༼ན༽༄༅། །དམ་ཚིག་རྣམ་བཤད་ཟབ་དོན་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭསྟི། དམ་ཚིག་རྣམ་བཤད་ཟབ་དོན་སྙིང་པོ་བསྡུས་པ་ཞེས་བྱ་བ་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། འདིར་སྔགས་སྡོམ་གྱི་རྣམ་པར་གཞག་པ་ལ། མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག་དང་། ཐོབ་པ་མི་ཉམས་པར་སྲུང་བའི་ཚུལ་གཉིས། དང་པོ་ནི་དབང་བསྐུར་གྱི་ཆོ་ག་སྟེ། དེ་ཡང་རྒྱུད་སྡེ་བཞི་ལ་དབང་བསྐུར་གྱི་ཆོ་གའི་བབས་མི་འདྲ་བ་བཞི་ཡོད་དོ། །གཉིས་པ་ནི་དེ་ལྟར་ཡོད་པའི་རྒྱུ་མཚན་གྱིས་དམ་ཚིག་དང་སྡོམ་པ་སྲུང་ཚུལ་མི་འདྲ་བ་བཞི་ཡོད་པ་ལས། འདིར་བླ་མེད་ཀྱི་དབང་དུ་བྱས་ནས་འཆད་ན། གཞུང་འདི་རྩོམ་པ་པོའི་སློབ་དཔོན་ངོས་གཟུང་བ། རྒྱུད་གཞུང་གང་ལ་བརྟེན་པ། རྩོམ་པའི་དགོས་པ། དགོས་ལྡན་གྱི་བསྟན་བཅོས་དོན་དུ་ཞིག་གི་སྒོ་ནས་འཆད་པ་དང་བཞིའོ། །དང་པོ་ནི། རང་རང་གི་བླ་མ་གོང་མ་གྲུབ་པ་ཐོབ་པ་རྣམས་ཀྱིས་ཕྱུང་བར་བཞེད་ཀྱང་། མན་ངག་བརྒྱུད་པ་འདིར་ནི་རྣལ་འབྱོར་དབང་ཕྱུག་བིརྺ་པས་ཕྱུང་བར་བཞེད་དོ། །ཁ་ཅིག་མགོན་པོ་ཀླུ་སྒྲུབ་ཀྱིས་ཕྱུང་བར་བཞེད་པ་དང་། ཁ་ཅིག་སློབ་དཔོན་བྷ་ཝི་ལྷས་ཕྱུང་བར་བཞེད་པ་དང་ཡང་མི་འགལ་ཏེ། བཀའ་ལས་ཕྱུང་བའི་བསྟན་བཅོས་ཡིན་པའི་ཕྱིར། གཉིས་པ་ནི་གཞུང་འདིའི་ཚིག་རིགས་ཇི་ལྟ་བ་བཞིན་གསང་བ་འདུས་པའི་རྒྱུད་འབུམ་པར་བཞུགས་ཤིང་། དོན་འདྲ་ཡང་ཚིག་མི་འདྲ་བ་ཙམ་ནི་དུས་ཀྱི་འཁོར་ལོའི་རྒྱུད་དམ་པ་དང་པོའི་ལེའུ་གསུམ་པ་དང་། རྡོ་རྗེ་རྭ་གུར་གི་ལེའུ་བཅོ་ལྔ་པ་དང་། གཤིན་རྗེ་གཤེད་དགྲ་ནག་གི་ལེའུ་བདུན་པར་བཞུགས་སོ། །གསུམ་པ་ནི། འོ་ན་དེ་རྒྱུད་དུ་བཞུགས་བཞིན་དུ་ལོགས་སུ་རྩོམ་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལ་དགོས་པ་ཡོད་དེ། རྒྱུད་རྒྱས་པར་བཞུགས་པ་གདུལ་བྱ་ལས་དང་པོ་པ་རྣམས་ཀྱིས་མི་རྙེད་ལ། དམ་པ་དང་པོའི་རྒྱུད་དུ་ཅུང་ཟད་བསྡུས་པའི་ཚུལ་གྱིས་བཞུགས་པ་དང་། རྡོ་རྗེ་རྭ་གུར་དུ་མི་གསལ་བའི་ཚུལ་གྱིས་བཞུགས་པ་དང་། དགྲ་ནག་གི་རྒྱུད་དུ་གོ་རིམ་འཁྲུགས་པའི་ཚུལ་གྱིས་བཞུགས་པས་ན། གསལ་ལ་མ་འཁྲུགས་པ་བདེ་བླག་ཏུ་རྟོགས་པའི་ཆེད་དུ་རྩོམ་པ་ཡིན་ནོ། །བཞི་པ་ལ་རྩ་བའི་ལྟུང་བ་དང་། ཡན་ལག་གི་ལྟུང་བ་གཉིས་ལས། དང་པོ་ལ་ཀླད་ཀྱི་དོན་དང་། གཞུང་གི་དོན་གཉིས། དང་པོ་ལ་མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བ་གཉིས་ལས། དང་པོ་ནི། ཀུན་ནས་དྭང་བས་བླ་མ་ཡི། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཞེས་པས་བསྟན་ཏོ། །གཉིས་པ་ནི། རྩ་བའི་ལྟུང་བ་བཅུ་བཞི་ནི། །རྒྱུད་ལས་གསུངས་པ་བཤད་པར་བྱ། །ཞེས་པས་བསྟན་ཏོ། །གཉིས་པ་གཞུང་གི་དོན་ལ། ལྟུང་བ་སོ་སོའི་ངོ་བོ། བསྲུང་བའི་ཕན་ཡོན། མ་བསྲུང་བའི་ཉེས་དམིགས། མི་འབྱུང་བའི་ཕྱིར་སྐྱོང་བའི་ཐབས། བྱུང་ན་ཕྱིར་བཅོས་པའི་ཐབས་དང་ལྔའོ། །དང་པོ་ལ་རྩ་བའི་ལྟུང་བ་བཅུ་བཞི་ཡོད་པ་ལས། དང་པོ་ནི། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །དེ་བས་དེ་ལ་བརྙེས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་པས་བསྟན་ཏོ། །འདི་ལའང་ལྟུང་བའི་ངོ་བོ་ཉིད་ཀྱི་རྣམ་པར་གཞག་པ། ཡན་ལག་དུས་ལྟུང་བར་འགྱུར་བ། ལྟུང་བར་འགྱུར་བའི་རྒྱུ་མཚན། མི་འབྱུང་བའི་ཕྱིར་བསླབ་པ། བྱུང་ན་ཕྱིར་བཅོས་པའི་ཐབས། རྣམ་སྨིན་རྟོགས་པའི་ཕྱིར་དུ་ཆུང་འབྲིང་ཆེ་གསུམ་གྱི་རྣམ་པར་གཞག་པ་དང་དྲུག་གོ །དང་པོ་ནི། རྡོ་རྗེ་སློབ་དཔོན་ལ་བརྙས་པའོ། །འོ་ན་རྡོ་རྗེ་སློབ་དཔོན་ཇི་ལྟ་བུ། དེ་ལ་བརྙས་པའི་ཚུལ་དེ་ཇི་ལྟ་བུ་ཞེ་ན། དང་པོ་ནི་རྒྱུད་རྒྱས་པའི་ལུང་གྲུབ་ཆེན་དཔལ་འཛིན་གྱིས་དགྲ་ནག་གི་དཀའ་འགྲེལ་དུ་དྲངས་པ་ལས། དམ་ཚིག་ཀློག་པ་སྦྱིན་པ་དང་། །འཆད་བྱེད་མན་ངག་སྟོན་པ་དང་། །དབང་བསྐུར་བ་དང་ལས་བྱེད་པ། །དེ་དག་སློབ་དཔོན་ཞེས་བྱའོ། །ཞེས་གསུངས་པ་ལྟར་བླ་མེད་ཀྱི་བསླབ་བྱ་སྦྱིན་པ་དང་། རྡོ་རྗེ་ཐེག་པའི་སྔགས་ཀྱི་བཟླས་ལུང་སྦྱིན་པ། རྡོ་རྗེ་ཐེག་པའི་གཞུང་འཆད་པ། རིམ་གཉིས་ཀྱི་མན་ངག་སྟོན་པ། དབང་བསྐུར་བ་དང་། རབ་གནས་ཀྱི་ལས་བྱེད་པའི་རྡོ་རྗེ་སློབ་དཔོན་དང་དབང་བསྐུར་གྱི་ལས་བྱེད་པའི་རྡོ་རྗེ་སློབ་དཔོན་ཡང་འདིའི་ཁོངས་སུ་འདུས་པ་ཡིན་ནོ། །གཉིས་པ་ནི་རང་རང་གི་རིགས་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་སྒོ་ནས་རྡོ་རྗེ་སློབ་དཔོན་ལས་མཆོག་ཏུ་འཛིན་པའི་སེམས་ཀྱིས་བརྙས་ན་རྩ་བའི་ལྟུང་བར་འགྱུར་རོ། །གཉིས་པ་ཡན་ལག་དུས་ལྟུང་བར་འགྱུར་བ་ལ། རྟེན་གྱི་ཡན་ལག ཡུལ་གྱི། ངོ་བོ་ཉིད་ཀྱི། བསམ་པའི། དུས་སྐབས་ཀྱི་ཡན་ལག་དང་ལྔའོ། །དང་པོ་ནི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལྡན་པ་བསམ་པ་རང་བཞིན་དུ་གནས་པའོ། །གཉིས་པ་ནི་སྔར་བཤད་པའི་རྡོ་རྗེ་སློབ་དཔོན་དྲུག་པོ་དེའོ། །གསུམ་པ་ནི་ལུས་ངག་གང་རུང་གི་གྲོགས་ཡོད་ཀྱང་རུང་མེད་ཀྱང་རུང་གཙོ་བོར་ཡིད་ཀྱིས་བརྙས་པའོ། །བཞི་པ་ནི་རྡོ་རྗེ་སློབ་དཔོན་ལ་བརྙས་པ་ལ་རྩ་བའི་ལྟུང་བ་འབྱུང་བར་མི་ཤེས་པར་བརྙས་པའམ། ཤེས་ཀྱང་མ་གུས་སམ། གུས་ཀྱང་དྲན་ཤེས་བཞིན་གྱིས་མ་བསྐྱངས་ཏེ་བག་མེད་པས་སམ། བག་ཡོད་ཀྱང་ཉོན་མོངས་མང་བའི་སྟོབས་ཀྱིས་རང་དབང་མེད་པར་བརྙས་པའོ། །ལྔ་པ་ནི་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱིས་བརྙས་པར་ཤེས་ནས་ཐུགས་ཅུང་ཟད་འཁྲུགས་པའོ། །དེ་སྐད་དུ་ཡང་དམ་པ་དང་པོའི་རྒྱུད་ལས། དཔལ་ལྡན་བླ་མའི་ཐུགས་སུན་དབྱུང་། །རི་བོང་འཛིན་པ་རུ་ནི་འགྱུར། །ཞེས་གསུངས་པའི་ཕྱིར། གསུམ་པ་ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། དབང་བསྐུར་གྱི་གནས་སྐབས་སུ་ཁས་བླངས་པའི་ཕྱིར། དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། ངས་ཇི་ལྟར་བསྒོ་བ་བཞིན་ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། །ང་ལ་ཡང་བརྙས་པར་མ་བྱེད་ཅིག བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་ལྟུང་བར་འགྱུར་ཏ་རེ་ཞེས་དང་། མི་བསྐྱོད་པའི་དམ་ཚིག་གནས་སྐབས་སུ། སློབ་དཔོན་དག་ཀྱང་གཟུང་བར་བགྱི། །ཞེས་པ་དང་། རྣམ་སྣང་གི་དམ་ཚིག་གནས་སྐབས་སུ། དཀོན་མཆོག་གསུམ་བཟུང་བས་བླ་མ་དཀོན་མཆོག་གསུམ་གྱི་ཁོངས་སུ་འདུས་པའི་ཕྱིར་རོ། །བཞི་པ་ནི། རྡོ་རྗེ་སློབ་དཔོན་དངོས་གྲུབ་སྟེར་བའི་ཡི་དམ་ལྷའི་འདུ་ཤེས་དང་། མི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་པའི་དམག་དཔོན་དཔའ་བོ་ཆེན་པོའི་འདུ་ཤེས་དང་། ཆུ་བོའི་ཕ་རོལ་ཏུ་སྒྲོལ་བར་བྱེད་པའི་གྲུ་སྐྱ་འཛིན་པའི་འདུ་ཤེས་དང་། ནད་གསོ་པའི་སྨན་པ་ཆེན་པོའི་འདུ་ཤེས་དང་། རང་ཉིད་དངོས་གྲུབ་ཞུ་བ་པོ་ལ་སོགས་པའི་འདུས་ཤེས་བསྒོམ་པར་བྱའོ། །ལྔ་པ་ལ། ཡན་ལག་མ་ཚང་བ་ལ་ལྟུང་བ་ལས་ལྡང་བའི་ཚུལ་དང་། ཡན་ལག་ཚང་བ་ལ་སླར་ལེན་པའི་ཐབས་གཉིས། དང་པོ་ལ་སྟོབས་བཞིའི། དམ་ཚིག་རྡོ་རྗེའི་བསྙེན་སྒྲུབ་ཡན་ལག་བཞིའི། ཚུལ་གཞན་གྱི་སྒོ་ནས་བཤགས་པའོ། །དང་པོ་ལ། རྟེན་གྱི་སྟོབས། རྣམ་པར་སུན་འབྱིན་པའི། གཉེན་པོ་ཀུན་ཏུ་སྤྱོད་པའི། ཉེས་པར་སོར་ཆུད་པའི་སྟོབས་དང་བཞིའོ། །དང་པོ་ནི་རང་ཉིད་རྡོ་རྗེ་སློབ་དཔོན་ནམ། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་གང་ཡང་རུང་བའི་མདུན་དུ་ཙོག་ཙོག་པོར་འདུག་ལ། རིག་པ་འཛིན་པ་འདི་ཞེས་བྱ་བ་དགོངས་སུ་གསོལ། བདག་རིག་པ་འཛིན་པ་འདི་ཞེས་བྱ་བ་ལ་ལྟུང་བ་འདི་ཞེས་བྱ་བ་བྱུང་བས། ཁྱོད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །དེ་ལྟར་མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་འགྱུར་གྱི། མ་མཐོལ་ཞིང་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །ཕ་རོལ་པོས་ཉེས་པ་ལ་ཉེས་པར་མཐོང་ངམ་ཞེས་པ་དང་། རང་ཉིད་ཀྱིས་མཐོང་ལགས་ཞེས་པ་དང་། ཕ་རོལ་པོས་ཕྱིན་ཆད་རྡོ་རྗེ་འཆང་གི་བཀའ་བཞིན་དུ་སྡོམ་མམ། རང་གིས་སྡོམ་ལགས་སོ་ཞེས་དང་། ཡང་ཕ་རོལ་པོས་འདི་ནི་ཐབས་ཡིན་ནོ་ཞེས་དང་། རང་ཉིད་ཀྱིས་ལེགས་སོ་ཞེས་ལན་གསུམ་གྱི་བར་བྱའོ། །གཉིས་པ་ནི་སྔར་ཉེས་པ་བྱས་པ་རྣམས་ལ་དུག་འཐུང་པ་ལྟ་བུའི་འགྱོད་སེམས་དྲག་པོའི་སྒོ་ནས་བཤགས་པར་བྱེད་པའོ། །གསུམ་པ་ནི་ད་ཕྱིན་ཆད་ཉེས་པ་འདི་ལྟ་བུ་སྲོག་ལ་བབ་ཀྱང་མི་བྱེད་སྙམ་དུ་སྡོམ་སེམས་དྲག་པོའི་སྒོ་ནས་བཤགས་པ་བྱེད་པའོ། །བཞི་པ་ནི་ཐབས་དེ་དག་ལ་བརྟེན་ནས་སྔར་གྱི་ཉེས་པ་དེ་རྣམས་དག་གོ་སྙམ་དུ་དགའ་སྤྲོ་བསྒོམ་པའོ། །གཉིས་པ་ནི་དམ་ཚིག་རྡོ་རྗེའི་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་བཤགས་པ་ལ། བསྙེན་པ། ཉེ་བར་བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོའི་འོ། །དང་པོ་ནི་དམ་ཚིག་པ་བསྐྱེད་པའོ། །གཉིས་པ་ནི་སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་བསམ་པའོ། །གསུམ་པ་ནི་ཡེ་ཤེས་པ་འགུག་གཞུག་བྱེད་པའོ། །བཞི་པ་ནི་དབང་མ་བསྐུར་བར་དབུ་རྒྱན་རང་ཆས་སུ་ཡོད་པར་བསམ་པའོ། །དེ་རྣམས་ཚིག་འདོན་བྱེད་ན་དོན་ཡོད་གྲུབ་པའི་ཅོད་པཎ་ཟེར་བ་འདིར་འཛུད། སྔགས་བཟླ་བ་སོགས་སོ། །དེ་དག་གི་དོན་ཡང་རང་ཉིད་ཡི་དམ་དུ་གསལ་བའི་སྤྱི་བོར་པདྨ་དང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཁཾ་ལས་རལ་གྲི་ལྗང་ཁུ་ཁཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། དམ་ཚིག་རྡོ་རྗེ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། དར་གྱི་ཤམ་ཐབས་གསོལ་བ། དེའི་པང་ན་ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གཡས་གྲི་གུག གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞལ་ཅུང་ཟད་ཁྲོ་ཞིང་ཞི་བའི་ཉམས་དང་ལྡན་པ། ཟླ་བའི་རྒྱབ་ཡོལ་དང་། དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། དེ་གཉིས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དམ་ཚིག་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མ་ཛཱ། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁཾ་ལྗང་གུ། དེའི་མཐའ་བསྐོར་དུ། ཨོཾ་ཨ་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་བསྐོར་བ་ལ་དམིགས་ཏེ་རྟགས་མ་བྱུང་བར་བཟླས་པ་བྱའོ། །གསུམ་པ་ནི། ཐུན་བཞིའི་རྣལ་འབྱོར་གྱི་སྒོ་ནས་བཞི་འབུམ་གྱི་སྒོ་ནས། དེའི་བཞི་ཆའི་སྦྱིན་སྲེག་གི་སྒོ་ནས། ཚོགས་འཁོར་གྱི་སྒོ་ནས། མཐུན་མཚམས་སུ་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་ལ་སོགས་པའི་སྒོ་ནས་བཤགས་པའོ། །གཉིས་པ་ཡན་ལག་ཚང་བ་ལ་སླར་ལེན་པའི་ཐབས་ནི། གལ་ཏེ་ལྟུང་སོགས་བྱུང་བར་གྱུར་ན། རང་གི་རྡོ་རྗེ་སློབ་དཔོན་ནམ། རྡོ་རྗེ་སློབ་དཔོན་གཞན་ཞིག་ལ། དབང་བསྐུར་ཞུས་ཏེ་སླར་ཡང་སྔགས་སྡོམ་ལེན་པར་བྱེད་དོ། །དྲུག་པ་རྣམ་སྨིན་རྟོགས་པའི་ཕྱིར་དུ་ཆེ་འབྲིང་ཆུང་གསུམ་གྱི་རྣམ་པར་གཞག་པ་ལ། ཡུལ་གྱི་སྒོ་ནས་རྡོ་རྗེ་སློབ་དཔོན་གཅིག་ལྡན་ལ་བརྙས་ན་ཆུང་ངུ་། གཉིས་ལྡན་ལ་འབྲིང་། གསུམ་ལྡན་ལ་ཆེན་པོ། ངོ་བོ་ཉིད་ཀྱི་སྒོ་ནས་ལུས་ངག་གང་རུང་གི་གྲོགས་མེད་པར་ཡིད་རྐྱང་པས་བརྙས་ན་ཆུང་ངུ་། གང་རུང་གི་གྲོགས་དང་བཅས་ཏེ་བརྙས་ན་འབྲིང་། གཉིས་ཀའི་གྲོགས་དང་བཅས་ཏེ་བརྙས་ན་ཆེན་པོའོ། །བསམ་པའི་སྒོ་ནས་མི་ཤེས་པའི་དབང་གིས་བརྙས་ན་ཆུང་ངུ་། མ་གུས་པ་དང་བག་མེད་པའི་སྒོ་ནས་བརྙས་ན་འབྲིང་། ཉོན་མོངས་མང་བའི་སྒོ་ནས་བརྙས་ན་ཆེན་པོའོ། །བསགས་པའི་སྒོ་ནས་ལན་གཅིག་བསགས་པ་ལ་ཆུང་ངུ་། གཉིས་དང་གསུམ་འབྲིང་། བཞི་ཕན་ཆད་ལ་ཆེན་པོའོ། །ཉེས་པ་བྱས་པའི་སྒོ་ནས་དབྱེ་ན། གནོད་པ་ཆེན་པོ་བྱས་ན་ཆེན་པོ། འབྲིང་བྱས་ན་འབྲིང་། ཆུང་ངུ་བྱས་ན་ཆུང་ངུ་ཡིན་ནོ། །གཉིས་པ་ནི། བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བརྗོད། །ཅེས་གསུངས་པ་འདི་ལ་ཡང་སྔར་ལྟར་དྲུག་ལས། དང་པོ་ནི། བདེ་བར་གཤེགས་པའི་བཀའ་སྟེ། སྡོམ་པ་འོག་མ་གཉིས་ཀྱི་བཅས་པའོ། །དེ་ལ་ཡང་ཉན་ཐོས་དང་ཐུན་མོང་བའི་ཕམ་པ་བཞི་དང་། བྱང་ཆུབ་སེམས་དཔའ་དང་ཐུན་མོང་བའི་ཕམ་འདྲ་བཞི་སྟེ་བརྒྱད་པོ་འདི་དག་ལ་དངོས་སུ་ཁྱད་གསོད་མེད་པར་སྤྱད་ན་ཡང་རྩ་བའི་ལྟུང་བ། ཡན་ལག་རྣམས་ལ་ཁྱད་གསོད་ཀྱི་སྒོ་ནས་སྤྱད་ན་རྩ་བའི་ལྟུང་བར་འགྱུར་རོ། །གཉིས་པ་ལ་སྔར་ལྟར་ལྔ་ལས། དང་པོ་ནི་སྔར་དང་འདྲ། གཉིས་པ་ནི་ཉན་ཐོས་ཀྱི་བཅས་པ་ལ་མཚོན་ན། མིའམ་མིར་ཆགས་པ་ལ་སོགས་པ་བཅས་པ་རང་རང་གི་སྐབས་ལས་ཤེས་པར་བྱའོ། །གསུམ་པ་ནི་གཙོ་བོར་ཡིད་དགོས་ཤིང་ལུས་ངག་གང་རུང་གི་གྲོགས་ཀྱང་དགོས་སོ། །བཞི་པ་ནི་ཐུན་མོང་བའི་རྒྱུ་བཞི་སྔོན་དུ་བཏང་ནས་ཁྱད་གསོད་ཀྱི་ཀུན་སློང་གི་བསམ་པས་སོ། །ལྔ་པ་ནི་ལྟུང་བ་གང་ཡིན་པ་དེ་དང་དེར་རྫོགས་པར་སྤྱད་ཟིན་པ་ནའོ། །གསུམ་པ་ནི་རྒྱུད་རྡོ་རྗེ་རྩེ་མོ་ལས། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །ཞེས་སོགས་ཀྱི་ཕམ་པ་བཞི་དང་། ཆང་སྤོང་བར་གསུངས་པས་སོ་སོར་ཐར་པའི་སྡོམ་པ་བཟུང་བ་དང་། རྒྱུན་བཤགས་ཀྱི་སྐབས་སུ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ཞེས་སོགས་སྐྱབས་འགྲོ་ལན་གསུམ་བྱས་པས་སོ་ཐར་གྱི་སྡོམ་པ་བཟུང་བ་དང་། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །ཞེས་སོགས་སྨོན་པ་སེམས་བསྐྱེད་ལན་གསུམ་བྱས་པས་བྱང་སེམས་ཀྱི་སྡོམ་པ་བཟུང་བ་དང་། རིགས་ལྔ་སྤྱིའི་དམ་ཚིག་གི་སྐབས་སུ། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །ཞེས་པའི་སྐབས་སུ་སོ་སོར་ཐར་པ་རིགས་བདུན་གྱི་ཚུལ་ཁྲིམས་ཀྱི་བསླབ་པའི་ཁོངས་སུ་བསྡུས་ནས་བཟུང་བ་དང་། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་སོགས་ཀྱི་སྐབས་སུ་བྱང་སེམས་ཀྱི་སྡོམ་པ་བཟུང་བའི་ཕྱིར། བཞི་པ་ནི། བདེ་བར་གཤེགས་པའི་བཀའ་ལ་ལམ་པོ་ཆེ་དང་ཆུའི་ཕ་རོལ་ཏུ་སྒྲོལ་བའི་གྲུའི་འདུ་ཤེས་བསྒོམ་པར་བྱའོ། །ལྔ་པ་དང་དྲུག་པ་གཉིས་སྔ་མ་ལས་དཔག་སྟེ་ཤེས་པར་བྱའོ། །གསུམ་པ་ནི། རྡོ་རྗེའི་སྤུན་ལ་ཁྲོས་པ་ནི། །ཉེས་པར་བརྗོད་པ་གསུམ་པ་ཡིན། །ཞེས་པ་སྟེ། འདི་ལ་སྔར་ལྟར་དྲུག་ལས། དང་པོ་ནི། རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་དམ་ཚིག་དང་སྡོམ་པ་དང་ལྡན་པའི་རྡོ་རྗེའི་སྤུན་ལ་དགྲར་འཛིན་པའི་སྒོ་ནས་ཁྲོས་པའོ། །གཉིས་པ་ལ་སྔར་ལྟར་ལྔ་ལས། དང་པོ་ནི་སྔར་ལྟར་རོ། །གཉིས་པ་ནི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་དང་ལྡན་པ། རང་དང་རྒྱུད་ཐ་དད་པ། རང་གི་རྩ་བའི་བླ་མ་མིན་པའོ། །གསུམ་པ་ནི་གཙོ་བོར་ཡིད་དགོས་ཤིང་། ལུས་ངག་གང་རུང་གི་གྲོགས་ཀྱང་དགོས་ཏེ། ལུས་ངག་གང་རུང་གི་གྲོགས་མེད་ན། དགྲར་འཛིན་གྱི་སྦྱོར་བ་མི་རྫོགས་པའི་ཕྱིར། བཞི་པ་ནི་སྔར་ལྟར་ཐུན་མོང་གི་རྒྱུ་བཞི་སྔོན་དུ་བཏང་བའི་སྒོ་ནས་དགྲར་འཛིན་པའི་བསམ་པས་ཁྲོས་པའོ། །ལྔ་པ་དུས་སྐབས་ཀྱི་ཡན་ལག་ནི་རྡོ་རྗེ་སྤུན་ཕ་རོལ་པོས་དགྲར་འཛིན་པ་གོ་བར་གྱུར་པའོ། །གསུམ་པ་ནི། དམ་ཚིག་བསྒྲགས་པའི་སྐབས་སུ། སྤུན་ལ་ཁྲོ་བར་མི་བྱ་ཉིད། །ཅེས་གསུངས་པའི་ཕྱིར། བཞི་པ་ནི། རྡོ་རྗེའི་སྤུན་དེ་ཉིད་ལ་འཇིགས་པ་ལས་སྐྱོབ་པའི་སྙིང་བརྩེ་བའི་གྲོགས་ཀྱི་འདུ་ཤེས་བསྒོམ་པར་བྱའོ། །ལྔ་པ་དང་དྲུག་པ་གཉིས་ནི་སྔ་མ་ལས་དཔག་སྟེ་ཤེས་པར་བྱའོ། །བཞི་པ་ནི། སེམས་ཅན་རྣམས་ལ་བྱམས་པ་སྤོང་། །བཞི་པ་ཡིན་པ་རྒྱལ་བས་གསུངས། །ཞེས་པ་སྟེ། འདི་ལ་ཡང་སྔར་ལྟར་དྲུག་ལས། དང་པོ་ནི། སེམས་ཅན་གང་ཡང་རུང་བ་ཞིག་བདེ་བ་དང་བདེ་བའི་རྒྱུ་དང་བྲལ་ན་སྙམ་པའི་བློ་རྩེ་གཅིག་པ་སྐྱེས་ནའོ། །གཉིས་པ་ལ་ལྔ་ལས། དང་པོ་འདྲ། གཉིས་པ་ནི་སེམས་ཅན་གང་ཡང་རུང་བ་གཅིག་གོ །གསུམ་པ་ནི་འདིར་སེམས་རྐྱང་པས་རྫོགས་པས་ལུས་ངག་གང་རུང་གི་གྲོགས་མེད་ཀྱང་རུང་ངོ་། །བཞི་པ་ནི་ཐུན་མོང་གི་རྒྱུ་བཞི་སྔོན་དུ་བཏང་ནས་སེམས་ཅན་ལ་བྱམས་པ་སྤོང་འདོད་ཀྱི་བློ་སྐྱེས་པའོ། །ལྔ་པ་ནི་ཉིན་ཞག་གཅིག་ལ་ཆ་དྲུག་ཏུ་བགོས་པའི་ཆ་གཅིག་ལ་གཉེན་པོས་བར་མ་ཆོད་པར་སེམས་ཅན་ལ་བྱམས་པ་སྤོང་འདོད་ཀྱི་བློ་སྐྱེས་པའོ། །གསུམ་པ་རྒྱུ་མཚན་ནི། དོན་ཡོད་གྲུབ་པའི་དམ་ཚིག་གི་སྐབས་སུ། ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམས་བཞི་རྟག་ཏུ་སྦྱིན། །ཞེས་གསུངས་པའི་ཕྱིར། བཞི་པ་ནི། སེམས་ཅན་ཐམས་ཅད་ལ་ཕ་མའི་འདུ་ཤེས་བསྒོམ་པར་བྱའོ། །ལྔ་པ་དང་དྲུག་པ་ནི་གོང་མ་ལས་དཔག་སྟེ་ཤེས་པར་བྱའོ། །ལྔ་པ་ནི། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ཞེས་པ་སྟེ། འདི་ལ་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ། ལྟུང་བར་འགྱུར་བའི་རྒྱུ་མཚན། མི་འབྱུང་བའི་ཕྱིར་བསླབ་པ་དང་གསུམ། དང་པོ་ནི། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་སྨོན་པའི་སེམས་དེ་སྤོང་བའོ། །གཉིས་པ་ནི། རྒྱུན་བཤགས་ཀྱི་སྐབས་སུ། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །ཞེས་སོགས་དང་། རིགས་ལྔ་སྤྱིའི་དམ་ཚིག་གི་སྐབས་སུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་འདི་སངས་རྒྱས་ཀྱི་རྒྱུའི་གཙོ་བོ་ཡིན་སྙམ་དུ་བསམ་པའོ། །དྲུག་པ་ནི། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །འདི་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། རང་སྔགས་ཀྱི་ཐེག་པ་ལ་བྱས། གཞན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བྱེད་པའམ། རང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བྱས། གཞན་ཉན་ཐོས་ཀྱི་ཐེག་པ་ལ་བྱས་ཏེ། མདོར་ན་སངས་རྒྱས་པའི་གྲུབ་མཐས་བསྡུས་པའི་ཆོས་ཤིག་ལ་སྨོད་ཅིང་། གྲུབ་མཐའ་འཛིན་པ་ཕ་རོལ་པོས་གོ་བར་གྱུར་པའོ། །གཉིས་པ་ནི། འོད་དཔག་མེད་ཀྱི་དམ་ཚིག་གི་སྐབས་སུ། ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། བདེ་བར་གཤེགས་པའི་བཀའ་ལ་ལམ་པོ་ཆེའི་འདུ་ཤེས་བསྒོམ་པར་བྱའོ། །བདུན་པ་ནི། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཞེས་པ་སྟེ། འདི་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། བླ་མེད་ཀྱི་བུམ་དབང་གི་འཇུག་པ་དང་དངོས་གཞིས་མ་སྨིན་པའི་གང་ཟག་ལ་གསང་བ་བསྒྲགས་ནའོ། །གསང་བ་སྒྲོགས་པ་ལའང་། གསང་བའི་རྫས། སྤྱོད་པ། ཆོས་སྒྲོགས་པ་དང་གསུམ་ལས། དང་པོ་ནི་རང་གི་དམ་ཚིག་རྫས་སུ་བཟུང་བའི་རྡོ་རྗེ་དྲིལ་བུ་ཅང་ཏེའུ་སོགས་ལ་འདི་དང་འདི་ཞེས་བསྒྲགས་པའི་སྒོ་ནས་བསྟན་པའོ། །གཉིས་པ་ནི་ཚོགས་འཁོར་དང་རབ་གནས་སོགས་བྱེད་པར་མ་སྨིན་པའི་སེམས་ཅན་འོང་དུ་བཅུག་པའམ། མ་བཅུག་ཀྱང་འདི་དང་འདི་ཞེས་བརྡ་སྤྲད་ནའོ། །གསུམ་པ་ནི་རིམ་གཉིས་ཀྱི་མན་ངག་ཟབ་མོ་བསྟན་པའམ། བླ་མེད་ཀྱི་རྒྱུད་ཀྱི་དོན་ཟབ་མོ་བསྟན་ན་འདི་རྩ་བའི་ལྟུང་བའོ། །རྒྱུ་མཚན་ནི། དབང་བསྐུར་གྱི་སྐབས་སུ་ཁས་བླངས་པའི་ཕྱིར་ཏེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ནོར་བུ་དང་ལྡན་པའི་གང་ཟག་འཇིགས་པ་དང་བཅས་པའི་ལམ་ལ་འགྲོ་བའི་ཚེ་ཆོམ་རྐུན་ལ་སོགས་པ་ལ་ནོར་བུ་ཤོར་གྱིས་དོགས་ནས་གསང་བ་དེ་བཞིན་དུ། རང་གི་སྔགས་ཀྱི་ཉམས་ལེན་དེ་ཉིད་མི་མ་ཡིན་ལ་སོགས་པའི་བར་ཆད་ཀྱི་དབང་དུ་ཤོར་གྱིས་དོགས་ནས་ཤིན་ཏུ་གསང་བའི་སྒོ་ནས་བསླབ་པར་བྱའོ། །བརྒྱད་པ་ནི། ཕུང་པོ་སངས་རྒྱས་ལྔའི་བདག་ཉིད། །དེ་ལ་སྨོད་པ་བརྒྱད་པ་ཡིན། །ཞེས་པ་སྟེ། འདི་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། རང་གི་ཕུང་པོ་ལྔ་དང་པོ་ཉིད་ནས་དེ་བཞིན་གཤེགས་པ་རིགས་ལྔའི་རང་བཞིན་དུ་རྣམ་པར་དག་པ་ལ། དབང་གི་གནས་སྐབས་སུ་རྡོ་རྗེ་སློབ་དཔོན་གྱི་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་བསྐྱེད་པ་དེ་ཉིད་ལ་འདི་ནི་རྒྱུ་ལས་ཉོན། འབྲས་བུ་སྡུག་བསྔལ་གྱི་བདེན་པ་མི་གཙང་བའི་སྣོད་ཅེས་སྨོད་པ་དང་དམའ་དབབ་པའི་སྒོ་ནས་རྒྱབ་རྡུང་དང་། ལུས་གདུང་བའི་ཕྱིར་སྨྱུང་གནས་སོགས་ཀྱི་སྒོ་ནས་ཟས་གཅོད་པར་བྱེད་ན་སྐབས་འདིར་བསྟན་གྱི་རྩ་ལྟུང་ངོ་། །གཉིས་པ་ནི། དབང་གི་སྐབས་སུ་ཕུང་པོ་ལྔ་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་བསྐྱེད་པའི་ཕྱིར་རོ། །གསུམ་པ་ནི། རང་གི་ཕུང་པོ་ལྔ་དེ་བཞིན་གཤེགས་པའི་རིགས་ལྔའི་ངོ་བོར་བསྒོམ་པའོ། །དགུ་པ་ནི། རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །ཞེས་པ་སྟེ། འདི་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། ཆོས་ཉིད་དོན་དམ་པའི་བདེན་པ་རྣམས་རང་བཞིན་གྱིས་རྣམ་པར་དག་པ་དང་། ཆོས་ཅན་ཀུན་རྫོབ་པའི་དངོས་པོ་རྣམས་ལྷ་སོ་སོའི་ངོ་བོར་དག་པ་ཡིན་པ་ལ། ཡིན་ནམ་མིན་སྙམ་དུ་ཐེ་ཚོམ་ཟ་ན་སྐབས་འདིར་རང་བཞིན་གྱི་ལྟུང་བར་འགྱུར་ན་མཐའ་གཅིག་ཏུ་མིན་ནོ་སྙམ་དུ་འཛིན་ན་ལྟ་སྨོས་ཀྱང་ཅི་དགོས། གཉིས་པ་ནི། དམ་ཚིག་བསྒྲགས་པའི་སྐབས་སུ། ཆོས་ལ་ཡིད་གཉིས་མི་བྱ་ཞིང་། །ཞེས་སོགས་དང་། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། རྫོགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དག་པ་གསུམ་གྱི་བདག་ཉིད་དུ་གསུངས་པ་འདི་གདམས་པ་ཟབ་མོ་ཡིན་ནོ་སྙམ་དུ་སྒོམས་པར་བྱེད་དོ། །བཅུ་པ་ནི། གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་པ་སྟེ། འདི་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། རང་ངམ་ཡུལ་དེ་ཉིད་ཀྱི་རྡོ་རྗེ་སློབ་དཔོན་ལ་སྨོད་པའམ། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