་གདབ་པ་ལ་ཐོག་མར་གཙོ་བོ་ཡབ་ཡུམ་གསལ་གདབ་པ་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་རྩ་ཨ་ཝ་དྷཱུ་ཏཱི་ཧཱུྃ་གི་དབྱིབས་སུ་གནས་པའི་ནང་གི་ཁམས་བྱང་ཆུབ་ཀྱི་སེམས་ཡབ་དང་། ཕྱི་ཤུན་གྱི་རྩ་ཡུམ་དུ་རང་བཞིན་གྱིས་གྲུབ་པ་འདིར་སྒྲ་ཚུལ་གྱི་རྐྱེན་གྱིས། ཞལ་ཕྱག་གི་རྣམ་པ་ཅན་དུ་གསལ་བ་བློ་ངོར་གསལ་གདབ་པ་སྟེ། གྲུབ་ཆེན་དྲིལ་བུ་པས། འདི་དག་གནས་སུ་རྣལ་འབྱོར་མ། །རྩ་ཡིན་དཔའ་བོ་ཉི་ཤུ་བཞི། །ལུས་ཀྱི་ཁམས་སུ་བརྟག་པར་བྱ། །ཞེས་གསུངས་པ་དེ་ཉིད། ཐུགས་སུ་ཨ་ཝ་དྷཱུ་ཏཱི་ཧཱུྃ། །མ་བཅོས་ནང་གི་བདག་ཉིད་དོ། །ཞེས་གསུངས་པ་གཙོ་བོ་ཡབ་ཡུམ་དུ་བསྒོམ་པ་ལ་ཡང་ངེས་པར་སྦྱར་དགོས་པའི་ཕྱིར། སྙིང་པོའི་རྣལ་འབྱོར་མ་བཞི་ནི། འདིར་ཕྱག་དང་པོ་བཞི་ལ་བཀོད་ཅིང་། དེ་ཉིད་ཀྱང་ཕྱག་མཚན་དང་ཐབས་དང་ཤེས་རབ་སྦྱར་བའི་ཚུལ་དུ་བསྒོམ་པའོ། །བུམ་ཐོད་བཞི་སྐབས་འདིར་བསྒོམ་ཚུལ་མི་སྣང་ལ། མངོན་བརྗོད་དགུ་པར། ཞལ་བཞིའི་ངོ་བོར་འདུག་པའོ། །ཞེས་གསུངས་པའི་དོན་ནི། ཕྱིའི་བུམ་ཐོད་བཞི་ཡང་བཅོམ་ལྡན་འདས་ཀྱི་ཞལ་བཞི་ལ་ཚང་ཞེས་པ་ཙམ་དུ་འདུག་གོ །དེ་ནས་འཁོར་ལོ་གསུམ་གྱི་ལུས་དཀྱིལ་ལ། སྤྱི་བོ་ལ་སོགས་པའི་གནས་དེ་དག པུལླཱི་ར་མ་ལ་སོགས་པའི་ཡུལ་ཉི་ཤུ་རྩ་བཞིར་བསྒོམ་ཞིང་། པུ་ལ་སོགས་པའི་རྩ་ཡི་གེའི་དབྱིབས་སུ་གནས་པ་རྣམས་ལ། ནང་གི་ཁམས་དཔའ་བོ་དང་། ཕྱི་ཤུན་གྱི་རྩ་དཔའ་མོར་བསྒོམ་པ་ནི་སྔར་གྱི་དྲིལ་བུ་པའི་གཞུང་གིས་དངོས་སུ་བསྟན་པས། དེ་དང་དེའི་ངོ་བོར་གདོད་མ་ནས་གྲུབ་པ། སྐབས་འདིར་སྒྲ་ཚུལ་གྱི་རྐྱེན་གྱིས་ཞལ་ཕྱག་གི་རྣམ་པ་ཅན་བསྐྱེད་པ་བློ་ངོར་རིམ་གྱིས་གསལ་གདབ་པ་ནི། སྔར་གྱི་གཙོ་བོ་ཡབ་ཡུམ་དང་ཁྱད་པར་མེད་དོ། །སློབ་དཔོན་གྱི་གཞུང་འདིར། མགོ་བོ་ལ་ནི་རབ་ཏུ་གཏུམ་མོའོ་ཞེས་སོགས་ཡུམ་རྐྱང་ལས་མ་སྨོས་པ་ནི། ཤེས་རབ་ཀྱི་རྒྱུད་གཙོ་ཆེ་བར་བསྟན་པའི་ཆེད་ཡིན་ལ། བསྒོམ་པའི་ཚེ་ཡབ་ཡུམ་གཉིས་ཀ་ངེས་པར་བསྒོམ་དགོས་ཏེ། དྲིལ་བུ་པས། སྤྱི་བོར་ཁཎྜ་ཀ་པཱ་ལི་དང་། རབ་ཏུ་གཏུམ་མོའོ་ཞེས་སོགས་ཡབ་ཡུམ་གཉིས་ཀ་སྦྱར་ནས་གསུངས་པའི་ཕྱིར་རོ། །འདི་དག་རེ་རེའི་སྟེང་དུ་ཡང་། ཕྱི་རོལ་གྱི་ཡུལ་ངོས་གཟུང་བ། ནང་གི་གནས་ངོས་གཟུང་བ། དེར་ལྷ་གང་བསྒོམ་པའི་ཚུལ། དེ་དག་ས་དང་སྦྱར་བ་བཞི་བཞིའི་སྒོ་ནས་རྟོགས་པར་བྱ་དགོས་ཏེ། དང་པོ་ཕྱི་རོལ་གྱི་ཡུལ་རྣམས་ནི། སྟེང་ཚངས་པའི་འཇིག་རྟེན་ནས། འོག་གཞི་རླུང་གི་དཀྱིལ་འཁོར་ཡན་ཆད་གྲུབ་པ་དང་ལྷན་ཅིག་ཏུ་ཡུལ་ཉི་ཤུ་རྩ་བཞི་གྲུབ་ཅིང་། བྱེ་བྲག་འཛམ་བུའི་གླིང་གྲུབ་པ་དང་དུས་མཉམ་དུ། དེར་ཡང་ཡུལ་ཉི་ཤུ་རྩ་བཞི་གྲུབ་པས། དེ་ཉིད་འདིར་ཡང་བཤད་ན་པུལླཱི་ར་མ་ལ་ཡ་ནི་ཕྱི་རོལ་དུ་རྡོ་རྗེ་གདན་ལྟེ་བར་བྱས་པ་དེའི་ལྷོ་ནུབ་ན་ཡོད་ལ། དེ་ཉིད་ནང་ལུས་ལ་མགོ་བོ་ཅེས་དང་། མཚོག་མ་ཞེས་དང་། སྤྱི་བོ་ལ་ཞེས་པ་རྣམས་འབྱུང་བ་དོན་གཅིག་པས། སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་ཕྱེད་མར་བྱས་པའི་དཀྱིལ་ལོ། །དེར་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོ་བཞུགས་པ་ནི། ཕྱི་རོལ་དུ་སྤྲུལ་པའི་སྐུ་ས་དང་པོ་ཐོབ་པའི་ཚུལ་བཟུང་བ་དངོས་སུ་བཞུགས་ལ། ནང་དུ་རྩ་ཁམས་ཀྱི་ཚུལ་དུ་བཞུགས་ཏེ་ཀུན་ལ་འགྲེའོ། །ཛཱ་ལེན་དྷ་ར་ནི་ཕྱིའི་ཡུལ་ནུབ་བྱང་ན་རྡོ་ལ་མེ་འབར་བ་སྟེ། ནང་དུ་སྤྱི་གཙུག་ཚངས་པའི་བུ་གའོ། །འདིར་དམར་དང་བུས། དྲྭ་བ་འཛིན་དུ་བསྒྱུར་པ་མི་འཐད་པའི་ཚུལ་སྔར་བཤད་ཟིན། ལོ་ཆེན་དང་། འབྲོག་མི། མལ་གྱོ་རྣམས་ཀྱིས་དོན་འདི་ཉིད་ཐུགས་ལ་བཞག་ནས་འབར་བ་འཛིན་དུ་བསྒྱུར་བ་རྗེ་བཙུན་གོང་མས་ཚད་མར་འཛིན་པ་འདིའི་རྗེས་སུ་འབྲང་བར་བྱའོ། །དེར་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མའོ། །ཨཽ་ཌི་ཡ་ན་ནི་ཕྱི་རུ་འཕུར་འགྲོ་སྟེ་ནུབ་ཕྱོགས་ན་ཡོད་ལ། ནང་ལུས་ལ་རྣ་བ་གཡས་པའི་བུ་གའི་ནང་དུ་ཀཾ་ཀཱ་ལ་དང་འོད་ལྡན་མའོ། །ཨར་བུ་ད་ནི་རྒྱ་གར་ལྷོ་ནུབ་ལ་ཡོད་ལ། ནང་ལུས་ཀྱི་ལྟག་པ་ན་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མའོ། །བཞི་པོ་ལ་གནས་ཞེས་པ་ཐུན་མོང་གི་མིང་སྟེ། ཡུལ་དེ་བཞིའི་རླུང་སེམས་དབུ་མར་ཞུགས་པས་ས་དང་པོ་རབ་ཏུ་དགའ་བའི་རྟོགས་པ་སྐྱེ་ཞིང་། ས་དེ་ལ་རྒྱུའི་སྒོ་ནས་གནས་ཞེས་པ་རྣལ་འབྱོར་མ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཐ་སྙད་ཡིན་ལ། དེས་ནང་རྟེན་འབྲེལ་བྱས་ནས། ཕྱིའི་ཡུལ་དེ་རྣམས་ལ་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས། ངོ་བོ་སངས་རྒྱས་ཡིན་ཀྱང་རྣམ་པ་ས་དང་པོ་ཐོབ་པའི་ཚུལ་དུ་བཞུགས་པ་རྣམས་བདག་གི་དབང་དུ་འདུས། ཡང་ཐོག་མར་དེ་རྣམས་སྤྱོད་པའི་སྒོ་ནས་བདག་གི་དབང་དུ་འདུས་ན། དེས་ཕྱི་རྟེན་འབྲེལ་བྱས་ནས་ནང་དུ་གནས་གཞིའི་རླུང་སེམས་དབུ་མར་ཞུགས་ཏེ་ས་དང་པོའི་རྟོགས་པ་སྐྱེའོ། །དེས་ས་ལྷག་མ་རྣམས་ལ་བསྒྲེ་བར་བྱའོ། །གོ་ད་ཝ་རཱི་ནི་ཕྱི་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རིའི་རྩ་ན། ཆུ་བོ་གོ་ད་ཝ་རཱི་འབབ་པའི་འགྲམ་མོ། །དེ་ཉིད་ནང་ལུས་ལ་རྣ་བ་གཡོན་པའི་ནང་སྟེ། དེར་སུ་རཱ་ཝི་རི་དང་བརྟན་པའི་བློ་ཅན་མའོ། །རཱ་མེ་ཤྭ་ར་ནི་ཕྱི་ལྷོ་ནུབ་ན་དགའ་བྱེད་དབང་ཕྱུག་གིས་བྱས་པའི་དབང་ཕྱུག་གི་རྟེན་ཡོད་པ། ནང་ལུས་ལ་སྨིན་མའི་དབུས་ཏེ། དེར་འོད་དཔག་མེད་དང་མིའུ་ཐུང་མའོ། །དེ་ཝཱི་ཀོ་ཊི་ནི་ཕྱི་ཤར་ཕྱོགས་ཀྱི་ལྷ་མོའི་མཁར། ནང་ལུས་ཀྱི་མིག་གཉིས། དེར་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མའོ། །མཱ་ལ་ཝ་ནི་ཕྱིའི་ལྷོ་ཕྱོགས་ན་ཡོད་དོ། །ནང་ལུས་ཀྱི་ཕྲག་པ་གཉིས་ཏེ། དེར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མའོ། །ཉེ་བའི་གནས་ཞེས་པ་ས་གཉིས་པ་སྟེ་སྔ་མ་བཞིན་སྦྱར་རོ། །ཐུགས་ཀྱི་འཁོར་ལོའོ། །ཀཱ་མ་རཱུ་པ་ནི་ཕྱི་ཆགས་པ་ཤས་ཆེ་བའི་ཡུལ་ལྷོ་ཕྱོགས་ན་ཡོད། ནང་ལུས་ཀྱི་མཆན་ཁུང་གཉིས་ཏེ། དེར་ཨཾ་ཀུ་རི་དང་ཨེ་རཱ་ཝ་ཏིའོ། །ཨོ་ཏྲེ་བི་ཤ་ནི་ཕྱི་ཤར་ཕྱོགས་ན་ཡོད། ནང་ལུས་ཀྱི་ནུ་མ་གཉིས་ཏེ། དེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོའོ། །ཞིང་ཞེས་པ་ས་གསུམ་པ་སྟེ་སྔ་མ་བཞིན་དུ་སྦྱར་རོ། །ཏྲི་ཤ་ཀུ་ནེ་ནི་ཕྱི་ལྷོ་ནུབ་ཀྱི་ཡུལ། ནང་ལུས་ཀྱི་ལྟེ་བ་སྟེ་དེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །ཀོ་ས་ལ་ནི་ཕྱི་རྒྱལ་པོ་གསལ་རྒྱལ་གྱི་ཡུལ་ཏེ་ནུབ། ནང་ལུས་ཀྱི་སྣ་རྩེ་སྟེ། དེར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མའོ། །ཉེ་བའི་ཞིང་ཞེས་པ་ས་བཞི་པ་སྟེ་སྔ་མ་བཞིན་སྦྱར་རོ། །ཀ་ལིཾ་ཀ་ནི་ཕྱི་ལྷོ་ཕྱོགས་རྒྱལ་པོའི་ཁབ། ནང་ལུས་ཀྱི་ལྕེའི་རྩ་བ་སྟེ། དེར་རབ་ཏུ་བཟང་པོ་དང་ཤྱཱེ་མ་དེ་ཝཱིའོ། །ལཾ་པ་ཀ་ནི་ཕྱི་ལྷོ་ཕྱོགས་ན་ཡོད། ནང་ལུས་ཀྱི་མགྲིན་པ་སྟེ། དེར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ། །ཚནྡོ་ཧ་ཞེས་པ་ས་ལྔ་པ་སྟེ་སྔ་མ་བཞིན་སྦྱར་རོ། །ཀཱཉྩི་ནི་ཕྱི་ལྷོ་ཕྱོགས་ན་ཡོད། ནང་ལུས་ཀྱི་སྙིང་ག་སྟེ། དེར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །ཧི་མ་ལ་ཡ་ནི་ཕྱི་ཁ་བའི་རི་བྱང་ཕྱོགས་ན་ཡོད། ནང་ལུས་ཀྱི་འདོམས་བར་སྟེ་ཕོའི་འབྲས་བུ་གཉིས་ན་མིག་མི་བཟང་དང་ཁ་གཱ་ན་ནའོ། །ཉེ་བའི་ཚནྡོ་ཧ་ཞེས་པ་ས་དྲུག་པ་སྟེ་སྔ་མ་བཞིན་སྦྱར་རོ། །གསུང་གི་འཁོར་ལོའོ། །པྲེ་ཏ་པུ་རཱི་ནི་ཕྱི་ཡི་དྭགས་གྲོང་ཞེས་པ་བྱང་ཕྱོགས་ན་ཡོད། ནང་ལུས་ཀྱི་མཚན་མའི་རྩ་བ་སྟེ་དེར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ། །གྲྀ་ཧ་དེ་ཝ་ནི་ཕྱི་ལྷོ་ཕྱོགས་ན་ཡོད། ནང་ལུས་ཀྱི་བཤང་ལམ་སྟེ། དེར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧའོ། །འདུ་བ་ཞེས་པ་ས་བདུན་པ་སྟེ་སྔ་མ་བཞིན་སྦྱར་རོ། །སཽ་རཱཥྚ་ནི་ཕྱི་ལྷོ་ནུབ་ན་སྭ་ཝ་ནཱ་ཐའི་རྟེན་ཡོད་ལ། ནང་ལུས་ཀྱི་བརླ་རྩ་གཉིས་ཏེ། དེར་རྟ་མགྲིན་དང་ཤཽཎྜི་ནིའོ། །སུ་ཝ་ར་ན་དྭི་པ་ནི་ཕྱི་ལྷོ་ནུབ་ན་སྲིན་པོས་བཟུང་བའི་གསེར་གྱིས་གང་བའི་གླིང་ཕྲན། ནང་ལུས་ཀྱི་བྱིན་པ་གཉིས་ཏེ། དེར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆའོ། །ཉེ་བའི་འདུ་བ་ནི་ས་བརྒྱད་པ་སྟེ་སྔ་མ་བཞིན་སྦྱར་རོ། །ན་ག་རར་ནི་ཕྱི་ལྷོ་ཕྱོགས་ན་པ་ཏྲ་ན་ག་ར་ལ་སོགས་པ་ཡུལ་ཆེན་པོ་བཅུ་དྲུག་ཡོད་པས་ནང་ལུས་ལ་མཐེ་བོང་བཞི་མ་གཏོགས་པའི་སོར་མོ་བཅུ་དྲུག་སྟེ། དེར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །འདིར་རྒྱུད་གཞུང་རྣམས་ལས། སོར་མོ་ཞེས་པ་ཙམ་དང་། རྐང་སོར་བརྒྱད་ཅེས་པ་ལས་མི་འབྱུང་ཡང་། ནཱ་རོ་པའི་མན་ངག་གིས་ལག་སོར་བརྒྱད་ཀྱང་བསྣན་པ་རྒྱུད་ཚིག་དེ་དག་གིས་ཐོན་པ་སྟེ། གཞན་དུ་ན་རྐང་སོར་ལ་ལུས་དཀྱིལ་གྱི་ལྷ་བཀོད་ནས་ལག་སོར་ལ་མི་འགོད་པའི་རྒྱུ་མཚན་མི་རྙེད་པའི་ཕྱིར་རོ། །སིནྡྷུ་ནི་ཕྱི་ལྷོ་ཕྱོགས་ན་ཆུ་བོ་སིནྡྷུ་འབབ་པའི་འགྲམ། ནང་ལུས་ཀྱི་རྐང་པའི་བོལ་གཉིས་ཏེ། དེར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མའོ། །དུར་ཁྲོད་ཅེས་པ་ས་དགུ་པ་སྟེ་སྔ་མ་བཞིན་སྦྱར་རོ། །མ་རུ་ནི་ཕྱི་ལྷོ་ཕྱོགས་ན་མྱ་ངམ་གྱི་གྲོང་ཁྱེར་ཞེས་ཀྱང་ཟེར། བུད་མེད་གཞོན་ནུ་མ་གཟུགས་བཟང་བ་ཡོད་པས་ན་གཞོན་ནུའི་གྲོང་ཁྱེར་ཟེར་ལ། ནང་ལུས་ཀྱི་རྐང་ལག་གི་མཐེ་བོང་བཞི་སྟེ། དེར་རྣམ་པ་སྣང་མཛད་དང་འཁོར་ལོས་སྒྱུར་མའོ། །ཀུ་ལ་ཏཱ་ནི་ཕྱི་ལྷོ་ནུབ་ན་རྡོ་པུས་མོ་འདྲ་བ་ཡོད་པའི་ས་ནང་ལུས་ཀྱི་པུས་མོ་གཉིས་ཏེ། དེར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོའོ། །ཉེ་བའི་དུར་ཁྲོད་ཅེས་པ་ནི་ས་བཅུ་པ་སྟེ་སྔ་མ་བཞིན་སྦྱར་རོ། །སྐུའི་འཁོར་ལོའོ། །འཁོར་ལོ་གསུམ་གྱི་ལུས་དཀྱིལ་གྱི་ལྷ་འདི་དག ལུས་ཀྱི་རྒྱབ་ཕྱོགས་ན་ཡོད་པ་རྣམས་མདུན་ཕྱོགས་དང་། མདུན་མ་རྣམས་རྒྱབ་ཕྱོགས་སུ་ཞལ་གཟིགས་ཤིང་། གཡས་གཡོན་རྣམས་ཀྱང་དེས་འགྲེ་ཞིང་། སྟེང་མ་རྣམས་འོག་ཏུ་དང་། འོག་མ་རྣམས་སྟེང་དུ་སྟེ་ཐམས་ཅད་ཀྱང་གཙོ་བོ་ལ་ཞལ་གཟིགས་པའོ། །དེ་ནས་སྒོ་མ་བཞི་ནི་གཡས་ཀྱི་ཕྱག་ལྷག་མ་བཞི་དང་། མཚམས་མ་བཞི་ནི་གཡོན་གྱི་ཕྱག་ལྷག་མ་བཞི་ལ་འགོད་ཅིང་། འགོད་ཚུལ་ཡང་ལྷ་དེ་དག་ཞལ་ནང་བསྟན་གྱི་ཚུལ་གྱིས་ཕྱག་མཚན་མདུན་ཕྱོགས་སུ་ཡོད་པར་འགོད་དགོས་ཏེ། ཕྱག་མཚན་རྣམས་དེ་དག་གི་ཐབས་སུ་གསུངས་པའི་ཕྱིར། དཔེར་ན་ཕག་མོ་ཡུམ་རྐྱང་དུ་བྱེད་པའི་ཚེ་ཁ་ཊྭཱཾ་ག་འཛིན་པ་བཞིན་ནོ། །ཕྱག་ལ་འགོད་པའི་ཚེ་ལུས་དཀྱིལ་དུ་འགྱུར་རམ་མི་འགྱུར་སྙམ་ན། འདི་འདོད་འཇོ་མཁན་པོས་དུམ་སྐྱེས་མ་དང་། གཟུགས་ཅན་མ་གཉིས་ཁུ་ཚུར་གཉིས་སུ་བཤད་པ་ནི། ལྷག་མ་བཅུ་ལ་ཡང་མཚུངས་ལ། དེའི་ཚུལ་ཡང་ཕྱག་མཚན་དང་ངོ་བོ་དབྱེར་མེད་པའི་ཕྱག་མགོ་བཅུ་གཉིས་ལས་དེ་རྣམས་བསྐྱེད་ནས་གནས་ཀྱང་ཕྱག་མགོའི་ནང་དུ་གཟུགས་བརྙན་ཤར་བ་བཞིན་བྱེད་དེ། དེ་ནི་ཐོད་པ་བཞི་ལ་ཡང་ཤེས་པར་བྱའོ་ཞེས་སྨྲའོ། །འདི་ནི་རང་ཉིད་མངོན་བརྗོད་དགུ་པར་ལུས་ལ་ལྷ་དྲུག་ཅུ་འགོད་པ་ལུས་དཀྱིལ་དུ་ཡང་སྨྲ། ལུས་དཀྱིལ་ཡིན་ན་ལུས་རྒྱུར་སོང་བ་གཅིག་དགོས་ཞེས་ཀྱང་སྨྲས་པའི་འགལ་བ་སྤོང་བར་འདོད་པར་སྣང་ན་ཡང་། དེས་འགལ་བ་སྤོང་མི་ནུས་ཏེ། ཕྱག་ལྷག་མ་བཅུ་པོ་བློས་བཏགས་ཡིན་པའི་ཕྱིར་རོ། །དེའི་རྗེས་འབྲང་ཁ་ཅིག རྩ་ཕྱག་གཉིས་བཞུ་ནས་ཕྱག་བཅུ་གཉིས་སུ་སོང་བས་སྦྱང་གཞི་ལ་མེད་པའི་སྐྱོན་མེད་དོ་ཞེས་སྨྲ་བ་ནི་རང་ཉིད་གསང་བ་འདུས་པའི་ཞལ་ལྷག་མ་གཉིས་ལ་ས་སྙིང་སོགས་སྦྱང་གཞི་མེད་པས་མི་འགོད་ཅེས་སྨྲ་བ་དང་འགལ་ཏེ། རྩ་ཞལ་བཞུ་ན་ཞལ་གསུམ་དུ་འགྱུར་བར་མཚུངས་པའི་ཕྱིར་རོ། །དེས་ན་གནད་ཀྱི་དོན་ནི། རྗེ་བཙུན་གྱི་ཀུན་སྤྱོད་ཀྱི་ཊཱི་ཀར། མ་མོ་བཅུ་གཉིས་ཕྱག་ལ་འགོད་པའི་ཚེ་ན་ཡང་ལུས་དཀྱིལ་ལྷ་སུམ་ཅུ་རྩ་བདུན་གྱི་ཐ་སྙད་གསུངས་ཤིང་། ལཱུ་ཧི་པའི་སྒྲུབ་ཐབས་ཀྱི་སྐབས་སུ་དཀྱིལ་འཁོར་གྱི་ལྷ་རེ་རེ་ལ་ཡང་ལྷ་སུམ་ཅུ་རྩ་བདུན་ཚང་བར་གསུངས་པ་རྣམས་ནི་ལྷ་དེ་དང་དེའི་ལུས་ལ་བཀོད་པའི་དཀྱིལ་འཁོར་གྱི་ལྷ་ཡིན་པའི་རྒྱུ་མཚན་གྱིས་ལུས་དཀྱིལ་གྱི་ཐ་སྙད་གསུངས་པ་སྟེ་གཞན་དུ་རྒྱས་པར་བཤད་ཟིན་ཏོ། །རྡོ་རྗེའི་ལུས་ལ་བཀོད་པས་ས་ལམ་བགྲོད་པའི་ཚུལ་ཇི་ལྟར་སྙམ་ན། ཕྱིའི་གནས་ཕྱོགས་ཀྱི་དུར་ཁྲོད་བཞི། ནང་གི་ཁ་དང་། སྣ་དང་། ཆུ་ལམ་དང་། བཤང་ལམ་སྟེ་བཞིའམ། སྙིང་གའི་ཕྱི་སྐོར་གྱི་ཕྱོགས་ཀྱི་རྩ་བཞི་ནི་སྒོ་མ་བཞི་སྟེ། དེ་དག་གི་རླུང་སེམས་དབུ་མར་ཞུགས་པས་ཐུན་མོང་བའི་མིང་ཀུན་ཏུ་འོད་བྱེད་པའམ། ཐུན་མོང་མ་ཡིན་པའི་མིང་དཔེ་མེད་པ་ཐོབ་སྟེ། དགོངས་པ་ལུང་སྟོན་པ་ལས། འཇིག་རྟེན་དང་ནི་འཕགས་པའི་ཆོས། །སྔ་མ་ཀུན་གྱིས་བསྐྲུན་མེད་ཅིང་། །དེ་ཕྱིར་ཀུན་ཏུ་འོད་བྱེད་པ། །དཔེ་མེད་ཡེ་ཤེས་ཞེས་སུ་བཤད། །ཅེས་སོ། །ཕྱིའི་ཡུལ་མཚམས་ཀྱི་དུར་ཁྲོད་བཞི་དང་། ནང་གི་རྣ་བ་གཉིས་དང་། མིག་གཉིས་སམ། སྙིང་གའི་ཕྱི་སྐོར་གྱི་མཚམས་ཀྱི་རྩ་བཞི་ནི་མཚམས་མ་བཞི་སྟེ་དེ་དག་གི་རླུང་སེམས་དབུ་མར་ཞུགས་པས། བཅུ་གཉིས་པ་ཡེ་ཤེས་ཆེན་པོ་ཐོབ་སྟེ། དགོངས་པ་ལུང་སྟོན་ལས། ཐུབ་པའི་སྤྱོད་ཡུལ་མ་གཏོགས་པ། །རྒྱལ་སྲས་ཀུན་གྱི་ས་ལས་བརྒལ། །ཤེས་བྱ་ཀུན་ལ་འཇུག་ཆོས་ཅན། །ས་དེ་ཡེ་ཤེས་ཆེན་པོར་བཞེད། །ཅེས་སོ། །ཕྱི་གླིང་བཞི་དང་གླིང་བཞི་གཅིག་ཏུ་བསྡོམས་པ་སྟེ་ལྔ། ནང་སྙིང་གི་ནང་དུ་སྦས་པའི་རྩ་ལྔ་ནི་དེ་དག་གི་རླུང་སེམས་དབུ་མར་ཞུགས་པས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། ངེས་བརྗོད་ལས། རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་དང་། དགོངས་པ་ལུང་སྟོན་ལས། སངས་རྒྱས་རྣམས་ཀྱིས་གང་བསྟན་པའི། །སར་གྱུར་དེ་ནི་བཅུ་གསུམ་པ། །ཞེས་གསུངས་པས་སོ། བཞི་པ་དེ་ལྟར་བསྒོམ་པའི་དགོས་པ་ནི་ལོངས་སྐུ་ལམ་དུ་བྱ་བར་རྗེ་བཙུན་དང་། དམར་གྱིས་གསུངས་ཏེ། ལུས་འདི་ཉིད་ལ་ཕྱག་ཆེན་མཆོག་གི་དངོས་གྲུབ་ཐོབ་པའི་ཚེ། ལུས་དཀྱིལ་གྱི་རྟེན་དང་བརྟེན་པའི་དབང་རྟེན་རགས་པ་དང་། རྩ་ཁམས་འདི་དག་འཁོར་ལོ་བདེ་མཆོག་གི་རྟེན་དང་བརྟེན་པར་གནས་གྱུར་པ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །དམར་གྱིས་གཙོ་བོའི་ལུས་ལ་ཞེན་པ་སྤང་བའི་ཕྱིར་ཞེས་དགོས་པ་ལྷག་པོ་གསུངས་པ་ནི་ཤིན་ཏུ་ལེགས་ཏེ། ལུས་ཀྱི་ཆ་ཤས་སོ་སོར་ཕྱེ་ནས། རྟེན་དང་བརྟེན་པའི་ཆ་ཤས་སོ་སོར་བསྒོམས་པས། གཙོ་བོའི་ལུས་སུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །འདིས་ནི་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་ཕྱོགས་ཅིག་སྤོང་བར་བསྟན་ནོ། །དེང་སང་གི་སྐྱེ་བོ་འགའ་ཞིག་ཞེན་པ་འདི་སྤོང་གིས་དོགས་ནས། མིག་པཉྩ་རེ་ཁཱ་སོགས་བསྒོམས་ན། ལྷའི་མིག་དང་། སྣ་ལ་སོགས་པའི་རྣམ་པ་མི་ཡོང་ཞེས་སྨྲ་བ་ནི་མན་ངག་གི་ཕུ་ཐག་མ་ཆོད་པའོ། །གཞན་ས་བགྲོད་པའི་དགོས་པ་ནི་གསེབ་ཚགས་སུ་བསྟན་ཅིང་། ནང་གི་རྩ་ཁམས་ལྷར་ཤར་བའི་སྟོབས་ཀྱིས། ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་ལྷར་འཆར་བའི་དགོས་པ་ཡང་། ལུས་དཀྱིལ་གྱི་རྣམ་བཤད་བདེ་ཆེན་བཅུད་ཀྱི་སྙིང་པོར་བསྟན་ཟིན་པས་དེར་བལྟ་བར་བྱའོ། །ལྔ་པ་རྟོག་པས་བཏགས་པའི་ལུགས་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི་འདོད་འཇོ་མཁན་པོས་དཀྱིལ་འཁོར་གཉིས་ཀ་བསྒོམ་པ་ལཱུ་ནག་ལྟ་བུ་དང་། ལུས་དཀྱིལ་གཅིག་བུ་བསྒོམ་པ་མངོན་བརྗོད་དགུ་པ་ལྟ་བུ་ཡིན་ན། སྔོན་དུ་རྟེན་གྱི་དཀྱིལ་འཁོར་བསྐྱེད་ཟིན་པ་དེ་ལ། ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྒོམ་ལུགས་སྔར་བྱས་པ་མེད་པས། ལུས་དཀྱིལ་བསྒོམ་རན་པ་ན། སྔར་བསྐྱེད་པའི་གཞལ་ཡས་ཁང་དེ་ཉིད་ཀྱི་སྟེང་ནས་བྱེད་ཀྱིས། སྔ་མ་དེ་བསྡུས་ནས་བསྐྱེད་པ་མ་ཡིན་ཏེ། ཞེས་དང་། སྔར་བསྐྱེད་པའི་གཞལ་ཡས་ཁང་དེ་ཉིད་ཀྱི་ནང་དུ་གཞལ་ཡས་ཁང་གཉིས་པ་ཅིག་བསྐྱེད་པ་ཡང་མ་ཡིན་ནོ། །འོ་ན་གཞལ་ཡས་ཁང་སྔ་མའི་སྟེང་ནས་ཇི་ལྟར་བསྒོམ་སྙམ་ན། རྡོ་རྗེ་ཕྲེང་བར་ལུས་ཀྱི་ཆ་དུ་མ་ཞིག་གཞལ་ཡས་ཁང་གི་ཆ་སོ་སོར་བསྐྱེད་པར་གསུངས་པ་ནི་རྒྱས་པའི་ལུགས་ཡིན་ལ། འདིར་ནི་དཔེར་ན། བྷྲཱུྃ་ཡིག་གཅིག་པུ་ལས་ཕྱིའི་གཞལ་ཡས་ཁང་ཐམས་ཅད་བསྐྱེད་པ་བཞིན་དུ། དྲིལ་བུ་པས། ལུས་ནི་མཉམ་པ་གྲུ་བཞི་པ། །རྒྱན་རྣམས་རབ་མཛེས་ཧེ་རུ་ཀའི། །ལུས་ཀྱི་དཀྱིལ་འཁོར་ཉིད་དུ་འདོད། །ཅེས་པས། ལུས་འདོམ་གང་ཡན་མན་དང་ཕན་ཚུན་དུ་མཉམ་པ་ལས། ངོས་བཞི་མཉམ་པའི་གཞལ་ཡས་ཁང་གྲུ་བཞི་པ་བསྐྱེད་པ་དང་། ཕ་གུ་དང་དྲྭ་ཕྱེད་སོགས་རྒྱན་གྱིས་རབ་ཏུ་མཛེས་པའི་ཧེ་རུ་ཀའི་རྟེན་གྱི་ལུས་དཀྱིལ་བསྒོམ་པར་བཤད་པ་ནི་བསྡུས་པའོ། །ཞེས་དང་། ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྒོམས་པའི་མཚམས་ནས། རང་གི་རིགས་འདྲ་སྔ་མ་དང་། ལུས་ཀྱི་ཆ་རེ་ལ་བརྟེན་ནས་རིགས་འདྲ་ཕྱི་མ་སྐྱེས་པར་བསྒོམ་པ་ཡིན་ནོ། །དེའང་རྐང་པ་གཉིས་བགྲད་པ་གཞུའི་དབྱིབས་སུ་ཡོད་པ་ཡོངས་སུ་གྱུར་པ་ལས། འབྱུང་བཞིའི་རླུང་གཞུའི་དབྱིབས་ཅན་སོགས་སུ་བསྒོམ་པ་ཡིན་ལ། སྔར་བསྐྱེད་པ་ད་དུང་གནས་པའི་དཀྱིལ་འཁོར་བཞི། དེ་རྣམས་ཀྱི་དབྱིབས་ཅན་གྱི་ལུས་ཀྱི་ཆ་བཞི་ལས་བསྐྱེད་པ་ཡིན་གྱི། རྐང་མཐིལ་གྱི་རླུང་དེར་བསྐྱེད་པ་མ་ཡིན་ནོ་ཞེས་དང་། བརྟེན་པ་ལྷའི་སྐབས་སུ་དྲིལ་བུ་པའི་དབང་ཆོག་ལས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་གསུངས་པའི་དོན། ལུས་དཀྱིལ་གྱི་ལྷའི་དཀྱིལ་འཁོར་གང་ལས་བསྒྲུབ་པའི་སྒྲུབ་གཞི་ནི། རྡུལ་ཚོན་དང་། རས་བྲིས་ཀྱི་དཀྱིལ་འཁོར་ལ་ལྷ་བསྒྲུབ་པའི་སྒྲུབ་གཞི་ཕྱག་མཚན་དང་སྐུ་མདོག་ལ་སོགས་པ་གསར་དུ་བསྒྲུབ་དགོས་པ་བཞིན་དུ། འབྲི་མཁན་གྱིས་གསར་དུ་བསྒྲུབ་མི་དགོས་པར། རྩ་དང་ཁམས་རྣམས་རང་བཞིན་གྱིས་ཏེ་གདོད་མ་ནས་གནས་ལ། དེ་ཡང་དེའི་སྒྲུབ་གཞི་ཡིན་པའི་དོན་ཡིན་གྱི། ལུས་ཀྱི་རྩ་དང་ཁམས་ལ་སོགས་པ་ཧེ་རུ་ཀའི་དཀྱིལ་འཁོར་དུ་གདོད་ནས་གནས་པ་མ་ཡིན་ཏེ། ཡིན་ན་དེ་ཉིད་ལས། དེ་ཡི་རང་བཞིན་མི་ཤེས་རྣམས། །སྣོད་དུ་བྱ་བར་བཞེད་པ་སྟེ། །ཞེས་གསུངས་པ་དང་ནང་འགལ་བར་འགྱུར་པའི་ཕྱིར་ཏེ། བདེ་མཆོག་གི་དཀྱིལ་འཁོར་གྱི་དེ་ཉིད་མི་ཤེས་པ་འགལ་བའི་ཕྱིར་ཞེས་བྲིས་སོ། །གཉིས་པ་ནི། འདི་དག་རིམ་པ་བཞིན་མི་འཐད་པར་སྟོན་ཏེ། ལཱུ་ནག་གཉིས་ཕྱི་ནང་གཉིས་ཀ་བསྒོམ་པ་དང་། མངོན་བརྗོད་དགུ་པ་ལུས་དཀྱིལ་གཅིག་པུ་བསྒོམ་པ་ཡིན་ཞེས་པའི་ཁྱད་པར་ནི། སུས་ཀྱང་བསྒྲུབ་པར་མི་ནུས་ཏེ། མངོན་བརྗོད་དགུ་པར་ཐོག་མར་མངོན་བྱང་ལས་རྟེན་གཞལ་ཡས་ཁང་དང་། བརྟེན་པ་གཙོ་བོ་ཡབ་ཡུམ་ཅིག་ཆར་བསྐྱེད་ནས། དེའི་རྗེས་སུ་གཙོ་བོའི་ལུས་ལ་ལུས་དཀྱིལ་འགོད་པར་གསུངས་ཤིང་། ཁྱེད་རང་གིས་ཀྱང་དེ་ལྟར་བྱས་པའི་ཕྱིར་རོ། །དེ་ལྟར་ན་ཡང་ལུས་དཀྱིལ་འབའ་ཞིག་ཡིན་ན། སྔོན་དུ་རྟེན་གྱི་དཀྱིལ་འཁོར་བསྐྱེད་ཟིན་པ་དེ་ལ་ལུས་དཀྱིལ་བསྒོམ་རན་པ་ན། ལུས་ཀྱི་ཆ་ཤས་ཡོངས་སུ་གྱུར་པ་ལས་ལུས་ཀྱི་ཆ་ཤས་རེ་རེ་དང་། རང་རང་གི་རིགས་འདྲ་སྔ་མ་ལས་རིགས་འདྲ་ཕྱི་མ་སྐྱེས་པ་ལུས་དཀྱིལ་དུ་འདོད་པ་དང་འགལ་ཏེ། ཆ་ཤས་མ་བསྲེས་པའི་གོང་ནས་ལུས་དཀྱིལ་ཡིན་པའི་ཕྱིར་རོ། །བྷྲཱུྃ་ཡིག་གཅིག་པོ་ལས་ཕྱིའི་གཞལ་ཡས་ཁང་ཐམས་ཅད་བསྐྱེད་པ་བཞིན་དུ་ལུས་འདོམ་གང་མཉམ་པ་ལས་ཧེ་རུ་ཀའི་ལུས་དཀྱིལ་ཅིག་ཆར་དུ་བསྐྱེད་པ་ཡང་ཡེ་མ་བརྟགས་པ་སྟེ། བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་པ་ནི། གནས་དེ་ཉིད་དུ་བསྐྱེད་པ་ཡིན་ལ། འདི་གནས་དེ་ཉིད་དུ་བསྐྱེད་པར་ནི་ཁྱེད་མི་འདོད་ཅིང་། ཕྱིའི་གཞལ་ཡས་ཁང་ལ་ཐིམ་པར་བསྒོམ་པ་ནི་བློས་སྒྲོ་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །གཞན་ཡང་རྐང་མཐིལ་གཉིས་བགྲད་པ་གཞུའི་དབྱིབས་སུ་ཡོད་པ་ཡོངས་སུ་གྱུར་པ་ལས་ཞེས་པའི་དོན། ཐོག་མར་རྐང་མཐིལ་གཉིས་སུ་རླུང་རེ་བསྒོམས་ནས་དེ་ཕྱིར་སྤྲོ་བ་ཡིན་ནམ། རྐང་མཐིལ་གཉིས་ཕྱིར་སྤྲོས་ཏེ་རླུང་དང་ཕྲད་པའི་ཚེ་རླུང་དུ་བསྒོམ་པ་ཡིན། དང་པོ་ལྟར་ན་རྐང་མཐིལ་གཉིས་སུ་རླུང་བསྒོམས་ཟིན་ནས་དེ་གནས་དེར་བཞག་པ་ལ་ཉེས་པ་ཅི་ཞིག་ཡོད། ཕྱི་མ་ལྟར་ན་རྐང་མཐིལ་ཕར་སོང་ནས་ཕྲད་མཚམས་སུ་ཡོངས་སུ་གྱུར་པའི་ཚུལ་འདི་འདྲ་ཡང་ལུང་རིགས་གང་ནས་བཤད། བློ་ལ་ཇི་ལྟར་འཆར་ལེགས་པར་སོམས་ཤིག ལུས་ཀྱི་རྐང་མཐིལ་གྱི་ཆ་འབྱུང་བཞིའི་རླུང་དུ་བསྐྱེད་པ་ཡིན་གྱི། རྐང་མཐིལ་གྱི་རླུང་དེར་བསྐྱེད་པ་མ་ཡིན་ན། སཾ་བུ་ཊི་ལས། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང་། །ཞེས་པའི་རླུང་འདི་བསྐྱེད་གཞིའི་ལུས་ཀྱི་ཆ་ཡིན་ནམ། བསྐྱེད་ཟིན་པའི་འབྱུང་བཞིའི་རླུང་ཡིན། དང་པོ་ལྟར་ན། རྐང་མཐིལ་གྱི་རླུང་དེར་བསྐྱེད་པ་མ་ཡིན་པ་དང་འགལ། ཕྱི་མ་ལྟར་ན། བསྐྱེད་ཟིན་པའི་རླུང་གཞལ་ཡས་ཁང་གི་འོག་ཏུ་ཡོད་པ་དང་འགལ་ལོ། །མངོན་བརྗོད་དགུ་པའི་ལུས་དཀྱིལ་མ་བསྒོམས་པའི་གོང་གི་གཞལ་ཡས་ཁང་དེ་ཕྱི་དཀྱིལ་ཡིན་ན། ལཱུ་ནག་གཉིས་ཕྱི་ནང་གཉིས་ཀ་བསྒོམ་པ་དང་། འདི་ལུས་དཀྱིལ་ཁོ་ན་ཡིན་པ་དང་འགལ། ཕྱི་དཀྱིལ་མ་ཡིན་ན་ནི། ལཱུ་ཧི་པའི་སྔར་གྱི་གཞལ་ཡས་ཁང་དེ་ཕྱི་དཀྱིལ་མ་ཡིན་པ་དང་རྣམ་པ་ཐམས་ཅད་དུ་མཚུངས་སོ། །དྲིལ་བུ་ལུས་དཀྱིལ་ལ་མངོན་བྱང་ལས་གཞལ་ཡས་ཁང་དང་། གཙོ་བོ་ཅིག་ཆར་དུ་བསྐྱེད་པའི་ཚུལ་ཁ་བསྐང་བ་ནི་གནད་མ་ལུས་པ་བཅོས་པ་སྟེ། དེ་ལྟར་བསྐང་བའི་ཚུལ་མལ་གྱོ་ནས་བརྒྱུད་པ་དང་། པུ་ཧྲངས་པ་ནས་བརྒྱུད་པ་དང་། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་གང་ལ་ཡང་མི་སྣང་བས་གསར་དུ་བཟོས་པ་ལས་མ་འདས་ལ། བཟོས་པ་དེ་ཡང་རང་ཉིད་ལུས་དཀྱིལ་བསྒོམ་པའི་གཞི་ལ་སྔར་ཕྱི་དཀྱིལ་བསྐྱེད་དགོས་པར་དམ་བཅས་པའི་གྲུབ་མཐའི་སྟོབས་ཀྱིས་འདི་མི་བྱེད་ཁ་མེད་བྱུང་བ་ཡིན་གྱི། འདི་མ་བཅོས་པའི་དཀྱིལ་འཁོར་ཡིན་པར་གསུངས་པས་ཕྱི་དཀྱིལ་བཅོས་མ་བསྐྱེད་པར་འགལ་བའི་ཕྱིར་རོ། །བརྟེན་ལྷའི་སྐབས་སུ་རང་བཞིན་གྱིས་གྲུབ་པའི་དོན་བཅོས་མ་གཉིས་གསར་དུ་བསྒྲུབ་དགོས་པ་བཞིན་དུ་འབྲི་མཁན་གྱིས་གསར་དུ་བསྒྲུབ་མི་དགོས་པར། དང་པོ་ནས་གནས་པའི་དོན་ཡིན་ན་བྲིས་ཟིན་པའི་བཅོས་མ་གཉིས་ཀྱིས་དཀྱིལ་འཁོར་དེ་ཡང་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འགྱུར་ཏེ། ལུས་དཀྱིལ་གྱི་རྩ་ཁམས་ཕ་མའི་ཁུ་ཁྲག་ལས་གསར་དུ་བསྒྲུབ་དགོས་པ་བཞིན་དུ་ཕ་མ་གཉིས་ཀྱིས་གསར་དུ་བསྒྲུབ་མི་དགོས་པར་བྲིས་ཟིན་པ་ཕྱིན་ཆད་དང་པོ་ནས་གནས་པར་མཚུངས་པའི་ཕྱིར་རོ། །ལུས་ཀྱི་རྩ་ཁམས་ཧེ་རུ་ཀའི་དཀྱིལ་འཁོར་དུ་གདོད་མ་ནས་གནས་པ་ཡིན་ན། དེའི་རང་བཞིན་མི་ཤེས་པ་འགལ་ཞེས་པ་ནི་རྒྱུད་བླར། ལུས་ཅན་ལ་སངས་རྒྱས་གདོད་མ་ནས་གནས་ཀྱང་། མི་ཤེས་པའི་ཚུལ་དཔེ་དགུས་བསྟན་པ་ལ་འཕངས་པར་སྣང་སྟེ། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་གསུངས་པས་སོ། །གཉིས་པ་དེ་སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི་སློབ་དཔོན་གྱི་གཞུང་ལས། དེ་ཡང་སྐུ་གསུང་ཐུགས་ཀྱི་དབྱེ་བས་ཡི་གེ་གསུམ་གྱི་ངོ་བོ་ཉིད་དེ། མཐོ་རིས་དང་ནི་མི་ཡུལ་དང་། །ས་འོག་དག་ཏུ་སྐད་ཅིག་མ། །གཅིག་གིས་སྐུ་གཅིག་ཏུ་འགྱུར་རོ། །སྐད་ཅིག་ཙམ་གྱིས་རྣལ་འབྱོར་བདག །སྐད་ཅིག་སྔགས་དང་ཕྱག་རྒྱ་ཅན། །ཀུན་ནས་ཀུན་ཏུ་སྐད་ཅིག་སྟེ། །སྐད་ཅིག་གིས་ནི་གསང་སྔགས་འདོན། །ཨོཾ་ཨཱཿཧཱུྃ་ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི། ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱཿབཛྲ་ཤུདྡྷོ྅ཧཾ། ཞེས་གསུངས་ཏེ། བདེ་ཆེན་གྱི་འཁོར་ལོ་ལུས་ལ་འདུས། དམ་ཚིག་གི་འཁོར་ལོ་སྐུ་ལ་འདུས་ཏེ། འཁོར་ལོ་གསུམ་གྱི་སེམས་ཅན་གྱིས་དོན་མཛད་པ་ནི། སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་ཞེས་པའོ། །ཡི་གེ་གསུམ་གྱི་ངོ་བོ་ཉིད་ཅེས་པ་ནི་འོག་གི་ཡི་གེ་གསུམ་བརྗོད་པའི་ཚེ། ཐམས་ཅད་དྲན་པའི་ཤེས་བྱེད་དུ། དེ་ཉིད་གོང་ལ་གནས་ན་ལུས་ཀྱི་སྟོད་དང་། བར་ལ་གནས་པ་ནི་མཐོ་རིས་སོགས་སོ། །སྐད་ཅིག་མ་གཅིག་གིས་སྐུ་གཅིག་ཏུ་འདུས་པ་ནི་སྐད་ཅིག་གིས་ལུས་ལ་ཚང་བར་བསྒོམ་པའོ། །ཡེ་ཤེས་ཞབས་ལུགས་ཀྱི་འདུས་པ་ན་ཡབ་སྔོན་ལ་བསྐྱེད་ནས་ཡུམ་ཕྱིས་བསྐྱེད་པ་ཡོད་པ་ལྟ་བུ་ནི་མ་ཡིན་ཏེ། སྐད་ཅིག་རྣམ་པའི་རྣལ་འབྱོར་བདག །ཅེས་པ་དུས་མཉམ་དུའོ། །ཡང་ངེས་བརྗོད་ནས་ལྷ་སྔོན་ལ་གྲུབ་ནས་རྒྱན་ཕྱིས་འདོགས་པ་ཡོད་པ་དེ་ལྟ་བུ་ཡང་མ་ཡིན་ཏེ། སྐད་ཅིག་རྣམ་པའི་ཕྱག་རྒྱ་ཅན། །ཞེས་པ་རྒྱན་དང་བཅས་པར་རོ། །ཡང་ཀྱཻ་རྡོ་རྗེ་ནས་རྟེན་སྔོན་ལ་བསྐྱེད་ནས། བརྟེན་པ་ཕྱིས་བསྐྱེད་པ་ཡོད་དེ། དེ་ལྟ་བུ་ཡང་མ་ཡིན་ཏེ། ཀུན་ནས་ཀུན་ཏུ་སྐད་ཅིག་སྟེ། །ཞེས་པ་རྟེན་དང་བརྟེན་པ་དུས་གཅིག་ཏུ་བསྐྱེད་པས་སོ། །རྒྱུད་སྡེ་གཞན་ནས་སྔགས་ཀྱིས་བྱིན་གྱིས་བརླབ་པའི་གནད་ཟབ་མོ་མ་བཤད་ལ། འདི་ནས་བཤད་པས་ན། སྐད་ཅིག་གིས་ནི་གསང་སྔགས་འདོན། །ཅེས་པ་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །ཅི་ལྟར་བྱིན་གྱིས་བརླབ་ན། ཨོཾ་ཨཱཿཧཱུྃ། ཞེས་པ་ལ་སོགས་པ་སྨོས་ཏེ། དེའི་དོན་ཨོཾ་ཞེས་བརྗོད་པའི་ཚེ་ལུས་ཀྱི་སྐུའི་འཁོར་ལོ་དང་། ཕྱིའི་སྐུའི་འཁོར་ལོ་དང་། འཛམ་བུ་གླིང་ན་བཞུགས་པའི་སྐུའི་འཁོར་ལོ། འོག་མིན་ལོངས་སྐུའི་འཁོར་ལོ་བཞི་དྲན་པར་བྱ། དེ་བཞིན་དུ་ཨཱཿཞེས་བརྗོད་པས་གསུང་གི་འཁོར་ལོ་བཞི་དྲན་པར་བྱ། ཧཱུྃ་ཞེས་བརྗོད་པས་ཐུགས་ཀྱི་འཁོར་ལོ་བཞི་དྲན་པར་བྱ། སརྦ་བཱི་ར་ཡོ་གི་ནི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཅེས་བྱ་བ་ཡིན་ཏེ། རྟེན་དང་བརྟེན་པར་བཅས་པའི་ལྷ་དྲུག་ཅུ་རྩ་གཉིས་པོ་ཐམས་ཅད་དྲན་པར་བྱའོ། །ཀཱ་ཡ་ཞེས་པ་སྐུ་སྟེ་སྐུ་བཞི་དབྱེར་མི་ཕྱེད་སྙམ་དུ་བསམ། ཝཱཀ་ཞེས་པ་གསུང་སྟེ་གསུང་བཞི་དབྱེར་མི་ཕྱེད། ཙིཏྟ་ཞེས་པ་ཐུགས་ཏེ་ཐུགས་བཞི་དབྱེར་མི་ཕྱེད་སྙམ་དུ་དྲན་པར་བྱའོ། །བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པ་གཉིས་སུ་མེད་པ་དབྱེར་མི་ཕྱེད་པ་རྡོ་རྗེའི་རང་བཞིན་ང་ཡིན་སྙམ་དུ་བསམས་ལ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱཿབཛྲ་ཤུདྡྷོ་ནི་རྡོ་རྗེའི་དག་པ་ཆོས་ཐམས་ཅད་རྡོ་རྗེར་དག་པའི་རང་བཞིན་ནོ། །ཞེས་པ་དངོས་པོ་ཐམས་ཅད་ལྷའི་རང་བཞིན་ལ་དེ་དང་བདག་གིས་ལུས་ཀྱང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་དག་ལ། ཆོས་ཐམས་ཅད་བརྗོད་པ་དང་བྲལ་བ་རྡོ་རྗེའི་རང་བཞིན་དུ་དག་གོ་ཞེས་དྲན་པར་བྱའོ། །པྲ་ཛྙཱ་རཀྵི་ཏས་སྔར་བཤད་པའི་ཚིགས་བཅད་དེ་དག་ལུས་དཀྱིལ་གྱི་དོན་བསྡུར་བྱས་ནས། སྔགས་གཉིས་པོ་སྔར་མངོན་བྱང་ལས་རྟེན་བརྟེན་པ་ཅིག་ཆར་དུ་བསྐྱེད་མ་ཐག་ཏུ་བརྗོད་པར་བཤད་དོ། །དམར་གྱིས་སྔགས་དོན་སྔ་མ་དང་འདྲ་བ་ལ་ཕོ་ཉ་གསུམ་བསྲེའི་ཐ་སྙད་མཛད་ཀྱང་། རྗེ་བཙུན་གྱིས་ཕོ་ཉ་གསུམ་བསྲེ་བ་སྔར་མཛད་ཅིང་། ཕོ་ཉ་གསུམ་བསྲེའི་དོན་སྔགས་སྐྱེས་གཞིར་བྱས་ནས། དེ་ལ་ཞིང་སྐྱེས་བསྲེ། ཞིང་སྐྱེས་གཞིར་བྱས་ནས། དེ་ལ་སྔགས་སྐྱེས་བསྲེ་བ་ནི་རྟོགས་པ་མས་འཆར་དང་། དེ་ལྟར་བསྒོམས་པས་ལྷན་སྐྱེས་ཀྱིས་ཞིང་སྐྱེས་བྱིན་གྱིས་རློབ། ཞིང་སྐྱེས་ཀྱིས་སྔགས་སྐྱེས་བྱིན་གྱིས་རློབ། དེས་རྣལ་འབྱོར་པའི་སེམས་རྒྱུད་བྱིན་གྱིས་རློབ་པ་ནི་བྱིན་གྱིས་ཡས་རློབ་སྟེ་དེ་ཉིད་ལ་བཞེད། སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི་ཕོ་ཉ་གསུམ་ངོ་བོ་གཅིག་ཏུ་དྲན་པ་ཙམ་ལ་བཞེད་པ་ནི་མན་ངག་གི་མཆོག་རབ་ཏུ་སྣང་ངོ་། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་ནི་སློབ་དཔོན་གྱི་གཞུང་ལས། དེ་ནས་གོ་ཆ་གཉིས་ཤེས་ནས། །ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །སྔགས་དང་ཕྱག་རྒྱའི་སྦྱོར་ཤེས་པས། །དམ་ཚིག་འཁོར་ལོ་ལ་མྱུར་གཞུག །ཅེས་གསུངས་ཤིང་། འདི་ཉིད་མངོན་བརྗོད་དང་། ཀུན་སྤྱོད་གཉིས་ལས་ཀྱང་འབྱུང་ངོ་། །རྒྱུད་གཞུང་དེ་དག་ལས། སྔོན་ལ་གོ་ཆ་བགོས་ནས། ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་རྗེས་ལ་གསུངས་པ་ལྟར་བྱས་ན་ཡང་ལེགས་ཞེས་གསུངས་ཤིང་། འགྲེལ་པ་རྣམས་ཀྱིས་ཀྱང་དེ་ལྟར་མཛད་དོ། །འདིར་ནཱ་རོ་པའི་མན་ངག་གིས་འཁྲུགས་ཀྱི་ཚུལ་དུ་སྔོན་ལ་ཡེ་ཤེས་པ་བཅུག་ནས། གོ་ཆ་བཅིང་བ་རྗེས་ལ་མཛད་པ་ནི། ཤིང་གཉིས་གཟེར་གྱིས་བསྡམས་ནས་མི་འབྲལ་བར་བྱེད་པ་བཞིན། དམ་ཚིག་པ་དང་ཡེ་ཤེས་པ་མི་འབྲལ་བར་བྱེད་པ་ཡིན་ཞེས་གསུངས་པ་ལྟར་བཤད་ན། ལུས་ཀྱི་མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོར་རབ་དུ་སྦྱར། །འདི་ནི་དཔྲལ་བའི་དབྱེས་སུ་རབ་བཞག་ནས། །བསྐོར་ཞིང་བསྐོར་བས་ཀུན་ནས་བསྐོར་བར་བྱ། །རྐང་པ་མནན་ཅིང་སྟེང་དུ་བལྟ། །གྱེན་དུ་ཕཻཾ་གྱི་སྒྲ་སྒྲོགས་ཤིང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག །ཞེས་རྒྱུད་གཞུང་གསུམ་ལས་གསུངས་པ་ལྟར། ལུས་དང་། ངག་དང་། སེམས་ཀྱི་སྦྱོར་བས་ཡེ་ཤེས་པ་སྤྱན་དྲངས་ནས། ཕྱི་མཆོད་དང་། ཡིད་ལས་བྱུང་བའི་མཆོད་པ་གཉིས་ཀྱིས་མཆོད་དེ། ངེས་བརྗོད་བཅུ་བཞི་པ་ལས། ཛཿཧཱུྃ་བྃ་ཧོའི་སྦྱོར་བ་ཡིས། །དགུག་དང་དེ་བཞིན་གཞུག་པ་དང་། །བཅིངས་ནས་དབང་དུ་བྱ་བ་ཡིན། །ཞེས་གསུངས་པ་ལྟར་དགུག་གཞུག་བྱས་ལ། གཞུང་ལས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷ་རྨཱཿཡོ་ག་ཤུདྡྷོ྅ཧཾ། དེ་ནས་སྙིང་པོའི་ཕྱག་རྒྱ་བསྟན་པར་བྱ་སྟེ། ལག་པ་གཡས་པ་དང་གཡོན་པ་དག་བསྐོར་ཞིང་། མཁའ་འགྲོ་མའི་བདེ་བའི་དམ་པར་གཞུག་པར་བྱའོ། །ཞེས་གསུངས་པ་ལྟར་གཉིས་སུ་མེད་པའི་བདེ་བ་དམ་པ་དྲན་པར་བྱའོ། །གསུམ་པ་གོ་ཆ་དགོད་པ་ནི། སློབ་དཔོན་གྱི་གཞུང་ལས། དེ་ནས་གོ་ཆ་གཉིས་བཤད་པར་བྱ་སྟེ། སྙིང་གར་ནི་ཨོཾ་ཧའོ། །མགོ་བོར་ནི་ན་མ་ཧིའོ། །སྤྱི་གཙུག་ལ་ནི་སྭཱ་ཧཱ་ཧུ། ཕྲག་པ་གཉིས་ལ་ནི་བཽ་ཥ་ཊ་ཧེ། མིག་གཉིས་ལ་ནི་ཧཱུྃ་ཧཱུྃ་ཧོཿ ཡན་ལག་ཐམས་ཅད་ལ་མཚོན་ཆ་ཕཊ་ཧཾ། དང་པོ་རྡོ་རྗེ་སེམས་དཔའ་སྟེ། །གཉིས་པ་རྣམ་པར་སྣང་མཛད་གཞུག །གསུམ་པ་པདྨ་གར་དབང་ཕྱུག །བཞི་པ་དཔལ་ལྡན་ཧེ་རུ་ཀ །རྡོ་རྗེ་ཉི་མ་རྟ་མཆོག་སྟེ། །དྲུག་པ་གོ་ཆ་རྣམས་ཀྱིས་བསྲུང་། །ཨོཾ་ཨོཾ་བྃ་ནི་རྡོ་རྗེ་ཕག་མོ་ཉིད། ཨོཾ་ཧྃ་ཡོཾ་ནི་ཡཱ་མི་ནི། ཨོཾ་ཧྲཱིཾ་མོཾ་ནི་རྨོངས་བྱེད་མའོ། །ཨོཾ་ཧྲིཾ་ཧྲིཾ་ནི་སྦྱིན་བྱེད་མའོ། །ཨོཾ་ཧཱུྃ་ཧཱུྃ་ནི་སྐྱོད་བྱེད་མའོ། །ཨོཾ་ཕཊ་ཕཊ་ནི་ཙཎྜཱི་ཀ་སྟེ། །ཡན་ལག་ཐམས་ཅད་ལ་མཚོན་ཆ་ཡིན་ཏེ། ལྟེ་བ་དང་། སྙིང་ག་དང་། མགོ་བོ་དང་། སྤྱི་གཙུག་དག་གི་མཚོན་ཆ་ཉིད་དོ། །ཞེས་གསུངས་ཏེ་འདི་དག་གི་དོན་ལ་ལྷ་གང་ལ་འགོད་པ། རྣམ་པ་གང་འགོད་པ་གཉིས་ལས། དང་པོ་ནི་བུ་སྟོན་གྱིས། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ཊཱི་ཀར། འདིར་ཁ་ཅིག་ཡབ་དྲུག་ལའང་ཡུམ་གྱིས་འཁྱུད། ཡུམ་དྲུག་ལའང་ཡབ་ཀྱིས་འཁྱུད་པ། ཡི་གེ་འགོད་ནའང་ཡབ་ཀྱི་ཡི་གེའི་གནས་སུ་ཡུམ་གྱི་ཡི་གེ་དང་། ཡུམ་གྱི་ཡི་གེའི་གནས་སུ་ཡབ་ཀྱི་ཡི་གེ་འགོད་པར་བཤད་པ་ནི་མི་འཐད་དེ། མཁའ་འགྲོ་རྒྱ་མཚོར། དེ་ཕྱིར་བསྲུང་བ་ཨོཾ་ཧ་ཡིན། །མི་རྣམས་ཀྱི་ནི་སྙིང་དབུས་སུ། །སུམ་ཅུ་བདུན་དག་ཉིད་དཀྱིལ་འཁོར། །རྡོ་རྗེ་ཕག་མོས་འཁྱུད་པ་ཡང་། །ཞེས་ཡབ་ཡུམ་གྱིས་འཁྱུད་པར་བཤད་ཅིང་། གང་ཚེ་རྡོ་རྗེ་ཕག་མོ་ནི། །གཙོ་མོ་རྣམ་པར་གནས་པ་ན། །ཨོཾ་བཾ་ཞེས་བྱ་ལ་སོགས་པའི། །སྔགས་ཀྱི་ཡི་གེ་སྦྱིན་པར་བྱ། །ཞེས་ཡུམ་གཙོ་བོར་བྱེད་པ་ན། ཡུམ་རྐྱང་པའི་ས་བོན་འགོད་པར་བཤད་པའི་ཕྱིར་དང་། ལྭ་བ་པས་ཀྱང་དེ་བཞིན་དུ་བཤད་པའི་ཕྱིར་རོ། །ཞེས་བཀག་ནས། འདིར་བླ་མ་མལ་གྱོའི་རྗེས་སུ་འབྲང་བ་རྣམས་ཡབ་ལའང་གོ་ཆ་གཉིས་ཆར་དགོད། དེ་བཞིན་དུ་ཡུམ་དང་ལྷ་ཐམས་ཅད་ལའང་གོ་ཆ་གཉིས་ཆར་འགོད་པར་བཞེད་དོ། །པུ་ཧྲངས་ལོ་ཆུང་གི་རྗེས་སུ་འབྲང་བ་རྣམས་ཡབ་ལ་ཡབ་ཀྱི་གོ་ཆ་དང་། དཔའ་མོ་རྣམས་ལ་ཡུམ་གྱི་གོ་ཆ་འགོད་པར་བཞེད་དོ། །ཛ་ཡ་སེ་ན་དང་། བ་རེག་ལོ་ཙཱ་བ་དང་། རྨ་བན་ལོ་ཙཱ་བའི་རྗེས་སུ་འབྲང་བ་རྣམས་གཙོ་བོ་ཡབ་ལ་དཔའ་བོའི་གོ་ཆ་དང་། ཡུམ་ལ་དཔའ་མོའི་གོ་ཆ་འགོད་ཀྱི་འཁོར་ལ་གོ་ཆ་མི་འགོད་པར་བཞེད་དོ། །འདི་གསུམ་ལས་ཕྱོགས་གཉིས་པ་ལེགས་ཏེ། ཡུམ་ལའང་གོ་ཆ་གཉིས་ཀ་དགོས་ན། ཡུམ་རྐྱང་པ་ལའང་གོ་ཆ་གཉིས་ཀ་ཡོད་པར་འགྱུར་བ་ལས། བོད་དུ་འགྱུར་བའི་ཕག་མོའི་སྒྲུབ་ཐབས་ལྷ་སོ་བདུན་མ་སོགས་གང་ལས་ཀྱང་དཔའ་མོའི་གོ་ཆ་ལས་གཞན་མ་བཤད་པའི་ཕྱིར་ཞེས་བཞེད་དོ། །འདི་ནི་གཞན་ལུགས་དགག་པ་དང་ནང་འགལ་ཏེ། མཁའ་འགྲོ་རྒྱ་མཚོ་དང་ལྭ་བ་པས་ཡབ་ཀྱི་དཔའ་བོའི་གོ་ཆ་ལ་ཡུམ་གྱིས་འཁྱུད་པར་གསུངས་པ་དེ་ཉིད་ཀྱིས། དཔའ་བོ་རྣམས་ལ་ཡབ་ཀྱི་གོ་ཆ་ཁོ་ན་འགོད་པ་ལ་དངོས་སུ་གནོད་པའི་ཕྱིར་རོ། །གཞུང་དེས་དཔའ་བོ་རྣམས་ལ་ཡབ་ཡུམ་གྱི་གོ་ཆ་གཉིས་ཀ་འགོད་པར་གྲུབ་ན། མངོན་བརྗོད་ལས། གོ་ཆ་གཉིས་པོ་ཉིད་དག་ཀྱང་། །འཁོར་ལོ་ཀུན་ལ་རྣམ་བསྒོམས་ནས། །ཞེས་པས་ཀྱང་འཁོར་ལོ་ཀུན་ལ་གོ་ཆ་གཉིས་ཀ་ཡོད་པར་གྲུབ་ཅིང་། དེའི་དོན་ལྷ་ཕོ་ལ་དཔའ་བོའི་གོ་ཆ་དང་། མོ་ལ་དཔའ་མོའི་གོ་ཆ་བྱས་པ་ནི་འཁྱོག་པོའི་བཤད་པ་སྟེ། དེ་ལྟར་ན་འཁོར་ལོ་བར་པ་གསུམ་ལ་བཤད་དུ་རུང་ཡང་། འཁོར་ལོ་གོང་འོག་གཉིས་ལ་བཤད་དུ་མི་རུང་བའི་ཕྱིར་རོ། །ནག་པོ་དཀྱིལ་ཆོག་ལས། དཔའ་བོ་ཀུན་དང་རྣལ་འབྱོར་མར། །གོ་ཆ་གསུམ་གྱིས་བརྒྱན་པ་ཡིན། །ཞེས་པའི་དོན། ལྷ་ཕོ་ལ་དཔའ་བོ་དང་། མོ་ལ་དཔའ་མོ་དང་། གཙོ་བོ་ལ་གོ་ཆ་ཆེན་པོས་བརྒྱན་པས་སྤྱིར་བསྡུས་ནས་དེ་སྐད་གསུངས་ཀྱི་ལྷ་རེ་རེ་ལ་གོ་ཆ་གསུམ་གསུམ་ཡོད་པ་ལ་དགོངས་པ་མ་ཡིན་ནོ། །ཞེས་པ་ཡང་སྔ་མ་དང་མཚུངས་ཏེ། དེ་འདྲ་བའི་བཤད་པ་ནི། དཔའ་བོ་ཀུན་དང་རྣལ་འབྱོར་མར། །གོ་ཆ་གསུམ་གྱིས་བརྒྱན་པ་ཡིན། །ཞེས་པའི་ཡི་གེའི་དོན་ལ་མ་ཞུགས་པའི་ཕྱིར། དེས་ན་ལུང་འདི་གཉིས་ཀྱི་དོན། ལྷ་རེ་རེ་ཡང་གོ་ཆ་གཉིས་གཉིས་ཀྱིས་བརྒྱན་པ་དམིགས་པ་རྒྱ་ཆེ་བས་བསྒོམ་ཚུལ་སྟོན་ཀྱང་། དཔའ་བོ་ལ་ཡབ་ཀྱི་གོ་ཆ་དང་། དཔའ་མོ་ལ་ཡུམ་གྱི་གོ་ཆ་གསུངས་པ་དང་། ཡང་སྐབས་འགའ་ཞིག་ཏུ་གཙོ་བོ་ལ་གསུངས་ནས་འཁོར་ལ་མ་གསུངས་པ་སོགས་ནི་དམིགས་པ་རྒྱ་ཆུང་བས། དངོས་སུ་དེ་ཙམ་བསྒོམས་ནས། གཞན་རྣམས་མོས་པ་བྱེད་པ་ཙམ་གྱི་དབང་དུ་བྱས་པ་ནི་རྒྱུད་གཞུང་རྣམས་ཀྱི་དགོངས་པ་རྗེ་བཙུན་མཆོག་གིས་བཀྲལ་བའི་ལུགས་སོ། །གཉིས་པ་ནི་རྩ་རྒྱུད་ལེའུ་དྲུག་པ་ལས། ཡན་ལག་དྲུག་ནི་ཧེ་རུ་ཀ །དབང་པོ་དྲུག་དང་མཉམ་སྦྱོར་བ། །ཡི་གེ་རེ་རེར་ཡང་དག་གནས། །ཞེས་འབྱུང་བས། ཧ་ཧི་ཧུ་ཧེ་ཧོ་ཧཾ་སྟེ་ཐུང་ངུ་དྲུག་ལ་རྐྱེན་རྩ་རྒྱུད་ཀྱི་ལེའུ་དེ་ཉིད་ལས། ཨོཾ་ན་མཿསྭཱ་ཧཱ་བཽ་ཥ་ཊ། ཧུཾ་ཧཱུྃ་ཕཊ་དང་ཡང་དག་ལྡན། །ཞེས་འབྱུང་བ་ཡན་ལག་ཏུ་སྦྱར་ན། རིམ་པ་བཞིན་དུ་ཨོཾ་ཧ་ལ་སོགས་པར་འགྱུར་བའོ། །ཡང་རྩ་རྒྱུད་ལེའུ་བརྒྱད་པ་ལས། ཡི་གེ་བྃ་དང་ཡོཾ་དང་ནི། །ཡི་གེ་མོཾ་དང་ཧྲཱིཾ་ཉིད་དང་། །ཧཱུྃ་དང་ཕཊ་ཅེས་བཤད་པ་ནི། །རྣལ་འབྱོར་མ་ནི་དྲུག་ཏུ་བཤད། །ཅེས་དང་། ཡང་ལེའུ་དེ་ཉིད་ལས། ཨོཾ་ཧཱྃ་ཧྲིཾ་ཧྲིཾ་ཧཱུྃ་ཕཊ། ཅེས་པ་དྲུག་དང་རིམ་པ་བཞིན་དུ་སྦྱར་ན་ཨོཾ་བཾ་ཞེས་པ་ལ་སོགས་པར་འགྱུར་བའོ། །འདི་དག་ལ་ཇོ་བོ་བྷ་དན་ཏ་ནི་མངོན་བརྗོད་བླ་མའི་ལེའུ་སུམ་ཅུ་རྩ་བདུན་པའི་རྗེས་སུ་འབྲངས་ནས། ཡི་གེ་དེ་རྣམས་ཡོངས་སུ་གྱུར་པ་ལས། ལྷ་ཡབ་ཀྱི་སྐབས་སུ་ཡུམ་དང་གཉིས་སུ་མེད་པར་བཞུགས་པ་དང་། ཡུམ་གྱི་སྐབས་སུ་ཡབ་དང་གཉིས་སུ་མེད་པར་བཞུགས་པར་བཞེད་དོ། །ཕམ་འཐིང་པ་རྗེས་འབྲང་དང་བཅས་པ་ཀུན་སྤྱོད་དང་། ལཱུ་ཧི་པའི་དགོངས་པས་རང་རང་གི་གནས་སུ་ཟླ་བ་ལ་སྔགས་བསམས་ནས་ལྷར་མོས་པ་ཉིད་ཀྱིས་ཆོག་ཅེས་གསུངས་ཏེ། སྔ་མ་ནི་སྤྲོས་པ་ལ་དགའ་བའི་དབང་དུ་བྱས་པ་དང་། ཕྱི་མ་ནི་ཉུང་ངུའི་རྣལ་འབྱོར་ལ་དགའ་བའི་དབང་དུ་བྱས་པ་ཡིན་པས་གཉིས་ཀ་ཡང་རུང་ངོ་། །དམར་གྱིས། མཁའ་འགྲོ་རྒྱ་མཚོ་ལས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྔགས་དང་ལྷ་ལ་ཐ་དད་མེད། །ཅེས་གསུངས་པས་ཁོ་བོ་ནི་ཕྱི་མ་འཐད་དོ་སྙམ་དུ་སེམས་སོ་ཞེས་བཤད་དོ། །བཞི་པ་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་ནི། སློབ་དཔོན་གྱི་གཞུང་ལས། སྔགས་ཕྲེང་གི་འོག ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །ཞེས་པ་ནས། དབང་བསྐུར་བའི་སྔགས་སོ་ཞེས་པའི་བར་གསུངས་ཏེ། འདི་ལ་བཞི་སྟེ། དབང་ལྷ་སྤྱན་དྲང་བ། མཆོད་ཅིང་གསོལ་བ་གདབ་པ། དབང་བསྐུར་བའི་ཚུལ། རིགས་བདག་གི་རྒྱས་གདབ་པའོ། །དང་པོ་ནི། རྗེ་བཙུན་གྱིས། དེ་ནས་དབང་བསྐུར་བ་བརྗོད་པར་བྱ་སྟེ། གང་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བའི་སྐབས་ཀྱི་ལུས་ཀྱི་ཕྱག་རྒྱ་དང་། སྔགས་དང་། ཏིང་ངེ་འཛིན་གྱིས་དབང་བསྐུར་གྱི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས་ཞེས་གསུངས་པ་ལྟར་བྱའོ། །པྲ་ཛྙཱ་རཀྵི་ཏའི་འགྲེལ་པ་ལས་ནི་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་དུས་མཉམ་པའི་རྡོ་རྗེ་རྣལ་འབྱོར་མ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཐོད་པ་དང་། ཌཱ་མ་རུ་འཛིན་པ་དབང་ལྷ་ཡིན་པར་བཤད་དོ། །གཉིས་པ་ནི་ཡེ་ཤེས་ཀྱི་འཁོར་ལོའི་སྐབས་ལྟར་ཕྱི་དང་། ཡིད་ཀྱི་མཆོད་པས་མཆོད། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་གདབ་པའོ། །གསུམ་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པས་སྤྱི་གཙུག་ནས་མར་ལ་དབང་བསྐུར་ཞིང་། ངག་ཏུ། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ་ཞེས་བརྗོད་ཅིང་དབང་བསྐུར་བས་ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་གང་སྟེ། ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ཞེས་རྗེ་བཙུན་གསུང་སྟེ། ལུས་ཐམས་ཅད་ནི་སྨིན་མཚམས་ཡན་ཆད་དང་། མགྲིན་པ་ཡན་ཆད་དང་། སྙིང་ག་ཡན་ཆད་དང་། རྐང་མཐིལ་ཡན་ཆད་གང་སྟེ། དེས་བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་ཐོབ་པ་སྟེ། གྲུབ་ཆེན་མཚོ་སྐྱེས་ཀྱིས་ཀྱཻ་རྡོ་རྗེའི་སྐབས་སུ་ཡང་དེ་ལྟར་གསུངས་ཤིང་། སངས་རྒྱས་ཐོད་པའི་ལེའུ་གསུམ་པ་ལས། བརྩེ་དང་ལྡན་པའི་གྲགས་ཆེན་མོ། །འཁོར་བའི་འདམ་དུ་བྱིང་བ་བདག །དབང་བསྐུར་བ་ཡིས་བདག་བསྒྲལ་ཕྱིར། །རྡོ་རྗེ་རྣལ་འབྱོར་མས་ཁྲུས་ཤིག །དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །དཔེར་ན་པི་ཝཾ་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །དེ་ལྟར་ཤེས་བྱ་རྣལ་འབྱོར་མ། །སླར་ཡང་བདག་ལ་དབང་བསྐུར་ཅིག །ཅེས་གསོལ་བ་གདབ་པ་འདི་སྒྲུབ་ཐབས་ཀྱི་དབང་ལྷ་སྤྱན་དྲངས་པ་ལ་གསོལ་བ་གདབ་པའི་སྐབས་སུ་གསུངས་ཤིང་། ཚིགས་བཅད་གཉིས་པས་གསང་དབང་དང་། གསུམ་པས་ཤེས་རབ་ཡེ་ཤེས་དང་། བཞི་པས་དབང་བཞི་པ་བསྟན་པར་དཀའ་འགྲེལ་ཡེ་ཤེས་ལྡན་ལས་བཤད་པས། སྐབས་འདིར་དབང་བཞི་ཐོབ་དགོས་པ། བླ་མེད་ཀུན་གྱི་དགོངས་པར་སྣང་བའི་ཕྱིར་རོ། །དེས་དྲི་མ་གང་དག་པ་ནི། ལུས་དང་། ངག་དང་། ཡིད་དང་། དེ་གསུམ་ཆར་གྱི་དྲི་མ་དག་པའོ། །དབང་བསྐུར་བ་དེ་དག་གི་དུས་སུ། དཀྱིལ་འཁོར་གྱི་འཁོར་ལོ་དེ་དག་གི་ཐུགས་ཀ་ནས་སྒོ་མཚམས་མ་བརྒྱད་དཔག་ཏུ་མེད་པ་སྤྲོས་ཏེ། དེས་བདག་གི་དཀྱིལ་འཁོར་མཆོད་པ་དང་། བཀྲ་ཤིས་ཀྱི་གླུ་དང་། བགེགས་བསྐྲད་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ་པར་བྱའོ་ཞེས་གསུངས་སོ། །བཞི་པ་ནི་རྗེ་བཙུན་གྱིས་ཆུ་ལྷག་མ་ཡར་ལུད་པ་ལས། རིགས་ཀྱི་བདག་པོས་དབུར་བརྒྱན་པར་བསམས་ཏེ། དེ་ཡང་བདེ་བ་ཆེན་པོའི་འཁོར་ལོ་ལྷ་ལྔ་དང་། སྒོ་མཚམས་མ་བརྒྱད་དེ་བཅུ་གསུམ་ལ་ནི། བཅོམ་ལྡན་འདས་ཞལ་བཞི་ཕྱག་བཅུ་གཉིས་པ་ཉིད་ཀྱིས་དབུ་བརྒྱན་པ་ཡིན་ལ། ཐུགས་ཀྱི་འཁོར་ལོ་རྣམས་ལ་ནི་མི་བསྐྱོད་པ། གསུང་གི་འཁོར་ལོ་རྣམས་ལ་ནི་འོད་དཔག་ཏུ་མེད་པ། སྐུའི་འཁོར་ལོ་རྣམས་ལ་ནི་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བྱའོ་ཞེས་གསུངས་ལ། འགྲེལ་པར་ནི་ཆུའི་ལྷག་མ་ལས་སྐྱེས་པའི་དེ་བཞིན་གཤེགས་པ་རྣམས་སྤྱི་བོར་བལྟས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ལ་ནི་མི་བསྐྱོད་པའོ། །ཡུམ་ལ་ནི་རྣམ་པར་སྣང་མཛད་ཀྱིས་སོ། །མཁའ་འགྲོ་མ་ལ་སོགས་པ་ལ་རིན་ཆེན་འབྱུང་ལྡན་ནོ། །ཐུགས་དང་། གསུང་དང་། སྐུའི་འཁོར་ལོར་སོན་པ་རྣམས་ལ་མི་བསྐྱོད་པ་དང་། འོད་དཔག་མེད་དང་། རྣམ་པར་སྣང་མཛད་དོ། །དམ་ཚིག་གི་འཁོར་ལོར་སོན་པ་རྣམས་ལ་ནི་དོན་ཡོད་གྲུབ་པས་སོ་ཞེས་གསུངས་པས་འདི་ཡང་འགལ་བ་མེད་ལ། དྲིལ་བུ་པའི་སྒྲུབ་ཐབས་སུ་རྗེ་བཙུན་གྱིས་ཀྱང་འདི་བཞིན་མཛད་དོ། །རིགས་ཀྱི་བདག་པོས་རྒྱས་གདབ་པའི་རྗེས་ལ། དབང་བསྐུར་གྱི་ལྷ་དེ་དག་གཤེགས་སུ་གསོལ་བའམ། མི་དམིགས་པར་བྱ་བའམ། བདག་གི་ལུས་ལ་བསྡུ་བ་སྟེ་རང་གི་བློ་ལ་གང་བདེ་བ་ཡིན་ནོ་ཞེས་རྗེ་བཙུན་གསུང་ངོ་། །བདག་ཉིད་སངས་རྒྱས་སུ་བསྐྱེད་པ་བསྟན་ཟིན་ཏོ། །གཉིས་པ་དེ་ལ་མཆོད་པ་ནི་སློབ་དཔོན་གྱི་གཞུང་ལས། ཨོཾ་ཤྲཱི་བཛྲ་ཧེ་ཧེ་ཞེས་པ་ནས། དེ་དག་ནི་མཆོད་པའི་སྔགས་སོ་ཞེས་པའི་བར་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་གཉིས། ཡུམ་གྱི་སྙིང་པོ་དང་ཉེ་སྙིང་གཉིས། དཔའ་བོ་ཉི་ཤུ་རྩ་བཞི་དང་། དཔའ་མོ་ཉི་ཤུ་བཞིའི་སྔགས། སྒོ་མཚམས་མ་བརྒྱད་ཀྱི་སྔགས། སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས། ཡབ་ཀྱི་རྐང་པ་བརྒྱད་པ་ཙམ་ཞིག་གསུངས་ལ། འགྲེལ་པར་དེ་ནས་མཆོད་པ་སྔོན་དུ་འགྲོ་བས་རོ་མ་ཞེས་བྱ་བའི་ལྷ་མོས་ཉེ་བར་བཏབ་པའི་བདུད་རྩི་མྱངས་ཏེ། སྙིང་པོ་ནས་བཟུང་ནས་རྐང་པ་བརྒྱད་པའི་མཐར་ཐུག་པའི་སྔགས་ཀྱིས་བསྟོད་པར་བྱའོ་ཞེས་སྔགས་འདི་དག་གིས་བསྟོད་པར་བྱས་ནས། དེའི་སྔོན་དུ་ཕྱི་མཆོད་ནང་མཆོད་གཉིས་ཏེ། གསུམ་ཙམ་ཞིག་བཞེད་དོ། །རྗེ་བཙུན་གྱིས་བདག་གི་མངོན་པར་རྟོགས་པ་ནར་མའི་སྐབས་སུ། གསང་སྔགས་ཀྱི་མཆོད་པ་དང་། ཕྱིའི་མཆོད་པ་དང་། བདུད་རྩིའི་མཆོད་པ་དང་། མཉེས་པའི་མཆོད་པ་དང་། ཡིད་ལས་བྱུང་བའི་མཆོད་པ་དང་། བསྟོད་པའི་མཆོད་པ་སྟེ་དྲུག་པོ་འབའ་ཞིག་བྱེད་པ་ཡིན་ལ། ཚེས་བཅུའི་མཆོད་པ་ལ་སོགས་པའི་དུས་སུ་ནི་ཕྱི་མཆོད་ཀྱི་རྗེས་སུ་རིག་མ་བཅུ་དྲུག་དང་། རིན་ཆེན་སྣ་བདུན་དང་། འདོད་ཡོན་ལྔའི་མཆོད་པ་སྟེ་གསུམ་བསྣན་པས་དགུའི་མཆོད་པ་བྱེད་པ་ཡིན་ནོ་ཞེས་གསུངས། དམར་གྱིས་གསང་སྔགས་ཀྱི་མཆོད་པ་མི་བྱེད་པར། ཕྱི་དང་ནང་དང་མཉེས་མཆོད། ཡིད་ལས་བྱུང་བའི་མཆོད་པ་དང་། དེ་ཁོ་ན་ཉིད་དང་། བསྟོད་པའི་མཆོད་པ་སྟེ་དྲུག་མཛད་དོ། །དེ་ལ་སྔགས་ཀྱི་མཆོད་པ་ནི། རྩ་སྔགས་གཉིས་སུ་མེད་པ་དང་། སྙིང་པོ་གཉིས་སུ་མེད་པ་དང་། ཉེ་སྙིང་གཉིས་སུ་མེད་པས་གཙོ་བོ་ཡབ་ཡུམ་གསལ་གདབ་པའི་ཚུལ་གྱིས་མཆོད། ཞལ་བཞི་པའི་སྔགས་དང་སྙིང་པོའི་རྣལ་འབྱོར་མ་བཞི་གཉིས་སུ་མེད་པ་དང་། འཁོར་ལོ་གསུམ་ཡབ་ཡུམ་རྣམས་ཀྱི་སྔགས་གཉིས་སུ་མེད་པ་དང་། རྐང་པ་བརྒྱད་པ་དང་སྒོ་མཚམས་མ་བརྒྱད་གཉིས་སུ་མེད་པས་ལྷ་ཐམས་ཅད་གསལ་གདབ་པའི་ཚུལ་གྱིས་མཆོད་པར་བྱ་བ་ནི་སྔགས་ཀྱི་མཆོད་པའོ་ཞེས་རྗེ་བཙུན་གསུངས་སོ། །སྔགས་མཆོད་ཀྱི་དམིགས་པ་དེ་ལྟར་ཡིན་པ་ལ་ཁ་ཅིག