རབ་གནས་ཆོ་ག་དགེ་ལེགས་རྒྱ་མཚོ།

༼ན༽༄༅། །རབ་གནས་ཆོ་ག་དགེ་ལེགས་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།

དཔལ་ཀྱཻའི་རྡོ་རྗེའི་རྣལ་འབྱོར་གྱི་སྒོ་ནས་རྟེན་ལ་རབ་ཏུ་གནས་པར་བྱ་བའི་ཆོ་ག་དགེ་ལེགས་རྒྱ་མཚོ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པར་ཕྱག་འཚལ་ལོ། །མཁྱེན་རབ་ཁྱོན་ཡངས་འཇིག་རྟེན་ཀུན་གྱི་མིག །ཐུགས་རྗེའི་ཟུར་གྱི་བལྟ་བའི་རྣམ་རོལ་གྱིས། །སྲིད་གསུམ་སྐྱོང་མཛད་རྗེ་བཙུན་བླ་མ་དང་། །དབྱེར་མེད་ཡི་དམ་ལྷ་ཡི་ཚོགས་ལ་འདུད། །དོན་དམ་དབྱིངས་ལ་སྤྲོས་པ་མི་མངའ་ཡང་། །ཀུན་རྫོབ་རབ་ཏུ་གནས་པའི་ཆོ་ག་ཡིས། །བསྟན་དང་འགྲོ་བའི་དགེ་ལེགས་སྤེལ་བྱེད་པའི། །རབ་གནས་ཆོ་ག་ཇི་བཞིན་བཤད་ཀྱིས་ཉོན། །འདི་ལ། རྟེན་གྱི་བྱ་བ་ཡོངས་རྫོགས་ནས། །སློབ་དཔོན་མཚན་ཉིད་གནས་དང་དུས། །ཡོ་བྱད་ཡོངས་སུ་ཚང་ནས་ནི། །ཆོ་ག་དག་ལ་འཇུག་པར་བྱ། །ཞེས་པ་ལྟར་དོན་དྲུག་ལས། དང་པོ་གང་ལ་རབ་ཏུ་གནས་པར་བྱ་བའི་རྟེན་ནི། སྐུ་གསུང་ཐུགས་ཀྱི་རྟེན་ལུགས་མ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་པ་མཚན་ཉིད་དང་ལྡན་པ་དང་། གཙུག་ལག་ཁང་ལ་སོགས་པ་བཟོ་བོའི་བྱ་བ་རྣམས་མཐར་ཕྱིན་པའོ། །གཉིས་པ་གང་གིས་རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་ནི། དེ་ཉིད་བཅུ་ཤེས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་བསྙེན་པ་ལས་སུ་རུང་ཞིང་ཆོ་ག་ལ་མཁས་པ། རྙེད་པ་དང་བཀུར་སྟི་ལ་མི་ལྟ་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །གསུམ་པ་གང་དུ་རབ་ཏུ་གནས་པར་བྱ་བའི་གནས་ནི། བཀྲ་ཤིས་ཤིང་ཉམས་དགའ་བའི་གཙུག་ལག་ཁང་ལ་སོགས་པ་ཤིན་དུ་ཡངས་པའི་ས་ཕྱོགས་སུའོ། །བཞི་པ་ནམ་བྱ་བའི་དུས་ནི། ཚེས་དང་གཟའ་སྐར་ཁྱད་པར་ཅན་འཛོམ་པའི་ཡར་གྱི་ངོ་ལ། གཟའ་སྐར་ལྷག་པར་བཟང་ན་མར་གྱི་ངོ་ལའང་རུང་ཞིང་། དཔྱིད་ཟླ་འབྲིང་པོ་སངས་རྒྱས་དབང་བསྐུར་བའི་དུས་དང་། དགུན་ཟླ་འབྲིང་པོ་འཁོར་ལོས་སྒྱུར་རྒྱལ་གྱི་དུས་གཉིས་ནི་གཞན་ལས་ཁྱད་པར་དུ་འཕགས་པར་བཤད་དོ། །ལྔ་པ་ཡོ་བྱད་ནི། འོག་ཏུ་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་ཅིང་གྱ་ནོམ་པ་རྣམས་གསག་གོ །དྲུག་པ་ཆོ་ག་ལ་དངོས་དང་། དེའི་ཕན་ཡོན་གཉིས་ཀྱི་དང་པོ་ལ་རྒྱས་འབྲིང་བསྡུས་གསུམ་འབྱུང་བ་ལས། འབྲིང་པོའི་ཚུལ་བརྗོད་ན་དོན་གསུམ་སྟེ། སྟ་གོན་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ནི། ལེགས་བཤམས་ཚུལ་བཞིན་བྱ་བ་ནི། །འབྲིང་པོའི་སྟ་གོན་ཉིད་ཡིན་ནོ། །ཞེས་ཏེ། རྟེན་སྤྱན་དྲངས་དུ་མི་བཏུབ་ན་དེའི་མདུན་དུ་དང་། སྤྱན་དྲངས་དུ་བཏུབ་ན་སྟེགས་བུ་མཐོན་པོའི་སྟེང་དུ་ཤར་ལ་སོགས་པར་ཞལ་གཟིགས་པར་བྱས་ལ་དར་རམ་རས་ལ་སོགས་པས་གཡོགས་ཏེ། ལས་ཐམས་ཅད་པའི་སྔགས་བཟླས་པས་བསྲུང་ངོ་། །དེའི་མདུན་དུ་ཆུ་བཞིའམ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རེ་རེ་ལའང་ཅི་ཙམ་འབྱོར་པ་བྲེང་ཚར་དུ་བཤམ། དེའི་མདུན་དུ་ཁྲུས་སའི་སྟེགས་བུ་གྲུ་བཞི་པ། རྒྱར་ཁྲུ་བཞི་དཔངས་སུ་ཁྲུ་གཅིག་གམ་གཉིས་ཡོད་པ་བྱ། རྩིག་པ་མ་གྲུབ་ན་རྡུལ་ཚོན་སེར་པོས་ཁྲུ་བཞི་པའི་གྲུ་བཞི་པ་བྲིས་ཏེ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེར་དབུས་དང་ཕྱོགས་བཞིར་རིགས་ལྔའི་མཚན་མ་དང་། མཚམས་བཞིར་ཡུམ་བཞིའི་མཚན་མ་འབྲི་བའམ། ཡང་ན་བླ་མ་དག་དབུས་སུ་རིན་པོ་ཆེ་ཆ་དགུ་པ། འདབ་མ་བརྒྱད་ལ་བཀྲ་ཤིས་རྟགས་བརྒྱད་འབྲི་བ་མཛད་པས་དེ་ལྟར་བྱས་ཀྱང་རུང་ངོ་། །དེའི་དབུས་སུ་མཉྫི་ལ་སོགས་པའི་སྟེང་དུ་གསེར་དངུལ་ལམ་ཟངས་ཀྱི་ཁྲུས་གཞོང་བུ་ག་དང་བྲལ་བ་བཞག་ལ། དེར་སྔར་རབ་གནས་བྱས་པའི་རྟེན་ཆུང་ངུ་ཞིག་གམ། སངས་རྒྱས་ཀྱི་རིང་བསྲེལ་ལམ། རྡོ་རྗེ་ལ་སོགས་པ་གཞག དེ་དང་ཉེ་བར་མཎྜལ་ལམ། གྲོ་ག་ལ་གུར་གུམ་མམ། གི་ཝཾ་གིས་ཡི་གེ་གསུམ་དང་། ཨོཾ་སརྦ་བིདྱཱ་སྭཱ་ཧཱ་ཞེས་པ་དང་། རྟེན་འབྲེལ་སྙིང་པོ་རྣམས་བྲིས་ལ་གཞག་གོ །འདབ་བརྒྱད་སོ་སོའི་སྟེང་དུ་མཚན་ཉིད་དང་ལྡན་པའི་བུམ་པ་བརྒྱད་དུ་དྲི་བཟང་པོའི་ཆུ་དང་། འོག་ནས་བཤད་པ་ལྟར་སོ་སོའི་རྫས་ཀྱིས་བཀང་། ཁ་རྒྱན་དང་མགུལ་ཆིངས་སོགས་ཀྱིས་བརྒྱན་པ་བཤམ། འབྲིང་པོའི་སྐབས་འདིར་དེ་ལྟ་བུའི་ཁྲུས་སྟེགས་དང་ཁྲུས་བུམ་བརྒྱད་མ་འབྱོར་ན་རྣམ་རྒྱལ་དང་། ལས་བུམ་དང་། ཁྲུས་རྫས་བརྒྱད་ཆར་བུམ་པ་གཅིག་ཏུ་བླུགས་པའི་ཁྲུས་བུམ་དང་གསུམ་སྟེགས་གང་ཡང་རུང་བའི་སྟེང་དུ་བཤམ། ཁྲུས་སྟེགས་དེའི་མདུན་དུ་དཱུརྦའི་པིར་དང་། དྲི་བཟང་བཏབ་པའི་ཏིལ་མར་དང་། སྲན་དཀར་གྱི་ཕྱེ་མ་དང་། མེ་ལོང་དང་། རས་དཀར་པོའི་སྐུ་ཕྱི་བ་དང་། བགེགས་དང་དྲི་མ་སྦྱོང་བའི་ཡོ་བྱད་རྣམས་ཀྱང་བཤམ། ཁྲུས་སྟེགས་ཀྱི་གཡས་ཕྱོགས་སུ་ཡི་དམ་དང་། ཆོས་སྐྱོང་ཆེ་ཆུང་དང་། ལས་མགོན་གྱི་གཏོར་མ་དང་། མཁའ་འགྲོ་སྤྱི་གཏོར་རྣམས་བཤམ། ཁྲུས་སྟེགས་ཀྱི་གཡོན་ཕྱོགས་སུ་རབ་གནས་ཀྱི་ལྷ་ལ་མཆོད་པའི་མཎྜལ་གླིང་བཞི་རི་རབ་དང་བཅས་པ་བྲིས་ཏེ། དེའང་ཕྱོགས་རེ་ལ་ཆ་ལྔ་ལྔ་སྟེ་བཅུ་པར་བྱས་ལ་དབུས་ཀྱི་ཆ་གཉིས་ལ་པདྨ་འདབ་བརྒྱད་བྲི། ཕྱི་རོལ་གྱི་ཟུར་ནས་བསྐོར་ལ་ལྕགས་རི་བྱ། ཕྱོགས་བཞི་ནས་མཆོད་རྟེན་ལྟར་ཇེ་ཆུང་དུ་བཏང་ལ། རི་རབ་བང་རིམ་བཞི་པ། ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་པོ། ཟུར་བཞིའི་རེ་མིག་རྣམས་སྔོན་པོ་བྱ། དེའི་ཕྱི་རོལ་དུ་ཤར་དུ་ཟླ་གམ། ལྷོར་སོག་ཁ། ནུབ་ཏུ་ཟླུམ་པོ། བྱང་དུ་གྲུ་བཞི་སྟེ་གླིང་བཞི་དང་། དེ་དག་གི་གཡས་གཡོན་དུ་གླིང་ཕྲན་གཉིས་གཉིས། དབྱིབས་སྔར་དང་འདྲ་བར་བྱས་པ་བྲི། གླིང་ཕྲན་གྱི་ཁྱམས་གཡས་གཡོན་ལ་ཤར་དུ་དཔལ་བེའུ། འཁོར་ལོ། ལྷོར་པདྨ། རྒྱལ་མཚན། ནུབ་ཏུ་གདུགས། བུམ་པ། བྱང་དུ་དུང་དང་ཉ་བྲི་ཞིང་། མཐའི་ལྕགས་རི་སྔོན་པོ་བྱའོ། །དབུས་ཀྱི་པདྨའི་སྟེང་དུ་རིན་པོ་ཆེ་སྣ་བདུན་གྱི་གཟུགས་དགོད། གཞན་ཡང་བླ་རེ་དང་། དར་གྱི་ལྡ་ལྡི་དང་། རོལ་མོ་ལ་སོགས་པ་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་གསག་གོ །སློབ་དཔོན་དཔོན་སློབ་རྣམས་ཀྱི་གདན་རྟེན་ལ་ཁ་ཕྱོགས་པར་བཤམས་པའི་མདུན་དུ་ནང་མཆོད་རྡོ་རྗེ་དྲིལ་བུ་རྣམས་ཀྱང་བཤམ་མོ། །གཉིས་པ་དངོས་གཞི་ལ། ཐོ་རངས་བདག་བསྐྱེད་བུམ་པ་བཟླ། །རྟེན་སྦྱང་བཀྲུ་ཞིང་ཕྱི་བ་དང་། །རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། །རྟེན་བསྐྱེད་སྤྱན་དྲངས་དགུག་རྒྱས་གདབ། །དབང་བསྐུར་མཆོད་བསྟོད་སྤྱན་དབྱེ་བྱ། །གསོལ་གདབ་མངའ་དབུལ་རྒྱས་པར་བྱ། །དེ་ཡང་མཆོད་བསྟོད་བྱེ་བྲག་དང་། །སྦྱིན་སྲེག་སྔགས་ཏེ་དངོས་གཞིའོ། །ཞེས་ཚིག་རྐང་དང་པོ་འདོན་པ་ཅུང་ཟད་བསྒྱུར་ཏེ། དོན་བཅུ་གསུམ་ལས་དང་པོ་བདག་བསྐྱེད་ཅིང་བུམ་པ་བཟླས་པ་ནི། སང་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ། གོས་སེར་པོ་གྱོན། སྟན་ལ་འདུག་སྟེ། གནས་ཡོ་བྱད་བྱིན་དབབ་པ་དང་། ལྷའི་རྣལ་འབྱོར་ལ་གསོལ་བ་གདབ་པ་དབང་ཆུ་ནས་འབྱུང་བ་ལྟར་བྱས་ནས་སྐྱབས་འགྲོ་ནས་བརྩམས་ཏེ་ཀྱཻ་རྡོ་རྗེའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ཏེ། དཀྱིལ་འཁོར་བསྡུས་ལ་གཙོ་བོའི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་ནས་རྣམ་རྒྱལ་དང་ལས་བུམ་གཉིས་བསྐྱེད་ཆོག་དབང་ཆུ་ལྟར་བྱས་ནས་ལས་བུམ་གྱི་ཆུས་ཁྲུས་བུམ་བརྒྱད་དམ་གཅིག་ལ་གཏོར་ཏེ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་ཞིང་མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་པ་དཀྲིས་ཤིང་། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་སོ་སོའི་རྫས་ཀྱིས་ཡོངས་སུ་གང་བར་བསམ་ལ། གཟུངས་ཐག་བཏགས་པ་ལ་བཟུང་སྟེ། དྲི་ལྔ་བླུགས་པའི་བུམ་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་སྣ་ནཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླ། དེ་བཞིན་དུ་གནྡྷེའི་གནས་སུ་སོ་སོའི་སྔགས་རྣམས་སྦྱར་ལ་མངར་གསུམ་གྱི་བུམ་པ་ལ་ཏྲི་མ་དུ་དང་། ཞོའི་བུམ་པ་ལ་མ་ལ་དང་། འབྲས་བུའི་ལ་སྥ་ལ་དང་། འབྲུའི་ལ་བྲུ་ཧི་དང་། འབྲས་ཡོས་ཀྱི་ལ་ལརྫ་དང་། སྨན་གྱི་ལ་ཤེ་ཏ་དང་། རིན་པོ་ཆེའི་བུམ་པ་ལ་མ་ཎི་སྣ་ནཱ་ཞེས་སྦྱར་ལ་བརྒྱ་རྩ་རེ་བཟླ། ཐུན་མོང་དུ་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་དང་། ལས་ཐམས་ཅད་པའི་སྔགས་ཅི་ནུས་སུ་བཟླས་ལ། ནང་རྫས་རྣམས་ཞུ་བ་ལས་བྱུང་བའི་སོ་སོའི་བུམ་པ་རྟེན་གྱི་དྲི་མ་སྦྱོང་བའི་ནུས་པ་དང་ལྡན་པར་བལྟའོ། །གཉིས་པ་རྟེན་སྦྱང་བ་ནི། རྟེན་དགབ་པ་ཡོད་ན་བསལ་ལ། ཐོག་མར་བགེགས་སྦྱང་བའི་ཕྱིར། ཅི་འབྱོར་པའི་གཏོར་མ་གསུམ་བཤམས་ལ། ཆུས་བྲན་ནས་ལན་གསུམ་དུ་རྟེན་ལ་བསྐོར་ཞིང་ཨོཾ་སརྦ་བིགྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱ། སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་བརྗོད་ཅིང་། བདེ་བར་གཤེགས་པའི་རྟེན་ལ་རབ་ཏུ་གནས་པར་བྱེད་པ་ལ་མི་མཐུན་པར་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ཤིག ཅེས་ཞི་བས་སྦྱང་བ་དང་། ཏིང་ལོ་དང་ཆང་བུ་རྟེན་ལ་བསྐོར་ཞིང་རྡོ་རྗེ་གསོར། སུམྦྷ་ནི་བཟླས་པ་ལན་གསུམ་བྱས་ནས་སྔར་གྱི་ཚིག་གི་རྗེས་ལ་གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་ལམ་རྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག ཅེས་བརྗོད་ལ་གཏོར་མ་ཕྱིར་དོར་བ་ཞི་དྲག་ཕྱེད་མས་སྦྱང་བ་དང་། དེ་ནས་རང་ཁྲོ་བོའི་ང་རྒྱལ་གྱིས་རྡོ་རྗེ་དྲིལ་བུ་དང་སྤོས་ཐོགས་ཏེ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་བསྡུ་བའི་ཕྱག་རྒྱ་དང་བཅས་པས། ཧཱུྃ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །ཅེས་སོགས་ཚིགས་བཅད་གཉིས་ཀྱིས་ཁྲོ་བོ་སྤྱན་དྲངས། གདན་དང་མཆོད་པ་མདོར་བསྡུས་ཕུལ་ནས། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །ཞེས་པ་ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་གྱིས་བསྟོད་ལ། ཀྱཻ་རྡོ་རྗེའི་ང་རྒྱལ་གྱིས་བགེགས་ལ་བཀའ་བསྒོ་སྟེ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། དཔལ་མགོན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་དེང་འདིར་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་ཞི་བའི་སེམས་དང་ལྡན་པས་ས་ཕྱོགས་འདིར་མ་གནས་པར་རང་རང་གི་གནས་སུ་སོང་ཤིག གལ་ཏེ་མི་འགྲོ་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་ཡེ་ཤེས་ཀྱི་མེ་འབར་ཞིང་རབ་ཏུ་འབར་བ་འདིས། ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཞེས་དྲག་ཏུ་བརྗོད་ལ་རྟེན་ལ་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། མཚོན་ཆས་བསྡིག སྣ་ཚོགས་པའི་རོལ་མོ་དྲག་ཏུ་བྱ་ཞིང་། རྩ་སྔགས་དང་བདུད་རྩི་འཁྱིལ་བའི་སྔགས་སོགས་དྲག་སྔགས་མང་དུ་བཟླ། སེམས་ཀྱིས་བགེགས་ཐམས་ཅད་ཕྱི་རོལ་དུ་བྲོས་པར་བསམ་པ་ནི་དྲག་པོའི་སྦྱང་བའོ། །དེ་ནས་སྡིག་པ་སྦྱང་བའི་ཕྱིར། རང་གི་མདུན་དུ་ཏིལ། གཡས་སུ་མེ། གཡོན་དུ་ཆུ་བཞག་ལ། བདག་དང་ཡོན་བདག་གིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་རྣམས་སྙིང་ག་ནས་ཡི་གེ་ཀྃ་ནག་པོའི་རྣམ་པར་འཐོན་ནས། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་མདུན་གྱི་ཏིལ་ལ་ཐིམ། དེ་གཡས་ཀྱི་ཡེ་ཤེས་ཀྱི་མེས་བསྲེགས། གཡོན་གྱི་རྒྱ་མཚོས་བཀྲུས་པར་བསམས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དོ། །གསུམ་པ་བཀྲུ་ཞིང་ཕྱི་བ་ནི། རྟེན་གསར་པ་ལ་ཁྲུས་བྱ་བའི་སྔོན་དུ་ཁྲུས་སྟེགས་ཀྱི་སྟེང་གི་རྟེན་དང་ཡིག་འབྲུ་རྣམས་ལ་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་སོགས་དང་། འདི་ནི་ཁྲུས་མཆོག་སོགས་དང་། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །ཞེས་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད། དེ་དག་སྐུ་ལ་སོགས་པའི་ཚིགས་བཅད་དང་སྔགས་ཀྱིས་སྐུ་ཕྱིའོ། །དེ་ནས་ཆུ་དེ་ཁྲུས་བུམ་བརྒྱད་པོར་ཅུང་ཟད་རེ་བླུགས་ལ་ལུགས་མ་ལ་སོགས་པ་བཀྲུར་རུང་བ་རྣམས་རོལ་མོ་དང་བཅས་པས་ཁྲུས་སྟེགས་སུ་སྤྱན་དྲངས་ལ་དངོས་སུ་བཀྲུ། དེ་ལྟར་མི་རུང་བ་རྣམས་ལ་མེ་ལོང་གི་ནང་དུ་རྟེན་གྱི་གཟུགས་བརྙན་ཤར་བ་བྱས་ལ། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །འགྲོ་བའི་ལུས་སེམས་སྡུག་བསྔལ་བསལ་སླད་དུ། །ཆུ་གཙང་སྨན་སྤོས་འདག་ཆལ་འདིས་བཀྲུས་པས། །བདག་ཅག་དམ་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང་། ཐོག་མར་ཏིལ་མར་ལ་དྲི་བཟང་བཏབ་པས་མེ་ལོང་ལ་བྱུག དེ་ནས་ཡང་སྔགས་བརྗོད་ཅིང་སྲན་དཀར་གྱི་འདག་ཆལ་གྱིས་མཉེ། ཡང་སྔགས་བརྗོད་ཅིང་དཱུརྦའི་པིར་གྱིས་དྲུད། ཆུ་གཙང་མས་ཀྱང་བཀྲུའོ། །དེ་ནས་དྲིའི་བུམ་པས་བཀྲུ་ཞིང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་སྣ་ནཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་ཞེས་བརྗོད། དེ་ནས་རས་དཀར་པོ་ལ་གུར་གུམ་གྱི་ཆུས་དབུས་དང་ཕྱོགས་བཞིར། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཞེས་བྲིས་པའམ། མ་འབྱོར་ན་དེ་དག་བརྗོད་བཞིན་དུ་ཐིག་ལེ་ལྔ་བྱས་ལ་དེ་ལས་ཀྱི་རྡོ་རྗེའི་ཕྲག་པ་གཡོན་པ་ལ་བཀལ་ཏེ་དེས་དངོས་སུ་ཕྱི་བའམ་མེ་ལོང་གི་གཟུགས་བརྙན་ལ་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་བརྗོད། དེ་བཞིན་དུ་བུམ་པ་འོག་མ་རྣམས་ཀྱིས་བཀྲུ་བའི་ཚེའང་སྔོན་དུ་རྫས་གསུམ་གྱིས་བྱུག་པ་དང་། བར་དུ་རང་རང་གི་བུམ་པས་བཀྲུ་བ་དང་། མཐར་སྐུ་ཕྱི་བ་རྣམས་ཐམས་ཅད་ལ་ཤེས་པར་བྱའོ། །དེ་ནས་རྫས་གསུམ་གྱིས་སྔར་ལྟར་བྱུགས་ལ། མངར་གསུམ་གྱི་བུམ་པས་བཀྲུ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་དང་། ཏྲི་མ་དུ་སྣ་ནཱ་སོགས་ཀྱིས་བཀྲུ་ཞིང་སྐུ་ཕྱིའོ། །ཡང་བྱུག་ཅིང་ཞོའི་བུམ་པས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སོགས་དང་། མ་ལ་སྣ་ནཱ་སོགས་ཀྱིས་བཀྲུ་ཞིང་སྐུ་ཕྱིའོ། །ཡང་བྱུག་ཅིང་འབྲས་བུ་སྣ་ཚོགས་ཀྱི་བུམ་པས། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །སོགས་དང་། སྥ་ལ་སྣ་ནཱ་སོགས་ཀྱིས་བཀྲུ་ཞིང་སྐུ་ཕྱིའོ། །ཡང་བྱུག་ཅིང་འབྲུ་སྣ་ཚོགས་ཀྱི་བུམ་པས། འདི་ནི་བཟོད་པའི་རང་བཞིན་ཆུ། །སོགས་དང་། བྲུ་ཧི་སྣ་ནཱ་སོགས་ཀྱིས་བཀྲུ་ཞིང་སྐུ་ཕྱིའོ། །ཡང་བྱུག་ཅིང་འབྲས་ཡོས་ཀྱི་བུམ་པས། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །སོགས་དང་། ལརྫ་སྣ་ནཱ་སོགས་ཀྱིས་བཀྲུ་ཞིང་སྐུ་ཕྱིའོ། །ཡང་བྱུག་ཅིང་སྨན་གྱི་བུམ་པས། འདི་ནི་བསམ་གཏན་རང་བཞིན་ཆུ། །སོགས་དང་། ཤེ་ཏ་སྣ་ནཱ་སོགས་ཀྱིས་བཀྲུ་ཞིང་སྐུ་ཕྱིའོ། །ཡང་བྱུག་ཅིང་རིན་པོ་ཆེའི་བུམ་པས། འདི་ནི་ཤེས་རབ་རང་བཞིན་ཆུ། །སོགས་དང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་སྣ་ནཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བཀྲུ། དེ་དག་སྐུ་ལ་སོགས་བརྗོད་ཅིང་རས་ཀྱིས་ཕྱིའོ། །དེས་ནས་དྲིའི་བུམ་པ་ཐོགས་ཏེ། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །སོགས་ཚིགས་བཅད་གསུམ་བརྗོད་ཅིང་བཀྲུའོ། །དེས་ནས་རྡོ་རྗེ་དྲིལ་བུ་འཛིན་པས། གང་ལ་སེར་སྣ་རྣམ་ཆགས་པ། །ཞེས་པ་ནས། ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཅེས་པའི་བར་ཚིགས་བཅད་བཅོ་ལྔ་བརྗོད་ཅིང་མེ་ཏོག་གཏོར། དེ་ནས་དྲིའི་བུམ་པས་བཀྲུ་ཞིང་། ཇི་ལྟར་བལྟམས་པ་སོགས་དང་། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །སོགས་སྔགས་དང་བཅས་པ་བརྗོད་ཅིང་། དེ་དག་སྐུ་ལ་ཞེས་སོགས་ཀྱིས་སྐུ་ཕྱིའོ། །ཁྲུས་བུམ་གཅིག་ལས་མེད་ན་རྟེན་གསར་པ་བཀྲུ་བ་རྣམས་དེ་ཉིད་ཀྱིས་བྱ་བ་ཡིན་ནོ། །བཞི་པ་རིང་བསྲེལ་གཞུག་པ་ནི། སྐུ་གཟུགས་རྣམས་ཀྱི་དབུའི་རྒྱབ་ཕྱོགས་སུ་བུག་པ་ཡོད་ན། སངས་རྒྱས་ཀྱི་རིང་བསྲེལ་ལམ་རིག་སྔགས་ཆེན་མོ་དང་། རྟེན་འབྲེལ་སྙིང་པོ་དང་། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡི། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །སེམས་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ཡང་སྡོམ་པ་ལེགས། །ཞེས་པའི་སོ་སོར་ཐར་པ་རྣམས་གཞུག བུ་ག་མེད་པའམ། མཆོད་རྟེན་དང་སྐུ་གཟུགས་སྔར་གཞུག་ཟིན་པ་ཡིན་ན་རིང་བསྲེལ་མི་དགོས་ལ། གཟུངས་དང་སོ་སོར་ཐར་པ་བྲིས་པ་དབུའམ་བྲེ་ལ་གདགས་སོ། །ལྔ་པ་གསོལ་བ་གདབ་པ་ནི། དཔོན་སློབ་རྣམས་ལངས་ལ། ལག་ཏུ་མེ་ཏོག་དང་རོལ་མོ་ཐོགས་ནས་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས། གང་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། རྒྱུ་དང་འབྲས་བུའི་དགོས་པ་ཕུན་སུམ་ཚོགས་པ་དང་ལྡན་པས། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡང་དག་པར་ལྡན་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པ་མདོར་ན་སློབ་པ་དང་། མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ལྡན་པ་དེའི་སྐྱོན་གྱི་ཉེས་པ་ཐམས་ཅད་དང་བྲལ་ཞིང་བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པ་ཕུང་པོ་ལྔ་དང་ཡང་དག་པར་ལྡན་པ་དང་། ཆོ་འཕྲུལ་གསུམ་དང་། ཏིང་ངེ་འཛིན་གསུམ་དང་། བསླབ་པ་གསུམ་དང་། ཚངས་པའི་གནས་བཞི་དང་། བསམ་གཏན་བཞི་དང་། འཕགས་པའི་བདེན་པ་བཞི་དང་ཡང་དག་པར་ལྡན་པས་དེའི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས། ཤེས་བྱའི་ཡུལ་ཐམས་ཅད་ལ་མངའ་བརྙེས་ཤིང་ཉོན་མོངས་པ་མ་ལུས་པ་ལ་སོགས་པ་རྣམས་སྤོང་བ་དང་། བདུད་བཞི་ལས་རབ་ཏུ་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་སོ་གཉིས་ཀྱིས་ཡང་དག་པར་བརྒྱན་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡང་དག་པར་མཛེས་པ་དང་། སྐྱེས་བུ་ཆེན་པོའི་སྐུ་བལྟ་བས་ཆོག་མི་ཤེས་པ་དང་། མཐོང་ན་མི་མཐུན་པ་མེད་པ་སྟེ། དེའི་གཟུགས་ཀྱི་སྐུའི་འབྱོར་པ་མཐར་ཐུག་པ་འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །ཞེས་བརྗོད་ཅིང་། རབ་ཏུ་གནས་པར་བགྱིའོ་ཞེས་པའི་སྐབས་སུ་ཐམས་ཅད་ཀྱིས་ཚིག་མཐུན་པར་བརྗོད་ལ། རྟེན་ལ་མེ་ཏོག་གི་ཆར་དབབ། སྤོས་ཀྱིས་བདུག རོལ་མོ་དབུལ་ཞིང་། ཨོཾ་ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶྃ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་པ་དང་། རབ་ཏུ་གནས་བྱའི་ལྷ་གང་ཡིན་གྱི་སྔགས་དང་། རང་གི་ཡི་དམ་གྱི་ལྷའི་སྔགས་བཟླ་བ་རྣམས་ནི་སྡེ་ཚན་རེ་རེའི་མཐར་བྱའོ། །རྗེས་དྲན་བཞི་པོ་གཅིག་དང་གསུམ་དུ་བརྗོད་པའི་གསལ་ཁ་མི་སྣང་ཡང་། སེམས་བསྐྱེད་ཀྱི་ཚིག་ཡིན་པས་ལན་གསུམ་བརྗོད་པར་གསུང་ངོ་། །དེ་ནས་སྟན་ལ་འདུག་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཅུང་ཟད་བསྒོམས་ལ་འདི་སྐད་བརྗོད་དེ། ངོ་མཚར་ཆེན་པོ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་མཆོག་གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱི་བ་དེའི་མཐུས་བདག་གིས་སེམས་ཅན་ཐམས་ཅད་དབུགས་དབྱུང་ངོ་། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕས་ཀྱི་རྒོལ་བ་བདུད་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །སེམས་ཅན་རྣམས་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པའི་རྙོག་པ་ཐམས་ཅད་བསལ་བར་བགྱིའོ། །སེམས་ཅན་རྣམས་ཀྱི་ང་རྒྱལ་གྱི་རི་བོ་བསྙིལ་བར་བགྱིའོ། །སེམས་ཅན་རྣམས་ཀྱི་སྐྱེ་བའི་ལྗོན་ཤིང་རྩད་ནས་གཅད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླག་གོ །མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང་ཕྱིར་རྒོལ་བ་དག་དང་། ལྟ་བ་ཕྱིན་ཅི་ལོག་པ་དག་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་བསྒྱུར་རོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་ཆུ་བོ་སྐེམས་པར་བགྱིའོ། །ཆོས་ཀྱི་སྒྲོན་མ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟེན་པར་བགྱིའོ། །བཟོད་པ་དང་དེས་པ་ལ་བཙུད་དོ། །བསམ་གཏན་གྱི་བདེ་བ་ལ་རྩེར་སྩལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་གཞིལ་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་པོ་གཞོམ་པར་བགྱིའོ། །བདེན་པ་ལ་གཟུད་དོ། །ཕྲག་དོག་གི་འཚུབས་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །འཇིགས་པ་མ་མཆིས་པ་དང་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་སྩལ་ཞིང་གནང་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། ཚོགས་པ་ཐམས་ཅད་ཀྱིས་ཀྱང་གནང་བར་མཛད་དུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་གཏོར་རོ། །དྲུག་པ་རྟེན་བསྐྱེད་པ་ནི། རྟེན་རྣམས་ལས་ཐམས་ཅད་པས་བསང་། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས་ཏེ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། ཨ་ལས་ཟླ་བའམ། ཁྲོ་བོ་ཡིན་ན་རྃ་ལས་ཉི་མའི་གདན་གྱི་སྟེང་དུ་རྟེན་ངོ་ཤེས་པ་རྣམས་རང་རང་གི་ས་བོན་དང་ཕྱག་མཚན་ལས་སོ་སོར་བསྐྱེད། མི་ཤེས་པ་རྣམས་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་རྡོ་རྗེ། དེ་ལས་རྒྱུ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། གཡས་པ་བརྒྱད་ཀྱིས་རྡོ་རྗེ་དང་། གཡོན་པ་བརྒྱད་ཀྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞལ་རྣམས་རྒྱུ་རྡོ་རྗེ་འཆང་དང་འདྲ་བ་ཡུམ་དང་བཅས་པ་བསྒོམ། མཆོད་རྟེན་དང་ལྷ་ཁང་ནི་བྷྲཱུྃ་ལས་འཁོར་ལོ། དེ་ལས་རྣམ་སྣང་དུ་བསྐྱེད། དེ་ཞུ་བ་ལས་བྱུང་བའི་མཆོད་རྟེན་དང་ལྷ་ཁང་གི་ནང་དུ་ཆོ་ག་གསུམ་གྱིས་རིགས་ལྔ་བསྐྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་གང་བར་བསྒོམ། པོ་ཏི་རྣམས་ནི་ཨཱཿདང་པདྨ་ལས་འོད་དཔག་མེད། རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་ཕྱག་མཚན་རྣམས་ནི་ཧཱུྃ་དང་རྡོ་རྗེ་ལས་མི་བསྐྱོད་པར་བསྐྱེད། ཁང་བཟང་དང་། རྟ་བབས་དང་། ལྗོན་ཤིང་དང་། རྡོ་རིང་དང་། ཆུ་མིག་དང་། ཁྲོན་པ་རྣམས་ནི་བྷྲཱུྃ་དང་འཁོར་ལོ་ལས་རྣམ་པར་སྣང་མཛད་དུ་བསམ་མོ། །འདི་དག་གི་རིགས་ལྔ་ནི་གུར་ལས་འབྱུང་བ་ལྟར་ཞལ་ཕྱག་རྫོགས་པར་བསྐྱེད་པའམ། དབང་ཆུ་ནས་འབྱུང་བ་ལྟར་གཡས་བརྒྱད་ཀྱིས་འཁོར་ལོ་ཞེས་སོགས་སམ། དེ་ཙམ་མ་ནུས་ན་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་བཅས་པ་བསྐྱེད་པས་ཀྱང་རུང་ངོ་། །དེ་རྣམས་ཀྱི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་བསམས་ལ་བྱིན་གྱིས་བརླབ་བོ། །བདུན་པ་ཡེ་ཤེས་པ་སྤྱན་དྲང་ཞིང་དགུག་པ་ལ་གསུམ། སྤྱན་དྲང་པ་དངོས། བགེགས་བསྐྲད་ཅིང་མཆོད་པ། དགུག་གཞུག་བྱ་བའོ། །དང་པོ་ནི་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྱན་དྲངས་པར་བསམས་ལ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་། ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད་ལ། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་པ་ནས། ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་པའི་བར་ཚིགས་སུ་བཅད་པ་གསུམ་དང་། ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །ཞེས་པ་ནས། མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་པའི་བར་ཚིགས་སུ་བཅད་པ་བཞི་དང་། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། ཞེས་བརྗོད་དོ། །གཉིས་པ་ནི། ཡེ་ཤེས་སེམས་དཔའི་ཕྱི་བཞིན་དུ་འབྲངས་ནས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག ཅེས་བརྗོད་ལ་ལས་ཐམས་ཅད་པའི་སྔགས་བརྗོད། ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག་ཅིང་རོལ་མོ་དྲག་ཏུ་བྱའོ། །དེ་ནས། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །ཞེས་སོགས་དང་། ཨོཾ་བཛྲ་ག་ག་ན་ས་མ་ཡེ་ཧཱུྃ། ཞེས་པས་མཆོད་ཡོན་དང་། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ་ཞིང་། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཞེས་སོགས་དང་། པདྨ་ཀ་མ་ལཱ་ཡ་སཏྭཾ་ཞེས་པས་གདན་དབུལ། ལྷ་ལ་སོགས་པ་དྲི་ཡི་རྫས། །ཞེས་སོགས་ཚིགས་བཅད་ལྔ་སྔགས་དང་བཅས་པ་དང་། དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞེས་སོགས་དང་། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཞེས་པས་རོལ་མོ་རྣམས་དབུལ་ལོ། །གསུམ་པ་ལ་གཉིས་ལས། དང་པོ་རང་འདྲའི་ཡེ་ཤེས་པ་དགུག་པ་ནི། དེ་ལྟར་མཆོད་པའི་ཡེ་ཤེས་པ་རྣམས། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ཞེས་པས་དམ་ཚིག་པ་དང་ཉེ་བར་སྤྱན་དྲངས། ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཞེས་པས་དམ་ཚིག་པ་ལ་ཡེ་ཤེས་པ་རྣམས་གཞུག ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་བཾ། ཞེས་པས་རོ་གཅིག་ཏུ་འདྲེས། ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿ ཞེས་པས་དམ་ཚིག་པ་རྣམས་ཡེ་ཤེས་པའི་ངོ་བོར་གྱུར་པར་བསམས་ལ། ཛཿཧཱུྃ་བྃ་ཧོཿ ཞེས་ཡང་ཡང་བརྗོད་ཅིང་བསྟིམ་མོ། །གཉིས་པ་ནི། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ལ། ཨོཾ་བཛྲ་ས་མཱ་ཛཿཞེས་དང་། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ན། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །ཆེ་གེ་མོ་ཡི་དོན་སླད་དུ། །བདག་གི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བར་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་བརླབས་ཤིང་། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་ལན་གསུམ་བརྗོད་ལ། སྔར་ལྟར་དགུག་གཞུག་བྱའོ། །བརྒྱད་པ་རྒྱས་གདབ་པ་ནི། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པ། སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་བསམ་མོ། །དགུ་པ་དབང་བསྐུར་བ་ནི། ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ཁྲོ་བོ་བཅུ། ལྷ་མོ་དྲུག་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང་། དཀར་མོ་རི་དྭགས་སོགས་ཀྱིས་མཆོད། ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །ཞེས་སོགས་ཀྱིས་བསྟོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་སོགས་ཀྱིས་དབང་བསྐུར་བར་གསོལ་བ་བཏབ་ནས། རང་གི་མདུན་དུ་སྟེགས་ཀྱི་སྟེང་དུ་དབང་རྫས་རྣམ་རྒྱལ་བུམ་པ། དབུ་རྒྱན། རྡོ་རྗེ། དྲིལ་བུ་རྣམས་བཞག་སྟེ། དབང་ཆུ་ལྟར་ཡན་ལག་བཞི་རྫོགས་སུ་བསྐྱེད་ནས་ཞུ་བ་ལས་བྱུང་བའི་དབང་རྫས་དེ་དང་དེར་གྱུར་པར་བསམ་མོ། །དེ་ནས་ནམ་མཁའི་དཀྱིལ་འཁོར་གྱིས་རྟེན་ལ་དབང་བསྐུར་བར་བསམས་ལ། རིག་པའི་དབང་ལྔ། བརྟུལ་ཞུགས། རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་སློབ་མ་ལ་ཇི་ལྟར་བསྐུར་བར་ལྟར་བྱ་སྟེ། དེ་ཡི་ཚེ་བུམ་ཆུ་རྣམས་ཀྱིས་རྟེན་ལ་དངོས་སུ་གཏོར་བའམ། མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་ལ་ཆུ་དབང་བསྐུར། དབུ་རྒྱན་མགོ་ལ་བཅིང་བའམ། བྲིས་སྐུ་སོགས་ཡིན་ན་འཆིང་བའི་ཚུལ་བྱ། རྡོ་རྗེ་དང་དྲིལ་བུ་རྣམས་ཕྱག་ཏུ་གཏད་པར་བསམས་ལ་མདུན་དུ་གཞག་པ་སོགས་བྱ། དེ་ནས་ནམ་མཁའི་དཀྱིལ་འཁོར་གྱི་གཙོ་བོས་བྱང་ཆུབ་ཀྱི་སེམས་རྟེན་གྱི་ལྕེ་ལ་གཞག་པ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་གཏད་པས་ཟུང་འཇུག་གི་ཡེ་ཤེས་སྐྱེས་པར་བསམས་ལ་གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་རྣམས་ཀྱང་ལམ་དུས་ཀྱི་དབང་འབྲིང་གི་སྐབས་ལྟར་བསྐུར་རོ། །དེ་ལྟར་དབང་བཞི་བསྐུར་བས་དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་རྟེན་ངོ་ཤེས་པ་རྣམས་ལ་རང་རང་གི་རིགས་བདག་དང་། ངོ་མི་ཤེས་པ་རྣམས་ལ་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ་མོ། །བཅུ་པ་མཆོད་ཅིང་བསྟོད་པ་ནི། མཆོད་པ་རྣམས་བསང་སྦྱང་བྱིན་གྱིས་བརླབས་ལ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་དེ། ཚིགས་བཅད་རྣམས་ནི་དཀྱིལ་ཆོག་ལྟར་བྱ་བའམ། ཞིང་ཁམས་རྒྱ་མཚོ་མ་ལ་སོགས་པ་གང་ཡང་རུང་བ་འདོན་པ་བསྒྱུར་ལ་བྱ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་དེ་ཉིད་ལྔ་པས་བསྟོད་དོ། །བཅུ་གཅིག་པ་སྤྱན་དབྱེ་བ་ནི། གསེར་དྲུག་མཉམ་ལས་མི་ཆུང་བའི་ཐུར་མས་དངུལ་གྱི་ཀོང་བུར་བཞག་པའི་མར་དང་སྦྲང་རྩི་བླངས་པས་སྤྱན་གྱི་ཐད་ཀར་བྱུག་ཅིང་། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐའ་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུཿཙཀྵུཿས་མནྟ་ཙཀྵུཿབི་ཤོ་དྷ་ནི་སྭཱ་ཧཱ་ཞེས་བརྗོད་པས། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ་མོ། །བཅུ་གཉིས་པ་གསོལ་བ་གདབ་པ་ནི། རྟེན་དེ་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པ་སྔགས་ཙམ་གྱིས་དབུལ། དེ་ཉིད་ལྔ་པས་བསྟོད་ལ། སྔར་གྱི་རྡོ་རྗེ་འཆང་ཞུ་བ་ལས་བྱུང་བའི་རྟེན་སོ་སོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་པར་བསམ། དེ་བཞིན་དུ་པོ་ཏི་ནི་འོད་དཔག་མེད་ཞུ་བ་ལས་ལུང་དང་རྟོགས་པའི་ཆོས་དཀོན་མཆོག དབྱངས་དང་གསལ་བྱེད་ཀྱི་ཡི་གེའི་རྣམ་པ་གླེགས་བམ་གྱི་གཟུགས་སུ་གྱུར་པར་བལྟ། ཕྱག་མཚན་རྣམས་ནི་མི་བསྐྱོད་པ་ཞུ་བ་ལས་ཕྱག་མཚན་སོ་སོའི་དབྱིབས་དང་ཁ་དོག་ཇི་ལྟ་བ་བཞིན་དུ་བསམ། ཁང་བཟང་དང་རྟ་བབས་སོགས་ནི་རྣམ་པར་སྣང་མཛད་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་ཁང་བཟང་སོགས་རང་རང་གི་རྣམ་པ་ཇི་ལྟ་བ་བཞིན་དུ་བསམ་མོ། །དེ་དག་བརྟན་པར་བྱ་བའི་ཕྱིར་དུ་དཔོན་སློབ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་ས་དང་། ཆུ་དང་། མེ་དང་། རླུང་གི་གནོད་པས་མ་ཞིག་གི་བར་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོ་དབུལ། རྟེན་འབྲེལ་སྙིང་པོ་བཟླའོ། །འདི་ནི་ཕྱག་ལེན་ལྟར་བྲིས་པ་ཡིན་ལ། རབ་གནས་དོན་གསལ་གྱི་དཔེ་ཀུན་ལས། ཐོག་མར་བརྟན་བཞུགས་བྱས་ནས། དེ་ནས་ཞལ་བསྒྱུར་བ་འབྱུང་སྟེ། བརྟེན་བཞུགས་འདི་རབ་གནས་ཀྱི་དངོས་གཞི་ཡིན་པས་འདི་མ་ཚར་གྱི་བར་དུ་ཞལ་བསྒྱུར་དུ་མི་རུང་བ་ལ་དགོངས་སམ་སྙམ་མོ། །དེས་ན་བརྟན་བཞུགས་ཀྱི་དམ་ཚིག་པ་བསྐྱེད་པ་ལ་ཡེ་ཤེས་པ་སྤྱན་དྲངས་པ་བརྟན་པར་བྱས་ནས་མངའ་དབུལ་གྱི་གོང་དུ་རང་རང་གི་རྣམ་པར་བསྒྱུར་བ་འདི་དགོངས་པ་ཡིན་པ་འདྲའོ། །བཅུ་གསུམ་པ་མངའ་དབུལ་རྒྱས་པར་བྱ་བ་ལ་བཞི་ལས། དང་པོ་མཆོད་བསྟོད་རྒྱས་པས་མངའ་དབུལ་བ་ནི། རྟེན་གསར་པའི་མདུན་དུ་ཅི་འབྱོར་པའི་མཆོད་པ་བཤམ། བསང་སྦྱང་བྱིན་གྱིས་བརླབ། དཔག་ཏུ་མེད་པར་སྤྲུལ་ལ་དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལྷ་རྫས་མཆོད་ཡོན་ཇི་སྙེད་ཡོད་པ་ཀུན། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །ཞེས་པ་དང་། པད་སྐོར་སྔོན་དུ་འགྲོ་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མ་ེགྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཕྱག་རྒྱ་དང་བཅས་པས་མཆོད་ཡོན་དབུལ། དེ་བཞིན་དུ་ཚིགས་བཅད་ཀྱི་མཆོད་ཡོན་དང་། སྔགས་ཀྱི་ཨརྒྷཾ་རྣམས་ཀྱི་གནས་སུ་ལྷ་རྫས་མེ་ཏོག་དང་། པུཥྤཾ། བདུག་སྤོས་དང་། དྷཱུ་པཾ། སྣང་གསལ་དང་། དཱི་པཾ། དྲི་མཆོག་དང་། གནྡྷཾ། ཞལ་ཟས་དང་། ནཻ་ཝི་དྱཱཾ། སིལ་སྙན་དང་། ཤབྡ་ཞེས་པ་རྣམས་བཅུག་ཅིང་། གཞན་རྣམས་སྔར་དང་འདྲ་བར་བྱས་ལ། དྷརྨཱ་ར་ཎི་ཏའི་སྔགས་ཀྱིས་རོལ་མོ་རྒྱ་ཆེར་དབུལ་ལོ། །མཆོད་ཡོན་གྱི་སྐབས་སུ་ཆུ་བཞི་ཆར་གྱི་འདོན་པ་བསྒྱུར་ཡང་རུང་ལ། ཡང་ན་འདི་ཙམ་གྱིས་ཀྱང་རུང་ངོ་། །དེ་ནས་ཤེས་ཤིང་སྤྲོ་ན། གུར་ནས་འབྱུང་བའི་མཆོད་ཕྲེང་རྒྱས་པར་བྱ་ཞིང་། དེ་ཙམ་མ་ནུས་ན། རྒྱལ་སྲིད་སྣ་བདུན་དང་། འདོད་ཡོན་ལྔའི་མཆོད་པ་གཞན་ནས་འབྱུང་བ་ལྟར་བྱའོ། །དེ་ནས་བསྟོད་པ་བྱ་བའི་ཕྱིར། ལྷ་སོ་སོའི་སྒོས་བསྟོད་ཅི་ཤེས་པས་བསྟོད། དེ་ཙམ་མ་ཤེས་ན། དེ་ཉིད་ལྔ་པས་བསྟོད། པོ་ཏི་ཡོད་ན། དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །ཞེས་དང་། མཆོད་རྟེན་ལ། སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ། །སྣ་ཚོགས་རིན་ཆེན་ཁམས་ལས་གྲུབ་པ་ཡི། །སྤྲུལ་པའི་མཆོད་རྟེན་སྣ་ཚོགས་རྒྱན་གྱིས་མཛེས། །ཆོས་སྐུ་རང་བཞིན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་དང་། གཙུག་ལག་ཁང་ཡིན་ན། དེའི་ནང་དུ་བསྐྱེད་པའི་རིགས་ལྔ་པོ་ལ། ཧཱུྃ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །གཟུགས་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལ། །འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཕྲག་དོག་རྡོ་རྗེ་བསྐྱོད་པའི་རླུང་། །བྱ་གྲུབ་ཡེ་ཤེས་རྡོ་རྗེའི་སྐུ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་དོན་ཡོད་གྲུབ་པ་ལའོ། །ཞེས་པས་བསྟོད། ཐུན་མོང་དུ། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་དཔག་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་རྣམས་སྩོལ་མཛད་པའི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོང་མི་འགྱུར། །ཨེ་མ་ཧོཿཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེ་སྟེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པས་བསྟོད་དོ། །གཉིས་པ་བྱེ་བྲག་ཏུ་ཉེ་བར་མཁོ་བས་མངའ་དབུལ་བ་ལ་གཉིས་ཀྱི། དང་པོ་རྟེན་ཐམས་ཅད་ལ་མངའ་དབུལ་བ་ནི། དཀྱིལ་འཁོར་ཁྲུས་དང་ན་བཟའ་བརྒྱན། །རྣམ་ལྔ་རིན་ཆེན་བདུན་དང་བཅུད། །གདུགས་སོགས་དག་ནི་སྤྱི་ཡི་འོ། །ཞེས་པ་ལྟར་བརྒྱད་ལས། དང་པོ་དཀྱིལ་འཁོར་ནི། གླིང་བཞི་རི་རབ་དང་བཅས་པའི་མཎྜལ་བྲིས་ཏེ་ཕུལ་བར་བསམས་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ལེགས་པར་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། གཉིས་པ་ཁྲུས་ནི། དྲི་ཞིམ་པོའི་ཆུས་བཀྲུ་ཞིང་། སྟོང་གསུམ་ཀུན་ཏུ་དྲི་ངད་འབྱུང་འགྱུར་བའི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། གསུམ་པ་ན་བཟའ་ནི། རྟེན་རབ་ཏུ་བྱུང་བའི་ཆ་ལུགས་ཅན་རྣམས་ལ་ངུར་སྨྲིག་གི་རྒྱལ་མཚན་ཕུལ་བར་བསམས་ལ། དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ཝསཏྲ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དང་། སངས་རྒྱས་ལོངས་སྐུ་དང་། བྱང་སེམས་ཁྱིམ་པའི་ཆ་ལུགས་ཀྱི་རྟེན་དང་། མཆོད་རྟེན་དང་། གླེགས་བམ་རྣམས་ལ་དར་སྣ་ཚོགས་ཀྱི་ན་བཟའ་རྣམས་དབུལ་ཞིང་། ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡངས་མཛེས་ལྷ་ལས་བྱུང་བ་ཡི། །ན་བཟའི་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བགྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝ་ས་སྱེ་ཨཱཿཧཱུྃ་སྭཱ་ཧཱ། བཞི་པ་རྒྱན་ནི། རིན་པོ་ཆེའི་རྒྱན་མང་པོ་དབུལ་ཞིང་། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཨོཾ་བཛྲ་ཨཱ་ལཾ་ཀ་ར་ཝ་པཱུ་ཁ་ནི་ཨཱཿཧཱུྃ་སྭཱ་ཧཱ། ལྔ་པ་འདོད་ཡོན་ལྔ་ནི། གཟུགས་སོགས་འདོད་ཡོན་ཅི་འབྱོར་བ་དབུལ་ཞིང་། རྒྱལ་བ་ཟག་མེད་འབྱོར་ལ་མངའ་བསྒྱུར་ཡང་། །འགྲོ་བའི་དོན་དུ་འདོད་ཡོན་རྣམ་ལྔ་ཡི། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ས་མནྡྷ་བྷ་དྲ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། དྲུག་པ་རིན་ཆེན་བདུན་ནི། རྒྱལ་སྲིད་སྣ་བདུན་གྱི་གཟུགས་དབུལ་ཞིང་། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བསམ་ཞིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བས་མི་ཟད་གཏེར་ལ་ལོངས་སྤྱོད་ཤོག །ཨོཾ་བཛྲ་སཔྟ་རཏྣ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། བདུན་པ་བཅུད་ནི། རིན་པོ་ཆེའི་སྣོད་གཅིག་གམ་སྔར་སྨན་ལྔ། འབྲུ་ལྔ། དྲི་ལྔ། རིན་པོ་ཆེ་ལྔ། སྙིང་པོ་ལྔ་རྣམས་བླུགས་པ་དབུལ་ཞིང་། རྒྱལ་བ་མགོན་པོ་དཔལ་གྱིས་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཨོཾ་བཛྲ་པཉྩ་པཉྩ་བི་མ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། བརྒྱད་པ་གདུགས་སོགས་ནི། གདུགས་དང་། བ་དན་དང་། བླ་རེ་དང་། རོལ་མོ་ལ་སོགས་པ་དབུལ་ཞིང་། བརྩེ་བའི་ཁོར་ཡུག་སྙན་པའི་བ་དན་དང་། །ཏིང་འཛིན་བླ་རེ་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པ་རྣམས་ཐུན་མོང་དུ་དབུལ་ལོ། །གཉིས་པ་རྟེན་སོ་སོ་ལ་མངའ་དབུལ་བ་ལ་གསུམ་ལས། དང་པོ་སྐུ་གཟུགས་ལ་མངའ་དབུལ་བ་ནི། སྤུ་གྲི་འདྲེག་སྤྱད་སོ་མང་དང་། །རྨང་གཟེར་ཚེམས་ཤིང་སྤབས་བཞར་རོ། །ཞེས་པ་ལྟར་དྲུག་ལས། དང་པོ་ནི། རྟེན་རབ་བྱུང་གི་ཆ་ལུགས་ཅན་རྣམས་ལ། གསེར་གྱི་སྤུ་གྲིས་དབུ་སྐྲ་དང་ཞལ་སྤུ་འདྲེག་པའི་ཚུལ་བྱ་ཞིང་། རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང་། །གཞན་དོན་བསྒྲུབ་ཕྱིར་ཁྱིམ་པའི་རྟགས་སྤང་ཕྱིར། །དད་པས་གསེར་གྱི་འདྲེག་སྤྱད་ཕུལ་བ་ཡིས། །འགྲོ་ཀུན་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ཨོཾ་བཛྲ་ཀ་ཙ་མུ་ལ་ཨཱཿཧཱུྃ་སྭཱ་ཧཱ། གཉིས་པ་ནི། གསེར་གྱི་འདྲེག་སྤྱད་ཀྱིས་སེན་མོ་འདྲེག་པའི་ཚུལ་བྱ་ཞིང་། ཟངས་མདོག་ལྟར་མཛད་ཡིད་འོང་སྐྱོན་བྲལ་ཡང་། །བདག་ཅག་དད་པས་ཕྱག་དང་ཞབས་རྣམས་ཀྱིས། །སེན་མོའི་འདྲེག་སྤྱད་ཕུལ་བས་འགྲོ་ཀུན་གྱིས། །སངས་རྒྱས་དཔེ་བྱད་བཟང་པོ་ཐོབ་པར་ཤོག །ཨོཾ་བཛྲ་ན་ག་ཚེ་ད་ཛི་ན་ཨཱཿཧཱུྃ་སྭཱ་ཧཱ། གསུམ་པ་ནི། རྟེན་ལོངས་སྐུའི་ཆ་ལུགས་ཅན་རྣམས་དང་། བྱང་སེམས་ཁྱིམ་པའི་ཆ་ལུགས་ཅན་རྣམས་ལ་གསེར་གྱི་སོ་མང་གིས་དབུ་སྐྲ་བཤད་པའི་ཚུལ་བྱ་ཞིང་། དབུ་སྐྲ་རིན་ཆེན་ལྕང་ལོ་མི་འཁྲུག་ཅིང་། །མཛེས་ཤིང་བལྟ་བས་མི་ངོམས་སྐྱོན་བྲལ་ཡང་། །བདག་བློ་སྦྱང་ཕྱིར་རྐྱེན་དང་འཚམས་པ་འདི། །ཕུལ་བས་འགྲོ་ཀུན་དུག་གསུམ་བྲལ་བར་ཤོག །ཨོཾ་བཛྲ་བཱ་ལ་ཤོ་དྷ་ཡ་ཨཱཿཧཱུྃ་སྭཱ་ཧཱ། བཞི་པ་ནི། གསེར་གྱི་རྨང་གཟེར་དབུལ་ཞིང་། དྲི་འཛིན་རྣམ་དག་ཚུལ་ཁྲིམས་ལས་འཁྲུངས་པ། །དགེ་བ་བསྒྲུབ་ཕྱིར་སྐྱོན་ལས་ངེས་གྲོལ་ཡང་། །མོས་པས་འཛིན་སྤྱད་དམ་པ་ཕུལ་བ་ཡིས། །འགྲོ་བས་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཨོཾ་བཛྲ་རོ་མ་དྷ་ར་ཨཱཿཧཱུྃ་སྭཱ་ཧཱ། ལྔ་པ་ནི། གསེར་དངུལ་ལས་བྱས་པའི་ཚེམས་ཤིང་དབུལ་ཞིང་། དཀར་ལ་ཐགས་བཟངས་བཞི་བཅུ་ཚང་བའི་ཚེམས། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་མངའ་བསྒྱུར་ཡང་། །བདག་ཅག་དད་པས་ཚེམས་ཤིང་འབུལ་ལགས་ཀྱི། །འགྲོ་བས་སངས་རྒྱས་གསུང་དབྱངས་ཐོབ་པར་ཤོག །ཨོཾ་བཛྲ་དནྟ་ཤོ་དྷ་ཡ་ཨཱཿཧཱུྃ་སྭཱ་ཧཱ། དྲུག་པ་ནི། གསེར་གྱི་སྤབས་བཞར་དབུལ་ཞིང་། སྙན་བསྲིང་མི་མངའ་ཀུན་ཏུ་གསལ་བར་ལྡན། །ཐུབ་པའི་སྒྲ་འཛིན་ངོ་བོས་དག་ན་ཡང་། །དག་བྱེད་འདི་ནི་བདག་གིས་འབུལ་ལགས་ཀྱི། །སྐྱེ་བོས་རྟག་ཏུ་དམ་ཆོས་ཐོས་པར་ཤོག །ཨོཾ་བཛྲ་ཀརྞ་ཤོ་ངྷ་ཡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་ཅིང་དབུལ་ལོ། །དེའང་གསང་འདུས་ལ་སོགས་པའི་ཞལ་སྦྱོར་གྱིས་སྐུ་ལ་ནི་སྤུ་གྲི་དང་འདྲེག་སྤྱད་མི་དབུལ་ཞིང་། ཚེ་དཔག་མེད་ལ་སོགས་པ་ལོངས་སྐུའི་རྣམ་པ་ཅན་ལ་ནི་སྤུ་གྲི་མ་གཏོགས་པ་གཞན་ལྔ་ཀ་དབུལ་ཞིང་། ཐུབ་དབང་ལ་སོགས་པ་སྤྲུལ་སྐུ་རྣམས་ལ་སོ་མང་མི་དབུལ་བར་གཞན་ལྔ་ཀ་དབུལ་ལོ། །གཉིས་པ་མཆོད་རྟེན་ལ་མངའ་དབུལ་བ་ནི། སྲོག་ཤིང་འཁོར་ལོ་ཅོད་པཎ་འཕན། །རྒྱལ་མཚན་གདུགས་དང་ཕྲེང་བ་གདན། །ཞེས་པ་ལྟར་བརྒྱད་ལས། དང་པོ་སྲོག་ཤིང་དབུལ་ཞིང་། ཨོཾ་བཛྲ་ཨཱ་ཡུཿཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག བདེ་བར་གཤེགས་པའི་བསྟན་པའི་དམ་ཆོས་ཡུན་རིང་དུ་མི་ནུབ་ཅིང་གནས་པར་གྱུར་ཅིག སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པས་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག གཉིས་པ་འཁོར་ལོ་དབུལ་ཞིང་། ཨོཾ་པྲ་མརྡཱ་ན་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ཐོབ་པར་གྱུར་ཅིག རྣམ་པར་ཐར་པ་བརྒྱད་ཐོབ་པར་གྱུར་ཅིག ཡེ་ཤེས་ལྔ་ཐོབ་པར་གྱུར་ཅིག གསུམ་པ་དར་གྱི་ཅོད་པཎ་དབུལ་ཞིང་། ཨོཾ་པ་ཏཾ་ཀཱ་ལཾ་པ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དུས་ཐམས་ཅད་དུ་དར་གྱི་ཅོད་པཎ་དང་ལྷབ་ལྷུབ་ལ་སོགས་པ་མཆོད་པ་དང་། བསྙེན་བཀུར་གྱི་རྣམ་པ་མང་པོས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་དང་། དེ་དག་གི་མཆོད་རྟེན་དང་། སྐུ་གཟུགས་དང་། གསུང་རབ་ལ་སོགས་པ་དག་ལ་མཆོད་པ་བྱེད་པར་གྱུར་ཅིག བཞི་པ་འཕན་དབུལ་ཞིང་། ཨོཾ་པ་ཏཾ་ཀེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཆོས་ཀྱི་གྲགས་པའི་སྙན་པ་བསམ་གྱིས་མི་ཁྱབ་པ་ཐོབ་པར་གྱུར་ཅིག ལྔ་པ་ཆུ་སྲིན་གྱིས་རྒྱལ་མཚན་དབུལ་ཞིང་། ཨོཾ་ཀུ་བི་ར་དྷྭ་ཛ་སྭཱ་ཧཱ། སེམས་ཅན་ཐམས་ཅད་འཁོར་བ་མི་འཛིན་མི་གཏོང་བས་བདུད་བཞི་ལས་རྒྱལ་ཞིང་ཆོས་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག དྲུག་པ་གདུགས་དབུལ་ཞིང་། ཨོཾ་བྷྲ་མ་ན་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སྐྱབས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག བདུན་པ་མེ་ཏོག་གི་ཕྲེང་བ་དབུལ་ཞིང་། ཨོཾ་རཏྣ་མཱ་ལ་ཏྲཱྃ་ཞེས་བྱ་བ་དང་། ན་མཿསཏྲཻ་ཡ་དྷཱ། ཨ་ནུ་ག་ཏ་པྲ་ཏིཥྛ་ཏ་པུཥྤེ་ཀེ་ཏུ་རཱ་ཛ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་དང་ལྡན་ཏེ། སྐུ་བལྟ་བས་ཆོག་མི་ཤེས་པ་ཐོབ་པར་གྱུར་ཅིག བརྒྱད་པ་རིན་པོ་ཆེ་ལ་སོགས་པའི་གདན་དབུལ་བར་བསམ་ཞིང་། ཨོཾ་པུཎྱ་དྷ་རི་ཛ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་གདན་གྱི་ཁྱད་པར་སྟོབས་བཅུ་དང་ལྡན་པ་གླང་པོ་ཆེའི་གདན་དང་། མི་འཇིགས་པ་བཞི་དང་ལྡན་པ་སེང་གེའི་གདན་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་རྟའི་གདན་དང་། དབང་བཅུ་དང་ལྡན་པ་རྨ་བྱའི་གདན་དང་། ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཀྱི་ཤུགས་དང་ལྡན་པ་ནམ་མཁའ་ལྡིང་གི་གདན་དང་། འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་བ་ནོར་བུ་རིན་པོ་ཆེའི་གདན་དང་། ཆགས་པའི་སྐྱོན་སྤངས་པ་པདྨའི་གདན་དང་། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་གདན་ཐོབ་པར་གྱུར་ཅིག ཅེས་བརྗོད་ཅིང་དབུལ་ལོ། །གསུམ་པ་གླེགས་བམ་ལ་མངའ་དབུལ་བ་ནི། བཞུགས་ཁྲི་དང་ནི་ན་བཟའ་དང་། །གླེགས་ཤིང་དང་ནི་གླེགས་ཐག་གོ །ཞེས་པ་ལྟར་བཞི་ལས། དང་པོ་རིན་པོ་ཆེའི་ཁྲི་དབུལ་ཞིང་། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡི་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་པར་ཤོག །ཨོཾ་བཛྲ་ཨཱ་ས་ན་ཡ་ཨཱཿཧཱུྃ་སྭཱ་ཧཱ། གཉིས་པ་ན་བཟའ་དབུལ་ཞིང་། སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་ཡང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསཏྲ་ཨཱཿཧཱུྃ་སྭཱ་ཧཱ། གསུམ་པ་གླེགས་ཤིང་དབུལ་ཞིང་། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ལ། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་རྟོགས་པར་ཤོག །ཨོཾ་བཛྲ་པྲ་ཛྙཱ་ཨུ་པ་ཡ་ཨ་དཱ་ཡ་ཨཱཿཧཱུྃ་སྭཱ་ཧཱ། བཞི་པ་གླེགས་ཐག་དབུལ་ཞིང་། སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོར་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་ཕུལ་བ་ཡིས། །འགྲོ་བས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ཨོཾ་བཛྲ་སྥོ་ཏ་ཀ་བྷནྡྷ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་ཅིང་དབུལ་ལོ། །གསུམ་པ་སྦྱིན་སྲེག་གི་མངའ་དབུལ་བ་ནི། རྒྱས་པའི་སྦྱིན་སྲེག་གི་ཆོ་གས་རབ་ཏུ་གནས་བྱའི་ལྷ་དང་། གླེགས་བམ་ཡིན་ན་འོད་དཔག་མེད་དང་། ལྷ་ཁང་ཡིན་ན་རྣམ་སྣང་ཐབ་ཏུ་སྤྱན་དྲངས་ལ། མངར་གསུམ་གྱིས་སྦགས་པའི་འབྲུས་གཙོར་བྱས་པའི་བསྲེག་བླུགས་བརྒྱ་རྩ་བརྒྱད་དབུལ། བདག་དང་ཡོན་བདག་གི་ཚེ་དང་བསོད་ནམས་འཕེལ་བའི་ཕྱིར་དུ་དཱུརྦ་དང་འབྲས་ཀྱི་སྦྱིན་སྲེག་ཅི་གྲུབ་བྱ། དེའི་རྗེས་སུ་ཐབ་ཁུང་གི་མེ་ལ་མཉྫིའི་སྟེང་དུ་ཚོན་དཀར་པོའམ་སེར་པོས་བྱུགས་པའི་སྣོད་བཞག་ལ། དེའི་ནང་དུ་འབྲས་དང་། སྦྲང་རྩི་དང་། ཀ་ར་བསྲེས་པའི་འོ་མ་བླུགས་ལ་གཙོ་བོའི་སྔགས་ཟློས་བཞིན་དུ་འོ་ཐུག་བསྒྲུབས་ལ་འོག་ནས་འབྱུང་བའི་ཚིགས་བཅད་དང་། སྔགས་ཀྱིས་རྟེན་ལ་དབུལ་ལོ། །གལ་ཏེ་འོ་ཐུག་མ་གྲུབ་ན་སྣོད་བཟང་པོར་ལྷ་བཤོས་ཆེན་པོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་གི་མཐར། བཟའ་བ་དང་། བཅའ་བ་དང་། བཏུང་བ་སྣ་ཚོགས་བཤམས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ། ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་འདོད་རྒུའི་རྒྱ་མཚོར་བྱིན་གྱིས་བརླབས་ནས་རྟེན་ལ་ཕུལ་བར་བསམ་ཞིང་། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་དཱི་བྱ་ཨ་ནེ་ས་མཱ་དྷཱིནྡཱ་ཡཱ་ན་པྲྀ་ཎ་ནེ་སྭཱ་ཧཱ། ཞེས་བརྗོད་དོ། །བཞི་པ་སྔགས་ཀྱི་མངའ་དབུལ་བ་ནི། རྟེན་ལ་གཟུངས་ཐག་བཏགས་པར་ཀུན་གྱིས་བཟུང་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱིཿབྷཱུ་ཁཾ་བཛྲཱི་བྷ་ཝ་ཌི་ཌ་ཏིཥྛ་བྷཱུ་ཁཾ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་བཟླས་ལ། ཐམས་ཅད་ཀྱིས་ལག་ཏུ་མེ་ཏོག་ཐོགས་ནས། བཀྲ་ཤིས་ཀྱི་ཚིགས་བཅད་འདོན་ཅིང་། རྟེན་ལ་མེ་ཏོག་གི་ཆར་ཕབ་པས་བཀྲ་ཤིས་པར་བསམས་ལ་མཆོད་བསྟོད་བསྡུས་པ་ཞིག་བྱའོ། །གསུམ་པ་ལ་མཇུག་གི་ཆོ་ག་ནི། གཏོར་མ་སྦྱིན་དང་ཆོས་སྐྱོང་བསྒོ། །ཡོན་བདག་བསྒོ་ཞིང་ཤིས་པ་བརྗོད། །རྟེན་མཆོད་བསོད་ནམས་ཡོངས་སུ་བསྔོ། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་པ་རྒྱས་པར་བརྗོད། །རྗེས་བསྡུ་སྦྱིན་སྲེག་མཇུག་དོན་ནོ། །ཞེས་པ་ལྟར་བཅུ་གཅིག་ལས། དང་པོ་གཏོར་མ་སྦྱིན་པ་ནི། གཏོར་མ་རྣམས་བསང་སྦྱང་བྱིན་གྱིས་བརླབས་ལ། དང་པོ་ལྷ་དང་འབྱུང་པོ་ཐ་མི་དད་ཀྱི་ཆོ་གས་འདས་པ་དང་། གཉིས་པ་ནག་པོ་ཆེན་པོ་ལྕམ་དྲལ་དང་། གསུམ་པ་གདོང་བཞི་པ་དང་། བཞི་པ་ལས་མགོན་དང་། ལྔ་པ་མཁའ་འགྲོ་སྤྱི་གཏོར་གྱིས་དབུལ་ལོ། །གཉིས་པ་ཆོས་སྐྱོང་བསྒོ་བ་ནི། གཙུག་ལག་ཁང་ངམ་མཆོད་རྟེན་གང་ལ་གཏད་པར་འདོད་པའི་ཆོས་སྐྱོང་ལ་གཏོར་མ་རྒྱ་ཆེན་པོ་ཕུལ་ལ། ཁྱེད་ཀྱིས་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་ལ་བསྲུང་བ་དང་། སྐྱོང་བར་གྱིས་ཤིག་ཅེས་བརྗོད། དེ་ནུས་པ་བསྐྱེད་པའི་ཕྱིར་རྡོ་རྗེའི་གོ་ཆའི་ཕྱག་རྒྱ་དང་། ཨོཾ་བཛྲ་རཀྵ་ཧཾ། ཞེས་བརྗོད་པས་རྡོ་རྗེའི་གོ་བསྐོན་པས་ནུས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བསམས་ལ། དེ་བདག་གིས་བཀའ་ལས་མི་འདའ་བའི་ཕྱིར་རྡོ་རྗེ་ཐོགས་ནས། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །གལ་ཏེ་དམ་ལས་འདས་གྱུར་ན། །ཞིག་འགྱུར་འདི་ལ་ཐེ་ཚོམ་མེད། །ཨོཾ་མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད། ཡང་དེའི་མགོ་བོར་རྡོ་རྗེ་བཞག་པར་བསམས་ལ། བདག་དང་ཡོན་བདག་འཁོར་དང་བཅས་པ་ལ་བསྲུང་བ་དང་། བསམས་པ་ཐམས་ཅད་འགྲུབ་པ་དང་། རྟེན་འདི་ལ་མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་ཆད་པར་གྱིས་ཤིག ཅེས་དམ་ལ་གཞག་གོ།  །།གསུམ་པ་ཡོན་བདག་བསྒོ་བ་ནི། མདུན་དུ་སྟན་སེར་པོའི་སྟེང་དུ་སྦྱིན་བདག་ཐལ་མོ་སྦྱར་ནས་འདུག་ཏུ་བཅུག་ལ། ཁྱོད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་ཇི་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱི། །ཅི་བདེ་བར་ནི་མཆོད་པར་བྱོས། །ཞེས་དང་། ཁྱོད་ཀྱིས་ང་ལ་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚར་བར་བྱས་ཀྱི། རྟེན་འདི་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག དེ་ནས་ཀྱང་ཅི་འབྱོར་བའི་མཆོད་པས་རྒྱུན་མི་ཆད་པར་མཆོད་པ་གྱིས་ཤིག་ཅེས་བསྒོའོ། །བཞི་པ་ཤིས་པ་བརྗོད་པ་ནི། ལས་ཐམས་ཅད་པའི་བུམ་པ་དང་སྔགས་ཀྱིས་ཡོན་བདག་བསང་ལ། དེ་སྐད་ཅིག་གིས་ཡི་དམ་གྱི་ལྷར་བསམས་ཏེ། མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ནས། སློབ་དཔོན་གྱིས་ཁྲོ་བོ་སྤྱན་དྲངས་ཞིང་། བསྟོད་པ་དང་བདེན་པ་བརྡར་ནས། སྦྱིན་བདག་འཁོར་བཅས་བཀྲ་ཤིས་པར་བྱེད་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་ཚོགས་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག ཅེས་བརྗོད་ལ། ལས་ཐམས་ཅད་པ་བཟློས་ཤིང་རོལ་མོ་དྲག་ཏུ་བྱས་ལ་བགེགས་བསལ་ལོ། །དེ་ནས་བཀྲ་ཤིས་ཀྱི་རྫས་བརྒྱད་མདུན་དུ་འདུས་བྱས་ལ་བསང་སྦྱངས་ཏེ། སྟོང་པའི་ངང་ལས་མྃ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སྦྱིན་བདག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་། བསོད་ནམས་དང་། དཔལ་དང་འབྱོར་པ་ཐམས་ཅད་རྒྱས་པའི་ནུས་པ་དང་ལྡན་པར་བསམས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ་དཔོན་སློབ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཐོགས་མེད་ཆོས་ལ་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་བ་ན་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབ་པ་དེ་བཞིན་དུ། དེང་འདིར་ཡང་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་དང་། སྦྱིན་བདག་གིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ཅེས་བརྗོད་དོ། །དེ་བཞིན་དུ་འོག་མ་རྣམས་ལའང་འདྲ་བར་སྦྱར་ལ། གི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུང་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་གླང་པོ་ཆེ་ས་སྲུང་གིས་གི་ཝང་ཕྱག་ཏུ་ཕུལ་བ་ན་ཞེས་སོགས་སྦྱར། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །སྔོན་བཅོམ་ལྡན་འདས་ལ་ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕྱག་ཏུ་ཕུལ་བ་ན་ཞེས་སོགས་སྦྱར། དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་རྩ་འཚོང་བཀྲ་ཤིས་ཀྱིས་རྩ་དཱུརྦ་ཕྱག་ཏུ་ཕུལ་བ་ན་ཞེས་སོགས་སྦྱར། བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་འདི་འགྲུབ་པར་ཤོག །སྔོན་བཅོམ་ལྡན་འདས་ལ་ལྷ་ཚངས་པས་ཤིང་ཐོག་བིལ་བ་ཕྱག་ཏུ་ཕུལ་བ་ན་ཞེས་སོགས་སྦྱར། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིགས་ལ་དབང་ཐོབ་ཤོག །སྔོན་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕྱག་ཏུ་ཕུལ་བ་ན་ཞེས་སོགས་སྦྱར། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་འདུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་བྲམ་ཟེ་སྐར་རྒྱལ་གྱི་བུས་ལི་ཁྲི་ཕྱག་ཏུ་ཕུལ་བ་ན་ཞེས་སོགས་སྦྱར། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་རབ་བྱེད་ཅིང་། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག །སྔོན་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕྱག་ཏུ་ཕུལ་བ་ན་ཞེས་སོགས་སྦྱར་བའི་བཀྲ་ཤིས་བརྗོད་ཅིང་། བཀྲ་ཤིས་ཀྱི་རྫས་རྣམས་རྟེན་ལ་དབུལ་ཞིང་། ཡོན་བདག་རྣམས་ཀྱང་རེག་ཏུ་གཞུག་གོ།  །།ལྔ་པ་རྟེན་ལ་མཆོད་པ་ནི། རབ་ཏུ་གནས་པའི་ལྷའི་མདུན་དུ་མཆོད་པ་གསར་པ་ཅི་འབྱོར་པ་བཤམས་ལ། ཇི་ལྟར་འབྱོར་པའི་ཚིགས་སུ་བཅད་པས་མཆོད་ཅིང་། བསྟོད་པ་དང་། ཕྱག་དང་། བསྐོར་བ་ཅི་ནུས་སུ་བྱའོ།།  །།དྲུག་པ་བསོད་ནམས་བསྔོ་བ་ནི། སློབ་དཔོན་དཔོན་སློབ་ཀྱིས་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་སྔོན་དུ་འགྲོ་བས་བསྔོ་བ་སྨོན་ལམ་རྣམ་པར་དག་པ་བྱའོ།།  །།བདུན་པ་སློབ་དཔོན་མཆོད་པ་ནི། སྦྱིན་བདག་གིས་སློབ་དཔོན་དང་དགེ་འདུན་ལ་བསྙེན་བཀུར་དང་ཡོན་དབུལ་བར་བྱའོ།།  །།བརྒྱད་པ་དགའ་སྟོན་བྱ་བ་ནི། རབ་གནས་རྒྱས་པར་བྱ་བའི་དོན་དུ་གནས་ཁང་དེ་ཉིད་དམ་གཞན་དུའང་རུང་སྟེ་སློབ་དཔོན་དང་། དགེ་འདུན་དང་། བཟོ་བོ་དང་། གྲོགས་བྱེད་པ་དང་། ཞལ་ཏ་བ་རྣམས་ལ་དགའ་སྟོན་གྱི་བསྙེན་བཀུར་རྒྱས་པར་བྱ་ཞིང་། སྔར་གྱི་ཙཱ་རུའི་བཟའ་བ་ལྷ་ལ་ཕུལ་བའི་ལྷག་མ་རྣམས་ཚོགས་པ་ཐམས་ཅད་ལ་དྲང་ཞིང་། བདེ་གཤེགས་ལྷག་མ་འདི་དག་ནི། །ཟོ་ཞིག་སྡིག་པ་བྱང་བར་འགྱུར། །ཞེས་བརྗོད་དོ།།  །།དགུ་པ་སླར་ཡང་ཤིས་པར་བྱ་བ་ནི། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་ཤེས་པས་དེར་ཚོགས་པ་རྣམས་བཀྲ་ཤིས་པར་བྱ་ཞིང་། རྟེན་མཆོད་པའི་བསམ་པས་གླུ་དང་། གར་དང་། རོལ་མོ་ལ་སོགས་པ་ཅི་ནུས་པར་བྱའོ།།  །།བཅུ་པ་ལས་ཀྱི་རྗེས་བསྡུ་བ་ནི། སློབ་དཔོན་དཔོན་སློབ་རྣམས་ཀྱིས་རབ་གནས་ཀྱི་མངའ་དབུལ་དང་། ཁྲུས་སྟེགས་ལ་སོགས་པ་རྣམས་བསྡུ་ཞིང་། ལས་ཀྱི་རྗེས་མི་མངོན་པར་བྱས་ལ། རྙེད་པ་རྣམས་ཀྱང་བགོས་ཏེ། གོས་ཟུང་ལ་སོགས་པ་རྣམས་ནི་འཕན་དང་རྒྱལ་མཚན་དུ་བྱས་ཏེ་མཆོད་རྟེན་ནམ་གཙུག་ལག་ཁང་དུ་དབུལ། དཀྱིལ་འཁོར་མཆོད་པའི་ཡོ་བྱད་དམན་མ་རྣམས་ཕོངས་པ་དང་མགོན་མེད་པ་རྣམས་ལ་སྦྱིན་ཞིང་། ཁྱི་དང་། བྱ་རོག་སོགས་ལ་ནི་ལྷག་པར་དཀོར་དུ་འགྱུར་བས་མི་སྦྱིན་པར་བཤད་དོ།།  །།བཅུ་གཅིག་པ་སྦྱིན་སྲེག་བྱ་བ་ནི། ཆོ་གའི་ལྷག་ཆད་ཁ་བསྐང་བའི་ཕྱིར་མཚན་མོ་ཞི་བའི་སྦྱིན་སྲེག་བྱ་ཞིང་མ་གྲུབ་ན་ཡི་གེ་བརྒྱ་པ་མང་དུ་བཟླའོ། །ཡོན་བདག་གིས་ཀྱང་ཞག་བདུན་དུ་རྟེན་ལ་མཆོད་པ་བར་མ་ཆད་དུ་དབུལ་ཞིང་། དེ་ནས་ཀྱང་ཅི་ནུས་པའི་མཆོད་པ་བྱ་སྟེ་ཆོ་ག་འབྲིང་གི་རིམ་པའོ། །བསྡུས་པ་དང་། རྒྱས་པ་ནི་རབ་གནས་དོན་གསལ་ལྟར་ཤེས་པར་བྱའོ།།  །།དགེ་ལེགས་རྒྱ་མཚོའི་དཔལ་གནས་ཆོ་ག་འདི། །འདུན་ལྡན་སློབ་མས་ཡང་ཡང་བསྐུལ་བའི་ངོར། །དཔལ་ལྡན་ས་སྐྱའི་རྗེ་བཙུན་མཆོག་དག་གིས། །ལེགས་པར་བཀྲལ་ཤིང་བླ་མའི་ཕྱག་ལེན་ལྟར། །ཇི་ལྟའི་གནས་ལུགས་འབྱེད་པའི་བཞིན་རས་གསལ། །ཇི་བཞིན་མཐོང་བ་བརྒྱུད་པའི་མིག་ལྡན་ཞིང་། །ཇི་སྙེད་གཞུང་བཟང་ཐོས་པའི་རྣ་བ་ཅན། །ཇི་ཙམ་སྨྲ་ལ་འཇིགས་མེད་སེང་གེས་སྦྱར། །དགེ་ཚོགས་རིན་ཆེན་གང་ཞིག་ཐོབ་པ་དེས། །མཁའ་མཉམ་འགྲོ་བའི་དབུལ་བ་ཀུན་སེལ་ཞིང་། །རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱེས་བུ་རྣམས། །འཕེལ་ཞིང་རྒྱས་པའི་དཔལ་དུ་འགྱུར་བར་ཤོག།  །།དཔལ་ཀྱཻ་རྡོ་རྗེའི་རྣལ་འབྱོར་གྱིས་རྟེན་ལ་རབ་ཏུ་གནས་པར་བྱ་བའི་ཆོ་ག་དགེ་ལེགས་རྒྱ་མཚོ་ཞེས་བྱ་བ་འདི་ནི། དོན་གཉེར་གྱི་སློབ་མ་དགེ་འདུན་དཔལ་གྱིས་བསྐུལ་བའི་ངོར་རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཡབ་སྲས་ཀྱི་ཞབས་རྡུལ་སྤྱི་བོས་བླངས་པ་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོས་བགྱིས་སོ།།  །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་དེ་ནི་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*