་པའམ། སེམས་ཅན་མང་པོ་ལ་གནོད་པའམ། དཀོན་མཆོག་གསུམ་ལ་སྐུར་པ་འདེབས་པའམ། དེ་ལས་གཞན་མཚམས་མེད་པ་ལ་སོགས་པའི་ལས་ཤིན་ཏུ་ཆེན་པོ་བྱེད་པའི་གང་ཟག་དེ་ཉིད་ལ། རང་གི་མཛའ་བོའི་གྲོགས་ལྟར་ལུས་ངག་གི་བྱམས་པ་སྟོན་པ་དང་། རང་ཉིད་ལ་དེ་སྒྲོལ་བའི་ནུས་པ་ཡོད་བཞིན་དུ་མ་བསྒྲལ་བའམ། ནུས་པ་མེད་ན་གཞན་ལ་གསོལ་བ་མི་འདེབས་ན་འདིར་བསྟན་གྱི་གདུག་ལ་བྱམས་པ་སྟེ་རྩ་བའི་ལྟུང་བར་འགྱུར་རོ། །གཉིས་པ་ནི། དབང་གི་དམ་ཚིག་བསྒྲགས་པའི་སྐབས་སུ། གདུག་ལ་བྱམས་པ་ཉིད་མི་བྱ། །ཞེས་སོགས་གསུངས་པའི་ཕྱིར། གསུམ་པ་ནི། རང་གི་སྙིང་བརྩེ་བའི་བུ་བྱ་བ་ངན་པ་ལ་ཞུགས་པ་དེ་ཉིད་རྒྱབ་རྡུང་ལ་སོགས་པའི་སྒོ་ནས་བྱ་བ་བཟང་པོ་ལ་སྦྱོར་བ་དེ་བཞིན་དུ། དེ་ལྟ་བུའི་གདུང་བ་ཅན་གྱིས་གང་ཟག་ལམ་ལོག་ལ་ཞུགས་པ་དེ་ཉིད། སྙིང་བརྩེ་བའི་བསམ་པས་སྒྲོལ་བ་ལ་སོགས་པའི་སྒོ་ནས་ཡང་དག་པའི་ལམ་ལ་སྦྱོར་བར་བྱེད་དོ། །བཅུ་གཅིག་པ་ནི། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེ་རྟོག་པ་ནི་བཅུ་གཅིག་པ། །ཞེས་པ་སྟེ། འདི་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། ཆོས་ཐམས་ཅད་མིང་དང་མཚན་མ་དང་བྲལ་བ་ཡིན་པ་ལ་དེར་ཞེན་ན་རྩ་བའི་ལྟུང་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་སྤྲོས་པའི་མཐའ་བཞི་དང་བྲལ་བར་གསུངས་པའི་མཐའ་དང་པོ་བཀག་ནས་མཐའ་གཉིས་པ་ཕན་ཆད་ལ་ཞེན་པའི་ལྟུང་བར་འགྱུར་བའི་ཕྱིར། གཉིས་པ་ནི། ཆོས་ཉིད་ཚད་ནི་གཟུང་མི་བྱ། །ཞེས་པ་དང་། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཆོས་ཐམས་ཅད་དོན་དམ་པར་སྤྲོས་པའི་མཐའ་བཞི་དང་བྲལ་ཞིང་། ཀུན་རྫོབ་སྒྱུ་མ་ལྟ་བུར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་བསླབ་པར་བྱའོ། །བཅུ་གཉིས་པ་ནི། སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །ཞེས་པ་སྟེ། འདི་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པའི་སེམས་ཅན་གཅིག་གི་དད་ཡུལ་གྱི་དཀོན་མཆོག་གསུམ་གང་ཡང་རུང་བ་ལ་སྐྱོན་བརྗོད་ཅིང་། ཡུལ་དེའི་དད་པ་སུན་ཕྱུང་སྟེ་ཟློག་ན་འདིར་བསྟན་གྱི་ལྟུང་བར་འགྱུར་རོ། །གཉིས་པ་ནི། དམ་ཚིག་བསྒྲགས་པའི་སྐབས་སུ། སྐལ་ལྡན་སེམས་ཅན་སྤོང་མི་བྱ། །ཞེས་གསུངས་པའི་ཕྱིར། །གསུམ་པ་ནི། རང་གི་བུ་གཞོན་ནུ་བྱ་བ་ངན་པ་ལ་ཞུགས་པ་དེ་ཉིད་བྱ་བ་བཟང་པོ་ལ་འཛུད་པ་དེ་བཞིན་དུ། སེམས་ཅན་དཀོན་མཆོག་གསུམ་ལ་མ་དད་པ་རྣམས་དད་པར་བྱེད་པ་དང་། དད་པ་རྣམས་གོང་ནས་གོང་དུ་འཕེལ་བའི་ཕྱིར་སློབ་བོ། །བཅུ་གསུམ་པ་ནི། དམ་ཚིག་རྫས་ནི་ཇི་བཞིན་ཉིད། །མི་བསྟེན་པ་དེ་བཅུ་གསུམ་པ། །ཞེས་པ་སྟེ། འདི་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། བཟའ་བའི་དམ་ཚིག་གི་རྫས་ཚོགས་འཁོར་གྱི་ཆོ་ག་ཇི་ལྟ་བ་བཞིན་གྱིས་བྱིན་གྱིས་བརླབས་པ་དེ་ཉིད། མི་གཙང་བའི་སྒོ་ནས་མི་ཟ་བ་དང་། ཕྱི་དྲོའི་ཁ་ཟས་ཀྱི་ཉེས་པར་དོགས་ནས་མི་ཟ་བ་དང་། ཚུལ་འཆོས་ཀྱི་སྒོ་ནས་མི་ཟ་ན་རྩ་བའི་ལྟུང་བར་འགྱུར་རོ། །གཉིས་པ་ནི། དམ་ཚིག་རྟག་ཏུ་གཟུང་བར་བྱ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། རྫོགས་པའི་སངས་རྒྱས་ཀྱིས་བཟའ་བའི་དམ་ཚིག་གི་རྫས་སུ་གསུངས་པ་དང་། རང་ཉིད་ཀྱི་ལུས་ལྷར་བསྐྱེད་པ་ལ་ལྷ་མཆོད་པ་བསམ་པས་བསླབ་པར་བྱའོ། །བཅུ་བཞི་པ་ནི། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་པ་སྟེ། འདི་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། བུད་མེད་གང་ཡང་རུང་བ་ཞིག་ལ། འདི་ནི་མི་གཙང་བའི་སྣོད་དོ། །གཡོ་སྒྱུ་ཆེའོ་ཞེས་སྐྱེས་པ་ལས་ཟུར་དུ་བཀར་ཏེ། བུད་མེད་ཀྱི་རྟེན་གྱི་སྒོ་ནས་སྨད་ན་རྩ་བའི་ལྟུང་བར་འགྱུར་རོ། །གཉིས་པ་ནི། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་པའི་སྐབས་སུ། དོན་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་པ་དང་། བུད་མེད་དེ་མཚོན་པའི་རྟགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁས་བླངས་པའི་ཕྱིར། གསུམ་པ་ནི། དོན་ཤེར་ཕྱིན་བདག་མེད་མ་ཡིན་ཞིང་། དེ་མཚོན་པའི་རྟགས་ཤེར་ཕྱིན་བུད་མེད་ཡིན་པས། བུད་མེད་ཐམས་ཅད་ལ་བདག་མེད་མའི་འདུ་ཤེས་བསྒོམ་པར་བྱའོ། །གཉིས