སྔགས་མཆོད་ཀྱི་ཚེ་རང་གི་སྙིང་ག་ནས་མཆོད་ཡོན་ལ་སོགས་པའི་མཆོད་རྫས་དུ་མ་སྤྲོས་ཏེ། དཀྱིལ་འཁོར་གྱི་མཐའ་བསྐོར་ནས་རང་ལ་མཆོད་པར་བསམ་ཞེས་པ་ནི་སྔགས་མཆོད་དང་ཕྱི་མཆོད་ཀྱི་དམིགས་པའི་ཁྱད་པར་མ་ཕྱེད་པའོ། །དེ་ལ་བུ་སྟོན་གྱིས། དེ་ཉིད་བཅུ་བཞིའི་སྔགས་རྣམས་ཀུན་གྱིས་མཆོད་པའོ། །ཞེས་པ་ལ་བརྟེན་ནས་ལྷ་ཐམས་ཅད་གསལ་འདེབས་པའི་ཚུལ་གྱིས་སྔགས་ཚང་བར་བཟླས་པ་སྔགས་ཀྱི་མཆོད་པ་ཞེས་ལག་ལེན་ལ་མཛད་དེ། བྱས་ཀྱང་འགལ་བ་མེད་དོ། །སྒྲུབ་ཐབས་ཀྱི་གཞུང་གང་ནས་ཀྱང་མ་བཤད་པས་མ་བྱས་ཀྱང་སྐྱོན་མེད་དོ་ཞེས་གསུངས་པ་ནི། སྒྲུབ་ཐབས་ཀྱི་རྒྱལ་པོ་གཞུང་འདིའི་རྩ་བར། སྔགས་རྣམས་རྫོགས་པའི་མཐར་དེ་དག་ནི་སྔགས་ཀྱི་མཆོད་པའོ་ཞེས་པ་འདི་ཉིད་ཀྱིས་ཆོག་ཅིང་། རང་ཉིད་ཀྱང་སྒྲུབ་ཐབས་རྣལ་འབྱོར་བཞི་ལྡན་དུ་དེ་ལ་བརྟེན་ནས་སྔགས་མཆོད་དངོས་སུ་མཛད་པ་ལ་ཡང་སྔར་གྱི་དཔྱད་པ་དེ་དག་མཚུངས་སོ། །གཉིས་པ་ཕྱིའི་མཆོད་པ་ནི་དངོས་སུ་བཤམས་ན་ལེགས། མ་བཤམས་ཀྱང་ཡིད་ཀྱིས་སྤྲུལ་པ་ལ་ཡང་ཕྱི་མཆོད་དུ་མིང་འདོགས་ཏེ། མདུན་དུ་བཤམས་པའམ་ཡིད་ཀྱིས་བསམ་པ་དེ་ཞལ་བཞི་པའི་སྔགས་ཀྱིས་བསང་། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསྒོམ། ཨ་བདུན་ལས་ཐོད་པའི་སྣོད་བདུན། དེའི་ནང་དུ་ཧཱུྃ་ལས་མཆོད་ཡོན་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱིས་གང་བར་བསམ། བཛྲ་ཨརྒྷཾ་ཞེས་བྱ་བ་ལ་སོགས་པ་རང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། འབུལ་བའི་ཚུལ་ནི་ཚོགས་ཞིང་གི་སྐབས་དང་འདྲ་ཞིང་། ཁྱད་པར་སྐབས་འདིར་གྷཎྜེ་ར་ཎིའི་སྐབས་སུ་རྡོ་རྗེ་དྲིལ་བུ་གསིལ་བ་ཡང་རྗེ་བཙུན་གསུང་ངོ་། །གསུམ་པ་ནང་བདུད་རྩིའི་མཆོད་པ་ནི། བདུད་རྩི་དངོས་སུ་འབྱོར་རམ་བསམས་ཀྱང་རུང་སྟེ། འོག་ནས་འབྱུང་བའི་གཏོར་མ་བཞིན་བྱིན་གྱིས་བརླབས་ལ་ལག་པ་གཡོན་པའི་མཐེ་བོང་དང་སྲིན་ལག་གིས་འཐོར་ནས། དང་པོར་བདག་གི་རྩ་བའི་བླ་མ་གང་ཡིན་པའི་མཚན་བརྗོད་པ་སྔོན་དུ་འགྲོ་བས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་མཆོད། དེ་ནས་བླ་མ་བརྒྱུད་པ་རྣམས་ཀྱི་མཚན་བརྗོད་པ་སྔོན་དུ་འགྲོ་བས་མཆོད་དེ། ཧེ་རུ་ཀ་དཔལ་དཀྱིལ་འཁོར་དང་། །གསང་བའི་བདག་པོ་རྡོ་རྗེ་འཆང་། །དཔལ་ལྡན་སློབ་དཔོན་ས་ར་ཧ། །ཀླུ་སྒྲུབ་རི་ཁྲོད་མགོན་པོ་དང་། །ལཱུ་ཧི་པ་དང་དྷ་རི་ཀ །རྡོ་རྗེ་དྲིལ་བུ་རུས་སྦལ་ཞབས། །འབར་འཛིན་སྤྱོད་འཆང་གུ་ཧྱེ་པ། །བར་མ་རྣམ་རྒྱལ་ཏཻ་ལོ་པ། །ནཱ་རོ་པ་དང་ཕམ་འཐིང་པ། །བློ་གྲོས་གྲགས་པ་རྗེ་བཙུན་མཆོད། །ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་མཆོད། བསོད་ནམས་རྩེ་མོ་གྲགས་པའི་མཚན། །ས་སྐྱ་པཎ་ཆེན་འཕགས་པའི་ཞབས། །དཀོན་མཆོག་དཔལ་དང་བསོད་ནམས་དཔལ། །བློ་གྲོས་བརྟན་པ་དཔལ་ལྡན་པ། །ཡེ་ཤེས་རྒྱལ་མཚན་ཀུན་དགའི་མཚན། །དཀོན་མཆོག་རྒྱལ་མཚན་བླ་མ་མཆོད། །ཨོཾ་ཨཱཿཧཱུྃ་ཞེས་བརྗོད། ལཱུ་ཧི་པ་ཉིད་ལ་ནི། ལཱུ་ཧི་པ་དང་དྷ་རི་ཀ །ཞེས་པའི་རྗེས་སུ། ཨན་དྷར་པ་དང་ཏཻ་ལོ་པ། །ཞེས་པ་སྒྲེལ་བས་ཆོག་གོ །དེ་ནས་ཡང་དཀྱིལ་འཁོར་རྣམས་ལ་སྔགས་མཆོད་ཀྱི་སྔགས་དང་མཐུན་པར་མཆོད་པར་བྱ་ཞིང་། ཡི་གེ་གསུམ་བརྗོད་པས་ཆོས་སྐྱོང་སྲུང་མ་རྣམས་ལའང་མཆོད་དོ། །དེ་དག་གི་དུས་སུ་མདུན་དུ་བསྐྱེད་པ་དེ་ལས་ཐོད་པ་བདུད་རྩིས་བཀང་བ་དུ་མ་ཆད་ཅིང་གཙོ་བོ་ནས་བཟུང་ནས། ལྷ་ཐམས་ཅད་དང་དུར་ཁྲོད་ཆེན་པོ་རྣམས་ལ་ཕྱག་གཡོན་པར་ཐོད་པ་བདུད་རྩིས་བཀང་བ་རེ་ཕུལ་བར་བསམ། ཐོད་པ་བཞི་པོ་དེ་བྱང་ཤར་གྱི་གཤིན་རྗེ་འཇོམས་མའི་ཕྱག་དུ་ཕུལ་བར་བསམ། གཏོར་མ་དང་བདུད་རྩི་གཉིས་ཀ་བྱང་ཤར་གྱི་དུར་ཁྲོད་དུ་བསྐྱེད་པར་བྱ་བ་ནི་མན་ངག་གོ །བཞི་པ་མཉེས་པའི་མཆོད་པ་ནི། དེ་ནས་བདག་གི་ལྕེ་ལ་བདུད་རྩི་མྱངས་བར་བྱས་པས་ཕྱི་ནང་གི་ལྷ་ཐམས་ཅད་དགྱེས་པར་གྱུར་ནས་ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཅེས་ལྷ་ཐམས་ཅད་ཀྱི་ཞལ་ནས་གསུངས་པར་བསམས་ལ། བདག་གིས་ཀྱང་བརྗོད་ཅིང་ལག་པ་གཉིས་སྙིང་ཁར་རྣམ་ལྔ་འདོད་པའི་བསྐོར་བ་བྱ་སྟེ། མཐར་འཁྱུད་པའི་སྟངས་ཀ་བྱས་ལ་བདེ་བ་ཆེན་པོས་མཉེས་པའི་མཆོད་པ་བྱའོ། །ལྔ་པ་ཡིད་ལས་བྱུང་བའི་མཆོད་པ་ནི་ཚོགས་ཞིང་གི་སྐབས་སུ་བཤད་པ་ལྟར་རོ། །དྲུག་པ་བསྟོད་པའི་མཆོད་པ་ནི་པྲ་ཛྙཱ་རཀྵི་ཏས། གཞུང་ནས་འབྱུང་བའི་སྔགས་ཐམས་ཅད་བསྟོད་པའི་མཆོད་པར་བཞེད་ཀྱང་། རྗེ་བཙུན་གྱིས་བདེ་ཆེན་གྱི་ལྷ་མོ་བཞིའི་སྔགས་ཡན་ཆད་ལ་མན་ངག་གིས་འཁྲུགས་སྡེབས་པ་དང་སྤེལ་ཚུལ་སྦྱར་ནས་སྔགས་ཀྱི་མཆོད་པ་དང་། རྐང་པ་བརྒྱད་པས་བསྟོད་པའི་མཆོད་པ་བསྟན་པར་བཞེད་པས། དེ་ལྟར་ན་རྡོ་རྗེ་དྲིལ་བུ་གསིལ་ཞིང་། ཡབ་ཡུམ་གྱི་རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད་དོ། །སྤྲོས་པ་ལ་དགའ་ན། རྒྱལ་བ་སྤྲུལ་པ་དུས་མཐའི་མེ་ལྟར་རབ་ཏུ་འཇིགས་མཛད་ཅིང་། །ཞེས་སོགས་དང་། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཤིང་། །ཞེས་སོགས་ཀྱིས་བསྟོད་པར་རྗེ་བཙུན་དང་བུ་སྟོན་གསུང་ངོ་། །དེ་ལྟར་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་ནས་བཟླས་པ་བྱ། དེའི་རྗེས་ལ་ཐུན་གོང་མ་གསུམ་ལ་ནི་རྡོ་རྗེ་སེམས་དཔའ་བསྡུ་བའི་ཚུལ་གྱིས་རྫོགས་པའི་རིམ་པ་བསྒོམ་པ་དང་། དེ་ལས་ལྷའི་སྐུར་ལངས་ནས་དག་པ་རྗེས་སུ་དྲན་པར་བྱ་སྟེ། དེ་དག་ནི་མཉམ་པར་བཞག་པའི་རྣལ་འབྱོར་ཞེས་བྱ་བ་ཡིན་ནོ། །དེ་ནས་སྤྱོད་ལམ་གྱི་རྣལ་འབྱོར་དང་། ཁ་ཟས་ཀྱི་རྣལ་འབྱོར་གཉིས་འབྲེལ་ཞིང་འབྱུང་བ་ཡིན་ལ། བླ་མ་ཁ་ཅིག་ནི་དག་པ་རྗེས་སུ་དྲན་པ་སྤྱོད་ལམ་གྱི་ཁོངས་སུ་འདུའོ་ཞེས་གསུང་ངོ་། །སྲོད་ཀྱི་ཐུན་ལ་ནི་ལཱུ་ཧི་པའི་གཞུང་ཇི་ལྟ་བ་བཞིན་དུ་བཟླས་པའི་རྗེས་ལ་གཏོར་མ་བཏང་ལ། དེ་ནས་དག་པ་རྗེས་སུ་དྲན་པར་བྱ་སྟེ། དེ་ནས་སྐབས་ཁ་ཅིག་ཏུ་འབྲེལ་པར་བྱུང་ན། སྤྱོད་ལམ་དང་ཁ་ཟས་ཀྱི་རྣལ་འབྱོར་བྱས་ལ་རྡོ་རྗེ་སེམས་དཔའ་བསྡུ་བའི་རྫོགས་པའི་རིམ་པ་བསྒོམ་པའི་ཚུལ་གྱིས་ཉལ་བའི་རྣལ་འབྱོར་བྱ་སྟེ། གཉིད་ལོག་པར་བྱའོ། །ནངས་པར་ལྡང་བའི་རྣལ་འབྱོར་བྱ་སྟེ་ལངས་ལ་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་པར་བྱའོ། །ཐུན་བཞི་ཀ་ལ་གཏོར་མ་གཏོང་བར་འདོད་ན། ཟླས་པའི་རྗེས་ལ་རྫོགས་པའི་རིམ་པ་བསྒོམས་ལ། དེ་ལས་ལངས་ཏེ་གཏོར་མ་བཏང་ནས་དག་པ་རྗེས་སུ་དྲན་པ་དང་། སྤྱོད་ལམ་དང་ཁ་ཟས་ཀྱི་རྣལ་འབྱོར་ལ་འཇུག་པ་ཡིན་ཏེ། དེ་ལྟར་ན་ནི་དག་པ་རྗེས་སུ་དྲན་པ་སྤྱོད་ལམ་གྱི་ཁོངས་སུ་མཛེས་སོ། །ཡང་ལུགས་གཞན་སྲོད་ཐུན་གྱི་སྐབས་སུ་བཟླས་པའི་རྗེས་ལ་གཏོར་མ་བཏང་ནས་རྫོགས་པའི་རིམ་པའི་ངང་ལ་ཉལ་ཏེ། ནངས་པར་ལྡང་བའི་རྣལ་འབྱོར་གྱི་རྗེས་ལ་དག་པ་རྗེས་སུ་དྲན་པ་བྱས་ནས་དེའི་རྗེས་ལ་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྒྲུབ་པར་བྱའོ་ཞེས་ཀྱང་གསུང་ངོ་། །རྒྱས་པ་ལ་དགའ་བས་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བསྒོམ་པའི་མངོན་པར་རྟོགས་པ་བསྟན་ཟིན་ཏོ། །གཉིས་པ་འབྲིང་ལ་དགའ་བས་ཅི་ལྟ་བ་བཞིན་དུ་བསྒོམ་པ་ནི་ཉལ་བའི་རྣལ་འབྱོར་དང་། ལྡང་བའི་རྣལ་འབྱོར་དང་། དེ་དང་འབྲེལ་པ་དགའ་བ་གསུམ་ནི་རྒྱས་པའི་སྐབས་དང་འདྲའོ། །བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱས། སྟན་བདེ་བ་ལ་བསྡད་ནས་མངོན་པར་རྟོགས་པ་བསྒོམ་པ་ནི། བདག་གིས་སྟན་བདེ་བ་འདི་ལ་བསྡད་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་བདེ་མཆོག་འཁོར་ལོའི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་ཚད་མེད་པ་བཞིའི་དོད་ཡིན་ནོ། །དེ་ནས་བདག་བླ་མ་དམ་པའི་དཀྱིལ་འཁོར་དུ་བཙུད་ཚུན་ཆད་བདག་གི་ལུས་ནི་རྟེན་གཞལ་ཡས་ཁང་པ་ཡིན་ལ། དེ་ལ་བརྟེན་པ་ལྷ་བཅུ་བདུན་དང་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ནི་ངོ་བོ་ཉིད་ཀྱིས་གནས་པ་ཡིན་སྙམ་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་གཞི་སྦྱང་བསྒྱུར་གྱི་དོད་ཡིན་ནོ། །དེ་ནས་བླ་མའི་ཆགས་ལྷྭམ་གཉིས་སྤྱི་བོར་བསྒོམས་ལ། འདི་ཉིད་ན་སངས་རྒྱས་དང་ཆོས་དང་དགེ་འདུན་ཐམས་ཅད་ཀྱི་ངོ་བོ་ཡིན་བདག་གི་རྒྱུད་ལ་ཡོན་ཏན་རིན་པོ་ཆེ་བསྐྱེད་པར་བྱེད་པའང་འདི་ཡིན་སྙམ་དུ་བསམས་ལ། གུས་འདུད་དྲག་པོ་བྱས་ལ་སྤྱི་བོ་ནས་མར་བསྟིམས་ཏེ་ཚོགས་གསག་བཅུ་གསུམ་གྱི་དོད་ཡིན་ནོ། །དེ་ནས་ལས་དང་པོ་པ་ལ་བར་ཆད་འབྱུང་བར་འདྲ་བས་ན་སྲུང་བའི་འཁོར་ལོ་རྒྱས་པ་བཞིན་བསྒོམས་ཏེ་ཡེ་ཤེས་ཀྱི་ཚོགས་མི་དགོས་པར་སྲུང་འཁོར་གྱི་དབུས་སུ་སྒྲ་ཚུལ་གྱི་རྐྱེན་གྱིས་ལུས་དཀྱིལ་གྱི་ཐོག་མར་རྟེན་དང་། དེ་ནས་ཕྱིའི་ཧེ་རུ་ཀ་དང་། དེ་ནས་སྙིང་གའི་ཧེ་རུ་ཀ་ནས་བཟུང་སྟེ། བརྟེན་པ་ལྷ་ཐམས་ཅད་གསལ་གདབ། སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི་འདྲ། དེ་ནས་སྐབས་འདིར་ལྷ་ལ་ཞེན་པ་སྐྱེ་བ་དང་། ལམ་ལ་སོམ་ཉི་ཟ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པར་བྱ་བ་སྔར་རྒྱས་པའི་སྐབས་སུ་བསྟན་པ་ལྟར་བྱ། ལྷ་ལ་ཞེན་པ་དང་། ལམ་ལ་སོམ་ཉི་མེད་ན་མ་བྱས་ཀྱང་བཏུབ་ཞེས་ཀྱང་གསུང་ངོ་། །དེ་ནས་ཡན་ལག་ལྷག་མ་གསུམ་དང་། མཆོད་པ་དྲུག་ནི་རྒྱས་པའི་གནས་སྐབས་སུ་བསྟན་པ་ལྟར་སྟེ། འབྲིང་ལ་དགའ་བས་ཅི་ལྟ་བ་བཞིན་དུ་བསྒོམ་པ་ཞེས་བྱ་བའི་མངོན་པར་རྟོགས་པ་བསྟན་ཟིན་ཏོ། །གསུམ་པ་བསྡུས་པ་ལ་དགའ་བས། ལུས་ལ་ཇི་ལྟར་གྲུབ་པ་ཙམ་ཞིག་བསྒོམ་པ་ནི་ཉལ་བ་དང་། ལྡང་བ་དང་། ཁྲུས་ཀྱི་རྣལ་འབྱོར་ནི་གོང་དུ་བསྟན་པ་ཉིད་དང་འདྲ་ལ། དེ་ནས་སྟན་བདེ་བ་ལ་བསྡད་ནས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་གོ་འཕང་ཐོབ་པར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམ། བླ་མའི་ཆགས་ལྷྭམ་གཉིས་སྤྱི་བོར་བསྒོམས་ལ། མོས་གུས་དྲག་པོ་བྱས་ལ་བསྟིམ། སྤྱི་གཙུག་གི་ཧཾ་དང་། ལྟེ་བའི་ཨཾ་གཉིས་སྒྲ་ཚུལ་གྱིས་རང་གི་སྙིང་གར་འདྲེས་པར་གྱུར་པའི་རྟེན་འབྲེལ་གྱིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་འབྲིང་གི་རྣལ་འབྱོར་བཞིན་གསལ་བཏབ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་བརྟན་པར་བྱ་བ་སྔར་དང་འདྲ། ལྷ་ལ་ཞེན་པ་སྐྱེ་བ་དང་། ལམ་ལ་སོམ་ཉི་ཟ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པར་བྱ་བ་སྐབས་འདིར་བྱ། མི་སྐྱེ་ན་མི་དགོས། འདི་རང་བྱུང་གི་དཀྱིལ་འཁོར་ཡིན་པའི་ཕྱིར་ཡེ་ཤེས་པ་གཞུག་པ་དང་། གོ་ཆ་བཅིང་བ་དང་དབང་བསྐུར་བ་ནི་མི་དགོས། མཆོད་པ་ལ་སོགས་པ་མན་ཆད་ཀྱི་ཆོ་ག་རྣམས་འདྲ་བ་ཉིད་ཡིན་ཏེ། གོང་དུ་བསྟན་པ་བཞིན་འདིར་ཡང་ཉམས་སུ་བླང་བར་བྱའོ། །བསྡུས་པ་ལ་དགའ་བས་ཇི་ལྟར་གྲུབ་པ་ཙམ་ཞིག་བསྒོམ་པ་ཞེས་བྱ་བའང་བསྟན་ཟིན་ཏོ། །གཉིས་པ་བཟླས་པའི་རྣལ་འབྱོར་ལ་བདུན་ཏེ། གང་དུ་བཟླས་པའི་གནས་སྐབས་གང་བཟླ་བའི་སྔགས་ཀྱི་དབྱེ་བ། བཟླས་པའི་དུས་ཀྱི་དམིགས་པ། ཇི་ཙམ་བཟླས་པའི་གྲངས། གང་ལ་བརྟེན་པའི་ཡུལ་ཕྲེང་བ། ཇི་ལྟར་བཟླས་པའི་མན་ངག དེ་ལྟར་བཟླས་པའི་དགོས་པའོ། །དང་པོ་ནི་མངོན་པར་རྟོགས་པ་རྒྱས་འབྲིང་བསྡུས་པ་གསུམ་པོ་གང་བསྒོམས་ཀྱང་ཚེས་བཅུའི་མཆོད་པ་ལ་སོགས་པའི་དུས་སུ་ནི་མཆོད་པའི་རྗེས་ལ་གཏོར་མ་འབྱུང་ལ་མངོན་པར་རྟོགས་པ་ནར་མའི་སྐབས་སུ་མཆོད་པའི་རྗེས་ལ་བཟླས་པ་འབྱུང་སྟེ། རྩ་རྒྱུད་ལེའུ་སོ་ལྔ་པ་ལས། མཆོད་པ་གཉིས་མེད་སྦྱོར་བ་བདག །གང་དག་རབ་སྒྲུབ་བྱེད་པའི་སྔགས། །ལས་ནི་སོ་སོར་སྦྱར་བར་བྱ། །ཞེས་གསུངས་པས་སོ། །གཉིས་པ་ལ་གསུམ་སྟེ། བསྙེན་པའི་སྔགས། སྒྲུབ་པའི་སྔགས། ལས་སྦྱོར་གྱི་སྔགས་སོ། །དང་པོ་ནི། རྩ་རྒྱུད་ལེའུ་བརྒྱད་པ་ལས། ས་སྟེང་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། །ཞེས་པ་ཡབ་ཡུམ་གྱི་རྩ་སྔགས་གཉིས་གཉིས་སུ་མེད་པ་དང་། སྙིང་པོ་གཉིས་གཉིས་སུ་མེད་པ་དང་། ཉེ་སྙིང་གཉིས་གཉིས་སུ་མེད་པ་དང་། གོ་ཆ་གཉིས་གཉིས་སུ་མེད་པ་སྟེ། དེ་རྣམས་གང་བཟླས་ཀྱང་ཆོག་གོ་ཞེས་གསུངས། དེ་ལ་རྩ་སྔགས་སམ་ཕྲེང་སྔགས་ཞེས་པ་ནི་རྐང་པ་བརྒྱད་པའི་རྐང་པ་དང་པོའི་འགོར་ནི་ཨོཾ་ནི་ངེས་པར་དགོས་ལ། དེ་ཉིད་ཀྱི་གཤམ་གྱི་ཧུཾ་ཧཱུྃ་ཕཊ་དང་། རྐང་པ་ལྷག་མ་རྣམས་ཀྱི་ཨོཾ་དང་ཧུཾ་ཧཱུྃ་ཕཊ་མེད་པར་བྱ་སྟེ། དེའི་རྗེས་ལ་འཁོར་ལོ་གསུམ་གྱི་དཔའ་བོའི་སྔགས་ཀ་ར་ཀ་ར་ལ་སོགས་པ་སྦྲེལ་ནས་མཐར་ཧུཾ་ཧཱུྃ་ཕཊ་བཏགས་པ་ནི་ཡབ་ཀྱི་རྩ་བའི་སྔགས་སོ། །ཡུམ་གྱི་རྩ་སྔགས་ཀྱང་ཧེ་རུ་ཀ་མངོན་འབྱུང་དང་ཕག་མོ་མངོན་འབྱུང་གཉིས་ལས་འབྱུང་སྟེ། སློབ་དཔོན་གྱི་གཞུང་འདིར་ནི་མ་བཤད་དོ། །གཉིས་པ་སྒྲུབ་པའི་སྔགས་ནི་རྒྱུད་ནས་བཤད་པའི་ལས་ཚོགས་སྒྲུབ་པའི་དུས་སུ་མདུན་དུ་རྡུལ་ཚོན་ནམ། མེ་ཏོག་ཚོམ་བུ་ལ་སོགས་པའི་དཀྱིལ་འཁོར་ལ་བརྟེན་ནས། དཀྱིལ་འཁོར་གྱི་ལྷ་གྲངས་དང་མཐུན་པའི་རང་རང་གི་སྔགས་ཟློས་ཤིང་། རྫས་ལ་མཚན་མ་མ་མཐོང་གི་བར་དུ་བསྒྲུབ་པའོ། །གསུམ་པ་ལས་སྦྱོར་གྱི་སྔགས་ནི་ལས་བཞིའི་བྱེ་བྲག་གིས། སྔགས་ཀྱི་ཁ་དོག་དང་། དམིགས་པ་དང་། སྤེལ་ཚིག་རྣམས་བཞི་བཞིར་འགྱུར་ཏེ། ཞི་བའི་ལས་བསྒྲུབ་ན་མཉེས་མཆོད་ཀྱི་དུས་ཀྱི་བྱང་སེམས་ནོར་བུའི་རྩེ་མོ་ན་ཡོད་པ་དེ་ཁ་དོག་དཀར་པོར་དྲངས་ལ་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ཁ་དོག་དཀར་པོ་འོད་ཁ་དོག་དཀར་པོ་འཕྲོ་བ། འོད་ཀྱི་སྒོ་ནས་འཁོར་ལོ་ལྔའི་ལྷ་དཀར་པོ་འཕྲོས་ནས་རང་གཞན་གྱི་ནད་དང་གདོན་ལ་སོགས་པ་ཞི་བར་བསམ་ཞིང་། མཐའ་རྟེན་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་པ་བཏགས་ལ་བཟླ། དེ་བཞིན་དུ་གཞན་གསུམ་གྱི་དམིགས་པ་ནི་སྔགས་ཀྱི་འོད་ལས་འཁོར་ལོ་ལྔའི་ལྷ་ཚོགས་རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ་འཕྲོས་ནས། རང་རང་གི་ལས་རང་གཞན་གྱི་ལུས་དང་། ལོངས་སྤྱོད་ལ་སོགས་པ་རྒྱས་པ་དང་། ཆེ་གེ་བཏགས་ལ་ཆགས་ཤིང་འདུན་པ་དང་འགའ་ཞིག་བདག་གི་མདུན་དུ་འོངས་པ་དང་། ལུས་སེམས་རེངས་པ་དང་། ལུས་སེམས་ཕྲལ་པ་ལ་སོགས་པ་གང་འདོད་པ་བྱས་པར་བསམ་ཞིང་། སྔགས་ཀྱི་མཐའ་རྟེན་རྒྱས་པ་ལ་པུཥྚིཾ་ཀུ་རུ་སྭཱ་ཧཱ། དབང་ལ་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ། དགུག་པ་ལ་ཨཱ་ཀརྵ་ཡ་ཧྲི་ཛ་ཞེས་པ་དང་། རྨོངས་པ་ལ་མོ་ཧ་དང་། མནན་པ་ལ་ཛམྦྷ་ཡ་དང་། གསད་པ་ལ་མཱ་ར་ཡ་ཕཊ་ཅེས་བཏགས་ལ་བཟླའོ། །གསུམ་པ་ནི་རྗེ་བཙུན་ཆེན་པོས། གསང་སྔགས་གང་བཟླ་བ་ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལས་བྱུང་ནས། ཡབ་ཀྱི་ཞལ་ནས་འཐོན་ཏེ་ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་སྐུའི་དབྱིབས་བརྒྱུད། ཡུམ་གྱི་པདྨ་ནས་ཡབ་ཀྱི་གསང་བའི་རྡོ་རྗེའི་བུ་གར་ཞུགས། སྐུའི་དབྱིབས་བརྒྱུད་དེ། ཐུགས་ཀའི་ཧཱུྃ་ལ་ཐིམ་པའི་ཚུལ་གྱིས་ཏེ། དེའང་ཞི་བ་ལ་ཁ་དོག་དཀར་པོ་སྔགས་གཅིག་གི་རྟིང་ལ་གཅིག་འབྲེང་བ་མདའི་ཤུགས་ཀྱིས་རབ་ཏུ་འགྲོ་བ་ཞེས་པ་དང་། རྒྱས་པ་ལ་ཁ་དོག་སེར་པོ་གསང་སྔགས་རྣམས་བུངས་བསྐྱེད་ནས་སྒྲོའི་ཆུན་པོ་ལྟ་བུའི་ཚུལ་གྱིས་འགྲོ་བ་ཞེས་བྱ་བ་དང་། དབང་ལ་ནི་ཁ་དོག་དམར་པོ་སྔགས་གཅིག་གི་མཇུག་མ་ལ་གཅིག་གི་མགོ་འཁྱུད་ནས་འགྲོ་བ་སྟེ་ལྕགས་སྒྲོག་ལྟ་བུ་ཞེས་བྱ་བ་དང་། དྲག་པོ་ལ་ནི་ཁ་དོག་ནག་པོ་ཡབ་ཡུམ་གྱི་སྔགས་སྒྲིལ་བ་སྲད་བུ་ལྟ་བུ་ཞེས་བྱ་བའི་ཚུལ་གྱིས་བཟླ་སྟེ། དེའང་མཆོག་བསྒྲུབ་པ་ལ་ནི་རིན་ཆེན་བཞི་ཞེས་བྱ་བ་རྩ་སྔགས་གཉིས་དང་། སྙིང་པོ་གཉིས་དང་། ཉེ་སྙིང་གཉིས་དང་། གོ་ཆ་གཉིས་ཏེ། བཞི་པོ་དེ་གང་མོས་པ་གཉིས་སུ་མེད་པར་བཟླ་བ་ཡིན་ལ། འཁོར་ལོ་རྣམས་ཀྱི་སྔགས་ནི་ཐུན་མཇུག་ལ་ཅི་རིགས་པར་བཟླ་བ་ཡིན་ནོ་ཞེས་གསུངས་སོ། །བཞི་པ་ནི་བརྟག་གཉིས་ལས། འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་གསུངས་ཤིང་། དེ་ཉིད་དུས་བཞིའི་བྱེ་བྲག་གིས་བཞིར་འགྱུར་བ་སྟེ། སྡོམ་འབྱུང་ལེའུ་བཅུ་གཅིག་པ་ལས། རྫོགས་ལྡན་དུས་སུ་གཅིག་བཟླས་ཏེ། །གསུམ་ལྡན་དུས་སུ་ཉིས་འགྱུར་བཟླ། །གཉིས་ལྡན་དུས་སུ་སུམ་འགྱུར་བཤད། །རྩོད་དུས་བཞི་འགྱུར་དུ་ནི་བཟླ། །ཞེས་སོ། །དབང་བསྐུར་གྱི་དུས་ཀྱི་བསྙེན་པའི་སྔགས་དང་། གྲངས་ནི་ནག་པོ་སྤྱོད་པ་བས། དཔའ་བོའི་སྙིང་པོའི་གསང་སྔགས་ནི། །ཁྲི་ཕྲག་གསུམ་དུ་བཟླས་བརྗོད་བྱ། །དཔའ་བོ་རྣལ་འབྱོར་མ་འཁོར་ལོའི། །ཁྲི་ཕྲག་གཉིས་ནི་བསྙེན་པར་བྱ། །ཀ་ཁྭའི་གདོང་སོགས་བརྒྱད་པོ་དང་། །སྙིང་པོའི་རྣལ་འབྱོར་མ་བཞི་ནི། །སྟོང་ཕྲག་ལྔ་དང་ལྔ་བརྒྱ་ནི། །སྔོན་དུ་བསྙེན་པས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ལྔ་པ་ནི་ལས་བཞིའི་ཕྲེང་བ་རྒྱས་པར་སྡོམ་འབྱུང་དུ་ཤེས་པར་བྱས་ལ། ཁྱད་པར་དུ་བདེ་མཆོག་གི་སྐབས་འདིར། མིའི་རུས་པའི་ཕྲེང་བ་བསྔགས་ཏེ་མངོན་བརྗོད་ལེའུ་ལྔ་པ་ལས། དུང་ཆེན་ཕྲེང་བ་བླངས་ནས་ནི། །སྡོམ་པ་མཆོག་གིས་བཟླས་པ་བྱ། །ཞེས་སོ། །དྲུག་པ་ལ་ལྔ་སྟེ། འགྲོ་བ་དག་པ་དང་། རྡོ་རྗེའི་བཟླས་པ་དང་། འགོག་པའི་བཟླས་པ་དང་། ཁྲོ་བོའི་བཟླས་པ་དང་། མདོ་ལིའི་བཟླས་པའོ། །དང་པོ་ནི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ས་གསུམ་གྱི་འགྲོ་བ་ལྷར་བྱས་ནས་འོད་སླར་ཧཱུྃ་ལ་བསྡུ་བའོ། །གཉིས་པ་ནི་ཧཱུྃ་ལས་སྔགས་ཕྲེང་རྩོལ་བའི་རླུང་ཧཱུྃ་དང་འགྲོགས་ཏེ། སྣ་གཡས་ནས་འཐོན་ནས། འགྲོ་བ་ལྷར་བྱས་པའི་སྣ་གཡོན་ནས་སྲོག་གིས་རླུང་ཨོཾ་དང་འགྲོགས་ཏེ་ཐུགས་ཀར་སླེབ་པ་ནི་གནས་པ། དེ་མ་ཐག་ཏུ་དེ་དག་གི་སྣ་གཡས་ནས་རྩོལ་བའི་རླུང་ཧཱུྃ་དང་ལྷན་ཅིག་ཏུ་འཐོན། སླར་བདག་གི་སྲོག་གི་རླུང་ཨོཾ་དང་འགྲོགས་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ་སྟེ་གནས་པ་ནི་ཨཱཿའོ། །དེ་སྐད་དུ་མངོན་བརྗོད་ལེའུ་བཅུ་གསུམ་པ་ལས། སྲོག་དང་རྩོལ་བ་ལེགས་བསྡམས་ནས། །ཨོཾ་ཨཱཿཧཱུྃ་གསུམ་བརྗོད་བྱ་ཞིང་། །ས་གསུམ་རྒྱུ་དང་མི་རྒྱུ་བ། །སྐུ་གསུང་ཐུགས་ལ་གནས་པར་བྱ། །ཞེས་སོ། །གསུམ་པ་ནི། རྣམ་རྟོག་བཀག་ལ་ཡིད་ཀྱིས་བཟླས་པ་བྱ་སྟེ། མངོན་བརྗོད་ལེའུ་སོ་གསུམ་པ་ལས། འགོག་པ་ཁྲོ་བོ་རྣམ་པར་བསྒོམ། །ཞེས་སོ། །བཞི་པ་ནི་སྣོད་མ་ཡིན་པའི་སྐྱེ་བོ་མེད་པའི་ས་དང་། བྱིང་བ་གསེང་བ་དང་། གདོན་གྱི་བར་གཅོད་བཟློག་པའི་ཕྱིར། ལེའུ་དེ་ཉིད་ལས། ཡེ་ཤེས་ཁྲོ་བོ་ལྷན་ཅིག་ཏུ། །སྤྲིན་གྱི་འབྲུག་སྒྲ་ལྟ་བུར་བཟླ། །ཞེས་སོ། །ལྔ་པ་ནི་ཡབ་ཀྱི་ཞལ་ནས་སྔགས་ཕྲེང་འཐོན་ནས་ཡུམ་གྱི་ཞལ་དུ་ཞུགས་ཏེ། སྐུའི་དབྱིབས་བརྒྱུད་པར་བསམ་ཞིང་བཟླས་ཏེ། དེ་སྐད་དུ་མངོན་བརྗོད་ལེའུ་ཉེར་བཞི་པ་ལས། གཉིས་མེད་འཁྱུད་པའི་སྦྱོར་བ་ཡིས། །གསང་སྔགས་བཟླས་ན་དངོས་གྲུབ་འགྱུར། །ཞེས་སོ། །དེ་ལྟར་ན་གང་གིས་སྔགས་གང་ཟློས་ཀྱང་སྣོད་མ་ཡིན་པའི་སྐྱེ་བོ་ཡོད་སར་ཤིབ་བུར་བཟླས་ཏེ། གལ་ཏེ་ཐོས་པར་གྱུར་ན་རྩ་རྒྱུད་ལེའུ་སོ་བརྒྱད་པ་ལས། སྔགས་རྣམས་བག་མེད་པས་འདོན་ན། །དེ་ལ་ང་ནི་མི་བལྟ་སྟེ། །མཁའ་འགྲོ་སྟོང་ཕྲག་དུ་མ་ཡིས། །ངན་པའི་བདག་ཉིད་ཅན་དེ་ཟ། །ཞེས་སོ། །བདུན་པ་ནི་མངོན་བརྗོད་སོ་གཉིས་པ་ལས། སྔགས་པས་འདི་དག་བཟླས་ན་ནི། །མཁའ་འགྲོ་མ་ཡི་དྲྭ་བ་ཡི། །སྡོམ་པའི་དངོས་གྲུབ་ཐོབ་པ་སྟེ། །ཟླ་བ་དྲུག་གིས་དེ་དབང་འགྱུར། །ཞེས་སོ། །དེ་དག་གིས་ནི་མཉམ་པར་བཞག་པའི་རྣལ་འབྱོར་བསྐྱེད་པའི་རིམ་པ་བསྟན་ཟིན་ནས། གཉིས་པ་རྫོགས་པའི་རིམ་པ་ནི། ཉིན་མོའི་ཐུན་གསུམ་གྱི་སྐབས་སུ་བར་འདིར་རྫོགས་པའི་རིམ་པ་བསྒོམ་པར་བྱ་བ་ཡིན་ལ། གཞུང་ལས་ནི་འོག་ཏུ་འབྱུང་སྟེ། ཨཱ་ལི་ཀཱ་ལི་མདུན་བསམས་ནས། །ཞེས་པ་ནས། དེ་ལས་གཟུངས་ནི་འཐོབ་པར་འགྱུར། །ཞེས་པའི་བར་རོ། །འདི་ཉིད་ཀུན་སྤྱོད་ལེའུ་བཅུ་གཉིས་པ་ལས། ཨཱ་ལི་ཀཱ་ལི་མདུན་བསམས་ཏེ། །རྣལ་འབྱོར་ཆེན་པོ་རྣམ་གནས་ལ། །ཟླ་བའི་དཀྱིལ་འཁོར་ལེགས་རྫོགས་པ། །ལྟེ་བའི་རྩ་བ་ལ་གནས་བསྒོམ། །དེ་ཡི་དབུས་གནས་བསམ་པ་ནི། །དམ་པའི་གནས་མཆོག་ཡི་གེ་སྟེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེ་ནི་གཟུགས་ལས་འདས་པ་སྟེ། །དངོས་པོ་མེད་པའི་སེམས་ཉིད་ཡིན། །བསམ་མི་ཁྱབ་པ་ཉིད་བསམ་སྟེ། །བསམ་དེའང་མཚན་མར་བརྟག་མི་བྱ། །ཡང་ན་བདག་ཉིད་སེམས་བསམ་པ། །དེ་ལས་གཟུངས་ནི་ཐོབ་པར་འགྱུར། །ཞེས་གསུངས་ཏེ། །འདི་དག་གི་དོན་རྗེ་བཙུན་གྱིས། འདི་ལ་དོན་གསུམ་སྟེ། རྡོ་རྗེ་སེམས་དཔའ་བསྡུ་བ་དང་། ཡི་གེ་བསྡུ་བ་དང་། ཐིག་ལེ་བསྡུ་བའོ། །དང་པོ་ནི་རྩ་བའི་དཔེ་ལྔ་དང་། ཡན་ལག་གི་དཔེ་དུ་མས་མཚོན་པ་སྟེ། དེའང་བསྐྱེད་པའི་རིམ་པའི་ཐུན་གྱི་མཇུག་ཏུ། བཅོམ་ལྡན་འདས་ཀྱི་ལྟེ་བར་པདྨ་འདབ་མ་བརྒྱད་པ་ལ་ལྟེ་བར་ཟླ་བས་བརྒྱན་པར་བསྒོམ། དེར་ཧཱུྃ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་ཚུལ་དུ་བཞུགས་པ། གཉིས་ཀའང་རུས་པའི་རྒྱན་ཆ་ལྔ་ཡིས་བརྒྱན་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཡི་གེ་ཧཱུྃ་བསྒོམ། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་། ཕྱིའི་ཧེ་རུ་ཀ་ཡབ་ཡུམ་ནས་འཁོར་ལོ་ནང་མ་ནས་ཕར་རིམ་གྱིས་རིམ་གྱིས་ཇེ་གསལ་ཇེ་གསལ་ཁམས་གསུམ་སྣོད་བཅུད་ཐམས་ཅད་གསལ་བར་བྱས་ལ། དེའི་སྟོབས་ཀྱིས་ཐམས་ཅད་ཕྲིག་ཕྲིག་གཡོ་བར་བསམ་སྟེ། དེ་ནི་རྡོ་ཁབ་ལེན་གྱིས་ལྕགས་གཡོ་བ་ཞེས་བྱ་བའི་དཔེ་དང་པོ་ཡིན་ནོ། །དེ་ནས་ཁམས་གསུམ་སྣོད་བཅུད་ཐམས་ཅད་སྲུང་བའི་འཁོར་ལོ་ལ་བསྡུ། དེ་བཞིན་དུ་སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་ལ། དུར་ཁྲོད་བརྒྱད་གཞལ་ཡས་ཁང་ལ། གཞལ་ཡས་ཁང་དམ་ཚིག་གི་འཁོར་ལོ་ལ། དེ་སྐུའི་འཁོར་ལོ་ལ། དེ་གསུང་གི་འཁོར་ལོ་ལ། དེ་ཐུགས་ཀྱི་འཁོར་ལོ་ལ། དེ་སྙིང་པོའི་རྣལ་འབྱོར་མ་བཞི་ལ། དེ་བཅོམ་ལྡན་འདས་ཀྱི་ཞལ་བཞི་ལ་བསྡུ་སྟེ་དཔེ་གཉིས་པ་ལྕི་བས་དངུལ་ཆུ་སྡུད་པ་ཞེས་བྱ་བ་ཡིན་ནོ། །འབྲིང་བསྡུས་གཉིས་ལ་ཕྱིའི་དཀྱིལ་འཁོར་མེད་པས་ཁམས་གསུམ་ལུས་ལ་བསྡུ་བ་ཉིད་དཔེ་གཉིས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞལ་བཞི་ཕྱག་བཅུ་གཉིས་པ་ནི་ཞལ་གཅིག་ཕྱག་གཉིས་པར་བསྡུ་སྟེ། དཔེ་གསུམ་པ་རུས་སྦལ་ཡན་ལག་འཁུམས་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་བདག་ཕྱིའི་ཧེ་རུ་ཀ་ཡུམ་ཡབ་ལ་བསྡུ། ཡབ་ལྟེ་བའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་བསྡུ། རྡོ་རྗེ་སྙེམས་མའང་ཡབ་ལ། ཡབ་ཧཱུྃ་ལ། ཧཱུྃ་གི་གདན་ཟླ་བ་ལ། དེ་ཞབས་ཀྱུ་ལ། ཞབས་ཀྱུ་ཁོག་པ་ལ། ཁོག་པ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ་བསྡུ་སྟེ། དེ་ནི་དཔེ་བཞི་པ་སྐར་མདའ་གཅིག་ལ་གཅིག་ཐིམ་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཐིག་ལེ་དེའང་ཇེ་ཕྲ་ཇེ་ཕྲ་མི་དམིགས་པ་བསམ་གྱིས་མི་ཁྱབ་པའི་ངང་ལ་གཞག་པར་བྱ་སྟེ། དེ་ནི་རྩ་བའི་དཔེ་ལྔ་པ་ལན་ཚཱ་ཆུ་ལ་ཐིམ་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཡན་ལག་གི་དཔེ་ནི་ངོ་བོ་ཉིད་ཀྱི་སྟེང་དུ་དབབ་སྟེ་གོང་གི་སྤྲོས་པ་རྣམས་ནི་ཆ་ལུགས་སམ། འོད་ཟེར་རམ། མཚོ་དང་རླབས་ཞེས་བྱ་བ་ཡིན་ལ། བསམ་གྱིས་མི་ཁྱབ་པའི་ངོ་བོ་འདི་ནི་གར་མཁན་དངོས་སམ། ཉི་མའམ་རྒྱ་མཚོ་ཉིད་དང་འདྲ་བ་ཡིན་པས་ན། གར་མཁན་དང་། ཆ་ལུགས་དང་། ཉི་མ་དང་། འོད་ཟེར་དང་། མཚོ་དང་། རླབས་དང་། ངོ་བོ་ཉིད་ཀྱི་སྟེང་དུ་ནི་ཆུ་ལ་ཆུ་བཞག་པའམ། མར་ལ་མར་བཞག་པ་སྟེ་ཡན་ལག་གི་དཔེ་ལྔས་མཚོན་པ་ཡིན་ནོ། །དེའི་ངང་ལ་བློ་ཇི་ཙམ་གནས་པ་ཅིག་བཞག་ལ། ལྡང་བར་འདོད་ན་གོང་དུ་བསྟན་པའི་ལྡང་བའི་རྣལ་འབྱོར་བྱིན་རླབས་གསུམ་དང་ལྡན་པའི་ཧེ་རུ་ཀར་ལངས་ཏེ། ཐུན་བཞི་ཀ་ལ་གཏོར་མ་ཡོད་ན་སྐབས་འདིར་བཏང་སྟེ་དག་པ་རྗེས་སུ་དྲན་པ་བྱ། གཏོར་མ་མེད་ན་ལངས་པའི་རྗེས་ཁོ་ན་ལ་དག་པ་རྗེས་དྲན་བྱ་བ་ཡིན་ནོ། །རྡོ་རྗེ་སེམས་དཔའ་བསྡུ་བ་ཞེས་བྱ་བའི་རིམ་པ་འདི་ནི་བསྐྱེད་པའི་རིམ་པའི་རྗེས་ལ་ཅིས་ཀྱང་བསྒོམ་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་བསྡུ་བའོ། །ཡི་གེ་བསྡུ་བ་དང་ཐིག་ལེ་བསྡུ་བ་འདི་གཉིས་ནི་བསྐྱེད་རིམ་གྱི་རྗེས་ལ་ཅིས་ཀྱང་འབྱུང་བའི་རྫོགས་རིམ་ནི་མ་ཡིན་ཏེ། རྣལ་འབྱོར་པ་བསྐྱེད་རིམ་ལ་བརྟན་པའམ། ཡང་ན་ལས་དང་པོ་པ་ཉིད་ནས་ཀྱང་རུང་སྟེ། རླུང་དང་། སེམས་ཀྱི་དམིགས་པ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཡེ་ཤེས་མྱུར་དུ་ཚོལ་བར་འདོད་པའི་རྟེན་འབྲེལ་ཡིན་པས་བསྐྱེད་པའི་རིམ་པ་རྒྱས་པར་བསྒོམས་པའི་རྗེས་སམ། འདི་ཉིད་གཙོ་བོར་བྱེད་པའི་དུས་སུ་སྐད་ཅིག་གིས་ཧེ་རུ་ཀ་ཡབ་ཡུམ་དུ་དྲན་པར་བྱས་པའི་ལྟེ་བར་པདྨ་འདབ་མ་བཞི་པའི་ཤར་དུ་ས་རླུང་གི་རང་བཞིན་ལ་སེར་པོ། གཡོན་དུ་ཆུ་རླུང་གི་རང་བཞིན་ཝ་དཀར་པོ། རྒྱབ་ཏུ་མེ་རླུང་གི་རང་བཞིན་ར་དམར་པོ། གཡས་སུ་རླུང་གི་རླུང་གི་རང་བཞིན་ཡ་ལྗང་གུ། དབུས་སུ་ནམ་མཁའི་རླུང་གི་རང་བཞིན་ཐིག་ལེ་ཁ་དོག་སྔོན་པོ་གཅིག་བསམས་ལ། རིམ་གྱིས་བློ་སྦྱང་བའི་ཕྱིར་དབུགས་ཕྱིར་རྒྱུ་བའི་དུས་སུ་མདུན་གྱི་ལ་སེར་པོ་ལས་འོད་ཟེར་ཁ་དོག་སེར་པོ་སྦོམ་ཕྲ་སྐུད་པ་འབྲིང་པོ་ཙམ་ལངས་ཏེ་གྱེན་དུ་ཕྱུང་ནས། སྣ་སྒོ་གཡོན་པ་ནས་བྱུང་སྟེ། མདུན་དུ་སོར་བཅུ་དྲུག་ཙམ་གྱི་ཚད་དུ་བྱུང་བར་བསམ། རླུང་ནང་དུ་འཇུག་པ་དང་བསྟུན་ལ་འོད་ཟེར་དེ་ནང་དུ་ལྡོག་སྟེ། ལ་སེར་པོ་དེ་ལ་བསྟིམས་ལ་ཡིད་ཀྱིས་ལ་སེར་པོ་དེ་ལ་བལྟ་ཞིང་རླུང་ཁ་སྦྱར་གྱི་དམིགས་པ་བྱའོ། །དེས་དུ་བ་ལྟ་བུའི་རྟགས་མཐོང་བ་དེའི་ཚེ་ས་རླུང་དབང་དུ་གྱུར་པའི་རྟགས་ཡིན་པས་ལ་སེར་པོ་དེ་གཡོན་གྱི་ཝ་དཀར་པོ་ལ་བསྟིམ། ཝ་དཀར་པོ་ལས་འོད་ཟེར་དཀར་པོ་སྣ་བུག་གཡོན་པ་ནས་འབྱུང་བ་དང་། འཇུག་པ་དང་རླུང་གི་རྣལ་འབྱོར་དང་བཅས་པ་སྔ་མ་བཞིན་བསྒོམས་པས་སྨིག་རྒྱུ་ལྟ་བུ་མཐོང་བ་དེའི་ཚེ་ཆུ་རླུང་དབང་དུ་འདུས་པས་ཝ་དཀར་པོ་དེ་རྒྱབ་ཀྱི་ར་དམར་པོ་ལ་བསྟིམ། ར་དམར་པོ་ལས་འོད་ཟེར་དམར་པོ་སྣ་གཡོན་ནས་འབྱུང་བ་དང་འཇུག་པ་དང་རླུང་གི་རྣལ་འབྱོར་སྔ་མ་བཞིན་དུ་བསྒོམས་པས། སྲིན་བུ་མེ་ཁྱེར་ལྟ་བུའི་རྟགས་མཐོང་བ་དེའི་ཚེ་མེ་རླུང་དབང་དུ་འདུས་པ་ཡིན་པས་ར་དམར་པོ་དེ་གཡས་ཀྱི་ཡ་ལྗང་གུ་ལ་བསྟིམས་ལ་གཞག ཡ་དེ་ལས་འོད་ཟེར་ལྗང་གུ་སྣ་གཡོན་ནས་འབྱུང་བ་དང་། འཇུག་པ་དང་། རླུང་གི་རྣལ་འབྱོར་སྔ་མ་བཞིན་དུ་བསྒོམས་པས་མར་མེ་འབར་བ་ལྟ་བུའི་རྟགས་མཐོང་བ་དེའི་ཚེ་རླུང་གི་རླུང་དབང་དུ་འདུས་པའི་རྟགས་ཡིན་པས་ཡི་གེ་ཡ་ལྗང་གུ་དེ་དབུས་ཀྱི་ཐིག་ལེ་སྔོན་པོ་ལ་བསྟིམས་ལ་གཞག དེ་ནས་ཐིག་ལེ་སྔོན་པོ་ལས་འོད་ཟེར་འབྱུང་འཇུག་མེད་པར་ཐིག་ལེ་ལ་ཡིད་ཀྱིས་བལྟ་ཞིང་རླུང་ཁ་སྦྱར་གྱི་རྣལ་འབྱོར་བསྒོམས་པས། ནམ་མཁའ་སྤྲིན་མེད་ལྟ་བུ་མཐོང་བ་དེའི་ཚེ་ནམ་མཁའི་རླུང་དབང་དུ་འདུས་པ་ཡིན་པས་འདིའི་མཇུག་ཏུ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་ཞེས་གསུང་ངོ་། །ཡི་གེ་བསྡུ་བའོ། །ཐིག་ལེ་བསྡུ་བ་ནི་ཡི་གེ་རྣམས་ཀྱི་ཤུལ་དུ་ཐིག་ལེར་བསྒོམ་པ་སྟེ། ཤར་དུ་ཐིག་ལེ་སེར་པོ། གཡོན་དུ་དཀར་པོ། རྒྱབ་ཏུ་དམར་པོ། གཡས་སུ་ལྗང་གུ་རྣམས་བསྒོམས་ལ། འོད་ཟེར་གྱི་སྐུད་པའི་འབྱུང་འཇུག་དང་རླུང་དང་རླུང་གི་རྣལ་འབྱོར་ལ་སོགས་པ་སྔ་མའི་ཚུལ་དུ་བསྒོམས་པས་མཐར་ཕྱིན་པའི་ཚད་སྔ་མ་བཞིན་དུ་འབྱུང་བར་འགྱུར་རོ། །དེས་ན་འདི་གཉིས་ཀྱང་རྣལ་འབྱོར་པ་རང་གི་བློ་ལ་གང་བདེ་བ་བསྒོམ་པ་ཡིན་ལ། གཅིག་གི་རྗེས་ལ་གཅིག་བསྒོམ་པ་ནི་མ་ཡིན་ནོ། །རྫོགས་པའི་རིམ་པ་བསྟན་ཟིན་ཏེ་རིམ་པ་གཉིས་ཀྱི་སྔོན་པར་རྟོགས་པ་གཙོ་བོ་རྣམས་བསྟན་ཟིན་ཏོ་ཞེས་གསུངས་སོ། །གཉིས་པ་དག་པ་རྗེས་སུ་དྲན་པ་ནི། སློབ་དཔོན་གྱི་གཞུང་ལས། སོ་དང་སེན་མོ་དག་ལ་ནི་ཁཎྜ་ཀ་པཱ་ལིའོ་ཞེས་པ་ནས། དཔའ་བོ་སེང་གེ་བཞིན་དུ་སྤྱོད། །ཅེས་པའི་བར་གསུངས་ཏེ། འདིའང་ཀུན་སྤྱོད་ཀྱི་ལེའུ་བཅོ་ལྔ་པ་ལས། རྩ་བའི་སྔགས་ཀྱི་དཔའ་བོ་གང་། །ཚངས་པའི་སྐུད་པ་ལ་སོགས་བརྟག །ལྷ་ཡི་སྙིང་པོའི་གསང་སྔགས་ཀྱི། །བརྒྱ་ཕྱེད་ཕྲེང་བས་བརྒྱན་པ་ཡིན། །དཔའ་བོའི་གོ་ཆ་དྲུག་གི་ནི། །རྒྱ་འདིས་ལུས་ནི་མཛེས་པ་ཡིན། །རྡོ་རྗེ་ཕག་མོ་སོགས་སྔགས་གང་། །མགུལ་ཆུས་རྐེ་ལ་མཛེས་པ་ཡིན། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །པགས་པའི་གོས་ནི་འཛིན་པའི་མཆོག །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་རུ་བརྟག །ཐོད་པའི་དུམ་བུ་ལ་སོགས་ཀུན། །ལུས་ཀྱི་ཁམས་ལ་རྣམ་པར་བརྟག །ཡི་གེ་བདུན་ནི་གསང་སྔགས་ཀྱི། །རྣ་ཆས་སྙན་ནི་མཛེས་པ་ཡིན། །རྣལ་འབྱོར་མ་དྲུག་གསང་སྔགས་གང་། །སྐེ་རགས་བྱས་པ་བརྒྱན་པ་ཡིན། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །སྔགས་ནི་ལག་པའི་ཐོད་པ་ཡིན། །རྣམ་པར་སྣང་མཛད་ཡུམ་སྔགས་གང་། །ཐོད་པ་མགོ་བོ་བརྒྱན་པ་ཡིན། །དེ་ལྟར་བདག་ཉིད་རྣམ་གནས་ནས། །ཚམ་རྔམ་སྔགས་ཀྱིས་ལེགས་པར་བསྲུང་། །རྟག་ཏུ་ཚངས་པར་སྤྱོད་འགྱུར་བ། །རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད། །ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །མཚན་མོ་བཅོམ་ལྡན་མ་བརྟག་བྱ། །མི་བྱ་ཅི་ཡང་ཡོད་མིན་ཏེ། །རྟག་ཏུ་མི་བསམ་ཡོད་མ་ཡིན། །མི་བཟའ་ཅི་ཡང་ཡོད་མིན་ལ། །དགེ་དང་མི་དགེ་མི་སྨྲ་མེད། །བདག་ཉིད་ཇི་བཞིན་འགྲོ་ཇི་བཞིན། །བདག་ཅི་འདྲ་བ་གཞན་དེ་བཞིན། །དེ་ལྟར་རྣམ་བསམ་རྣལ་འབྱོར་བདག །འཇིགས་པ་ཐམས་ཅད་ཡོངས་སྤངས་ཏེ། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །ཞེས་པས་བསྟན་ཏེ། འདི་དག་གི་དོན་རྗེ་བཙུན་གྱིས། དེ་ཡང་གཏོར་མའི་རྗེས་ལ་འབྱུང་ན་ནི་རྗེས་སྤྱོད་ཀྱི་རྣལ་འབྱོར་དུ་ཡང་འགྲོ་ལ། རིམ་པ་གཉིས་ཁོ་ནའི་རྗེས་ལ་འབྱུང་ན་ནི་སྟན་གཅིག་གི་སྟེང་དུ་བརྗོད་པ་ཡིན་པའི་ཕྱིར་མཉམ་གཞག་གི་ཁོངས་སུ་འདུས་པ་ཡིན་ནོ། །དེ་ཡང་ལག་ཏུ་ལེན་པར་འདོད་ན། གཏོར་མ་གཏང་བའམ། མ་བཏང་ཡང་རུང་སྟེ། མཉམ་གཞག་བསྒོམ་པའི་སྟན་དེ་ལས་མ་ལངས་པར་ལུས་ཀྱི་ཌཱ་མ་རུའི་སྒྲ་དང་བཅས་པའམ། མེད་ཀྱང་བཏུབ་སྟེ། ངག་ཏུ་འོག་ནས་འབྱུང་བ་རྣམས་གསལ་བར་བརྗོད་ཅིང་། སེམས་ཀྱིས་མ་དག་པའི་ཁམས་དང་། རྒྱན་ཆ་ལ་སོགས་པ་དེ་དང་དེ་དག་དག་པའི་ལྷ་དང་། སྔགས་དེ་དང་དེའི་ངོ་བོ་ཡིན་ནོ་སྙམ་དུ་མོས་པ་བྱ་བ་ཡིན་གྱི་ལྷ་དང་སྔགས་ཀྱི་རྣམ་པར་བསྒོམ་ནི་མི་དགོས་སོ། །ཞེས་གསུངས་ཏེ། ཇི་ལྟར་བརྗོད་པའི་ཚུལ་ནི་མངོན་པར་རྟོགས་པར་བསྟན་ཟིན་ཏོ། །འོག་གི་ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཞེས་སོགས་ཚིགས་བཅད་གཅིག་ནི་སྤྱོད་ལམ་གྱི་རྣལ་འབྱོར་དང་། སྤྲུལ་པ་ལས་བྱུང་དཔའ་བོ་རྣམས། །ཞེས་པ་ནས། ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའི་བར་ནི་དེ་དག་གི་རྒྱུ་མཚན་སྟོན་པར་འགྲེལ་པས་བཤད་དོ། །གསུམ་པ་གཏོར་མའི་རྣལ་འབྱོར་ནི། གཞུང་ལས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་ཞེས་པ་ནས། ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཕཊ། ཅེས་པའི་བར་འདས་པའི་གཏོར་སྔགས་དང་། དེ་ཉིད་ལན་ལྔ་བརྗོད་པས་འབུལ་ཚུལ་དང་། འཇིག་རྟེན་པའི་གཏོར་སྔགས་ཙམ་ཞིག་གསུངས་ལ། དེ་ཉིད་ཀུན་སྤྱོད་ཀྱི་ལེའུ་བཅུ་པ་ལས་ཀྱང་གསུངས་སོ། །འདི་དག་གི་དོན་ལ་ལྔ་སྟེ། གཏོར་མ་གཏང་བ་དང་། ཡོ་བྱད་དང་། ཆོ་ག་དང་། གཏོང་ཚུལ་དང་། དགོས་པའོ། །དང་པོ་ལ་གཉིས་ལས། རྒྱུན་གྱི་དུས་ནི་མངོན་བརྗོད་ལས། ཆོ་ག་འདི་ཡི་རིམ་པ་ཡིས། །ཐུན་མཚམས་བཞི་རུ་སྦྱིན་པར་བྱ། །ཞེས་གསུངས་སོ། །གཉིས་པ་ཁྱད་པར་གྱི་དུས་ནི་ཀུན་སྤྱོད་ལེའུ་བཅུ་པ་ལས། ཟླ་བ་མར་ངོའི་ཚེས་བཅུ་དང་། །ཟླ་བ་ཡར་ངོའི་དེ་ཉིད་ལ། །ཞེས་དང་། དགུན་ཟླ་འབྲིང་པོ་ལ་སོགས་པའི། །ཚེས་བཅུ་ལ་ནི་དད་པས་མཆོད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ཡོ་བྱད་ནི་ལེའུ་དེ་ཉིད་ལས། མྱུར་དུ་འབད་པས་ཤ་དང་ཆང་དག་གིས། །རྡོ་རྗེ་ལྷ་མོ་རབ་ཏུ་མཆོད་པར་བྱ། །ཞེས་དང་། འགྱུར་ཁ་ཅིག་ལས། འབད་པས་དཔའ་བོ་ཆང་སོགས་དང་། །རྡོ་རྗེ་ལྷ་མོ་རབ་མཆོད་ཅིང་། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཆོ་ག་ལ་མདུན་བསྐྱེད་དང་མ་འབྲེལ་བའི་འདས་པ་དང་། འཇིག་རྟེན་པའི་གཏོར་མ་གཉིས་ཀ་ཡང་མངོན་པར་རྟོགས་པར་བསྟན་ཟིན་ཅིང་། མདུན་བསྐྱེད་དང་འབྲེལ་ན་གནས་སྐབས་དེར་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་ཏེ། དུར་ཁྲོད་ཆེན་པོ་བརྒྱད་ལ་ཕོག་པས། དཀྱིལ་འཁོར་གྱི་འཁོར་ལོ་ཆ་བརྒྱད་དུ་གྱུར་པར་བསམས་ལ། ཡེ་ཤེས་ཀྱི་འཁོར་ལོ་ཆ་བརྒྱད་སྤྱན་དྲངས་ནས་བསྟིམས་ལ་ཆོ་ག་གཞན་ཐམས་ཅད་ནི་འདྲ་བ་ཉིད་དོ། །བཞི་པ་གཏོང་ཚུལ་ནི་ལེའུ་དེ་ཉིད་ལས། ལྷོ་ཕྱོགས་ཁ་བལྟས་རྣལ་འབྱོར་པས། །གནས་ནི་མཐོན་པོར་རབ་ཏུ་མཆོད། །མཚན་མོ་སྐྲ་ནི་གྲོལ་གྱུར་པས། །བརྟུལ་ཞུགས་གོས་མེད་གཏོར་མ་སྤྱིན། །ཞེས་གསུངས་པ་ལྟར་རོ། །ལྔ་པ་དགོས་པ་ནི་ལེའུ་དེ་ཉིད་ལས། དེ་ཡི་ལག་ཏུ་འོངས་པའི་དཔལ། །གང་གིས་ཀྱང་ནི་གཞོམ་མི་ནུས། །དེ་ནི་སྐྱེ་བོ་དད་ལྡན་རྣམས་ཀྱིས་མཆོད། །ཧེ་རུ་ཀ་དཔལ་མངོན་པར་རྒྱས་གྱུར་ནས། །ཀུན་ཏུ་དགྱེས་པས་མཆོག་ནི་གསོལ་འགྱུར་ཏེ། །གང་ཕྱིར་མཆོག་ནི་དེ་ཡི་ལག་ན་གནས། །ཞེས་གསུངས་སོ། །དེ་ལྟར་གཏོར་མ་བཏང་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། མདུན་དུ་སྤྲུལ་པ་རྣམས་བདག་གི་ལུས་ལ་བསྡུ་བར་བྱའོ། །ཡང་ན་གཏོར་མ་ཕྱི་རོལ་དུ་གཏོང་བའི་ཚེ་གོང་གི་ཕྲིན་ལས་བཅོལ་བའི་ཚིགས་སུ་བཅད་པ་རྣམས་བརྗོད་ཅིང་བཏང་ལ་ལོག་ནས་བཟོད་པར་གསོལ་བ་དང་སྤྲུལ་པ་བདག་གི་ལུས་ལ་བསྡུ་བར་བྱ་སྟེ། དེ་ལྟར་ནའང་འགལ་བ་མེད་དོ། །དེ་ལྟར་གཏོར་མ་བཏང་བ་རྫོགས་ནས་སྟན་བདེ་བ་ལ་འདུག་སྟེ་དག་པ་རྗེས་སུ་དྲན་པར་བྱ། དེ་ནས་དཔའ་བོའི་གོ་ཆ་དང་། དཔའ་མོའི་གོ་ཆ་དང་། གོ་ཆ་ཆེན་པོ་དང་། ཞལ་བཞི་པའི་ཚམ་རྔམ་སྔགས་ཀྱིས་བསྲུངས་ལ་སྤྱོད་ལམ་གྱི་རྣལ་འབྱོར་དྲན་པ་ཙམ་བྱའོ། །བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི་གནས་སྐབས་འགའ་ཞིག་ཏུ་ཁ་ཟས་དང་འབྲེལ་བའི་ཚེ་ཁ་ཟས་གཏོར་མ་བཞིན་བྱིན་གྱིས་བརླབ་པའམ། ལག་པ་གཡོན་པའི་མཐེབ་སྲིན་རེག་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ནས་དེ་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་ལ་སྐབས་འདིར་ལག་པའི་མཆོད་པ་བྱེད་པར་སྤྲོ་ན་རྗེ་བཙུན་བསོད་ནམས་རྩེ་མོས། དང་པོ་ཁོ་ནར་ལུས་དང་ངག་ཡིད་ཡོངས་སུ་དག་པ་དང་ལྡན་པས། མཆོད་པའི་ཡོ་བྱད་མེ་ཏོག་ལ་སོགས་པ་ལྔ་དང་། གོང་བུ་དང་ཞུ་བའི་རྫས་ཅི་འབྱོར་བ་མདུན་དུ་བྱས་ལ། དེ་དག་ཆོ་ག་བཞིན་དུ་བསང་སྦྱང་བ་དང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བདུད་རྩི་ལྔ་དང་སྦྱར་བའི་ཆང་བྱིན་གྱིས་བརླབས་པས། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་། ལག་པ་གཡོན་པ་ལ་གཏོར་ལ་མཉེ་བར་བྱའོ། །དེ་ནས་ལག་པ་གཡོན་པའི་སོར་མོ་ལྔ་བསྡུས་པ་དང་དྲུག་ལ་མེ་ཏོག་རེ་རེ་བཞག་པས་ཟླ་བའི་དཀྱིལ་འཁོར་དྲུག་བཀོད་པ་ལ། མཐེ་བོང་ལ་ཨོཾ་ཧ་དཀར་པོ། མཛུབ་མོ་ལ་ན་མ་ཧིཿསེར་པོ། གུང་མོ་ལ་སྭཱ་ཧཱ་ཧུ་དམར་པོའོ། །མིང་མེད་ལ་བཽ་ཥ་ཊ་ཧེ་ནག་པོའོ། །མཐེའུ་ཆུང་ལ་ཧུཾ་ཧཱུྃ་ཧོཿདམར་སེར་རོ། །བསྡུས་པའི་སེན་མོ་ལ་ཕཊ་ཧྃ་ལྗང་གུ་བསམས་ལ། དེ་དག་ཡོངས་སུ་གྱུར་པ་ལས་གོ་རིམ་ཇི་ལྟ་བར། རྡོ་རྗེ་དང་། འཁོར་ལོ་དང་། པདྨ་དང་། རྡོ་རྗེ་གདེངས་པ་དང་། རིན་པོ་ཆེ་དང་། རལ་གྲི་རྣམས་ཇི་ལྟར་བརྗོད་པའི་ཁ་དོག་དང་། ཡི་གེ་རྣམས་ཀྱིས་མཚན་པའོ། །དེ་དག་ལས་འོད་ཟེར་སྤྲོ་བ་དང་བསྡུ་བ་དང་གཅིག་ཏུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། པདྨ་གར་དབང་དང་། དཔལ་ཧེ་རུ་ཀ་དང་། རྡོ་རྗེ་ཉི་མ་དང་། རྟ་མཆོག་རྣམས་ཇི་སྐད་བཤད་པའི་སྐུ་མདོག་དང་ལྡན་པ། རྡོ་རྗེ་སེམས་དཔའ་ནི་ཞལ་གསུམ་པ། རྩ་བ་དཀར་བ། གཡས་སྔོ་བ། གཡོན་དམར་བའོ། །ཕྱག་དྲུག་པ་སྟེ། རྡོ་རྗེ་དང་། དྲིལ་ཐོད། ཁ་ཊྭཱཾ་ག ཅང་ཏེའུ་དང་། མགོ་བོ་འཆང་། རྣམ་པར་སྣང་མཛད་ལ་སོགས་པ་ནི་ཞལ་གཅིག་པ། ཕྱག་བཞི་པ། གཡས་ཀྱི་དང་པོ་འཁོར་ལོ་ལ་སོགས་པ་རང་གི་མཚན་མ་འཛིན་པ། གཡོན་དང་པོ་དེས་མཚན་པའི་དྲིལ་བུ། གཡས་ཀྱི་གཉིས་པ་ན་ཌཱ་མ་རུ། གཡོན་གྱི་གཉིས་པ་ལ་ཐོད་པ་དང་གྲུ་མོར་ཁ་ཊྭཱཾ་གའོ། །ཐམས་ཅད་ཀྱང་རང་དང་མཚུངས་པའི་ཤེས་རབ་དང་གཉིས་སུ་མེད་པ་ཕྱག་རྒྱ་དྲུག་གིས་བརྒྱན་པ། གཡས་བརྐྱང་བས་བཞུགས་པར་བསམ་མོ། །ལག་པའི་མཐིལ་དུ་ཡང་གྲུབ་པའི་པདྨ་འདབ་མ་ལྔ་པ་བསམ་སྟེ་དེའི་ལྟེ་བ་ནས་བརྩམས་ཏེ་གཡོན་སྐོར་གྱིས་མེ་ཏོག་རེ་རེ་བཞག་པས་ཟླ་བའི་གདན་བསམས་པར་བྱས་ལ། ལྟེ་བར་ཨོཾ་བྃ་དམར་པོའོ། །འདབ་མ་རྣམས་ལ་ཤར་ནས་གཡོན་སྐོར་གྱི་རིམ་པས་ཧྃ་ཡོཾ་ནག་པོའོ། །ཧྲིཾ་མོཾ་དཀར་པོ་དང་། ཧྲིཾ་ཧྲིཾ་སེར་མོ་དང་། ཧཱུྃ་ཧཱུྃ་ལྗང་གུ་དང་། ཕཊ་ཕཊ་དུད་ཀའི་མདོག་ཅན་རྣམས་ཡོངས་སུ་གྱུར་པ་ལས་བྱུང་བའི་གྲི་གུག་སྟེ་རང་རང་གི་མདོག་དང་ས་བོན་གྱིས་མཚན་པའོ། །དེ་དག་ལས་སྤྲོ་བ་དང་། བསྡུ་བ་དང་གཅིག་དུ་གྱུར་པ་ལས། རྡོ་རྗེ་ཕག་མོ་དང་། གཤིན་རྗེ་མ་དང་། རྨོངས་བྱེད་མ་དང་། སྐྱོད་བྱེད་མ་དང་། སྐྲག་བྱེད་མ་དང་། གཏུམ་མོ་རྣམས་ཏེ། ཇི་སྐད་བཤད་པའི་སྐུ་མདོག་དང་ལྡན་པའོ། །རྡོ་རྗེ་ཕག་མོ་ནི་ཞལ་གསུམ་ཕྱག་དྲུག་མ་སྟེ། དབུས་མ་དམར་ཞིང་། གཡས་སྔོ་བ། གཡོན་ལྗང་བ། ཕྱག་དྲུག་ན། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །ཞགས་པ་ལྕགས་ཀྱུ་ཕྱག་ན་བསྣམས། །ཚངས་པའི་མགོ་དང་གྲི་གུག་བསྣམས། །དངོས་གྲུབ་ཐམས་ཅད་རབ་གསོལ་བའོ། །གཞན་རྣམས་ནི་ཞལ་གཅིག་ཕྱག་བཞི་མ་སྟེ། ཐོད་པ་དང་ཁ་ཊྭཱཾ་ག་དང་། དྲིལ་བུ་གཡོན་ནའོ། །གཡས་ཌཱ་མ་རུ་དང་གྲི་གུག་འཛིན་པའོ། །ཐམས་ཅད་ཀྱང་རང་དང་མཚུངས་པའི་ཐབས་དང་གཉིས་སུ་མེད་པ། རྡོ་རྗེ་ཕག་མོ་ནི་ཕྱག་རྒྱ་དྲུག་གིས་བརྒྱན་པ། གཞན་ནི་ཕྱག་རྒྱ་ལྔས་བརྒྱན་པའོ། །ཐམས་ཅད་ནི་གཡོན་བརྐྱང་པས་བཞུགས་པའོ། །དཔའ་བོ་རྣམས་ནི་སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །རྣལ་འབྱོར་མ་ཐམས་ཅད་ནི་ཕྱོགས་ཀྱི་གོས་ཅན་ནོ། །རྡོ་རྗེ་སེམས་དཔའ་ཕག་མོ་དང་། །ཡཱ་མཱི་ན་དང་རྣམ་སྣང་མཛད། །པདྨ་གར་དབང་རྨོངས་བྱེད་བཅས། །སྐྱོད་བྱེད་མ་དང་ཧེ་རུ་ཀ །རྡོ་རྗེ་ཉི་མ་སྐྲག་བྱེད་མ། །ཙཎྜི་ཀ་དང་རྟ་མཆོག་སྟེ། །གཉིས་མེད་སྦྱོར་བས་ཡང་དག་འཁྱུད། །ཡང་ན་སོ་སོར་བསྒོམ་པར་བྱ། །ཞེས་འབྱུང་ངོ་། །དེ་ལྟར་ལྷའི་རྣམ་པར་མི་ནུས་པ་རྣམས་ཀྱིས་ཡི་གེའི་རྣམ་པ་ཉིད་ལྷའི་རྣམ་པར་མོས་པར་བྱའོ། །ལག་པའི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་རྣམས་ཀྱང་། ལྟུང་བྱེད་མ་དང་། གསོད་བྱེད་མ་དང་། འགུགས་བྱེད་མ་དང་། གར་གྱི་དབང་ཕྱུག་མ་དང་། པདྨའི་དྲྭ་བ་ཅན་ཏེ་སྙིང་པོའི་རྣལ་འབྱོར་མ་ལྔར་མོས་པར་བྱའོ། །ལག་པའི་རྒྱབ་ཏུ་ནི་འཁོར་ལོ་གསུམ་པོ་གསལ་བར་བལྟ་བར་བྱའོ། །གལ་ཏེ་ཕྱིའི་མཆོད་པ་དང་འབྲེལ་བར་དེའི་རྗེས་ལ་བྱེད་ན་ནི་ཕྱིའི་དཀྱིལ་འཁོར་གྱི་གཟུགས་བརྙན་ཉིད་བལྟ་བར་བྱའོ། །དེ་ལྟར་ཐམས་ཅད་རྫོགས་པར་བྱས་ནས་ཐམས་ཅད་ཀྱང་ཕོ་ཉ་གསུམ་དབྱེར་མི་ཕྱེད་པའི་ངོ་བོར་མོས་པར་བྱའོ། །དེ་ནས་རང་རང་གི་སྔགས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་པར་བྱ་སྟེ། ཨོཾ་ཧཿན་མ་ཧཱིཿསྭཱ་ཧཱ་ཧུ། བཽ་ཥ་ཊ་ཧེ་ཧུཾ་ཧཱུྃ་ཧོ་ཕཊ་ཧཾ་ཞེས་བྱ་བས་སོར་མོ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པ་མཆོད་པར་བྱའོ། །ཨོཾ་བྃ་ཧྃ་ཡོཾ་ཧྲིཾ་མོཾ་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་བྱ་བས་ནི་ལག་པའི་མཐིལ་དུ་རྡོ་རྗེ་ཕག་མོ་ལ་སོགས་པ་མཆོད་པར་བྱའོ། །ལྷག་མ་རྣམས་ལ་ནི་ཕྱིའི་མཆོད་པའི་སྐབས་སུ་བསྟན་པ་ལྟར་སྔར་རྒྱས་པར་སོ་སོར་དབུལ་བའམ། ཡང་ན་ནི་ཐམས་ཅད་ལ་རྩ་བའི་སྔགས་དང་། སྙིང་པོ་དང་ཉེ་བའི་སྙིང་པོ་རྣམས་ཀྱིས་དབུལ་བར་བྱའོ། །དེ་ལ་དང་པོ་ནི་མེ་ཏོག་གིས་སོ། །དེ་ནས་བདུག་པ་ལ་སོགས་པ་བཞིའོ། །དེ་ནས་ཞུ་བའི་རྫས་ཀྱིས་སོ། །མཐར་གོང་བུའི་རྫས་ཀྱི་མཆོད་ལ། གང་ཡང་རུང་བས་བསྟོད་ལ། ཆོ་ག་ལྷག་པ་དང་མ་ཚང་བ་ཁ་བསྐང་བའི་དོན་དུ་ཡི་གེ་བརྒྱ་པ་བཟླས་ཏེ། འཁོར་ལོ་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །ཕྱེད་ནི་སྣོད་གཞན་དུ་བཞག ཕྱེད་ནི་ཙཱ་རུའི་བཟའ་བར་བྱས་ལ་བསྲེ་བར་བྱའོ། །དེ་ནས་ཡང་ལག་པའི་མཐིལ་དུ་འབྱར་བའི་རྫས་གཡས་པའི་སྲིན་ལག་གིས་བླངས་ལ་སྙིང་ག་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་ཧཱུྃ་ཨཱཿཨོཾ་ཞེས་བརྗོད་ནས་བྱུག་པར་བྱའོ། །དེ་ནས་ཡང་ལག་པ་ལ་ཆང་གིས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་གཏོར་ལ་ཕན་ཚུན་མཉེས་ཏེ་ལུས་ཐམས་ཅད་ལ་བྱུགས་ལ་ལྷའི་འཁོར་ལོ་དེ་བདག་ཉིད་ལ་གཞུག་པར་བྱའོ། །སྔགས་ཀྱང་བརྗོད་དོ། །དེ་ནས་ཡོངས་སུ་སྦྱངས་པའི་ཁ་ཟས་རྣམས་ནང་གི་སྦྱིན་སྲེག་གི་ཚུལ་གྱིས་གཡོན་གྱིས་ཀུན་དུ་སྤྱོད་པས་ལོངས་སྤྱོད་པར་བྱའོ། །ལག་པ་ལ་མཆོད་པའི་ཆོ་ག་རྒྱས་པར་བྱས་པའོ། །ཞེས་གསུངས་པ་ལྟར་ཉམས་སུ་བླང་བར་བྱའོ། །དེ་ལྟར་ལག་པ་མཆོད་པར་བྱས་པ་དེས། དཀོན་མཆོག་དང་། འབྱུང་པོའི་ཕུད་ཀྱི་བྱ་བ་གཞན་ནས་འབྱུང་བ་བཞིན་བྱས་ལ། དེ་ནས་བདག་གི་ལུས་ཕྱིའི་ཧེ་རུ་ཀ་ལ། ལུས་ཀྱི་དཀྱིལ་འཁོར་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཡིན་པར་མོས་པ་དང་། ཁྱད་པར་དུ་མེ་ལྟེ་བ་ནས་སྙིང་ག་ལ་ཡར་འབར་ཏེ། སྙིང་གའི་མེའི་དབུས་ན་བཅོམ་ལྡན་འདས་ཧེ་རུ་ཀ་ཡབ་ཡུམ་ཙམ་མམ། ལྷ་བཅུ་གསུམ་ཙམ་མམ། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་རྫོགས་པ་གང་རུང་གསལ་པོར་དམིགས་ལ། ཁ་ནི་སྦྱིན་སྲེག་གི་ཐབ་ཁུང་། ལུས་ནི་ལྷའི་དཀྱིལ་འཁོར། ལག་པ་ནི་གཟར་བུ། ཁ་ཟས་ནི་བསྲེག་རྫས་སུ་བསམས་ལ། ལྷ་མཆོད་པའི་བསམ་པས་ཐོག་མར་ལག་པ་གཡོན་པས་ལོངས་སྤྱད་པར་བྱའོ། །ལག་པ་གཡོན་པས་རྟག་ཏུ་མི་བྱེད་ནའང་། གཡོན་གྱི་ཀུན་དུ་སྤྱོད་པ་ཡིན་པའི་ཕྱིར། ཁམ་དང་པོ་ལག་པ་གཡོན་པས་ལོངས་སྤྱད་ལ་དེ་ནས་ཅི་བདེར་སྤྱད་དོ། །ཁ་ཟས་ཀྱི་རྣལ་འབྱོར་གྱི་དུས་སུ་ལས་བཞིའི་མཐའ་རྟེན་གྱི་སྔགས་དང་། སྙིང་གའི་ཧེ་རུ་ཀའི་ཞལ་གྱི་ཁ་དོག ཞི་བ་ལ་དཀར་པོ་ཞེས་བྱ་བ་ལ་སོགས་པར་བསྒྱུར་ཞིང་། ཁ་ཟས་ཀྱི་མཆོད་པ་བྱས་ན་ལས་བཞི་པོ་གང་ལ་དམིགས་པ་འགྲུབ་པར་འགྱུར་རོ་ཞེས་གསུངས་སོ། །ཁ་ཟས་ཀྱི་རྗེས་ལ་ལྷག་མའི་གཏོར་མས་འབྱུང་པོ་ཚིམ་པར་བྱ་བ་དང་། སྦྱིན་སྲེག་གི་རྗེས་དང་མཐུན་པར། བདག་མེད་པར་དྲན་པར་བྱས་ལ་ངལ་བསོ་བར་བྱའོ། །དེ་ལྟར་རིམ་པ་གཉིས་བརྟན་པར་བྱེད་པའི་སྤྱོད་པ་ནི། རྣལ་འབྱོར་མ་ཀུན་སྤྱོད་དང་། སློབ་དཔོན་གྱི་གཞུང་གཉིས་ཀ་ལས། དག་པ་དྲན་པའི་རྗེས་སུ་གཞུང་ཅུང་ཟད་ཅིག་འབྱུང་བས། དེ་བརྗོད་ན་རང་དོན་གྱི་སྤྱོད་པ་དང་། གཞན་དོན་གྱི་སྤྱོད་པ་གཉིས། དང་པོ་ལ་བསྐྱེད་རིམ་བརྟན་པར་བྱེད་པ་སྤྲོས་བཅས་ཀྱི་སྤྱོད་པ་དང་། རྫོགས་རིམ་བརྟན་པར་བྱེད་པ་སྤྲོས་མེད་ཀྱི་སྤྱོད་པ་གཉིས། དང་པོ་ནི་འབྱོར་པ་དང་བཅས་པས་ཀུན་ཏུ་སྤྱོད་ན་བསྐྱེད་པའི་རིམ་པ་ཅུང་ཟད་བརྟན་པ་དེས་ཚོགས་ཀྱི་ཁང་པ་སུམ་རིམ་བརྩིགས་ལ། ནང་མའི་ནང་དུ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་འབག་དང་། ང་རྒྱལ་འཛིན་པའི་དཔའ་བོ་དང་། དཔའ་མོ་དྲུག་ཅུ་རྩ་གཉིས། དཀྱིལ་འཁོར་གྱི་རྣམ་པའི་ཚུལ་དུ་བཀོད་པ་ཐམས་ཅད་ཀྱིས་ཀྱང་མངོན་པར་རྟོགས་པ་ཚུལ་གཅིག་ཏུ་བསྒོམ། རིམ་པ་གཉིས་པ་ལ་རྡོ་རྗེ་མའི་ང་རྒྱལ་འཛིན་པ་གྲངས་ཅི་རིགས་པ་བཀོད་ལ་ཚོགས་ཀྱི་འཁོར་ལོའི་ཁ་ཟས་ཀྱི་གཡོས་བྱ་ཞིང་། ཐུན་མཚམས་རྣམས་སུ་ཕྱི་ནང་ན་གནས་པ་རྣམས་ལ་ཚོགས་ཀྱི་འཁོར་ལོའི་སྟོན་མོ་དྲང་བར་བྱའོ། །རིམ་པ་ཐ་མར་གླུ་ལེན་པ་དང་གར་བྱེད་པ་ལ་སོགས་པའི་རྣལ་འབྱོར་རིག་མ་བཅུ་དྲུག་གི་ང་རྒྱལ་འཛིན་ཅིང་དཀྱིལ་འཁོར་མཆོད་པའི་བསམ་པ་དང་ལྡན་པ་དགོད་དོ། །དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིའམ་དྲུག་ཏུ་ཚོགས་ཀྱི་འཁོར་ལོ་བྱ་ཞིང་། ལོའམ་ཟླ་བ་དུ་མར་བསྒྲུབས་ནས་བསྐྱེད་པའི་རིམ་པའི་དམིགས་པ་ཤིན་ཏུ་བརྟན་པར་བྱེད་པ་ཡིན་ནོ། །ཡོ་བྱད་འབྱོར་པ་དེ་ཙམ་མེད་པས་རང་ཉིད་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པ། རྒྱན་དྲུག་བགོས་ལ་ཌཱ་མ་རུ་དང་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པས་ཐུན་དྲུག་གམ་གསུམ་དུ་བསྐྱེད་རིམ་བརྟན་པར་བྱ་ཞིང་བསྒོམ་པ་ཡིན་ནོ། །རྫོགས་རིམ་བརྟན་པར་བྱེད་པ་སྤྲོས་མེད་ཀྱི་སྤྱོད་པ་ནི་མཉམ་གཞག་གི་དུས་སུ་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པ་སྙམ་བྱེད་ན་དེ་བརྟན་ནམ་མི་བརྟན་བརྟག་པའི་དོན་དུ་མཚན་མོ་ལམ་ཀའི་གཞི་མདོ་ལ་སོགས་པར་ཕྱིན་ཏེ་ཡུལ་རྣམས་ཉེ་བར་ལོངས་སྤྱོད་ནས་རྣམ་པར་རྟོག་པ་སྐྱེའམ་མི་སྐྱེ་རྟོག་ཅིང་བརྟན་པར་བྱེད་པ་ཡིན་ནོ། །ཉིན་མོའི་དུས་སུ་ནི་བྲམ་ཟེ་ལ་སོགས་པ་རང་གི་རིགས་དང་མཐུན་པའི་སྤྱོད་པས་གནས་པར་བྱ་བ་ཡིན་ནོ། །གཉིས་ཀ་བརྟན་པར་བྱེད་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། སྤྲོས་མེད་ཀྱི་སྤྱོད་པས་ཐ་མལ་གྱི་རྣམ་རྟོག་མི་སྐྱེ་བར་ངེས་པར་བརྟན་པ་དང་། རང་གི་ཡུལ་འཁོར་ཡོངས་སུ་སྤངས་ཏེ་རང་གི་རིགས་དང་རུས་དང་ཆོ་འབྲང་ལ་སོགས་པ་ཐམས་ཅད་གསང་ནས་སྨྱོན་པར་བརྫུས་ཏེ། སྨྱོན་པའི་སྦྱོར་བས་རང་གི་རྟོགས་པའི་ཡེ་ཤེས་ཀུན་ཏུ་སྐྱོང་ཞིང་བརྟན་པར་བྱེད་པ་ཡིན་ནོ། །གཞན་གྱི་དོན་གྱི་སྤྱོད་པ་ནི་ཤིན་དུ་སྤྲོས་མེད་ཀྱི་སྤྱོད་པས་ཡེ་ཤེས་ཤིན་དུ་བརྟན་ནས་ནུས་པ་ཆེན་པོ་སྐྱེས་པ་དེའི་ཚེ་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་སྤྱོད་པས་རྣལ་འབྱོར་པར་ཁས་བླངས་ནས་སློབ་དཔོན་བིརྺ་པའམ། སློབ་དཔོན་ལཱུ་ཧི་པ་བཞིན་དུ་གཞན་དོན་གྱི་སྤྱོད་པ་བྱེད་པ་ཡིན་ནོ། །དེ་ལ་སློབ་དཔོན་ལཱུ་ཧི་པའི་དགོངས་པ་ཇོ་བོ་ནཱ་རོ་ཏ་པས་བསྐང་བས་མངོན་པར་རྟོགས་པ་འདི་སྐུ་གསུམ་ལམ་དུ་བྱེད་པའི་སྒྲུབ་ཐབས་ཡིན་ཏེ། དེ་ཡང་བློའི་སྤྱོད་ཡུལ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་བཞག་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་བཞག་པ་དང་། མངོན་པར་རྟོགས་པ་གཅིག་ལ་སྐུ་གསུམ་དུ་བཞག་པའོ། །དང་པོ་ནི་བདག་གི་བློ་སྣང་གི་དཀྱིལ་འཁོར་ནི་ཞིང་སྐྱེས་ཀྱིས་སྤྲུལ་ལ། ཞིང་སྐྱེས་ཉིད་ཀྱང་ལྷན་སྐྱེས་ཀྱིས་སྤྲུལ་པའི་ཕྱིར་དེ་གཉིས་ཀའང་སྤྲུལ་པའི་སྐུའོ། །ལྷན་སྐྱེས་ནི་གནས་འཕོ་བ་མེད་པའི་ཚུལ་གྱིས་ཟག་པ་མེད་པའི་བདེ་བ་དང་། ཆོས་ལ་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུའོ། །ཆོས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཉིད་དོ། །གཉིས་པ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་འཇོག་ན། བདེ་བ་ཆེན་པོའི་འཁོར་ལོ་ནི་ཆོས་ཀྱི་སྐུ། འཁོར་ལོ་གསུམ་ནི་ལོངས་སྐུ། སྒོ་མཚམས་མ་བརྒྱད་ནི་སྤྲུལ་པའི་སྐུའོ། །མངོན་པར་རྟོགས་པ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་འཇོག་ན། ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་སྤྲུལ་པའི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས། ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱིས་བྱིན་གྱིས་བརླབས་པ་དང་བཅས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས། རྫོགས་པའི་རིམ་པ་སྤྱོད་པ་དང་བཅས་པ་ཆོས་ཀྱི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས་སོ། །དེ་ལ་འབྲིང་བསྡུས་ཀྱི་དབང་དུ་བྱས་ན་ཕྱིའི་དཀྱིལ་འཁོར་མེད་པས་ལུས་ལ་ལྷ་རྣམས་རྫོགས་པར་བསྐྱེད་པ་ཙམ་ནི་སྤྲུལ་པའི་སྐུ་ཡིན་ལ། བསྐྱེད་པ་གསལ་གདབ་པ་དང་། ཐིམ་པའི་ཚུལ་གྱིས་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། རྫོགས་པའི་རིམ་པ་སྤྱོད་པ་དང་བཅས་པ་ནི་ཆོས་ཀྱི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས་ཡིན་ནོ། །བཞི་པ་དེ་ལྟར་བསྒོམས་པའི་འབྲས་བུ་ལ་གསུམ་སྟེ། ཞི་སོགས་བྱ་བ་དམན་པའི་དངོས་གྲུབ་དང་། འབྲིང་གྲུབ་པ་ཆེན་པོ་བརྒྱད་དང་མཁའ་སྤྱོད་ཀྱི་དངོས་གྲུབ་དང་། རབ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྐུ་གསུམ་གྱི་རང་བཞིན་སངས་རྒྱས་ཀྱི་ས་རྡོ་རྗེ་འཛིན་པ་ཉིད་འགྲུབ་པ་ཡིན་ནོ། །དེ་ལ་མཁའ་སྤྱོད་ཀྱི་དངོས་གྲུབ་ནི་གཞུང་ལས། འཕོ་བའི་ཚེ་ན་རྣལ་འབྱོར་པ། །ཞེས་པ་ནས། མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་པའི་བར་ཏེ། ཀུན་སྤྱོད་ལེའུ་བཅུ་བདུན་པ་ལས། རྣལ་འབྱོར་པ་ནི་འཕོ་བའི་ཚེ། །དཔལ་ལྡན་ཧེ་རུ་ཀ་ལ་སོགས། །དཔའ་བོ་དག་ནི་ཐམས་ཅད་དང་། །རྣལ་འབྱོར་མ་ནི་ཇི་སྙེད་པ། །ལག་ན་མེ་ཏོག་སྣ་ཚོགས་བསྣམས། །བ་དན་རྒྱལ་མཚན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུས་ནི་ཉེ་བར་མཆོད། །འཆི་བ་ཞེས་པ་རྣམ་རྟོག་སྟེ། །མཁའ་ལ་སྤྱོད་པའི་གནས་སུ་ཁྱེར། །དེ་ལྟར་དཔའ་བོ་ཆེན་པོ་དང་། །རྣལ་འབྱོར་མ་ནི་ས་སྟེང་དཀོན། །ཞེས་གསུངས་པའི་དོན་དུ་སྣང་ངོ་། །གལ་ཏེ་མཁའ་སྤྱོད་ཀྱི་གོ་འཕང་འཆི་ཁར་མ་ཐོབ་ན། འཁོར་ལོས་སྒྱུར་བ་ལ་སོགས་པ་མཐོ་རིས་ཀྱི་རྟེན་ལ་ལམ་ལྷག་མ་རྣམས་བགྲོད་པར་བྱེད་དེ། དེ་ཉིད་ལས། བསམ་གཏན་གྱི་ནི་བསམ་ཙམ་མམ། །འདོན་ཅིང་ཀློག་གམ་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་འགྱུར་ཏེ། །ཡང་ན་འཁོར་ལོས་སྒྱུར་ཉིད་འགྱུར། །ཞེས་གསུངས་སོ། །རབ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ནི། གློ་བོ་ལོ་ཙཱ་བ་དང་། དམར་གྱིས། རྫོགས་རིམ་གྱི་གཤམ་དུ། བསམ་གྱིས་མི་ཁྱབ་དེ་བསམ་ན། །དེ་ལས་གཟུངས་ནི་ཐོབ་པར་འགྱུར། །ཞེས་པས་བསྟན་པར་བཞེད་དེ་བསྐྱེད་རིམ་གྱི་མཐར། རྫོགས་རིམ་བསམ་གྱིས་མི་ཁྱབ་པ་ལྔ་བསམ་ན། ཕན་ཡོན་འབྲས་བུ་ནི་གཟུངས་ཀྱི་སྐད་དོད། དྷ་ར་ཅེས་པ་འཛིན་པ་སྟེ། སངས་རྒྱས་ཀྱི་ཡོན་ཏན་སྟོབས་དང་། མི་འཇིགས་པ་ལ་སོགས་པའི་རྒྱན་མ་ལུས་པ་འཛིན་ཅིང་ཐོབ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་ཅིང་། རྗེ་བཙུན་གྱིས་ནི་ཀུན་སྤྱོད་ལེའུ་བཅུ་གསུམ་པ་ལས། བསྟན་པ་ཡིས་ནི་སྤྲུལ་པ་ཡིན། །བཤད་པས་ལོངས་སྤྱོད་རྫོགས་པར་འདོད། །སོ་སོ་བསྟན་པ་མ་ལུས་ཉིད། །མྱ་ངན་འདས་པ་དེ་ཉིད་བསྟན། །སྐུ་གསུམ་འཁོར་ལོ་གསུམ་དུ་བཤད། །ཆོས་དང་ལོངས་སྤྱོད་སྤྲུལ་མཚན་ཉིད། །ཅེས་གསུངས་པ་ལྟར་སྐུ་གསུམ་ཉིད་ལ་བཞེད་དེ། བཅུ་གསུམ་རྡོ་རྗེ་འཛིན་པའི་སར། །གློ་བུར་གྱི་དྲི་མ་མ་ལུས་པ་དང་བྲལ་བའི་ཚེ་སྣང་བའི་དངོས་པོ་ཐམས་ཅད་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ངོ་བོར་སྡོམ་པ་ནི་ཆོས་ཀྱི་སྐུ་དང་། དེ་ཉིད་འོག་མིན་དུ་གདུལ་བྱ་དག་པ་རྣམས་ལ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་ཤར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེ་ཉིད་གདུལ་བྱ་གྲུབ་པའི་ས་ལ་གནས་པ་རྣམས་ལ་སྤྲུལ་པ་མཆོག་གི་དཀྱིལ་འཁོར་དུ་ཤར་བ་ནས། རིགས་ཅན་གསུམ་ལ་ཤཱཀྱ་ཐུབ་པ་ལ་སོགས་པ་དང་། རི་བོང་དང་། སྟག་དང་། སེང་གེ་དང་། གཟིངས་དང་ཟམ་པ་ལ་སོགས་པའི་རྣམ་འཕྲུལ་མཐའ་ཡས་པས་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་མཛད་པ་ནི་སྤྲུལ་པའི་སྐུར་བཞེད་ཅིང་། དེ་དག་གི་ཕྲིན་ལས་ཐམས་ཅད་ཀྱང་སྐུ་གསུམ་གྱི་ཕྲིན་ལས་ཡིན་པར་བཞེད་དོ།། །།དགེ་ལེགས་ཐར་པའི་ཡོན་ཏན་མ་ལུས་པ། །གང་ལ་བརྟེན་ནས་བདེ་བླག་བསྒྲུབ་ནུས་པའི། །ལུས་རྟེན་ཕུན་ཚོགས་དལ་བ་ཐོབ་དུས་འདིར། །རིན་ཆེན་སངས་རྒྱས་བསྟན་ལ་འཇུག་པར་རིགས། །དེ་ལའང་ཕ་རོལ་ཕྱིན་པའི་སྡེ་སྣོད་ལས། །བསྒྲུབ་བྱའི་དོན་གཅིག་སྒྲུབ་བྱེད་རྣམ་བཞི་ཡིས། །བསྒྲུབ་པའི་ཚུལ་གྱིས་ཁྱད་པར་ཆེས་འཕགས་པའི། །རྡོ་རྗེ་ཐེག་པ་སྙིང་པོར་བླང་བྱ་ཡིན། །ཟབ་མོའི་རྒྱུད་ལའང་བྱ་སྤྱོད་རྣལ་འབྱོར་དང་། །རྣལ་འབྱོར་ཆེ་དང་གསང་དང་གསང་བའི་མཐའི། །རྒྱུད་སྡེ་དྲུག་གི་རྩེར་སོན་སྡོམ་པའི་རྒྱུད། །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་ཡིན། །ཚུལ་འདི་ཕྱེ་ལ་འགྲན་པའི་ཟླ་མེད་པ། །གྲུབ་པའི་འཁོར་ལོས་སྒྱུར་བ་ལཱུ་ཧི་པས། །ལེགས་པར་བཀྲལ་བའི་མངོན་པར་རྟོགས་པའི་གཞུང་། །ཇི་བཞིན་བཤད་པའི་བསྟན་བཅོས་འདི་བྱས་སོ། །ཐོག་མར་སྐུལ་བྱེད་ཐར་པའི་ལམ་ཞུགས་པ། །དད་ལྡན་བསོད་ནམས་རིན་ཆེན་བསམ་པ་ཚིམ། །བར་དུ་སྐུལ་བྱེད་བློ་གསལ་འདུས་པའི་ཚོགས། །ཀུན་ཀྱང་འདི་ལ་དགའ་བས་རྗེས་ཡི་རང་། །ཐ་མར་རྩེ་གཅིག་གསོལ་བ་འདེབས་བྱེད་པ། །འཇིག་རྟེན་བྱ་བ་བཏང་ནས་དམ་པའི་ཆོས། །བརྩོན་པས་སྒྲུབ་བྱེད་ཀུན་དགའ་མཆོག་ལྡན་གྱི། །དགོངས་པ་དབྱར་གྱི་མཚོ་བཞིན་གང་བར་གྱུར། །སྦས་པའི་སྙན་བརྒྱུད་ཧ་ཅང་གསལ་སྟོན་དང་། །བྱིས་བློ་གནས་ལུགས་དོན་ལས་གོལ་བ་དང་། །མ་འབྲེལ་འགལ་བའི་ཚིག་སྦྱོར་ཅི་མཆིས་པ། །བླ་མ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །འདི་བགྱིས་པ་ལས་ངལ་བར་གྱུར་པའི་དགེ་ཚོགས་དྲི་མེད་སྟོན་ཀའི་ཟླ་ལྟར་དཀར་བའམ། །སེམས་ཀྱི་མཚོ་ལ་པདྨོས་ཁེབས་པ་ལྟ་བུ་གང་ཞིག་ཐོབ་པ་དེ་ཡིས་ལུས་ཅན་ཀུན། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བརྩེ་བའི་གླང་ཆེན་ཁུར་གྱིས་མཁའ་སྤྱོད་གནས་སུ་ལེགས་ཁྲིད་ནས། །སྤྲུལ་པའི་ལུས་ཀྱིས་སངས་རྒྱས་ཞིང་སྦྱངས་སེམས་ཅན་སྨིན་བྱས་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །བདག་ཀྱང་དེང་ནས་བྱང་ཆུབ་མ་ཐོབ་བར། །སངས་རྒྱས་ཀུན་གྱིས་བསྔགས་པའི་ཞིང་གི་མཆོག །བདེ་བ་ཅན་དུ་གྲགས་པ་དེར་སྐྱེས་ནས། །འོད་དཔག་མེད་པའི་ཞལ་མཆོག་མཐོང་བར་ཤོག །ཆོས་ཚུལ་འདི་ཡང་སྲིད་པའི་མཐར་ཐུག་བར། །བླ་མ་ལ་གུས་དད་དང་སྙིང་རྗེར་བཅས། །དམ་ཚིག་སྡོམ་ལྡན་འགྲོ་བ་མ་ལུས་པ། །རྟག་ཏུ་བརྟེན་པའི་ཕྲིན་ལས་དབང་བསྒྱུར་ཤོག །དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་བསྐྱེད་པའི་རིམ་པའི་རྣམ་པར་བཤད་པ་འདོད་དགུ་སྦྱིན་པའི་དཔག་བསམ་ལྗོན་པ་ཞེས་བྱ་བ་འདི་ནི་སྒོམ་སྡེའི་ཡུལ་དུ་སྐྱེས་པའི་དགེ་སློང་བློ་གསལ་ཞིང་དད་པ་དང་ལྡན་པ་བསོད་ནམས་རིན་ཆེན་གྱིས། བདེ་མཆོག་ལཱུ་ཧི་པའི་རྣམ་བཤད་གསང་མཐའི་ཟབ་དོན་འདུས་པ་ཞིག་གྱིས་ཤིག་ཅེས་རྒྱང་རིང་པོ་ནས་གསོལ་བ་བཏབ་པ་དང་། བར་དུ་དོན་གཉེར་དུ་མས་བསྐུལ་ཞིང་། མཐར་སྐྱེས་བུ་དུ་མས་འཕྲལ་དུ་བསྐུལ་བའི་ངོར། རྡོ་རྗེ་འཛིན་པ་མཆོག་གི་ས་བརྙེས་པ་རྗེ་བཙུན་ཀུན་དགའ་བཟང་པོའི་ཞལ་སྔ་ནས་དང་། འཇིག་རྟེན་དབང་ཕྱུག་དང་མི་གཉིས་པའི་ཐུགས་མངའ་བ་མུས་ཆེན་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་གསུང་ལས་སྐྱེས་པ་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་གསང་མཐའི་རྒྱུད་འགྲེལ་གཞུང་ཕྲན། མན་ངག་རྣམས་ལ་ཡུན་རིང་དུ་འདྲིས་པར་བྱས་ནས་མེ་ཕོ་རྟའི་ལོ་ལ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོའོ།། །།བཀྲ་ཤིས་པར་གྱུར་ཅིག །དགེའོ།། ༈ །།རིམ་པ་བཞི་པའི་ཁྲིད་ཡིག་གསུང་སྒྲོས་མ་བཞུགས་སོ།། །། ༄༅། །སྐུ་གསུམ་ལྷུན་གྲུབ་གཞིར་གནས་རྩ་ཁམས་ལ། །ཨཾ་ཡིག་འོད་ཀྱིས་བྱང་སེམས་བཞུས་པ་ལས། །ཡས་འབབ་མས་བརྟན་དགའ་བཞིའི་རིམ་གྱིས་ནི། །གསང་བ་སྒྲུབ་མཛད་རྗེ་བཙུན་བླ་མ་རྒྱལ། །གང་གི་ཞབས་པད་བསྟེན་པའི་བཀའ་དྲིན་ལས། །ཚུལ་བཞིན་རྙེད་པ་ཤེས་བྱ་རྒྱུད་ཀྱི་རིམ། །ཉམས་ལེན་སྔགས་དང་སྐྱེ་བ་ཡེ་ཤེས་དང་། །འབྲས་བུ་གསང་བའི་རིམ་པ་འདིར་བརྗོད་བྱ།། །།རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྤྱོད་པའི་རྡོ་རྗེའི་དགོངས་པས་འཁོར་ལོ་བདེ་མཆོག་གི་ལམ་གྱི་རིམ་པ་ནི། སྐལ་བ་དང་ལྡན་པའི་རྟེན་གྱི་གང་ཟག་ལ། སྦྱིན་བྱ་བཞི་བྱིན་ནས་བསླབ་བྱ་གཉིས་ལ་བསླབས་ཏེ། གྲོགས་སྤྱོད་པ་གསུམ་གྱིས་མཚམས་སྦྱར་བས། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་འགྲུབ་པ་ཞིག་ཡིན་པར་བཞེད་དོ། །དེ་ལ་སྐལ་བ་དང་ལྡན་པའི་རྟེན་གྱི་གང་ཟག་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རིམ་པ་བཞིན་བློ་སྦྱངས་ནས། རྡོ་རྗེ་ཐེག་པའི་སྣོད་རུང་དུ་བྱས་པའི་སྐལ་དམན་རིམ་གྱིས་འཇུག་པའམ། སྐྱེ་བ་སྔ་མ་ནས་ཐེག་པ་ཆེན་པོའི་ལམ་ལ་གོམས་པའི་སྟོབས་ཀྱིས་ཚེ་འདིར་དང་པོ་ཉིད་ནས་སེམས་ཅན་ཀྱི་དོན་དུ་ཕྱག་ཆེན་མཆོག་གི་དངོས་གྲུབ་ཐོབ་པར་འདོད་པའི་སྐལ་ལྡན་ཅིག་ཆར་བ་གང་ཡང་རུང་བའོ། །དེ་ལ་སྦྱིན་བྱ་བཞི་བྱིན་པ་ནི་འཁོར་ལོ་བདེ་མཆོག་ལྷ་མངལ་སྐྱེས་ལྟར་བསྐྱེད་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་བཞི་ཚུལ་བཞིན་ཐོབ་པའོ། །དེས་བསླབ་བྱ་གཉིས་ལ་བསླབ་པ་ནི། རིམ་པ་གཉིས་ལ་བསླབ་པ་སྟེ། འདི་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ་ཚོགས་གསོག་པར་བྱེད་པར་མཎྜལ་གྱི་ཁྲིད། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར། སྡིག་པ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་གསུམ་གྱི་དང་པོ་གཉིས་ཕྱོགས་གཅིག་ཏུ་ཉམས་སུ་ལེན་པ་ནི། གནས་དབེན་པར་མཎྜལ་དང་། ཚོམ་བུའི་རྒྱུ་རྣམས་འདུས་བྱས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས་མདུན་གྱི་ནམ་མཁའི་སྟེང་གི་ཆ་ལ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་། ཟླ་བའི་གདན་གྱི་སྟེང་དུ། རྩ་བའི་བླ་མ་རྗེ་བཙུན་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན། སྐུ་མདོག་དམར་པོ་ཞལ་གཅིག་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཕྱག་ན་རྡོ་རྗེ་ལ་སོགས་པ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་བསྐོར་བ་དང་། འོག་གི་ཆ་ལ་འཁོར་ལོ་བདེ་མཆོག་ལྷ་སུམ་ཅུ་སོ་བདུན་གྱི་དཀྱིལ་འཁོར་མངོན་སུམ་ལྟར་དམིགས་ནས་མཎྜལ་ཚོམ་བུ་བདུན་པ་དབུལ་ཏེ། ཚར་བདུན་བདུན་གྱི་རྗེས་སུ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བཟང་པོ་སྐྱེ་བར་གསོལ་བ་གདབ་པ་ཡུན་རིང་དུ་བྱའོ། །གསུམ་པ་ནི། ཨ་བྷི་དྷ་ན་ནས་གསུངས་པའི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྡིག་པ་དག་པའི་མཚན་མ་ནམ་བྱུང་གི་བར་དུ་བྱའོ། །གཉིས་པ་ལ་བསྐྱེད་རིམ་ལ་བསླབ་པ་དང་། རྫོགས་རིམ་ལ་བསླབ་པ་གཉིས་ལས། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པའི་བར་འཁོར་ལོ་བདེ་མཆོག་མངལ་སྐྱེས་ཀྱི་མངོན་པར་རྟོགས་པ་ཚང་བར་བསྒོམས་ནས། དེ་ནས་གཙོ་བོའི་ཞལ་དང་། སྤྱན་དང་། ཕྱག་མཚན་དང་། འཁོར་གྱི་ལྷ་དང་། གཞལ་ཡས་ཁང་པ་དང་། སྣོད་བཅུད་ཐམས་ཅད་ཀྱང་རྟེན་དང་བརྟེན་པར་བསྒོམས་ཏེ་བསྐྱེད་རིམ་ལ་སེམས་འཛིན་ནོ། །མཇུག་ཏུ་སྔགས་ཀྱི་བཟླས་པ་ཅུང་ཟད་དང་། དཀྱིལ་འཁོར་གྱི་འཁོར་ལོ་སྣ་བུག་གཉིས་ནས་སྙིང་གར་བསྡུས་ཏེ། གོ་ཆ་གསུམ་དང་། ཚམ་རྔམ་སྔགས་ཀྱི་བསྲུང་བ་བྱས་ནས་རྗེས་སྤྱོད་ལམ་ལ་འཇུག་གོ །དེ་ལྟ་བུའི་ཚུལ་གྱིས་སྣང་བའི་དངོས་པོ་ཐམས་ཅད་ལྷར་མ་ཤར་གྱི་བར་དུ་བསྒོམ་པར་བྱའོ། །གཉིས་པ་ནི། སློབ་དཔོན་འདིས་བླ་མེད་སྤྱིའི་རྫོགས་པའི་རིམ་པ་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་མཛད་དེ། ཕ་རྒྱུད་གསང་བ་འདུས་པ་དང་མ་རྒྱུད་འཁོར་ལོ་བདེ་མཆོག་གཉིས། རྗོད་བྱེད་གླེང་གཞིའི་ཡི་གེ་ཐ་དད་ཀྱང་བརྗོད་བྱ་རིམ་པ་བཞི་སྟོན་པར་མཚུངས་པའོ། །མ་རྒྱུད་སྤྱིའི་རྫོགས་པའི་རིམ་པ་རིམ་པ་བཞི་པ་མཛད་དེ། ཀྱེ་རྡོ་རྗེ་དང་འཁོར་ལོ་བདེ་མཆོག་གཉིས། རྗོད་བྱེད་གླེང་གཞིའི་ཡི་གེ་ཐ་དད་ཀྱང་བརྗོད་བྱ་རིམ་པ་བཞི་སྟོན་པར་མཚུངས་པའོ། །འཁོར་ལོ་བདེ་མཆོག་གི་ཐུན་མོང་མ་ཡིན་པའི་རྫོགས་པའི་རིམ་པ་དཔྱིད་ཀྱི་ཐིག་ལེ་མཛད་དེ། སཾ་བུ་ཊིའི་བརྟག་པ་དྲུག་པ་ནས་སྙིང་གའི་ཧཱུྃ་གི་ནང་གི་བྱང་ཆུབ་ཀྱི་སེམས་དཔྱིད་དང་། ལྟེ་བའི་ཨཾ་ཐིག་ལེ་གཉིས་སྙོམས་པར་འཇུག་པའི་རྫོགས་རིམ་བསྒོམ་ཚུལ་གསུངས་པ་དེ་སྟོན་པའོ། །རིམ་པ་བཞི་པ་འདི་ལའང་འབྲོག་མི་ནས་བརྒྱུད་པ་ལམ་སྐོར་དགུའི་ཁོངས་སུ་གཏོགས་པ་དང་། ནཱ་རོ་ཏ་པ་ནས་བརྒྱུད་པ་གསང་མཐའ་བའི་ལུགས་གཉིས་ལས། ཕྱི་མ་ལ་རྗེ་ས་ཆེན་གྱིས་ནག་འབུམ་དུ་རིམ་བཞིའི་བསྡུས་དོན་དང་། ཐོ་ཡིག་གཉིས། ལོགས་སུ་རིམ་བཞི་ལམ་སློང་དང་གསུམ་མཛད་ཅིང་འདི་དང་པུ་ཧྲངས་ལོ་ཆུང་གི་དངོས་སློབ་དམར་བརྩོན་འགྲུས་རྒྱལ་མཚན་གྱིས་མཛད་པའི་རིམ་བཞི་གཉིས་ལ་ཁྱད་པར་མི་འདུག་པས། ནཱ་རོ་པའི་མན་ངག་ཏུ་ཡིད་ཆེས་བསྐྱེད་པའི་རྒྱུར་འགྱུར་བ་ཡིན་ནོ་གསུང་ངོ་། །དེ་དག་གི་དོན་ཉམས་སུ་ལེན་པ་ལ། རིམ་པ་བཞི་ལས། དང་པོ་ཤེས་བྱ་རྒྱུད་ཀྱི་རིམ་པ་ནི། སྤྱིར་ཐ་མལ་པ་འཆི་བའི་དུས་སུ་འབྱུང་བ་བཞིའི་རིམ་གྱིས་རགས་པ་ལུས་ཐིམ་ཚུལ་དང་། སྣང་མཆེད་ཐོབ་གསུམ་གྱི་རིམ་གྱིས་སེམས་ཐིམ་ཚུལ་དང་། དེ་ནས་ལུགས་ལྡོག་གི་སྣང་བ་གསུམ་ལས་བར་དོ་གྲུབ་ཚུལ་དང་། དེ་ཉིད་མངལ་དུ་སྐྱེ་བ་བླངས་པ་ན་ཕ་མའི་ཁུ་ཁྲག་ལས་ལུས་གྲུབ་ཚུལ་དང་། དེ་ལས་ཐོག་མར་རྩ་ཁམས་ཇི་ལྟར་གྲུབ་པ། བར་དུ་ཇི་ལྟར་འཕེལ་བ། མཐར་ཇི་ལྟར་གནས་པའི་ཚུལ་རྣམས་རྒྱས་པར་ཤེས་པར་བྱ་བ་ཡིན་ཞིང་། འདིར་སྐབས་སུ་བབ་པའི་ཉམས་ལེན་ནི། སྔར་བཞིན་དག་པ་དྲན་པའི་བར་མངོན་པར་རྟོགས་པ་ཚང་བར་བསྒོམས་ནས། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། སྣོད་བཅུད་ཐམས་ཅད་སྲུང་བའི་འཁོར་ལོ་ལ་བསྡུ། དེ་དུར་ཁྲོད་བརྒྱད་ལ། དེ་གཞལ་ཡས་ཁང་ལ། དེ་འཁོར་གྱི་ལྷ་རྣམས་ལ། འཁོར་གྱི་ལྷ་རྣམས་ཕྱོགས་གཡོན་སྐོར་གྱིས་སྣ་བུག་གཡོན་དང་། མཚམས་གཡས་སྐོར་གྱིས་སྣ་བུག་གཡས་ནས་སྙིང་གའི་ཧཱུྃ་ལ་བསྡུ། ཡུམ་ཡང་འོད་ཀྱི་རྣམ་པས་སྣ་བུག་གཡོན་ནས་ལྟེ་བའི་ཨཾ་ལ་བསྟིམས་པས་ཨཾ་གི་འོད་ཀྱིས་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་ལྟེ་བ་སྤྲུལ་པའི་འཁོར་ལོ་གསལ་གདབ་སྟེ། ནང་སྐོར་འདབ་མ་བརྒྱད་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད། དེ་རེ་རེ་ལ་འདབ་ཆུང་བདུན་བདུན་གྱེས་པས་ཕྱི་སྐོར་ང་དྲུག་ལ་མདུན་ནས་གཡོན་སྐོར་དུ་ཨཱ་ལི་བཅུ་དྲུག གཡས་སྐོར་དུ་ཀཱ་ལི་སོ་བཞི། ཨཱ་ཨཱི་ཨཱུ་ཨཻ་ཨཽ་ཨཾ་སྟེ་རིང་པོ་དྲུག་བཀོད། ཐམས་ཅད་ཀྱང་ཁ་དོག་དམར་པོ་མགོ་གྱེན་བསྟན་ནོ། །ཡང་དེའི་འོད་ཀྱིས་སྙིང་ག་ཆོས་ཀྱི་འཁོར་ལོ་གསལ་གདབ་སྟེ། འདི་ལ་རིམ་བཞིའི་གཞུང་དང་ཐོ་ཡིག་ལས་དབུས་སུ་ཧཱུྃ་དང་། ཕྱོགས་བཞིར་ཨོཾ་ཏྲཱཾ་ཧྲཱིཿཨཱཿམཚམས་བཞིར་ལྃ་མཱྃ་པཱྃ་ཏཱྃ་བཞི་བཀོད་པར་བཤད་ཀྱང་། འདིར་དཔྱིད་ཀྱི་ཐིག་ལེ་ལྟར་དབུས་སུ་ཧཱུྃ། ཕྱོགས་བཞིར་ཨ་ཨི་ཨེ་ཨོ་སྟེ་ཐུང་ངུ་བཞི། མཚམས་བཞིར་ཡ་ར་ལ་ཝ་བཞི་ཁ་དོག་སྔོན་པོ་མགོ་ཐུར་བསྟན་བཀོད་གསུངས། ཡང་དེའི་འོད་ཀྱིས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་གསལ་གདབ་སྟེ། གཞུང་དང་ཐོ་ཡིག་ལས་ཕྱོགས་བཞིར་ཐུང་ངུ་བཞི་བཀོད་པར་གསུངས་ཀྱང་། འདིར་དཔྱིད་ཐིག་ལྟར་དབུས་སུ་ཨོཾ། ཕྱོགས་བཞིར་ནང་སྐོར་ལ་ཨཱ་ཨཱི་ཨཱུ་ཨཻ་སྟེ་རིང་པོ་བཞི། དེ་རེ་རེ་ལ་འདབ་ཆུང་གསུམ་གསུམ་དུ་གྱེས་པའི་ཕྱི་སྐོར་བཅུ་གཉིས་ལ་དབྱངས་མ་ནིང་དང་བྲལ་བ་བཅུ་གཉིས་ཁ་དོག་དམར་པོ་མོག་གྱེན་བསྟན་འགོད་གསུང་། འཁོར་ལོ་འདི་གཉིས་དཔྱིད་ཐིག་ལྟར་ན་གཡོན་སྐོར་རོ། །ཡང་དེའི་འོད་ཀྱིས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གསལ་གདབ་སྟེ། དབུས་སུ་ཧཾ། འདབ་མ་སོ་གཉིས་ལ་ཨཱ་ལི་བཅུ་དྲུག་གཡས་སྐོར་དང་གཡོན་སྐོར་དུ་ཁ་དོག་དཀར་པོ་མགོ་ཐུར་བསྟན་འགོད་དོ། །དེ་དག་གི་དབུས་སུ་རྩ་གསུམ་ཡང་གསལ་གདབ་སྟེ། དབུས་སུ་ཨ་ཝ་དྷཱུ་ཏཱི། གཡས་སུ་མེ་མ་དམར་པོ་ཁ་གྱེན་བསྟན། དེའི་ནང་དུ་ཀཱ་ལི་གཉིས་གཉིས་ལ་ཨཱ་ལི་རེ་རེས་སྤེལ་བ། མགོ་བོར་ཨོཾ་དང་མཐར་ཧཱུྃ་ཕཊ་དང་ལྡན་པ་ཁ་གྱེན་བསྟན། གཉིད་མ་དཀར་པོ་ཁ་ཐུར་བསྟན། དེའི་ནང་དུ་ཡི་གེ་སྔ་མ་དང་འདྲ་བ་ཁ་ཐུར་བསྟན་ནོ། །བཤང་སྒོར་རླུང་དང་སུམ་མདོར་མེ་སྟེ། དེ་ལྟར་རྩ་གསུམ་འཁོར་ལོ་དྲུག་ཡི་གེ་དང་བཅས་པ་ཡུན་རིང་དུ་གསལ་གདབ་ཅིང་བསྒོམ་མོ། །དེ་དག་ནི་རྒྱུད་ཀྱི་རིམ་པ་སྟེ། རྒྱུད་ནི་འཁོར་ལོ་བཞི་ལ་སོགས་པ་ལུས་ལ་ཡེ་ནས་གནས་པ་ཡིན་ལ། རིམ་པ་ནི་དེ་རིམ་གྱིས་གསལ་འདེབས་པ། མཐར་ཕྱིན་པའི་ཚད་ནི་རྩ་གསུམ་དང་འཁོར་ལོ་དྲུག་ཡིད་ལ་གསལ་བར་སྣང་བའོ། །གཉིས་པ་ཉམས་ལེན་སྔགས་ཀྱི་རིམ་པ་ལ་སྔོན་འགྲོ་ནི། རླུང་འབྱུང་འཇུག་དང་བསྟུན་ཏེ། རླུང་ཕྱིར་འབྱུང་བའི་ཚེ་གཡས་མེ་མ་ཡི་གེ་དང་བཅས་པ་གསལ་གདབ། ནང་དུ་འཇུག་པའི་ཚེ་གཡོན་གཉིད་མ་ཡི་གེ་དང་བཅས་པ་གསལ་གདབ། ཅུང་ཟད་གནས་པའི་ཚེ་ཨཾ་འབར་བ་ལ་སེམས་གཏད་དེ་ཡུན་རིང་དུ་བསྒོམ། དེ་ལ་གོམས་ནས་ནང་དུ་འཇུག་པ་དང་བསྟུན་ཏེ། རླུང་ལྟེ་བའི་ཨཾ་ལ་བསྟིམ་ཞིང་ཤེས་པ་ཨཾ་ལ་གཏད་དེ་སྟེང་རླུང་ཐུབ་ཚད་དུ་མནན། དེ་ལྟར་དྲག་ལ་ཡུན་ཐུང་བ་ཡང་ཡང་དུ་བསྒོམས་པས་ལྟེ་བའི་གནས་སུ་དུ་བ་ལ་སོགས་པའི་རྟགས་ལྔ་སྐྱེས་ཞིང་ཨཾ་གི་མེ་ཡང་སོར་གཉིས་ལ་སོགས་པ་ནས་མགྲིན་པའི་བར་དུ་འབར་བ་སྙམ་བྱེད་པ་འབྱུང་ངོ་། །དེ་ནས་སྔགས་རིམ་དངོས་ནི་འོག་རླུང་དྲག་ཏུ་བསྐུམས་པས་ཨཾ་གིས་མེ་སྦར་ཏེ། ཡར་རོ་མ་ནས་སོང་སྟེ་འཁོར་ལོ་གོང་མ་གསུམ་གྱི་ཡིག་འབྲུ་རྣམས་རིམ་པ་བཞིན་དུ་བསྲེགས་ནས་སྨིན་མཚམས་གནས་ཀྱི་སྒོ་ཕྱེ་ནས། སྣ་བུག་གཡས་ནས་བྱུང་སྟེ། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བསྒོམས་ལ། དང་པོར་གཅིག་དང་དེ་ནས་ཇེ་མང་། མཐར་ཐམས་ཅད་ཀྱི་ཤངས་བུག་གཡས་ནས་ཞུགས། དེ་དག་གི་སྤྱི་བོ་ལ་སོགས་པའི་འཁོར་ལོ་བཞི་རིམ་པ་བཞིན་བཞུ་བཏུལ་བྱས་ནས་ལྟེ་བའི་གནས་སུ་མེ་དང་བྱང་ཆུབ་ཀྱི་སེམས་འདྲེས་པ་དེ་རྩ་གཡས་ནས་བྱུང་བ་ཤངས་བུག་གཡས་ནས་རང་གི་སྣ་བུག་གཡོན་དུ་ཞུགས། སྤྱི་བོ་གསེར་གྱི་སྒོ་ཕྱེ་སྟེ་སྤྱི་བོའི་འཁོར་ལོ་བྱང་ཆུབ་སེམས་ཀྱིས་ཁེངས། ཡང་གཡོན་རྐྱང་མ་ནས་ཞུགས་ཏེ། འཁོར་ལོ་འོག་མ་རིམ་པ་གསུམ་རིམ་པ་བཞིན་ཁེངས་པས་འཁོར་ལོ་བཞིའི་གནས་སུ་ཡས་འབབ་ཀྱི་དགའ་བ་བཞི་སྐྱེས་པར་བསམ། བྱང་ཆུབ་ཀྱི་སེམས་ཨཾ་ལ་ཕོག་པས་ཨཾ་དྲག་ཏུ་འབར་ཏེ་དབུ་མ་ཁ་བྱེ་ནས་སྙིང་ཁའི་ཧཱུྃ་དང་། མགྲིན་པའི་ཨོཾ་ཞེན་ཐོགས་མེད་པར་བཅོམ་ནས་སྤྱི་བོའི་ཧཾ་ལ་ཕོག་པས། དེ་ལས་བྱང་ཆུབ་ཀྱི་སེམས་འཛག་པའི་འབར་འཛག་ལ་སེམས་གཏད་དེ་སྟེང་རླུང་མནན་ལ་བསྒོམ་མོ། །དེའི་ཚེ་ལུས་འཕར་གཡོ་དང་། ངག་ཏུ་ཀུ་ཅོ་འདོན་པ་སོགས་བྱུང་ན་ཧཾ་མགོ་གཅད་པ་ཞེས་བྱ་བ། རླུང་རྔུབ་ཅིང་དྲག་ཏུ་འབུད་པ་ལན་གསུམ་བྱས་ནས་སྤྱི་བོའི་ཧཾ་མི་དམིགས་པར་བྱ། དེས་ཀྱང་མ་ཞི་ན་སྙིང་ག་ཡན་ཆད་ཀྱི་ལུས་ཁ་ཡེད་དུ་བྱ། དེས་ཀྱང་མ་ཞི་ན་ཐམས་ཅད་སེམས་སུ་ཤེས་པར་བྱའོ། །དེ་དག་ནི་སྔགས་ཀྱི་རིམ་པ་སྟེ། སྔགས་ནི་ལྟེ་བའི་ཨཾ། རིམ་པ་ནི་རིམ་གྱིས་སྦར་ཏེ། རང་གི་འཁོར་ལོ་དང་དེ་བཞིན་གཤེགས་པའི་འཁོར་ལོ་རྣམས་བསྲེག་པ་ནས་འབར་འཛག་ལ་སེམས་གཏད་པའི་བར་རོ། །མཐར་ཕྱིན་པའི་ཚད་ནི་འཕར་གཡོ་ལ་སོགས་པའོ། །གསུམ་པ་སྐྱེ་བ་ཡེ་ཤེས་ཀྱི་རིམ་པ་ནི། ཨཾ་གི་མེས་སྤྱི་བོའི་ཧཾ་ལས་བྱང་ཆུབ་ཀྱི་སེམས་དབུ་མའི་ལམ་ནས་རྡོ་རྗེ་ནོར་བུའི་བར་དུ་ཕབ་ནས་བདེ་བ་ལ་སེམས་གཏད་དེ་རླུང་ཁ་སྦྱར་བསྒོམ་མོ། །དེ་ལྟར་གཏད་པས་བདེ་བ་མི་བཟོད་ཅིང་ནོར་བུ་འགས་པ་སྙམ་བྱེད་ན་མས་བརྟན་གྱི་དགའ་བ་བཅུ་དྲུག་བསྒོམ་པ་ནི། རྡོ་རྗེ་ནོར་བུའི་རྐེད་པར་བདེ་བ་ལ་སེམས་གཏད་པས་དགའ་བའི་དགའ་བ། དེར་ཡང་མི་བཟོད་ན་རྩ་བར་བདེ་བ་ལ་སེམས་གཏད་པས་དགའ་བའི་མཆོག་དགའ། དེར་ཡང་མི་བཟོད་ན་དེ་ནས་ལྟེ་བའི་བར་གྱི་བཞི་ཆ་གཅིག་ལ་བདེ་བ་ལ་སེམས་གཏད་པས་དགའ་བའི་དགའ་བྲལ། དེར་མི་བཟོད་ན་ལྟེ་བར་བདེ་བ་ལ་སེམས་གཏད་པས་དགའ་བའི་ལྷན་སྐྱེས། དེ་བཞིན་དུ་ལྟེ་བ་ནས་སྙིང་གའི་བར་ལ་མཆོག་དགའི་བཞི། སྙིང་ག་ནས་མགྲིན་པའི་བར་ལ་དགའ་བྲལ་གྱི་བཞི། མགྲིན་པ་ནས་སྤྱི་བོའི་བར་དུ་ལྷན་སྐྱེས་ཀྱི་བཞི་སྐྱེས་པར་བསམས་ལ་རིམ་པ་བཞིན་བདེ་བ་ལ་སེམས་གཏད་དོ། །དེ་དག་ནི་ཡེ་ཤེས་ཀྱི་རིམ་པ་སྟེ། ཡེ་ཤེས་ནི་དགའ་བ་བཅུ་དྲུག་གི་མཐར་ལྷན་སྐྱེས་མྱོང་བ། རིམ་པ་ནི་རྡོ་རྗེ་ནོར་བུར་བདེ་བ་བསྒོམ་པ་ནས་མཛོད་སྤུར་བདེ་བ་བསྒོམ་པའི་བར་རོ། །མཐར་ཕྱིན་པའི་ཚད་ནི་བདག་གི་རྒྱུད་བདེ་བས་མྱོས་པ་ལ་སོགས་པའོ། །བཞི་པ་འབྲས་བུ་གསང་བའི་རིམ་པ་ནི། སྣའི་བར་གྱི་ཀ་བ་མེད་པ་སྒོ་ང་སྟོང་པ་ལྟ་བུར་བསྒོམས་ལ། དེ་ནས་སྲོག་རྩོལ་གྱི་རླུང་ཆ་མཉམ་སྟེ་སྤོས་དུད་བཞིན་ལུས་ཀྱི་ནང་ནས་བྱུང་། སྣའི་ཕུག་ཏུ་ཆི་ལི་ལི་འཆིལ་ནས་ཕར་མི་འགྲོ་བར་བསམ་མོ། །དེ་དག་ནི་གསང་བའི་རིམ་པ་སྟེ། གསང་བ་ནི་སྲོག་འཛིན་པའི་རླུང་། རིམ་པ་ནི་རླུང་སྐྱོན་རྣམས་རིམ་གྱིས་སེལ་བ། མཐར་ཕྱིན་པའི་ཚད་ནི་ལུས་རས་བལ་གྱི་ཟེགས་མ་ལྟར་ཡང་བ་དང་། སྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་མཐོང་བའོ། །དེའི་ཚེ་ཆོས་ཐམས་ཅད་རང་གི་སེམས་སུ་འདུས་པས་ཕྱི་རོལ་གྱི་ཡུལ་ལ་མི་རྟོག་པར་བསྒོམ། སེམས་ཀྱི་རྟོག་པ་བྱུང་ཚོར་ཐམས་ཅད་མི་དམིགས་པར་བསྒོམ། དེ་ནས་ནང་གི་སེམས་དང་ཕྱི་རོལ་གྱི་ཡུལ་ཐམས་ཅད་གཉིས་སུ་མེད་པར་མི་དམིགས་པར་བསྒོམ་མོ། །དེ་ལྟར་བསྒོམས་པས་མངོན་པར་ཤེས་པ་ལྔ་རིམ་གྱིས་འཐོབ་པ་འབྱུང་སྟེ། དེ་ལ་གཉིས་སུ་མེད་པའི་རིམ་པ་ཞེས་ཀྱང་གསུང་ངོ་། །དེ་ལྟར་བསྒོམས་པས་ཆོས་མཆོག་མན་ཆད་ཀྱི་ལམ་ཆོད་ནས་ཕྱག་རྒྱ་ལུང་སྟོན་པ་འབྱུང་ལ། དེ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མངོན་དུ་བྱེད་དེ། གནས་ལ་སོགས་པའི་ས་བཅུ་གཉིས་རིམ་གྱིས་བགྲོད་ནས་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་འཐོབ་པར་འགྱུར་རོ། །འདི་དག་ནི་ཉམས་སུ་ལེན་པའི་རིམ་པ་ས་མཚམས་དང་བཅས་པ་ཙམ་ཞིག་བྲིས་པ་ཡིན་ལ། རྒྱུད་རིམ་གྱི་སྐབས་སུ་རྩ་ཁམས་ལ་སོགས་པ་ཐོས་བསམ་གྱིས་ཇི་ལྟར་གཏན་ལ་དབབ་པའི་ཚུལ་དང་། རིམ་པ་ཕྱི་མ་རྣམས་ཀྱི་སྐབས་སུ་ཉམས་སྐྱེ་ཚུལ་ངོ་སྤྲོད་དང་བཅས་པ་དང་། གེགས་འབྱུང་ཚུལ་སེལ་ཚུལ་དང་བཅས་པ་དང་། ཡོན་ཏན་ཇི་ལྟར་འབྱུང་བའི་ཚུལ་རྣམས་ནི་རྣལ་འབྱོར་གྱི་དབང་ཕྱུག་ས་སྐྱ་པ་ཆེན་པོའི་རིམ་བཞི་ལམ་སློང་ལས་རྒྱས་པར་ཤེས་པར་བྱའོ། །ཉན་ཐོས་རང་རྒྱལ་ཕ་རོལ་ཕྱིན་པ་དང་། །བྱ་སྤྱོད་རྣལ་འབྱོར་རྒྱུད་དང་བླ་མེད་ཀྱིའང་། །ཐབས་ཀྱི་རྒྱུད་ལས་ཁྱད་པར་ཆེས་འཕགས་པའི། །གདམས་པའི་མཆོག་འདི་འདོམས་པར་བྱེད་པོ་ཉིད། །དབུ་སྐྱེས་ལྷག་བསམ་གངས་རིའི་རྩེ་ལྟར་དཀར། །བཞིན་རས་ཐུགས་རྗེ་བྱེ་རུའི་མདོག་ལྟར་དམར། །གསུང་དབྱངས་གོམ་སྟབས་ངང་པའི་འགྲོས་ལྟར་དལ། །དོན་བརྒྱད་བཞེས་ཚེ་བདེ་བ་ཅན་དུ་གསུངས། །དེ་ཚེ་དད་དང་བརྩོན་པའི་མགོ་དཀར་ཞིང་། །རྣམ་དཔྱོད་ལྟོ་བར་གསུང་རབ་ཤ་རུས་ཚོགས། །འབད་རྩོལ་མེད་པར་འཇུ་བར་ནུས་པ་ཡི། །གོ་བོའི་མིང་ཅན་རབ་འབྱམས་སྨྲ་བས་བསྡེབས། །ཉེས་ཚོགས་མཆིས་གང་བདག་གིས་ཉེས་པ་སྟེ། །བླ་མ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །དགེ་ཚོགས་ཅི་མཆིས་བླ་མའི་དྲིན་ལས་ཏེ། །འགྲོ་བ་ཀུན་ལ་ཕན་བདེའི་རྒྱུར་སྦྱིན་ནོ། །ཟབ་མོའི་གདམས་པ་རིམ་པ་བཞི་ཉམས་སུ་བླང་བའི་ཚུལ་འདི་ནི། ས་གསུམ་འགྲོ་བའི་རེ་བ་སྐོང་བར་མཛད་པའི་བདག་ཉིད་འདྲེན་པ་ཆེན་པོ་རྗེ་བཙུན་མུས་པའི་ཞལ་ནས་བྱུང་བ་བཞིན་སྟག་བྱང་ཆུབ་སེམས་དཔས་བསྐུལ་བའི་ངོར་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེ་གླིང་ཁ་བདེ་བ་ཅན་དུ་བྲིས་པ་འདི་ལ་མཁའ་འགྲོ་སྲུང་མའི་ཚོགས་རྣམས་བཟོད་པར་མཛད་དུ་གསོལ། འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེ་བ་འདི་ཡིས་དུས་གསུམ་གྱི། །རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་བསྟན་པ་ནི། །དར་རྒྱས་ཡུན་དུ་འབར་གྱུར་གཅིག །དགེའོ། །དགེའོ། །དགེའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།