་པ་བསྲུངས་པའི་ཕན་ཡོན་ནི། སྔགས་པས་འདི་དག་སྤངས་ན་ནི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་པས་བསྟན་ཏེ། དེ་ཡང་ཡིད་མཚན་རྟོགས་ལས་སྐྱོབ་པའམ། ཐབས་ཤེས་ཟུང་དུ་འབྲེལ་བའི་སྔགས་པས་རྩ་བའི་ལྟུང་བ་འདི་དག་སྤངས་ནས་དམ་ཚིག་དང་ལྡན་ན་ནི། སྐྱེ་བ་བཅུ་དྲུག་ཚུན་ཆད་དུ་མཆོག་གི་དངོས་གྲུབ་ངེས་པར་ཐོབ་པར་འགྱུར་རོ། །ཚོགས་འཁོར་དམ་ཚིག་ལྔ་པ་ལས། །གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་ཚུན་ཆད་དུ། །འགྲུབ་པར་རྫོགས་པའི་སངས་རྒྱས་གསུངས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་མ་བསྲུང་བའི་ཉེས་དམིགས་ནི། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་གཟུང་བར་འགྱུར། །དེ་ནི་སྡུག་བསྔལ་མྱོང་འགྱུར་ཏེ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་པ་སྟེ། དམ་ཚིག་སྲུང་བ་ལས་གཞན་དུ་དམ་ཚིག་ལས་ཉམས་ནས་སོར་མ་ཆུད་པས་གང་ཟག་དེ་ཉིད་བདུད་བཞིས་རིམ་གྱིས་གཟུང་བར་འགྱུར་ཏེ། དང་པོར་ཉོན་མོངས་པའི་བདུད་ཀྱིས་དུག་གསུམ་ལ་རང་དབང་མེད་པར་སྤྱོད་པར་བྱེད། དེ་ནས་ལྷའི་བུའི་བདུད་ཀྱིས་མི་མཚམས་པ་སྣ་ཚོགས་སྟོན་པར་བྱེད། དེ་ནས་འཆི་བདག་གི་བདུད་ཀྱིས་སྲོག་གི་དབང་པོ་རང་དབང་མེད་པར་འགག་པར་བྱེད། དེ་ནས་ཕུང་པོའི་བདུད་ཀྱིས་རྣམ་སྨིན་གྱི་ཕུང་པོ་བླངས་ཏེ་སྡུག་བསྔལ་སྣ་ཚོགས་མྱོང་བར་བྱེད་དོ། །མྱོང་ཚུལ་ནི་མགོ་ཐུར་དུ་བལྟས་ཏེ་དམྱལ་བར་འགྲོའོ། །བཞི་པ་མི་འབྱུང་བའི་ཕྱིར་དུ་སྐྱོང་བའི་ཐབས་ནི། དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །ཞེས་པ་སྟེ། ལྟུང་བ་བསྲུངས་པ་ལ་ཕན་ཡོན། མ་བསྲུངས་པ་ལ་ཉེས་དམིགས་ཡོད་པ་དེ་བས་ན། ལྟུང་བ་ཐམས་ཅད་འབྱུང་བའི་སྒོར་གྱུར་པའི་ང་རྒྱལ་བཅོམ་ནས་བསླབ་པར་བྱའོ། །འདིས་རྩ་བའི་ལྟུང་བ་འབྱུང་བའི་གང་ཟག་དེ་བསམ་པ་རང་བཞིན་དུ་གནས་པ་ཅིག་དགོས་པར་བསྟན་པས་རྟེན་གྱི་གང་ཟག་དང་། དྲན་ཤེས་བཞིན་མེད་པའི་འཁྲུལ་པ་ལས་ལོག་ནས། དྲན་ཤེས་བཞིན་གྱིས་ཟིན་པའི་མ་འཁྲུལ་པའི་སྒོ་ནས་ཇི་སྐད་བཤད་པའི་བསླབ་བྱ་སློབ་ཚུལ་གཉིས་ཀ་བསྟན་ཏོ། །ལྔ་པ་བྱུང་ན་ཕྱིར་བཅོས་པའི་ཐབས་ལ། ཡན་ལག་མ་ཚང་བ་ལྟུང་བ་ལས་ལྡང་བའི་ཚུལ་དང་། ཡན་ལག་ཚང་བ་སླར་ལེན་པའི་ཐབས་གཉིས། དང་པོ་ནི། མཉམ་པར་བཞག་པས་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་བྱས་ནས། །ཞེས་པ་སྟེ། དྲན་ཤེས་བཞིན་གྱིས་མཉམ་པར་བཞག་པས་བླ་མ་ལ་ཅི་འབྱོར་བ་ཡིས་མཆོད་པ་དང་གསོལ་བ་འདེབས་པ་སོགས་ཀྱི་སྒོ་ནས། སྟོབས་བཞི་ལ་སོགས་པའི་བཤགས་པ་བྱའོ། །གཉིས་པ་ནི། གསུམ་ལ་སྐྱབས་འགྲོ་ནས་བརྩམ་སྟེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་བཟུང་བར་བྱ། །ཞེས་པ་སྟེ། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་བླངས་པ་ནས་བརྩམ་སྟེ་སྨོན་པ་སེམས་བསྐྱེད་སོགས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། སོགས་ཀྱི་སྒྲས་སྔགས་ཀྱི་སྡོམ་པ་བླངས་ཏེ་སླར་ཡང་བསླབ་པར་བྱའོ། །གང་ཟག་གང་གིས་ན་མཐར་ཐུག་བདག་ལ་ཕན་པར་འདོད་པའི་སྔགས་པས་སོ། །གཉིས་པ་ཡན་ལག་གི་ལྟུང་བ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཡན་ལག་དམ་ཚིག་ཅེས་བྱ་བ། །ཞེས་པ་སྟེ། ཡན་ལག་ལྔ་ཆར་མ་ཚང་བས་རྩ་བའི་ལྟུང་བར་མི་འགྱུར་ཞིང་། ཡན་ལག་འགའ་ཞིག་ཚང་བས་དངོས་གྲུབ་མྱུར་དུ་ཐོབ་པ་ལ་གེགས་བྱེད་པས་ན་ཡན་ལག་དམ་ཚིག་ཅེས་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ། སོ་སོའི་ངོ་བོ། ཡན་ལག་གི་སྒྲ་དོན། མ་བསྲུངས་པའི་ཉེས་དམིགས། བསྲུངས་པའི་དུས་དང་བཞི། དང་པོ་ལ་དགུ་ཡོད་པའི་དང་པོ་ནི། དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང་། །ཞེས་པ་སྟེ། དམ་ཚིག་དང་སྡོམ་པ་དང་མི་ལྡན་པའི་རིག་མ་ཡིད་ཀྱི་ཡུལ་དུ་བརྟེན་ན་ཡན་ལག་གི་ལྟུང་བར་འགྱུར་རོ། །དངོས་སུ་བསྟེན་ན་རྩ་ལྟུང་དུ་འགྱུར་རོ། །གཉིས་པ་ནི། ཚོགས་ཀྱི་འཁོར་ལོ་རྩོད་པ་དང་། །ཞེས་པ་སྟེ། ཚོགས་འཁོར་གྱི་གནས་སྐབས་སུ་ཁོང་ཁྲོ་བའི་བསམ་པ་མེད་པར་ཕན་ཚུན་ཁ་ཤགས་འགྱེད་ན་ཡན་ལག་གི་ལྟུང་བར་འགྱུར་རོ། །གསུམ་པ་ནི། གསང་བའི་ཆོས་ནི་སྟོན་པ་དང་། །ཞེས་པ་སྟེ། ཚོགས་འཁོར་གྱི་གནས་སྐབས་སུ་བསྒྲག་པར་བྱ་བ་ཆང་ལ་མ་ད་ན་དང་། ཤ་ལ་བ་ལ་ཞེས་པ་ལ་སོགས་པ་རྣམས། ཚོགས་འཁོར་མིན་པའི་གནས་སྐབས་སུ་དབང་བསྐུར་ཐོབ་པ་ལ་ཡང་འདི་དང་འདི་ཞེས་བྱ་བ་མིང་གིས་བརྗོད་ན་ཡན་ལག་གི་ལྟུང་བ་འབྱུང་ངོ་། །བཞི་པ་ནི། སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང་། །ཞེས་པ་སྟེ། བླ་མེད་ཀྱི་དབང་བསྐུར་ཐོབ་ཅིང་རྫོགས་རིམ་གྱི་སྣོད་དུ་རུང་བའི་གང་ཟག་རྫོགས་རིམ་ལ་དད་པར་ཤེས་བཞིན་དུ་རྫོགས་རིམ་ལས་གཞན་དུ་བསྐྱེད་རིམ་བསྟན་ཏེ། ཁོ་བོ་འདོད་པའི་ཆོས་ནི་འདི་མིན་ནོ་སྙམ་དུ་སེམས་ཤིང་མ་དད་པ་ཡན་ལག་གི་ལྟུང་བར་འགྱུར་རོ། །ལྔ་པ་ནི། ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་གནས་པ་དང་། །ཞེས་པ་སྟེ། ཉན་ཐོས་ཀྱི་ལྟ་སྤྱོད་ལ་མཆོག་ཏུ་འཛིན་ཞིང་། ཐེག་ཆེན་ལ་མ་དད་པའི་གང་ཟག་གི་ནང་དུ་ཞག་བདུན་གནས་ཏེ། རང་གི་གཏོར་མ་ལ་སོགས་པའི་ཆག་མེད་རྣམས་ཆག་ན་ཡན་ལག་གི་ལྟུང་བར་འགྱུར་ཞིང་། གལ་ཏེ་གཏོར་མ་ལ་སོགས་གསང་བའི་རྫས་བསྟན་ན་རྩ་ལྟུང་དུ་འགྱུར་བའི་གོ་སྐབས་ཀྱང་སྲིད་དོ། །དྲུག་པ་ནི། སྦྱོར་བ་ངེས་པར་མ་བྱས་པར། །སྐལ་མིན་གསང་བ་སྟོན་པ་དང་། །ཞེས་པ་སྟེ། བླ་མེད་ཀྱི་བུམ་པའི་དབང་བསྐུར་རྫོགས་པར་ཐོབ་ཀྱང་དབང་གོང་མ་གསུམ་རྫོགས་པར་མ་ཐོབ་པའི་གང་ཟག་ལ་རྫོགས་རིམ་བསྟན་ན་ཡན་ལག་གི་ལྟུང་བའོ། །བདུན་པ་ནི། གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང་། །ཞེས་པ་སྟེ། དབང་ཐོབ་པའི་གང་ཟག་འགའ་ཞིག ཕྱག་རྒྱའི་དེ་ཁོ་ན་ཉིད་མི་ཤེས་པ་ལ། རང་གི་དམ་ཚིག་གྱི་ཕྱག་རྒྱ་སེམས་མ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་བསྟེན་ན་ཡན་ལག་གི་ལྟུང་བའོ། །བརྒྱད་པ་ནི། བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་། །ཞེས་པ་སྟེ། གྲངས་ཀྱི་བསྙེན་པ་བཞི་འབུམ་དང་། དེའི་བཅུ་ཆའི་སྦྱིན་སྲེག་སོགས་མ་བྱས་པར་དབང་བསྐུར་བ་དང་། ཚོགས་འཁོར་དང་། སྦྱིན་སྲེག་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སོགས་པའི་དཀྱིལ་འཁོར་གྱི་ལས་ལ་འཇུག་ན་ཡན་ལག་གི་ལྟུང་བའོ། །དགུ་པ་ནི། སྡོམ་པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདའ་བ་དང་། །ཞེས་པ་སྟེ། སྡོམ་པ་འོག་མ་གཉིས་ཀྱི་བཅས་པ་ལས། དགོས་པ་མེད་པར་འདའ་བ་སྟེ་ཁྱད་གསོད་མེད་པར་འདས་ན་ཡན་ལག་གི་ལྟུང་བར་འགྱུར་རོ། །ཡན་ལག་གི་ལྟུང་བ་བརྒྱད་དུ་འདྲེན་པའི་ཚེ། གསུམ་པ་དང་བདུན་པ་གཅིག་ཏུ་འདྲེན་པ་ཡིན་ཏེ། གསུམ་པས་གསང་བའི་ཆོས་དང་། བདུན་པས་གསང་བའི་སྤྱོད་པ་བསྟན་པས་དེ་གཉིས་ཀྱི་གསང་བའི་ཡན་ལག་ཏུ་འགྱུར་བའི་ཕྱིར་རོ། །གཉིས་པ་ཡན་ལག་གི་སྒྲ་དོན་ནི། ཁ་ན་མ་ཐོ་བཅས་གྱུར་ཏེ། །སྔགས་པ་དེ་ཡི་དམ་ཚིག་ཟད། །ཅེས་པ་སྟེ། ཡན་ལག་གི་ལྟུང་བ་བྱུང་ན། ཁ་ན་མ་ཐོ་བ་སྦོམ་པོ་དང་བཅས་པར་འགྱུར་ཞིང་། སྔགས་པ་དེའི་དམ་ཚིག་རྣམས་རིམ་གྱིས་ཟད་པར་འགྱུར་བས་ན་ཡན་ལག་གི་ལྟུང་བ་ཞེས་བྱའོ། །གསུམ་པ་མ་བསྲུང་བའི་ཉེས་དམིགས་ནི། ཟད་པས་འགྲུབ་པར་མི་འགྱུར་ཞིང་། །བདུད་དང་སྡུག་བསྔལ་ཤིན་ཏུ་འཕེལ། །ཞེས་པ་སྟེ། དམ་ཚིག་ཟད་པས་དངོས་གྲུབ་མྱུར་དུ་འགྲུབ་པར་མི་འགྱུར་ཞིང་། སྔར་བཤད་པའི་བདུད་བཞིའི་ཆ་མཐུན་གྱིས་རིམ་བཞིན་བཟུང་ནས། བདུད་དང་སྡུག་བསྔལ་ཤིན་ཏུ་འཕེལ་བ་ཡིན་ནོ། །བཞི་པ་བསྲུང་བའི་དུས་ནི། ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བཟླ་བར་བྱ། །ཞེས་བྱ་བ་སྟེ། ཉིན་དང་མཚན་མོར་ལན་གསུམ་གསུམ་འདོན་ཞིང་། ལྟུང་བ་བྱུང་མ་བྱུང་ལེགས་པར་བརྟགས་ནས། མ་བྱུང་ན་དགའ་བ་བསྒོམ་ཞིང་། གལ་ཏེ་བྱུང་ན་རང་རང་གི་ཕྱིར་བཅོས་བྱེད་པ་སྐབས་ཐོབ་ཀྱིས་ཤེས་པར་བྱའོ།། །།དེ་ལྟར་རྩ་ལྟུང་འཁྲུལ་སྤོང་མདོར་བསྡུས་པ་འདི་ནི། སློབ་མ་སྐལ་ལྡན་འགའ་ཞིག་གིས་དུས་ཡང་དང་ཡང་དུ་བསྐུལ་བའི་ངོར། ཨེ་ཝྃ་ཆོས་ལྡན་གྱི་དགོན་པར་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་ལེགས་པར་སྦྱར་བའོ། །འདིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཐོག་པར་འགྱུར་ཅིག། །།རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་རྡོ་རྗེ་ཐེག་པ་ཡི། །བསྟན་པ་རྙེད་དང་བཀུར་བསྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply