དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་བསྐྱེད་པའི་རིམ་པ་གསལ་བར་བཤད་པ། ཀ༽

༄༅། །ཤྲཱི ཧེ བ ཛྲོ པ དེ ཤཾ དྷ རྨོ ཏྤ ཏྟི ཀྲ མཿ པྲ ཀཱ ཤཾ བྷཱ ཥི ཏ མཱི ཧ ར ཏི སྨ།།

༄། །དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་བསྐྱེད་པའི་རིམ་པ་གསལ་བར་བཤད་པ་བཞུགས་སོ།།

ན་མོ་གུ་རུ་བྷ་དྲཱ་ཡ། ཐོག་མར་བླ་མའི་ཞབས་ལ་ཕྱག་འཚལ་ནས། །རྡོ་རྗེ་འཆང་ལ་གཉིས་པའི་ཚིག་གིས་འདུད། །མཐུ་སྟོབས་དབང་ཕྱུག་ཞབས་ལ་ཕྱག་འཚལ་ཏེ། །ཟབ་དོན་གནད་ཀྱི་གསུང་སྒྲོས་བྲི་བར་བྱ། །འདིར་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་བསྐྱེད་པའི་རིམ་པ་གསལ་བར་བཤད་པ་ལ་སྡོམ་ནི། བཀའ་སྲོལ་རྣམ་བཞིས་འབྱུང་ཁུངས་ངེས་བྱས་ཏེ། །དཀྱིལ་འཁོར་གྲངས་ཀྱིས་བསྒྲུབ་བྱ་ངོས་བཟུང་ནས། །སྦྱོར་དངོས་རྒྱས་བསྡུས་སྒོ་ནས་སྒྲུབ་བྱེད་བཤད། །ལུང་རིགས་གཉིས་ཀྱིས་གཙོ་བོ་བསྒྲུབས་བྱས་ནས། །དེ་ཉིད་མངོན་རྟོགས་བཅུ་བཞིས་རྟོགས་པ་བསྐྱེད། །རྣལ་འབྱོར་རྣམ་བཅུས་ཉམས་སུ་ལེན་པའི་ཐབས། །སྦྱང་གཞི་སྦྱོང་ཞིང་ལམ་བྱེད་རྣམ་བཞི་ཡིས། །ལམ་བྱེད་ཚུལ་འདི་བིརྺའི་མན་ངག་ཡིན། །ཞེས་པ་དོན་ཚན་བདུན་ལས། དང་པོ་བཀའ་སྲོལ་རྣམ་བཞིས་འབྱུང་ཁུངས་ངེས་པར་བྱ་བ་ནི། རྗེ་ས་སྐྱ་པ་ཆེན་པོ་ལ་བཀའ་བབས་བཞུགས་པའི་ཀྱེ་རྡོ་རྗེའི་བཀའ་སྲོལ་ལ། གཞུང་འགྲེལ་ལ་བརྟེན་པ་གསུམ་དང་། མན་ངག་ལ་བརྟེན་པ་གཅིག་སྟེ་བཞི་ལས། དང་པོ་ནི་རྗེ་བཙུན་ཆེན་པོས། བིརྺའི་རྗེས་འབྲང་ཌོམྦིའི་སྐོར། །ཡན་ལག་མེད་རྗེས་པདྨའི་སྐོར། །དམ་ཚིག་རྡོ་རྗེ་ནག་པོའི་སྐོར། །གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུ། །ལམ་སྐོར་དགུ་ནི་ཁྱད་པར་རོ། །ཞེས་གསུངས་པའི་དང་པོ་བླ་མ་བིརྺ་པའི་རྗེས་སུ་འབྲང་བ་ཌོམྦི་ཧེ་རུ་ཀའི་སྐོར་ལ། ཐོག་མར་ཌོམྦི་བས་བསྐྱེད་རིམ་བདག་མེད་མའི་སྒྲུབ་ཐབས་བདུད་རྩི་འོད། རྫོགས་རིམ་ལྷན་ཅིག་སྐྱེས་གྲུབ། ལམ་གྱི་ཡན་ལག་ཚོགས་འཁོར་འདུ་བ་བསྒྲགས་པ་དང་བཅས་པ། དེ་ཉིད་བཅུ་པ་སྟེ་བཞི་མཛད། དེའི་སློབ་མ་ཨ་ལ་ལ་བཛྲ་གྱིས་སྐུ་རྡོ་རྗེ་ལྷ་དགུའི་མངོན་པར་རྟོགས་པ་ཕྱག་གཉིས་པའི་སྒྲུབ་ཐབས་ཞེས་བྱ་བ་མཛད་དོ། །དེའི་སློབ་མ་ནགས་ཁྲོད་པས་གཞུང་མཛད་པ་མི་སྣང་ལ། དེའི་སློབ་མ་སློབ་དཔོན་གརྦྷ་རི་པས། སྐུ་རྡོ་རྗེ་དཔའ་བོ་གཅིག་པའི་མངོན་པར་རྟོགས་པ་དྲན་པ་གཅིག་པ་ཞེས་བྱ་བ་མཛད། དེའི་སློབ་མ་བསོད་སྙོམས་པས་བདག་མེད་མ་དཔའ་མོ་གཅིག་པའི་སྒྲུབ་ཐབས་མཛད། དེའི་སློབ་མ་སློབ་དཔོན་མི་ཐུབ་ཟླ་བས་སྨིན་བྱེད་ཀྱི་ཆོ་ག་དཀྱིལ་ཆོག་བཟང་པོ་ཡོངས་གཟུང་། གྲོལ་ལམ་བསྐྱེད་རིམ་ལ་རིགས་ལྔ་ཆར་གྱི་སྒྲུབ་ཐབས་སྟོན་པ་གུར་རིགས་བསྡུས་ཀྱི་མངོན་རྟོགས། བྱེ་བྲག་ཏུ་མི་བསྐྱོད་པའི་རིགས་ཅན་རྣམས་ལ་ཀྱེ་རྡོ་རྗེ་ཡབ་ཀྱི་སྒྲུབ་ཐབས་ཡན་ལག་དྲུག་པ། ཡུམ་རྡོ་རྗེ་བདག་མེད་མའི་མངོན་པར་རྟོགས་པ། སྒྲུབ་ཐབས་གསུམ་ཆར་ལ་འཇུག་པའི་གཏོར་མའི་ཆོ་ག་དང་། རྫོགས་རིམ་ལ་གཏུམ་མོའི་འགྲེལ་ཆུང་མཛད་ཅེས་རྗེ་བཙུན་ཆེན་པོས་བཤད་ལ། ད་ལྟ་ཡོད་པའི་གཏུམ་མོའི་འགྲེལ་ཆུང་ནི། རྗེ་བཙུན་ག་ཡ་དྷ་རས་མཛད་པ་ཡིན་ཏེ། དེའི་འཇུག་ན་རྣལ་འབྱོར་གྱི་དབང་ཕྱུག་རཏྣ་ཤྲཱི་ཛྙཱ་ནས་མཛད་ཟེར་བ་སྣང་ལ། དེ་ག་ཡ་དྷ་རའི་མཚན་ཡིན་ནོ་གསུངས། དེ་དག་གི་རྒྱབ་རྟེན་དུ། དཀའ་འགྲེལ་ཀུ་མུ་ཏི་སྟེ་གཞུང་བདུན་མཛད་དོ། །དེའི་སློབ་མ་དགེ་སློང་དཔའ་བོ་རྡོ་རྗེས་དཀྱིལ་ཆོག བསྐྱེད་རིམ། རྫོགས་རིམ། རབ་གནས། སྦྱིན་སྲེག རོ་སྲེག ཚོགས་འཁོར། གཏོར་མ། མཆོད་པའི་ཆོ་ག་རྣམས་ལེའུ་རེ་རེར་བྱས་ནས་ཕྱོགས་གཅིག་ཏུ་བསྡེབས་པ་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་འབར་བ་ཞེས་བྱ་བ་མཛད་དོ། །སློབ་དཔོན་དེས་རྗེ་བཙུན་འབྲོག་ལ་གདམས། དེས་མངའ་རིས་པ་གསལ་བའི་སྙིང་པོ་ལ། དེས་འཁོན་སྒྱི་ཆུ་བ་ཤཱཀྱ་འབར་ལ། དེས་རྗེ་ས་སྐྱ་པ་ཆེན་པོ་ལ་གདམས་སོ། །གཉིས་པ་བླ་མ་ཡན་ལག་མེད་པའི་རྡོ་རྗེའི་རྗེས་སུ་འབྲང་བ་པདྨ་བཛྲ་གྱི་སྐོར་ལ། གྲུབ་ཆེན་པདྨ་བཛྲ་གྱིས། སྨིན་བྱེད་དབང་གི་ཆོ་ག་ནས་གླིང་མར་གྲགས་པ། གྲོལ་བྱེད་ལ་བསྐྱེད་རིམ་སྒྲུབ་ཐབས་མཚོ་སྐྱེས། རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག ལམ་གྱི་ཡན་ལག་ཚོགས་འཁོར་དམ་ཚིག་ལྔ་པ། སྦྱིན་སྲེག་གི་ཆོ་ག བསྟོད་པ་ཉི་ཤུ་པ། དེ་ཐམས་ཅད་ཀྱི་རྒྱབ་རྟེན་དུ་རྩ་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན་རྣམས་མཛད། རྗེ་བཙུན་གྱིས། གླེང་གཞིའི་འགྲེལ་པ། རྩའི་མངོན་པར་རྟོགས་པ་ཆེ་ཆུང་གཉིས། དུར་ཁྲོད་ཀྱི་འགྲེལ་པ་ཆེ་ཆུང་གཉིས། བརྡའི་འགྲེལ་པ། རྡོ་རྗེའི་གླུའི་འགྲེལ་པ་ཆེ་ཆུང་གཉིས་ཏེ། སྐབས་ཀྱི་འགྲེལ་ཆུང་བརྒྱད་ཀྱང་འདིའི་བཀའ་སྲོལ་དུ་བགྲང་ངོ་། །གྲུབ་ཆེན་དེས་ཨིནྡྲ་བྷཱུ་ཏི་ལ་གདམས་སོ། །དེ་ནས་རིམ་པ་བཞིན་ལྕམ་ལཀྵྨཱི། ནག་པོ་སྤྱོད་པ་བ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། འབྲོག་མི། སེ་སྟོན། ཞང་དགོན་པ་བ་རྣམས་ལས་བརྒྱུད་དེ་རྗེ་ས་སྐྱ་པ་ཆེན་པོ་ལ་གདམས་སོ། །གསུམ་པ་བླ་མ་ནག་པོ་དམ་ཚིག་རྡོ་རྗེའི་རྗེས་སུ་འབྲང་བ་ནག་པོ་ཤཱནྟ་བྷ་དྲཱའི་སྐོར་ལ། སློབ་དཔོན་དེས། སྨིན་བྱེད་ཀྱི་དཀྱིལ་འཁོར་ཆོ་ག་གཞུང་འགྲེལ། བསྐྱེད་རིམ་ལ་ལྷ་དགུའི་སྒྲུབ་ཐབས། ཡབ་རྐྱང་པའི་སྒྲུབ་ཐབས། ཡུམ་རྐྱང་པའི་སྒྲུབ་ཐབས། རྫོགས་རིམ་གྱི་གཞུང་གཅིག་ཀྱང་ཡོད་པར་རྗེ་བཙུན་ཆེན་པོས་བཤད་ཀྱང་། དེ་ལྟ་དེའི་དཔེ་མི་སྣང་གསུང་། ལམ་གྱི་ཡན་ལག་ལ་ཚོགས་ཀྱི་འཁོར་ལོའི་ཆོ་ག སྦྱིན་སྲེག རོ་སྲེག རབ་གནས། མཆོད་རྟེན་གྱི་ཆོ་ག གཤིན་གྱི་ཆོ་ག་རྣམས་དང་། དེ་དག་གི་རྒྱབ་རྟེན་དུ་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་སྦྱོར་ཕྲེང་ཞེས་བྱ་བ་རྣམས་མཛད་དོ། །སློབ་དཔོན་དེས། རྗེ་འགོས་ལོ་ཙཱ་བ་ལ་གདམས། དེས་བླ་མ་མངའ་རིས་པ་ལ། དེས་འཁོན་སྒྱི་ཆུ་བ་ལ། དེས་རྗེ་ས་སྐྱ་པ་ཆེན་པོ་ལ་གདམས་སོ། །གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུ་ནི། རྗེ་བཙུན་གྱིས་ཀྱེ་རྡོ་རྗེ་རྒྱུད་གསུམ་སོགས་ཆོས་སྣ་ལྔ་བཅུ་ང་བཞི་ཙམ་བགྲངས་ནས། དེའི་མཇུག་ཏུ་སྔར་གྱི་ཚིགས་བཅད་དེ་ཉིད་གསུངས་པས། དེའི་དགོངས་པ་རྗེ་བླ་མའི་་་་་་ཀུན་དགའ་བཟང་པོའི་བཞེད་པ་ཆོས་སྐོར་དང་པོ་ལ་རིན་ཆེན་འབར་བའི་དཀྱིལ་ཆོག་སོགས་རེ་རེ་ཡང་གཞན་གྱི་ཆོས་སྣ་རེ་རེ་དང་ཁྱད་པར་མེད་པས་དགུར་བགྲངས་ཏེ་ཉི་ཤུ་རྩ་གསུམ། ཆོས་སྐོར་གཉིས་པ་ལ་བདུན། གསུམ་པ་ལ་བཅུ་གཉིས་ཏེ། བཞི་བཅུ་ཞེ་གཉིས་ལས་ཌོམྦི་བའི་ལྷན་ཅིག་སྐྱེས་གྲུབ། མཚོ་སྐྱེས་ཀྱི་བསྐྱེད་རྫོགས་གཉིས་ཏེ་གསུམ་ནི། ལམ་སྐོར་དགུ་ནི་ཁྱད་པར་རོ། །ཞེས་པའི་ཁོངས་སུ་གཏོགས་པས་ལྷག་མ་སུམ་ཅུ་རྩ་དགུ་ལ་བཞེད་པར་མངོན་ཏེ། གནད་ཀྱི་ཟླ་ཟེར་གྱི་བགྲང་ལུགས་ཀྱི་འགྲོས་ལས་ཤེས་སོ། །ཡང་ན་རིན་ཆེན་འབར་བ་གཅིག་ཏུ་བགྲངས་ནས་ཆོས་སྐོར་དང་པོ་ལ་བཅོ་ལྔ། གཉིས་པ་ལ་སྐབས་ཀྱི་འགྲེལ་ཆུང་བརྒྱད་དང་བཅས་པས་བཅོ་ལྔ། གསུམ་པ་ལ་བཅུ་གཉིས་ཏེ་བཞི་བཅུ་ཞེ་གཉིས་ལས་འདོར་ལེན་སྔ་མ་བཞིན་དུ་བྱེད་པ་གང་རུང་ལས་མ་འདས་སོ། །གཉིས་པ་མན་ངག་ལ་བརྟེན་པ་ལ་རྣལ་འབྱོར་དབང་ཕྱུག་ནས་རྗེ་ས་སྐྱ་པ་ཆེན་པོའི་བར་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་པ། རྗེ་བཙུན་གོང་མ་རྣམས་ཀྱིས་ཕྱི་རབས་སྙན་བརྒྱུད་འཛིན་པར་མི་ནུས་པས་ཉམས་ཀྱི་དོགས་ནས་ཡིག་ཆར་བཏབ་པའི་རྐང་གྲངས་ལ་རྒྱུད་འཆད་པའི་གནས་སྐབས་ཀྱི་ཆོས་སྣའི་གྲངས་དང་། གསུང་ངག་ཉམས་སུ་ལེན་པའི་གནས་སྐབས་ཀྱི་ཆོས་སྣའི་གྲངས་གཉིས་ལས། དང་པོ་ནི། རྗེ་བཙུན་གྱི་དག་ལྡན་ལས་ཚོ་བཞིར་གསུངས་ཏེ། རྒྱུད་སྤྱི་ལ་དགོས་པའི་སྡོམ། རྒྱུད་སོ་སོ་ལ་དགོས་པའི་སྡོམ། རྡོ་རྗེ་ཐེག་པ་སྤྱི་དང་བྱེ་བྲག་རྒྱུད་འདིའི་རྣལ་འབྱོར་པ་ལ་དགོས་པའི་སྡོམ། སྦས་པའི་རྣལ་འབྱོར་པ་ལ་དགོས་པའི་སྡོམ་མོ། །དང་པོ་ནི། རྒྱུད་སྡེའི་དུམ་བུ་རྣམ་གཞག་མངོན་རྟོགས་དང་། སྟོང་ཐུན་གཉིས་ཀྱི་དོན་བསྡུས་བསྟོད་པ་གཉིས། །བདག་མེད་བསྟོད་པའི་རྣམ་འགྲེལ་དང་བཅས་པ། །ཀུན་ཏུ་དགོས་པའི་གཞུང་བདུན་འཐོར་མི་བྱ། །ཞེས་ཏེ་དང་པོ་ནི། ཚུལ་བཞི་རྩ་རྒྱུད་ཀྱི་དུམ་བུ་རྣམས་གོ་རིམ་དུ་བསྒྲིག་པ་ས་ཆེན་གྱི་མཛད་པའོ། །གཉིས་པ་ནི། ཚུལ་དང་པོ་གསུམ་གྱི་རྣམ་གཞག་རྒྱས་པ་རྩེ་མོས་མཛད་པའོ། །གསུམ་པ་ནི། ཚུལ་བཞི་པའི་རྣམ་གཞག་རྒྱས་པ་རྗེ་བཙུན་གྱིས་མཛད་པའོ། །བཞི་པ་ནི། དེ་གཉིས་ཀའི་བསྡུས་དོན་རྗེ་བཙུན་གྱིས་མཛད་པའོ། །ལྔ་པ་དང་དྲུག་པ་ནི། རྗེ་བཙུན་གྱིས་མཛད་པའི་ཡབ་ཀྱི་བསྟོད་པ་དཎྜ་ཀ་དང་། ཡུམ་གྱི་བསྟོད་པ་རིན་པོ་ཆེའི་ཕྲེང་བ་གཉིས་སོ། །ཁ་ཅིག་ཡུམ་གྱི་བསྟོད་པ་ཉིད་ལ། ས་དང་ལྷའི་རིམ་པ་ལྟར་བསྟོད་པ་དང་། འཕོ་བའི་རིམ་པ་ལྟར་བསྟོད་པ་གཉིས་ཡོད་པ་ལ་འདོད་པ་ནི་མི་འཐད་དེ། དེ་ལྟར་ན་དེ་གཉིས་ཀའི་དོན་བསྡུས་ཏེ་བསྟོད་པ་གཅིག་ཀྱང་ཡོད་པས་གསུམ་དུ་ཐལ་བའི་ཕྱིར་དང་། བསྟོད་པ་གཉིས་ཞེས་སྤྱིར་བསྟན་ནས་བདག་མེད་བསྟོད་པའི་རྣམ་འགྲེལ་ཞེས་བྱེ་བྲག་ཏུ་བཀར་བ་ཡང་དོན་མེད་པའི་ཕྱིར་རོ། །བདུན་པ་ནི་ཡུམ་གྱི་བསྟོད་པའི་རྣམ་འགྲེལ་རྗེ་ས་པཎ་གྱིས་མཛད་པའོ། །གཉིས་པ་ནི། རྒྱུད་དོན་སོ་སོའི་རྣམ་འགྲེལ་བསྡུས་དོན་བཅས། །གང་ལ་གང་དགོས་དེ་དེ་བླང་བྱ་སྟེ། །དེ་ལྟར་བཅུ་གསུམ་ལེགས་པར་བརྟས་བྱས་ན། །རྣམ་པར་ཕྱེ་བས་རྒྱུད་གསུམ་ཤེས་པར་འགྱུར། །ཞེས་ཏེ། རྩ་རྒྱུད་ཀྱི་འགྲེལ་པ་དག་ལྡན་དང་། དེའི་བསྡུས་དོན་གཉིས། གུར་གྱི་འགྲེལ་པ་གུར་རྒྱན་དང་། དེའི་བསྡུས་དོན་གཉིས། སམྦུ་ཊའི་འགྲེལ་པ་གནད་ཀྱི་གསལ་བྱེད་དང་། དེའི་བསྡུས་དོན་གཉིས་ཏེ་དྲུག་ལས། རྒྱུད་གཅིག་ཤེས་པར་འདོད་ན་གཉིས་དང་། གཉིས་ཤེས་པར་འདོད་ན་བཞི་དང་། གསུམ་ཆར་ཤེས་པར་འདོད་ན་དྲུག་ཆར་བླང་ཞེས་པའོ། །གསུམ་པ་ནི། སྨིན་བྱེད་ལྟུང་བའི་རྣམ་གཞག་སྒྲུབ་ཐབས་བཞི། །རབ་གནས་སྦྱིན་སྲེག་ཚོགས་ཀྱི་ཆོ་གར་བཅས། །རྡོ་རྗེ་དྲིལ་བུ་བགྲང་ཕྲེང་དགང་བླུགས་དང་། །ཐ་མའི་ཆོ་ག་མཆོད་རྟེན་སྒྲུབ་པ་སྟེ། །དེ་ལྟར་བཅུ་བཞི་དང་པོའི་ལས་ཅན་ནས། །བརྩམས་ཏེ་གང་ཟག་ཀུན་གྱིས་གཟུང་བར་བྱ། །ཞེས་ཏེ། སྨིན་བྱེད་ནི་དབང་གི་ཆུ་བོ། ལྟུང་བའི་རྣམ་གཞག་ནི་འཁྲུལ་སྤོང་ངོ་། །སྒྲུབ་ཐབས་བཞི་ནི། ཡབ་ཀྱི་སྒྲུབ་ཐབས་ཡན་ལག་བཞི་དྲུག་གཉིས། ཡུམ་གྱི་སྒྲུབ་ཐབས་ཡན་ལག་བཞི་དྲུག་གཉིས་ཡིག་ཆ་སོ་སོར་མེད་ཀྱང་རྗེ་བཙུན་གྱིས་མཛད་པའི་སྒྲུབ་ཐབས་གཅིག་ཉིད་ལ་དེ་གཉིས་གསལ་བར་འབྱུང་བས་བཞིའོ། །རབ་གནས་ནི་བཟང་པོ་དྲུག་གོ །སྦྱིན་སྲེག་ནི་ལས་བཞིའི་སྦྱིན་སྲེག་གོ །ཚོགས་ཀྱི་ཆོ་ག་ནི་ཚིམ་པ་དྲུག་པའོ། །རྡོ་རྗེ་དྲིལ་བུ་དང་བགྲང་ཕྲེང་གི་ཡིག་ཆ་ལོགས་ན་མེད་ཀྱང་། སམྦུ་ཊའི་འགྲེལ་པར་གསལ་བར་ཐོན་པའོ། །དགང་བླུགས་ཀྱི་ཡིག་ཆའང་ལོགས་ན་མེད་ཀྱང་ལས་བཞིའི་སྦྱིན་སྲེག་གི་ནང་དུ་མདོར་བསྡུས་པ་འབྱུང་ངོ་། །ཐ་མའི་ཆོ་ག་ནི་གཞན་ཕན་བདུད་རྩིའོ། །མཆོད་རྟེན་སྒྲུབ་པའི་ཡིག་ཆ་ལོགས་ན་མེད་ཀྱང་གུར་རྒྱན་དུ་ཅུང་ཟད་འབྱུང་ངོ་། །བཞི་པ་ནི། ལུས་རྒྱན་བཏུང་བའི་སྣོད་དང་གཟུང་བྱའི་རྫས། །རོལ་མོའི་ཆོ་ག་སྟན་དང་བགོ་བའི་གོས། །འདི་དག་ཧེ་རུ་ཀ་དཔལ་ཆས་དྲུག་སྟེ། །རྣམ་པར་ཕྱེ་ན་བཅུ་བཞིར་འགྱུར་པ་ཡིན། །ཞེས་ཏེ། བཅུ་བཞིར་འགྱུར་ཚུལ་ནི་ལུས་རྒྱན་ལ་རུས་པའི་རྒྱན་དྲུག་དང་། ཞག་གི་ཟོ་རིས་དང་། ཐལ་ཆེན་གྱི་ཚོམ་བུ་དང་། ཁྲག་གི་ཐིག་ལེ་སྟེ་བཞི། བཏུང་བའི་སྣོད་ནི་ཐོད་པ་སྟེ་གཅིག གཟུང་བའི་རྫས་ལ་ཁ་ཊྭཱཾ་ག་དང་། གྲི་གུག་གཉིས་དང་། རོལ་མོའི་ཆོ་ག་ལ་ཌཱ་མ་རུ་དང་། གསང་བའི་རྔེའུ་ཆུང་དང་། དུང་ཆེན་གྱི་གླིང་བུ་སྟེ་གསུམ། སྟན་ལ་མི་རོའི་སྟན་དང་། སྟག་ལྤགས་ཀྱི་སྟན་གཉིས། གོས་ལ་མི་ལྤགས་ཀྱི་གཡང་གཞི་དང་། སྟག་ལྤགས་ཀྱི་ཤམ་ཐབས་གཉིས་སུ་ཕྱེ་བའོ། །གཉིས་པ་གསུང་ངག་ཉམས་སུ་ལེན་པའི་ཆོས་སྣའི་རྐང་གྲངས་ནི། རྗེ་བཙུན་ཆེན་པོས་གླེགས་བམ་དཀར་ཆག་ཏུ་བཏབ་པའི་ཆོས་སྣ་དྲུག་ཅུ་པོ་རྣམས་ཏེ་འདིར་མ་སྤྲོས་སོ། །དབང་ཆུ་ཆེན་མོ་སོགས་བདུན་ནི་གཉིས་ཆར་ལ་ཐུན་མོང་དུ་དགོས་པས་དག་ལྡན་དང་། གླེགས་བམ་གྱི་དཀར་ཆག་གཉིས་ཆར་དུ་བགྲངས་པ་ཡིན་ནོ། །ལུགས་འདི་ལ་རིང་བརྒྱུད་ནི་བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། ག་ཡ་དྷ་ར། འབྲོག་མི། སེ་སྟོན། ཞང་དགོན་པ་བ། དེས་ས་ཆེན་ལ་གདམས་པའོ། །ཉེ་བརྒྱུད་ནི། བླ་མེད་ཕྱོགས་ནི་རིས་བསྒྱུར་མིག་བཅས་པ། །རིག་བྱེད་ཀྱིས་གསལ་ལག་པས་མེ་ལ་བགོ །དེ་འོད་ཀུན་གསལ་ཆུ་གཏེར་འབྱུང་བར་བབ། །བློ་ལྡན་དོན་འདི་ཤེས་ན་སྨྲ་བར་གྱིས། །ཞེས་པ་ལྟར་ཤེས་པར་བྱའོ། །དེ་ལྟར་བཀའ་སྲོལ་བཞིའི་ནང་ནས་མན་ངག་ལུགས་ཀྱི་བསྐྱེད་པའི་རིམ་པ་འདིར་བཤད་པར་བྱ་བ་ཡིན་ནོ། །གཉིས་པ་དཀྱིལ་འཁོར་གྲངས་ཀྱི་བསྒྲུབ་བྱ་ངོས་གཟུང་བ་ནི། འོ་ན་བཀའ་སྲོལ་དེ་ལ་རྒྱུད་གསུམ་ནས་གསུངས་པའི་བསྒྲུབ་བྱ་དཀྱིལ་འཁོར་གྱི་གྲངས་དུ་ཞིག་ཡོད་ཅེ་ན། འདི་ལ་མཆོག་སྒྲུབ་པའི་དཀྱིལ་འཁོར་དང་། ལས་རྒྱས་པའི་ལྷའི་གྲངས་གཉིས་ལས་དང་པོ་ནི། རྩ་བའི་རྒྱུད་ལ་ཧེ་རུ་ཀ་བཞི། བདག་མེད་མ་དང་ལྔ། རྒྱུ་རྡོ་རྗེ་འཛིན་པ་དང་དྲུག་འབྱུང་ངོ་། །རྡོ་རྗེ་གུར་ལས། རིགས་བསྡུས་པ་དང་། རིགས་རྐྱང་གཉིས། དང་པོ་ལ་རྒྱས་པ་ལྷ་བཞི་བཅུ་ཞེ་ལྔ་མ་དང་། བསྡུས་པ་ལྷ་ཉེར་ལྔ་མ་གཉིས་འབྱུང་སྟེ། ལེའུ་ལྔ་པར། དཀྱིལ་འཁོར་རེ་རེ་བསྒོམ་པའམ། །ཡང་ན་བསྡུས་པའི་དཀྱིལ་འཁོར་རོ། །བརྒྱད་བརྒྱད་དབུས་སུ་གནས་པའམ། །ཡང་ན་ཉི་ཤུ་རྩ་ལྔའི་བར། །གང་ཚེ་དཀྱིལ་འཁོར་བསྡུས་པ་ཡི། །སྒོར་ནི་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དེ་བཞིན་དྲིལ་བུ་ནི། །འཇུག་པའི་སྒོ་སྲུང་དགོད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །རིགས་བསྡུས་གཉིས་ལ། སྒོ་བ་བཞི་བཀོད་པའི་ཚེ་ལྷ་ཞེ་དགུ་མ་དང་ཉེར་དགུ་མར་འགྱུར་རོ། །རིགས་བསྡུས་འདི་གཉིས་ཀྱང་གཙོ་བོ་གོ་འཕོ་བའི་གནད་ཀྱིས་དཀྱིལ་འཁོར་ལྔ་ལྔར་འགྱུར་ཏེ། གུར་ལས། སངས་རྒྱས་མགོན་པོ་གང་ཉིད་ཀྱི། །དཀྱིལ་འཁོར་དབུས་སུ་གང་གྱུར་པ། །དེ་ཉིད་ཀྱིས་ནི་དཀྱིལ་འཁོར་བརྗོད། །སྙིང་པོ་ཡོངས་གཟུང་དཀྱིལ་འཁོར་རོ། །ཞེས་སོ། །དེས་ན་རྒྱུད་འདིར་དངོས་སུ་རིགས་རྐྱང་གི་དཀྱིལ་འཁོར་ལྷ་དགུ་མ་ལྔ། རིགས་བསྡུས་ཀྱི་དཀྱིལ་འཁོར་རྒྱས་པ་ལྔ་བསྡུས་པ་ལྔ་སྟེ་བཅོ་ལྔ། བདག་མེད་མ་བཅུ་གསུམ་མ་དང་། བཅོ་ལྔ་མ་གཉིས་ཏེ་བཅུ་བདུན་གསུངས་ལ། ཧེ་རུ་ཀ་གསུམ་ལ་རྒྱུད་འདི་ན་དཔའ་བོ་གཅིག་པ་ལས་དཀྱིལ་འཁོར་མ་གསུངས་ཀྱང་རྩ་རྒྱུད་ཀྱི་འཁོར་ཁ་བསྐང་ནས་དཀྱིལ་འཁོར་གསུམ་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་ཉི་ཤུ་འབྱུང་ངོ་། །དེ་ལ་བླ་མའི་མན་ངག་གིས་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་སུ་དབྱེ་སྟེ། མི་བསྐྱོད་པ་ལ་ཧེ་རུ་ཀ་བཞི་ཡོད་པ་བཞིན་རིགས་གཞན་ལ་ཡང་བཞི་བཞི་ཡོད་པས་རིགས་རྐྱང་གི་དཀྱིལ་འཁོར་ཉི་ཤུ། རིགས་བསྡུས་རྒྱས་པ་ཉི་ཤུ། བསྡུས་པ་ཉི་ཤུ། བདག་མེད་མའི་གཉིས་ཏེ་དྲུག་ཅུ་རྩ་གཉིས་སུ་བཞེད་པར་མངོན་རྟོགས་ལྗོན་ཤིང་ལས་བཤད་ལ། དེའི་སྟེང་དུ་གུར་རྒྱན་ལས། ཡང་འདིར་རིགས་བསྡུས་པ་ལས། བརྒྱད་དང་བཞིའི་དབུས་ན་བཞུགས་པ་ཡོད་པ་བཞིན་དུ་རིགས་རྐྱང་པ་ལའང་བཞིའི་དབུས་ན་བཞུགས་པ་དང་། བརྒྱད་ཀྱི་དབུས་ན་བཞུགས་པ་ཡོད་དོ། །ཞེས་སྦྱར་ན་བརྒྱད་ཀྱི་དབུས་ན་བཞུགས་པ་ཉི་ཤུ་ཐམ་པ་ཡོད་པས་ན། བཞིའི་དབུས་ན་བཞུགས་པའང་ཉི་ཤུ་ཐམ་པ་འབྱུང་བས། དཀྱིལ་འཁོར་བརྒྱད་ཅུ་རྩ་གཉིས་འབྱུང་བ་ཡིན་ནོ་ཞེས་བརྗོད་ཀྱང་འགལ་བ་མེད་དོ་ཞེས་བཤད་པས། རིགས་རྐྱང་བསྡུས་པའི་ལྷ་སྔ་མ་ལྔ་ལ་ཧེ་རུ་ཀ་བཞིས་ཕྱེ་བས་ཉི་ཤུ་འབྱུང་ལ། དེ་ལྟར་ན་གུར་ལས་བརྒྱད་ཅུ་རྩ་གཉིས་བཤད་དོ། །སམྦུ་ཊ་ལས་ཧེ་རུ་ཀ་བཞི། བདག་མེད་མ། ཡེ་ཤེས་མཁའ་འགྲོ་མ། བསྡུས་པའི་དཀྱིལ་འཁོར་རྡོ་རྗེ་དབྱིངས། དྲག་པོ་གདན་ཅན་ཏེ་དངོས་སུ་དཀྱིལ་འཁོར་བརྒྱད་འབྱུང་ལ། བརྟག་པ་བདུན་པ་དངོས་ལས། གང་གིས་གང་ཡང་ལྷའི་འཁོར་ལོའི་དབུས་སུ་བཅུག་པ་དེའི་མཚན་དུ་བརྟན་པར་གྱུར་བའི་རྡོ་རྗེའི་དཀྱིལ་འཁོར་ནི་མཁས་པས་བསྔགས་སོ། །ཞེས་གསུངས་པས་རྡོར་དབྱིངས་ཀྱི་དཀྱིལ་འཁོར་ལ་གཙོ་བོ་འཕོ་བའི་དབྱེ་བས་དཀྱིལ་འཁོར་ལྔར་འགྱུར་ཏེ། དེ་ལྟར་ན་མཆོག་སྒྲུབ་པའི་དཀྱིལ་འཁོར་བཅུ་གཉིས་སོ། །འོ་ན་གཙོ་བོ་དུ་མ་འཕོ་བས་དཀྱིལ་འཁོར་དེ་བས་མང་པར་འགྱུར་རོ་སྙམ་ན། རིགས་ལྔ་ཁོ་ན་གོ་འཕོ་བ་ཡིན་གྱི། ཡུམ་བཞི་མན་ཆད་ཀྱི་དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་གཙོ་བོར་གྱུར་པའི་མཆོག་སྒྲུབ་པའི་དཀྱིལ་འཁོར་མེད་དེ། དེ་ལས་རྒྱས་པའི་ལྷ་ཡིན་པའི་ཕྱིར་རོ། །དེ་ཡང་བརྟག་པ་བདུན་པ་དངོས་ལས། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་ལས་རྣམས་ལ་འཁོར་ལོའི་བདག་པོ་རྒྱལ་མོ་རྣམ་པར་སྒོམ་པར་བྱེད་དོ་ཞེས་སོ། །འདི་ཡང་ཡུམ་བཞི་ལས་རྒྱས་པའི་ལྷ་ཡིན་པས། གཙོ་བོར་གྱུར་པའི་དཀྱིལ་འཁོར་མེད་ཅེས་པའི་དོན་མ་ཡིན་ཏེ། དེ་ལྟར་ན་རིགས་བཞི་ལ་ཡང་མཚུངས་པའི་ཕྱིར་དང་། བཤད་མ་ཐག་པའི་ལུང་ཉིད་ལས་ཀྱང་གཙོ་བོར་གྱུར་པའི་དཀྱིལ་འཁོར་བསྒོམ་པར་གསུངས་པའི་ཕྱིར། དེས་ན་རིགས་བཞི་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་མཆོག་སྒྲུབ་པ་ཡིན་ལ། ཡུམ་བཞི་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་ལས་རྒྱས་པ་ཡིན་ཞེས་པའི་དོན་ཏེ། ལུང་ཉིད་ན་གསལ་ལོ། །འོ་ན་སམྦུ་ཊའི་བདག་མེད་མའི་སྐབས་ཀྱི་རྒྱུ་རྡོ་རྗེ་འཆང་མི་བགྲང་ངམ་སྙམ་ན། དེ་ནི་རྡོ་རྗེའི་དབྱིངས་ཀྱི་ཁོངས་སུ་འདུས་པས་མི་བགྲང་ངོ་སྙམ་མོ་ཞེས་མངོན་རྟོགས་ལྗོན་ཤིང་དུ་བཤད་ལ། འདིའི་དོན་ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་སོགས་ཀྱི་ཚིགས་བཅད་གཉིས་རྒྱུད་གཉིས་ཆར་ལས་བདག་མེད་མའི་སྐབས་སུ་འབྱུང་བ་ཁྱད་པར་མེད་བཞིན་དུ། རྩ་རྒྱུད་ལས་དཀྱིལ་འཁོར་ལོགས་སུ་བགྲངས་ནས་སཾ་ཊར་དཀྱིལ་འཁོར་ལོགས་སུ་མི་བགྲང་བའི་རྒྱུ་མཚན་ནི། རྩ་རྒྱུད་དུ་ཧེ་རུ་ཀ་བཞི་ལས་ལོགས་སུ་རྒྱུད་གསུང་བ་པོ་རང་ཉིད་ཀྱི་དཀྱིལ་འཁོར་དགོས་པས་བགྲངས་ལ། སཾ་ཊར་ཧེ་རུ་ཀ་བཞི་ལས་ལོགས་སུ་རྒྱུད་གསུང་བ་པོ། སྟོན་པ་རང་ཉིད་ཀྱི་དཀྱིལ་འཁོར་དགོས་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཉིད་ཡིན་པས་འདི་ལོགས་སུ་མི་བགྲང་ཞེས་པའི་དོན་ཏོ། །དེ་ལྟར་ན་རྩ་རྒྱུད་དང་བཤད་རྒྱུད་རྡོ་རྗེ་གུར་གཉིས་རྒྱུད་གསུང་བ་པོ་སྟོན་པ་གཅིག་ཉིད་ཡིན་པས་དེའི་དཀྱིལ་འཁོར་རྩ་རྒྱུད་དུ་བཤད་ཅིང་གུར་ལས་མ་བཤད། སཾ་ཊར། རྒྱུད་གསུང་བ་པོའི་སྟོན་པ་ལོགས་སུ་ཡོད་པས་དེའི་དཀྱིལ་འཁོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཉིད་ཡིན་པས་བདག་མེད་མའི་སྐབས་སུ་དཀྱིལ་འཁོར་ལོགས་སུ་མི་མཛད་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །འོ་ན་སཾ་ཊའི་བདག་མེད་མའི་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱིས་ཅི་ཞིག་བྱ་སྙམ་ན་ལྷ་བཅུ་བདུན་མའི་རྒྱུ་རྡོ་རྗེ་འཆང་འབའ་ཞིག་བསྟན་པས་ཞལ་བརྒྱད་ཕྱག་བཅུ་དྲུག་པར་བྱ་བ་ཡིན་གྱི། ཞལ་གསུམ་ཕྱག་དྲུག་པར་བྱེད་ན། ཕྱག་མཚན་ཞལ་སོགས་གོང་མ་བཞིན། ཞེས་པའི་དོན་ལ་སྙོགས་པ་མེད་པའི་སྐྱོན་ཡོད་དོ། །རྡོ་རྗེ་སེམས་དཔའ་ཉིད་གྱུར་ནས། །རྡོ་རྗེ་ཅན་གྱིས་རྡོ་རྗེ་དབབ། །ཅེས་པ་ལ་སྙེག་ཅེས་པ་ནི་དེར་ཕྱག་མཚན་ཞལ་སོགས་མ་བཤད་པས་སྙེག་མི་སྙེག་ཁྱད་པར་མེད་དོ། །དེ་ལྟར་ན་རྩ་རྒྱུད་ལས་དཀྱིལ་འཁོར་དྲུག རྡོ་རྗེ་གུར་ལས་བརྒྱད་ཅུ་རྩ་གཉིས། སམྦུ་ཊ་ལས། བཅུ་གཉིས་ཏེ་ཐམས་ཅད་དྲིལ་བས་རྒྱུད་གསུམ་ནས་གསུངས་པའི་མཆོག་སྒྲུབ་པའི་དཀྱིལ་འཁོར་བརྒྱ་ཐམ་པ་འབྱུང་བ་འདི་ནི། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པ་ཡིན་ནོ། །འདིར་ཁ་ཅིག རྩ་རྒྱུད་ཀྱི་དཀྱིལ་འཁོར་དྲུག་པོ་ལོགས་སུ་མི་བགྲང་སྟེ། ཧེ་རུ་ཀ་བཞི་བདག་མེད་མ་དང་ལྔ་ནི་གུར་ནས་གསུངས་པའི་ལྔ་པོའི་ཁོངས་སུ་འདུ་ལ། རྒྱུ་རྡོ་རྗེ་འཆང་ནི་རྡོ་རྗེ་དབྱིངས་གྱི་ཁོངས་སུ་འདུ་བས་མི་བགྲང་ཞེས་རྗེ་བཙུན་གསུང་ཞེས་པ་དང་། སམྦུ་ཊའི་ཧེ་རུ་ཀ་ལྔ་ལ་ཡང་རིགས་ལྔ་ལྔར་ཕྱེ་བས། དཀྱིལ་འཁོར་ཉི་ཤུ་རྩ་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྔ་དང་སུམ་ཅུ། གུར་ནས་གསུངས་པའི་དཀྱིལ་འཁོར་བརྒྱད་ཅུ་དང་བཅས་པས་བརྒྱ་དང་བཅུ་པོ་ནི། ཀྱེ་རྡོ་རྗེའི་དཀྱིལ་འཁོར་ཡིན་པས་དེའི་སྟེང་དུ་བདག་མེད་མའི་དཀྱིལ་འཁོར་གཉིས་ཏེ། རྒྱུད་གསུམ་ནས་གསུངས་པའི་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་སུ་གྲངས་ངེས་པ་ཡིན་ནོ་ཞེས་བཞེད་དོ། །འདི་མི་འཐད་དེ། རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་ཡང་གུར་ནས་གསུངས་པའི་ཧེ་རུ་ཀ་གསུམ་དང་མི་འདྲ་སྟེ། རྩ་རྒྱུད་ལས་མངོན་པར་རྟོགས་པ་རྒྱས་པའི་སྐབས་སུ་ཡང་གཞལ་ཡས་ཁང་མེད་པར། སྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྒྱུ་རྡོ་རྗེ་འཆང་དང་། ཞུ་བ་གླུས་བསྐུལ་སོགས་མེད་པར་མངོན་བྱང་ལྔ་ལས་གཙོ་བོ་བསྐྱེད་ནས་འཁོར་གྱི་ལྷ་མོའི་ཐུགས་ཀ་ན་སྤྲོ་བ་ཡིན་ལ། གུར་གྱི་ཧེ་རུ་ཀ་གསུམ་གྱི་སྐབས་སུ་གཞལ་ཡས་ཁང་དང་། རྒྱུ་རྡོ་རྗེ་འཆང་དང་། ཞུ་བ་གླུས་བསྐུལ་སོགས་ཡན་ལག་དྲུག་པ་ཇི་ལྟ་བ་བཞིན་མཛད་པའི་ཕྱིར་དང་། འཁོར་གྱི་ལྷ་མོ་ཡང་རྩ་རྒྱུད་དུ་མཆོད་པའི་ལྷ་མོ་བརྒྱད་ཡིན་ལ། གུར་དུ་སྙིང་པོ་ཀྱེ་རྡོ་རྗེ་རིགས་ལྔའི་འཁོར་གྱི་ལྷ་མོ་རྣམས་ཁ་བསྐང་དགོས་པའི་ཕྱིར་ཏེ། གཞན་དུ་ན་ཧེ་རུ་ཀ་གསུམ་ལ་རིགས་ལྔར་ཕྱེ་བའི་དཀྱིལ་འཁོར་དུ་བྱེད་པའི་ཚེ་འཁོར་གྱི་ལྷ་མོ་ཐམས་ཅད་ཁྱད་པར་མེད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། རྩ་རྒྱུད་ཀྱི་ཧེ་རུ་ཀ་བཞི་པ་དང་གུར་གྱི་ཧེ་རུ་ཀ་བཞི་པའི་དཀྱིལ་འཁོར་ཡང་གཏན་མི་འདྲ་སྟེ། གཙོ་བོའི་ཞལ་ཕྱག་ཕལ་ཆེར་འདྲ་ཡང་སྤྱི་བོའི་མཚོན་བྱེད་མི་འདྲ་བ་དང་། འཁོར་གྱི་ལྷ་མོ་ནི་གཽ་རཱི་སོགས་ཀྱི་མིང་ཙམ་འདྲ་ཡང་སྐུ་མདོག་ཕྱག་མཚན་གཏན་མི་འདྲ་བའི་ཕྱིར་རོ། །རྗེ་བཙུན་གྱིས་རྩ་རྒྱུད་ཀྱི་རྒྱུ་རྡོ་རྗེ་འཆང་རྡོ་རྗེ་དབྱིངས་ཀྱི་ཁོངས་སུ་འདུས་པས་ལོགས་སུ་མི་བགྲང་བར་གསུངས་ཞེས་པ་ནི། མངོན་སུམ་ལ་སྨྱོན་འདིངས་པ་སྟེ། ལྗོན་ཤིང་དུ་རྩ་རྒྱུད་ཀྱི་རྒྱུ་རྡོ་རྗེ་འཆང་ལོགས་སུ་བགྲངས་ནས། སཾ་ཊའི་བདག་མེད་མའི་སྐབས་ཀྱི་རྒྱུ་རྡོ་རྗེ་འཆང་ལོགས་སུ་མི་བགྲང་བའི་དོགས་གཅོད་དུ་རྡོ་རྗེ་དབྱིངས་ཀྱི་ཁོངས་སུ་འདུས་པ་གསུངས་པའི་ཕྱིར་རོ། །སཾ་ཊའི་ཧེ་རུ་ཀ་ལྔ་ལ་རིགས་ལྔ་ལྔར་ཕྱེ་བའི་དཀྱིལ་འཁོར་ཉི་ཤུ་རྩ་ལྔར་བྱེད་ན་སྙིང་པོ་ཀྱེ་རྡོ་རྗེ་ལ་རིགས་ལྔར་ཕྱེ་བའི་ཚེ། ཕྱག་མཚན་དང་། འཁོར་གྱི་ལྷ་མོ་མི་འདྲ་བ་ཚན་པ་ལྔ་ཇི་ལྟར་ཐོན། དེ་མ་ཐོན་ན་ཧེ་རུ་ཀ་གཞན་རྣམས་ལ་དེའི་འགྲོས་ཇི་ལྟར་སྦྱར། ལེགས་པར་དཔྱད་ན་ངོས་གཟུང་ཡེ་མེད་དོ། །གུར་གྱི་ཧེ་རུ་ཀ་བཞི་ལ་རིགས་ལྔ་ལྔར་ཕྱེ་བའི་མཚུངས་པ་སྦྱར་བ་ཡིན་ན་ནི་སཾ་ཊའི་ཧེ་རུ་ཀ་ལྔ་ལ་རིགས་ལྔ་ལྔར་ཕྱེ་ནས་ཉི་ཤུ་རྩ་ལྔ་ལ་རིགས་བསྡུས་རྒྱས་བསྡུས་གཉིས། རིགས་རྐྱང་རྒྱས་བསྡུས་གཉིས་གཉིས་སུ་ཕྱེ་བས་དཀྱིལ་འཁོར་བརྒྱ་ཐམ་པ་བྱེད་པ་ཡང་ཅིའི་ཕྱིར་མི་མཚུངས་ལེགས་པར་སོམས། གཞན་ཡང་སཾ་ཊའི་ཡེ་ཤེས་མཁའ་འགྲོ་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྒྱུད་དང་། རྗེ་བཙུན་རྩེ་མོས་མཆོག་སྒྲུབ་པའི་དཀྱིལ་འཁོར་དུ་དངོས་སུ་གསུངས་པ་དེའི་སྟོང་འདབ་དགོས་ཏེ། ཁྱེད་རང་གི་བརྒྱ་དང་བཅུ་གཉིས་པོ་དེའི་ནང་དུ་མི་འདུག་པའི་ཕྱིར་རོ། །དེས་ན་གུར་གྱི་སྙིང་པོ་ཀྱེ་རྡོ་རྗེ་ལ་རིགས་ལྔར་ཕྱེ་ནས་ཕྱག་མཚན་དང་འཁོར་གྱི་ལྷ་མོ་མི་འདྲ་བ་ཚན་པ་ལྔ་དངོས་སུ་གསུངས་པའི་འགྲོས། ཧེ་རུ་ཀ་གཞན་གསུམ་ལ་ཡང་སྦྱར་ནས་རིགས་རྐྱང་བསྡུས་ཀྱི་དཀྱིལ་འཁོར་བརྒྱད་ཅུ་ཐམ་པ་འབྱུང་བ་དང་། སཾ་ཊར་སྙིང་པོ་ཀྱེ་རྡོ་རྗེ་ལ་དེ་ལྟར་མ་གསུངས་པས་དེ་འདྲའི་དབྱེ་བ་མི་བྱེད་པ་འདི་ནི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་འཆད་ཚུལ་ཐུན་མོང་མ་ཡིན་པ་ཡིན་པས་བསྐལ་བ་དང་ལྡན་པ་དག་གིས་ཡིད་ཆེས་པའི་གནས་སུ་གྱིས་ཤིག གཉིས་པ་ལས་རྒྱས་པའི་དཀྱིལ་འཁོར་ནི་རྩ་བའི་རྒྱུད་ལས་ལྷ་མོ་བརྒྱད། གུར་ལས་ལྷའི་རྣལ་འབྱོར་ཉེར་བརྒྱད། སཾ་ཊའི་བརྟག་པ་གཉིས་པའི་བཞི་པ་ལས་ལྷའི་རྣལ་འབྱོར་བཅུ་གཅིག བརྟག་པ་བདུན་པར་བཅུ་བདུན། བརྒྱད་པར་ཕྲེང་བ་དང་འབྲེལ་པ་དང་། རྫོགས་རིམ་དང་འབྲེལ་བའི་ལྷའི་རྣལ་འབྱོར་གཉིས་ཏེ་རྒྱུད་གསུམ་ལས་གསུང་པའི་ལས་རྒྱས་པའི་ལྷའི་རྣལ་འབྱོར་དྲུག་ཅུ་རྩ་དྲུག་གསུངས་སོ། །གསུམ་པ་སྦྱོར་དངོས་རྒྱས་བསྡུས་སྒོ་ནས་སྒྲུབ་བྱེད་བཤད་པ་ནི། འོ་ན་ལྷའི་རྣལ་འབྱོར་དེ་དག་སྒྲུབ་པར་བྱེད་པའི་མངོན་པར་རྟོགས་པ་ཇི་ལྟར་ཞེ་ན། འདི་ལ་སྔོན་འགྲོ། དངོས་གཞི། རྗེས་རྫོགས་པར་བྱེད་པ་ལམ་གྱི་ཡན་ལག་དང་གསུམ་ལས། དང་པོ་ལ་ཡང་གསུམ་སྟེ། བསོད་ནམས་ཀྱི་ཚོགས་བསག་པ། ཡེ་ཤེས་ཀྱི་ཚོགས་བསག་པ། སྲུང་བའི་འཁོར་ལོ་བསྒོམ་པའོ། །དང་པོ་ལ་ཡང་རྒྱས་བསྡུས་དུ་མ་ཡོད་དེ། བསྡུས་པ་ཚད་མེད་བཞི་བསྒོམ་པ་དང་། དེ་ལས་རྒྱས་པ་ཚོགས་ཞིང་སྤྱན་དྲངས་ནས་མཆོད་པ་བསྣན་པ་དང་། དེ་ལས་རྒྱས་པ་ཡན་ལག་བདུན་པ་བསྣན་པ་དང་། དེ་ལས་རྒྱས་པ་རིགས་ལྔའི་སྡོམ་གཟུང་བསྣན་པ་དང་བཞིའོ། །དེ་ལྟར་ན་སྔོན་འགྲོ་རྒྱས་པ་ནི། བསོད་ནམས་ཚོགས་བསག་རྒྱས་པ་གཉིས་པོ་གང་རུང་དང་། ཡེ་ཤེས་ཚོགས་བསག་དང་། སྲུང་འཁོར་བསྒོམ་པ་གསུམ་ག་བྱ་བའོ། །འབྲིང་ནི་སྲུང་འཁོར་མི་བསྒོམ་པར་ཚོགས་གཉིས་བསག་པ་རྒྱས་པར་བྱ་བའོ། །བསྡུས་པ་ནི་བསོད་ནམས་ཚོགས་བསག་ཚད་མེད་བཞི་ཙམ་ལ་བསྡུས་ནས། ཡེ་ཤེས་ཚོགས་བསག་ལ་འཇུག་པའོ། །སྔོན་འགྲོ་བསྡུས་པ་འདི་ནི་ལས་རྒྱས་པ་ལས་མཆོག་བསྒྲུབ་པ་ལ་མི་འཇུག་གོ །ཞེས་རྗེ་བཙུན་རྩེ་མོས་གསུངས་ལ། རྗེ་བཙུན་གྱིས་ནི་བརྟག་པ་གཉིས་པའི་ལེའུ་གསུམ་པ་དཔང་པོར་བྱས་ན་མཆོག་བསྒྲུབ་པ་ལ་ཡང་འཇུག་པར་མངོན་ནོ། །ཞེས་གསུངས། དེའི་དོན་ལེའུ་གསུམ་པར་ཧེ་རུ་ཀ་གསུམ་ལ་བསྐྱེད་ཆོག་རྒྱས་འབྲིང་བསྡུས་གསུམ་གསུངས་པའི་དང་པོ་གཉིས་ལ། སྔོན་འགྲོ་བསྡུས་པ་འཇུག་ཀྱང་དེ་ནི་དཔའ་བོ་གཅིག་པ་བསྐྱེད་པ་ལས་རྒྱས་པའི་མངོན་རྟོགས་ཡིན་པ་ནི་རྩེ་མོའི་དགོངས་པ་ཡིན་ལ། སྤྱིར་ཧེ་རུ་ཀ་གསུམ་མཆོག་སྒྲུབ་པ་ཡིན་པས་དེ་ལ་སྔོན་འགྲོ་བསྡུས་པ་འཇུག་པ་རྗེ་བཙུན་གྱི་དགོངས་པའོ། །གཉིས་པ་ལ་གསུམ་སྟེ། བསྐྱེད་ཆོག་ཡོངས་སུ་རྫོགས་པ་རྒྱས་པ་དང་། འབྲིང་དང་། བསྡུས་པའོ། །དང་པོ་ལ་ཡང་གསུམ་སྟེ། ཏིང་ངེ་འཛིན་གསུམ་གྱིས་འཆིང་བ་དང་། ཡན་ལག་དྲུག་གིས་འཆིང་བ། བསྙེན་སྒྲུབ་ཡན་ལག་བཞིས་འཆིང་བའོ། །དང་པོ་ནི་སམྦུ་ཊ་དང་། རྡོ་རྗེ་རྩེ་མོའི་དགོངས་པ་སྟེ། རྡོ་རྗེ་རྩེ་མོ་ལས། དང་པོ་སྦྱོར་བའི་ཏིང་འཛིན་གྱིས། །རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་པོ། །ཞེས་གསུངས་པས། གཙོ་བོ་བསྐྱེད་པ་དང་པོ་སྦྱོར་བ། འཁོར་གྱི་ལྷ་མོ་སྤྲོ་བ། ཡེ་ཤེས་པ་གཞུག་པ། དབང་བསྐུར་རིགས་བདག་གི་རྒྱས་བཏབ་པ། མཆོད་བསྟོད་བདུད་རྩི་མྱང་བའི་བར་དཀྱིལ་འཁོར་རྒྱལ་མཆོག ཕྲ་ཐིག་ལ་སོགས་པ་ལ་སློབ་པ་ནི་ལས་རྒྱལ་མཆོག་གོ །གཉིས་པ་ནི། རྡོ་རྗེ་གུར་གྱི་དགོངས་པ་སྟེ། གུར་ལས། སངས་རྒྱས་གནས་ནི་རྫོགས་པ་དང་། །ཀུན་ཏུ་བཟང་པོའི་རང་བཞིན་དང་། །རང་གི་ལྷག་པའི་ལྷར་བསྒྲུབ་དང་། །མཆོད་བསྟོད་བདུད་རྩི་མྱང་ལ་སོགས། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་ཏེ། སངས་རྒྱས་གནས་ནི་རྫོགས་པ་ནི། གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་སྟེ། ཆོས་འབྱུང་བསྐྱེད་པ་ནས་གདན་བསྐྱེད་པའི་བར་རོ། །ཀུན་ཏུ་བཟང་པོའི་རང་བཞིན་ནི། རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་སྟེ། རྒྱུ་རྡོ་རྗེ་འཆང་བསྐྱེད་པ་ནས། ཡེ་ཤེས་ཀྱི་འཁོར་ལོ་གཞུག་པའི་བར་རོ། །རང་གི་ལྷག་པའི་ལྷར་བསྒྲུབ་པ་ནི། དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་སྟེ། དབང་ལྷ་སྤྱན་དྲང་བ་ནས་རིགས་བདག་གིས་རྒྱས་གདབ་པའི་བར་རོ། །མཆོད་བསྟོད་བདུད་རྩི་མྱང་བ་གསུམ་ནི། དངོས་སུ་བསྟན་པ་དེ་ཉིད་དོ། །སོགས་ཀྱིས་རྗེས་རྫོགས་པར་བྱེད་པ་ལམ་གྱི་ཡན་ལག་བསྟན་ནོ། །གསུམ་པ་ནི། རྩ་རྒྱུད་བརྟག་གཉིས་དང་། གསང་བ་འདུས་པའི་དགོངས་པ་སྟེ། རྩ་རྒྱུད་ལས། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པ་སྟེ། དང་པོ་སྟོང་ཉིད་ཅེས་པས་ཡེ་ཤེས་ཚོགས་བསག་བྱང་ཆུབ་སེམས་ཞེས་པས་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའམ། སྐྱེ་མཆེད་བྱིན་གྱིས་མི་རློབ་པར་སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་ཉེར་སྒྲུབ་ཀྱི་ཡན་ལག གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་པས་ཡེ་ཤེས་པ་གཞུག་པ་སྒྲུབ་པའི་ཡན་ལག བཞི་པ་ལ་ནི་ཡིག་འབྲུ་དགོད་ཅེས་པས་དབང་བསྐུར་ནས། རིགས་ཀྱི་བདག་པོའི་རྒྱས་གདབ་པའམ། དབང་མ་བསྐུར་བར་དབུ་རྒྱན་རང་ཆས་ཅན་དུ་བསམ་པ་སྒྲུབ་པ་ཆེན་པོའི་ཡན་ལག་བསྟན་ནོ། །འདིས་བསྙེན་སྒྲུབ་ཡན་ལག་བཞི་བསྟན་པར་གང་ལས་ཤེས་ན། འདུས་པའི་རྒྱུད་ཕྱི་མ་ལས། ཐ་མལ་པ་ནི་རྡོ་རྗེ་བཞི། །ཡེ་ཤེས་རྡོ་རྗེ་མཆོག་རྣམས་སོ། །དང་པོ་སྟོང་ཉིད་བྱང་ཆུབ་སེམས། །ཞེས་སོགས་སྔར་དྲངས་པ་ལྟར་གསུངས་སོ། །དེས་རྡོ་རྗེ་རྣམ་བཞིར་བསྟན་གྱི་ཡན་ལག་བཞི་ཇི་ལྟར་བསྟན་སྙམ་ན། འདུས་པའི་རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། བསྙེན་པའི་དམ་ཚིག་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཉེ་བར་སྒྲུབ་པ་སྒྲུབ་མཆོག་ལ། །རྡོ་རྗེའི་སྐྱེ་མཆེད་རྣམ་པར་དཔྱད། །སྔགས་ཀྱི་བདག་པོ་བསྒོམ་པ་ཡིས། །བསྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །དབུ་རྒྱན་ལ་ནི་རིགས་བདག་བསམ། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐ་མལ་བསྒྲུབ་པའི་བསྙེན་པ་བྱ། །ཞེས་རྡོ་རྗེ་རྣམ་བཞི་བསྙེན་སྒྲུབ་བཞིར་གསུངས་པས་ཤེས་སོ། །གསང་འདུས་རྩ་རྒྱུད་ཀྱི་ཚིགས་བཅད་གཉིས་པོ་འདིའི་དོན། འདུས་པ་འཕགས་ལུགས་པས་བསྙེན་སྒྲུབ་ཡན་ལག་བཞིར་སྦྱོར་ཚུལ་དང་། ཡེ་ཤེས་ཞབས་ལུགས་པས་སྦྱོར་ཚུལ་དང་། རྣལ་འབྱོར་དབང་ཕྱུག་གི་སྦྱོར་ཚུལ་དང་མི་འདྲ་བ་གསུམ་ལས། འདིར་ནི་ཕྱི་མ་དེ་ཉིད་དོ། །དངོས་གཞི་རྒྱས་པ་འདི་གསུམ་རྒྱུད་གསུམ་གྱི་དཀྱིལ་འཁོར་གང་ལ་སྦྱོར་ཞེ་ན། སམྦུ་ཊའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྔ་ལ་ཏིང་ངེ་འཛིན་གསུམ་དང་། ཡན་ལག་བཞིས་འཆིང་། གུར་རིགས་བསྡུས་ཀྱི་དཀྱིལ་འཁོར་རྣམས་ལ་ཏིང་ངེ་འཛིན་གསུམ་དང་། ཡན་ལག་དྲུག་དང་། ཡན་ལག་བཞི་གསུམ་ཆར་གྱིས་འཆིང་། རིགས་རྐྱང་རྣམས་དང་། བདག་མེད་མ་གཉིས་དང་རྩ་རྒྱུད་ཀྱི་དྲུག་ནི་ཡན་ལག་དྲུག་དང་། ཡན་ལག་བཞིས་འཆིང་། སམྦུ་ཊའི་ལྷག་མ་རྣམས་དང་། ལས་རྒྱས་པའི་ལྷ་རྣམས་ནི་ཡན་ལག་བཞིས་འཆིང་ཞིང་། མཆོད་བསྟོད་བདུད་རྩི་མྱང་བ་གསུམ་པོ་སྦྱར་བ་ནི་ཡན་ལག་ཡིན་གྱི། དངོས་གཞིར་མི་བྱེད་དོ། །དེས་ན་དངོས་གཞི་རྒྱས་པ་འདིའི་སྐབས་སུ་རྣལ་འབྱོར་དབང་ཕྱུག་གི་དགོངས་པས་བསྙེན་སྒྲུབ་ཡན་ལག་བཞི་མ་ཚང་བ་ནི་མཆོག་ཐུན་མོང་སྒྲུབ་པ་གང་ལ་ཡང་མི་བཞེད་དེ། སྔར་གྱི་དེ་གསུམ་ཆར་ལ་ཡང་བསྙེན་སྒྲུབ་ཡན་ལག་བཞི་ཚང་བས་སོ། །ལྗོན་ཤིང་ལས་ཀྱང་ཚིག་འདི་སྐབས་འདིར་འབྱུང་ཞིང་མཇུག་ཏུ་རྒྱས་པའི་དབང་དུ་བྱས་པའོ། །ཞེས་གསུངས་ཏེ་འཁྲུལ་པ་མེད་དོ། །གཉིས་པ་འབྲིང་པོ་ནི་ཏིང་ངེ་འཛིན་གསུམ་དང་། ཡན་ལག་དྲུག་གིས་འཆིང་བ་ནི་མེད་ལ། སྔར་གྱི་ཡན་ལག་བཞིས་འཆིང་ན། མཆོད་བསྟོད་ལ་སོགས་པ་མེད་པར་བཟླས་པ་ལ་འཇུག་པ་ཉིད་དོ། །ཡན་ལག་དྲུག་པ་ལ་འབྲིང་པོར་བཤད་པ་ནི་བསྐྱེད་ཆོག་གི་དབང་དུ་བྱས་པ་ཡིན་ལ། འདིར་རྒྱས་པར་བཤད་པར་ནི་དངོས་གཞིའི་ཆིངས་རྒྱས་པའི་དབང་དུ་བྱས་པ་ཡིན་པས་མི་འགལ་ལོ། །གསུམ་པ་བསྡུས་པ་ལ་གཉིས་ལས། དང་པོ་ནི། དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག སྐྱེ་མཆེད་བྱིན་གྱིས་མི་རློབ་པར་སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་ཉེར་སྒྲུབ་ཀྱི་ཡན་ལག ཡེ་ཤེས་པ་གཞུག་པ་སྒྲུབ་པའི་ཡན་ལག དབང་མི་བསྐུར་བར་དབུ་རྒྱན་རང་ཆས་ཅན་དུ་བསམ་པ་སྒྲུབ་པ་ཆེན་པོའི་ཡན་ལག་གོ །བསྡུས་པ་གཉིས་པ་ནི་དམ་ཚིག་སེམས་དཔའ་དབུ་རྒྱན་རང་ཆས་ཅན་དུ་སྐད་ཅིག་གིས་བསྐྱེད་ནས་བཟླས་པ་ལ་འཇུག་པ་ཉིད་དོ། །བསྡུས་པ་དང་པོ་འདི་ནི་རྗེ་ས་ཆེན་གྱིས་ཁྲོ་བཅུའི་མངོན་རྟོགས་དང་། རྗེ་བཙུན་གྱིས་དག་ལྡན་དུ་ཧེ་རུ་ཀ་གསུམ་གྱི་བསྐྱེད་ཆོག་དང་པོ་གཉིས་དང་། གུར་རྒྱན་དུ་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་དང་རྩ་ལྟུང་འཁྲུལ་སྤོང་དུ་དམ་ཚིག་རྡོ་རྗེའི་མངོན་རྟོགས་ལ་སྦྱར་བར་མཛད་དོ། །བསྡུས་པ་ཕྱི་མ་ནི་ལམ་འབྲས་ཀྱི་ཡིག་ཆར་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་མཁའ་འགྲོའི་མངོན་རྟོགས་ལ་སྦྱར་བར་མཛད་དོ། །བསྡུས་པ་དང་པོ་འདི་ལ་རྗེ་བཙུན་རྩེ་མོས། འབྲིང་པོ་ལ་གཉིས་སུ་བྱས་པའི་ཕྱི་མར་མཛད་དེ། གནད་གཅིག་ཏུ་ཤེས་པར་བྱའོ། །དེ་ལྟ་བུའི་དངོས་གཞི་ལ་དམ་ཚིག་པ་བསྐྱེད་པའི་བསྐྱེད་ཆོག་ལ་ཚུལ་མི་འདྲ་བ་ལྔ་སྟེ། མངོན་བྱང་ལྔ་ལས་བསྐྱེད་པ་དང་། རྡོ་རྗེ་ཆོ་ག་ཡན་ལག་གསུམ་མམ་བཞི་ལས་བསྐྱེད་པ་དང་། སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་དང་། དབུགས་ཀྱི་སྤྲོ་བསྡུ་ལས་བསྐྱེད་པ་དང་། འབྱིན་པའི་ཚུལ་གྱིས་བསྐྱེད་པའོ། །དང་པོ་ལ་མཉམ་སྦྱོར་དང་། མི་མཉམ་སྦྱོར་གཉིས་ལས། དང་པོས་ནི་བསྡུས་པའི་དཀྱིལ་འཁོར་གྱི་གཙོ་བོ་དང་། རྒྱུའི་རྡོ་རྗེ་འཆང་དང་། རིགས་བསྡུས་ཀྱི་གཙོ་བོ་རྣམས་བསྐྱེད་དོ། །གཉིས་པས་ནི་རིགས་སོ་སོར་བ་རྣམས་དང་། བདག་མེད་མ་བསྐྱེད་དོ། །ཧེ་རུ་ཀ་གསུམ་ལ་ནི་མི་མཉམ་སྦྱོར་དང་། རྡོ་རྗེ་ཆོ་ག་གསུམ་དང་། སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་གསུམ་ཀ་འཇུག་གོ །དྲག་པོའི་གདན་ཅན་ནི་སྙིང་པོ་ཚིག་ཙམ་དང་ཡེ་ཤེས་མཁའ་འགྲོ་མ་ནི་དབུགས་ཀྱི་སྤྲོ་བསྡུ་ལས་བསྐྱེད་དོ། །འབྱིན་པའི་ཚུལ་གྱིས་བསྐྱེད་པ་ནི་རིགས་བསྡུས་པའི་དཀྱིལ་འཁོར་དང་། ཕྱག་བཞི་པ་དང་། དྲུག་པ་དང་། བཅུ་དྲུག་པའི་འཁོར་རྣམས་སོ། །ལས་རྒྱས་པའི་ལྷ་རྣམས་ལ་རྡོ་རྗེ་འཇིགས་བྱེད་མ་གཏོགས་པ་གཞན་ཐམས་ཅད་སྙིང་པོ་ཚིག་ཙམ་ལས་བསྐྱེད་པར་གཞུང་དུ་གསལ་ཡང་། བླ་མའི་མན་ངག་གིས་རྡོ་རྗེ་ཆོ་ག་གསུམ་དང་། སྙིང་པོ་ཚིག་ཙམ་འདམ་ཁ་ཅན་དུ་གསུངས། སྐྱེ་མཆེད་བྱིན་གྱིས་རློབ་པའི་ལྷ་རྣམས་ནི་ས་བོན་ཙམ་ལས་བསྐྱེད་དེ། འདིའི་སྙིང་པོ་ཚིག་ཙམ་ནི་ས་བོན་ལས་བསྐྱེད་པ་ཉིད་ལ་བཞེད་པར་སྣང་ངོ་། །གསུམ་པ་རྗེས་རྫོགས་པར་བྱེད་པ་ལམ་གྱི་ཡན་ལག་ལ་བཟླས་པ་དང་། སྤྱོད་ལམ་དང་། ཐུན་མཚམས་ཀྱི་བྱ་བ་དང་། ཁ་ཟས་དང་། གཏོར་མ་དང་། ཉལ་བ་དང་། ལྡང་བའི་རྣལ་འབྱོར་ཞེས་བྱ་བ་བདུན་ནི་ཀུན་གྱི་ཐུན་མོང་བ་ཡིན་ལ། མཆོག་སྒྲུབ་པའི་དཀྱིལ་འཁོར་ལ་ནི་དག་པ་རྗེས་སུ་དྲན་པ་ཞེས་བྱ་བ་ཁྱད་པར་གྱི་ཆོས་སོ་ཞེས་བྱ་བ་རིན་པོ་ཆེ་བསོད་ནམས་རྩེ་མོ་གསུང་ངོ་། །བཞི་པ་ལུང་རིགས་གཉིས་ཀྱི་གཙོ་བོ་བསྒྲུབ་པ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་རྩ་བཤད་གཉིས་ཀྱི་གཙོ་བོ་བསྒྲུབ་པ་དང་། ཐུན་མོང་གི་བཤད་རྒྱུད་ཀྱི་གཙོ་བོ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཕྱག་བཅུ་དྲུག་པ་ཡབ་ཡུམ་གཙོ་བོར་བསྒྲུབ་པ་དང་། དེ་ལས་མི་བསྐྱོད་པའི་རིགས་གཙོ་བོར་བསྒྲུབ་པའོ། །དང་པོ་ནི། འོ་ན་མཆོག་བསྒྲུབ་པའི་དཀྱིལ་འཁོར་དེ་རྣམས་ཀྱི་ནང་ནས། གཙོ་བོ་གང་ཡིན་སྙམ་ན། རྩ་བའི་རྒྱུད་དང་། རྡོ་རྗེ་གུར་གཉིས་ལས་ནི་སྙིང་པོ་ཀྱེ་རྡོ་རྗེ་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་དང་། བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གཉིས་པོ་གཙོ་བོ་ཡིན་ཏེ། རྩ་རྒྱུད་ལས། བདག་མེད་རྣལ་འབྱོར་ལྡན་པ་འམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་། །དངོས་གྲུབ་འདོད་པས་མི་གནས་སོ། །ཞེས་གསུངས་ཤིང་། དེའི་དོན་རྣམ་བཤད་དག་ལྡན་ལས། བདག་ནི་གང་ཟག་གི་བདག་དང་། ཆོས་ཀྱི་བདག་གོ །མེད་པ་ནི་དེས་སྟོང་པ་སྟེ། ང་མེད་ན་ང་ཡིར་འཛིན་པ་ཡང་མེད་པས་བདག་གཉིས་ཀྱིས་སྟོང་པའོ། །དེ་ནི་ལྟ་བའམ་ཡེ་ཤེས་སོ། །དེའི་རྣམ་པ་གང་ལ་ཡོད་པ་ནི་བདག་མེད་རྣལ་འབྱོར་ཏེ། ལེའུ་བརྒྱད་པར་བསྟན་པ་གང་ཡིན་པའོ། །ཡང་ན་དཔལ་ཧེ་རུ་ཀ་ཞེས་བྱ་བ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་བྱ་བའོ། །དེའང་ལྟ་བའམ་ཡེ་ཤེས་སོ། །དེའི་རྣམ་པ་ནི་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །གཞན་པའི་སེམས་ཀྱིས་ཞེས་བྱ་བ་ནི་བདག་མེད་གཉིས་དང་། ཡེ་ཤེས་དང་བྲལ་བའི་ལྷ་གཞན་ཀུ་རུ་ཀུལླེ་ལ་སོགས་པ་ཤེས་རབ་ཀྱི་རྣལ་འབྱོར་གཞན་དང་། ཕྱག་གཉིས་པ་ལ་སོགས་པའི་ཐབས་ཀྱི་རྣལ་འབྱོར་གཞན་ལ་གནས་པར་མི་བྱའོ། །ཇི་ལྟར་ཞེ་ན། འབྲས་བུ་འབྱུང་བ་མེད་པའི་ཕྱིར་དང་། དཔལ་གྱི་འོས་མ་ཡིན་པའི་ཕྱིར་རོ། །དེ་ལ་འབྲས་བུ་འབྱུང་བ་མེད་པ་ནི་སྤྱིར་གསང་སྔགས་པ་འབྲས་བུ་ལམ་དུ་བྱེད་པས་རྒྱུ་འདྲ་བས་འབྲས་བུ་འདྲ་བ་སྒྲུབ་པར་བྱེད་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡིན་ལ། དེ་རྣམ་པ་གཞན་གྱིས་ཐོབ་པར་ག་ལ་འགྱུར། ལོངས་སྤྱོད་རྫོགས་པའི་སྐུ་དེ་ལྟར་བཞུགས་པར་ཅིས་ཤེས་སྙམ་ན། ཆོས་ཀྱི་སྐུའི་དབང་དུ་བྱས་ནས་རྣམ་པ་གཞན་དཔལ་གྱི་འོས་མ་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་སྐུ་ནི་སྟོང་པ་དང་། སྙིང་རྗེ་གཉིས་སུ་མེད་པ་ཡིན་ལ། སྟོང་པ་ཉིད་ནི་ཕྱག་བཅུ་དྲུག་དང་། རྟོགས་པའི་ཁྱད་པར་ནི་ཞལ་བརྒྱད་དུ་སྤྲུལ་ལ། སྙིང་རྗེའི་སྤྱོད་པ་ནི་བསྡུ་བའི་དངོས་པོ་བཞི་ཞབས་བཞིར་སྤྲུལ་ཏོ། །དེ་བས་ན་རྣམ་པ་འདིར་རིགས་སོ། །གལ་ཏེ་རྣམ་པ་དེ་ལྟ་བུ་གཞན་ལའང་སྦྱར་དུ་རུང་མོད་སྙམ་ན། བདེན་མོད་ཀྱི་བཅོམ་ལྡན་འདས་ཀྱི་ཆོས་རྣམས་ནི་གདུལ་བྱ་གང་དང་གང་གིས་འདུལ་བ་ལ་དེ་དང་དེའི་རྣམ་པ་གཙོ་བོར་སྟོན་པ་ཡིན་པས་རྒྱུད་འདིར་སྟོན་པས་དེ་ལྟ་བུའི་རྣམ་འཕྲུལ་གཙོ་བོར་གྱུར་པ་མཛད་ནས་ཆོས་གསུངས་སོ། །དེ་བས་ན་གཙོ་བོ་ཡིན་པའི་ཕྱིར་འདི་ཁོ་ན་བསྒོམ་པར་རིགས་སོ་ཞེས་གསུངས་ལ། དེའི་དོན་ཡང་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕྱོགས་རེ་ཙམ་ཕྱག་གཉིས་པ་ལ་སོགས་པའི་རྣམ་པ་གཞན་གྱིས་ཀྱང་མཚོན་པར་ནུས་ཀྱང་། ཡོན་ཏན་ཡོངས་སུ་རྫོགས་པ་གཟུགས་སྐུའི་རྣམ་པས་མཚོན་ནུས་པ་ནི་རྒྱུད་འདིའི་ལུགས་ཀྱི་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཁོ་ན་ཡིན་པའི་ཕྱིར་གཙོ་བོར་བྱེད་ཅེས་པའི་དོན་ཏོ། །འོ་ན་རྒྱུ་འབྲས་ཀྱི་ཧེ་རུ་ཀ་གཉིས་ལས་གང་གཙོ་བོ་ཡིན་སྙམ་ན། འབྲས་བུའི་རྡོ་རྗེ་འཛིན་པ་ཉིད་ཡིན་ཏེ། དཀའ་འགྲེལ་ཀུ་མུ་ཏི་ལས། དེ་ཡང་དཔལ་ཧེ་རུ་ཀ་སྟེ་ཞལ་བརྒྱད་པ་ཞབས་བཞི་པ། ཕྱག་བཅུ་དྲུག་པ་འབྲས་བུ་རྡོ་རྗེ་འཛིན་པ་ཀྱེ་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཉིད་འབྱུང་བ་མེད་པའི་ཕྱིར་དང་། དཔལ་གྱི་འོས་མ་ཡིན་པའི་ཕྱིར། ཡང་ཧེ་རུ་ཀ་གཞན་བཟློག་གོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་བདག་མེད་མས་ཆོས་སྐུའི་ཡོན་ཏན་ཇི་ལྟར་མཚོན། རྒྱུད་གསུང་བ་པོ་སྟོན་པ་ཉིད་ཀྱི་རྣམ་པ་ཇི་ལྟར་བཞུགས་སྙམ་ན། སྔར་གྱི་ལྟ་བ་དེ་དག་ཀྱང་། གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་སུ་འདུས་ལ། དེའི་རྣལ་འབྱོར་འདི་ལ་ཡོད་པའི་ཕྱིར་དང་། རྒྱུད་གསུངས་པའི་ཚེ་ཡབ་དང་ཞལ་སྦྱོར་གྱི་ཚུལ་དུ་བཞུགས་པས་འདིས་གཙོ་བོ་བྱས་པའི་དཀྱིལ་འཁོར་ཡང་ཇི་སྲིད་ཉེ་རྒྱུ་ལ་མཚམས་སྦྱར་གྱི་བར་དུ་ཡབ་ཀྱི་དཀྱིལ་འཁོར་དང་བསྐྱེད་རིམ་གྱི་གཙོ་བོ་ཁྱད་པར་མེད་པར་རྒྱུད་དང་གོང་མའི་དགོངས་པ་སྟེ། བདག་མེད་རྣལ་འབྱོར་ལྡན་པའམ། །ཞེས་པ་རྩ་འགྲེལ་ལས་ཤེས་སོ། །ཧེ་རུ་ཀ་གཞན་རྣམས་མཆོག་སྒྲུབ་པའི་དཀྱིལ་འཁོར་དུ་ཅི་ལྟར་འགྲོ་སྙམ་ན། གནད་ཀྱི་གསལ་བྱེད་དུ་སློབ་དཔོན་མི་ཐུབ་ཟླ་བ་ནི། ཧེ་རུ་ཀ་གསུམ་ཡང་ལས་དང་པོ་པའི་བསྒོམ་བྱ་ཙམ་དུ་བཞེད་ཅེས་གསུངས་ཏེ། ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་བསྒོམ་པ་ལ་བློ་སྦྱོང་བའི་ཆེད་དུ་ལས་དང་པོ་པའི་བསྒོམ་བྱ་ཡིན་པས། མཆོག་སྒྲུབ་པར་འགྲོ་ཞེས་པའི་དོན་ཏོ། །གཉིས་པ་དེ་ལས་མི་བསྐྱོད་པའི་རིགས་གཙོ་བོར་བསྒྲུབ་པ་ལ་གཉིས་ཏེ། ལུང་གིས་བསྒྲུབ་པ་དང་། རིགས་པས་བསྒྲུབ་པའོ། །དང་པོ་ནི། རྩ་རྒྱུད་ཀྱི་སྤྱོད་པའི་སྐབས་སུ། རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །སྤྱོད་པ་བྱ་བར་རྟོགས་པར་བྱ། །རྡོ་རྗེ་རིགས་ཀྱི་དངོས་མེད་ན། །རང་འདོད་ལྷ་ཡི་གཟུགས་ཀྱིས་བྱ། །ཡང་ན་གཞན་གྱི་རིགས་བྱུང་བ། །ཞེས་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་གཡུང་མོ་མཆོག་ཏུ་བསྔགས་ལ། དེའི་དོན་ཡང་ལེའུ་དེར། ཞེ་སྡང་རྣམ་དག་རྣལ་འབྱོར་པ། །ཞེས་སྒྲུབ་པ་པོར་རང་གི་ཁ་དོག་དང་། དབྱིབས་ཀྱི་རིགས་མི་གཙོ་བར་རྒྱུད་འདིར་མི་བསྐྱོད་པའི་རིགས་ཀྱི་རྣལ་འབྱོར་གཙོ་བོར་བསྒོམ་དགོས་པས། ལྷའི་རྣལ་འབྱོར་གྱི་ངོས་ནས་ཕྱག་རྒྱ་གཡུང་མོ་བསྔགས་པའི་དོན་ཏོ། །གཉིས་པ་རིགས་པས་བསྒྲུབ་པ་ནི་གཞིའི་སྐབས་སུ་སེམས་ཅན་གྱི་རྒྱུད་འདིར་ཕུང་པོ་ལྔའི་ནང་ནས་སེམས་ཉིད་གཙོ་ཆེ་སྟེ། སློབ་དཔོན་ཨཱརྻ་དེ་ཝས། ཆོས་རྣམས་སྔོན་དུ་ཡིད་འགྲོ་སྟེ། །ཡིད་གཙོ་ཡིད་ཀྱི་འགྲོས་ཅན་ཡིན། །ཅེས་གསུངས་པ་ལྟར། སྒོ་གསུམ་གྱི་ལས་ཐམས་ཅད་སེམས་སྔོན་དུ་འགྲོ་ཞིང་། སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དང་། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱང་། སེམས་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྒྱུད་དུ་རྣམ་པར་ཤེས་པ་ཉིད་ཀྱི་རང་བཞིན་གྱི་མི་བསྐྱོད་པ་ཉིད་དཀྱིལ་འཁོར་གྱི་གཙོ་བོར་བཞག་སྟེ། གུར་གྱི་དཀའ་འགྲེལ་ལས། འདིར་སེམས་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར། བསྡུས་པའི་དཀྱིལ་འཁོར་གྱི་གཙོ་བོ་ཧེ་བཛྲ་ཉིད་ཡིན་པར་ཉེ་བར་བསྟན་མོད་ཀྱི། གཞན་དག་ཀྱང་དགག་པ་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཐུན་མོང་གི་བཤད་རྒྱུད་ཀྱི་གཙོ་བོ་བསྒྲུབ་པ་ནི། སམྦུ་ཊའི་རྒྱུད་འདིར་སྨིན་བྱེད་ནས་འབྲས་བུའི་བར་མངོན་པར་རྟོགས་པ་ཚང་བར་བསྟན་པ་རྣམས་རྒྱུད་སྡེ་གཞན་གྱི་བཤད་རྒྱུད་དུ་འགྲོ་བ་ལ་མ་ལྟོས་པར་རྒྱུད་རང་རྐང་དུ་ཉམས་སུ་ལེན་པའི་དབང་དུ་བྱས་ནས་བསྐྱེད་རིམ་གྱི་གཙོ་བོ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཉིད་ཡིན་ཏེ། བརྟག་པ་བཞི་པ་དངོས་ལས། དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །རྡོ་རྗེ་དབྱིངས་དང་འདྲ་བས་ན། །རྡོ་རྗེ་དབྱིངས་ཞེས་བརྗོད་པ་ཡིན། །ཞེས་གསུངས་པས། རྒྱུད་འདིར་ཆོས་སྐུའི་མཚོན་བྱེད་གཟུགས་སྐུ་དེ་ལྟར་དུ་བསྟན་པའི་ཕྱིར་རོ། །འདི་ནི་རྗེ་བཙུན་གྱིས་གལ་ཏེ་རྣམ་པ་དེ་ལྟ་བུ་གཞན་ལ་ཡང་སྦྱར་དུ་རུང་མོད་སྙམ་ན་བདེན་མོད་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ནི་གདུལ་བྱ་གང་དང་གང་གིས་འདུལ་བ་ལ་དེ་དང་དེའི་རྣམ་པར་གཙོ་བོར་བསྟན་པ་ཡིན་པས་རྒྱུད་འདིར་སྟོན་པས་དེ་ལྟ་བུའི་རྣམ་འཕྲུལ་གཙོ་བོར་གྱུར་པ་མཛད་ནས་ཆོས་གསུངས་སོ། །ཞེས་གསུངས་པའི་དགོངས་པ་སྟེ། དུས་ཀྱི་འཁོར་ལོ་དང་། བདེ་མཆོག་དང་། གསང་འདུས་སོགས་ཀྱི་ལམ་གྱི་རིམ་པ་ལའང་རང་རང་གི་དཀྱིལ་འཁོར་དེ་ཉིད་བསྐྱེད་རིམ་གྱི་གཙོ་བོར་གྲུབ་པའོ། །གཅིག་བསྒྲུབས་པས་གཞན་རྣམས་ཀྱང་གྲུབ་པ་འདིའི་རྗེས་སུ་འབྲང་བར་བྱའི། གཅིག་གི་སྒྲུབ་བྱེད་མཐོང་ན་གཞན་རྣམས་ལ་སྐུར་བ་གདབ་པར་འགྲོ་བའི་ལོག་རྟོག་གི་རྗེས་སུ་མི་འབྲང་བ་གལ་ཆེའོ། །ལྔ་པ་དེ་ཉིད་མངོན་རྟོགས་བཅུ་བཞིས་རྟོགས་པ་བསྐྱེད་པའི་ཚུལ་ལ་ལྔ་སྟེ། གང་ལ་སྦྱར་བའི་དཀྱིལ་འཁོར་ངོས་གཟུང་། རྒྱུད་ལས་གསུངས་པའི་མངོན་པར་རྟོགས་པ་ལ་ལྔར་ཕྱེ་བ། དེ་ཉིད་རྟེན་གྱི་གང་ཟག་གི་སྒོ་ནས་བཞིར་བསྡུ་བ། རྩ་བཤད་ཀྱི་བསྐྱེད་ཆོག་གི་སྒོ་ནས་བཅུ་བཞིར་དབྱེ་བ། ཁྱད་པར་གྱི་ཆོས་ཞིབ་ཏུ་བཤད་པའོ། །དང་པོ་ནི། སམྦུ་ཊར། རྒྱུད་རང་རྐང་ཚུགས་པའི་ཉམས་ལེན་གྱི་དབང་དུ་བྱས་ན། བསྐྱེད་རིམ་གྱི་གཙོ་བོ་སྔར་བཤད་པ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡིན་ཀྱང་འདིར་བརྟག་གཉིས་ཀྱི་བཤད་པའི་རྒྱུད་དུ་སྦྱར་ཏེ། རྒྱུད་གསུམ་པོ་གཅིག་ཏུ་བསྲེས་ནས་ཐབས་རྒྱུད་ཀྱི་མངོན་པར་རྟོགས་པ་བཅུ་གཅིག་ཏུ་ཕྱེ་བའི་ཚེ་བསྐྱེད་རིམ་གྱི་གཙོ་བོ་རྩ་རྒྱུད་ནས་བཤད་པའི་ཕྱག་བཅུ་དྲུག་པ་དང་། བདག་མེད་མའི་དཀྱིལ་འཁོར་གཉིས་ཡིན་པར་སྔར་བསྒྲུབས་ཟིན་པ་ལྟར་རོ། །དེས་ན་ཕྱག་བཅུ་དྲུག་པ་ལ་བསྐྱེད་ཆོག་དབྲི་སྐྱེད་ཀྱི་སྒོ་ནས་མངོན་པར་རྟོགས་པ་ཚུལ་བཅུ་བཞི་དང་། ཡུམ་ལ་དབྲི་སྐྱེད་མ་གསུངས་པས་ཚུལ་གཅིག་སྦྱར་བར་བྱ་བ་ཡིན་ནོ། །གཉིས་པ་ནི། རྩ་བའི་རྒྱུད་ཀྱི་ཕྱི་མའི་ལྔ་པར་གཞུང་འཁྲུགས་མེད་དུ་བྱས་ནས་སྐད་ཅིག་གིས་བསྐྱེད་པ་དང་། ས་བོན་ལས་བསྐྱེད་པ་གཉིས་གསུངས། དང་པོའི་བརྒྱད་པར་ཡུམ་གྱི་སྐབས་སུ། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ལས་བདེ་ཆེན་པོ། །ཞེས་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་མི་མཉམ་སྦྱོར་དང་། ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས། །ཀཱ་ལིའི་གཟུགས་ཀྱིས་སྣང་བྱེད་དོ། །ཟླ་བ་ཉི་མ་འདུས་པ་ལས། །དཀར་མོ་ལ་སོགས་རབ་ཏུ་གྲགས། །ཞེས་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་དང་། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་རྣམ་པ་འདོད་མི་བྱ། །སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་མཉམ་སྦྱོར་གྱི་མངོན་པར་རྟོགས་པ་སྟེ། གསུམ་གསུངས་པ་མན་ངག་གིས་ཡབ་ལ་སྦྱར་བའི་ཚེ་མངོན་པར་རྟོགས་པ་ལྔར་གསུངས་སོ། །གསུམ་པ་ནི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པས་བསྐྱེད་པའི་རིམ་པ་བསྒོམ་པའི་གང་ཟག་གཅིག་ཉིད་ལ། སློབ་དཔོན་བིརྺ་པའི་བཞེད་པས་བཞིར་འགྱུར་བར་གསུངས་ཏེ། ཉོན་མོངས་པའི་འཆིང་བ་མཐའ་དག་དང་ལྡན་པའི་གང་ཟག་ཐ་མའི་ཐ་མ། ཐ་མ། འབྲིང་། རབ་བོ། །དེ་ཉིད་ལ་སློབ་དཔོན་མཚོ་སྐྱེས་ཀྱིས་ལས་དང་པོ་པ། བདེ་བ་ཅུང་ཟད་སྐྱེས་པ། བདེ་སྟོང་གི་ཉམས་སྐྱེས་པ། བདེ་སྟོང་གི་ཉམས་ཆེར་སྐྱེས་པའི་རྟེན་གྱི་གང་ཟག་སྟེ་བཞིར་བཞེད་དོ། །ཡང་དེ་ཉིད་ལས། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ལས་དང་པོ་པ་དང་། ཅུང་ཟད་ཡེ་ཤེས་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ཡང་དག་པའི་ཡེ་ཤེས་ལ་དབང་བ་ཅེས་གསུངས་ཏེ། གྲུབ་ཆེན་དེ་རྣམས་ཀྱིས་ཐ་སྙད་སོ་སོར་མཛད་པ་ཙམ་ལས་དོན་མི་གཅིག་པ་མེད་དོ། །དེ་ལ་གང་ཟག་དང་པོས་བསྒོམ་པའི་མངོན་པར་རྟོགས་པ་ནི། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་དང་། མཉམ་སྦྱོར་གཉིས་ཏེ། འདི་གཉིས་ནི་བསྐྱེད་ཆོག་ཤིན་ཏུ་རྒྱས་པ་ཡིན་ནོ། །དེ་ལྟར་ཐུན་བཞིར་བསྒོམས་པས་དུ་བ་ལ་སོགས་པའི་རྟགས་ལྔ་པོ་མཉམ་རྗེས་གང་རུང་ལ་མཐོང་བར་འགྱུར་ལ། དེ་མཐོང་ནས་གང་ཟག་དེ་གང་ཟག་གཉིས་པར་ན་འཕོས་པ་ཡིན་ནོ། །གང་ཟག་གཉིས་པས་བསྒོམ་པར་བྱ་བའི་རྣལ་འབྱོར་ནི་ཨཱ་ལི་ཀཱ་ལི་ལ་མི་ལྟོས་པའི་མི་མཉམ་སྦྱོར་ཏེ། སྔར་གྱི་བསྐྱེད་ཆོག་ལས་ཨཱ་ལི་ཀཱ་ལི་ཕྲི་བའོ། །དེ་ལྟར་བསྒོམས་པས་སེམས་ཆེར་བརྟན་ཅིང་། རླུང་སེམས་ཀྱི་འཕྲོ་འདུ་འཕེལ་བའི་སྟོབས་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་དུས་སུ་ལུས་ལ་བདེ་བ་འབར། ཡེ་ཤེས་ཀྱི་ཚོགས་ཀྱི་དུས་སུ་སེམས་ལ་སྟོང་ཤས་ཆེ། དངོས་གཞིའི་སྐབས་སུ་བདེ་སྟོང་ཟུང་དུ་ཆུད། བར་སྐབས་སུ་ལྷའི་སྣང་བ་སྟོང་ཞིང་འགྲོ། རྨི་ལམ་མངོན་ཤེས་དང་འདྲ་བ་འབྱུང་སྟེ། གང་ཟག་དེ་གང་ཟག་གསུམ་པར་ན་འཕོས་པ་ཡིན་ནོ། །གསུམ་པ་དེས་བསྒོམ་པར་བྱ་བའི་རྣལ་འབྱོར་ནི་ས་བོན་ལས་བསྐྱེད་པ་སྟེ། སྔར་གྱི་བསྐྱེད་ཆོག་ལས་མངོན་བྱང་ཡང་ཕྲི་བའོ། །དེ་ལྟར་ཐུན་བཞིར་ཉམས་སུ་བླངས་པས་ལྷའི་སྣང་བ་བས་རྫོགས་རིམ་ཤས་ཆེ། སྐབས་སྐབས་སུ་ལྷའི་རྣམ་པ་མི་གསལ། དགྱེས་པའི་རྡོ་རྗེ་བསྒོམས་ཀྱང་བདེ་མཆོག་ལ་སོགས་པར་སྣང་བ་དུ་མ་འགྱུར་ཞིང་མཐོང་བ་ཡོད། རིགས་དྲུག་གི་གྲོང་ཁྱེར་ལ་སོགས་པ་འཁྲུལ་སྣང་སྣ་ཚོགས་ཀྱང་མཐོང་དཀྱིལ་འཁོར་ཡང་དུ་སོགས་བཞིན་ཡལ་གིན་འགྲོ་བ་འབྱུང་སྟེ། གང་ཟག་དེ་གང་ཟག་བཞི་པར་ན་འཕོས་པ་ཡིན་ནོ། །གང་ཟག་བཞི་པ་དེས་ཉམས་སུ་བླང་བར་བྱ་བའི་རྣལ་འབྱོར་ནི། སྐད་ཅིག་གིས་བསྐྱེད་པ་སྟེ། སྔར་གྱི་བསྐྱེད་ཆོག་ལས་ས་བོན་ཡང་ཕྲི་བའོ། །དེ་ལྟར་ཐུན་བཞིའི་རིམ་པས་བསྒོམ་ཞིང་སེམས་འཛིན་པའི་མན་ངག་ལ་ནན་ཏན་དུ་བྱས་པའི་སྟོབས་ཀྱིས་འཁོར་བ་རིས་དྲུག་དང་། མྱང་འདས་སྤྲུལ་སྐུའི་ཞིང་ཁམས་རྣམས་ཀྱང་ཉམས་ཀྱི་སྣང་བ་ལ་མཐོང་། ཏིང་ངེ་འཛིན་ལ་མཉམ་རྗེས་མེད། ལུས་སེམས་ལ་བདེ་སྟོང་བརྟན་པར་ཟུང་དུ་ཆུད་དེ། དེ་ཙམ་ན་མཁའ་འགྲོ་མའི་བར་ཆད་ཀྱི་རྩོལ་བ་མང་དུ་བྱུང་ན་བརྡ་བསྟན་པས་བཟློག གལ་ཏེ་བརྡ་ཤེས་ཤིང་མཁའ་འགྲོ་མཚན་ལྡན་གྱིས་རང་གཟུགས་སྟོན་ན། དེ་དང་སྙོམས་པར་ཞུགས་པས་སྐད་ཅིག་ལ་བདེན་པ་མཐོང་བར་འགྱུར་རོ། །དེ་ལྟར་བསྒོམས་པས་གོམས་པའི་སྟོབས་ཀྱིས་སྐད་ཅིག་ཙམ་ལ། ལྷའི་འཁོར་ལོ་ཡོངས་སུ་རྫོགས་པར་བསྒོམ་ནུས་པ་འབྱུང་བས། དེའི་ཚེ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་སོགས་བསྒོམ་མི་དགོས་ཏེ་རང་གི་ངང་གིས་ཆོ་ག་མི་དམིགས་པར་འགྱུར་བའི་ཕྱིར་དང་། སྣང་བ་ལྷའི་འཁོར་ལོར་ཤར་བས་བསྐྱེད་ཆོག་རྣམས་བསྒོམ་རྒྱུ་མེད་པར་འགྲོ་བའི་ཕྱིར་རོ། །དེའི་སྐད་ཅིག་ལ་ལུས་རྩའི་དཀྱིལ་འཁོར་མངོན་དུ་འགྱུར་རོ། །ལུས་ཀྱི་རྩ་རྣམས་ལྷར་མཐོང་། ལུས་ཀྱི་དཀྱིལ་འཁོར་ལ་ཡང་ཡང་དུ་བརྟག་ཅིང་བསྒོམས་པས་སྔོན་བླ་མས་བསྟན་པའི་ལུས་དཀྱིལ་གྱི་དོན་མངོན་དུ་འགྱུར། དངོས་གྲུབ་ཐོབ་ཅེས་མིང་ཐོབ་བོ། །འདི་དག་ནི་སློབ་དཔོན་ཐམས་ཅད་མཐུན་པའི་རྟོགས་པའི་རིམ་པའི་དབང་དུ་བྱས་པ་ཡིན་ལ། རྣལ་འབྱོར་དབང་ཕྱུག་གི་བཞེད་པས་བློ་གྲོས་ཀྱི་རིམ་པའི་དབང་དུ་བྱས་ན། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ཐོབ་པའི་གང་ཟག་བློ་གྲོས་རབ་ཀྱི་དབང་དུ་བྱས་ནས་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་དང་། མཉམ་སྦྱོར་གཉིས། འབྲིང་གི་དབང་དུ་བྱས་ནས་ཨཱ་ལི་ཀཱ་ལི་སྤངས་པའི་མི་མཉམ་སྦྱོར། ཐ་ལྟག་གི་དབང་དུ་བྱས་ནས་ས་བོན་ལས་བསྐྱེད་པ། ཐ་མའི་དབང་དུ་བྱས་ནས་སྐད་ཅིག་གིས་བསྐྱེད་པ་ཡང་གསུངས་ཏེ། འདི་ནི་གང་ཟག་རྒྱུད་ཐ་དད་པ་བཞིའི་དབང་དུ་བྱས་པ་ཡིན་ལ། ཕྱི་མ་གསུམ་གྱི་བསྒོམ་བྱ་ཡང་བློ་གྲོས་རབ་གྱི་བསྒོམ་བྱ་ལ་མ་སླེབ་ཀྱི་བར་དུ་བློ་སྦྱོང་བ་ཡིན་པས། རབ་ཀྱི་བསྒོམ་བྱར་སླེབ་ནས་རྟོགས་པའི་རིམ་པ་སྔར་ལྟར་འབྱུང་བ་ནི་གནད་ཀྱི་དོན་ནོ། །བཞི་པ་ནི་ས་བོན་དང་སྐད་ཅིག་གིས་བསྐྱེད་པ་ལ་ནི་དབྱེ་བ་མེད་ལ། མངོན་བྱང་གི་མངོན་པར་རྟོགས་པ་གསུམ་པོ་རེ་རེ་ལ་ཡང་རྩ་རྒྱུད་ཀྱི་བསྐྱེད་ཆོག་སྦྱར་ནས་གཙོ་འཁོར་ཐམས་ཅད་མངོན་བྱང་ལས་བསྐྱེད་པ་ཡན་ལག་བཞི་པའི་ཕྱོགས་དང་། བཤད་རྒྱུད་ཀྱི་བསྐྱེད་ཆོག་སྦྱར་ནས། རྒྱུ་རྡོ་རྗེ་འཆང་ཁོ་ན་མངོན་བྱང་ལས་བསྐྱེད་པ་ཡན་ལག་དྲུག་པའི་ཕྱོགས་གཉིས་གཉིས་སུ་ཕྱེ་བས་དྲུག ཡན་ལག་བཞི་པའི་ཕྱོགས་རྣམས་ལ་འཁོར་གྱི་ལྷ་མོ་ཐིག་ལེ་འགྲོས་དང་། ས་བོན་འགྲོས་གཉིས་གཉིས། དྲུག་པའི་ཕྱོགས་རྣམས་ལ་འཁོར་གྱི་ལྷ་མོ་ས་བོན་འགྲོས་དང་། ལྷ་མོ་འགྲོས་གཉིས་གཉིས་ཏེ། སྔར་གྱི་སྐད་ཅིག་གིས་བསྐྱེད་པ་དང་། ས་བོན་ལས་བསྐྱེད་པ་གཉིས་བསྣན་པས་བཅུ་བཞིའོ། །ལྔ་པ་ལ་དྲུག་སྟེ། འཆིང་བྱེད་ཡན་ལག་གི་ཁྱད་པར། གཞལ་ཡས་ཁང་བསྐྱེད་ཆོག་གི་ཁྱད་པར། རྒྱུ་རྡོ་རྗེ་འཆང་བསྐྱེད་ཚུལ་གྱི་ཁྱད་པར། འཁོར་གྱི་ལྷ་མོ་སྤྲོ་ཚུལ་གྱི་ཁྱད་པར། འབྲས་བུ་རྡོ་རྗེ་འཆང་གི་བསྐྱེད་ཆོག་གྱི་ཁྱད་པར། སློབ་དཔོན་གཞན་གྱི་ལུགས་ལས་ཁྱད་པར་དུ་འཕགས་པའི་ཚུལ་ལོ། །དང་པོ་ནི་སྐད་ཅིག་གིས་བསྐྱེད་པ་དང་། ས་བོན་ལས་བསྐྱེད་པ་གཉིས་ནི་ཡན་ལག་བཞིས་འཆིང་སྟེ། འདིའི་བསྐྱེད་ཆོག་རྩ་བའི་རྒྱུད་ཉིད་ལས་བཤད་པས་འཆིང་བྱེད་ཀྱང་རྩ་རྒྱུད་ནས་གསུངས་པ་དགོས་ལ། རྩ་རྒྱུད་ལས། ཡང་ནི་སྟོང་པ་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་གསུངས་པ་འདི་གསང་བ་འདུས་པའི་རྒྱུད་དཔང་པོར་བྱས་ནས་བསྙེན་སྒྲུབ་ཡན་ལག་བཞི་ལ་སྦྱར་བ་མན་ངག་གི་ལུགས་ཡིན་པའི་ཕྱིར་རོ། །མངོན་བྱང་གི་ཡན་ལག་བཞི་པའི་ཕྱོགས་དྲུག་ཀྱང་བསྙེན་སྒྲུབ་ཡན་ལག་བཞིས་འཆིང་བའི་སྒྲུབ་བྱེད་ཀྱང་འདི་ཁོ་ནའོ། །རྒྱུ་རྡོ་རྗེའི་འཆང་ཁོ་ན་ལ་མངོན་བྱང་ཡོད་པའི་ཕྱོགས་དྲུག་ནི་ཡན་ལག་དྲུག་གིས་འཆིང་དགོས་ཏེ། འདིའི་བསྐྱེད་ཆོག་གུར་ལས་གསུངས་ལ། གུར་ལས་གསུངས་པའི་བསྐྱེད་ཆོག་ལ་གུར་ཉིད་ལས་གསུངས་པའི་འཆིང་བྱེད་སྦྱར་དགོས་པས་སོ་སྙམ་དུ་དགོངས་སོ། །གཉིས་པ་ནི། ཕྱི་མའི་ལྔ་པར་གསུངས་པའི་བསྐྱེད་ཆོག་གཉིས་ལ་གཞལ་ཡས་ཁང་སྐད་ཅིག་གིས་བསྐྱེད་པར་རྗེ་བཙུན་གྱིས་གསུངས་ཏེ། ལེའུ་དེ་ཉིད་ལས། གཞལ་ཡས་ཁང་སྟོན་བྱེད་ཚིགས་བཅད་གཅིག་གསུངས་པ་ལ་བསྐྱེད་ཆོག་གཞན་མེད་པར་རྣམ་པ་ཙམ་ཞིག་གསུངས་པས་སོ་སྙམ་དུ་དགོངས་སོ། །མངོན་བྱང་གི་ཡན་ལག་བཞི་པའི་ཕྱོགས་རྣམས་ལ། འབྱུང་བཞི་ས་ནས་རིམ་པ་བཞིན་དུ་བསྐྱེད་པའི་ལུགས་བཟློག་ལ་རང་སེམས་འདྲེས་པ་ཙམ་ལས་བསྐྱེད་དགོས་ཏེ། རྩ་རྒྱུད་དང་པོའི་བརྒྱད་པར། འཁོར་ལོ་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཞེས་པའི་ཚིག་རྐང་པ་གཉིས་ལ་ཚིགས་བཅད་འོག་མས་བསྡུས་དོན་མན་ངག་གི་བཤད་པ་བྱེད་པའི་ཚེ། འཁོར་ལོ་ས་དང་། སྔོན་ནི་ཆུ། ཇི་ལྟར་རིགས་པ་མེ། ལྷ་རྣམས་རླུང་། ཇི་ལྟར་འབྱུང་བ་རང་སེམས་ལ་སྦྱར་བ་མཚོ་སྐྱེས་ལུགས་དང་ཚུལ་མཚུངས་པར་མཛད་པའི་ཕྱིར་རོ། །ཡན་ལག་དྲུག་པའི་ཕྱོགས་རྣམས་ལ་ནི་རླུང་ནས་རིམ་པ་བཞིན་དུ་བསྒོམས་པའི་འབྱུང་བཞི་ལུགས་འབྱུང་དང་། དེའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་དང་། དེ་རྣམས་ལ་བར་དོའི་མཚོན་བྱེད་ཡིག་འབྲུ་ལྔ་འདྲེས་པ་ལས། གཞལ་ཡས་ཁང་བསྐྱེད་དགོས་ཏེ། བསྐྱེད་ཆོག་འདི་གུར་ལས་གསལ་བར་གསུངས་པ་ཡན་ལག་དྲུག་པའི་ཕྱོགས་ལ་སྦྱར་བ་མི་ཐུབ་ཟླ་བ་དང་ཚུལ་མཚུངས་པར་མཛད་པའི་ཕྱིར་རོ། །དེའི་ཚེ་རྩ་རྒྱུད་ཀྱི་ཚིག་གོང་འོག་རྣམས་ལ་ཡན་ལག་གི་དོན་གྱི་བཤད་པ་བྱེད་དགོས་པ་ནི་གནད་ཀྱི་དོན་ནོ། །གསུམ་པ་ནི། སྐད་ཅིག་གིས་བསྐྱེད་པ་དང་། ས་བོན་ལས་བསྐྱེད་པ་གཉིས་ཀྱི་རྒྱུ་རྡོ་རྗེ་འཆང་ནི་ནག་པོ་ཁོ་ན་སྟེ། འདིའི་བསྐྱེད་ཆོག་རྩ་རྒྱུད་ཕྱི་མའི་ལྔ་པ་ལ་བརྟེན་པ་ཡིན་ལ། དེར་རྒྱུ་རྡོ་རྗེ་འཆང་ནག་པོ་ཁོ་ནར་གསུངས་པའི་ཕྱིར། ཡན་ལག་བཞི་པའི་ཕྱོགས་ཀྱི་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་གཉིས། མི་ལྟོས་པའི་མི་མཉམ་སྦྱོར་གཉིས་ཏེ་བཞི་པོའི་རྒྱུ་རྡོ་རྗེ་འཆང་ཡང་ནག་པོ་སྟེ། གཙོ་འཁོར་ཐམས་ཅད་མི་མཉམ་སྦྱོར་གྱི་མངོན་བྱང་ལས་བསྐྱེད་པ་ཡིན་པས་དེའི་ཚེ་རྒྱུ་རྡོ་རྗེ་འཆང་ནག་པོ་ལས་གཞན་མི་སྲིད་པའི་ཕྱིར། ཡན་ལག་དྲུག་པའི་ཕྱོགས་ཀྱི་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་གཉིས། མ་ལྟོས་པའི་མི་མཉམ་སྦྱོར་གཉིས་ཏེ་བཞི་པོའི་རྒྱུ་རྡོ་རྗེ་འཆང་ནི་དཀར་པོ་སྟེ། འདི་གུར་ནས་བཤད་པའི་མངོན་རྟོགས་ཀྱིས་འཆིང་དགོས་པས་དེ་ལ་རྒྱུ་རྡོ་རྗེ་འཆང་དཀར་པོ་ལས་གཞན་མ་གསུངས་པའི་ཕྱིར་རོ། །མཉམ་སྦྱོར་གྱི་ཡན་ལག་བཞི་པའི་ཕྱོགས་གཉིས་དང་། དྲུག་པའི་ཕྱོགས་གཉིས་ཏེ་བཞི་པོའི་རྒྱུ་རྡོ་རྗེ་འཆང་ནི་དཀར་པོ་ཁོ་ན་སྟེ། མཉམ་སྦྱོར་ལས་བསྐྱེད་པའི་ལྷའི་གཙོ་བོ་ནི་དཀར་པོ་ཁོ་ནར་གསུངས་པའི་ཕྱིར་རོ། །ཁ་ཅིག་འདི་ལ་བསམས་ནས་མཉམ་སྦྱོར་ལས་རྒྱུ་རྡོ་རྗེ་འཆང་བསྐྱེད་པའི་ཚེ་ཡུམ་སྐད་ཅིག་གིས་བསྐྱེད་དགོས་སོ་ཞེས་སྨྲ་བ་ནི་མི་འཐད་དེ། དེ་ལྟར་ན་རྩ་ཞལ་མ་གཏོགས་པའི་ཞལ་རྣམས་ཀྱང་སྐད་ཅིག་གིས་བསྐྱེད་དགོས་པར་ཐལ་བའི་ཕྱིར་རོ། །བཞི་པ་ནི་ཡུམ་གྱི་མཁར་ཐིག་ལེ་བརྒྱད་དུ་གྱུར་པའི་བར་ནི་ཐམས་ཅད་འདྲ་ལ་སྐད་ཅིག་གིས་བསྐྱེད་པ་ལ་ནི་དེ་རྣམས་ལྷ་མོ་བརྒྱད་དུ་གྱུར་ནས། ཡུམ་གྱི་མཁའ་ནས་ཕྱིར་སྤྲོས་ཏེ། ཤར་དུ་གཽ་རཱི་ཞེས་སོགས་དང་། ས་བོན་ལས་བསྐྱེད་པ་ལ་ནི་ཡན་ལག་དྲུག་པ་ལྟར་རོ། །མངོན་བྱང་ལས་བསྐྱེད་པ་ལ་ཡན་ལག་བཞི་པའི་ཕྱོགས་རྣམས་ལ་ནི་ཡུམ་གྱི་མཁར་ཐིག་ལེ་བརྒྱད་དུ་གྱུར། དེ་རྣམས་ཕྱོགས་མཚམས་ཀྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་སྤྲོས་པས་ས་བོན་བརྒྱད་ལས་ཕྱག་མཚན་བརྒྱད་ས་བོན་གྱིས་མཚན་པ། དེ་རྣམས་རོ་གཅིག་ཏུ་འདྲེས་པ་ལས་བསྐྱེད་པའམ། ཡུམ་གྱི་མཁར་ས་བོན་བརྒྱད་དུ་གྱུར་པ་ཕྱོགས་མཚམས་ཀྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་སྤྲོས་པ་ཕྱག་མཚན་ལ་ས་བོན་གྱིས་མཚན་པ་དེ་རྣམས་རོ་གཅིག་ཏུ་འདྲེས་པ་ལས་བསྐྱེད་པ་གང་རུང་ངོ་། །ཡན་ལག་དྲུག་པའི་ཕྱོགས་རྣམས་ལ་ཡུམ་གྱི་མཁར་ཐིག་ལེ་བརྒྱད་དུ་གྱུར། དེ་རྣམས་གྃ་ཙྃ་ལ་སོགས་པའི་ས་བོན་བརྒྱད་དུ་གྱུར། དེ་རྣམས་ལྷ་མོ་བརྒྱད་དུ་གྱུར་ནས་སོ་སོའི་གདན་གྱི་སྟེང་དུ་སྤྲོ་བའམ། ས་བོན་བརྒྱད་སོ་སོའི་གདན་གྱི་སྟེང་དུ་སྤྲོས་ནས། ཤར་དུ་གྃ་ལས་གཽ་རཱི་ཞེས་སོགས་ཀྱིས་བསྐྱེད་པ་གང་རུང་ངོ་། །ལྔ་པ་ནི། སྐད་ཅིག་གིས་བསྐྱེད་པའི་ཕྱོགས་ལ་སླར་ཡང་ཡབ་ཡུམ་སྙོམས་པར་ཞུགས་པས་ཡབ་ཡུམ་གྱི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐུལ་ཏེ། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཐམས་ཅད་འོད་དུ་ཞུ་ནས་བདུད་བཞིའི་སྟེང་དུ། བདེ་བ་ཆེན་པོའི་ངོ་བོ་ཐིག་ལེ་སྔོ་སྐྱ་གཅིག་ཏུ་གྱུར་པར་བསམས་ལ་ང་རྒྱལ་འཛིན་པའི་སྔགས་བརྗོད་མི་དགོས། ས་བོན་ལས་བསྐྱེད་པ་དང་། མངོན་བྱང་གི་ཡན་ལག་བཞི་པའི་ཕྱོགས་རྣམས་ལ་ཞུ་བ་འདི་དང་འདྲའོ། །གླུས་བསྐུལ་བ་ནི་ཐམས་ཅད་ལ་འདྲ་ལ། དེ་ནས་སྐད་ཅིག་གིས་བསྐྱེད་པ་ལ་ནི་ཐེག་ལེ་དེ་སྐད་ཅིག་གིས་འབྲས་བུ་རྡོ་རྗེ་འཛིན་པར་བསྐྱེད། ས་བོན་ལས་བསྐྱེད་པ་ལ་ནི་འོག་ཡན་ལག་དྲུག་པ་ལྟར་རོ། །མངོན་བྱང་གི་གཙོ་བོ་མཉམ་སྦྱོར། འཁོར་མི་མཉམ་སྦྱོར་ལས་བསྐྱེད་པ་དང་། གཙོ་འཁོར་ཐམས་ཅད་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་ལས་བསྐྱེད་པ་རྣམས་ལ་ཐིག་ལེ་དེ་ཆ་གསུམ་དུ་ཆད་པ་ལས་འོག་གི་ཐིག་ལེ་ཨཱ་ལི་ལས་ཟླ་བ། སྟེང་གི་ཐིག་ལེ་ཀཱ་ལི་ལས་ཉི་མ། བར་གྱི་ཐིག་ལེ་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་རོ་གཅིག་ཏུ་འདྲེས་པ་ལས་འབྲས་བུ་རྡོ་རྗེ་འཛིན་པར་བསྐྱེད་དོ། །གཙོ་འཁོར་ཐམས་ཅད་ཨཱ་ལི་ཀཱ་ལི་སྤངས་པའི་མི་མཉམ་སྦྱོར་ལས་བསྐྱེད་པའི་ཕྱོགས་ལ་ཐིག་ལེ་དེ་ཆ་གསུམ་དུ་ཆད་པ་ལས་འོག་གི་ཐིག་ལེ་ཟླ་བ། སྟེང་གི་ཐིག་ལེ་ཉི་མ། བར་གྱི་ཐིག་ལེ་མན་ཆད་སྔར་དང་འདྲའོ། །ཡན་ལག་དྲུག་པའི་ཕྱོགས་རྣམས་ལ། རྒྱུ་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པས། ནམ་མཁའ་ནས་བར་དོ་མཚོན་བྱེད་ཡིག་འབྲུ་ལྔ་ཞལ་དུ་ཞུགས། མཁར་སླེབ་པའི་རྐྱེན་གྱིས་བདུད་བཞིའི་སྟེང་དུ་བདེ་བ་ཆེན་པོའི་ངོ་བོ། རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ཐིག་ལེར་གྱུར་པར་བསམས་ལ་ང་རྒྱལ་འཛིན་པའི་སྔགས་བརྗོད། དེ་ནས་གླུས་བསྐུལ། རྗེས་ཐིག་ལེ་ཧཱུྃ་ཨྃ་སྔོན་པོ་འོད་འབར་ཞིང་འཇིགས་པར་གྱུར། དེ་འོད་དུ་ཞུ་བ་ལས་འབྲས་བུ་རྡོ་རྗེ་འཛིན་པར་བསྐྱེད་དོ། །དྲུག་པ་ནི། སློབ་དཔོན་མི་ཐུབ་ཟླ་བས། དང་པོའི་བརྒྱད་པར་གསུངས་པའི་མི་མཉམ་སྦྱོར་དང་། ཕྱི་མའི་ལྔ་པར་གཞུང་འཁྲུགས་སུ་བསྡེབས་ནས་མངོན་པར་རྟོགས་པ་ཡན་ལག་དྲུག་པ་གཅིག་ཏུ་བྱེད་པས་སྐད་ཅིག་གིས་བསྐྱེད་པ་དང་། ས་བོན་ལས་བསྐྱེད་པ་དང་། མངོན་བྱང་གི་ཡན་ལག་བཞི་པའི་ཕྱོགས་རྣམས་མི་འབྱུང་ལ། མཉམ་སྦྱོར་ནི་རྒྱུ་རྡོ་རྗེ་འཆང་གི་སྒྲུབ་ཐབས་ལོགས་སུ་སྟོན་པས་འདིར་མི་སྦྱོར་རོ། །སློབ་དཔོན་མཚོ་སྐྱེས་ཀྱིས་དང་པོའི་བརྒྱད་པར་གསུངས་པའི་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་དང་། ཨཱ་ལི་ཀཱ་ལི་སྤངས་པའི་མི་མཉམ་སྦྱོར་གཉིས་དང་། ཕྱི་མའི་ལྔ་པར་གསུངས་པའི་ས་བོན་ལས་བསྐྱེད་པ་དང་། སྐད་ཅིག་གིས་བསྐྱེད་པ་གཉིས་ཏེ། བཞི་པོ་གང་ཟག་བཞིའི་རྟོགས་པའི་རིམ་པས་བསྐྱེད་ཆོག་ཆ་དབྲི་བའི་མངོན་པར་རྟོགས་པ་ཚུལ་བཞིར་མཛད་དོ། །འདི་ལ་ཁ་ཅིག་མངོན་པར་རྟོགས་པ་ཚུལ་བདུན་ཞེས་དང་། གཞན་དག བཞི་གསུམ་བཅུ་གཉིས་བླ་མ་བཞེད། །ཅེས་པ་ལ་བརྟེན་ནས་ཚུལ་བཅུ་གཉིས་ཞེས་པ་ནི་ཕྱོགས་སུ་ཡང་མ་ཕྱིན་ཏེ། དེ་ལྟར་ན་བིརྺ་པའི་ལུགས་ལ་ཡང་བཞི་བཅུ་ཞེ་གཉིས་སུ་ཐལ་བའི་ཕྱིར་རོ། །ལུགས་འདིས་མཉམ་སྦྱོར་ནི་བདག་མེད་མ་དང་འབྲེལ་པར་འཆད་ཅིང་། ཡན་ལག་དྲུག་པའི་ཕྱོགས་རྣམས་ནི་མི་བཞེད་ལ། གཉིས་ཆར་གྱིས་ཀྱང་འཁོར་གྱི་ལྷ་མོ་སྤྲོ་ཚུལ་གཉིས་གཉིས་མི་བཞེད་པས་མངོན་པར་རྟོགས་པ་ཇི་སྐད་བཤད་པར་གྲངས་ངེས་པའོ། །དེས་ན་བིརྺ་པའི་མན་ངག་ལུགས་འདི་ལ་གྲུབ་ཆེན་མཚོ་སྐྱེས་དང་ཆ་མཚུངས་པའི་མངོན་རྟོགས་བཞིའི་དང་པོ་གཉིས་ལ། འཁོར་གྱི་ལྷ་མོ་སྤྲོ་ཚུལ་གཉིས་གཉིས་སུ་ཕྱེ་བས་བཞི། མཉམ་སྦྱོར་གྱི་ཡན་ལག་བཞི་པའི་ཕྱོགས་ལ་ལྷ་མོ་སྤྲོ་ཚུལ་གཉིས་སུ་ཕྱེ་བས་དྲུག མངོན་བྱང་གསུམ་པོ་རེ་རེ་ལ་ཡན་ལག་དྲུག་པའི་ཕྱོགས་རེ་རེ། དེ་རེ་རེ་ལ་ཡང་འཁོར་སྤྲོ་ཚུལ་གཉིས་གཉིས་སུ་ཕྱེ་བས་བཅུ་བཞིར་འགྱུར་བ་འདི་ནི་རྒྱུད་ཀྱི་སྟེང་དུ་མན་ངག་གི་བཤད་ཚུལ་མཚུངས་པ་མེད་པ་སྟེ། ཐོས་པ་ཙམ་ཡང་དོན་ཡོད་དུ་བྱས་པའོ། །འོ་ན་རྗེ་བཙུན་གྱིས་མངོན་པར་རྟོགས་པ་བཅུ་བཞིའམ་བཅོ་ལྔར་སྣང་མོད་ཀྱི། རྒྱུད་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །ཞེས་གསུངས་པའི་བཅོ་ལྔ་པ་གང་སྙམ་ན་འདི་ལ་སྨིན་བྱེད་དབང་གི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་གཉིས་གསུངས་པ་དང་། ལྟ་བའི་སྒོ་ནས་ཕྱི་ནས་དེ་ཉིད་ཡང་དག་བཤད། །ཅེས་པ་ཡུམ་གྱི་སྐབས་སུ་གསུངས་པ་དང་། གྲོལ་ལམ་བསྐྱེད་རིམ་ལ་ཡབ་ཡུམ་གཉིས་གཙོ་བོར་གསུངས་པ་དང་། རྫོགས་རིམ་ལ་རང་བྱིན་རླབས་དང་། དཀྱིལ་འཁོར་འཁོར་ལོར་ལམ་འབྲས་ནས་བཤད་པ་ཕལ་ཆེར་ཡུམ་གྱི་སྐབས་སུ་གསུངས་པ་དང་། སྤྱོད་པའི་སྐབས་སུ་བུད་མེད་དང་སྐྱེས་པའི་རྟེན་ཅན་གཉིས་ཀས་སྤྱོད་པ་བྱེད་ཚུལ་གསུངས་པ་དང་། ཉེ་རྒྱུའི་སྐབས་སུ་བུད་མེད་ཡུམ་གྱི་རྣལ་འབྱོར་དང་ལྡན་པས་ས་བཅུ་པ་ཐོབ་པའི་ཚེ། ཉེ་རྒྱུ་བྱེད་ཚུལ་ལ་དོགས་གཅོད་གསུངས་པ་དང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པར་བཞུགས་པ་སྟེ། རྒྱུ་དང་། ལམ་དང་། འབྲས་བུའི་གནས་སྐབས་ཀུན་ལ་སྦྱར་ནས་ངོས་འཛིན་དགོས་པར་སྣང་སྟེ་ངག་ལས་ཤེས་སོ། །དྲུག་པ་རྣལ་འབྱོར་རྣམ་བཅུས་ཉམས་སུ་ལེན་པའི་ཐབས་ནི། འོ་ན་མངོན་པར་རྟོགས་པ་བཅུ་བཞིའམ་བཅོ་ལྔ་པོ་གང་ཟག་གཅིག་གིས་ཉིན་ཞག་ཕྲུགས་གཅིག་ལ་ཇི་ལྟར་ཉམས་སུ་ལེན་སྙམ་ན། དེ་ལ་ཀྱེ་ཡི་རྡོ་རྗེ་ཡི། །རྣལ་འབྱོར་རྣམ་པ་གཉིས་ཡིན་ཏེ། །མཉམ་པར་གཞག་པའི་རྣལ་འབྱོར་དང་། །མཉམ་པར་མ་གཞག་རྣལ་འབྱོར་རོ། །མཉམ་གཞག་བསྐྱེད་རྫོགས་གཉིས་ཡིན་ཏེ། །མ་གཞག་ཉལ་དང་ལྡང་དང་ཁྲུས། །མཆོད་གཏོར་བཟླས་དང་ཁ་ཟས་དང་། །སྤྱོད་ལམ་རྗེས་ཆགས་རྣལ་འབྱོར་བརྒྱད། །ཞེས་པ་ལྟར་རྣལ་འབྱོར་བཅུས་ཉམས་སུ་བླང་བར་བྱ་བ་ཡིན་པ་ལས་ཉམས་སུ་ལེན་པའི་གོ་རིམ་ནི་ཉལ་པ་དང་། ལྡང་བ་དང་། ཁྲུས་དང་། མཆོད་གཏོར་གྱི་རྣལ་འབྱོར་སྔོན་དུ་བཏང་ནས་མཉམ་གཞག་བསྐྱེད་རྫོགས་གཉིས་བསྒོམ། དེ་ནས་བཟླས་པའི་རྣལ་འབྱོར་སོགས་བཞི་ཉམས་སུ་ལེན་པའོ། །དེ་དག་ཀྱང་རིམ་པ་ལྟར་བཤད་ན། དང་པོ་ཉལ་བའི་རྣལ་འབྱོར་ལ་གཉིས་ཏེ། རང་བཞིན་ལྷན་སྐྱེས་སྟོང་པའི་ངང་ལ་ཉལ་བ་དང་། ཞུ་བདེ་ལྷན་སྐྱེས་བདེ་བའི་ངང་ལ་ཉལ་བའོ། །དང་པོ་ནི། མདང་ནུབ་མོ་སྲོད་ཐུན་གྱི་རྗེས་ལ་ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་ལ་བསྡུ། དེ་དུར་ཁྲོད་བརྒྱད་ལ། དེ་གཞལ་ཡས་ཁང་ལ། དེ་ལྷ་མོ་བརྒྱད་ལ། དེ་ཞལ་བརྒྱད་ལ། ཡུམ་ཡང་ཡབ་ལ། ཡབ་ཀྱི་ཞལ་ཕྱག་ལྷག་མ་རྣམས་རྩ་བའི་ཞལ་ཕྱག་ལ། དེ་ཡང་སྙིང་གའི་ཧཱུྃ་ལ། ཧཱུྃ་གི་ཞབས་ཀྱུ་ཁོག་པ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་ཡང་མི་དམིགས་ཏེ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ལོ། །གཉིས་པ་ནི་ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་ལ་བསྡུ། སྲུང་འཁོར་མི་བསྡུ་བར་ཞག དེ་ནས་དུར་ཁྲོད་བརྒྱད་ནས་ལྷ་མོ་བརྒྱད་ཞལ་བརྒྱད་ལ་བསྡུ་བའི་བར་སྔ་མ་ལྟར་བྱས་ལ། དེ་ནས་ཡབ་ཡུམ་གཉིས་སྙོམས་འཇུག་བྱས་པས། རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐུལ་བས་གཏུམ་མོ་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་བདེ་བ་ཆེན་པོའི་ངོ་བོ་ཐིག་ལེར་འགྱུར་པའི་ངང་ལ་ཉལ་ལོ། །དེ་ཡང་བདེ་ཤས་ཆེ་ན་རང་བཞིན་ལྷན་སྐྱེས་སྟོང་པའི་ངང་ལ་ཉལ་བས་ཟུང་འཇུག་ཏུ་འགྱུར། སྟོང་ཤས་ཆེ་ན་ཞུ་བདེ་ལྷན་སྐྱེས་ཀྱི་ངང་ལ་ཉལ་བས་ཟུང་འཇུག་ཏུ་འགྱུར་རོ། །དེ་ལྟར་ཉལ་བའི་རྣལ་འབྱོར་ལ་དགོས་པ་གཉིས་ཏེ། ཐ་མལ་གྱི་གཉིད་ཀྱིས་མི་བརྫི་བ་དང་། ཆོས་སྐུའི་ངོ་བོ་ལྷན་སྐྱེས་ངོ་འཕྲོད་པའོ། །གཉིས་པ་ལྡང་བའི་རྣལ་འབྱོར་ལ་ཡང་གཉིས་ལས། ཉལ་ལུགས་དང་པོ་ལྟར་ན། ལྡང་བའི་ཚེ་ཆུ་ལས་ཉ་འཕར་གྱི་ཚུལ་དུ་ཀྱེ་རྡོ་རྗེའི་སྐུར་ལངས་ནས་སྣང་བའི་དངོས་པོ་ལྷར་བསྒོམས་པའོ། །ཉལ་ལུགས་གཉིས་པ་ལྟར་ན་རང་བཞིན་གྱི་གནས་ནས་འོངས་པའི་མཚམས་ཀྱི་ལྷ་མོ་བཞིས། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །ཅེས་སོགས་ཀྱིས་བསྐུལ་བར་བསམས་ནས་སྲོད་ཐུན་ཡན་ལག་དྲུག་པ་ཡིན་ན། ཐིག་ལེ་ཧཱུྃ་ཨྃ་སྔོན་པོ་འོད་འབར་ཞིང་འཇིགས་པར་གྱུར། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས། ཡན་ལག་བཞི་པ་ཡིན་ན་ཐིག་ལེ་དེ་ཐིག་ལེ་ཆ་གསུམ་དུ་གྱུར་ནས་མི་མཉམ་སྦྱོར་གྱི་མངོན་བྱང་ལས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་ཏེ། སྣོད་བཅུད་ལྷའི་འཁོར་ལོར་བལྟའོ། །ལྡང་ལུགས་གཉིས་ཀ་ལ་ཡང་དེ་ནས་རྡོ་རྗེའི་གླུ་དང་། བཀྲ་ཤིས་ཀྱི་ཚིགས་བཅད་དང་། བསྔོ་བ་སྨོན་ལམ་དང་། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་བྱ་སྟེ་དེས་སྲོད་ཐུན་རྫོགས་སོ། །ལྡང་བའི་རྣལ་འབྱོར་ལ་ཡང་དགོས་པ་གསུམ་སྟེ། ཐ་མལ་གྱི་རྣམ་རྟོག་བཟློག་པ་དང་། བར་ཆད་ཀྱི་བགེགས་བཟློག་པ་དང་། ལྷས་ལྷ་ལ་མཆོད་པ་བྱས་པས་ཚོགས་མྱུར་དུ་རྫོགས་པའོ། །གསུམ་པ་ཁྲུས་ཀྱི་རྣལ་འབྱོར་ནི། དེ་ནས་བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ། མི་འགྲོ་ན་མ་བྱས་ཀྱང་བཏུབ། སྐབས་འདིའམ་གནས་སྐབས་གཞན་དུའང་རུང་སྟེ་ཁྲུས་བྱེད་པའི་ཚེ་རང་གི་སྙིང་ག་ནས་གདན་གསུམ་ཚང་བའི་དབང་ལྷ་ནམ་མཁར་སྤྱན་དྲངས་ནས། དེ་ལ་མཆོད་པ། བསྟོད་པ། གསོལ་བ་གདབ་པའི་བར་བྱས་ལ། དངོས་སུ་ཁྲུས་བྱ་ཞིང་། སེམས་ཀྱིས་རིགས་ལྔས་བུམ་པ་བདུད་རྩིས་གང་བ་ཐོགས་ནས། འོག་དབང་གི་སྐབས་ལྟར་དབང་བསྐུར་བར་བསམ། ཡན་ལག་བསྲེ་བ་དང་། རིགས་བདག་གིས་རྒྱས་གདབ་ནི་མི་དགོས་ཅེས་རྗེ་བཙུན་རྩེ་མོས་གསུངས་ལ། རྗེ་བཙུན་གྱིས་བདག་མེད་མའི་སྒྲུབ་ཐབས་སུ་རིགས་བདག་གིས་རྒྱས་གདབ་པ་ཡང་གསུངས་ཏེ། སྔ་མ་ནི་ཁྲུས་ལམ་དུ་བསྒྱུར་བ་ཙམ་ཡིན་གྱི། ཡན་ལག་བཞི་རྫོགས་ཀྱི་སྐབས་མ་ཡིན་པས་མ་བྱས་ཀྱང་ཆོག་པ་བསྡུས་པའི་ལུགས་དང་། ཕྱི་མ་ནི་དེ་ལྟར་བྱས་ན་ཆུ་ལྷག་མ་ལ་རིགས་བདག་ཏུ་འགྱུར་བ་རྒྱས་པའི་ལུགས་སོ། །ཡང་ན་ཡབ་ཡུམ་གྱི་ཁྱད་པར་ཡང་ཡིན་ནམ་སྙམ་མོ། །དགོས་པ་ཡང་གཉིས་ཏེ་ཉིན་ཞག་གཅིག་གི་རྩ་བ་དང་ཡན་ལག་གི་ལྟུང་བའི་ཉེས་པ་ཕྲ་མོ་འདག་པ་དང་། བསམ་གཏན་གྱི་གྲོགས་སུ་འགྲོ་བའི་དགོས་པའོ། །བཞི་པ་མཆོད་གཏོར་གྱི་རྣལ་འབྱོར་ནི་ལོགས་སུ་བཤད་ཡོད་པས་དེར་བལྟ་བར་བྱའོ། །དེ་ལྟར་མཉམ་པར་མ་བཞག་པའི་རྣལ་འབྱོར་བཞི་པོ་སྔོན་དུ་བཏང་ནས་མཉམ་བཞག་བསྐྱེད་རྫོགས་གཉིས་ལ་འཇུག་པས་ལྔ་པ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་ཡང་གཉིས་ཏེ། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། རྒྱ་གར་གྱི་སྒྲུབ་ཐབས་ཀྱི་གཞུང་རྣམས་དང་། རྗེ་བཙུན་སྐུ་མཆེད་ཀྱི་ཡབ་ཡུམ་གྱི་སྒྲུབ་ཐབས་རྣམས་སུ་སྔོན་འགྲོ་འདི་རྣམས་བྱེད་པའི་གསལ་ཁ་མེད་ཀྱང་། བླ་ཆེན་འཕགས་པས་སྐྱབས་འགྲོ་སེམས་བསྐྱེད། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་གསུམ་སྐབས་འདིར་གསལ་བར་བཤད་པ་ནི་སྔོན་གྱི་གདམས་ངག་ཇི་ལྟ་བ་བཞིན་བྲིས་པར་སྣང་བས་ལེགས་པ་ཡིན་ལ། རྭ་པ་དང་། དཔྱལ་པ་སོགས་བོད་ཀྱི་སྔགས་པ་གཞན་རྣམས་ཀྱི་ཕྱག་ལེན་ལ་ཡང་ཡོད་དོ། །དེ་ལ་སྒྲུབ་ཐབས་ཀྱི་གཞུང་རྣམས་ལས་མ་གསུངས་པ་ནི་རྣལ་འབྱོར་བཅུའི་ཉམས་ལེན་གོ་རིམ་བཞིན་དུ་བཤད་པའི་དབང་དུ་བྱས་ལ། དེའི་ཚེ་མདང་ནུབ་མོ་ཉལ་བའི་རྣལ་འབྱོར་དང་། ཐོ་རངས་ལྡང་བའི་རྣལ་འབྱོར་དང་། མཆོད་གཏོར་གྱི་རྣལ་འབྱོར་རྣམས་བར་མ་ཆད་དུ་བྱས་ནས་བསྐྱེད་རིམ་བསྒོམ་པ་ནི་ཐུན་མཚམས་ཀྱི་ཉེས་ལྟུང་མ་བྱུང་བས། ཚོགས་ཞིང་སྤྱན་དྲང་བ་ནས་བརྩམ་སྟེ། བསྒོམ་པའི་དབང་དུ་བྱས་པའོ། །འཕགས་པས་སྐབས་འདིར་བཤད་པ་ནི་རྣལ་འབྱོར་དེ་དག་ཚུལ་བཞིན་དུ་མ་བྱུང་ན། ཐོ་རངས་ཀྱི་ཐུན་ལ་ཡང་དགོས་ཤིང་། ཐུན་ཕྱི་མ་རྣམས་ལ་ནི་ངེས་པར་དགོས་པའི་དབང་དུ་བྱས་པ་སྟེ། རྗེ་བཙུན་རྩེ་མོའི་དབང་ཆུ་གཉིས་དང་། རྗེ་བཙུན་དང་། ས་པཎ་གྱི་ཚོགས་འཁོར་གྱི་གཞུང་གཉིས་ལས་ཕྱི་མ་རེད་དམ། སྲོད་ཐུན་ལ་མཛད་པའི་དབང་དུ་བྱས་ནས་ཡི་གེ་བརྒྱ་པས་རྒྱུད་སྦྱང་སྒྲུབ་ཐབས་ཀྱི་སྔོན་འགྲོར་ངེས་པར་དགོས་པར་གསུངས་པའི་དགོངས་པ་དཔྱིས་ཕྱིན་པའོ། །འདི་བཤད་པ་ལ་གསུམ། སྔོན་འགྲོ་གསུམ་བྱ་དགོས་པའི་རྒྱུ་མཚན། ཇི་ལྟར་བྱ་བའི་ཚུལ། དེ་ལྟར་བྱས་པའི་དགོས་པའོ། །དང་པོ་ནི། སློབ་དཔོན་འཇམ་དཔལ་གྲགས་པས། སྡོམ་གསུམ་ཆོ་གར་མི་ལྡན་པར། །སྔགས་པའི་བདག་ཉིད་མི་འགྱུར་ཏེ། །ཞེས་གསུངས་པས། སྒྲུབ་པ་པོའི་རྒྱུད་སྡོམ་པ་གསུམ་དང་མི་ལྡན་པར་བསྐྱེད་རྫོགས་ཀྱི་ལམ་བསྒོམས་ཀྱང་ཡེ་ཤེས་མི་སྐྱེ་བས། རྒྱུད་དེ་གསུམ་དང་ལྡན་པ་ནི་མི་དགོས་ཁ་མེད་ཀྱི་ལམ་གྱི་གཞི་ཆེན་པོ་ཡིན་ནོ། །སྡོམ་པ་གསུམ་ལྡན་གྱི་གང་ཟག་དེས་བསྐྱེད་རིམ་ཉམས་སུ་ལེན་པའི་ཚེ་རང་རྒྱུད་ཀྱི་སྡོམ་པ་གསུམ་ལ་ཉེས་པ་མེད་པ་བྱས་པས་བསྒོམ་དགོས་ལ། དེ་ལ་ཉེས་པ་ཆེན་པོ་རྣམས་ནི་སླར་བླང་བ་དང་། ཕྱིར་བཅོས་པ་ལ་སོགས་པའི་ཐབས་ཀྱིས་སྦྱང་དགོས་ལ། ཐུན་བར་གྱི་ཉེས་པ་ཆུང་ངུ་རྣམས་སྦྱོང་བའི་ཕྱིར་དུ་ཐབས་འདི་གསུམ་བྱ་སྟེ། སློབ་དཔོན་འཇམ་དཔལ་གྲགས་པས། དང་པོ་སོ་སོར་ཐར་པ་ཡི། །སྡོམ་པ་ལེགས་པར་མ་བཟུང་བར། །གསུང་བ་ཚོགས་ཚུལ་གནས་བྱེད་པ། །ཐ་བ་ལས་འབྲས་བསྐྱེད་བཞིན་ནོ། །རྩ་བ་རྙེད་པར་མི་འགྱུར་བས། །དང་པོར་སྐྱབས་འགྲོ་ནས་བརྩམས་ཏེ། །སྡོམ་གསུམ་ཆོ་ག་རབ་ཏུ་བརྟག །ཞེས་གསུངས་སོ། །དེས་ན་སོ་ཐར་གྱི་སྡོམ་པ་ཡར་ལྡན་དུ་བྱ་བའི་ཕྱིར་དུ་སྐྱབས་འགྲོ་དང་། བྱང་སེམས་ཀྱི་སྡོམ་པ་འཕེལ་བའི་ཕྱིར་སེམས་བསྐྱེད་དང་། རིག་འཛིན་གྱི་སྡོམ་པའི་ཉེས་ལྟུང་རྣམས་བྱིན་གྱིས་བརླབ་ཅིང་ལྟུང་བ་འཕེལ་དུ་མི་གཞུག་པའི་ཕྱིར། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྣམས་བྱས་པས། རང་རྒྱུད་ཀྱི་སྡོམ་པ་གསུམ་པོ་ཡོངས་སུ་དག་པར་བྱས་ནས་ལམ་བསྒོམ་པ་ཡིན་ནོ། །གཉིས་པ་ལ་གསུམ། སྐྱབས་འགྲོའི་རྣལ་འབྱོར། སེམས་བསྐྱེད་ཀྱི་རྣལ་འབྱོར། རྡོ་རྗེ་སེམས་དཔའི་རྣལ་འབྱོར་རོ། །དང་པོ་ནི། སྐྱབས་སུ་འགྲོ་བའི་གང་ཟག་ནི། མཐའ་ཡས་པའི་འགྲོ་བ་དྲིན་ཅན་གྱི་ཕ་མར་གྱུར་པ་རྣམས་དང་། རང་ཉིད་དོ། །དུས་ནི་སྙིང་པོ་བྱང་ཆུབ་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུའོ། །ཡུལ་ལ་མི་འདྲ་བ་དུ་མ་ཡོད་པ་རྣམས་ནི་རྒྱུན་བཤགས་ཀྱི་སྐབས་སུ་འཆད་ལ། འདིར་ནི་དཀྱིལ་འཁོར་གྱི་གཙོ་བོ་བླ་མ་དང་ཐ་མི་དད་པ་ནི་སངས་རྒྱས་དཀོན་མཆོག དེའི་ཐུགས་རྒྱུད་ལ་བཞུགས་པའི་རིམ་གཉིས་ཀྱིས་བསྡུས་པའི་རྟོགས་པ་མཐར་ཐུག་པ་ཆོས་དཀོན་མཆོག རྟོགས་པ་དེ་དཔེའི་ཡེ་ཤེས་ཀྱི་ཚུལ་གྱིས་རྒྱུད་ལ་བཞུགས་ཤིང་དབང་བསྐུར་གྱི་བསླབ་པ་རང་བས་རྒན་པར་གྱུར་པའི་གང་ཟག་དང་། དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་ནི་དགེ་འདུན་དཀོན་མཆོག་སྟེ། དེ་རྣམས་སོ། །ཚུལ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་དཀོན་མཆོག་གསུམ་གྱི་གོ་འཕང་ཐོབ་པར་འདོད་པའི་ཚུལ་གྱིས་སོ། །རྒྱུ་ནི་འདིར་སྙིང་རྗེ་ཆེན་པོ་དང་། དད་པ་གཉིས་སུ་ཤེས་པར་བྱའོ། །ཉམས་སུ་ལེན་པའི་ཚུལ་ནི་མདུན་གྱི་ནམ་མཁར། ཀྱེ་རྡོར་ལྷ་དགུའི་དཀྱིལ་འཁོར་གསལ་བར་དམིགས་ལ། གཙོ་བོའི་རྒྱབ། ལྷ་མོའི་མདུན་དུ་རིན་པོ་ཆེའི་ཁྲིའི་སྟེང་དུ་ཆོས་པོ་ཏི་བྲག་རི་བརྩེགས་པ་ལྟ་བུ་ངོ་བོ་འགོག་ལམ་གྱིས་བསྡུས་པའི་དམ་ཆོས་སུ་མོས་ནས། ངག་ཏུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཞེས་སོགས་བརྗོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་རྣམ་པར་སྣང་མཛད། གསུང་ནི་འོད་དཔག་མེད། ཐུགས་ནི་མི་བསྐྱོད་པ། ཡོན་ཏན་ནི་རིན་ཆེན་འབྱུང་ལྡན། ཕྲིན་ལས་ནི་དོན་ཡོད་གྲུབ་པ་སྟེ་རིགས་ལྔའི་ངོ་བོ་སངས་རྒྱས་ཀུན་འདུས། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་ནི་ཆོས་ཀུན་འདུས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་ནི་དགེ་འདུན་ཀུན་འདུས་ཏེ། དཀོན་མཆོག་གསུམ་པོ་གཅིག་ཏུ་བསྡུས་པ་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་གྱི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་གཉིས་ཆར་གྱི་ཚེ་དཀྱིལ་འཁོར་གྱི་གཙོ་བོ་ལ་དམིགས་པ་གཏད། དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའི་ཚེ། རྒྱབ་ཀྱི་ཆོས་པོ་ཏི་ལ་དམིགས་པ་གཏད། འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའི་ཚེ་འཁོར་གྱི་ལྷ་མོ་ལ་དམིགས་པ་གཏད། དེ་ལྟ་བུའི་སྐྱབས་འགྲོ་བཞི་སྐོར་གསུམ་ཡན་ཆད་ཅི་ནུས་སུ་བྱས་ལ། མཇུག་ཏུ་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་རྐྱེན་གྱིས་འཁོར་གྱི་ལྷ་མོ་དེ་འོད་ཟེར་དཀར་པོའི་རྣམ་པར་ཞུ་ནས་རང་གི་སྤྱི་བོ་ནས། ཆོས་པོ་ཏི་འོད་ཟེར་དམར་པོའི་རྣམ་པར་ཞུ་ནས་རང་གི་མགྲིན་པ་ནས། དཀྱིལ་འཁོར་གྱི་གཙོ་བོ་འོད་ཟེར་སྔོན་པོའི་རྣམ་པར་ཞུ་ནས་སྙིང་གར་ཐིམ་པས་དཀོན་མཆོག་གསུམ་དང་། རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བསམ་མོ། །གཉིས་པ་ནི། དེ་ནས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་བྱ་སྟེ། དེ་ཡང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ལ། ཕ་མ་ནམ་བྱས་རེས་ཀྱིས་ཕན་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་པས། དྲིན་ཅན་འདི་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་མཐའ་ཡས་པའི་སྡུག་བསྔལ་གྱིས་གཟིར་པ་རྣམས་སྙིང་རེ་རྗེ་སྙམ་དུ་ཡང་ནས་ཡང་དུ་བསྒོམ་པར་བྱ་སྟེ། འདི་སྔོན་དུ་མ་སོང་ན་སེམས་བསྐྱེད་རྣལ་མ་མི་སྐྱེ་བས་དེ་ལྟར་རྒྱུ་སྙིང་རྗེ་སྔོན་དུ་སོང་ནས། འབྲས་བུ་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཡང་དང་ཡང་དུ་ཡིད་ལ་བྱའོ། །རྗེ་བཙུན་གོང་མའི་གསུང་རབ་རྣམས་ལས། བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་འདི་ལྟར་གསུངས་པ་སྒྲུབ་ཐབས་གང་བསྒོམ་ཡང་སྔོན་འགྲོའི་ཚིག་ཀྱང་འདི་ཉིད་ཀྱིས་ཆོག་གོ །ཁ་ཅིག ཇོ་བོ་རྗེས་མཛད་པའི་ཚིགས་བཅད་དང་། པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པའི་འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །ཞེས་སོགས་ཀྱི་ཚིག་གིས་མཛད་པ་ཡང་འགལ་བ་མེད་མོད་ཀྱི། དེ་དག་ནི་སྐྱབས་འགྲོ་དང་སེམས་བསྐྱེད་སྦྲགས་ནས་ལེན་པའི་ལུགས་ཡིན་ལ། འདིར་སྐྱབས་འགྲོ་སྔོན་དུ་སོང་བའི་སེམས་བསྐྱེད་ལ་ནི་ཚིག་སྔ་མ་ཉིད་གཙང་བར་སྣང་ངོ་། །གསུམ་པ་ལ་གསུམ། སྤྱིར་བཤད་པ་དང་། བྱེ་བྲག་ཏུ་ཕྱེ་སྟེ་བཤད་པ། དེ་དག་གི་དགོས་པའོ། །དང་པོ་ནི། སྔགས་ཀྱི་ཡན་ལག་མ་ཚང་བའི་ལྟུང་བ་བྱུང་ན། དེ་བྱིན་གྱིས་རློབ་པའི་ཐབས་ལ། དམ་ཚིག་རྡོ་རྗེའི་བསྒོམ་བཟླས་དང་། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་གཉིས་གསུངས་པས་གང་བྱས་ཀྱང་འདྲ་མོད། འདིར་བླ་མ་དག་ཆ་ཕྱི་མ་མཛད་པ་ནི། སློབ་དཔོན་འཇམ་དཔལ་གྲགས་པས། གལ་ཏེ་ལྟུང་སོགས་བྱུང་གྱུར་ན། །ཡི་གེ་བརྒྱས་ནི་བྱིན་གྱིས་བརླབ། །ཇི་སྲིད་དུས་ལས་མ་འདས་པར། །དག་པའི་ལས་ལ་ཉེར་གནས་བྱ། །འགྱོད་བྱས་ཉེས་པ་འཕེལ་མི་འགྱུར། །ཞེས་གསུངས་པ་དང་མཐུན་ནོ། །དེ་ཇི་ལྟར་བྱ་བ་ཡང་རྒྱུད་སྡེ་རྣམས་ལས་མི་འདྲ་བ་མང་པོ་ཞིག་གསུངས་ཀྱང་། འདིར་རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས། བདེ་མཆོག་གི་བཤད་རྒྱུད། ཨ་བྷི་དྷ་ན་ལ་བརྟེན་པར་སྣང་བས། དེ་ལྟར་དུ་བཤད་ན། རྒྱུད་དེའི་ལེའུ་ཉི་ཤུ་རྩ་ལྔ་པར་ཡིག་བརྒྱ་ལྷ་ཐམས་ཅད་ཀྱི་གསང་སྔགས་ཡིན་ཚུལ། ཡིག་བརྒྱའི་སྔགས། དེའི་འཁྲུལ་འཁོར་གྱི་ཕྱིར་བཟློག་རྣམས་གསུངས་ལ། ལེའུ་ཉི་ཤུ་རྩ་དྲུག་པར། གང་དུ་དམ་ཚིག་ཉམས་པ་ལ། །སྦྱོར་བ་འདི་ནི་སྦྱིན་པར་བྱ། །ཞི་བར་གྱུར་ནས་བླ་མེད་པས། །རྣལ་འབྱོར་མ་ཡི་དབང་ཡང་བསྐུར། །དུས་བཞི་རྟག་ཏུ་རིམ་པ་ཡིས། །ཕྱི་དང་ནང་གི་ཆུས་ཁྲུས་བྱ། །ཡང་ན་དམ་ཚིག་སྡོམ་པ་བླངས། །བླ་མ་ལ་ནི་གསོལ་བ་གདབ། །བདག་ནི་མི་ཤེས་རྨོངས་པ་སྟེ། །ཞེས་སོགས་ནས། འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །དེ་ནི་ཐེ་ཚོམ་མེད་བྱས་ནས། །ངེས་པར་དངོས་གྲུབ་ཅན་དུ་འགྱུར། །ཞེས་ལྟུང་བ་སྦྱང་བ་དང་། ལྟུང་བཤགས་ཀྱི་ཆོ་ག་གསུངས་ནས། ལྷ་གང་བསྒོམ་གསལ་བར་མ་བཤད་པ་ལ། རྒྱུད་དེའི་ལེའུ་དྲུག་ཅུ་རྩ་བཞི་པར་རྡོ་རྗེ་སེམས་དཔའ་ཞལ་དྲུག་པ་སོགས་གསུངས་ཀྱང་། དེ་རྣམས་སྤྲོས་པ་ཆེ་བས་མ་བཤད་པར། ལེའུ་ཉེར་བཞི་པར་འཁོར་ལོ་བསྒྱུར་བ་དྲུག་གི་དཀྱིལ་འཁོར་གསུངས་པའི་ནང་ནས། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་བཅས་པ་དེ་ཟུར་དུ་ཕྱུང་ནས་ཆོ་ག་འདི་དང་སྦྱར་བར་སྣང་བས། དེ་བཞིན་དུ་འཆད་ཤེས་དགོས་སོ། །གཉིས་པ་ལ་གསུམ། ལྷ་བསྒོམ་པ། སྔགས་བཟླ་བ། བཤགས་སྡོམ་བྱ་བའོ། །དང་པོ་ནི། བླ་མ་གཞན་དག་རང་རྡོ་རྗེ་སེམས་དཔར་བསྒོམ་པར་འདོད་ཅིང་། ཁ་ཅིག་རང་ལྷར་བསྐྱེད་པའི་སྙིང་གར་རྡོར་སེམས་བསྐྱེད་པར་འདོད་ཀྱང་། འདིར་རྗེ་བཙུན་གྱིས་རང་གི་སྤྱི་བོར་བསྒོམ་པར་བཤད་པ་ནི་ངེས་བརྗོད་བླ་མའི་སྔར་གྱི་ལུང་ལས། ཕྱི་དང་ནང་གི་ཆུས་ཁྲུས་བྱ། །ཞེས་པའི་དོན་དུ་མངོན་ཏེ། སྤྱི་བོར་རྡོར་སེམས་བསྒོམས་ནས། དེའི་སྦྱོར་མཚམས་ནས་བྱུང་བའི་ཆུས་དམ་ཚིག་ཉམས་པའི་དྲི་མ་འཁྲུད་ཅེས་པའི་དོན་ཏོ། །གལ་ཏེ་འཁྲུས་ཀྱི་དོན་ནི། སྟོང་ཉིད་བསྒོམ་པ་ཡིན་ནོ་སྙམ་ན། ནང་ཁྲུས་ནི་དེ་ལྟར་དུ་ཡོ་ག་དང་། གདན་བཞི་སོགས་ལས་བཤད་ཀྱང་དེ་ནང་འཁྲུས་ཡིན་གྱི། ནང་གི་ཆུའི་ཁྲུས་མ་ཡིན་ལ། འདིར་ནི་ནང་གི་ཆུས་ཞེས་དམིགས་བསལ་དུ་འབྱུང་བའི་ཕྱིར་རོ། །དེས་ན་རྗེ་བཙུན་གྱིས་བདག་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ། རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་ཞེས་བྱ་བ། སྐུ་མདོག་དཀར་པོ་རུས་པའི་རྒྱན་ཆ་དྲུག་གིས་བརྒྱན་པ། གཡས་རྡོ་རྗེ། གཡོན་དྲིལ་བུ་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དང་རྒྱན་ཡབ་དང་འདྲ། གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། རྡོ་རྗེ་སྐྱིལ་ཀྲུང་ངམ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམས་ལ། ཞེས་གསུངས་པ་ལྟར་རོ། །བླ་ཆེན་འཕགས་པས། ཆོ་ག་གསུམ་ལས་བསྐྱེད་ནས། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་ནི། རྗེ་བཙུན་གྱིས་གསུངས་པའི་དམ་ཚིག་རྡོ་རྗེའི་བསྒོམ་བཟླས་ཀྱི་བསྐྱེད་ཆོག་སྦྱར་བ་ཡིན་ལ། འདི་ནི་ལྗོན་ཤིང་ལས་གསུངས་པའི་བསྡུས་པ་དང་པོ་ཡིན་ཅིང་། སྔ་མ་ནི་བསྡུས་པ་ཕྱི་མའོ། །འཕགས་པའི་ལུགས་དེ་ལ་ཁ་ཅིག་དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ་པ་དང་། གཞན་དག་རྒྱས་གདབ་མེད་པའི་དོན། རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་བདག་པོ་ཡིན་པས། རྒྱས་གདབ་མི་དགོས་ཞེས་པ་དང་། ཁ་ཅིག་མགོ་བརྒྱན་གྱི་སྟེང་གི་རྡོ་རྗེ་ཕྱེད་པས་གོ་ཆོད་པར་འདོད་པ་སོགས་ནི་དོན་མེད་པས་གཉིས་ཆར་ལ་ཡང་དམ་ཚིག་པ་བསྐྱེད་པའི་ཚེ་དབུ་རྒྱན་རང་ཆས་ཅན་དུ་བསྒོམ་པ་ངག་འདོན་ལ་མེད་ཀྱང་བསྒོམ་དོན་ལ་ངེས་པར་ཡོད་པ་སྟེ། གཞན་དུ་ན་རྗེ་བཙུན་གྱིས་གསུངས་པའི་སྐད་ཅིག་གིས་བསྐྱེད་པ་དེ་ལ་ཡང་དབུ་རྒྱན་གྱི་དཔྱད་པ་དེ་དག་དགོས་པའི་ཕྱིར་ཏེ། ལྗོན་ཤིང་ལས། དམ་ཚིག་སེམས་དཔའ་དབུ་རྒྱན་རང་ཆས་ཅན་དུ་སྐད་ཅིག་གིས་བསྐྱེད་ནས་བཟླས་པ་ལ་འཇུག་པ་ཉིད་དོ། །ཞེས་གསུངས་པའི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ། བཟླས་པའི་དམིགས་པ། བཟླས་རྒྱུའི་སྔགས། ཇི་ཙམ་བཟླས་པའི་གྲངས་སོ། །དང་པོ་ནི་རྗེ་བཙུན་གྱིས་དེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་དཀར་པོ་གཅིག་བསམས་ལ། ཧཱུྃ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། ཧཱུྃ་ལས་བདུད་རྩི་བབས། ཧེ་རུ་ཀའི་སྐུ་གང་། དེ་ནས་དབྱིབས་བརྒྱུད། ཡུམ་གྱི་སྐུ་གང་། ཡབ་ཡུམ་གྱི་སྐུ་ཐམས་ཅད་ལས་བདུད་རྩི་བབས། བདག་གི་སྤྱི་གཙུག་ནས་ཞུགས་ཏེ། ལུས་ཐམས་ཅད་གང་ནས་བཤང་གཅི་གཉིས་དང་། རྐང་མཐིལ་གཉིས་ལས་སྡིག་པའི་དྲི་མ་ཐམས་ཅད་ཁ་དོག་ནག་པོའི་གཟུགས་ཀྱིས་འཐོན་པ་བསམ། ཞེས་གསུངས་པ་ལྟར་བྱ་ཞིང་། དེ་ཡང་ཨ་བྷི་དྷ་ན་ལས། ཁྲོ་བོ་སངས་རྒྱས་དེ་བཞིན་གཤེགས། །ཐམས་ཅད་སྙིང་གར་བརྟན་བྱས་ཏེ། །བསྒོམས་པས་ཐམས་ཅད་བརྟན་པར་འགྱུར། །གལ་ཏེ་བདག་ཉིད་དངོས་གྲུབ་འདོད། །དངོས་གྲུབ་ཐམས་ཅད་གནས་པ་ཡིན། །ཞེས་བཤད་པའི་དོན་ཡིན་ནམ་སྙམ་སྟེ། དཔྱད་པར་བྱའོ། །བདུད་རྩི་འཛག་ཚུལ་ལ་ཁ་ཅིག་ཡབ་ཀྱི་བ་སྤུའི་བུ་ག་ནས་དང་། ཁ་ཅིག་ཡབ་ཀྱི་མཐེ་བོང་གཡས་པ་ནས་འཛག་པར་འདོད་པ་རྣམས་ལ་ནི་ཤེས་བྱེད་མི་སྣང་ལ། འདིར་ཡབ་ཀྱི་སྐུའི་དབྱིབས་བརྒྱུད་ནས་ཡུམ་གྱི་སྐུ་གང་། དེའི་སྐུ་ལས་བདུད་རྩི་འཛག་པར་བཞེད་པ་ནི། ཨ་བྷི་དྷ་ནར། རྣལ་འབྱོར་མ་ཡི་དབང་ཡང་བསྐུར། །ཞེས་ཡུམ་གྱི་དབང་བསྐུར་བར་བཤད་པའི་དོན་ཡིན་པས། ཡུམ་གྱི་སྐུ་ནས་འཛག་པ་ཅིས་ཀྱང་དགོས་སོ། །གཉིས་པ་ནི། སྤྱིར་ཡི་གེ་བརྒྱ་པ་ལ་དུ་མ་ཞིག་ཡོད་ཀྱང་། འདིར་ཨ་བྷི་དྷ་ནར་བཤད་པའི་ཧེ་རུ་ཀའི་ཡི་གེ་བརྒྱ་པ་ཡིན་ལ། དེ་བཤད་ན། དེ་ལ་ཨོཾ་ནི་བཀྲ་ཤིས་པ་ལ་སོགས་པའི་དོན་བརྒྱད་ལ་འཇུག་ཀྱང་འདིར་ནི་མཆོག་གི་དངོས་གྲུབ་སྟེར་བའི་དོན་ཏོ། །བཛྲ་ཧེ་རུ་ཀ་ནི་རྡོ་རྗེ་ཁྲག་འཐུང་། ས་མ་ཡ་ནི་དམ་ཚིག མ་ནུ་པཱ་ལ་ཡ་རྗེས་སུ་སྐྱོངས་ཤིག ཅེས་ཏེ། རྣམ་ཐར་སྒོ་གསུམ་གྱི་སྟོང་པའི་རང་བཞིན་ཧེ་རུ་ཀས་བདག་སྐྱོངས་ཤིག་ཅེས་སོ། །ཚུལ་ཇི་ལྟར་སྐྱོང་ན་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་ནི་ཁྲག་འཐུང་གིས་ཉེ་བར་མནོས་པ་སྟེ་རང་གི་བསམ་པ་བཞིན་དུའོ། །དྲྀ་ཌྷོ་མེ་བྷ་ཝ། བདག་ལ་བརྟན་པའི་རང་བཞིན་དུའོ། །སུ་ཏོ་ཥྱོ་མེ་བྷ་ཝ། བདག་ལ་དགའ་བའི་རང་བཞིན་དུའོ། །ཨ་ནུ་རཀྟོ་མེ་བྷ་ཝ་ནི་བདག་ལ་རྗེས་སུ་ཆགས་པའི་རང་བཞིན་དུའོ། །སུ་པོ་ཥྱོ་མེ་བྷ་ཝ་བདག་ལ་མཛེས་པའི་རང་བཞིན་དུའོ། །སརྦ་སིདྡྷིམྨེ་པྲ་ཡཙྪ་བདག་ལ་དངོས་གྲུབ་ཐམས་ཅད་སྩོལ། སརྦ་ཀརྨ་སུ་ཙ་མེ་བདག་ལ་ལས་ཐམས་ཅད་སྩོལ་ཅེས་ཏེ་ཚུལ་དེ་ལྟ་བུའི་སྒོ་ནས་བདག་ལ་རྗེས་སུ་སྐྱོངས་ཤིག ཅེས་པའི་དོན་ཏོ། །བསྐྱངས་ནས་ཅི་བྱེད་ཅེ་ན། ཙིཏྟཾ་ཤྲེ་ཡཿཀུ་རུ་བདག་གི་སྙིང་ལ་གནས་པར་མཛོད། གང་གནས་པར་མཛོད་ན། ཧཱུྃ་ནི་ཆོས་ཀྱི་དབྱིངས་མི་འགྱུར་བའི་གནས་དང་། ཧ་ཧ་ཧ་ཧ་བཞི་ནི་ཡེ་ཤེས་གཞན་བཞི་ཧོ་དབྱེར་མེད་པ་སྟེ། མདོར་ན་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ངེས་དོན་གྱི་ཧེ་རུ་ཀ་དེ་བདག་གི་སྙིང་ལ་གནས་པར་མཛོད་ཅིག་པའོ། །དོན་དེ་ལ་མིང་ཅི་སྐད་བྱ་ན་བྷ་ག་ཝཱན་བཛྲ་ཧེ་རུ་ཀ བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་ཞེས་བྱའོ། །དེས་བདག་ནམ་ཡང་སྤང་བར་བྱ་བ་མ་ཡིན་པས། མཱ་མེ་མུཉྩ་བདག་མ་བཏང་ཞིག་གོ །ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ། ཁྲག་འཐུང་གི་རང་བཞིན་དམ་ཚིག་སེམས་དཔའ་ཞེས་བོས་ནས་ཁྱོད་ཀྱིས་བདག་དུས་ཐམས་ཅད་དུ་མ་བཏང་ཞིག་ཅེས་པའོ། །ཨ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་པས་ལྷ་དང་། སྔགས་དང་། སྒྲུབ་པ་པོ་རྣམས་རང་བཞིན་སྐྱེ་མེད་དུ་གཅིག་པའི་དོན་ཏོ། །ཧཱུྃ་ནི་དོན་ལྔ་ལ་འཇུག་ཀྱང་འདིར། སྡུག་བསྔལ་འཆོས་ཤིང་འཇོམས་བྱེད་དང་། །སྲིད་པའི་ཞགས་པ་འཇོམས་པར་བྱེད། །ཅེས་པ་ལྟར་སྤང་བྱ་དེ་དག་འཇོམས་པའི་དོན་ཏོ། །ཕཊ་ནི་དོན་གསུམ་ལ་འཇུག་པ་ལས། འདི་ནི་སྡུག་བསྔལ་འཇོམས་པའི་དོན་དུ་གཟུང་ངོ་། །དེ་ལྟ་བུའི་གསང་སྔགས་དེ་ནི་ཨ་བྷི་དྷ་ནར། དཔའ་བོ་དང་ནི་མཁའ་འགྲོ་མ། །འདི་ནི་ཀུན་གྱི་གསང་སྔགས་ཏེ། །ཞེས་ཐམས་ཅད་ཀྱི་གསང་སྔགས་སུ་བཤད་དོ། །གསུམ་པ་ནི་གྲངས་ཇི་ཙམ་མང་ན་བཟང་བས་ཅི་ནུས་སུ་བཟླས་ཤིང་། ཉུང་མཐའ་ཡང་ཉེར་གཅིག་ཡིན་ཏེ། སློབ་དཔོན་འཇམ་དཔལ་གྲགས་པས། ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་དག་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས་སོ། །དེའི་རྒྱུ་མཚན་ཡང་འདི་བཟླས་པའི་དགོས་པ་ལྟུང་བ་བྱིན་གྱིས་བརླབ་པ་སྟེ། སྟོབས་ཉམས་པར་བྱེད་པ་དང་། མི་འཕེལ་བའི་ཆེད་ཡིན་ལ། དགོས་པ་དེ་དག་བསྒྲུབ་པ་ལ་ཉི་ཤུ་རྩ་གཅིག་པས་ཉུང་བ་མ་བཤད་པའི་ཕྱིར་རོ། །གསུམ་པ་ནི། རྗེ་བཙུན་གྱིས་སྐབས་འདིར་གསལ་བར་མ་བཤད་ཀྱང་། བླ་ཆེན་འཕགས་པས། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཡིས། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་ཨ་བྷི་དྷ་ན་ནས་འབྱུང་བ་ལྟར་བརྗོད་པ་ནི་རྒྱུད་དེའི་དོན་དུ་སྣང་ཞིང་གོང་མའི་གདམས་ངག་ཀྱང་ཡིན་ཏེ། རྗེ་བཙུན་རྩེ་མོས་བདེ་མཆོག་གི་ཕྱི་རོལ་མཆོད་པའི་སྐབས་སུ། མདུན་བསྐྱེད་ལ་དམིགས་པའི་ཡི་གེ་བརྒྱ་པ་བཟླས་པའི་མཇུག་ཏུ་ཚིགས་སུ་བཅད་པ་འདི་གཉིས་བརྗོད་པར་གསུངས་པ་དང་། ས་པཎ་གྱི་ཚོགས་འཁོར་རྩོད་སྤོང་དུ་སྔོན་འགྲོ་ཡི་གེ་བརྒྱ་པའི་རྗེས་སུ། ཚིགས་བཅད་འདི་གཉིས་བརྗོད་པར་གསུངས་པས་སོ། །དེའི་མཇུག་ཏུ་བླ་ཆེན་འཕགས་པས་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ། སྒྲིབ་པ། ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་པར་གསུངས་པ་ལ་གཞན་ལུགས་ཀྱི་བླ་མ་ཁ་ཅིག སྐུ་གསུང་ཐུགས་ཀྱི་དམ་ཚིག་ཅེས་པའི་ཐ་སྙད་རྙིང་མ་པའི་ལུགས་ཡིན་གྱི་གསར་མའི་གཞུང་གང་ལ་ཡང་མ་བཤད་དོ། །ཞེས་སྨྲ་བ་ནི་སམྦུ་ཊ་ལས། བུད་མེད་དང་ནི་སྐྱེས་པའི་ལུས། །ལས་ནི་དུ་མས་བསྐྱེད་པས་ན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེའི་དམ་ཚིག་གོ །སེམས་ཅན་སྣ་ཚོགས་གདུང་བ་རྣམས། །ཀུན་རྟོག་དྲྭ་བའི་རྣམ་རྟོག་གིས། །སེམས་ལ་སྨད་པར་མི་བྱ་སྟེ། །ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ །ཕྲག་དོག་ཉིད་ཀྱིས་མ་རངས་པས། །ཚིག་རྩུབ་ལ་སོགས་སྨྲ་མི་བྱ། །རྣ་བ་བདེ་བར་བྱེད་པ་ཉིད། །གསུང་གི་རྡོ་རྗེའི་དམ་ཚིག་གོ །ཞེས་གསུངས་པ་མ་མཐོང་བཞིན་དུ་རང་དགར་སྨྲ་བར་ཟད་དོ། །དེས་ན་དམ་ཚིག་ཐམས་ཅད་བསྡུ་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་མམ། རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་སུ་འདུས་པས་དེ་དག་ཉམས་པ་བཤགས་པའི་དོན་ཡིན་པས་ཚིག་དོན་གཉིས་ཆར་སྐྱོན་མེད་པར་གྲུབ་བོ། །སྡིག་པ་ནི་ཉོན་མོངས་པའི་སྡིག་པ། སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ། ཉེས་པ་ནི་རང་བཞིན་གྱི་ཉེས་པ། ལྟུང་བ་ནི་བཅས་པའི་ལྟུང་བ། གྲིབ་མ་ནི་གནས་ཀྱི་གྲིབ་མ་ལ་སོགས་པའི་གྲིབ་མ་དྲུག་སྟེ། དེ་དག་བྱང་ཞིང་དག་པར་མཛད་དུ་གསོལ་ཞེས་པའི་དོན་ཏོ། །དེ་ནས་རྗེ་བཙུན་གྱི་ཐུན་འཇོག་ཁར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་བདག་རང་ལ་ཐིམ་པས་ལུས་འཇའ་ཚོན་ལྟ་བུར་གྱུར་པར་བསྒོམ་མོ། །ཞེས་གསུངས་པ་ལྟར་བྱའོ། །གསུམ་པ་ནི། དེ་ལྟར་ཐུན་མོང་གི་སྔོན་འགྲོ་གསུམ་གྱིས་རང་གི་སྡོམ་པ་གསུམ་གྱི་ཉེས་ལྟུང་ཕྲ་མོ་ཐམས་ཅད་སྦྱངས་ནས་སྡོམ་གསུམ་དག་པར་བྱས་པ་ལ་དགོས་པ་བསམ་གྱིས་མི་ཁྱབ་པ་ཡོད་དེ། སློབ་དཔོན་འཇམ་དཔལ་གྲགས་པས། སྡོམ་གསུམ་ཆོ་གར་རབ་ཏུ་བརྟག །དེ་ལྟར་སྔགས་པ་ཚུལ་ལྡན་པས། །དངོས་གྲུབ་ལ་ནི་དོགས་མེད་དེ། །སྟོན་པ་སངས་རྒྱས་སོགས་བསྟོད་ཅིང་། །ལྷ་སོགས་འཇིག་རྟེན་ཀུན་གྱིས་བཀུར། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ལ་གསུམ། བསོད་ནམས་ཀྱི་ཚོགས་བསག་པ། ཡེ་ཤེས་ཀྱི་ཚོགས་བསག་པ། སྲུང་བའི་འཁོར་ལོ་བསྒོམ་པའོ། །དང་པོ་ལ་གསུམ། ཡུལ་དག་པ་ལ་བརྟེན་པའི་ཚོགས་བསོག མ་དག་པ་ལ་བརྟེན་པའི་ཚོགས་བསོག ཞར་བྱུང་དེ་དག་གི་དགོས་པ་བཤད་པའོ། །དང་པོ་ལ་བཞི། ཚོགས་བསག་གི་ཞིང་སྤྱན་དྲངས་བ་དེ་ལ་མཆོད་པ། དེའི་སྤྱན་སྔར་རྒྱུན་བཤགས་བྱ་བ། གནང་བ་ནོད་པའོ། །དང་པོ་ནི། རང་སྐད་ཅིག་གིས་ཀྱེ་རྡོ་རྗེར་བསྒོམ་པར་རྗེ་བཙུན་རྩེ་མོས་གསུངས་ཤིང་། ཇི་ལྟར་གསལ་འདེབས་ན། ཁ་ཅིག་སྐུ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། བསྒོམ་པར་འདོད་པ་ལ་ཤེས་བྱེད་ཀྱི་ལུང་མེད་པས། བསྒོམ་བྱའི་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་དུ་བྱ་དགོས་ཏེ། ཞལ་བརྒྱད་ཕྱག་བཅུ་དྲུག་པར་བསྒོམ་པའམ། ཐུན་མཚམས་ཀྱི་གནས་སྐབས་སུ་ཞལ་ཕྱག་ལྷག་མ་རྣམས་རྩ་བའི་ཞལ་ཕྱག་ཏུ་བསྡུས་པའི་ཞལ་གཅིག་ཕྱག་གཉིས་པ་གང་རུང་ངོ་། །དེ་ལྟར་ལྷ་བསྒོམ་པའི་དགོས་པ་ཡང་ཐ་མལ་གྱི་རྣམ་རྟོག་གི་བློ་བཟློག་པ་དང་། བར་ཆད་ཀྱི་བགེགས་བསྲུང་བ་དང་། ལྷས་ལྷ་ལ་ཚོགས་བསགས་པས་ཚོགས་མྱུར་དུ་རྫོགས་པའོ། །དེའི་སྙིང་གར་ཡན་ལག་དྲུག་པ་ལྟར་ན་པྃ་ལས་པདྨ་དང་། རྃ་ལས་ཉི་མའམ། ཡན་ལག་བཞི་པ་ལྟར་ན་རྃ་ལས་ཉི་མའི་སྟེང་དུ་རང་གི་སེམས་གཟུང་འཛིན་དང་བྲལ་བའི་ངོ་བོ། ཡི་གེ་ཧཱུྃ་སྔོན་པོ་བསྒོམ་མོ། །པདྨའི་ཁ་དོག་གཞུང་གཞན་རྣམས་ནས་མ་བཤད་ཀྱང་མར་མེ་མཛད་ཀྱིས་དམར་པོར་བསྒོམ་པར་བཤད་པ་ནི་ལྷ་དབང་དུ་སྡུད་པ་མཚོན་པས་ལེགས་པ་ཡིན་གསུང་ངོ་། །ཅི་ལྟར་ན་ཧཱུྃ་གཟུང་འཛིན་དང་བྲལ་བའི་ཡིད་དུ་འགྱུར་ཞེ་ན། ཧའི་སྒྲ་ལས། གྲ་ཧ་ཀ་ནི་གཟུང་བ། གྲ་ཧ་ཙ་ནི་འཛིན་པ། ཞབས་ཀྱུ་ཨུ་ལ་རྐྱེན་ཤ་བྱིན་པས། ཤཱུ་ནྱ་ཏཱ་སྟེ་སྟོང་པ། ཀླད་ཀོར་མ་ནི་མ་ནོ་སྟེ་ཡིད་དོ། །དེ་ལྟར་ན་གཟུང་འཛིན་གྱིས་སྟོང་པའི་ཡིད་ཅེས་པར་འགྱུར་རོ། །དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོ་བར་རྗེ་བཙུན་སྐུ་མཆེད་དང་། མཚོ་སྐྱེས་ཀྱིས་བཞེད་ལ། འོད་ཟེར་དེ་ལྕགས་ཀྱུའི་རྣམ་པ་ཅན་དུ་ནག་པོ་པས་བཤད་པས་དེ་ལྟ་བུའི་འོད་ཟེར་དབུགས་ཕྱིར་རྒྱུ་བའི་དུས་ན། སྣ་བུག་གཡས་པ་ནས་སྤྲོས་པས་ཚོགས་རྟེན་གྱི་དཀྱིལ་འཁོར་སྤྱན་དྲངས་སོ། །འདི་ལ་འོད་ཟེར་གྱིས་མདུན་དུ་ཚོགས་རྟེན་བསྒོམ་པ་དང་། གཞན་ནས་སྤྱན་འདྲེན་པ་གཉིས་ལས། ས་ཆེན་ཡབ་སྲས་ཀྱིས་མཚོ་སྐྱེས་ཀྱི་སྐབས་སུ་དང་པོ་གསུངས་ཀྱང་། མན་ངག་ལུགས་ཀྱི་སྐབས་སུ་ཕྱི་མ་གཉིས་གསལ་ལོ། །དེ་ལ་ཡང་རྗེ་བཙུན་རྩེ་མོས་ལྷ་དགུའི་དཀྱིལ་འཁོར་སྤྱན་དྲངས་ནས་ལྷག་པའི་ལྷ་དང་། བླ་མ་དབྱེར་མེད་དུ་བསྒོམ་པར་གསུངས་ལ། རྗེ་བཙུན་གྱིས་ལྷ་དགུའི་དཀྱིལ་འཁོར་སྟེང་གི་ཆ་ལ་བླ་མ་དང་བཅས་པ་སྤྱན་འདྲེན་པར་གསུངས་པ་ནི། ཡན་ལག་བཞི་དྲུག་གི་སྐབས་སུ་སོ་སོར་སྦྱར་བར་བྱའོ། །སྤྱན་འདྲེན་པའི་ཚུལ་ནི། རྡོ་རྗེ་བསྡུ་བའི་སྔགས་དང་། ཕྱག་རྒྱས་བྱ་སྟེ། དེ་ཡང་གུར་འགྲེལ་ལས། རྡོ་རྗེ་སེ་གོལ་སྦྱོར་བ་ཡིས། །ཞེས་བྱ་བ་ནི། ལག་པ་གཉིས་དཔུང་འགོར་རྡོ་རྗེ་བཅིང་བ་བྱས་ལ། ཨོཾ་བཛྲ་ས་མཱ་ཛཿཞེས་བྱ་བར་བརྗོད་ཅིང་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བཀུག་ནས། མཐེ་བོང་དང་། གུང་མོ་སེ་གོལ་སྦྱར་བའོ། །ཞེས་གསུངས་སོ། །གཉིས་པ་ནི། མཆོད་པའི་སྔོན་དུ་ཕྱག་འཚལ་བ་རྒྱ་གར་བའི་གཞུང་རྣམས་དང་། རྗེ་བཙུན་སྐུ་མཆེད་ཀྱི་ཡན་ལག་བཞི་དྲུག་གཉིས་སུ་མ་གསུངས་པ་ནི། མཆོད་གཏོར་གྱི་རྣལ་འབྱོར་སྔོན་དུ་སོང་བའི་དབང་དུ་བྱས་པ་ཡིན་ལ། སྔོན་དུ་མ་སོང་ན་ངེས་པར་བྱ་དགོས་ཏེ། སམྦུ་ཊ་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །མཆོད་ནས་ཕྱག་འཚལ་འདི་སྐད་གསོལ། །ཞེས་དང་། ལྗོན་ཤིང་དང་། བདག་མེད་མའི་སྒྲུབ་ཐབས་གཉིས་ལས། སྐབས་འདིར་ཕྱག་འཚལ་བར་རྗེ་བཙུན་གྱིས་གསུངས་པའི་ཕྱིར་རོ། །མཆོད་གཏོར་གྱི་རྣལ་འབྱོར་སྔོན་དུ་སོང་ན། དེར་བྱས་པ་ཉིད་ཀྱིས་ཆོག་པས་སྐབས་འདིར་མི་དགོས་ལ། མཆོད་པ་དང་རྒྱུན་བཤགས་ལ་ནི་མི་མཚུངས་ཏེ། གུར་ལས། བླ་མ་རྡོ་རྗེ་ཅན་མཆོད་ཅིང་། །བདུན་པོ་ཡོངས་སུ་དག་པར་བྱ། །ཞེས་ཆོ་གའི་ཡན་ལག་ཉིད་དུ་གསུངས་པའི་ཕྱིར་རོ། །ཕྱག་འཚལ་བའི་ཚིག་ཁ་ཅིག གང་གི་དྲིན་གྱིས་བདེ་ཆེན་ཉིད། །སོགས་དང་། གཞན་དག་རྒྱ་གར་གྱི་སྒྲུབ་ཐབས་ཀྱི་མཆོད་བརྗོད་ཀྱིས་བྱེད་པ་ཡོད་ཀྱང་། འདིར་ནི་རྗེ་བཙུན་གྱིས་བདག་མེད་མའི་སྒྲུབ་ཐབས་ལས། སྔགས་ཙམ་གྱིས་བྱ་བར་གསུངས་པ་ལྟར། ན་མོ་གུ་རུ་བྷྱཿས་བླ་མ་དང་། ན་མཿཤྲཱི་ཧེ་བཛྲ་མཎྜལ་བྷྱཿས་དཀྱིལ་འཁོར་ལ་ཕྱག་བྱའོ། །དེ་ནས་མཆོད་པ་ནི་གང་ཟག་ཐ་མས་མཆོད་པའི་ཡུལ་གྱི་ལྷ་མོ་བརྒྱད་རང་རང་གི་ཕྱག་མཚན་མ་བཟུང་བར། མཆོད་རྫས་བཟུང་ནས་གཙོ་བོ་ལ་མཆོད་པར་བསམས་ལ། འབྲིང་པོས་ནི་སྔར་གི་སྙིང་གའི་ཧཱུྃ་དེ་ལས་མཆོད་པའི་ལྷ་མོ་བརྒྱད་སྤྲོས་ནས་ལྷ་དགུ་ཆར་ལ་མཆོད་པར་བསམས་ཏེ། རྗེ་ས་ཆེན་གྱིས། འབྲིང་དང་ཐ་མ་རྣམ་གཉིས་ཀྱང་། །མཆོད་ལུགས་མི་འདྲ་རྣམ་གཉིས་ཏེ། །དང་པོ་ཐ་མའི་མཆོད་པ་ནི། །མཆོད་པའི་ཞིང་གི་ལྷ་མོ་བརྒྱད། །རང་རྟགས་ཕྱག་མཚན་མ་ཐོགས་པར། །བྱང་ཆུབ་སེམས་སོགས་བདུད་རྩི་ལྔ། །གསང་བ་ཡི་ནི་མཆོད་པས་མཆོད། །བཅུད་ཀྱིས་ལེན་དང་ཅང་ཏེའུ་བརྡུང་། །ཕྱི་ཡི་མཆོད་པ་དེ་ཁོ་ནའི། །མཆོད་པ་གཡུང་མོས་སྐུ་ལ་འཁྱུད། །དེ་ལྟར་རྣམ་པ་གསུམ་གྱིས་ནི། །སྤྱན་དྲངས་ཉིད་ཀྱིས་སྤྱན་དྲངས་ལ། །མཆོད་ལ་འབྲིང་པོའི་མཆོད་པ་ནི། ྎ །རང་རྟགས་ཀྱིས་ནི་མཚན་མ་འཛིན། །མཆོད་བྱེད་ལྷ་མོ་བརྒྱད་རྣམས་ཀྱིས། །མཆོད་པའི་རྫས་ཐོགས་སྙིང་ག་ནས། །སྤྲོས་ལ་མཆོད་པ་གསུམ་གྱིས་མཆོད། །ཅེས་གསུངས་སོ། །དེའི་དོན་ཡང་གང་ཟག་ཐ་མས་དམིགས་པའི་འདོར་ལེན་མང་པོ་མི་ནུས་པའི་དབང་དུ་བྱས་ཏེ། རྩ་རྒྱུད་ལས། འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །ཅེས་པའང་འདི་ལ་དགོངས་སོ། །གང་ཟག་རབ་ཀྱིས་མཆོད་ལུགས་མ་གསུངས་པ་ནི། ཚོགས་གཉིས་བསགས་པ་ལ་མ་ལྟོས་པར་སྐད་ཅིག་གིས་སྣང་བ་ཐམས་ཅད་ལྷར་འཆར་བ་དེ་ཉིད་གསུངས་སོ། །གང་ལྟར་ཡང་མཆོད་པའི་ཚིག་ནི། རྗེ་བཙུན་རྩེ་མོས། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །ཞེས་པ་ནས་བརྗོད་པར་གསུངས་ལ། སྒྲུབ་དཀྱིལ་ཕལ་ཆེར་ལས། དཀར་མོ་རི་དྭགས་མཚན་མ་འཛིན། །ཞེས་པ་ནས་བརྗོད་པར་གསུངས་པ་ནི། རྒྱས་བསྡུས་ཀྱི་ཁྱད་པར་ཡིན་ཏེ། སྔ་མ་ལྟར་ན་ཚིགས་བཅད་དང་པོས་མཆོད་ཡུལ་གསལ་གདབ་པ་དང་། མཆོད་པ་མདོར་བསྟན། ལྷག་མ་རྣམས་ཀྱིས་མཆོད་པ་རྒྱས་པར་བཤད་པ་ཡིན་ལ་ཕྱི་མ་ལྟར་ན་མཆོད་པའི་ཚིག་དངོས་སུ་བརྗོད་པའོ། །འདི་ལ་རྗེ་བཙུན་རྩེ་མོས། གསང་བའི་མཆོད་པ། ཕྱིའི་མཆོད་པ། དེ་ཁོ་ན་ཉིད་ཀྱི་མཆོད་པ་གསུམ་དུ་བཤད་པས། དང་པོ་ནི། ལྷ་མོ་དཀར་མོ་སྟེ་གཽ་རཱི། ཕྱག་ན་རི་དྭགས་མཚན་མ་ནི་ཟླ་བ་སྟེ། དེས་བརྡ་བསྟན་པའི་བྱང་སེམས་དཀར་པོས་གང་བའི་ཐོད་པ་འཛིན་པ་དང་། ཆོམ་རྐུན་མ་ནི་ཕྱག་ན་མུན་བའི་བདུད་ལས་རྒྱལ་བ་ཉི་མ་སྟེ། དེས་བརྡ་བསྟན་པ་རཀྟས་གང་བའི་སྣོད་འཛིན་པ་དང་། རོ་ལངས་མ་ནི་དྲི་ཆུས་གང་བའི་ཐོད་པ་འཛིན་པའི་ལག་པ་མ་དང་། གྷསྨ་རཱི་ནི་གསང་བའི་སྨན་དྲི་ཆེན་གྱིས་གང་བའི་ཐོད་པ་འཛིན་ཅིང་། པུཀྐ་སཱི་ནི་རྡོ་རྗེ་སྟེ་ཤ་ཆེན་གྱིས་གང་བའི་ཐོད་པ་འཛིན་པའི་ལག་པ་མ་སྟེ་ལྔའོ། །འདི་ལ་རྗེ་བཙུན་གྱིས་ནང་གི་མཆོད་པ་ཞེས་གསུང་ངོ་། །གཉིས་ནི། ལྷ་མོ་ལྔས་མཆོད་པ་དེ་བཞིན་དུ་རི་ཁྲོད་མ་བཅུད་ལེན་གྱི་རོས་གང་བའི་ཐོད་པ་འཛིན་པ་སྟེ། རྗེ་བཙུན་རྩེ་མོས། བཅུད་ཀྱིས་ལེན་ནི་བསྐལ་པ་བཟང་པོ་ཞེས་བྱ་བ་ལ། སངས་རྒྱས་རྡོ་རྗེ་སེམས་དཔའ་དང་། ཡུམ་རྡོ་རྗེ་སྙེམས་མ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ལུས་ལ་རེག་ན་སྐྲ་དཀར་དང་གཉེར་མ་མི་འབྱུང་ལ། འཐུངས་ན་ཚེ་ཉི་ཟླ་གནས་ཀྱི་བར་དུ་ཐུབ་པ་ཞིག་ཡིན་ནོ་ཞེས་གྲག་གོ །ཞེས་གསུང་ངོ་། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང་བས་མཆོད་དོ། །གསུམ་པ་ནི། འདོད་ཆགས་ཆེན་པོ་སྟེ་ཟག་མེད་ཀྱིས་བདེ་བ་ཉམས་སུ་མྱོང་བས་རྗེས་སུ་ཆགས་པར་བྱ་བའི་ཕྱིར། རྡོ་རྗེ་རིགས་ཀྱི་ལྷ་མོ་གཡུང་མོས་གཙོ་བོའི་སྐུ་ལ་འཁྱུད་པ་ཉིད་དེ། རྗེ་བཙུན་རྩེ་མོས། གཡུང་མོའི་མཆོད་པ་ནི་ལྷ་ཐམས་ཅད་ལ་འཁྱུད་པའི་ཚུལ་བྱ་བའམ། ཡང་ན་བདག་མེད་མ་ལ་ཐིམ་པས་ལྷ་ཐམས་ཅད་རྗེས་སུ་ཆགས་པས་མཉེས་པར་བསམ་པར་བྱའོ། །ཞེས་སོ། །དེ་ལ་ལུགས་དང་པོ་ལྷ་ཐམས་ཅད་ལ་འཁྱུད་པའི་ཚུལ་བྱ་བའི་དོན། ནུབ་བྱང་གི་ཕྱོགས་སུ་གནས་ནས་འཁྱུད་པའི་ཕྱག་རྒྱ་བྱ་བ་ཉིད་ཡིན་གྱི། དངོས་སུ་ལྷ་ཐམས་ཅད་ལ་འཁྱུད་མི་དགོས་ཏེ། བྷ་ཝ་བྷ་དྲས་གཡུང་མོས་མགྲིན་པར་འཁྱུད་ཅེས་པ་ནི། རླུང་གི་གྲྭ་ནས་གཡུང་མོས་མགྲིན་པར་འཁྱུད་པར་གྱུར་པ་ཇི་ལྟར་གྱུར་པ་ཞེས་པ་སྟེ། བྱ་བའི་ཁྱད་པར་འཁྱུད་པའི་ཕྱག་རྒྱ་དང་ལྡན་ཞེས་པའི་དོན་ཏོ། །ཞེས་བཤད་པ་དང་མཐུན་ནོ། །ལུགས་གཉིས་པ་ལྟར་ན་གཡུང་མོ་བདག་མེད་མ་ལ་ཐིམ་པར་བསྒོམས་ཏེ། མི་འཇིགས་པའི་གཞུང་འགྲེལ་ལས་བྱང་དུ་འདོད་ཆགས་རྡོ་རྗེ་མ། སྣ་ཚོགས་བདེ་མ་དང་ལྷན་ཅིག དེའི་བདག་ཉིད་དུ་གྱུར་ནས་ཡང་དག་པར་འཁྱུད་དེ། ཆགས་པ་ཆེན་པོས་རྗེས་སུ་ཆགས་པར་བྱེད་དོ། །ཞེས་བཤད་པ་དང་མཐུན་ནོ། །དེ་ལྟར་ན་ཕྱི་ནང་སོགས་ཀྱི་མཆོད་པ་འདི་རྣམས་ཀྱིས་ནི་གཙོ་བོ་ཧེ་རུ་ཀའམ། འཁོར་དང་བཅས་པ་མཆོད། ཅེས་རིན་ཆེན་འབར་བར་མཇུག་སྡུད་དུ་སྦྱར་བར་བཤད་དོ། །དེ་ལྟར་ན་རྗེ་བཙུན་རྩེ་མོས་གསང་བ་དང་། ཕྱི་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་ཞེས་དང་། ཕྱི་དང་གསང་བའི་མཆོད་པ་ཞེས་གསུངས་པའི་དང་པོ་ནི། རྫས་ལྔ་པོ་གསང་བའི་རྫས་ཡིན་པ་དང་། འཁྱུད་པ་ལས་དེ་ཁོ་ན་ཉིད་ཀྱི་བདེ་བ་སྐྱེ་བའི་དབང་དུ་མཛད་ལ། ཕྱི་མ་ནི་རྫས་ལྔ་པོ་ནང་གི་མཆོད་པའི་རྒྱུའི་གཙོ་བོ་དང་། འཁྱུད་པ་སྐལ་བ་དང་མི་ལྡན་པ་ལ་གསང་དགོས་པའི་དབང་དུ་བྱས་པ་སྟེ། རིན་ཆེན་འབར་བར། ཕྱི་ནང་གསང་བའི་མཆོད་པ་ཡིས། །བླ་མ་རྡོ་རྗེ་མཆོད་པར་བྱ། །ཞེས་གསུངས་པ་དང་མཐུན་ནོ། །གསུམ་པ་ནི། ཚོགས་རྟེན་གྱི་སྤྱན་སྔར་ཐལ་མོ་སྦྱར་ནས། ཡན་ལག་བདུན་པ་བྱ་སྟེ། འདི་ལ་བདུན་པོ་སོ་སོའི་ངོ་བོ། གོ་རིམ་ངེས་པ། གྲངས་ངེས་པ་དང་གསུམ་ལས། དང་པོ་ནི། ཡན་ལག་བཞི་པ་ལྟར་ན། རྗེ་བཙུན་རྩེ་མོས་གསུངས་པ་ལྟར་ཚིག་ལྷུག་པས་བྱ་ཞིང་། ཡན་ལག་དྲུག་པ་ལྟར་ན། ཚིགས་ལྷུག་པས་བྱ་བ་ལ་བསྔོ་བ་མཇུག་ཏུ་སྟོན་པའམ། རྡོ་རྗེ་གུར་ལས་འབྱུང་བའི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཚིགས་བཅད་གསུམ་བརྗོད་པ་གང་རུང་གིས་བྱའོ། །འདི་ལ་ཡན་ལག་བདུན་ལས། དང་པོ་སྡིག་པ་བཤགས་པའི་ཡན་ལག་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །ཞེས་པ་སྟེ། སྡིག་པ་རང་གི་བྱས་པ་དང་། གཞན་བྱེད་དུ་བཅུག་པ་དང་། ཕ་རོལ་པོས་བྱས་པ་ལ་རྗེས་སུ་ཡི་རང་བར་བྱས་པའི་སྡིག་པ་རྣམས་སྟོབས་བཞིའི་སྒོ་ནས་བཤགས་པའོ། །དེ་ལ་སྟོབས་བཞི་ནི་རྗེ་བཙུན་རྩེ་མོས། རྟེན་གྱི་སྟོབས་ནི་བཅོམ་ལྡན་འདས་ཏེ། ལྷ་དང་བླ་མ་ཐ་མི་དད་པའོ། །རྣམ་པར་སུན་འབྱིན་པ་ནི་བཤགས་པ་སྟེ། སྔར་བྱས་པའི་སྡིག་པ་དྲན་པར་བྱ་སྟེ། དེ་དག་གི་རྣམ་པར་སྨིན་པ་ནི་ངན་འགྲོ་ལས་མེད་ལ། དེ་དག་མ་སྤངས་པར་ནི་བདག་སྡུག་བསྔལ་ལས་གྲོལ་བར་མི་འགྱུར་ལ། དེ་ནི་བདག་ལ་དཔག་ཏུ་མེད་པ་ཅིག་ཡོད་པས་ཁུར་ཆེན་པོ་ཡོད་ཅེས་དྲན་པས་སྔར་གྱི་ལས་ལ་འགྱོད་པ་དྲག་པོ་བསྐྱེད་པར་བྱའོ། །གཉེན་པོ་ནི་མི་བགྱིད་པ་སྟེ་ད་ཕྱིས་སྲོག་གི་ཕྱིར་ཡང་སྤང་བར་འདོད་པའོ། །དེས་སྡིག་པ་འདག་པ་ལ་དགའ་བ་ངང་གིས་སྐྱེ་བ་ནི་སོར་ཆུད་པའི་སྟོབས་སོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་ཚིག་རྐང་དང་པོས་རྟེན་གྱི་སྟོབས་བསྟན། གཉིས་པས་རྣམ་པར་སུན་འབྱིན་པའི་སྟོབས་བསྟན། ལྷག་མ་གཉིས་ཤུགས་ལས་བསྟན་ནོ། །གཉིས་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཞེས་པ་སྟེ། རང་གཞན་གྱི་དགེ་རྩ་དུས་གསུམ་གྱིས་བསྡུས་པ་ལ་དགའ་བ་ཁྱད་པར་ཅན་བསྒོམ་པའོ། །གསུམ་པ་དོན་དམ་བྱང་ཆུབ་ཀྱི་སེམས་གཟུང་བ་ནི། སངས་རྒྱས་བྱང་ཆུབ་ཡིད་གྱིས་གཟུང་། །ཞེས་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་པ། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་བཤད་པ་ལྟར་གྱི་བྱང་ཆུབ་ཀྱི་སེམས་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཡིད་ཀྱིས་གཟུང་བ་ནི་བསྐྱེད་པར་དམ་བཅའ་བ་སྟེ། རྗེ་ས་པཎ་གྱིས་འདི་དང་། རྣམ་སྣང་མངོན་བྱུང་གི་རྒྱུན་བཤགས་ཀྱི་སྐབས་སུ་དོན་དམ་པའི་སེམས་བསྐྱེད་པར་གསུངས་པ་དམ་བཅའ་ཙམ་ཡིན་གྱི་ཆོ་གའི་སྒོ་ནས་བསྐྱེད་པ་མ་ཡིན་པར་གསུངས་པའི་དོན་ནོ། །ཁ་ཅིག་འདི་དོན་དམ་སེམས་བསྐྱེད་ཀྱི་ཆོ་གར་འདོད་པ་ནི་ཆོ་གའི་རྣམ་པ་མ་ཤར་བ་སྟེ། ཆོ་གས་སྐྱེ་ན་ཆོ་ག་དེ་ཉིད་ཀྱི་ལག་རྗེས་ལ་དོན་དེ་མཚན་ཉིད་པ་རྒྱུད་ལ་སྐྱེ་དགོས་ལ། རྒྱུན་བཤགས་བྱས་མ་ཐག་ཏུ་དོན་དམ་སེམས་བསྐྱེད་མཚན་ཉིད་པ་རྒྱུད་ལ་སྐྱེས་ནས་དང་པོ་ཐོབ་པར་ཐལ་བའི་ཕྱིར་རོ། །བཞི་པ་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །ཞེས་པ་སྟེ། འདི་ལ་སློབ་དཔོན་མཚོ་སྐྱེས་ཀྱིས། ཁམས་གསུམ་ཀུན་གྱི་བདག་ཉིད་བདེ་བ་ཆེན་པོའི་རྣམ་པ་སངས་རྒྱས་ཀྱེ་རྡོ་རྗེ་དང་། དེས་བསྟན་པའི་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱི་ཆོས་དང་། དེའི་འཁོར་ནི་འཁོར་ལོར་གནས་པའི་ལྷ་མོའི་ཚོགས་ལ་བདག་སྐྱབས་སུ་སོང་བར་བྱས་ནས་ཞེས་གསུངས་ལ། ནག་པོ་པས་རྒྱུད་གསུང་བ་པོ་རྡོ་རྗེ་འཆང་ནི། སངས་རྒྱས་དཀོན་མཆོག ཐེག་ཆེན་གྱི་ཆོས་མ་ལུས་པ་ནི་ཆོས་དཀོན་མཆོག བྱང་སེམས་ཕྱིར་མི་ལྡོག་པ་དང་། འཁོར་གྱི་ལྷ་དགེ་འདུན་དཀོན་མཆོག་ཏུ་བཤད་དོ། །རིན་ཆེན་འབར་བར་གདུལ་བྱ་གང་ལ་གང་འདུལ་གྱི་སྐུར་སྟོན་པ་སངས་རྒྱས་དཀོན་མཆོག སྤང་བྱ་སྤངས་བའི་འགོག་བདེན་དང་། སོ་སོ་རང་གིས་རིག་པར་བྱ་བའི་ལམ་བདེན་ཆོས་དཀོན་མཆོག དབང་བསྐུར་གྱི་བསླབ་པ་རྒན་ཞིང་རྡོ་རྗེ་ཐེག་པའི་ལམ་ལ་གནས་པ་དང་། དཀྱིལ་འཁོར་གྱི་འཁོར་ལ་བཀོད་པ་དགེ་འདུན་དཀོན་མཆོག་ཏུ་བཤད་ཅིང་། མན་ངག་ལུགས་ལ་ངོས་འཛིན་གསལ་ཁ་མི་སྣང་ཡང་། འདི་དང་མཐུན་པ་ལ་ཆོས་དཀོན་མཆོག་གཟུགས་ཀྱི་རྣམ་པར་བསྒོམ་པའི་ཚེ་གཙོ་བོའི་རྒྱབ་ཏུ་རིན་པོ་ཆེའི་ཁྲིའི་སྟེང་ན་ཆོས་པོ་ཏི་བརྩེགས་པ་བཞུགས་པ་བསྒོམ་པར་བླ་མ་དག་གསུངས་པ་ནི། གསང་སྔགས་པ་རྣམ་པ་ལམ་བྱེད་ཀྱི་སྒོ་ནས་ཕ་རོལ་ཏུ་ཕྱིན་པའི་བསྒོམ་ཚུལ་ལས་ཁྱད་པར་དུ་འཕགས་པར་གསུངས་པའི་དོན་དུ་སྣང་ངོ་། །དེ་དག་ལ་སྐྱབས་སུ་འགྲོ་བའི་དོན་ནི་གཞན་རྒྱུད་ལ་གྲུབ་ཟིན་པ་ལ་སྐྱབས་གནས་འཆའ་བ་ནི་རྒྱུའི་སྐྱབས་འགྲོ་དང་། རང་རྒྱུད་ལ་དེ་དག་བསྐྱེད་པར་ཁས་འཆེ་བ་ནི་འབྲས་བུའི་སྐྱབས་འགྲོའོ། །ལྔ་པ་སྨོན་པའི་སེམས་བསྐྱེད་པ་ནི། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པ་སྟེ། རང་དོན་མཐར་ཐུག་པ་རང་ཉིད་སངས་རྒྱས་ཐོབ་པ་དང་། གཞན་དོན་མཐར་ཐུག་པ་གཞན་སངས་རྒྱས་ཀྱི་ས་ལ་འགོད་པ་གཉིས་ཀ་ལ་ཡང་རྒྱུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དགོས་པས། དགོས་པ་དེ་འགྲུབ་པའི་ཆེད་དུ་སངས་རྒྱས་ཐོབ་པར་འདོད་པའི་བློ་བསྐྱེད་པའོ། །དྲུག་པ་འཇུག་པའི་སེམས་བསྐྱེད་པ་ནི། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །ཞེས་པ་སྟེ། སྨོན་པ་སེམས་བསྐྱེད་པའི་རྗེས་སུ། འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ། ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པ་གསུམ་པོ་བསྐྱེད་པར་བགྱི་ཞེས་པའོ། །བདུན་པ་བསྔོ་བ་ནི། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པ་ཤོག །ཅེས་པ་སྟེ། དེ་ལྟར་སྡིག་པ་བཤགས་པ་ནས་འཇུག་པ་སེམས་བསྐྱེད་ཀྱི་བར་གྱི་དགེ་རྩ་བསྔོ་བ་སྟེ། དགོས་ཆེད་དང་བསྔོ་བའི་ཡུལ་ནི་ཚིག་དེ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི་འོ་ན་ཡན་ལག་བཞི་པར་སྐྱབས་འགྲོའི་འོག་ཏུ་དོན་དམ་སེམས་བསྐྱེད་གཟུང་བར་བཤད་པ་དང་། གོ་རིམ་འགལ་ལོ་སྙམ་ན། སྐྱོན་མེད་དེ་ཡན་ལག་བཞི་པར་ནི་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་རྒྱུན་བཤགས་ལ་སྐྱབས་འགྲོ་དང་། སེམས་བསྐྱེད་གཉིས། སེམས་བསྐྱེད་ལ་དོན་དམ་སེམས་བསྐྱེད་དང་། ཀུན་རྫོབ་སེམས་བསྐྱེད་གཉིས་ཞེས་པའི་གོ་རིམ་གྱི་དབང་དུ་བྱས་པ་ཡིན་ལ། འདིར་ནི་འོག་ཏུ་སྐྱབས་འགྲོ་དང་སྨོན་འཇུག་གི་སེམས་བསྐྱེད་དངོས་སུ་ཡོད་པའི་ཚེ། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་པའི་ཚིག་རྐང་དོན་དམ་སེམས་བསྐྱེད་ལ་སྦྱར་ཡང་དེ་དག་དངོས་སུ་མེད་པའི་ཚེ་ཚིག་རྐང་དེ་ཉིད་སྐྱབས་འགྲོ་དང་། སྨོན་འཇུག་གི་སེམས་བསྐྱེད་ཀྱི་མདོར་བསྟན་དུ་འགྲོ་བའི་གོ་རིམ་གྱི་དབང་དུ་བྱས་པའོ། །ཡན་ལག་བཞི་པར་བསྔོ་བ་ཡན་ལག་གསུམ་པར་བྱས་ནས་འདིར་བསྔོ་བ་མཇུག་ཏུ་སྟོན་པའི་རྒྱུ་མཚན་ཅི་སྙམ་ན། དེར་ནི་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་གི་ཡན་ལག་གསུམ་པོ་སྔོན་ཏུ་བཏང་ནས། ཐུན་མོང་མ་ཡིན་པའི་ཡན་ལག་བཞི་པོ་རྗེས་ལ་བྱེད་པའི་དབང་དུ་བྱས་ལ། འདིར་ནི་རྒྱུན་བཤགས་སྔ་མ་རྣམས་ཀྱི་དགེ་བ་ཡང་བསྔོ་བའི་དབང་དུ་བྱས་པའོ། །གསུམ་པ་ནི། གུར་གྱི་རྒྱུན་བཤགས་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་གཉིས་མི་དགོས་པ་ཅི་ཡིན་སྙམ་ན། འདི་ལ་བླ་མ་གཟུངས་ཀྱི་པ་ན་རེ། ཡན་ལག་བདུན་པ་ལ་རིགས་གཉིས་ཏེ། སངས་རྒྱས་སྤྲུལ་སྐུ་དང་། ལོངས་སྐུའི་སྤྱན་སྔར་བྱ་བའོ། །དེ་ལ་སྤྲུལ་པའི་སྐུ་གཞན་སྣང་དུ་མྱ་ངན་ལས་འདའ་བ་དང་། ཆོས་ཀྱི་འཁོར་ལོ་མི་བསྐོར་བའི་ཚུལ་སྟོན་པ་ཡོད་པས། དེའི་སྤྱན་སྔར་དེ་དག་བྱ་དགོས་ལ། ལོངས་སྐུ་ངེས་པ་ལྔ་ལྡན་དུ་བཞུགས་པས། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་རྒྱུན་མི་འཆད་དུ་གསུངས་པ་དང་། སློབ་དཔོན་ཡེ་ཤེས་སྙིང་པོས། སྤྲུལ་པའི་སྐུ་ནི་མྱ་ངན་ལས། །འདའ་བར་བྱེད་ཀྱི་ཅིག་ཤོས་མིན། །ཞེས་པ་ལྟར། དུས་ངེས་པ་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པས། དེ་ལ་ཆོས་འཁོར་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་གཉིས་མི་དགོས་སོ། །ཞེས་བཞེད་པ་ནི་མི་འཐད་དེ། ཀྱེ་རྡོར་ལྷ་དགུ་དང་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་རྣམས་སྤྲུལ་པ་མཆོག་གི་དཀྱིལ་འཁོར་ཡིན་པར་རྗེ་བཙུན་གོང་མའི་གསུང་རབ་རྣམས་ལས་འབྱུང་བའི་ཕྱིར་དང་། གཞན་དུ་ངེས་པ་ལྔ་ལྡན་ཡིན་ན་མདུན་དུ་སྤྱན་དྲངས་དུ་ཡོད་ན། གནས་ངེས་པ་འགལ་ཞིང་། མེད་ན་རྒྱུན་བཤགས་བྱ་བ་འགལ་བའི་ཕྱིར་དང་། བསྐུལ་བ་དང་། གསོལ་བ་འདེབས་པ་སོགས་རང་གི་བློ་སྦྱོང་བ་ཡིན་གྱི་ཡུལ་ལ་ཁྱད་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་ཅི་ལྟར་སྙམ་ན་དངོས་གཞི་སྔགས་སྡོམ་ལེན་པའི་ཆོ་ག་ལ་སྔོན་འགྲོ་སྟ་གོན་དང་། འཇུག་པའི་སྐབས་སུ་སྡོམ་པ་འོག་མ་གཉིས་ལེན་པའི་ཆོ་ག་ངེས་པར་དགོས་པ་དང་། དངོས་གཞི་བསྐྱེད་རིམ་ཉམས་སུ་ལེན་པ་ལ་གང་ཟག་འབྲིང་དང་། ཐ་མས་སྔོན་འགྲོ་རྒྱུན་བཤགས་ཀྱི་སྐབས་སུ་སྡོམ་པ་འོག་མ་གཉིས་ཀྱི་ཉམས་ལེན་དགོས་པ་ནི། སྔགས་སྡོམ་ལ་སྡོམ་གསུམ་ལྡན་པའི་ཉམས་ལེན་གྱི་དོན་ཡིན་པས། འདིར་རྒྱུན་བཤགས་ཀྱི་སྐབས་སུ་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་། སྨོན་འཇུག་གི་སེམས་བསྐྱེད་ངེས་པར་དགོས་ཤིང་། ཡན་ལག་གཞན་རྣམས་ནི་རྒྱས་བསྡུས་ཅི་རིགས་པ་འབྱུང་བས། མེད་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ལ། ཡོད་ཀྱང་ལྷག་པའི་སྐྱོན་དུ་མི་འགྱུར་རོ། །དེ་ལ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། གྲངས་སྒོ་བསྟུན་པའི་དབང་དུ་བྱས་ནས་ཡན་ལག་བདུན་དུ་གྲངས་ངེས་པ་དང་། དེར་མ་ངེས་པ་རྒྱས་བསྡུས་གཞན་དུ་འབྱུང་བའི་ལུགས་གཉིས་ལས། དང་པོ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དང་། ཐུན་མོང་གི་ཡན་ལག་གཉིས། ཐུན་མོང་མ་ཡིན་པའི་ཡན་ལག་ལྔར་བྱས་པའི་ལུགས་དང་། ཐུན་མོང་བ་གསུམ། ཐུན་མོང་མ་ཡིན་པ་བཞིར་བྱས་པའི་ལུགས་དང་། ཐུན་མོང་བ་ལྔ། ཐུན་མོང་མ་ཡིན་པ་གཉིས་སུ་བྱས་པའི་ལུགས་དང་གསུམ་ལས། དང་པོ་ནི། རྡོ་རྗེ་འབྱུང་བ་ནས་གསུངས་པའི་རྒྱུན་བཤགས་ལྟ་བུ་སྟེ། ཐུན་མོང་བ་བཤགས་པ་དང་། ཡི་རང་གཉིས། ཐུན་མོང་མ་ཡིན་པ་སྐྱབས་འགྲོ་གསུམ་དུ་བགྲངས་པ་དང་། སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་གཉིས་ཏེ་དེ་ལྟར་བདུན་ནོ། །གཉིས་པ་ནི་མན་ངག་ལུགས་ཀྱི་རྒྱུན་བཤགས་ལྟ་བུ་སྟེ། ཐུན་མོང་བ་བཤགས་པ་དང་། ཡི་རང་དང་། བསྔོ་བ་གསུམ། ཐུན་མོང་མ་ཡིན་པ་སྐྱབས་འགྲོ་གཅིག་ཏུ་བགྲངས་པ་དང་། དོན་དམ་སེམས་བསྐྱེད་དང་། སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་དེ་གོ་རིམ་མི་འདྲ་བའི་ཁྱད་པར་ནི་བསྟན་ཟིན་ཏོ། །གསུམ་པ་ནི། བཟང་པོ་ཡོངས་བཟུང་ལས་གསུངས་པའི་རྒྱུན་བཤགས་ལྟ་བུ་སྟེ། ཐུན་མོང་བ་བཤགས་པ་དང་། ཡི་རང་དང་། བསྐུལ་བ་དང་། གསོལ་བ་དང་། བསྔོ་བ་སྟེ་ལྔ། ཐུན་མོང་མ་ཡིན་པ་སྐྱབས་འགྲོ་གཅིག་དང་། སྨོན་འཇུག་གི་སེམས་བསྐྱེད་གཉིས་གཅིག་ཏུ་བགྲངས་ཏེ་དེ་ལྟར་བདུན། ཡུལ་སྤྲུལ་སྐུ་དང་ལོངས་སྐུའི་སྒོ་ནས་ཕྱེ་བ་ལ་ནི་འདིས་ཀྱང་གནོད་དོ། །གཉིས་པ་གྲངས་སྒོ་མ་བསྟུན་པར་རྒྱས་བསྡུས་གཞན་དུ་བྱེད་པའི་ལུགས་ལ་རྒྱས་པའི་ལུགས་དང་། བསྡུས་པའི་ལུགས་གཉིས་ལས། དང་པོ་ནི། ནཱ་རོ་ཏ་པའི་མན་ངག་ལས་བྱུང་བ་ཚོགས་བསག་བཅུ་གསུམ་གྱི་ནང་གི་རྒྱུན་བཤགས་ལྟ་བུ་སྟེ། འདི་ལ་ཐུན་མོང་གི་ཡན་ལག་ལྔ། ཐུན་མོང་མ་ཡིན་པའི་ཡན་ལག་བཞི་སྟེ་དགུར་མཛད་དོ། །གཉིས་པ་ནི་རྣམ་སྣང་སྒྱུ་དྲྭ་ལས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་པའི་ཚིགས་བཅད་གཅིག་པོ་འདི་ཉིད་ཀྱིས་བྱ་བར་གསུངས་ཏེ། འདིའི་ཚིག་རྐང་པ་ཐ་མའི་དོན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་། སྨོན་འཇུག་གི་སེམས་བསྐྱེད་ཡིན་པས་དོན་མ་ལུས་པ་ཚང་བའོ། །འདི་ལ་དགོངས་ནས་སློབ་དཔོན་ཀླུའི་བློས། །ཚིགས་བཅད་གཅིག་པོ་འདི་ཉིད་ཀྱིས། །རྒྱུན་བཤགས་བྱ་བར་གསུངས་པ་དང་། །རྗེ་བཙུན་རྩེ་མོས་ཌོམྦི་ལུགས་ཀྱི་དཀྱིལ་ཆོག་ཏུ། རྒྱུན་བཤགས་བསྡུས་པ་བྱེད་ན་འདི་ཉིད་ཀྱིས་ཀྱང་ཆོག་པར་གསུངས་པར་ཤེས་པར་བྱའོ། །དེ་ནས་སྐབས་འདིར་རྗེ་བཙུན་སྐུ་མཆེད་ཀྱི་སྒྲུབ་ཐབས་དང་། རྒྱ་གར་བའི་གཞུང་ཐམས་ཅད་ནས་རིགས་ལྔའི་སྡོམ་གཟུང་བྱ་བར་བཤད་པ་མེད་ཀྱང་བླ་མ་རྣམས་ཀྱི་ཕྱག་ལེན་ལ་མཛད་པ་ནི། རྗེ་བཙུན་གྱིས་དགའ་སྟོན་ལ་གདམས་པར། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །ཞེས་པ་ལ་སོགས་པ་ལན་གསུམ་གྱིས་རིགས་ལྔའི་སྡོམ་པ་གཟུང་། ཞེས་བཤད་པ་ལ་བརྟེན་པར་སྣང་ཞིང་། དེའི་དགོས་པ་ཡང་དེ་ཉིད་ལས། རྡོ་རྗེ་ཐེག་པའི་རྒྱུ་དུས་ཀྱི་སྟ་གོན་དང་། ཡོལ་བའི་ཕྱི་འཇུག་དང་། ནང་འཇུག་གི་སྡོམ་པ་ཐམས་ཅད་ཀྱང་དེར་སོར་ཆུད་པ་ཡིན་ཞེས་བཤད་པ་ལྟར་རོ། །འདི་རྒྱུན་བཤགས་ཀྱི་ཁོངས་སུ་འདུ་བར་མངོན་རྟོགས་ལྗོན་ཤིང་ལས་བཤད་པ་ནི། དེ་ལྟར་ན། རྡོ་རྗེ་གུར་ལས། རྒྱུན་བཤགས་ཀྱི་རྗེས་སུ་ཚད་མེད་བཞི་བསྒོམ་པ་ལས་གཞན་མ་བཤད་པ་དང་འགལ་ལོ་སྙམ་ན། རྒྱུན་བཤགས་ཀྱི་ནང་གི་འཇུག་པ་སེམས་བསྐྱེད་རྒྱས་པར་བཟུང་བ་ཡིན་པས་དེ་དང་འགལ་བའི་སྐྱོན་མེད་ཅེས་པའི་དོན་ཏོ། །ཉམས་སུ་ལེན་པའི་ཚེ་ནི་མཆོད་གཏོར་སྔོན་དུ་སོང་ན་སྐབས་འདིར་བྱ་མི་དགོས་ཏེ། སྔར་བྱས་ཟིན་མ་ཐག་ཡིན་པའི་ཕྱིར་རོ། །དེ་ལ་དགོངས་ནས་སྔར་གྱི་གཞུང་རྣམས་སུ་མ་བཤད་པ་ཡིན་ལ། མཆོད་གཏོར་གྱི་རྣལ་འབྱོར་སྔོན་དུ་མ་སོང་ན་སྐབས་འདིར་ངེས་པར་བྱ་དགོས་ཏེ། སྡོམ་པ་སོར་ཆུད་དགོས་པའི་ཕྱིར། དེ་ལ་དགོངས་ནས། སམྦུ་ཊའི་རྡོ་རྗེ་དབྱིངས་ཀྱི་མངོན་རྟོགས་ཀྱི་སྐབས་སུ་སྡོམ་གཟུང་བཤད་ཅིང་། བདེ་མཆོག་སོགས་གཞུང་གཞན་ལས་ཀྱང་བཤད་དོ། །རྒྱུན་བཤགས་ལ་མི་མཚུངས་པའི་རྒྱུ་མཚན་ནི། སྔར་ཕྱག་འཚལ་བའི་དོགས་གཅོད་ཀྱི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱའོ། །བཞི་པ་ནི། དེ་ལྟར་རྒྱུན་བཤགས་བྱས་པས་ཚོགས་རྟེན་དེ་དག་གི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱིས་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་ཡོད་པས། ལམ་རིམ་པ་གཉིས་སྒོམས་ཤིག་ཅེས་གནང་བ་བྱིན་པར་བསམ་མོ། །དེ་ནས་རྗེ་བཙུན་སྐུ་མཆེད་ཀྱིས་ཚོགས་རྟེན་ཇི་ལྟར་བྱེད་མི་གསལ་ཀྱང་། ས་པཎ་གྱི་ཕྱི་ནང་གསང་གསུམ་གྱི་མཎྜལ་གྱི་ཡིག་ཆ་ལས་མི་དམིགས་པའམ། རང་ལ་བསྡུ་བའམ། རང་གནས་སུ་གཤེགས་པ་གང་རུང་བྱ་བར་གསུངས་པ་ལྟར་བྱའོ། །གཉིས་པ་ཡུལ་མ་དག་པ་ལ་བརྟེན་པའི་ཚོགས་བསག་པ་ནི། གུར་ལས། ཚངས་པའི་གནས་ནི་བཞི་པོ་ཡིས། །སེམས་ཀྱི་ངལ་ནི་བསོ་བར་བྱ། །ཞེས་གསུངས་པ་ལྟར་མཐར་ཐུག་གི་ཚངས་པ་སངས་རྒྱས་དང་། གནས་སྐབས་སུ་ལྷ་ཚངས་པའི་གོ་འཕང་ཐོབ་པར་བྱ་བའི་ཐབས་ཚད་མེད་བཞི་བསྒོམ་པར་བྱ་སྟེ། འདིར་རྗེ་བཙུན་རྩེ་མོས་མཚོ་སྐྱེས་ཀྱི་ཊཱི་ཀར། ཚད་མེད་བཞི་ཕར་ཕྱིན་ཐེག་པ་ལྟར་བསྒོམ་པ་དང་། གསང་སྔགས་ལྟར་བསྒོམ་པ་གཉིས་ཀྱི་དང་པོ་སྔར་དང་འདྲ་ལ། ཕྱི་མ་ནི་རང་གི་སྙིང་གའི་ས་བོན་ལས་ལྷ་མོ་པུཀྐ་སཱིའམ་འོད་ཟེར་སྔོན་པོ་འཕྲོས། དེས་སེམས་ཅན་ཐམས་ཅད་བྱམས་པ་ཚད་མེད་པ་ལ་བཀོད་པར་བསམ། དེ་བཞིན་དུ་ཤ་ཝ་རཱིའམ་འོད་ཟེར་དཀར་པོ་འཕྲོས་པས་སྙིང་རྗེ་དང་། ཙཎྜ་ལཱིའམ་འོད་ཟེར་སྔོ་དམར་འཕྲོས་པས་དགའ་བ་དང་། ཌོམྦི་ནཱིའམ་འོད་ཟེར་སྣ་ཚོགས་འཕྲོས་པས་བཏང་སྙོམས་ཚད་མེད་པ་ལ་བཀོད་པར་བསམ་པར་བཞེད་དོ། །གསུམ་པ་ནི་དེ་ལྟར་ཚོགས་བསག་རྣམ་པ་གཉིས་བྱས་པ་ལ་དགོས་པ་ཅི་ཡོད་ཅེ་ན། རྗེ་བཙུན་རྩེ་མོས། དེ་ལྟར་ཚོགས་བསག་བྱས་པ་ཡང་། །དགོས་པ་རྣམ་པ་གཉིས་གསུངས་ཏེ། །རྒྱུད་དག་པ་ཡི་དགོས་པ་དང་། །སྔོན་གྱི་རྒྱལ་དང་མཚུངས་བྱ་འོ། །དེ་ལ་དགོས་པ་དང་པོ་ནི། དཔེར་ན་སྣོད་ནང་བཟའ་འདྲེན་པ། །དང་པོ་སྣོད་དག་བྱས་ནས་ནི། །དེ་ནས་སྣོད་དུ་བཟའ་འདྲེན་ལྟར། །དང་པོར་ཚོགས་བསག་རྒྱུད་དག་པས། །སྣོད་ཀྱི་དྲི་མ་དག་བྱས་མཚུངས། །དེ་ནས་ཚོགས་རྫོགས་ལྷར་བསྐྱེད་པ། །སྣོད་དུ་བཟའ་འདྲེན་ཇི་བཞིན་ནོ། །དགོས་པ་གཉིས་པའང་བཤད་བྱ་སྟེ། །རྒྱལ་པས་སྔོན་དུ་ཚོགས་བསགས་ཏེ། །དེ་རྗེས་སངས་རྒྱས་དེ་བཞིན་དུ། །མཆོད་སོགས་ཚོགས་བསག་པ་དང་མཚུངས། །དེ་ནས་ལྷ་ནི་རྣམ་བསྐྱེད་པ། །མངོན་པར་རྫོགས་སངས་རྒྱས་དང་མཚུངས། །དེ་ཡང་དོན་ནི་འདི་ཡིན་ཏེ། །སྤྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་ཚོགས་བསགས་ནས། མཐར་མངོན་པར་བྱང་ཆུབ་པའི་ཚུལ་དེ་གསང་སྔགས་ཀྱི་ལུགས་ཀྱི་སྟན་ཐོག་གཅིག་ཏུ་བསྒོམ་པ་ཡིན་ཏེ། ཚོགས་བསགས་ནས་དེ་ནས་མངོན་པར་འཚང་རྒྱ་བའི་གནས་ལ་སོགས་པ་དང་། དེར་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་སེམས་ཅན་གྱི་དོན་བྱེད་པ་སླར་ཡང་དག་པའི་མཐའ་ཉིད་དུ་འཇུག་པ་ལ་སོགས་པ་སྟོན་ཏེ། དེས་ན་གསང་སྔགས་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་བར་འདོད་པའི་གཞུང་ངོ་ཞེས་བཤད་པ་ལྟར་རོ། །གཉིས་པ་ལ་གསུམ། སྟོང་ཉིད་བསྒོམ་པ། དེ་སྔགས་ཀྱིས་བརྟན་པར་བྱ་བ། ཞར་བྱུང་དེ་དག་གི་དགོས་པ་བཤད་པའོ། །དང་པོ་ནི། རྗེ་བཙུན་རྩེ་མོས། བཙན་ཐབས་སུ་སྟོང་ཉིད་བསྒོམ་པ་དང་། བཤིག་ནས་སྟོང་ཉིད་བསྒོམ་པ་གཉིས་ཀྱི་དང་པོ་ནི། སྔགས་བརྗོད་དེ། དེའི་དོན་དྲན་པ་ཙམ་གྱི་སྟོང་པ་ཉིད་དུ་བསྒོམ་པ་དང་། ཕྱི་མ་ནི་གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པས་རང་བཞིན་མེད་པར་བྱས་ནས་སྔགས་ཀྱིས་བརྟན་པར་བྱེད་པ་ལ་བཤད་དོ། །དེ་ལ་དང་པོ་ནི། གང་ཟག་བློ་མཆོག་སྟོང་ཉིད་ཀྱི་ལྟ་བ་ཁོང་དུ་ཆུད་པས། སྟོང་ཉིད་ལ་བློ་ཁ་ཕྱོགས་པ་ཙམ་གྱིས་སྣང་བ་ཐམས་ཅད་མི་དམིགས་པར་འགྲོ་བའམ། སྐལ་ལྡན་ཅིག་ཆར་བ་སྔར་དབུ་མའི་ལྟ་བ་ལ་ཐོས་བསམ་མ་བྱས་ཀྱང་གསང་སྔགས་ཀྱི་ལུགས་ཀྱིས་སྟོང་ཉིད་བསྒོམ་ཚུལ་གྱི་དབང་དུ་བྱས་པའོ། །ཕྱི་མ་ནི་སྔར་དབུ་མའི་ལྟ་བ་ལ་ཐོས་བསམ་གྱི་སྦྱངས་པ་རྩོལ་བས་སྟོང་ཉིད་བསྒོམ་དགོས་པ་དག་གིས་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་དུ་བསྒོམ་ཚུལ་ལོ། །དེ་གཉིས་ཀ་ལ་ཡང་སྣང་བའི་སྟེང་དུ་བདེན་འཛིན་གྱི་དྲི་མ་སྦྱངས་པར་མ་ཟད་སྣང་བ་ཉིད་ཀྱང་མི་དམིགས་པར་བསྒོམ་དགོས་ཏེ། འོག་ནས་འཆད་པར་འགྱུར་པའི་དགོས་པ་གཉིས་པ་ངེས་པར་བསྒྲུབ་དགོས་པའི་ཕྱིར། དེ་ལ་ཕྱིས་ཀྱི་མདོ་སྔགས་ཀྱི་གཞུང་ལུགས་སྨྲ་བར་རློམ་པ་ཁ་ཅིག་ན་རེ། སྣང་བ་མེད་པར་བསྒོམས་ན་སྣང་བ་ལ་སྐུར་པ་བཏབ་པའི་ལོག་ལྟར་འགྱུར་བས་ངན་འགྲོའི་རྒྱུ་ཡིན་གྱི། བདེ་འགྲོའི་རྒྱུ་ཙམ་དུ་ཡང་མི་རུང་ན་ཡེ་ཤེས་ཚོགས་བསག་ཏུ་ག་ལ་རུང་། དེས་ན་སྣང་བའི་སྟེང་དུ་བདེན་པ་བསལ་ནས་སྣང་བ་ཉིད་མི་བསལ་བར་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསྒོམ་པ་ཡེ་ཤེས་ཚོགས་བསག་གི་དོན་ཡིན་ནོ་ཞེས་འཛེར་ཏོ། །འོ་ན་ཁྱོད་ཉིད་གསང་བ་འདུས་པའི་ཡེ་ཤེས་ཀྱིས་བསྐྱེད་པའི་སྐབས་སུ་ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་དང་བཅས་པ་འོད་གསལ་སྟོང་པ་ཉིད་དུ་ཐིམ་པར་འདོད་པ་ལ་ཡང་མཚུངས་ཏེ། ཐ་སྙད་དུ་དེ་དག་ལ་སྐུར་པ་བཏབ་པས་བདེ་འགྲོའི་རྒྱུ་ཙམ་དུ་ཡང་མི་རུང་ན། ཡེ་ཤེས་ཀྱི་ས་བསྐྱེད་པར་ག་ལ་རུང་ཞེས་བརྗོད་ན་ལན་ཅི་སྨྲ། དེ་ལ་ཡང་ལན་འདི་སྐད་དུ་སྨྲ་བར་སྣང་སྟེ། ཁོ་བོས་དེའི་ཚེ་ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་དང་བཅས་པ་རེ་ཤིག་བློ་ངོར་མི་དམིགས་པར་སྒོམ་པ་ཙམ་ཡིན་གྱི། མེད་པར་མ་བཏང་བའི་ཕྱིར་ཞེས་སྨྲའོ། །འོ་ན་རྒྱུ་མཚན་དེ་ཉིད་གཞན་གྱིས་ཅིའི་ཕྱིར་སྨྲ་མི་ཤེས། གལ་ཏེ་གཞན་གྱིས་མེད་པར་བཏང་བས་སྨྲ་རྒྱུ་མེད་དོ་སྙམ་ན། བློ་ངོར་མི་དམིགས་པ་ཙམ་གྱིས་མེད་པར་བཏང་ན། ཁྱོད་ཉིད་ཀྱིས་ཀྱང་མེད་པར་བཏང་ལ། སྣང་བ་རང་ངོས་ནས་མེད་པར་བཏང་བ་ནི་གཞན་གྱིས་ཀྱང་མ་བྱས་ཏེ་ད་དུང་སྣང་བ་འདུག་པའི་ཕྱིར་རོ། །ཡེ་ཤེས་ཚོགས་བསག་གི་སྐབས་སུ་སྣང་བ་མི་དམིགས་པར་བསྒོམས་པས། ཐ་སྙད་ལ་སྐུར་པ་བཏབ་ན། དོན་དམ་པར་སྣང་བ་མི་དམིགས་པར་བསྒོམས་པས་ཀྱང་ཐ་སྙད་ལ་སྐུར་པ་བཏབ་པར་འགྱུར་ཏེ། ཡེ་ཤེས་ཚོགས་བསག་ནི་དོན་དམ་གྱི་གནས་ཚུལ་བསྒོམ་པའི་སྐབས་ཡིན་པའི་ཕྱིར་རོ། །ཁྱོད་ཉིད་སྐབས་འདིར་སྣང་བ་མི་བསལ་ན། འོག་ཏུ་རྟེན་དང་བརྟེན་པར་བཅས་པའི་འཁོར་ལོ་བསྒོམ་པའི་ཚེ་རང་གི་གོས་དང་། གདན་དང་། གནས་ཁང་དང་། གདོས་བཅས་ཀྱི་ཕུང་པོ་འདི་དག་གཞལ་ཡས་ཁང་པའི་ཕྱི་ན་ཡོད་པ་ཡིན་ནམ་ནང་ན་ཡོད་པ་ཡིན། རང་གིས་གོན་པའི་གོས་རྣམས་ལྷ་དེ་ཉིད་ལ་གཡོགས་པའི་ཚུལ་དུ་ཡོད་པ་ཡིན་ནམ། མཐའ་སྐོར་དུ་ཡོད་པ་ཡིན། ལེགས་པར་སོམས་ལ་སྨྲོས་ཤིག འདི་ལྟར་སྨྲ་བ་དེས་ནི་བསྐྱེད་རིམ་རྣལ་མ་ཅིག་མ་བསྒོམས་པར་གསལ་ལོ། །གཞན་ཡང་སྟོང་པའི་ངང་ལས་ཞེས་པའི་དོན་ཡང་སྨྲ་དགོས་ཏེ། ཁྱེད་བསྒོམ་པའི་སྟོང་ཉིད་ནི་སྣང་བ་མི་བསལ་བར་བདེན་པར་བསལ་བ་ཙམ་ཡིན་པས་བདེན་པར་མེད་པའི་ངང་ལས་སླར་ཡང་བདེན་པར་ལངས་ཞེས་པར་སོང་བའི་ཕྱིར། སྣང་བ་གསལ་བར་འདོད་པ་ལ་ཡང་མཚུངས་སོ་སྙམ་ན། དེ་དག་ནི་ཐ་མལ་གྱི་སྣང་བ་ཙམ་ཡང་མི་དམིགས་པའི་ངང་ལས་སླར་ཡང་སྣང་བར་འཆར་བ་འདི། ཐ་མལ་གྱི་སྣང་བར་འཆར་བ་བཀག་ནས་ལྷའི་སྣང་བར་བསྒྲུབ་ཅེས་པའི་དོན་ཡིན་པས་ཉེས་པ་མི་མཚུངས་པའི་སྟེང་དུ་ཡེ་ཤེས་ཚོགས་བསག་གི་དོན་ཉིད་ཀྱང་རྟོགས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་དབུ་མའི་སྐབས་སུ་ཡང་། སྣང་བ་དེའི་གནས་ཚུལ་ལ་དཔྱད་པའི་ཚེ་སྣང་བ་དེ་ཉིད་མི་རྙེད་པ། ཐལ་འགྱུར་བའི་ལུགས་མཆོག་དམ་པ་ཡིན་པ་ནི་གཞན་དུ་བཤད་ཟིན་ཏོ། །རྡོ་རྗེ་ཐེག་པའི་སྐབས་འདིར། དབང་གི་སྐབས་སུ་ཐོབ་པའི་ལྟ་བ་བསྒོམ་པ་ལ། སྣང་བའི་དམིགས་པ་གང་ཡང་མེད་པ་བཙན་ཐབས་སུ་བསྒོམ་པ་འདི་ཉིད་མཆོག་ཡིན་པ་ལ་དགོངས་ནས། རྗེ་བཙུན་རྩེ་མོས་སྣང་ལ་རང་བཞིན་མེད་པར་བསྒོམ་པ་དང་། སྣང་མེད་དུ་བསྒོམ་པ་གཉིས་ལས། འདི་ནི་སྣང་བ་མེད་པར་བསྒོམ་པའི་ལུགས་སོ་ཞེས་གསུངས་པར་ཤེས་པར་བྱའོ། །གཉིས་པ་ནི་དེ་ལྟར་སྒོམ་ཚུལ་གཉིས་ལས། བཙན་ཐབས་སུ་སྟོང་ཉིད་བསྒོམས་པས་ནི་སྔགས་བརྗོད་པ་དང་དུས་མཉམ་དུ་སྟོང་ཉིད་བསྒོམ་པ་ཡིན་ལ། བཤིག་སྟེ་སྟོང་ཉིད་བསྒོམས་པས་ནི་སྟོང་ཉིད་བསྒོམས་པའི་རྗེས་སུ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །དེའི་དོན་གུར་འགྲེལ་ལས། ཨོཾ་ཞེས་བྱ་བའི་དོན་ནི་འདིའོ། །ཤཱུ་ནྱ་ཏཱ་ཛྙཱ་ནི་སྟེ་རབ་ཏུ་གསལ་བ་ཙམ་ཡིན་པའི་ཕྱིར་རོ། །བཛྲ་ཞེས་བྱ་བ་ནི་བདག་ཉིད་མི་ཕྱེད་པའི་ཕྱིར་དང་། སྒྲིབ་པ་ཐམས་ཅད་འཇོམས་པའི་ཕྱིར་རོ། །ཡང་ན་སྟོང་པ་ཉིད་ཀྱི་དོན་ཅན་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཨོཾ་ཞེས་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཤཱུ་ནྱ་ཏཱའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཛྙཱ་ནའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་བཛྲ་སྟེ། སྤྲུལ་པའི་སྐུ་ནམ་མཁའ་ཇི་སྙེད་པར་གནས་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ངོ་། །ཞེས་བཤད་པ་ལྟར་གོ་བར་བྱའོ། །གསུམ་པ་ནི། དེ་ལྟར་ཡེ་ཤེས་ཀྱི་ཚོགས་བསག་བསྒོམ་པ་ལ་དགོས་པ་ཅི་ཡོད་སྙམ་ན། རྗེ་བཙུན་རྩེ་མོས། ཡེ་ཤེས་ཚོགས་བསག་དགོས་པ་ཡང་། །རྣམ་པ་བཞི་རུ་ཤེས་བྱ་སྟེ། །ཀུན་ཏུ་བརྟགས་པའི་དྲི་མ་ལས། །དག་པར་བྱ་བའི་དགོས་པ་དང་། །གཉིས་པ་ཐམས་ཅད་མཁྱེན་པ་ཡི། །ལྷ་ཡི་མྱུ་གུ་བསྐྱེད་པ་དང་། །གསུམ་པ་བསོད་ནམས་ཚོགས་དང་ནི། །ཡེ་ཤེས་ཚོགས་སུ་འབྲེལ་ཕྱིར་དང་། །བཞི་པ་ཆོས་ཀྱི་སྐུ་ལས་ནི། །གཟུགས་སྐུ་འགྲུབ་པར་བྱ་ཕྱིར་རོ། །དེ་ལས་དང་པོ་བཤད་བྱ་སྟེ། །གང་ཟག་བདག་ལ་སོགས་པ་རྣམས། །ཡང་དག་མ་ཡིན་ཀུན་བརྟགས་པ། །སྟོང་པ་བསྒོམས་པས་དག་ཕྱིར་ཏེ། །དཔེར་ན་རིགས་ངན་ཁང་བསྲེགས་པས། །དག་འགྱུར་དེ་ཡང་ཁ་སྦྱོར་ལས། །དང་པོར་སྟོང་ཉིད་བསམ་པས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །གཉིས་པ་ཡང་ནི་བཤད་བྱ་སྟེ། །ཐ་མལ་དངོས་པོ་རགས་པ་རྣམས། །ལན་ཅིག་སྟོང་པར་བསྒོམ་མིན་ན། །འདི་ལས་ལྷར་ནི་བསྐྱེད་མི་བཏུབ། །ལན་ཅིག་སྟོང་པར་བྱས་པ་ཡི། །དེ་ལས་ལྷར་ནི་བསྐྱེད་བྱ་སྟེ། །དང་པོར་རྡོ་སོགས་རགས་པ་རྣམས། །བསལ་ནས་ས་བོན་བཏབ་པ་ལས། །མྱུ་གུ་འབྱུང་ཞིང་དེ་སྐད་དུའང་། །ལུས་སོགས་སྟོང་པའི་ཞིང་ས་ལ། །བློ་དང་ལྡན་པས་ས་བོན་བཏབ། །གསུམ་པ་ཡང་ནི་བཤད་བྱ་སྟེ། །ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་བའི་ཐབས་དག་གིས། །འཆིང་ཞིང་གྲོལ་བར་མི་འགྱུར་ལ། །ཐབས་དང་ཤེས་རབ་ཟུང་འཇུག་པས། །གྲོལ་བར་བཤད་པས་བསོད་ནམས་ཚོགས། །ཐབས་ཡིན་ཡེ་ཤེས་ཚོགས་སྟོང་ཉིད། །ཤེས་རབ་ཟུང་དུ་འཇུག་པར་བྱ། །བཞི་པ་སྟོང་ཉིད་ཆོས་སྐུ་ལས། །འོག་གི་ལྷ་བསྐྱེད་གཟུགས་སྐུའོ། །དེ་འགྲུབ་ཕྱིར་ནི་སྟོང་པ་ཉིད། །ཆོས་ཀྱི་སྐུ་ཡི་ངོ་བོར་བསྒོམ། །ཞེས་གསུངས་པ་ལྟར་རོ། །ཡེ་ཤེས་ཚོགས་བསག་དང་། སྲུང་འཁོར་བསྒོམ་པའི་བར་འདིར་གཞན་ལུགས་ཀྱི་བླ་མ་ཁ་ཅིག སྟོང་པའི་ངང་ལས་བར་དོའི་མཚོན་བྱེད་ཡིག་འབྲུ་ལྔ་བར་སྣང་ལ་བསྒོམ་པར་འདོད་མོད་ཀྱི། ཀྱེ་རྡོ་རྗེའི་རྒྱུད་འགྲེལ། སྒྲུབ་ཐབས་ཀྱི་གཞུང་གང་དུའང་ཟུར་ཙམ་ཡང་མི་འབྱུང་ཞིང་། བོད་ཀྱི་བླ་མ་སྔ་རབས་པ་མཁས་པ་སུས་ཀྱང་མ་བཤད་པས་ཡེ་ཤེས་ཞབས་ལུགས་སོགས་གཞན་གྱི་ལུགས་འཕྱུགས་པ་ཡིན་ནོ། །འོ་ན་འདིར་བར་དོའི་སྦྱོང་བྱེད་མེད་པར་འགྱུར་ལ། དེ་ལྟར་ན་སྐུ་གསུམ་ལམ་བྱེད་ཀྱི་སྒྲུབ་ཐབས་སུ་མ་སོང་བས་གནད་ཐམས་ཅད་འཕྱུགས་སོ་སྙམ་ན་སྐབས་འདིར་ནཱ་ད་སོགས་ནམ་མཁའ་ལ་བཞག་པ་མེད་པས་བར་དོའི་སྦྱོང་བྱེད་ཆད་ན་ནི། འདུས་པ་འཕགས་ལུགས་སོགས་ལའང་དེར་ཐལ་བར་འགྱུར་ལ། སྤྱིར་སྒྲུབ་ཐབས་ལ་བར་དོའི་སྦྱོང་བྱེད་མ་ཆད་པ་ཡོད་པས་ཆོག་ན། འདིར་ཡང་སྐྱོན་མེད་དེ། མངོན་བྱང་གསུམ་པ་བར་དོ་སྦྱོང་བྱེད་དུ་འདོད་པའི་ཕྱིར་རོ། །གསུམ་པ་ལ་གཉིས། ཐུན་མོང་གི་སྲུང་འཁོར་དང་། ཐུན་མོང་མ་ཡིན་པའི་སྲུང་འཁོར་རོ། །དང་པོ་ནི་རྩ་རྒྱུད་ལས། རེ་ཕས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཉི་དེར་ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་རྭ་བ་དང་། །གུར་བཅིངས་པ་ཡང་རྣམ་པར་བསྒོམ་པ་ཉིད། །ཅེས་གསུངས་པའི་དོན་སྟོང་པའི་ངང་ལས་ཡན་ལག་བཞི་པ་ལྟར་ན། རཾ་ལས་ཉི་མ་རྐྱང་པའམ། དྲུག་པ་ལྟར་ན། པཾ་ལས་པདྨ་དང་། རཾ་ལས་ཉི་མ་སྟེ། རྗེ་བཙུན་སྐུ་མཆེད་ཀྱིས་དེ་ལྟར་སོ་སོར་བཤད་ཅིང་། སློབ་དཔོན་མཚོ་སྐྱེས་དང་། མི་ཐུབ་ཟླ་བས་གུར་གྱི་སྒྲུབ་ཐབས་ལས་ཉི་མ་རྐྱང་པ་དང་། མི་ཐུབ་ཟླ་བའི་ཡན་ལག་དྲུག་པ་དང་། བདག་མེད་མའི་སྒྲུབ་ཐབས་དང་། རིན་ཆེན་འབར་བ་གཉིས་སུ་པདྨ་དང་ཉི་མ་གཉིས་ཀ་བཤད་དོ། །དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ། དེ་ལ་ཧཱུྃ་གིས་མཚན་པ་བསྒོམས་ཏེ། སྣ་ཚོགས་རྡོ་རྗེའི་དོན་ནི་ཁ་དོག་སྣ་ཚོགས་སུ་འདུག་པ་དང་། ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་དང་། འོད་ཟེར་སྣ་ཚོགས་འཕྲོ་བས་སྣ་ཚོགས་རྡོ་རྗེའོ། །ཞེས་བོད་ཀྱི་བླ་མ་རྣམས་གསུངས་ལ། རྭ་རྣམས་ནི་སྒྲུབ་ཐབས་མཚོ་སྐྱེས་སུ་སྣ་ཚོགས་རྡོ་རྗེ་རྩེ་མོ་གསུམ་པ་ཅན། འོད་ཟེར་ལྔ་པ་ཅན་ཞེས་པ་ལ་བརྟེན་ནས། རྗེ་བཙུན་རྩེ་མོས་ཡན་ལག་བཞི་པར་རྭ་བཅུ་གཉིས་པ་དང་། རྗེ་བཙུན་གྱིས་ཡན་ལག་དྲུག་པར་རྭ་ཉི་ཤུ་པར་བཤད་ལ། དེའི་དོན་ནི་དང་པོས་རྟེན་འབྲེལ་བཅུ་གཉིས་དང་། ཕྱི་མས་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་འཇོམས་པ་མཚོན་ཟེར་རོ། །དེ་ལྟར་སྲུང་འཁོར་སྤྲོ་བའི་གཞི་སྣ་ཚོགས་རྡོ་རྗེ་བསྒོམས་ནས། རྒྱ་གར་གྱི་སློབ་དཔོན་ཁ་ཅིག སྣ་ཚོགས་རྡོ་རྗེ་ཉི་མ་དང་བཅས་པ་ཞུ་བ་ལས། རྭ་གུར་སོགས་སྤྲོ་བ་བཤད་པ་ཡོད་ཀྱང་། སློབ་དཔོན་མཚོ་སྐྱེས་དང་། རྗེ་བཙུན་སྐུ་མཆེད་ཀྱིས་འོད་ཟེར་སྤྲོ་བ་བཤད་པས། སྔར་གྱི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། རྡོ་རྗེ་འགྲེང་བུར་གྱུར་པ་ཟླུམ་པོར་བསྐོར་བ་རེ་རེའི་སྟེང་དུ་རྡོ་རྗེ་མཆུར་རྒྱུགས་ཟླུམ་པོ་དང་། ཡང་དེའི་སྟེང་དུ་རྡོ་རྗེ་འགྲེང་བུ་དང་མཆུར་རྒྱུགས་བརྩེགས་པའི་རྭ་བ་དང་དེའི་ནང་དུ་རྭ་བ་དང་མཉམ་པའི་རྡོ་རྗེའི་གུར་རྩེ་མོ་གུར་སྟབས་ཀྱི་རྣམ་པར་ཡོད་པ་སྟེ། དེ་ཉིད་རྭ་གུར་གཉིས་ཀྱི་ལོགས་ཉིས་རིམ་དུ་གྱུར་པར་རྗེ་བཙུན་རྩེ་མོས་བཤད་དོ། །རྭ་གུར་གཉིས་ལས་འོད་འཕྲོས་པས་རྡོ་རྗེའི་ས་གཞི་དང་། མེ་རི་ཡང་བསྒོམ་མོ། །རྗེ་བཙུན་སྐུ་མཆེད་ཀྱིས། བཞི་པོ་འདི་ཙམ་ཞིག་བཤད་ལ། སློབ་དཔོན་མཚོ་སྐྱེས་ཀྱིས་མེ་རི་དང་། རྭ་བ་དང་། གུར་ཏེ་གསུམ་དུ་བཤད། མི་ཐུབ་ཟླ་བས་ཡབ་ཀྱི་སྒྲུབ་ཐབས་སུ་གུར་དང་། བླ་རེ་གཉིས་ལས་མ་གསུངས་ཀྱང་གུར་གྱི་སྒྲུབ་ཐབས་སུ་རྭ་བའང་གསུངས་པའི་དོན། རིན་ཆེན་འབར་བར། རྭ་བ་བླ་རེ་གུར་ནང་དུ། །ཞེས་གསུངས་སོ། །འདི་དག་གི་ཚད་ཀྱང་སློབ་དཔོན་མཚོ་སྐྱེས་ཀྱིས། ཅི་སྙེད་འདོད་པའི་ཞེས་རང་གི་བློ་ལ་ཅི་ལྟར་འཚམ་པ་ཙམ་བསྒོམ་པར་གསུངས་པ་ནི་གནད་དུ་ཆེ་སྟེ། གཞལ་ཡས་ཁང་རང་གི་བློ་ལ་ཅི་ཙམ་འཚམ་པ་བསྒོམ་དགོས་པས། དེ་དང་འཚམ་པའི་སྲུང་འཁོར་བསྒོམ་དགོས་པའི་ཕྱིར་རོ། །རྒྱ་གར་བ་ཁ་ཅིག དབང་ཆེན་གྱི་ས་གཞི་ལ་ཐུག་གི་བར་དུ་བསྒོམ་པ་དང་། དམྱལ་བའི་ས་གཞི་ལ་ཐུག་གི་བར་དུ་བསྒོམ་པར་བཤད་པ་ཡང་ཡོད་དོ། །དེ་ལྟར་ཐུན་མོང་བའི་སྲུང་འཁོར་བསྒོམས་པའི་རྗེས་སུ་སྔགས་འདིས་བརྟེན་པར་བྱ་སྟེ། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །འདིར་བཛྲ་ནི་ཌོམྦི་ལུགས་ཀྱི་སྒྲུབ་ཐབས་རྣམས་དང་རྗེ་བཙུན་སྐུ་མཆེད་ཀྱིས་མ་བཤད་ལ། ཕཊ་སྭཱ་ཧཱ་ནི་མི་ཐུབ་ཟླ་བས་ཡན་ལག་དྲུག་པར་མ་བཤད་ཀྱང་། རྒྱུད་དང་། རིན་ཆེན་འབར་བ་དང་། རྗེ་བཙུན་སྐུ་མཆེད་ཀྱིས་བཤད་དོ། །གཉིས་པ་ལ་གཉིས། སྲུང་འཁོར་ཐུན་མོང་མ་ཡིན་པའི་རྣམ་གཞག་སྤྱིར་བསྟན། ཉམས་སུ་བླང་བའི་རིམ་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། བཤད་རྒྱུད་ལས་ཇི་ལྟར་གསུངས་ཚུལ། དེ་རྩ་རྒྱུད་ལ་སྦྱར་མི་སྦྱར་དཔྱད་པ། ཐུན་མོང་མ་ཡིན་པའི་སྲུང་འཁོར་གྱི་སྒྲ་དོན་ནོ། །དང་པོ་ལ། ཁྲོ་བོ་སོ་སོའི་མངོན་པར་རྟོགས་པ་དང་། འཁོར་ལོ་ཡོངས་རྫོགས་ཀྱི་མངོན་རྟོགས་གཉིས་སུ་གུར་རྒྱན་ལས་བཤད་པས། དང་པོ་ནི། རྡོ་རྗེ་གུར་ལེའུ་བཞི་པར། གཤིན་རྗེ་གཤེད་ཀྱིས་བུ་མོ་དགུག་པ། ཤེས་རབ་མཐར་བྱེད་ཀྱིས་བགེགས་བསལ་བ། པདྨ་མཐར་བྱེད་ཀྱིས་དུག་ཞི་བ། བགེགས་མཐར་བྱེད་ཀྱིས་ལས་བསྒྲུབ་པ། དབྱུག་སྔོན་ཅན་གྱིས་བསད་ལས་བསྒྲུབ་པ། སྟོབས་པོ་ཆེས་ཀླུའི་གདོན་ཞི་བ། མི་གཡོ་བས་དགུག་པའི་ལས་བྱ་བ། གནོད་མཛེས་ཀྱིས་གནོད་སྦྱིན་མོ་དབང་དུ་བྱ་བ། འདོད་རྒྱལ་གྱིས་བརྒྱ་བྱིན་སོགས་འགུག་པའི་ལས་བྱེད་པ། གཙུག་ཏོར་འཁོར་ལོས་སྒྱུར་བས་ཕྱིར་ཟློག་གི་ལས་བསྒྲུབ་པ་སྟེ། དེ་རྣམས་ཀྱི་ལས་སྦྱོར་དང་། སྔགས་དང་། ལས་སོ་སོའི་ཕན་ཡོན་རྣམས་གསུངས་ལ། དེའི་དོན་གུར་རྒྱན་ལས་འདི་ལྟར་བཤད་དོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་མ་གཏོགས་པའི་ཁྲོ་བོ་གཞན་དགུ་པོའི་ལས་བསྒྲུབ་ན། ཚོགས་གཉིས་བསགས་པ་སྔོན་དུ་སོང་ནས་ཐུན་མོང་གི་སྲུང་འཁོར་གྱི་ནང་དུ་པད་ཉིའི་སྟེང་དུ་ས་བོན་ཙམ་མམ། ཆོ་ག་གསུམ་ལས་ཁྲོ་བོ་སོ་སོའི་སྐུར་བསྐྱེད། མིག་དང་སྐུ་སོགས་བྱིན་གྱིས་བརླབ་པ། ཡེ་ཤེས་པ་གཞུག་པ། དབང་བསྐུར་རིགས་བདག་གི་རྒྱས་བཏབ་ནས། སོ་སོའི་སྔགས་ཀྱི་བསྙེན་པ་སྔོན་དུ་སོང་ནས། རང་རང་གི་ལས་རྣམས་རྒྱུད་ནས་བཤད་པ་བཞིན་བསྒྲུབས་པས་ཐོགས་པ་མེད་པར་འགྲུབ་པར་བཤད་ལ། གཙུག་ཏོར་འཁོར་ལོས་སྒྱུར་བ་ནི་འཁོར་ལོ་ཡོངས་རྫོགས་ཀྱི་མངོན་རྟོགས་གཙོ་ཆེ་མོད། དཔའ་བོ་གཅིག་པར་བྱེད་ན། སྲུང་འཁོར་ཐུན་མོང་བའི་ནང་དུ་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར། གཙུག་ཏོར་འཁོར་ལོས་སྒྱུར་བ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། གོང་འོག་གི་ཆོ་ག་རྣམས་སྔ་མ་བཞིན་བྱས་ནས། ཕྱིར་ཟློག་གི་ལས་བསྒྲུབ་པ་སྟེ། དེ་ལྟར་ན་ལྷ་རྐྱང་པའི་སྒྲུབ་ཐབས་ལས་སྦྱོར་དང་བཅས་པ་བཅུ་བཤད་དོ། །གཉིས་པ་འཁོར་ལོ་ཡོངས་སུ་རྫོགས་པའི་མངོན་རྟོགས་ནི། ལེའུ་བཅུ་གཉིས་པར། བདག་མེད་མའི་མངོན་རྟོགས་ཀྱི་སྔོན་འགྲོར། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །ཧཱུྃ་ནི་བཅུ་ཡི་སྦྱོར་བ་ཡིས། །ཁྲོ་བོ་བཅུ་ནི་རིམ་པས་དགོད། །གཤིན་རྗེ་མཐར་བྱེད་ཤེས་རབ་མཐར། །པདྨ་མཐར་བྱེད་བགེགས་མཐར་བྱེད། །ཊ་ཀི་ཁྲོ་བོ་དབྱུག་པ་སྔོན། །མི་གཡོ་བ་དང་སྟོབས་ཆེན་དང་། །གཙུག་ཏོར་གདུགས་ནི་དཀར་པོ་དང་། །རྡོ་རྗེ་ཞབས་འོག་གནས་པ་ནི། །བདུད་རྩི་སྦྱོར་བས་ཐམས་ཅད་དུ། །ཁྲོ་བོའི་སྒོམ་པས་བསྒོམ་པར་བྱ། །དཔག་ཚད་བརྒྱ་ནི་ཁྱབ་པ་རུ། །བསམས་ནས་བགེགས་ནི་བསྐྲད་པར་བྱ། །ཞེས་ཁྲོ་བོ་བཅུའི་མཚན་ཙམ་ཞིག་ལས་མ་གསུངས་ལ། ལེའུ་བཅུ་བཞི་པར་ཁྲོ་བོ་བཅུའི་ཕྱག་མཚན། སྐུ་མདོག རིགས་བདག གདན། སྲུང་འཁོར་གྱི་ཚད་རྣམས་གསུངས་ཏེ། ལེའུ་འདི་གཉིས་ཕྱོགས་གཅིག་ཏུ་བྱས་ནས་འཁོར་ལོ་ཡོངས་རྫོགས་ཀྱི་མངོན་རྟོགས་སུ། གུར་རྒྱན་ལས་བཤད་པས། དེ་ལྟར་ན་སྔོན་འགྲོ་ཚོགས་གཉིས་བསགས་པ་དང་། རྭ་གུར་གྱི་དབུས་སུ་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། སྟེང་དུ་ཧཱུྃ་མཛད་བསྒོམ་པ་ཁ་བསྐང་། ཕྱོགས་མཚམས་བརྒྱད་འོག་དང་བཅས་པར་ཁྲོ་བོ་གཞན་ཏེ། ཐམས་ཅད་ཀྱང་ས་བོན་ཙམ་ལས་བསྐྱེད། མིག་སོགས་བྱིན་གྱིས་བརླབ། སྙིང་གར་རྡོ་རྗེའི་ལྟེ་བར་བསྲུང་བྱའི་མིང་སྦས་ལ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ། དབང་བསྐུར་ལ་རིགས་བདག་གི་རྒྱས་གདབ་བོ། །དེ་ནས་སྔགས་བཟླས་པ་དང་བསྟུན་ལ། འཁོར་ལོ་གཡོན་དུ་འཁོར་བས་གནོད་བྱེད་རྣམས་གཏུབས་པ་དང་། ཁྲོ་བོ་རྣམས་ཞལ་ཕྱིར་གཟིགས་ནས། གནོད་པ་ཐམས་ཅད་བཟློག་པར་བསམ་ཞིང་སྔགས་བཟླས་སོ། །དེ་ནས་གོ་གྱོན་པ་སོགས་མཚན་མ་བཟང་པོ་བྱུང་ན་བྲིས་པས་ཕྱིར་བཟློག་པའི་ལས་སྦྱོར་བྱའོ། །དེ་བཞིན་དུ་གཤིན་རྗེའི་གཤེད་དམ། རྟ་མགྲིན་ལ་སོགས་པ་གང་མོས་པ་དབུས་སུ་བསྐྱེད་ལ། དེའི་ཤུལ་དུ་ཧཱུྃ་མཛད་བསྒོམ་ཞིང་འཁོར་ལོའི་དབུས་སུ་ཁྲོ་བོ་གང་ཡོད་ཀྱི་སྔགས་བཟླས་ལ་སྔར་བཤད་པ་ལྟར་གྱི་ལས་སྦྱོར་རྣམས་ཉམས་སུ་བླང་ངོ་། །ཧཱུྃ་མཛད་དབུས་སུ་བཞུགས་པའི་མངོན་རྟོགས་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེང་དུ་བསྒོམ་ཞིང་། འཁོར་ལོ་གཡས་སུ་འཁོར་བ་ལ་བརྟེན་ནས་སྔགས་མི་བཟློས་པར་བསྲུང་བ་འབའ་ཞིག་བྱ་སྟེ། དེ་ལྟར་ན་འཁོར་ལོའི་མངོན་རྟོགས་བཅུ་གཅིག་གོ །གང་ལྟར་ཡང་རུང་སྟེ་མངོན་པར་རྟོགས་པ་གཞན་དང་འབྲེལ་ན། གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་སོགས་པའི་ལྟོ་བའམ་ཧཱུྃ་མཛད་སོགས་ཞུ་བ་ལས་ཆོས་འབྱུང་དུ་གྱུར་པའི་ནང་དུ་གཞལ་ཡས་ཁང་བསམ་པ་ནས་བརྩམས་ཏེ། མངོན་པར་རྟོགས་པ་བསྒོམ་པར་བྱའོ། །ཞེས་གུར་རྒྱན་དུ་བཤད་ཅིང་། ལྷའི་རིགས་ཀྱི་བློ་གྲོས་ཀྱི་གུར་གྱི་སྒྲུབ་ཐབས་ལས་འདི་ནི་སྲུང་བའི་འཁོར་ལོའི་གཙོ་བོ་གང་འདོད་པས་སྲུང་བའི་འཁོར་ལོའི་གཙོ་བོ་བྱའོ་ཞེས་པ་དང་མཐུན་ནོ། །གཉིས་པ་རིན་ཆེན་འབར་བར། རྭ་བ་བླ་རེ་གུར་ནང་དུ། །ཁྲོ་བོ་བཅུས་ཀྱང་བསྲུང་བ་བྱ། །ཞེས་ཟུར་ཙམ་ཞིག་བཤད་ལ། རྗེ་བཙུན་གྱི་ཡན་ལག་དྲུག་པ་དང་། ཡུམ་གྱི་སྒྲུབ་ཐབས་སུ་སྤྲོ་ན་བསྒོམ་པར་གསུངས་སོ། །རྗེ་བཙུན་རྩེ་མོས་ཡན་ལག་བཞི་པ་དང་། མཚོ་སྐྱེས་ཀྱི་འགྲེལ་པར་ཁྲོ་བཅུའི་སྲུང་འཁོར་བསྒོམ་པར་མ་གསུངས་སོ། །དེས་ན་ཁྲོ་བཅུའི་སྲུང་འཁོར་བྱེད་མི་བྱེད་གཉིས་ལས། གུར་ནས་གསུངས་པའི་དཀྱིལ་འཁོར་རྣམས་ལ་ནི་མ་བྱས་ན་ཆོ་ག་ཉམས་པར་འགྱུར་བས་ངེས་པར་བྱ་དགོས་ལ། རྩ་རྒྱུད་ཀྱི་དཀྱིལ་འཁོར་རྣམས་ལ་ནི་མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་མེད་ཅིང་། བྱས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བ་ཙམ་མོ། །གསུམ་པ་ནི། སློབ་དཔོན་ཁ་ཅིག་ནི། ཁྲོ་བོ་བཅུའི་སྲུང་འཁོར་ལ་རྩིབས་བཅུ་པའི་སྲུང་བའི་འཁོར་ལོ་ཞེས་པ་ཙམ་ལས། ཐུན་མོང་མ་ཡིན་པའི་སྲུང་བའི་འཁོར་ལོ་ཅེས་པའི་ཐ་སྙད་མི་སྣང་ངོ་སྙམ་ན། དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས། ཐུན་མོང་མ་ཡིན་པའི་སྲུང་འཁོར་ཞེས་ཐ་སྙད་མཛད་པ་ནི། གུར་ལས། དེ་ནས་རྡོ་རྗེ་འཛིན་རྒྱལ་ནི། །ཐམས་ཅད་དབུགས་དབྱུང་རབ་རྩོལ་བས། །དམ་ཚིག་རྡོ་རྗེ་སྲུང་དོན་དུ། །སྦས་པའི་སྤྱོད་ཡུལ་འདི་གསུངས་པ། །ཞེས་ཁྲོ་བོ་བཅུའི་སྲུང་འཁོར་ནི་སྦས་ཏེ་གསུངས་པར་བཤད་ལ། གང་དུ་སྦས་ན་ཀྱེ་རྡོར་རྩ་བའི་རྒྱུད་དུ་སྦས་པའོ། །དེས་ན་རྩ་རྒྱུད་དུ་གསུངས་པའི་རྭ་གུར་སོགས་ལ་ཐུན་མོང་བ་དང་། བཤད་རྒྱུད་དུ་གསུངས་པའི་ཁྲོ་བོ་བཅུ་ལ་ཐུན་མོང་མ་ཡིན་པར་འཇོག་པ་ཡིན་གྱི། རྭ་གུར་སོགས་བླ་མེད་ཀྱི་མངོན་རྟོགས་ཕལ་མོ་ཆེ་ལས་འབྱུང་བས་ཐུན་མོང་བ་དང་། ཁྲོ་བཅུ་ཀྱེ་རྡོར་ཁོ་ན་ལས་འབྱུང་བས་ཐུན་མོང་མ་ཡིན་པར་འདོད་པ་ནི་དུས་འཁོར་དང་གསང་འདུས་སོགས་ལའང་ཁྲོ་བཅུའི་སྲུང་འཁོར་ཡོད་པས་དེར་མ་ངེས་སོ། །གཉིས་པ་ཉམས་སུ་བླང་བའི་རིམ་པ་བྱེ་བྲག་ཏུ་བཤད་པ་ནི་དཔལ་བིརྺ་པའི་མན་ངག་ཌོམྦི་ཧེ་རུ་ཀས་དེ་ཉིད་བཅུ་པར་རང་བསྲུང་བ་དང་། གནོད་པ་ཕྱིར་བཟློག་གཉིས་གསུངས་ཤིང་། རྗེ་ས་ཆེན་གྱིས་ཀྱང་དེ་ལྟར་གསུངས་པ་ལྟར་བཤད་ན། འདི་ལ་གཉིས་ཏེ། རྟེན་བསྐྱེད་པ་དང་། བརྟེན་པ་བསྐྱེད་པའོ། །དང་པོ་ནི། ཌོམྦི་པས་ཡི་གེ་པཾ་སེར་པོའི་ས་བོན་ལས་བྱུང་བའི་སྣ་ཚོགས་པདྨ་དང་། ཡི་གེ་རཾ་ལས་སྐྱེས་པའི་ཉི་མ་ལ་གནས་པའི་ས་བོན་བྷྲཱུྃ་སེར་པོ་དེ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བཅུ་པའོ། །ཞེས་གསུངས་ཤིང་། དེའི་དབྱིབས་ནི་རྗེ་ས་ཆེན་གྱིས་རྩེ་མོ་རྣོ་བ། ཁོག་པ་སྟོང་པ། ཡངས་ཤིང་རྒྱ་ཆེ་བ་གཅིག་བསྒོམ་ཞེས་གསུངས་པའི་དོན། རྩིབས་བཅུ་ནི་ཕྱོགས་མཚམས་བརྒྱད། །སྟེང་འོག་གཉིས་དང་བཅུ་ཡིན་ལ། །རྩེ་མོ་རྣོ་བ་ནི་རྩ་བ་ནས་རྩེ་མོའི་བར་ཇེ་ཕྲར་སོང་ནས་གཡས་གཡོན་གྱི་སོ་དང་། རྩེ་མོ་རྣམས་རལ་གྲི་སོ་གཉིས་པའི་རྣམ་པ་ལྟར་ཤིན་ཏུ་རྣོ་བའོ། །ཁོག་པ་སྟོང་པ་ནི་རྩིབས་བཅུ་པ་སོ་སོར་གྱེས་པའི་ཚེ་སྟེང་འོག་གི་རྩིབས་ཀྱི་རྩ་བ་ཟླུམ་པོའི་ཁ་ཞེང་དང་། གཡས་གཡོན་གྱི་རྩིབས་ཀྱི་རྩ་བ་ནས་རྩེ་མོའི་བར་མཉམ་པས་སུམ་ཆར་གནས་པའོ། །ཕྱོགས་མཚམས་བརྒྱད་ཀྱི་རྩིབས་ཀྱི་རྩ་བ་ལ་སྟེང་འོག་གཉིས་གཡས་གཡོན་སུམ་ཆ་ཙམ་འབྲེལ་ཞིང་ཕྱི་ནས་བལྟས་པའི་ཚེ་བར་མཚམས་ཅུང་ཟད་མངོན་པ། དབུས་ཀྱི་རྩིབས་ལ་སྦྱར་བ་ན་ཕྱོགས་མཚམས་བརྒྱད་ཀྱི་འོག་ཕྱོགས་ཀྱི་ཁ་དང་། འོག་གི་རྩིབས་ཀྱི་ཁ་གཉིས་མུ་ཁྱུད་གཅིག་གིས་བསྡོམ་ཞིང་། དེ་བཞིན་དུ་སྟེང་གི་ཁ་གཉིས་ཀྱང་མུ་ཁྱུད་གཅིག་གིས་བསྡོམ་པའོ། །དེ་ལྟ་བུའི་ནང་ཐམས་ཅད་སྦུབས་སྟོང་དུ་ཡོད་ཅིང་། མུ་ཁྱུད་གོང་འོག་གི་བར་དུ་ཕྱོགས་མཚམས་ཀྱི་ཁྲོ་བོ་བཞུགས་པའི་ཚེ་འོག་གི་མུ་ཁྱུད་ལ་པད་གདན་ནས་གང་ཙམ་གྱིས་མ་རེག་ཅིང་སྟེང་གི་མུ་ཁྱུད་ལ་གཙུག་ཏོར་ནས་གང་ཙམ་གྱིས་མ་རེག་པ་སྟེ། རྗེ་ས་ཆེན་གྱིས་འཁོར་ལོའི་ལྟེ་བའི་མུ་ཁྱུད་ཀྱི་སྟེང་དུ་ནས་རེས་མ་རེག་པར་པདྨ་དང་། ཉི་མ་བཅུ་བསམ། དེ་ལ་ཤར་གྱི་རྩིབས་ཀྱི་ནང་དུ་ཞེས་བཤད་པས་སོ། །མུ་ཁྱུད་ནི་ངེས་པར་དགོས་ཏེ། མུ་ཁྱུད་ཀྱི་དོན་མཐའ་སྐོར་བ་ཡིན་ཅིང་། ལྟེ་བའི་མུ་ཁྱུད་ཅེས་གསུངས་པས་ལྟེ་བའི་མཐའ་སྐོར་བ་ཡིན་པས་ཕྱོགས་མཚམས་ཀྱི་རྩིབས་ཀྱི་རྩ་བ་སྦྱོར་བ་ཤུགས་ལས་གྲུབ་པའི་ཕྱིར་རོ། །རྩིབས་ཀྱི་མུ་ཁྱུད་ཆོས་ཀྱི་འཁོར་ལོ་ལ་ཡོད་ཀྱང་འདིར་མི་བཞེད་དེ། མཚོན་ཆ་འཁོར་ལོ་ཡིན་པའི་ཕྱིར་རོ། །ཡངས་ཤིང་རྒྱ་ཆེ་བའི་དོན་གུར་ལས་དཔག་ཚད་བརྒྱའི་ཚད་ཙམ་མོ། །ཞེས་གསུངས་པ་ནི་མཚོན་པ་སྟེ། དབུས་ཀྱི་ཁྲོ་བོ་ཞུ་བའམ། དེའི་ལྟོ་བ་ཡངས་པའི་ནང་དུ་ཆོས་འབྱུང་བསྒོམས་ནས། དེར་གཞལ་ཡས་ཁང་བསྒོམ་དགོས་པས། དེ་དང་འཚམ་པ་ལ་དེ་ལ་ལྟོས་པའི་ཡངས་ཤིང་རྒྱ་ཆེ་བ་དགོས་པའི་ཕྱིར་རོ། །དེ་ལྟ་བུའི་འཁོར་ལོའི་དབུས་དང་ཕྱོགས་བཅུར་པདྨ་དང་། ཉི་མའི་གདན་རེ་བསྒོམས་ཏེ། གུར་དང་མི་ཐུབ་ཟླ་བས། རྡོ་རྗེ་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་ཉི་མ་བསྒོམ་པར་བྱ། །འོག་ཏུ་པདྨའི་གདན་བསམས་ནས། །ཁྲོ་བོ་བཅུ་རྣམས་རབ་བསྒོམ་བྱ། །ཞེས་བཤད་དོ། །གཉིས་པ་ལ་བཞི་སྟེ། བསྙེན་པ། ཉེར་བསྒྲུབ། སྒྲུབ་པ། སྒྲུབ་ཆེན་གྱི་ཡན་ལག་གོ །དང་པོ་ནི། ལྷ་རྣམས་ས་བོན་ཙམ་ལས་བསྐྱེད་པར་རྗེ་ས་ཆེན་གྱིས་གསུངས་ཤིང་། ས་བོན་དེ་ཡང་གུར་དང་། ཌོམྦི་པ་དང་། མི་ཐུབ་ཟླ་བས་ཧཱུྃ་འབའ་ཞིག་ཏུ་གསུངས་སོ། །རྗེ་བཙུན་གྱི་གུར་རྒྱན་ལས་གཙུག་ཏོར་འཁོར་ལོས་སྒྱུར་བ་བྷྲཱུྃ་ལས་བསྐྱེད་པར་གསུངས་པ་ནི། དེ་དབུས་སུ་བསྒོམ་པའི་ཚེ་དེའི་ས་བོན་དང་། རྟེན་སྲུང་འཁོར་གྱི་ས་བོན་གཉིས་གཅིག་པ་ཅིག་དགོས་སྙམ་དུ་དགོངས་པ་འདྲའོ། །དེར་དབུས་སུ་ཧཱུྃ་མཛད་བསྐྱེད་པ་རྒྱུད་ཀྱིས་སྲུང་འཁོར་གྱི་སྐབས་རྣམས་སུ་དངོས་སུ་མི་སྣང་ཡང་། ལེའུ་བཅོ་ལྔ་པར་དེའི་མངོན་རྟོགས་དང་། ཕན་ཡོན་གྱི་སྐབས་ནས། ལྷ་དང་ལྷ་མིན་ཧཱུྃ་མཛད་ཀྱི། །ཞེས་ལྷ་དང་ལྷ་མིན་གྱིས་བྱས་པའི་བར་ཆད་བསྲུང་བ་ལ་ཧཱུྃ་མཛད་བསྔགས་པར་བཤད་པ་ལ་དགོངས་པ་ཡིན་ནོ། །འཁོར་རྣམས་གང་དུ་བསྐྱེད་པའི་གནས་ནི་ཕྱོགས་བཞི་དང་། སྟེང་འོག་གཉིས་ལ་མི་མཐུན་པ་མེད་ལ། མཚམས་ཀྱི་བཞི་ལ། ཌོམྦི་པས་དབང་ལྡན་དུ་འདོད་རྒྱལ། མེར་དབྱུག་སྔོན་ཅན། བདེན་བྲལ་དུ་སྟོབས་པོ་ཆེ། རླུང་དུ་མི་གཡོ་བ་རྣམས་འགོད་པར་བཤད་པས་དེ་བཞིན་བྱས་ཀྱང་རུང་ལ། རྗེ་ས་ཆེན་གྱིས་དབང་ལྡན་དུ་མི་གཡོ་བ། མེར་འདོད་རྒྱལ། བདེན་བྲལ་དུ་དབྱུག་སྔོན། རླུང་དུ་སྟོབས་པོ་ཆེ་རྣམས་འགོད་པར་གསུངས་པས་དེ་ལྟར་བྱའོ། །སྐུ་མདོག་ནི་གུར་ལས། དབང་པོ་སྔོན་པོའི་རྣམ་པ་ལྟར། །མཐར་བྱེད་རྣམ་པར་བསྒོམ་པར་བྱ། །གཞན་གྱིས་མི་ཐུབ་རྡོ་རྗེ་ནི། །འཇིགས་བྱེད་ཟླ་བའི་ནོར་བུ་འདྲ། །པདྨའི་ཁྲོ་བོ་དམར་པོ་ཆེ། །རྡོ་རྗེ་བདུད་རྩིའི་བདག་ཉིད་ནག །མཚམས་ཀྱི་ཁྲོ་བོ་ཆེར་གནག་ཅིང་། །ཞེས་བཤད་ལ། སྟེང་འོག་གི་ཁྲོ་བོ་གཉིས་ཀྱི་སྐུ་མདོག་ནི་འདིར་མ་བཤད་ཀྱང་། རྗེ་ས་ཆེན་གྱིས་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་དང་། གནོད་མཛེས་ནག་པོར་གསུངས་པ་བཞིན། ཌོམྦི་པ་དང་ལྷའི་རིགས་ཀྱི་བློ་གྲོས་རྣམས་ཀྱིས་ཀྱང་བཤད་དོ། །དེ་དག་གི་ཕྱག་མཚན་ཡང་གུར་ལས། རྡོ་རྗེ་ཁྲོ་བོ་སྐྱེས་བུ་ཆེ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། །སྙིང་གར་མནན་པའི་ཁུ་ཚུར་མཛུབ། །གཡས་ན་རང་གི་མཚོན་ཆ་འཕྱར། །གཤིན་རྗེ་གསོད་པའི་དབྱུག་ཐོ་སྟེ། །གཞན་གྱིས་མི་ཐུབ་རྡོ་རྗེ་དབྱིག །རྟ་མགྲིན་ལ་ནི་དབང་མཆོག་དམར། །མི་ཕྱེད་བདུད་རྩིའི་ཐབ་སྦྱོར་ལ། ཊཀྐིའི་རྒྱལ་པོ་ལྕགས་ཀྱུ་སྟེ། །དབྱིག་སྔོན་ཅན་ལ་རང་གི་མིང་། །སྟོབས་ཀྱི་རྒྱལ་པོ་རྩེ་གསུམ་པ། །མི་གཡོ་ཡི་གེ་རལ་གྲི་རྩེ། །ཚ་སྐྱོབ་དཀར་པོ་རྒྱལ་པོ་ལ། །ཆོས་ཀྱི་འཁོར་ལོ་རྣམ་པར་བསྒོམ། །གཏུན་ཤིང་རྡོ་རྗེ་རྐང་འོག་ལ། །ཞབས་གཡོན་བརྐྱང་བས་གནས་པ་འོ། །ཞེས་གསུངས་ལ། དེའི་དོན་རྒྱ་བོད་ཀྱི་བླ་མ་རྣམས་ཀྱིས་མི་མཐུན་པ་མི་སྣང་ངོ་། །རྒྱན་དང་བཞུགས་ཚུལ་ནི། ཌོམྦི་པས། ཁྲོ་བོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ་སྟེ། གཡོན་གྱི་མཛུབ་མོ་དག་ནི་སྡིགས་མཛུབ་དང་བཅས་པ། གཡས་རྣམས་ནི་རང་རང་གི་ཕྱག་མཚན་འཕྱར་བ། ཁྲོ་བ་དང་བཅས་པའི་ཞལ་མདོག་ཟླུམ་ལ་དམར་བ། སྐྲ་སེར་ལ་གྱེན་དུ་བརྫེས་པ། འོད་ཟེར་འཕྲོ་བས་བདུད་རྣམས་བསྡིགས་པར་མཛད་པ། ཉི་མ་ལ་བཞུགས་ཤིང་ཉི་མའི་དཀྱིལ་འཁོར་གྱི་འོད་ཅན་དག་གོ །གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་དག་ནི་སྦོམ་ལ་གསུས་པ་འཕྱང་བ། སྦྲུལ་གྱིས་བརྒྱན་པ། སྨིན་མ་སེར་པོ་གྱེན་དུ་བརྫེས་པ་ཡིན་ལ། གཞན་རྣམས་རོལ་པའི་སྐུ་ཅན་ཡིན་ནོ། །ཞེས་ཕྱོགས་ཀྱི་ཁྲོ་བོ་བཞི་ཤིན་ཏུ་ཁྲོས་པའི་རྣམ་པ་ཅན་དང་། གཞན་རྣམས་ཅུང་ཟད་ཞི་བའི་ཚུལ་དུ་བཤད་ལ། རྗེ་ས་ཆེན་གྱིས་ཕྱོགས་བཞི་དབུས་མ་དང་ལྔ་ནི་བརྗིད་པའི་ཁྲོ་བོ་སྟེ་ཞེས་དང་། ཁྲོ་བོ་གཞན་རྣམས་ནི་མཛེས་པའི་ཁྲོ་བོ་སྟེ། ཅུང་ཟད་སྒེག་པ། ཡིད་ཙམ་ཁྲོས་པ། སྐེམས་ཤིང་གྲིམས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ་ཞེས་བཤད། གུར་རྒྱན་ལས། ཁྲོ་བོ་འདི་རྣམས་ལ་རང་འདྲའི་ཡུམ་ཡོད་པར་མངོན་ཏེ། རང་གི་རིག་མ་སྐྱེས་བུ་བདག །ཅེས་འབྱུང་བའི་དོན་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟར་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱའོ། །གསུམ་པ་ནི། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །བཞི་པ་ནི། དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་བཏབ་སྟེ། གུར་ལས། སྤྱི་བོར་རྡོ་རྗེ་འཛིན་པ་འཛིན། །གཤིན་རྗེ་རྣམ་སྣང་ཉིད་ཀྱིས་ཏེ། །རྡོ་རྗེ་སེམས་དཔས་དབྱིག་པ་ཅན། །པདྨའི་འཁོར་ལོ་རྣམ་གཟིགས་རྗེས། །རྡོ་རྗེ་སེམས་དཔས་ཐབ་སྦྱོར་ལ། །ཞེས་གསུངས་སོ། །དེའི་དོན་རྗེ་ས་ཆེན་གྱིས། གཤིན་རྗེ་གཤེད་ལ་རྣམ་པར་སྣང་མཛད། པདྨ་མཐར་བྱེད་ལ་འོད་དཔག་མེད། གཞན་ཐམས་ཅད་ལ་མི་བསྐྱོད་པས་དབུ་བརྒྱན་གསུངས་ལ། རྡོ་རྗེ་སེམས་དཔས་ཐབ་སྦྱོར་ལ། །ཞེས་པའི་དོན་ནི། རྡོ་རྗེ་སེམས་དཔའ་དང་། མི་བསྐྱོད་པ་དོན་གཅིག་པས་མི་བསྐྱོད་པ་ཡིན་ལ། མཚམས་ཀྱི་ཁྲོ་བོ་ཆེར་གནག་ཅིང་། །སྤྱི་བོར་རྡོ་རྗེ་འཛིན་པ་འཛིན། །ཞེས་པ་མཚམས་བཞི་ལ་མི་བསྐྱོད་པས་དངོས་སུ་རྒྱས་འདེབས་པར་བསྟན་པའི་ཤུགས་ལ། སྟེང་འོག་གཉིས་ལ་ཡང་མི་བསྐྱོད་པའི་རྒྱས་འདེབས་པར་མངོན་ནོ། །ཌོམྦི་པས་ནི་འདི་དང་མི་འདྲ་བར་གསུངས་ཏེ། ཧཱུྃ་མཛད་ལ་མི་བསྐྱོད་པ། གཤིན་རྗེའི་གཤེད་དང་འདོད་རྒྱལ་ལ་མི་བསྐྱོད་པ། ཤེས་རབ་མཐར་བྱེད་དང་དབྱུག་སྔོན་ཅན་ལ་རྣམ་སྣང་། པདྨ་མཐར་བྱེད་དང་། སྟོབས་པོ་ཆེ་ལ་འོད་དཔག་མེད། བགེགས་མཐར་བྱེད་དང་། མི་གཡོ་བ་ལ་དོན་ཡོད་གྲུབ་པས་རྒྱས་གདབ་པར་གསུངས་སོ། །དེ་ལྟར་ཡན་ལག་བཞི་རྫོགས་སུ་བྱས་ནས་འཁོར་ལོ་གཡས་སུ་འཁོར་བ་དང་། བསྒོམ་པའི་ཁྲོ་བོ་རྣམས་ལས་འོད་ཟེར་མེ་འོད་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། དེས་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་བསྲེགས་ནས་དཔག་ཚད་བརྒྱའི་ཚད་ཙམ་དུ་བསྐྲད་པར་བསམས་སྟེ། མི་ཐུབ་ཟླ་བས། དཔག་ཚད་བརྒྱར་ནི་འཇུག་པ་ཡིས། །བགེགས་རྣམས་བསྐྲོད་པར་བསམ་པར་བྱ། །ཞེས་སོ། །འདི་ནི་ལྗོན་ཤིང་ལས་གསུངས་པའི་དངོས་གཞིའི་ཆིངས་འབྲིང་པོའོ། །ཡང་ན་སྔར་བཞིན་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་དགུག་གཞུག་བྱ། སྐུ་གསུང་ཐུགས་ཙམ་བྱིན་གྱིས་བརླབ། དབུ་རྒྱན་རང་ཆས་སུ་བསྒོམ་པར་ཡང་རྗེ་ས་ཆེན་གྱིས་གསུངས་ཏེ། གནད་ཀྱི་གསལ་བྱེད་ལས་གསུངས་པའི་འབྲིང་པོ་ཕྱི་མ་དང་། ལྗོན་ཤིང་ལས་གསུངས་པའི་བསྡུས་པ་དང་པོའོ། །ཡང་ན་ཁྲོ་བོ་རྣམས་དབུ་རྒྱན་རང་ཆས་ཅན་དུ་སྐད་ཅིག་གིས་བསྐྱེད་ནས་ཡེ་ཤེས་པ་དགུག་གཞུག་སོགས་མི་བྱ་བར། དེ་ཉིད་བཅུ་པ་དང་། མི་ཐུབ་ཟླ་བས་ཀྱང་བཤད་དེ། བསྡུས་པ་ཕྱི་མའོ། །དེ་ལྟར་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བ་ཅིག་བསྒོམས་ནས། དབུས་ཀྱི་ཧཱུྃ་མཛད་ཞུ་བ་ལས་ཆོས་འབྱུང་དུ་གྱུར་པའམ། དེའི་ལྟོ་བ་ཡངས་པའི་ནང་དུ་ཆོས་འབྱུང་བསྒོམ་པ་སོགས་ཀྱི་མངོན་རྟོགས་ལ་འཇུག་སྟེ། རྗེ་ས་ཆེན་གྱིས་རང་བསྲུང་བ་ཙམ་བསྒོམ་པར་འདོད་ན། མངོན་པར་རྟོགས་པ་དང་མ་འབྲེལ་བ་གུད་དུ་བསྒོམ་པ་ནི་མེད་དོ། །དེ་ཡང་མངོན་པར་རྟོགས་པ་ཐམས་ཅད་གོང་མ་དང་འདྲ་བ་ལས་འཁོར་ལོ་གཡས་སུ་འཁོར་བ་དང་། དབུས་སུ་ཧཱུྃ་མཛད་བསྒོམ་ཞིང་སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་གཞག་པ་དང་། ལྷ་རྣམས་ཞལ་ནང་དུ་གཟིགས་པ་དང་། སྔགས་བཟླས་མི་དགོས་སོ། །དེ་ནས་ཧཱུྃ་མཛད་ཀྱི་ནང་དུ་གཞལ་ཡས་ཁང་བསྒོམ་པའམ། ཧཱུྃ་མཛད་ཆོས་འབྱུང་དུ་གྱུར་པའི་ནང་དུ་གཞལ་ཡས་ཁང་བསྒོམ་པ་ནས་བཟུང་སྟེ་མངོན་པར་རྟོགས་པ་ལ་འཇུག་གོ །ཞེས་གསུངས་སོ། །གཉིས་པ་ནི་གལ་ཏེ་བསྒོམས་པས་ཕྱིར་བཟློག་པའི་སྲུང་འཁོར་བསྒོམ་པར་འདོད་ན་ཐུན་མོང་གི་སྲུང་འཁོར་སྔར་བཞིན་དུ་བསྒོམས་ལ། དེ་ནས་སྔར་གྱི་སྲུང་འཁོར་དེ་ཉིད་དང་། གནད་ལྔའི་སྒོ་ནས་མི་འདྲ་ཞིང་ལྷག་མ་རྣམས་འདྲ་བར་ཉམས་སུ་ལེན་ཏེ། དེ་ལ་གནད་ལྔ་ལ་མི་འདྲ་བ་དུ་མ་འཆད་ཀྱང་ཤེས་བྱེད་ཀྱི་ཁུངས་མེད་པས་རང་བཟོ་ཁོ་ནར་སྣང་ལ། འདིར་བླ་ཆེན་འཕགས་པས་རང་ཉིད་དབུས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བར་བསམ་ཞིང་། སྟེང་དུ་ཧཱུྃ་མཛད་བསྒོམ་པ་གཙོ་བོ་འཕོ་བའི་གནད་དང་། བདག་ཉིད་ཀྱི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེའི་ནང་དུ་བདག་ཉིད་ཀྱི་རྣམ་ཤེས་ཧཱུྃ་དུ་བསམས་ལ། དེའི་མཐར་བསྒྲུབ་བྱའི་མིང་གི་ཡི་གེ་དང་པོ་བསམས་ཏེ། བསྲུང་བར་བསམ་པ་ནི་བསྲུང་བྱ་སྦ་བའི་གནད་དང་། ཁྲོ་བོ་རྣམས་ཤིན་ཏུ་ཁྲོས་པའི་ཚུལ་ཅན་ཞལ་ཕྱི་རོལ་ཏུ་གཟིགས་ནས། ཐུགས་ཀ་ནས་རང་དང་འདྲ་བའི་ཁྲོ་བོ་དུ་མ་འཕྲོས་ཏེ། ཕ་རོལ་གྱི་སྲུང་མ་དང་། བདག་ལ་རྦད་པའི་གནོད་བྱེད་རྣམས་ཚར་བཅད་པར་བསམ་པ་ལྷའི་རྣམ་པའི་གནད་དང་། འཁོར་ལོ་གཡོན་དུ་འཁོར་བས་དགྲ་བགེགས་རྣམས་ཕྱེ་མར་བརླག་པ་འཁོར་ལོ་འཁོར་བའི་གནད་དང་། ཨུཥྞཱི་ཥའི་སྔགས་བཟླ་བ་སྔགས་ཀྱི་གནད་དོ། །གནད་ལྔ་དང་ལྡན་པའོ་ཞེས་གསུངས་པ་ལྟར་ཡིན་ནོ། །དེ་ཡང་དེ་ཉིད་བཅུ་པ་ལས། ད་ནི་བསྒོམས་པས་ཕྱིར་བཟློག་པ་བསྟན་པར་བྱ་སྟེ། ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ཕྱག་གཉིས་རང་གི་ཕྱག་མཚན་དང་། སྡིགས་མཛུབ་ཅན་ཁྲོ་བ་དང་བཅས་པ་ཉི་མའི་གདན་ཅན་གཡས་བརྐྱང་བས་བཞུགས་པ། ཁྲོ་བོའི་གཟུགས་ཅན་དབང་བསྐུར་བ་ལ་སོགས་པ་བླངས་ལ། དགྲ་བོའི་ཚོགས་ལ་བསྡིགས་པ་གཡོན་དུ་འཁོར་བས་གཡོ་བ་རྣམ་པར་བསམས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ་ཞེས་སོགས་གསུངས་སོ། །དེ་ལ་གཙོ་བོ་འཕོ་བ་དང་། འཁོར་ལོ་དང་སྔགས་ཀྱི་གནད་གསུམ་དངོས་སུ་བསྟན་ལ། དགྲ་བོའི་ཚོགས་ལ་བསྡིགས་པ་ཞེས་པས་ལྷའི་རྣམ་པའི་གནད་གསལ་བར་བསྟན་ནོ། །བསྲུང་བྱ་སྦ་བའི་གནད་གཞུང་དེ་ནས་དངོས་སུ་མ་གསུངས་ཀྱང་། གུར་འགྲེལ་ལས། བདག་ཉིད་བསྲུང་ན་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྣལ་འབྱོར་གྱིས་སྲུང་བའི་འཁོར་ལོའི་དབུས་སུ་གནས་ནས་རང་གི་སྙིང་གར་འཁོར་ལོའི་ལྟེ་བར་ཧཱུྃ་གི་ཐིག་ལེ་ལ་རང་གི་གཟུགས་བསམས་ནས་འཁོར་ལོ་གཡོན་དུ་འཁོར་བར་བསམས་ན་བསྲུང་བར་འགྱུར་ཏེ། གཞན་ལ་ཡང་དེ་བཞིན་ཞེས་བསྲུང་བྱ་སྦ་བ་ཡང་བཤད་པས་གནད་ལྔ་ནི་རྒྱ་གར་གྱི་གཞུང་རྣམས་ནས་འབྱུང་བའི་མན་ངག་ཡིན་གྱི། བོད་ཀྱི་བློས་བརྟགས་ནས་བྱས་པ་མ་ཡིན་ནོ། །འདི་དག་གི་དོན་རྗེ་ས་ཆེན་གྱིས་ཡན་ལག་བཞི་རྫོགས་སུ་བྱས་པའི་རྗེས་ལ། དེ་ནས་ལུས་བསྲུང་ཞིང་མིང་སྦ་བར་བྱ་སྟེ། དེ་ཡང་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པས་བལྟམས་པར་བསམ་པ་ནི་གོ་བགོ་བའོ། །དེ་ནས་རང་གི་སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་པ་ཅིག་བསྒོམ། དེའི་མཐའ་ན་ཕར་གང་བསྲུང་བར་འདོད་པའི་མིང་གི་ཡི་གེ་དང་པོ་བསམས་ལ། དེ་ཡང་སློབ་དཔོན་བསྲུང་བར་འདོད་ན་སྤྱི་བོར་བསྒོམ། སྤུན་ཟླ་གཡོན་དུ་བསམ། ཕ་མ་བདུན་དུ་བསམ། བུ་དང་ཆུང་མ་གཡས་སུ་བསམ། འཁོར་གཡོག་རྒྱབ་ཏུ་བསམ། ནོར་རྫས་རྣམས་འོག་ཏུ་བསམ། གང་མི་བསྲུང་བ་སྟོང་པར་གཞག་གོ །དེ་ནས་མཆོད་བསྟོད་བདུད་རྩི་མྱང་བ་ལ་སོགས་པ་གྲུབ་ན་བྱ་མ་གྲུབ་ཀྱང་ཆོག་དེ་ནས་ཙཀྲའི་ཕྱོགས་མཚམས་བརྒྱད་ཀྱི་རྩིབས་ཀྱི་བར་དུ། ཡྃ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། བསྒྲུབ་བྱ་ལུས་རེད་པ། སྐྲ་འཛིངས་པ། ཁ་ནས་ཁྲག་སྐྱུགས་པ། སྤྱིའུ་ཚུགས་སུ་འདུག་པར་བལྟ་སྟེ། དེ་ལ་གནོད་བྱེད་ཀྱི་ཤེས་པ་བཀུག་ལ་བསྟིམ་མོ། །དེ་ནས་སྔགས་བཟླས་པ་དང་། ཁྲོ་བོ་བཅུ་ཞལ་ཕྱིར་གཟིགས་པ་དང་། ཙཀྲ་གཡོན་དུ་མྱུར་བར་འཁོར་བས་གནོད་བྱེད་ཀྱི་ལུས་རླུང་གིས་བསྐྱོད། མེས་བསྲེགས་ཤིང་ཙཀྲའི་རྩེ་མོས་ཉལ་ཉལ་གཏུབས་པར་བསམ་མོ། །དེ་ལྟར་ལུས་གཏུབས་པས་ཁོའི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ནས་རྣམ་པར་ཤེས་པ་མི་བསྐྱོད་པའི་གནས་སུ་སྐྱེ་བར་བསམ་ཞིང་སྔགས་བཟླའོ། །ཞེས་གསུངས་པ་ལྟར་ཉམས་སུ་བླང་བར་བྱའོ། །དེ་ལ་བཟླས་པའི་སྔགས་གུར་ལེའུ་བཞི་པར་བཤད་པའི་སྔགས་ཀྱི་དོན་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། ཞེས་པ་ནི་ཀུན་ནས་དྭང་བས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཡིན་ལ། དེ་བཞིན་དུ་ན་མཿས་མནྟ་དྷརྨཱ་ནཱཾ་ཀུན་ནས་དྭང་བས་ཆོས་ལ་ཕྱག་འཚལ་ལོ་ཞེས་པའོ། །ན་མཿས་མནྟ་སཾ་གྷཱ་ནཱཾ་ཀུན་ནས་དྭང་བས་དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་པའོ། །ཨོཾ་ནི་འདིར། སྐལ་བཟང་རྣམ་པ་དང་ལྡན་ཞིང་། །ཞེས་པའི་དོན་ནོ། །སི་ཏཱ་ཏ་པ་ཏྲ་ནི་གདུགས་དཀར་པོ་ཅན་ཏེ་ཇི་ལྟར་གདུགས་ཀྱིས་ཚ་གདུང་སྐྱོབ་པ་ལྟར་ཆོས་དབྱིངས་ཡེ་ཤེས་ཀྱིས་ཉོན་མོངས་པའི་གདུང་བ་སྐྱོབ་པའི་དོན་ཏོ། །ཨོཾ་བི་མ་ལ་ནི་དྲི་མ་མེད་པ་སྟེ། ཆོས་དབྱིངས་ཡེ་ཤེས་ཀྱི་རང་གི་ངོ་བོ་ཉོན་མོངས་པ་དང་མཚན་མའི་དྲི་མ་དང་བྲལ་བའོ། །ཨོཾ་ཤཾ་ཀ་ར་ནི་འབྱུང་གནས་ཏེ། ཡེ་ཤེས་དེ་ཉིད་ཆོས་ཀྱི་ལོངས་སྤྱོད་ཀྱི་བདེ་བའི་འབྱུང་གནས་སུ་གྱུར་པའོ། །ཨོཾ་པྲ་ཏྱཾ་གི་ར་བཛྲ་ནི་ཚུལ་མ་ཡིན་བརླག་པར་བྱེད་པའི་རྡོ་རྗེ་སྟེ། ཡེ་ཤེས་དེས་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་བརླག་པར་བྱེད་པའོ། །ཨུཥྞཱི་ཥ་ཙཀྲ་ཝརྟི་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ། སྔར་གྱི་དྲི་མ་མེད་པ་ལ་སོགས་པའི་ཆོས་གསུམ་དང་ལྡན་པའི་ཆོས་དབྱིངས་ཡེ་ཤེས་དེ་ཉིད་གཟུགས་རྣམས་ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བར་ཤར་ཅེས་པའོ། །ཁྲོ་བོ་དེས་བྱེད་ལས་ཅི་ཞིག་ཅེ་ན། སརྦ་ཐམས་ཅད། ཡནྟྲ་འཁྲུལ་འཁོར། མནྟྲ་སྔགས། མཱུ་ལ་ཀརྨཱ་རྩ་བའི་ལས། བནྡྷཱ་ནཱཾ་འཆིང་བ། ཏཱ་ཌ་ནཱཾ་བཟློག་པ་སྟེ། མདོར་ན་སྔགས་དང་། འཁྲུལ་འཁོར་དང་། མངོན་སྤྱོད་ཀྱི་ཕྲིན་ལས་ཀྱི་སྒོ་ནས་བདག་ལ་གནོད་པའི་ལས་ཐམས་ཅད་འཆིང་བ་དང་། བཟློག་པའི་ལས་བྱེད་ཅེས་པའོ། །དེར་མ་ཟད་བྱེད་ལས་གཉིས་པ་ནི། ཀཱི་ལ་ནཱཾ་པཱ་ཕུར་བུའི་མཱ་མ་བདག་ལ། ཀྲྀ་ཏ་བྱས་ན། ཡེ་ན་གལ་ཏེ། ཀེ་ན་བྱེད་ན། ཙིཏྟ་སེམས་ཀྱི། ཀྲྀ་ཏཾ་ཏ་ཏ་དེ་དག་སྟེ། མདོར་ན་གཞན་འབའ་ཞིག་གིས་བདག་ལ་ཕུར་བུ་སྟེ་བྱད་ཀའི་གནོད་པ་བྱས་པ་དང་། བྱེད་པར་སེམས་པ་དེ་དག་ཅེས་པའོ། །སརྦནྟུ་ནི་ཐམས་ཅད་དེ། སྔར་གྱི་གནོད་པའི་ལས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་འཇོམས་ཞེས་པའོ། །ཇི་ལྟར་འཇོམས་ན་ཚིནྡྷ་ཚིནྡྷ་གཏུབས་ཤིག་པ་སྟེ། གཞན་གྱི་རིག་སྔགས་གཏུབས་ཤིག་པའོ། །བིནྡྷ་བིནྡྷ་ཕུག་ཅིག་པ་སྟེ། གཞན་གྱི་ཕྱག་རྒྱ་ཐམས་ཅད་ཕུག་ཅིག་པའོ། །ཙི་རི་ཙི་རི་ནི་ཕྱེ་མར་གྱིས་ཤིག་པ་སྟེ། རྩ་བའི་ལས་དམན་པ་ཐམས་ཅད་ཕྱེ་མར་གྱིས་ཤིག་པའོ། །གི་རི་གི་རི་ནི་གྱིས་ཤིག་པ་སྟེ་གང་གྱིས་ཤིག་ན་མ་ར་མ་ར་གསོད་གསོད་སྟེ། གསོད་པར་གྱིས་ཤིག་པའོ། །དོན་ནི་ཕྱི་རོལ་གྱི་དགྲ་བསད་པས་ལུས་མི་སྣང་བར་བྱས་པ་བཞིན་དུ། ཆོས་དབྱིངས་ཡེ་ཤེས་ཀྱིས་གཟུང་འཛིན་གྱི་བདུད་ཐམས་ཅད་མི་སྣང་བར་གྱིས་ཤིག་པའོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ནི་ཆོས་ཀྱི་དབྱིངས་ལ་ཡུལ་ཅན་བཅུ་མེད་པའི་ཕྱིར་ཧཱུྃ་བཅུ་སྨོས་པའོ། །ཕཊ་ཕཊ་ཕཊ་ནི་དགས་པ་སྟེ། གནས་གསུམ་དུ་ལྟུང་བའི་ཉེས་པ་རྣམས་དགས་པའི་དོན་ཏོ། །དོན་དེ་དག་དང་ལྡན་པའི་གསང་སྔགས་ལན་བདུན་ནམ་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་བཟླས་ཤིང་། དེའི་ཚེ་དམིགས་པ་ཇི་ལྟར་བྱ་ན། རྗེ་བཙུན་གྱི་མན་ངག་ལས། ན་མཿས་མནྟ་ནས་ཙཀྲ་ཝརྟི་ཡན་ཆད་ཀྱིས་གཙོ་བོ་གསལ་གདབ། སརྦ་ཡནྟྲ་ནས་མ་ར་ཡན་ཆད་ཀྱིས། ཁྲོ་བོ་རྣམས་ལས་ཁྲོ་བོ་རང་འདྲ་བ་དཔག་ཏུ་མེད་པ་སྤྲོས་ལ། གནོད་བྱེད་ཐམས་ཅད་ཚར་བཅད་པར་བསམ་མོ། །ཧཱུྃ་བཅུ་ཡིས་ཁྲོ་བོ་བཅུ་གསལ་གདབ། ཕཊ་གཅིག་གིས་སྟེང་། གཅིག་གིས་འོག གཅིག་གིས་བདག་དང་བསྲུང་བྱ་རྣམས་གསལ་གདབ། ཞེས་གསུངས་པ་ལྟར་བྱའོ། །དེ་ནས་འཕྲོ་འཇོག་པ་ན། རྗེ་ས་ཆེན་གྱིས་གང་དག་བདག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། སྦྱོར་བ་ངན་པར་བྱེད་པའི་དགྲ་བགེགས་གང་ཡིན་པ་དེ་དག་གི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད་བཅིང་བར་བགྱིའོ། །མཐུ་བརླག་བར་གྱུར་ཅིག རྫུ་འཕྲུལ་བརླག་པར་གྱུར་ཅིག སྟོབས་བརླག་པར་གྱུར་ཅིག དེས་བཟླས་པའི་སྔགས་ཀྱིས་དེ་ཉིད་བརླག་པར་གྱུར་ཅིག དེས་བསྒྲུབས་པའི་ལྷ་འདྲེས་དེ་ཉིད་ཀྱི་ཤ་ལ་ཟ་བར་གྱུར་ཅིག ཅེས་བརྗོད་ཅིང་ཐལ་མོ་བརྡབ་བོ། །ཞེས་གསུངས་པ་ལྟར་ངག་ཏུ་བཟློག་པའི་ཚིག་དེ་དག་བརྗོད་ཅིང་། ལུས་ཀྱིས་ཐལ་མོ་བརྡབ་སྟེ། རྡོ་རྗེ་གུར་ལས། ཧཱུྃ་གིས་དྲེགས་བྱས་ཕྱག་རྒྱས་གདབ། །རྡོ་རྗེ་འཚིར་བས་འཚིར་བ་ཉིད། །ཅེས་པའི་དོན། ལག་པ་གཉིས་ཀྱི་མཐིལ་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་བསྒོམ། སོར་མོ་རྣམས་ཀྱང་རྡོ་རྗེའི་རང་བཞིན་དུ་བསམས་ལ། ལག་པ་གཉིས་ཐལ་མོ་བརྡབ་པའི་བར་དུ་བགེགས་འཚིར་བར་བསམ་པ་གུར་རྒྱན་དུ་བཤད་ལ། དེ་ནས་སེམས་ཀྱི་དམིགས་པ་ནི་རྗེ་ས་ཆེན་གྱིས་བདག་ཉིད་ཀྱི་ཐུགས་ཀ་ནས་ཁྲོ་བོ་རང་འདྲ་བ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། གནོད་བྱེད་ཐམས་ཅད་ཀྱི་ལྕེ་བཅད་ཅིང་ལུས་མགོ་ནས་བཤང་ལམ་གྱི་བར་དུ་གཏུབས། གཤག་ཅིང་ལུས་རྡུལ་ཕྲ་རབ་ཙམ་དུ་བྱས་ནས་མེས་བསྲེགས། རླུང་གིས་གཏོར་བར་བསམ་ཞེས་གསུངས་པ་ལྟར་རོ། །དེ་ལྟར་བྱས་པའི་རྗེས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྟོ་བ་ཡངས་པའམ། དེ་འོད་དུ་ཞུ་བ་ལས་ཆོས་འབྱུང་དུ་བསམས་ནས་མངོན་པར་རྟོགས་པ་བསྒོམ་པ་ལ་འཇུག་གོ །ལྟོ་བའི་ནང་དུ་བསྒོམ་པ་ནི་རྡོ་རྗེ་གུར་ལས། ཡེ་ཤེས་རྡོ་རྗེ་རང་དབུས་སུ། །བཅུ་ཕྱེད་དཀྱིལ་འཁོར་བདག་ཉིད་དེ། །ཞེས་སྲུང་འཁོར་གྱི་སྐབས་ནས་གསུངས་པའི་དོན་ཡེ་ཤེས་རྡོ་རྗེ་སྟེ། རྣལ་འབྱོར་པ་རང་ཉིད་ཧཱུྃ་མཛད་ལ་སོགས་པ་དབུས་ཀྱི་ཁྲོ་བོའི་ང་རྒྱལ་གྱིས་སྲུང་འཁོར་གྱི་དབུས་སུ་གནས་ནས། བཅུ་ཕྱེད་དཀྱིལ་འཁོར་ཏེ། རིགས་བསྡུས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་ལྔ་པོ་བདག་ཉིད་ཀྱི་ལྟོ་བར་བསྒོམ་ཞེས་པ་སྟེ། ལྷའི་རིགས་ཀྱི་བློ་གྲོས་ཀྱི་འགྲེལ་པར། དབུས་ན་དཀྱིལ་འཁོར་ལྔ་ལ་ཁྲོ་བོ་གཞན་དང་ལྡན་པའོ། །ཞེས་སྲུང་འཁོར་གྱི་དབུས་སུ་ཁྲོ་བོ་དང་དཀྱིལ་འཁོར་གཉིས་ཀར་ལྡན་དགོས་པར་བཤད་པའི་ཕྱིར་རོ། །སྤྱི་དོན་གཉིས་པ་དངོས་གཞིའི་རྣལ་འབྱོར་ལ། ཡན་ལག་བཞི་དྲུག་གཉིས་ལས། བཞི་པ་ལྟར་ན་རྟེན་བསྐྱེད་པ་དང་། བརྟེན་པ་བསྐྱེད་པ་གཉིས། ཕྱི་མ་ལ་བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་གྱི་སྒོ་ནས་བཤད་པར་བྱ་བ་ཡིན་མོད་ཀྱི། ཡན་ལག་དྲུག་པའི་ནང་དུ་དེ་དག་ཐམས་ཅད་འདུས་པས་འདིར་ཡན་ལག་དྲུག་པ་ལྟར་བཤད་པ་ལ་བཞི་སྟེ། བསྐྱེད་རིམ་ཡན་ལག་དྲུག་བསྒོམ་པ། དེ་དེ་བཞིན་གཤེགས་པ་རིགས་དྲུག་དང་སྦྱར་བ། དེའི་རྒྱུ་མཚན། དེ་བསྒོམས་པ་ལས་བྱུང་བའི་རྟགས་སོ། །དང་པོ་ལ་དྲུག་སྟེ། གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་གོ །དང་པོ་ལ་བཞི་སྟེ། གཞིའི་ཡན་ལག རྒྱུའི་ཡན་ལག རྐྱེན་གྱི་ཡན་ལག གནས་ཐབས་ཀྱི་ཡན་ལག་གོ །དང་པོ་ནི། དེ་ལྟར་སྲུང་འཁོར་ཐུན་མོང་བ་རྐྱང་པ་བསྒོམས་ན་དེའི་དབུས་སུ་དང་། ཁྲོ་བོ་བཅུའི་སྲུང་འཁོར་བསྒོམས་ན། དབུས་ཀྱི་ཁྲོ་བོའི་ལྟོ་བའམ། ཞུ་བ་ལས་ཆོས་འབྱུང་བསྒོམས་ཏེ། དེ་ལ་དབྱིབས་ནི། སློབ་དཔོན་དཔལ་འཛིན་གྱིས། ཕྱག་རྒྱ་གྲུ་གསུམ་ཉིད་དེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར། འོག་ཏུ་ཟུར་གཅིག སྟེང་དུ་གཉིས་པའོ། །ཞེས་བཤད་པ་དང་། རྗེ་བཙུན་རྩེ་མོས་སྐུ་གསུང་ཐུགས་སྙིང་པོའི་ཕྱིར་གྲུ་གསུམ་ཟུར་བཞི་པའོ། །ཞེས་བཤད་པ་གཉིས་དོན་གཅིག་སྟེ། ཕྱོགས་གསུམ་པོ་གང་ནས་བལྟས་ཀྱང་ཕྱག་རྒྱའི་སྐྱེ་གནས་ཀྱི་དབྱིབས་སུ་གནས་པ་དང་། ཟུར་སྲིད་ཚད་ཀྱི་དབང་དུ་བྱས་ན། སྟེང་དུ་ཟུར་གསུམ་དང་། འོག་ཏུ་ཟུར་གཅིག་ཡོད་པའི་ཕྱིར་རོ། །འདི་གཉིས་ཀྱི་དབྱིབས་ཐ་དད་དུ་འཆད་ན། རྗེ་བཙུན་རྩེ་མོས་བཤད་པ་ལ་ཕྱག་རྒྱའི་སྐྱེ་གནས་ཀྱི་མཚོན་བྱེད་མ་ཚང་བར་འགྱུར་ཞིང་། དེ་ལྟར་དུ་འདོད་ན་གླེང་གཞིའི་ཨེ་ལ་ཕྱག་རྒྱའི་སྐྱེ་གནས་ཀྱི་མཚོན་བྱེད་མ་ཚང་བར་འགྱུར་རོ། །ཁ་དོག་ནི་མཚོ་སྐྱེས་ཀྱི་སྐབས་སུ་དཀར་པོར་བཤད་ཀྱང་། མན་ངག་ལུགས་ཀྱི་ཡན་ལག་བཞི་དྲུག་གཉིས་ཆར་དུ་ཕྱི་དཀར་ལ་ནང་དམར་བར་བཤད་ཅིང་། ས་བོན་ནི་རྒྱ་གར་བའི་སྒྲུབ་ཐབས་ཕལ་ཆེར་དང་། རྗེ་བཙུན་སྐུ་མཆེད་ཀྱིས་མ་བཤད་ལ། མར་མེ་མཛད་སོགས་ཀྱིས་ཨེ་ལས་བསྐྱེད་པར་བཤད་པ་ཡང་ཡོད་དོ། །ཆོས་འབྱུང་དེར་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་བསྒོམ་པའི་དགོས་པ་ནི། རྗེ་བཙུན་སྐུ་མཆེད་ཀྱིས་གདུལ་བྱ་འདོད་ཆགས་ཅན་ཉེ་བར་གཞུག་པ་དང་། ཆོས་ཀྱི་སྐུ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་བསྟན་པའི་དགོས་པའོ། །དེ་ཡང་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས། བྷ་ག་བཅོམ་ལྡན་སངས་རྒྱས་ཏེ། །དེས་ན་འདོད་ཆགས་སུན་མི་དབྱུང་། །གང་གཞན་དམ་ཚིག་གསུམ་པོ་རྣམས། །དེ་ཉིད་ཀྱི་ནི་ནང་དུ་འདུས། །ཞེས་གསུངས་ཞེས་བཤད་དོ། །གཉིས་པ་ནི། ཆོས་འབྱུང་དེའི་ནང་དུ་བདུད་རྩི་འོད་མ་གཏོགས་པའི་འགྲེལ་པ་ལུགས་ཀྱི་སྒྲུབ་ཐབས་རྣམས་དང་། མན་ངག་ལུགས་ཀྱི་ཡན་ལག་དྲུག་པ་ལས། རླུང་ནས་རིམ་པ་བཞིན་དུ་འབྱུང་བཞི་བསྒོམ་པ་གསུངས་ཤིང་། བདུད་རྩི་འོད་དང་། སྒྲུབ་ཐབས་མཚོ་སྐྱེས་དང་། མན་ངག་ལུགས་ཀྱི་ཡན་ལག་བཞི་པ་རྣམས་སུ་ས་ནས་རིམ་པ་བཞིན་དུ་བསྒོམ་པ་གསུངས་སོ། །འོ་ན་འདི་གཉིས་མི་འདྲ་བར་བཤད་པའི་རྒྱུ་མཚན་ཅི་ཞེ་ན། རྗེ་བཙུན་གྱི་དག་ལྡན་ལས། འདིར་རླུང་ནས་མས་རིམ་དུ་བསྒོམ་པར་བྱའོ། །དེ་ལྟར་ན་སློབ་དཔོན་པདྨ་བ་དང་། ཌོམྦི་པས་ས་ནས་བསྒོམ་པར་བཤད་པ་དང་མི་འགལ་ལམ་སྙམ་ན་མི་འགལ་ཏེ། དེ་དག་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། འཁོར་ལོ་བཞིའི་གོ་རིམ་ལ་དགོངས་པ་ཡིན་ཏེ། འདི་ཉིད་ཀྱི་ལེའུ་བཅུ་པ་ལས། རེག་པ་སྲ་བའི་བག་ཆགས་ཀྱིས། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་གཤེར་བའི་རྣམ་པ་ཡིས། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །ཞེས་འབྱུང་བ་དང་། ཡང་ལྟེ་བ་ས། སྙིང་ག་ཆུ། མགྲིན་པ་མེ། སྤྱི་བོ་རླུང་གི་རང་བཞིན་ཡིན་པའི་ཕྱིར་རོ། །རླུང་ནས་བསྒོམ་པ་ནི་ཕྱི་རོལ་གྱི་འབྱུང་བ་རླུང་ནས་རིམ་གྱིས་འཆགས་པ་དང་། ལུས་ཀྱི་དཀྱིལ་འཁོར་ལ་དགོངས་ཏེ། ཁ་སྦྱོར་ལས། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང་། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ལྟོ་བར་ཡང་ནི་ཆུ་ཡིན་ཏེ། །ཟླུམ་པོའི་གཟུགས་སུ་ཡང་དག་གནས། །སྙིང་གར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །ཞེས་འབྱུང་ངོ་། །དེ་དག་ནི་ཡན་ལག་ཙམ་ཡིན་ལ། གཙོ་བོར་ས་ནས་བསྒོམ་པ་ནི་སྦྱང་གཞི་ལུས་གྲུབ་པའི་མངལ་གྱི་སྔོན་འགྲོ་སྦྱོང་བས་ན་དྲི་མ་ཆུང་ལ། རླུང་ནས་བསྒོམ་པ་ནི་མངལ་གྱི་དངོས་གཞི་སྦྱོང་བས་ན་ཅུང་ཟད་ཟབ་སྟེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། རྣམ་ཤེས་ལས་ནི་སྐྱེས་པ་རླུང་། །དེ་ལས་མེ་ནི་འབྱུང་བར་འགྱུར། །དེ་ལས་སྐྱེས་པ་ཆུ་ཡིན་ཏེ། །དེ་ལས་དབང་ཆེན་འབྱུང་བར་འགྱུར། །དེ་ལས་ཕུང་པོ་འབྱུང་བར་འགྱུར། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །བརྒྱ་རྩ་བརྒྱད་ཀྱི་སྦྱོར་བས་སོ། །ཞེས་གསུངས་པ་ཡིན་ནོ། །གང་ལྟར་ཡང་འདྲ་བར་སྣང་བས་ན་སྦྱང་གཞི་གཙོ་ཆེ་ཆུང་ཡོད་ཀྱང་། ས་ནས་རིམ་གྱིས་བསྒོམས་པས་བཏུབ་མོད་སྙམ་ན། རྡོ་རྗེ་གུར་ལས། ནམ་མཁའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་དཀྱིལ་འཁོར་སྟེང་དུ་ཡང་། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཆུ་ཡི་དཀྱིལ་འཁོར་སྟེང་དུ་ནི། །བརྟུལ་ཞུགས་ཅན་གྱིས་དབང་ཆེན་བསྒོམ། །ཞེས་འབྱུང་བ་ཡིན་ནོ། །ཞེས་བཤད་པ་ལྟར་རོ། །སའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་གུར་ལས། འབྱུང་བཞིའི་བདག་ཉིད་དཀྱིལ་འཁོར་ཉིད། །དེ་ཡི་སྟེང་དུ་སངས་རྒྱས་བསམ། །སྤྲོས་ནས་གཞལ་ཡས་གནས་དགོད་བྱ། །ཞེས་གསུངས་པ་ལ་བརྟེན་ནས་འགྲེལ་པ་ལུགས་དང་། མན་ངག་ལུགས་ཀྱི་ཡན་ལག་དྲུག་པ་རྣམས་སུ་འབྱུང་བཞིའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་བསྒོམས་ལ། དེའི་ཁ་དོག་ནི། བླ་ཆེན་འཕགས་པས་དཀར་པོར་བཤད་ཅིང་། ཁ་ཅིག་གིས་སེར་པོར་བྱས་སོ། །དེ་ལ་དང་པོ་ལྟར་ན། འཁོར་ལོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་པས་དེའི་ཁ་དོག་ལ་དགོངས་པ་ཡིན་ལ། ཕྱི་མ་ནི་རྣམ་སྣང་གི་སྦྱང་གཞི་སའི་ཁམས་ཡིན་ལ། དེའི་ཁ་དོག་སེར་པོ་ཡིན་པས་དེའི་དབང་དུ་བྱས་པའོ། །ཞེས་ཡེ་ཤེས་ཞབས་ལུགས་པ་རྣམས་འཆད་དོ། །དབྱིབས་ནི་རྗེ་བཙུན་རྩེ་མོས་རྩིབས་བརྒྱད་པ་དང་། རྗེ་བཙུན་ཆེན་པོས་རྩིབས་བཅུ་པར་གསུངས་པ་གཉིས་ཀ་མི་འགལ་ཏེ། དང་པོས་ཕྱོགས་མཚམས་བརྒྱད་པོ་ཙམ་ཞིག་དང་། གཉིས་པས་སྟེང་འོག་གཉིས་དང་བཅས་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་དེའི་སྟེང་དུ་བར་སྲིད་ཀྱི་ངོ་བོ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་སྟེ་སྒོ་གསུམ་གྱི་ངོ་བོའི་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩེགས་པ་སྲེད་པ་དང་ལེན་པའི་རང་བཞིན་ཧོ་དམར་པོ་གཉིས་ཀྱིས་སྟེང་འོག་གི་མཐའ་བརྟེན་བསྒོམས་ཏེ། རྗེ་བཙུན་གྱི་ཡན་ལག་དྲུག་པར། བར་སྣང་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ། ཧོ་དམར་པོ་གཉིས་ཀྱིས་མཐའ་བརྟེན་པ་ཞེས་གསུངས་པས་སོ། །བླ་མ་ཁ་ཅིག་རང་བཞིན་གྱི་གནས་ནས་བར་སྲིད་ཡིག་འབྲུ་ལྔའི་གཟུགས་ཀྱིས་འོངས་ནས་འབྱུང་བཞི་སོགས་ལ་འདྲེས་པ་ལས་ཐོག་མར་བསྐྱེད་པ་མི་འདོད་པ་ནི་ཤིན་ཏུ་མི་འཐད་དེ། སློབ་དཔོན་མི་ཐུབ་ཟླ་བས། ཡབ་ཡུམ་གྱི་སྒྲུབ་ཐབས་གཉིས། ཀུ་མུ་ཏི་རྣམས་ལས། བྷྲཱུྃ་ལས་འཁོར་ལོའི་སྟེང་དུ་བདག །སྲིད་པ་བར་མའི་བསམ་གཏན་བྱ། །ཞེས་དང་། རིན་ཆེན་འབར་བར། བྷྲཱུྃ་ལས་འཁོར་ལོ་དེ་སྟེང་དུ། །སྲིད་པ་བར་མའི་བག་ཆགས་བསམ། །ཞེས་བསྐྱེད་པ་དངོས་སུ་གསུངས་པ་དང་འགལ་བའི་ཕྱིར་རོ། །དེ་ལྟ་བུའི་ཡིག་འབྲུ་ལྔ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་རོ་གཅིག་ཏུ་འདྲེས་པའི་རྐྱེན་གྱི་གཞལ་ཡས་ཁང་བསྐྱེད་དགོས་ཏེ། རྗེ་བཙུན་གྱིས་ཡན་ལག་དྲུག་པར་བར་དོའི་ཤེས་པ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཞུགས་པས་གཞལ་ཡས་ཁང་ཞེས་གསུངས་པས་སོ། །འདིའི་དོན་རྟོག་གེ་ལ་མངོན་པར་དགའ་བ་ཁ་ཅིག་མིག་གི་རྣམ་པར་ཤེས་པ་སྔོན་པོ་ལ་ཞུགས་ཞེས་པ་དཔེར་བྱས་ནས་ཡིག་འབྲུ་ལྔ་པོ་འདྲེས་པ་མ་ཡིན་གྱི། དེའི་དམིགས་པ་བཞུགས་པས་བྱུང་བཞི་འཁོར་ལོ་དང་བཅས་པ་འདྲེས་ནས་གཞལ་ཡས་ཁང་བསྐྱེད་པ་ཡིན་ཅེས་པ་ནི་ཧ་ཅང་མི་འཚམ་པའི་གཏམ་སྟེ། མི་ཐུབ་ཟླ་བས། སྲིད་པ་བར་མ་བསམ་བྱས་ནས། །ཨེ་ཝཾ་ཉིད་དུ་རབ་ཏུ་འདྲེས། །འདྲེས་གྱུར་དེ་ལས་བྱུང་བ་ནི། །སངས་རྒྱས་ཕོ་བྲང་ཐུན་མོང་ཡིན། །ཞེས་དང་། གྲུབ་ཆེན་ཌོམྦི་པས། བདག་ཀྱང་བསམ་པར་བྱ་བ་སྟེ། །ཨེ་ཝཾ་ཉིད་དུ་བདག་དང་ནི། །འདྲེས་པར་གྱུར་པ་འཁོར་ལོ་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །འདིར་གཞལ་ཡས་ཁང་ལ་རྫོགས་པར་བསྟིམ་པས་འོག་ཏུ་རྒྱུ་རྡོ་རྗེ་འཆང་གི་ཞལ་དུ་འཇུག་རྒྱུ་མེད་པ་ཡང་མ་ཡིན་ཏེ། དེར་ཡང་ཡིག་འབྲུ་ལྔ་གསར་དུ་བསྐྱེད་ནས་འཇུག་པའི་ཕྱིར་རོ། །གང་ཟག་གཞན་གྱི་བར་དོར་འགྱུར་བའི་སྐྱོན་ཡང་མི་གནས་ཏེ། རྣལ་འབྱོར་པའི་བློ་ངོར་ནི་སེམས་ཅན་ཐམས་ཅད་ཀྱི་བར་དོ་སྦྱོང་བ་ཡིན་ལ། གོ་དོན་མངོན་རྟོགས་ཀྱི་རྒྱུན་རྣལ་འབྱོར་པ་རང་ཉིད་ལ་སྦྱོར་བའི་ཚེ་ན་ཡང་རང་གི་བར་དོ་སྦྱོང་བྱེད་ལན་གཉིས་སུ་འགྱུར་བའི་ཕྱིར། བར་དོ་སྦྱོང་བྱེད་ཡིན་ན་འཆི་སྲིད་སྦྱོང་བྱེད་དེའི་སྔ་རོལ་དེ་མ་ཐག་ཏུ་དགོས་པ་ཡང་མ་ཡིན་ཏེ། མངོན་རྟོགས་ཀྱི་དངོས་གཞིས་སྐྱེ་འཆི་བར་དོ་གསུམ་སྦྱོང་བའི་ཚེ་ཐོག་མར་བར་དོ་སྦྱོང་བྱེད་དགོས་པའི་ཕྱིར་རོ། །གཞན་ལུགས་ཀྱི་བླ་མ་དག་བརྟེན་པ་ལྷ་ལ་རང་གི་ཤེས་པ་འཇུག་པ་ནི་ལེགས་མོད་ཀྱི། རྟེན་གཞལ་ཡས་ཁང་ལ་ཤེས་པ་འཇུག་པ་ཤིན་ཏུ་མི་འཐད་དེ། བེམ་པོ་ལ་ཡིད་ཀྱི་ཤེས་པ་མེད་པའི་ཕྱིར་རོ། །སྙམ་ན། དེ་ནི་མི་འཐད་དེ། འདིར་ནི་གཞལ་ཡས་ཁང་དང་ཤེས་པ་བསྲེ་བ་ནི། རྩ་རྒྱུད་ལས། ཇི་ལྟར་སྒོམ་པ་པོ་འབྱུང་བའང་། །ཞེས་པའི་དོན་ཡིན་པས་འདི་མི་འདོད་པའི་རྒྱ་བོད་སུ་ཡང་མེད་ལ། བསྲེས་པའི་དགོས་པའང་འབྱུང་བཞི་ལུགས་འབྱུང་མངལ་གྱི་དངོས་གཞི་སྦྱོང་བྱེད་དུ་གསུངས་ཤིང་། སྐབས་དེར་བར་དོ་བསྲེས་ཏེ། འབྲས་བུ་གཟུགས་ཀྱི་རྣམ་པ་གཞལ་ཡས་ཁང་དུ་ཤར་ཅིང་། ངོ་བོ་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་བསྒོམས་པས་བར་སྲིད་དང་། སྐྱེ་སྲིད་གཉིས་ཆར་སྦྱོང་བའི་ཕྱིར་རོ། །འབྱུང་བཞི་ལུགས་བཟློག་ལ་བར་སྲིད་མི་བསྲེ་བའི་གནད་ཀྱང་འདི་ཉིད་ཡིན་ནོ། །འོ་ན་དེ་ལ་རྐྱེན་གྱི་ཡན་ལག་ཅི་ལྟར་འགྱུར་སྙམ་ན་འབྱུང་བཞི་ལ་རང་སེམས་བསྲེ་བ་སྟེ། རྗེ་བཙུན་རྩེ་མོས། དེ་ནས་རྐྱེན་གྱི་ཡན་ལག་ནི། །འབྱུང་བཞིར་རྣམ་ཤེས་ཞུགས་བསྒོམས་ཏེ། །འབྱུང་བཞིའི་དཀྱིལ་འཁོར་ཐམས་ཅད་ཀྱང་། །རང་གི་སེམས་ཙམ་དུ་ཤེས་བྱ། །ཞེས་པས་རྐྱེན་གྱི་ཡན་ལག་དང་། འཇུག་ཚུལ་གཉིས་རྟེན་པའི་ཕྱིར། དེའི་དགོས་པ་ཡང་གཞལ་ཡས་ཁང་རང་གི་སེམས་ཙམ་དུ་ཤེས་པའོ། །བཞི་པ་གནས་ཐབས་ཀྱི་ཡན་ལག་ལ་གསུམ་སྟེ། གནས་ཐབས་ཞིབ་ཏུ་གཏན་ལ་དབབ་པ། ཞར་བྱུང་དུར་ཁྲོད་བཤད་པ། ནང་གི་རྣམ་པ་དང་གདན་བཤད་པའོ། །དང་པོ་ནི། འོག་གཞི་ལོགས་དང་སྟེང་ཐོག་དང་། །སྒོ་དང་རྟ་བབས་ལྔ་ཡིས་བསྡུས། །འོག་ལ་སྣ་ཚོགས་རྡོ་རྗེ་དང་། །ཉི་མ་པདྨ་ཁོར་ཡུག་གོ །དེ་ལ་དང་པོ་སྣ་ཚོགས་རྡོ་རྗེ་ནི་གཞལ་ཡས་ཁང་པ་གནས་པའི་རྟེན་ཏེ། དེའི་ལྟེ་བ་གྲུ་བཞི་པའི་ཤར་ནུབ་ཀྱི་རྒྱ་ནི་ཆ་ཆེན་བཅུ་གཉིས་ཡིན་ལ། དེའི་སྟེང་འོག་གི་དཔངས་ནི་ཆ་ཆེན་གཅིག་གོ །དེ་ལས་འཐོན་པའི་ཕྱོགས་བཞིའི་རྭ་ནི་འདིར་རྩ་ཐིག་ནས་རྩ་ཐིག་གི་བར་ལ་དཀྱིལ་འཁོར་དུ་བྱས་པའི་ཐིག་སྐུད་དེ་ཉིས་འགྱུར་གྱི་ལུགས་ཏེ། ཐིག་སྐུད་ཆ་ཆུང་རེ་བཞི་པའི་ཕྱོགས། རྟ་བབས་དཔངས་སུ་སྒོ་ཚད་གཅིག་མ་ཡིན་ལ། དེའི་ཕྱི་རོལ་རྭའི་སྲིད་ལ་ཆ་ཆེན་གཉིས་ཡོད་དོ། །རྭ་རྣམས་ཀྱི་ཁ་དོག་ཀྱང་ཕྱོགས་མདོག་ཡིན་ལ། དབུས་ཀྱི་ཁ་དོག་ནི་འདིར་སྔོན་པོའོ། །གཉིས་པ་ཉི་མ་ནི། སྣ་ཚོགས་རྡོ་རྗེ་གནས་པའི་གཞི་སྟེ། མེ་ཤེལ་གྱི་རང་བཞིན་ཅན་ཁ་དོག་དམར་པོ། དབྱིབས་ཟླུམ་པོ། རྒྱར་ཆ་ཆུང་དྲུག་ཅུ་རེ་བཞིའོ། །གལ་ཏེ་ཉི་མ་དམར་པོ་ཡིན་ན། བྲི་ཆ་ལ་ཁ་དོག་ལྗང་གུར་བྱེད་པ་དང་འགལ་སྙམ་ན། ཉི་མའི་ཁ་དོག་དམར་པོ་ཡིན་ཀྱང་། དེའི་འོག་ན་པདྨ་ཡོད་ལ། དེའི་ལྟེ་བ་ལྗང་གུ་ཡིན་པར་ཨ་བྷ་ཡས་བཤད་པས་དེའི་ཁ་དོག་ཏུ་གྱུར་པ་སྟེ། དཔེར་ན་དར་ལྗང་གུའི་སྟེང་དུ་ཤེལ་དམར་པོ་བཞག་པ་ལྟ་བུའོ་ཞེས་བོད་ཀྱི་ཕྲེང་བ་མཁན་པོ་རྣམས་གསུང་ངོ་། །གསུམ་པ་པདྨ་ནི། སྣ་ཚོགས་རྡོ་རྗེ་གནས་པའི་རྟེན་ཏེ། ལྟེ་བའི་ཚད་ཉི་དཀྱིལ་དང་མཉམ་ལ། འདབ་མའི་རྒྱ་ཆ་ཆུང་གཉིས་པར་ཐིག་གིས་རིགས་པས་ཤེས་ཤིང་། གྲངས་ནི་ལ་ལི་ཏ་བཛྲ་གྱིས། འདབ་མ་འབུམ་ལྡན་དེ་དབུས་སུ། །ཞེས་བཤད་ལ། བླ་མ་རྔོག་པ་རྣམས་ཀྱིས་སུམ་ཅུ་སོ་གཉིས་པར་འདོད་དེ། ཁ་དོག་ནི་ཨ་བྷ་ཡས་སྣ་ཚོགས་པར་བཤད་པ་ལྟར་ཡིན་ནོ། །བཞི་པ་ཁོར་ཡུག་ནི། ཆོས་འབྱུང་གི་ས་དང་། རྡོ་ར་དང་། མེ་རི་སྟེ། འདི་དག་ནི་སྔར་བཤད་པ་ལྟར་རོ། །ལོགས་ལ་རྩིག་པ་ཕ་གུ་དང་། དྲྭ་ཕྱེད་མདའ་ཡབ་པུ་ཤུའོ། །དེ་ལ་དང་པོ་རྩིག་པ་ནི་སྔར་གྱི་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཆ་ཆེན་བཅུ་གཉིས་མཉམ་པར་བགོས་པའི་དབུས་ནས་ཕྱི་རོལ་དུ་བགྲངས་པའི་ཆ་ཆེན་ལྔ་པ་ལ་དབུས་དོར་མཐའ་གཉིས་གདབ་པའི་མཐའ་ནང་མ་ནི་རྩིག་པའི་ས་ཡིན་པས། དེའི་རྒྱ་ནི་ཐིག་ན་ཇི་ལྟར་ཡོད་པ་བཞིན་ཡིན་ལ། ཆུར་ནི་ཕྱོགས་བཞི་ཆར་ལ་སྒོ་ལོགས་ནས་སྒོ་ལོགས་ཀྱི་བར་རྒྱུན་ཆགས་སུ་སོང་བའོ། །དཔངས་ནི་རྒྱ་དཔང་མཉམ་པར་འདོད་པ། རྒྱ་ཕྱེད་དཔངས་སུ་འདོད་པ། ཆ་ཕྲན་ལྔར་འདོད་པ་གསུམ་ལས། དང་པོ་ལྟར་ན་སྔ་རབས་པ་འགའ་ཞིག་རྩིག་པའི་ནང་ནས་ནང་གི་བར་ལ་ཆ་ཆེན་བརྒྱད་ཡོད་ལ། དེ་ཉིད་རྩིག་པ་མན་ཆད་ཀྱི་དཔངས་སུ་འདོད་ལ། ཁ་ཅིག་ཆ་ཆེན་བརྒྱད་པོ་དེ་ཉིད་དྲྭ་ཕྱེད་མན་ཆད་ཀྱི་དཔངས་སུ་འདོད་དོ། །དེ་ལ་ཕྱིས་ཀྱི་མཁས་པ་དག་དཀྱིལ་འཁོར་གྱི་ཀ་བ་ལ་ཆ་ཆེན་བཞི་ལས་མེད་པས། ཀ་བའི་རྩེ་མོ་ནས་ཐོག་གི་བར་དུ་བར་སྟོང་ཆ་ཆེན་བཞི་ཡོད་པར་འགྱུར་ལ། དེ་ལྟར་ན་ཀ་བ་ལ་འདེགས་རྒྱུ་མེད། གདུང་ལ་འདེགས་མཁན་མེད་པའི་སྐྱོན་ཡོད་དོ། །གལ་ཏེ་སྐྱོན་མེད་དེ། ཐིག་ཏལ་པོར་བཏབ་པ་དེ་ཀ་བ་དེའི་དཔངས་ཚད་ཡིན་པས་ཐོག་དང་། ཀ་བ་དཔངས་མཉམ་མོ་ཞེ་ན། དེ་ལྟར་ན་ཀ་བ་བཞི་ལས་མེད་པས་བརྒྱད་མ་ཚང་ཞིང་། ཕྱོགས་རེར་ཀ་བ་རེ་རེ་ལས་མེད་པའམ། ཡང་ན་ཕྱོགས་གཉིས་སུ་ཀ་བ་གཉིས་གཉིས་ཕྱོགས་གཉིས་སུ་ཀ་བ་མེད་པའི་སྐྱོན་དུ་འགྱུར་ལ། དེ་ཉིད་སྣང་ཆེན་དུ་ཕྱོགས་ཀྱི་ཆ་རེ་རེ་ཞིང་རྩིག་པ་ལ་བརྟེན་པའི་རྡོ་རྗེའི་ཀ་བ་གཉིས་གཉིས་ཡོད་པས་ཞེས་བཤད་པ་དང་འགལ་བར་འགྱུར་རོ། །འོ་ན་ཐམས་ཅད་གསང་བར། ཕྱི་ཡི་གྲུ་བཞི་གང་ཡིན་པར། །ཚད་ཀྱིས་མཉམ་པ་ཉིད་གྱུར་པ། །ཞེས་རྒྱ་དཔངས་མཉམ་པར་བཤད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གྲུ་བཞིའི་ལོགས་བཞི་པོ་མཉམ་པོ་ལ་དགོངས་ཏེ། དེའི་འགྲེལ་པར། ཕྱིའི་གནས་གང་ཡིན་པར་ཚད་ཀྱི་ལོགས་བཞི་མཉམ་པར་འགྱུར་བ་གང་ཡིན་པ་དེ་ནི་ཐིག་བཞི་ཞེས་བྱ་ལ། ཞེས་ལོགས་བཞི་མཉམ་པ་ལ་བཤད་པའི་ཕྱིར་རོ་ཞེས་ཕྱོགས་སྔ་མ་ལ་དགག་པ་མཛད་པ་རྣམས་སྙོན་མི་ནུས་པར་སོང་སྣང་མོད། འོན་ཀྱང་དེ་ཉིད་སྣང་ཆེན་གྱི་ལུང་དེ་ནི་བསྒོམ་བྱའི་སྐབས་སུ་ཀ་བ་བརྒྱད་ཡོད་པར་བརྟེན་པ་ཡིན་ལ། འདིར་ཕྱོགས་སྔའི་བློ་ཡུལ་དུ་བྲི་བྱ་ལ་ཀ་བ་བརྒྱད་ཡོད་པའི་ལུང་ཞིག་དགོས་པས་ན། འདིར་རྡོ་རྗེ་རྩེ་མོ་ལས། ཟུར་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་མཛེས་བྱས་ཤིང་། །རྡོ་རྗེ་ཕྲེང་བས་ཡོངས་བསྐོར་བར། །དཀྱིལ་འཁོར་དབུས་མ་བྲི་བར་བྱ། །ཞེས་དང་། དེ་ཉིད་བསྡུས་པ་ལས། དེ་ཡི་འཁོར་ལོ་སོ་སོའི་སྐབས། །ནང་དུ་ཡང་ནི་ཞུགས་ནས་ནི། །རྡོ་རྗེ་ཐེག་ནི་ཡོངས་བཅུག་ཅིང་། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བྱ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །རྡོ་རྗེ་ཀ་བའི་རྩེར་གནས་ལ། །དཀྱིལ་འཁོར་ལྔ་ཡིས་རྣམ་པར་བརྒྱན། །ཞེས་གསུངས་པ་རྣམས་ལུང་དུ་དྲངས་པས་རྒྱ་དཔངས་མཉམ་པོར་འདོད་པ་ཐམས་ཅད་ཁེགས་པ་ཡིན་ནོ། །གཉིས་པ་རྒྱ་ཕྱེད་དཔངས་སུ་འདོད་པ་ལྟར་ན། ཕྱིས་ཀྱི་མཁས་པ་དག་དཀྱིལ་འཁོར་གྱི་ཀ་བ་ནི་རྩ་བ་རྩིག་པ་ནས། རྩེ་མོ་དཀྱིལ་འཁོར་དབུས་སུ་སླེབ་པ་ཆ་ཆེན་བཞི་ཡིན་ཏེ། ཀོ་ས་ལར། ཀ་བ་བརྒྱད་ཀྱི་ཞེས་པ་ལ་སོགས་པ་ལ་སྒོ་རེ་རེའི་ཐད་ཀར་ཡང་ཀ་བ་གཉིས་གཉིས་ཏེ་མཐའ་གཅིག་ནི་རྡོ་རྗེའི་ཐིག་ལ་བརྟེན་པ། མཐའ་གཅིག་ནི་དཀྱིལ་འཁོར་གྱི་ལྟེ་བ་ལ་བརྟེན་ནོ། །དེ་ལྟར་ན་སྒོ་བཞིའི་ཐད་ཀར་ཀ་བ་བརྒྱད་དུ་འགྱུར་རོ་ཞེས་སོ། །ཀ་བ་རྣམས་ཕྱོགས་མདོག་ལ་ཁ་དོག་གཞན་རིན་པོ་ཆེས་སྤྲས་པ། ཀ་གདན་ཀ་ཞུ་ལའང་རིན་པོ་ཆེས་སྤྲས་ཤིང་ཇི་ལྟར་མཛེས་པར་བྱས་ཏེ་དེ་གཉིས་ཀྱང་ཀ་བའི་དཔངས་ལ་ཐེའོ། །ཀ་བ་འདིའི་རིགས་པས་དཀྱིལ་འཁོར་གྱི་ཐོག་དཔངས་ཀྱང་རྒྱའི་ཕྱེད་དུ་བྱས་པ་ཡིན་ནོ། །དེའི་ཕྱིར་རྩིག་པའི་དཔངས་ལ་ཆ་ཆེན་གསུམ་དང་ཆ་ཕྲན་གཅིག རིན་ཆེན་སྣམ་བུ་ལ་ཆ་ཕྲན་གཅིག དྲྭ་བ་དྲྭ་ཕྱེད་ཀྱི་ས་ལ་ཆ་ཕྲན་གཉིས་ཏེ། དེ་དང་ནང་གི་གདུང་དཔངས་མཉམ་པར་བྱའོ་ཞེས་བཞེད་པ་ཡང་ཀ་བའི་ཚད་དེ་ལྟར་ཡིན་པ་ཤིན་ཏུ་ལེགས་མོད། དེས་དཀྱིལ་འཁོར་གྱི་ལོགས་ཀྱི་དཔངས་གཞལ་བ་ཤིན་ཏུ་མི་འཐད་དེ། ཁྱེད་རང་གི་ལུགས་ལ་ཀ་བའི་སྟེང་དུ་གདུང་ཟླུམ་ཆ་ཕྲན་གཅིག་པ་དང་། ཐལ་གདུང་ཆ་ཕྲན་གཅིག་པ་གཏོང་བར་འདོད་པ་ལ་ཀ་བ་དང་དྲྭ་ཕྱེད་མན་ཆད་དཔངས་མཉམ་ན། གདུང་གཉིས་པོ་དྲྭ་ཕྱེད་ཀྱི་སྟེང་དུ་བྱུང་བས། དྲྭ་ཕྱེད་ཀྱི་སྟེང་དང་ཐོག་དཔངས་མཉམ་པོར་འདོད་པ་དང་ནང་འགལ་ལོ། །ཡང་གདུང་གཉིས་པོ་དེ་དྲྭ་ཕྱེད་མན་ཆད་ལ་ཆུད་པར་བྱས་ན་ཀ་བ་ཆ་ཆེན་ཕྱེད་དང་བཞི་པར་འགྱུར་བའི་སྐྱོན་ཡོད་དོ། །གཞན་ཡང་ཀ་གདན་དང་ཀ་ཞུ་ཀ་བའི་དཔངས་ལ་ཐེ་བ་ཤིན་ཏུ་མི་རིགས་ཏེ། དཀྱིལ་འཁོར་ཤར་ནུབ་ཀྱི་ལེ་དགུའི་ཐིག་རྣམས་ནི་ཀ་བ་ཁོ་ནའི་ཐིག་ཡིན་གྱི། གཞན་གྱི་དོན་མེད་པའི་ཕྱིར་རོ། །གསུམ་པ་ཆ་ཕྲན་ལྔར་འདོད་པ་ལྟར་ན། བླ་མ་ཁ་ཅིག་རྟ་བབས་ཀྱི་ཀ་བ་ལ་ཆ་ཕྲན་ལྔ་ཡོད་པས་བཞི་ནི་ལྷའི་ལུས་ཡིན་ལ། ཆ་ཕྲན་གཅིག་ཁྲུ་གང་ཡིན་པས་ལྷའི་སྐུ་བས་ཁྲུ་གང་གིས་མཐོ་བས་ཆོག་པའི་ཕྱིར། ཐོག་དཔངས་དེ་ཙམ་མོ་ཞེས་གསུང་པ་ནི་བདེ་མཆོག་གི་འཁོར་ལོའི་ཐོག་དཔངས་དེ་ལྟར་དུ་གསུངས་པའི་རིགས་པས་གཞལ་ཡས་ཁང་ལ་སྦྱར་བར་སྣང་མོད། སྔར་དྲངས་པའི་ལུང་རྣམས་ལས་ཀ་བའི་དཔངས་ཆ་ཆེན་བཞིར་བཤད་པས་ཀ་བ་ཐོག་འོག་ཏུ་མ་ཆུད་པའི་སྐྱོན་ཡོད་དོ། །དེས་ན་རང་ལུགས་ནི་གཞལ་ཡས་ཁང་གི་དཔངས་འདི་ལྟར་ཡིན། རྒྱུད་དང་རྒྱ་གཞུང་གཞན་རྣམས་ལས་དངོས་སུ་མི་གསལ་ཡང་། ནོར་བུ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པའི་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ལས། ས་ཕྱོགས་དེར་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་གྲུ་བཞི་པ་ཀ་བ་བཞི་ཟུག་པ། སྒོ་བཞི་གཏོད་པ། མཉམ་པ་ཉམས་དགའ་བ། ཤིན་ཏུ་རྣམ་པར་ཕྱེ་བ། ཆེས་མཛེས་པར་བྱས་པ། བཀྲ་བ། བལྟ་ན་སྡུག་པ། འོད་འབར་བ། ཐེམ་སྐས་བཞི་དང་ལྡན་པ། འཕང་དུ་དཔག་ཚད་གསུམ་ཡོད་པ། རྒྱར་དཔག་ཚད་ལྔ་ཡོད་པ་ཞིག་འབྱུང་ངོ་ཞེས་གསུངས་པས་ཤར་ནུབ་ཏུ་ཆ་ཆེན་བརྒྱད། ཆ་ཕྲན་སུམ་ཅུ་སོ་གཉིས་ཡོད་པ་དེ་ཉིད་དུམ་བུ་ལྔར་བགོས་པའི་དུམ་བུ་རེ་རེ་ནི་དཔག་ཚད་རེ་རེ་བྱས་པས་འདིར་དཔག་ཚད་རེ་ལ་ཆ་ཕྲན་དྲུག་རེ་དང་། ཆ་ཕྲན་གཅིག་གི་ཆ་གཉིས་རེ་ཐོབ་སྟེ། དེ་ལྟར་ན་རྒྱར་དཔག་ཚད་ལྔ་ཞེས་པའི་དོན་ཏོ། །འཕང་དུ་དཔག་ཚད་གསུམ་ནི་གྲུ་བཞི་པའི་ཐོག་མན་ཆད་ཀྱི་དཔངས་ཡིན་པས་ཆ་ཕྲན་བཅུ་དགུ་དང་། ཆ་ཕྲན་གཅིག་གིས་ལྔ་ཆ་སྟེ། མདོར་ན་རྩིག་པའི་དཔངས་ཆ་ཆེན་བཞི། ཕ་གུ་ལ་ཆ་ཕྲན་གཅིག དྲྭ་ཕྱེད་ལ་ཆ་ཕྲན་གཉིས། གསེར་གྱི་སྐ་རགས་ལ་ཆ་ཕྲན་གཅིག་གི་ལྔ་ཆ་སྟེ། འདི་མན་ཆད་དཔག་ཚད་གསུམ་ཡིན་ལ། སྐ་རགས་དང་ནང་གི་གདུང་དཔངས་མཉམ་པའི་སྟེང་ནས་ཐོག་འབུབས་པ་ཡིན་ནོ། །དེ་ལ་རྩིག་པ་ལྔ་ནི་རྒྱ་གར་བ་ཁ་ཅིག་རྩིག་པ་ལྔ་སྟེང་ནས་སྟེང་དུ་བརྩེགས་པར་འདོད་པ་ཡོད་མོད་ཀྱི། འདིར་ནི་རྡོ་རྗེ་རྩེ་མོ་ལས། སྔོན་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལས་བགྱིས་པ་སྟེ། །པདྨ་རཱ་གའི་རང་བཞིན་གཞན། །དེ་བཞིན་གཞན་དག་མརྒད་འདྲ། །དཀར་པོ་ནང་དུ་ཤེས་བྱ་སྟེ། །ཞེས་གསུངས་པ་དང་། བྲི་བྱ་ལ་ཕྱི་ནང་དུ་ཡོད་པ་ལྟར་བསྒོམ་དོན་ལ་མི་རུང་བའི་དམིགས་བསལ་མེད་པ་ལ་དགོངས་ནས་རྩིག་པ་ལྔ་ཕྱི་ནང་དུ་སྦྲག་པར་འདོད་ལ། དེ་རྣམས་ཀྱི་ཁ་དོག་ཀྱང་གུར་འགྲེལ་ལས། ཧེ་རུ་ཀ་ལ་ནི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོ་སྟེ་ཞེས་གསུངས་པ་ལྟར་ཕྱི་ནས་རིམ་པ་བཞིན་དུ་ཡོད་པའོ། །རྩིག་པའི་ཞེང་ཚད་ནི་བཞི་བརྒྱ་ལྔ་བཅུ་པ་ལས། སྒོ་ཡི་ཉི་ཤུ་ཆ་རུ་ནི། །རི་མོ་མཉམ་པར་དགྱེ་བར་བྱ། །ཞེས་གསུངས་པས་ཆ་ཕྲན་གཅིག་གི་ལྔ་ཆའོ། །དེའི་འོག་ཏུ་རི་མོ་ཕན་ཚུན་ནས་གང་གི །མ་རེག་པར་ནི་བྲི་བར་བྱ། །ཞེས་བཤད་པ་ལ་ཕྱིས་ཀྱི་མཁས་པ་དག དེས་རྩིག་པའི་བར་སྟོང་སྟོན་པར་བསམས་ནས། རེ་ཁའི་སྦོམས་སུ་སྒོའི་ཉི་ཤུ་ཆ་ཡིན་ལ། རྩིག་པ་ལྔ་ཆར་བསྡོམས་པ་ལ་སྒོའི་བཞི་ཆ་གཅིག་ལས་མེད་པས་བར་སྟོང་བཞག་ས་མི་འོང་བའི་ཕྱིར་ནང་འགལ་དོགས་ཡོད་དོ་ཞེས་དགག་པ་མཛད་དོ། །དེ་ལ་སྔགས་རིམ་མཁན་པོས་རང་གིས་མ་ངེས་བཞིན་དུ་གྲུབ་ཆེན་ལ་དགག་པ་བྱེད་པ་ཤིན་ཏུ་མི་རིགས་ཏེ། བཞི་བརྒྱ་ལྔ་བཅུ་པར་བཤད་པ་དེ་ནི་རྩ་ཐིག་ཁྲུ་གང་པ་ཁོ་ནའི་དབང་དུ་མཛད་པ་སྟེ། དེ་ལ་སྒོ་བཞི་ཆ་སྟེ་ཆ་ཕྲན་གཅིག་ལ་ནས་ལྔ་དང་། ནས་གཅིག་གིས་བཞི་ཆ་ཐོབ་ལ་རྩིག་པ་རེ་རེའི་ཞིང་གི་ཕར་མཐའ་དང་ཚུར་མཐའི་བར་ལ་ནས་རེ་བྱེད་པ་ཡིན་གྱི། རྩིག་པ་རེ་རེའི་བར་ན་ནས་རེ་ཡོད་པར་འདོད་པ་མ་ཡིན་ནོ། །ལྷག་མ་ནས་གཅིག་གི་བཞི་ཆའི་ཚད་ཡོད་མོད། དེ་བཏང་སྙོམས་སུ་བཞག་ནས་རགས་རྩིས་མཛད་པའོ་ཞེས་ལུགས་སྔ་མ་དག་བཀག་ནས་རང་ལུགས་འཇོག་པ་མཛད་དོ། །དེ་ལ་ལུགས་སྔ་མ་ཡང་མི་འཐད་དེ། རི་མོ་ཕན་ཚུན་ནས་གང་གི་ཞེས་པའི་གཞུང་གི་དོན་རྩིག་པའི་ཞེང་ཚད་དང་བར་སྟོང་གང་ཡང་སྟོན་པ་མ་ཡིན་པས་ནང་འགལ་འོང་བའི་དོན་མེད་པའི་ཕྱིར་ཏེ། ཞེང་ཚད་སྒོའི་ཉི་ཤུ་ཆར་གཞུང་གོང་མས་བཤད་ཟིན་པའི་ཕྱིར་ལུགས་ཕྱི་མ་ཡང་མི་འཐད་དེ། གཞུང་གི་དོན་མ་ཡིན་པའི་སྐྱོན་སྔ་མ་སོ་ན་གནས་ཤིང་། འདི་རྩ་ཐིག་ཁྲུ་གང་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ན། རྩ་རྒྱུད་ལེའུ་བཅུ་པར། རྩ་ཐིག་ཁྲུ་གསུམ་དང་། མཐེ་བོང་གསུམ་དུ་གསུངས་པའི་སྐབས་སུ་ཡང་། འོག་ཏུ་ནས་གང་ཙམ་གྱི་ཚད། །དེ་ལས་དཀྱིལ་འཁོར་བྲི་བར་བྱ། །ཞེས་པ་ཡང་རྩ་ཐིག་ཁྲུ་གང་པ་ཁོ་ནའི་དབང་དུ་བྱས་པར་ཐལ་བའི་ཕྱིར་རོ། །དེས་ན་གཞུང་འདིའི་འོག་ཏུ་ཞེས་པའི་ཚིག་གིས་བྲི་བྱའི་སྐབས་སུ་རྩིག་པའི་དཔངས་ཚད་སྟོན་པར་གྲུབ་ཅིང་། བཞི་བརྒྱ་ལྔ་བཅུ་པའི་གཞུང་དེ་དག་ཀྱང་བྲི་བྱའི་སྐབས་ཡིན་པས། གཞུང་སྔ་མས་ཞེང་ཚད་དང་། ཕྱི་མས་དཔངས་ཚད་སྟོན་ལ། དྷ་རི་ཀ་པས། ནས་གང་གིས་ནི་མ་འདྲེས་པས། །རི་མོ་ཀུན་ཏུ་བྲི་བར་བྱ། །ཞེས་པ་ཡང་ཚུལ་དེ་ལྟར་རོ། །འདིར་བསྒོམ་བྱའི་སྐབས་སུ་དཔངས་ནི་སྔར་བཤད་པ་ལྟར་ཡིན་ལ། དེ་ལྟ་བུའི་རྩིག་པ་ལྔ་ཆར་སྒོའི་བུག་པའི་ཐད་མ་གཏོགས་པར་ཟུར་ནས་ཟུར་གྱི་བར་ཏལ་པོར་འགྲོ་ལ། སྒོའི་བུག་པའི་ཐད་ནི་སྒོ་ལོགས་ཀྱི་བར་འགྲོ་སྟེ། སྒོ་ལོགས་ཀྱི་མཐའ་ལ་རིང་ཐུང་དགོས་མི་དགོས་ནི་འོག་ཏུ་འཆད་དོ། །གཉིས་པ་ཕ་གུ་ནི། སློབ་དཔོན་ཤྲདྡྷས། འགྲམ་རྒྱབ་རིན་ཆེན་ཕ་གུ་སྟེ། །ཆ་ཆུང་གཅིག་གི་ཚད་དུ་བྱ། །ཞེས་གསུངས་པས། དཔངས་སུ་ཆ་ཆུང་གཅིག་ཡིན་ལ། རྒྱར་ནི་རྩིག་པ་ལས་ཆ་ཆུང་ཕྱེད་ཀྱི་འཕྱར་དུ་ཡོད་པར་ཡོ་ག་པའི་བླ་མ་རྣམས་བཞེད་དོ། །ཁ་དོག་ནི་ཨ་བྷ་ཡས། རྩིག་པ་ལྔ་ཕྱི་ནང་སྦྲག་པར་འདོད་པའི་ལུགས་ལ་ཁ་དོག་དམར་པོ་དང་། རྩེག་པར་འདོད་པའི་ལུགས་ལ་རྩིག་པ་དང་པོའི་ཁ་དོག་ཏུ་འདོད་ཀྱང་། ཤྲདྡྷ་ནས་བརྒྱུད་པའི་མན་ངག་ལས་གཞི་སེར་པོར་བཤད་པས། གསེར་གྱི་རང་བཞིན་ཟུར་གསུམ་དང་། གྲུ་བཞི་དང་། ཟླུམ་པོའི་དབྱིབས་ཀྱིས་རིན་པོ་ཆེའི་ཕྲས་སྤྲས་པའོ། །གསུམ་པ་དྲྭ་ཕྱེད་ནི། ཕ་གུའི་སྟེང་དུ་ཆ་ཕྲན་གཉིས་ཀྱི་གཞི་ནག་པོར་བཤད་པ་ནི་བར་སྟོང་གི་དོན་ཡིན་པས་སྟོང་པའི་རང་བཞིན་ལ་བར་སྐབས་སུ་རིན་པོ་ཆེའི་བྲེ་ཕུལ་བཞི། སྟེང་འོག་ཏུ་བརྩེགས་པ་རེ་རེའི་དཔངས་ལ་ཆ་ཕྲན་ཕྱེད་ཡོད་ཅིང་། རྒྱར་ནི་བྲེ་ཕུལ་འོག་མ་ལ་ཆ་ཕྲན་གཅིག གོང་མ་རྣམས་ཆ་ཕྲན་ཕྱེད་ཕྱེད་ཀྱིས་རྒྱ་ཆེ་བར་གྱུར་པའོ། །དེའི་སྟེང་དུ་གསེར་གྱི་སྐ་རགས་ནི་དོན་གསེར་གྱི་གདུང་ལེབ་སྟེ། དཔངས་སུ་ཐིག་སྐུད་གང་ལས་མེད་པས་ཆ་ཕྲན་གཅིག་གི་ལྔ་ཆ་ཡིན་ལ། རྒྱར་བྲེ་ཕུལ་གོང་མ་དང་མཉམ་པའོ། །དེའི་ཕྱི་ངོས་སུ་ཆུ་སྲིན་མ་ཀ་རའི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ་སྟེ། དེ་ལ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་དྲྭ་བ་ནི་མུ་ཏིག་གི་ཆུན་འཕྱང་སྟེ། མཆོག་དབུས་ན་ཡོད་པའོ། །དྲྭ་བ་ཕྱེད་པ་ནི་མཆོག་མཐའ་ན་ཡོད་པའོ་ཞེས་དང་། སློབ་དཔོན་དཔལ་འབྲས་རྡོ་རྗེས། མུ་ཏིག་གི་ཆུན་འཕྱང་དབུས་ན་ནོར་བུས་མཛེས་པ་ལ་ནི་དྲྭ་བ་ཞེས་བྱ་ལ། དབུས་ན་རྒྱན་མེད་པ་ལ་ནི་དྲྭ་བ་ཕྱེད་པ་ཞེས་བྱའོ་ཞེས་གསུངས་པ་ལྟར་རོ། །བཞི་པ་མདའ་ཡབ་ནི། གསེར་གྱི་སྐ་རགས་དང་། ནང་གི་གདུང་མཉམ་པོར་བྱས་པའི་སྟེང་ནས་ཐོག་ཕུབ་པའི་བྱ་འདབ་འོག་གི་འདོད་སྣམ་དང་ཐད་མཉམ་པོར་ཡོད་པའི་མཐའ་སྐོར་ལ་རིན་པོ་ཆེའི་མདའ་ཡབ་ཐུར་དུ་འཕྱང་བ་སྟེ། འདི་ལ་རྣམ་པ་འདི་ལྟར་ཡིན། གཞུང་རྣམས་ནས་བཤད་པ་མི་སྣང་ཡང་བླ་མ་གོང་མ་རྣམས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཀྱིས་མཆུ་མེད་པའི་སྤྱི་བླུགས་མགོ་མཇུག་བཟློག་པ་ལྟ་བུའམ། རུས་རྒྱན་རྙིང་པའི་ཟ་ར་ཚགས་ཀྱི་སྣེ་མོའི་རྣམ་པ་ཅན་དུ་བཞེད་དེ། རྒྱ་གར་དང་བལ་པོར་བྲིས་པའི་ཐང་སྐུ་རྙིང་པ་རྣམས་ལ་བྲིས་པ་དང་མཐུན་པར་སྣང་ངོ་ཞེས་བླ་མ་དག་གསུང་ངོ་། །ལྔ་པ་པུ་ཤུ་ནི་མདའ་ཡབ་ཀྱི་སྟེང་གི་ཐད་དུ་གྱེན་དུ་འགྲེང་བའི་ཚུལ་གྱིས་གནས་པ་སྟེ། དབྱིབས་ནི་རྗེ་བཙུན་དང་འཕགས་པས་རིན་པོ་ཆེའི་དྲྭ་མིག་སེང་མའི་པུ་ཤུ་ཞེས་གསུངས་ཏེ། པུ་ཤུའི་རྣམ་པ་ཆ་ཕྲན་གཉིས་པ་ཁོར་ཡུག་ཏུ་ཡོད་པ་ལ། དྲྭ་མིག་གི་ནང་དུ་རིན་པོ་ཆེ་མིག་གསུམ་པ་ཡོད་པའོ། །འདིར་ཨ་བྷ་ཡས་འོག་ཏུ་འཕྱང་བ་ལ་ཤར་བུ་དང་། སྟེང་དུ་བརྩེགས་པ་ལ་མདའ་ཡབ་ཀྱི་ཐ་སྙད་མཛད་ཅིང་དབྱིབས་ཀྱང་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་དུ་བཞེད་དོ། །སྟེང་ཐོག་ཀ་བ་ཤིང་རྩེག་དང་། །གདུང་དང་ཐོག་ཕུབ་རིམ་པ་གསུམ། །དང་པོ་ཀ་བ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་དུ་ལྷ་སྣམ་ཕྱོགས་ཀྱི་མདོག་ཅན། རྒྱར་སྒོའི་ནང་ནས་ཁོར་ཡུག་ཏུ་ཆ་ཆེན་རེ་རེ་དང་། དཔངས་སུ་ཆ་ཕྲན་གཅིག་པ། དབུས་སུ་རྒྱར་ཆ་ཆེན་དྲུག་པ་དང་། དཔངས་སུ་ཆ་ཕྲན་གཉིས་པ་སྟེ། དེ་ལྟ་བུའི་ལྷ་སྣམ་ཆ་ཕྲན་གཅིག་པའི་སྟེང་དུ་ཚངས་ཐིག་ནས་ཆ་ཕྲན་ལྔ་དོར་བའི་མཐའ་རྣམས་སུ་ཀ་བ་ཕྱོགས་མདོག་ཅན་གཉིས་གཉིས་ཏེ་དཔངས་སུ་ཆ་ཕྲན་བཅུ་དྲུག་ཡོད་པ་འཛུགས་སོ། །རྩིག་པའི་ནང་ནས་ཇི་ཙམ་དོར་བའི་སར་འཛུགས་སྙམ་ན། དེའི་སྟེང་གི་གདུང་ཟླུམ་ཕྱོགས་བཞིའི་སྒོའི་ཐད་ཀྱི་རྩིག་པ་ལ་མ་རེག་པར་དགོས་པས་དེ་དང་ཀ་བ་ཕྲད་པའི་ས་ནི་ཐིག་གི་རིགས་པས་ནང་ངོས་ཆ་ཕྲན་གཅིག་དང་། ཕྱི་ངོས་ཆ་ཕྲན་གཅིག་དང་བཞི་ཆ་གཅིག་ཙམ་དོར་བའི་སར་འཛུགས་པར་གྲུབ་བོ། །ཤིང་རྩེག་ནི་ཀ་བ་དེ་དག་གི་སྟེང་དུ་གདུང་ཟླུམ་གྱི་འགྲོས་དང་འདྲ་བའི་ཆ་ཕྲན་གཅིག་དང་། ཆ་ཕྲན་གཅིག་གི་ལྔ་ཆའི་དཔངས་ལ་ཞུ་རིང་ཐུང་གི་རྣམ་པ་ཇི་ལྟར་མཛེས་པར་བྱས་པའོ། །གདུང་ནི་དེ་དག་གི་སྟེང་དུ་རྡོ་རྗེའི་གདུང་དཔངས་སུ་ཆ་ཕྲན་གཅིག་པ་ཟླུམ་པོར་བསྐོར་བའོ། །གདུང་ལ་རྡོ་རྗེས་མཚན་ཞིང་ཀ་བ་རྣམས་ལ་ནི་ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲིས་མཚན་པའོ། །ཐོག་ཕུབ་རིམ་པ་གསུམ་ནི་གདུང་ཟླུམ་དེ་དང་། ཕྱིའི་གསེར་གྱི་སྐ་རགས་མཉམ་པོར་ཡོད་པའི་སྟེང་དུ་ཅམ་བཏང་སྟེ། ཕྱི་གྲུ་བཞི་དང་ནང་ཟླུམ་པོའི་ཚུལ་གྱིས་ཕུབ་པ་ནི་ཐོག་ཕུབ་འོག་མའོ། །གདུང་ཟླུམ་གྱི་སྟེང་དུ་རྩིག་པ་ཟླུམ་པོ་ཟུར་ཐིག་གིས་བཅད་པའི་ཕྱོགས་ཀྱི་མདོག་ཅན་དཔངས་སུ་ཆ་ཕྲན་གསུམ་ལ། ལྔ་ཆ་གཅིག་གིས་མཆོག་པ་དེའི་སྟེང་དུ་ཕ་གུ་དང་། ཤིང་རྩེག་དང་གསེར་གྱི་གདུང་ལེབ་རྣམས་ཟླུམ་པོ། དཔངས་སུ་ཆ་ཕྲན་གསུམ་ཡོད་པའི་སྟེང་དུ་རྡོ་རྗེའི་གདུང་མིག་མངས་རིས་སུ་བྲེས་པ་དཔངས་སུ་ཆ་ཕྲན་གཅིག་ཡོད་པ་བཀོད་ཅིང་རེ་མིག་བརྒྱད་ཕྱིའི་བྱ་འདབ་དང་བཅས་པ་ཟླུམ་པོར་ཕུབ་ཅིང་། མདའ་ཡབ་དང་། པུ་ཤུ་དང་། འོག་གི་གསེར་གྱི་སྐ་རགས་ལ་དྲྭ་ཕྱེད་ཟླུམ་པོར་བསྐོར་བ་ནི་ཐོག་ཕུབ་གཉིས་པའོ། །རེ་མིག་དབུས་མའི་གདུང་གི་སྟེང་དུ་གཙོ་བོའི་ཁ་དོག་དང་མཐུན་པའི་རྩིག་པ་ཆ་ཕྲན་གསུམ། དེའི་སྟེང་དུ་ཕ་གུ་དང་། ཤིང་རྩེག་དང་། གསེར་གྱི་གདུང་ལེབ་རྣམས་ལ་ཆ་ཕྲན་གསུམ་ཡོད་པའི་སྟེང་ཐོག་མཉམ་པོར་ཕུབ་ཅིང་། བྱ་འདབ་ལ་མདའ་ཡབ་དང་། པུ་ཤུ་དང་། གསེར་གྱི་སྐ་རགས་ལ་འཕྱང་བའི་དྲྭ་ཕྱེད་རྣམས་ཀྱང་གྲུ་བཞིར་བྱས་པའི་སྟེང་དུ་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་ཆ་ཆེན་གཅིག་པས་སྤྲས་པ་ནི་ཐོག་ཕུབ་གསུམ་པའོ། །དེ་ལྟར་ན་སྣ་ཚོགས་རྡོ་རྗེའི་ལྟེ་བ་ནས་ཐོག་ཕུབས་གོང་མའི་བར་ཆ་ཆེན་བརྒྱད་དང་། རྩིག་པའི་ནང་མཐའ་ནས་ནང་མཐའི་བར་ཆ་ཆེན་བརྒྱད་ཡོད་པ་མཉམ་པ་ནི་ལུས་ཡར་མར་དང་། ཕན་ཚུན་འདོམ་གང་དུ་མཉམ་པ་མཚོན་པའི་དོན་ཡིན་ལ། ཐོག་ཕུབས་ཀྱི་རིམ་པ་འདི་ནི་སློབ་དཔོན་རིགས་ཀྱི་སྦྱིན་པས། ཀ་བའི་སྟེང་དུ་གདུང་འཛིན་བཀོད་ནས། དེའི་སྟེང་དུ་དགོད་པར་བྱའོ། །གདུང་གི་སྟེང་དུ་གདུང་དང་མཉམ་པའི་རྩིག་པའི་སྟེང་དུ་ཀླུའི་སྟོབས་སམ། ཡང་ན་དོ་ཤལ་གྱི་སྣམ་བུའོ། །དེའི་སྟེང་དུ་སེང་གེ་རྣམས་ཀྱི་ཁ་ནས་བྱས་པའོ། །དེའི་སྟེང་དུ་རྗེས་སུ་འགུགས་པ་རྣམས་སོ། །དེའི་སྟེང་དུ་སོ་ཕག་རྣམས་ཀྱིས་བྱས་པའི་གཞིའོ། །དེའི་སྟེང་དུ་མགྲིན་པའོ་ཞེས་གསུངས་པའི་དོན་ཡིན་པར་མངོན་ཏེ་ཀ་བ་ནི་དཀྱིལ་འཁོར་གྱི་ནང་གི་ཀ་བ་བརྒྱད་དོ། །གདུང་འཛིན་པ་ཞེས་པ་ནི་ཀ་ཞུ་ལ་སོགས་པའི་ཤིང་རྩེག་གོ །དེའི་སྟེང་གི་གདུང་ནི་གདུང་ཟླུམ་པོ་གདུང་སྟེང་གི་རྩིག་པ་ནི་རྩིག་པ་ཟླུམ་པོའོ། །ཀླུའི་སྟོབས་ནི་ཕ་གུའོ། །དེའི་སྟེང་དུ་སེང་གེ་རྣམས་ཀྱི་ཁ་ནས་བྱས་པ་ནི་སེང་གེའི་ཁ་ནས་དྲྭ་ཕྱེད་བྱུང་བ་སྟེ། སྔར་གྱི་ཆུ་སྲིན་གྱི་ཁ་ནས་བྱུང་བར་བཤད་པ་དང་དོན་འདྲའོ། །དེའི་སྟེང་དུ་རྗེས་སུ་འགུགས་པ་ནི་གཅིག་རྗེས་སུ་གཅིག་བཀབ་པ་སྟེ་དོན་ཐལ་གདུང་བཞིའོ། །དེའི་སྟེང་དུ་སོ་ཕག་གིས་བྱས་པའི་གཞི་ནི་སྟེང་ཐོག་གོ །དེའི་སྟེང་དུ་མགྲིན་པའོ་ཞེས་པ་ནི་རེ་མིག་དབུས་མའི་སྟེང་གི་ཁང་བརྩེགས་བསྟན་པས་སོ། །གཞན་ཡང་དརྤན་གྱིས། ཕྱི་དབྱིབས་མཆོད་རྟེན་གུར་ཐབས་དང་། །རྒྱལ་ཁབ་རི་བོའི་གུར་དུ་འདོད། །ཅེས་བཞི་གསུངས་པའི་དང་པོ་མཆོད་རྟེན་གྱི་རྣམ་པའང་འདི་ལ་ཚང་ཞིང་། ཡེ་ཤེས་ཞབས་ལུགས་སོགས་གཞུང་ཁུངས་ཐུབ་དུ་མ་ལས། གཞལ་ཡས་ཁང་ལ་ཁང་པ་བརྩེགས་པ་ཞེས་པའི་ཐ་སྙད་གསུངས་པས། ཐོག་ཕུབ་ཀྱི་རིམ་པ་འདི་ལས་འོས་མེད་དོ། །བཞི་པ་སྒོ་ནི་རྒྱུད་གཞུང་དུ་མ་ལས། སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ཞེས་དང་། ཐིག་རྩ་ལས་ཀྱང་། དབུས་སུ་བརྒྱད་ཆ་ཕྱིས་ལ་སྒོ། །ཞེས་བཤད་པས་རྩ་བའི་སྒོའི་རྒྱར་ཆ་ཆེན་གཅིག་པ་ཡིན་ལ། དཔངས་སུ་སྔགས་ཀྱི་རྒྱུད་འགྲེལ་རྣམས་ལས་གསལ་བར་བཤད་པ་ཉུང་ཡང་། སློབ་དཔོན་དརྤན་གྱིས། འགལ་བ་མེད་པས་ལྷ་ཡི་ཕྱིར། །རིང་བའི་སྒོ་ནི་བཤད་པ་ཡིན། །ཤིན་ཏུ་ཆུང་ནའང་མི་འགལ་བས། །མཆོད་བྱ་རྣམས་ཀྱང་བསྟན་པ་སྟེ། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ལ་སྒོ་ཆེ་བ་ནི་གཞུང་དེར་མ་ཐེམ་གྱི་ས་ནི་གདུང་གི་མཐར་ཐུག་པའི་ཚད་གང་ཡིན་པ་སྟེ། དེ་བཞིན་དུ་རྩེ་མོའི་མཐར་ཐུག་པའི་རིངས་སུ་ནི་ཆ་གསུམ་གྱི་ཚད་དུ་འགྱུར་ཞིང་། ཆ་རེ་རེ་ནི་ཆ་ཆེན་པོའོ་ཞེས་སྒོའི་དཔངས་སྒོ་ཚད་གསུམ་དུ་གསུངས་སོ། །སྒོ་ཆུང་བ་ཡང་། དརྤན་གྱིས་ཁང་བཟངས་ཀྱི་བརྒྱད་དང་བཅུའི་ཆ་ཤས་ཀྱི་ཞེང་ནི་སྒོའི་དབུས་ཀྱི་ཆ་ལ་སྟེ་དེའི་ཚད་ཀྱི་ཡལ་འདབ་དང་། དེའི་ཉིས་འགྱུར་ནི་སྒོའི་དཔངས་སུ་བསྟན་ཅིང་སྒོ་ཁྱུད་དང་། དཔུང་པ་དང་། རེ་བཞི་རྣམས་ནི་དེའི་ཆ་ལྔ་པར་བཤད་དོ། །ཞེས་སྒོ་དཔངས་ཆེ་ཆུང་གཉིས་སུ་གསལ་བར་བཤད་ལ་འདི་སྒོ་ཆུང་ངུའི་ལུགས་ཡིན་པའང་དེ་ཉིད་ལས། འདེགས་པའི་དཔངས་ནི་རྣམ་ཟུང་ལ། །འདེགས་པའི་རྒྱ་ཡི་ཚད་ཡིན་ཏེ། །ཆ་གཉིས་སླར་ཡང་སྟེང་དུ་ནི། །ཆུང་བར་བཟོ་བོ་ཡང་དག་འདོད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ལུགས་འདི་གཉིས་ཀ་ཡང་ཁས་བླང་དགོས་ཏེ། རྟ་བབས་དཔངས་སུ་སྒོ་ཚད་གསུམ་མ་ལྟར་ན་སྒོ་ཆེ་བ་དང་། སྒོ་ཚད་གཅིག་མ་ལྟར་ན་སྒོ་ཆུང་བ་འདོད་དགོས་པའི་ཕྱིར་རོ། །དེ་ལྟ་བུའི་རྩ་བའི་སྒོའི་ཕྱི་རོལ་མདུན་དུ་སྒོ་ཚད་གཅིག་ཡོད་པའི་ས་ནི་སྒོ་ཁྱུད་དེ། འདིའི་མཐར་སྒོ་གླེགས་གཞུག་གོ །བུ་སྟོན་གྱིས་དེ་ཉིད་བསྡུས་པ་དང་། དཔལ་མཆོག་དང་། ཀོ་ས་ལའི་རྒྱན་དང་། གཙུག་དགུ་རྣམས་སུ་སྒོའི་དབུས་སུ་སྒོ་སྲུང་འགོད་པར་གསུངས་པ་ཤེས་བྱེད་དུ་བྱས་ནས་རྩ་བའི་སྒོ་ལའང་སྒོ་གླེགས་གཞུག་སྟེ། སྒོ་གླེགས་གཉིས་ཀྱི་དབུས་སུ་སྒོ་སྲུང་བཞུགས་པ་ལུང་དེ་དག་གི་དོན་དུ་བཞེད་ཅིང་། རྗེ་བླ་མ་ཡང་སྐུ་ཚེའི་སྟོད་ཀྱི་བཞེད་པ་འདི་ལ་མཛད་དོ། །ཕྱིས་རྟིང་དེ་ལྟར་ན་སྒོ་ཕྱི་ནས་འབྱེད་ན་ཕྱི་མས་དང་། ནང་ནས་འབྱེད་ན་ནང་མས་ཆ་ཕྲན་ཕྱེད་དང་གསུམ་གྱི་བར་གཅོད་པས་དབུས་སུ་སྒོ་སྲུང་བཞུགས་ས་མི་འོང་བར་གཟིགས་ནས་སྒོ་གླེགས་ཕྱི་མ་ཁོ་ན་བཞེད་དོ། །དེས་ན་རྩ་བའི་སྒོ་ལ་རྒྱ་དཔངས་གཉིས་ཅར་དུ་རྩིག་པ་ལྔའི་བཅད་འཕྲོ་མ་གཏོགས། རེ་བཞི་ཡང་མི་དགོས་ཤིང་འོག་གཞི་ཡང་བྲི་བྱ་ལ་ཡོད་པ་ལྟར་ལྷ་སྣམ་དེ་ཉིད་ཏལ་པོར་འགྲོ་བས། མ་ཐེམ་ཡང་མི་དགོས་པའི་ཕྱིར་ན། རྩ་བའི་སྒོའི་དབུས་སུ་སྒོ་སྲུང་འགོད་པ་ནི་ལུང་དེ་དག་གི་དོན་ཏོ། །དེས་ན་སློབ་དཔོན་ཀུན་སྙིང་གིས། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །སྒོ་ཁྱུད་ཀྱང་ནི་སྒོ་ཡི་ཚད། །ཅེས་དང་། གྲུབ་ཆེན་ཀླུ་བྱང་གིས་ཀྱང་དེ་བཞིན་དུ་གསུངས་ལ། དེ་ཉིད་སྣང་ཆེན་དུ། སྒོ་ཁྱུད་ནི་སྒོའི་ཚད་དོ། །ཁ་ཁྱེར་ནི་སྒོའི་ཕྱེད་ཀྱི་ཚད་དོ། །སྒོ་འགྲམ་ནི་ཁ་ཁྱེར་གྱི་ཚད་དོ། །ཞེས་གསུངས་པས་སྒོ། སྒོ་ཁྱུད། སྒོ་འགྲམ། སྒོ་ལོགས་བཞི་ཀ་མཉམ་པ་དང་། སྒོ་དང་མི་མཉམ་གཞན་གསུམ་མཉམ་པ་དང་། སྒོ་དང་སྒོ་ཁྱུད་མཉམ། སྒོ་འགྲམ་དང་སྒོ་ལོགས་མཉམ་པའི་ལུགས་གསུམ་ལས་འདིར་ཕྱི་མའི་དབང་དུ་བྱས་པ་སྟེ། སྒོ་དང་སྒོ་ཁྱུད་ཀྱི་ནང་མཉམ་པས་ཆ་ཕྲན་བཞི་བཞི་སྒོ་འགྲམ་དང་སྒོ་ལོགས་ཀྱི་ནང་མཉམ་པས་ཆ་ཕྲན་གཉིས་གཉིས་ཏེ། སྒོ་ལོགས་ཀྱི་ཕྱི་ལ་ནི་ཆ་ཕྲན་བཞི་ཡོད་པའོ། །སྒོ་ཁང་གི་རྩིག་པའི་དཔངས་ནི་རྟ་བབས་སྒོ་གདོང་ལ་སྦྱར་བ་ལྟར་ན། ཆ་ཕྲན་དགུ་དགོས་ཤིང་། རྟ་བབས་ཀྱི་སྟེང་འགེབས་པ་ལྟར་ན། རྩ་བའི་སྒོ་དང་མཉམ་པར་ཆ་ཕྲན་བརྒྱད་དོ། །ལྔ་པ་རྟ་བབས་ནི། ཨ་བྷ་ཡས། གཉིས་མཉམ་དགུ་མཉམ་དང་། ལྔ་མཉམ་གསུམ་གསུམ་མཉམ་སྟེ། སྒོ་ཚད་གསུམ་མའི་ལུགས་གཉིས་དང་། སྒོ་ཚད་གཅིག་མ་ལ་ལྔ་མཉམ་གསུམ་གསུམ་མཉམ་གཅིག་སྟེ། དཀྱིལ་འཁོར་སྤྱི་འགྲོའི་རྟ་བབས་མི་འདྲ་བ་གསུམ་བཤད་པ་དང་། རབ་ཏུ་སྒྲོན་གསལ་ལས། རྟ་བབས་ཀྱི་དཔངས་སྒོ་ཚད་གཉིས་མར་བཤད་ཀྱང་། སྣམ་བུ་སོགས་འདི་ལྟར་བྱེད་ཀྱི། གསལ་ཁ་མི་སྣང་བ་ནི་སློབ་དཔོན་གཞན་གྱི་ལུགས་ཡིན་ལ། གཞན་རྒྱ་གར་བའི་གཞུང་ཕལ་མོ་ཆེ་ནས་རྟ་བབས་སྒོ་ཚད་གཅིག་མར་གསུངས་པ་མང་ཞིང་། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པའང་འདི་ཁོ་ན་བཞིན་ཡིན་པས་དེ་བཤད་ན་སློབ་དཔོན་ཤྲདྡྷ་ཀ་ར་ཝརྨས། རྟ་བབས་ཡ་ཕུབ་དག་ལ་ནི། །ཆ་གཅིག་དོར་བར་ཆ་ཆེན་ཚད། །ཆུར་ནི་ཆ་ཆེན་བཞི་པ་སྟེ། །སྐས་ལ་སོགས་པ་ཇི་བཞིན་འགྱུར། །རྟ་བབས་ཆ་གཅིག་པདྨར་གནས། །ཆོས་ཀྱི་འཁོར་ལོ་ཆ་གཉིས་པ། །ཆུ་དང་ཞེང་མཉམ་གདུགས་ཀྱི་ཚད། །ཆ་གཅིག་པ་ལ་ཡུ་བ་ཕྱེད། །འཁོར་ལོའི་ངོས་གཉིས་ཐད་ཀར་ནི། །རི་དྭགས་གཉིས་ནི་མཉམ་གནས་པར། །རྟ་བབས་ལ་བརྟན་འཁོར་ལོ་ཕྱོགས། །ཤིན་ཏུ་འབྱར་མིན་རྒྱང་རིང་མིན། །རྡོ་རྗེ་རིན་ཆེན་ཡུ་བ་ཅན། །དེ་ཚད་རི་དྭགས་ཀྱི་རྒྱབ་ཏུ། །ཆ་ཆུང་གཅིག་དོར་ཐིག་ལ་བརྟེན། །རྡོ་རྗེ་རིན་ཆེན་ཡུ་བ་ཕྱེད། །བ་དན་དྲིལ་བུར་ལྡན་པ་ཡི། །མཛེས་པ་རྟ་བབས་ཡིན་པར་འདོད། །ཅེས་གསུངས་པས། སྒོའི་སྟེང་ནས་ཆ་ཕྲན་གཅིག་དོར་བའི་སྟེང་དུ། རྟ་བབས་དཔངས་སུ་ཆ་ཆེན་གཅིག་པ། རྒྱར་སྣམ་བུ་འོག་མའི་མཐའ་ནས་མཐའི་བར་ལ་སྒོ་ཚད་བཞི་ཡོད་ལ། སྣམ་བུ་གོང་མ་གསུམ་འོག་མ་ལས་གཡས་གཡོན་གཉིས་ནས་ཆ་ཕྲན་རེ་རེ་ཐུར་དུ་སོང་བ་སྟེ། སྣམ་བུ་སྟེང་མ་ལ་ཆ་ཕྲན་བཅུ་ཡོད་པ་དེའི་སྟེང་དུ་ཆོས་འཁོར་གྱི་གདན་གྱི་པདྨ། དཔངས་ཆ་ཆུང་གཅིག རྒྱར་ཆོས་འཁོར་དང་མཉམ་པ། དེའི་སྟེང་དུ་ཆོས་འཁོར་རྩིབས་བརྒྱད་པའམ། བཅུ་གཉིས་པ། ཆུ་ཞེང་དུ་ཆ་ཆུང་གཉིས་ཡོད་པ། དེའི་སྟེང་དུ་གདུགས་ཆ་ཆུང་གཅིག་གི་ཚད་ལ་ཕྱེད་གདུགས་ངོ་བོ་དང་། ཕྱེད་ཡུ་བ་ལ་ཡོད་པ། ཆོས་འཁོར་གྱི་གཡས་གཡོན་གཉིས་སུ་རི་དྭགས་ཀྲྀཥྞ་སཱ་ར་གཉིས་ཆོས་འཁོར་ལ་ཁ་བལྟས་ཤིང་། ཤིན་ཏུ་འབྱར་མིན་རྒྱང་རིང་མིན། །ཞེས་པའི་དོན་རི་དྭགས་དང་། ཆོས་འཁོར་གྱི་བར་ན་ཆ་ཆུང་རེ་རེ་གནས་པ་ལ་འགྲེལ་པས་བཤད་དོ། །རི་དྭགས་ཀྱི་དཔངས་ཀྱི་ཚད་ནི་ཆ་ཕྲན་གཉིས་ཡིན་ལ། དེ་ནས་ཆ་ཕྲན་གཅིག་དོར་བར་བ་དན་དྲིལ་བུ་དང་བཅས་པ་ཡུ་བ་ལ་ཆ་ཕྲན་གཅིག་སྟེང་ཆ་ཕྲན་གཅིག་ལ་ཕྱེད་རྡོ་རྗེ། ཕྱེད་རིན་པོ་ཆེར་བྱས་པ་ལ་བ་དན་དང་དྲིལ་བུ་སྣ་ཚོགས་པ་བཏགས་པས་མཛེས་པར་བྱས་པའོ། །རྡོ་རྗེ་མཁའ་འགྲོ་ལས། སྒོ་ལས་སུམ་འགྱུར་རྟ་བབས་ཏེ། །ཞེས་བཤད་པ་ནི་སློབ་དཔོན་འདི་དང་། སློབ་དཔོན་ལ་ཝ་པ་ལྟར་ན། ཀ་བའི་ནང་མཐའ་ནས་ནང་མཐའི་བར་ལ་རྟ་བབས་ཀྱི་ཚད་དུ་བྱས་ནས་དེ་ལ་སྒོ་ལས་སུམ་འགྱུར་དུ་ཡོད་པར་དགོངས་པ་ལ་བཞེད་དོ། །འདི་དག་ནི་བྲི་བྱའི་དབང་དུ་བྱས་པ་ཡིན་ལ། བློས་བསླངས་ན་སྒོ་འགྲམ་གྱི་ཕྱི་མཐའ་དང་། སྒོ་ལོགས་ཀྱི་ཕྱི་མཐའ་གཉིས་སུ་རྟ་བབས་ཀྱི་ཀ་བ་དཔངས་ཆ་ཕྲན་ལྔ་པ། ཀ་རྒྱན་དང་བཅས་པ་བཞི་བཞི་བཙུགས་ལ། དེའི་སྟེང་དུ་སྒོ་འགྲམ་གྱི་ཕྱི་ནས་སྒོ་ལོགས་ཀྱི་བར་མདུན་དུ་འོངས་ཤིང་། དེ་ནས་སྒོ་ལོགས་ཅིག་ཤོས་ཀྱི་བར་ངོས་སུ་སོང་བ། དེ་ནས་སྒོ་འགྲམ་ཅིག་ཤོས་ཀྱི་བར་རྒྱབ་ཏུ་སོང་བར་གྱུར་པའི་བར་རྡོ་རྗེའི་གདུང་དགོད་དེ། རིན་ཆེན་འབར་བར། ཡ་ཕུབ་ཐ་མ་རྡོ་རྗེའི་གདུང་། །བདུན་པ་རྟ་བབས་དག་ཏུ་འགྱུར། །བརྒྱད་པ་པདྨ་འཁོར་ལོ་གདུགས། །ཞེས་གསུངས་སོ། །དེའི་སྟེང་དུ་རྟ་བབས་རྣམས་བརྩིགས་ཏེ་ཀ་རྒྱན་གྱི་སྟེང་དུ་ཆ་ཕྲན་གཅིག་པ། དེ་ནས་ཀ་བའི་སྟེང་དུ་བང་རིམ་གཉིས་པ་ལ་ཆ་ཕྲན་གཅིག་གིས་ཐུང་བ། དེ་ནས་མུན་སྣམ་གྱི་སྟེང་དུ་བང་རིམ་གསུམ་པ་སྔར་བས་ཆ་ཕྲན་གཅིག་གིས་ཐུང་བ། དེ་ལས་སྒོ་ཁང་ཆ་ཕྲན་གཅིག་གིས་ཐུང་བ་ནི་རིམ་པ་བཞི་པ་སྟེ། དེའི་སྟེང་དུ་པདྨ་དང་ཆོས་འཁོར་སོགས་དགོད་དོ། །དེ་ལྟར་ན་རྟ་བབས་ཀ་བ་དང་བཅས་པའི་དཔངས་ཆ་ཕྲན་དགུ་ཡིན་ལ། དེ་བཞིན་དུ་རྩ་བའི་སྒོ་དང་། སྒོ་ཁྱུད་དང་། འགྲམ་ལོགས་རྣམས་ཀྱི་དཔངས་ཀྱང་ཆ་ཕྲན་དགུ་དང་། སྒོའི་དཔངས་ཀྱང་སྔར་བཤད་པ་ལྟར་ཆ་ཆེན་གཉིས་ཡིན་ནོ། །དེ་ལྟར་ན་གཡས་གཡོན་གྱི་རྟ་བབས་ནི་རིང་ཐུང་གི་ཚུལ་དུ་གནས་ལ། སྒོ་མདུན་གི་རྟ་བབས་རྣམས་ལོགས་མཉམ་པོར་ཡོད་ཀྱང་། ཁ་དོག་མི་འདྲ་བའི་དབང་གིས་སྣམ་བུ་བཞི་ཡོད་དོ་ཞེས་པ་ནི་རྗེ་བླ་མའི་བཞེད་པའོ། །རྗེ་བཙུན་གྱིས་ལཱུ་ཧི་པའི་སྒྲུབ་ཐབས་ལས། སྒོ་ནི་ས་གཞི་ལ་བྲིས་པ་བཞིན་བརྩིགས་ནས་ཀྱང་ཡོད་པར་འདོད་དེ། ཡ་ཕུབ་ནི་སྒོའི་དངོས་གཞི་ཡིན་པའི་ཕྱིར་ཡ་ཕུབ་ཀྱི་རྩིག་པ་ནི་མེད་པར་འདོད་ལ། སྒོ་ཁང་གི་སྟེང་བཀབ་པ་ནི་རྟ་བབས་ཡིན་པས་ཀ་བ་བཞིས་མཐོ་བར་བཏེག་ལ། རྩིག་པའི་དངོས་གཞི་དང་། རྟ་བབས་ཀྱི་བར་ན་ནམ་མཁའ་སྟོང་པ་དང་བཅས་པའོ། །ཕ་གུ་དང་མདའ་ཡབ་ཀྱི་བར་ན་དྲྭ་ཕྱེད་ཡོད་པ་མདའ་ཡབ་ཀྱི་སྟེང་ན་ཡར་ལ་པུ་ཤུ་ཞེས་བྱ་བ་རིན་པོ་ཆེའི་དྲྭ་བ་སེང་མ་ནང་ནས་ཕྱི་མཐོང་བ་ལ་མདའ་ཡབ་ཀྱི་དཔངས་དང་མཉམ་པ་ཡོད་དོ་ཞེས་གསུངས་པའི་དོན་འདི་ལྟར་མངོན་ཏེ། སྤྱིར་སྒོ་ཁང་བྲིས་པ་བཞིན་བརྩིགས་ནས་ཡོད་པར་འདོད་ལ། དམིགས་བསལ་བྲི་བྱའི་ཡ་ཕུབ་ནི་སྒོའི་དངོས་གཞིའི་ཐད་ཀྱི་རྩིག་རྒྱུན་མ་ཆད་པ་མཚོན་པའི་ཕྱིར། དེར་བྲིས་པ་ཡིན་གྱི་བསྒོམ་བྱ་ལ་ཡ་ཕུབ་ཀྱི་ཐད་ཀྱི་རྩིག་པ་མེད་པར་འདོད་དོ། །འོ་ན་བསྒོམ་བྱ་ལ་རྩིག་རྒྱུན་ཆད་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། སྒོའི་སྟེང་དུ་ཡང་ཆ་ཆེན་གཉིས་ཀྱི་རྩིག་རྒྱན་མ་ཆད་པར་ཡོད་པའི་ཕྱིར་རོ། །རྟ་བབས་ཀྱི་སྒོ་ཁང་གི་སྟེང་འགེབས་དགོས་པའི་སྒོ་ལོགས་ཀྱི་ཕྱི་མཐའ་ཆ་ཕྲན་རེ་རེ་སོང་བའི་སར་ནང་ངོས་འདོད་སྣམ་ལ་རེག་པ་དང་། ཕྱི་ངོས་སྣ་ཚོགས་རྡོ་རྗེ་ལྟེ་བ་ཟད་མཚམས་སུ་སྟེགས་བུ་གྲུ་བཞི། དཔངས་སུ་ཆ་ཕྲན་གཅིག དེའི་སྟེང་དུ་བུམ་པ་ཆ་ཕྲན་གཅིག དེའི་སྟེང་དུ་ཀ་བ་ཆ་ཕྲན་ལྔ་པ་བཞི་འཛུགས་སོ། །དེ་དག་གི་སྟེང་དུ་ཞུ་རིང་ཐུང་གཉིས་ལ་དཔངས་སུ་ཆ་ཕྲན་གཅིག སྲིད་དུ་ཞུ་རིང་ཆ་ཕྲན་གཉིས་ཡོད་པ། རྩེ་མོ་ཀ་རྒྱན་དང་། མུན་པའི་ཕྱེད་ནོན་པའི་ཚུལ་གྱིས་ཡོད་པའོ། །དེའི་སྟེང་དུ་མདུན་ངོས་ལ་གདུང་། དཀྱུས་སུ་ཆ་ཆེན་བཞི། དཔངས་སུ་ཆ་ཕྲན་གཅིག་ཡོད་པ་དང་། ཀ་བ་ནང་མ་གཉིས་ཀྱི་སྟེང་དུ་ཡང་དེ་དང་མཉམ་པའི་གདུང་འགོད་དོ། །དེའི་སྟེང་དུ་རྟ་བབས་སྣམ་བུ་འོག་མ་དཀྱུས་སུ་ཆ་ཆེན་བཞི། ཞེང་དུ་ཆ་ཕྲན་ལྔ་ཡོད་པས་བཀབ། དེའི་སྟེང་དུ་སྣམ་བུ་གོང་མ་གསུམ་གཡས་གཡོན་དང་། མདུན་ངོས་གསུམ་ཆ་ཕྲན་རེ་རེ་ཐུང་བ་བརྩེགས་ཏེ། མཆོད་རྟེན་གྱི་བང་རིམ་ལྟར་ཡོད་པའི་སྟེང་མ་ལ་དཀྱུས་སུ་ཆ་ཕྲན་བཅུ་དང་། ཞེང་དུ་ཆ་ཕྲན་གཉིས་ཡོད་པའོ། །དེའི་དབུས་སུ་པདྨ་འཁོར་ལོ་གདུགས་གསུམ་ཆ་ཆེན་གཅིག་གི་ཚད་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་གཉིས་དང་། མཇུག་མའི་ངོས་སུ་གདུགས་འཛིན་པའི་སྤྲེའུ་གཉིས་དང་། སྣམ་བུའི་རིམ་པ་རྣམས་ལ་རྒྱལ་མཚན་དང་། བ་དན་ལ་སོགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །སྣམ་བུ་བཞི་ཆར་གྱི་ནང་ངོས་མཉམ་པ་དང་། སྒོའི་སྟེང་གི་ལོགས་ཀྱི་རྩིག་པའི་བར་ན་ཆ་ཕྲན་གཉིས་སྟོང་པར་ཡོད་པ་ནི་རྩིག་པའི་དངོས་གཞི་དང་། རྟ་བབས་ཀྱི་བར་ན་ནམ་མཁའ་སྟོང་པ་དང་བཅས་པའི་དོན་ཡིན་ཞིང་། སྒོ་ཁང་གི་རྩིག་པ་དང་། རྟ་བབས་ཀྱི་བར་ན་ཆ་ཕྲན་གཅིག་ཡོད་པ་ནི་ཀ་བ་བཞིས་མཐོ་བར་བཏེག་པ་ཞེས་དང་། ཀ་བ་བཞི་དགོས་པའི་དོན་ཀྱང་ཡིན་ནོ། །ཀ་བའི་གདན་ལ་སྟེགས་བུ་དང་། བུམ་པ་ཡོད་པ་ནི་ཀླུའི་བློས། བུམ་པ་ཀ་བའི་སྟེགས་གནས་པའི། །སྒོ་ལས་སུམ་འགྱུར་རྟ་བབས་ཏེ། །ཞེས་དང་། ཕྲེང་བར། སྟེགས་བུ་བུམ་པ་ལ་གནས་པའི། །རྟ་བབས་ཀ་བ་དྲང་པོར་བྱ། །ཞེས་པས་འགྲུབ་ཅིང་། རྟ་བབས་འདགས་པའི་གདུང་དགོས་པ་ནི། རིན་ཆེན་འབར་བར། ཡ་ཕུབས་ཐ་མ་རྡོ་རྗེའི་གདུང་། །ཞེས་པས་འགྲུབ་བོ། །འདི་ཉིད་བྲི་བྱ་ལ་མེད་དོ་སྙམ་ན། ཡ་ཕུབས་དང་རྟ་བབས་ཀྱི་བར་གྱི་ཆ་ཕྲན་གཅིག་པོ་དེ་ཉིད་སློབ་དཔོན་འདིས་གདུང་གི་ཐིག་ཏུ་འདོད་དེ། ཡ་ཕུབས་ཐ་མ་རྡོ་རྗེའི་གདུང་། །བདུན་པ་རྟ་བབས་དག་ཏུ་འགྱུར། །ཞེས་པ་བྲི་བྱའི་སྐབས་སུ་བཤད་པའི་ཕྱིར་རོ། །ཤྲདྡྷས་གདུང་ཐིག་དང་། མུན་སྣམ་གང་གི་ཡང་གསལ་ཁ་མེད་ཅིང་། དབང་ཆུར་ནམ་མཁའ་ཞེས་བཤད་པས་མུན་སྣམ་དུ་བཞེད་པ་གདམ་ཁ་ཅན་ཏེ། གང་ལྟར་ཡང་བསྒོམ་པ་ལ་ཁྱད་མེད་དོ། །གུ་ཎ་དྷ་ར་ནི་སྣམ་བུ་འོག་མའི་ནང་ངོས། དཔངས་སུ་ཆ་ཕྲན་ཕྱེད་ཙམ་བྲུས་པའི་དབྱིབས་མཛེས་པོ་འབྱུང་ལ། དྲྭ་བ་དང་དྲྭ་ཕྱེད་ལ་སོགས་པའི་གནམ་རྒྱན་སྣ་ཚོགས་འདོགས་པའོ། །ཞེས་པ་འདི་རྗེ་བཙུན་གྱི་དགོངས་པའོ་སྙམ་དུ་ཁོ་བོ་སེམས་སོ། །གཉིས་པ་ཞར་བྱུང་དུར་ཁྲོད་བཤད་པ་ནི། རྩ་རྒྱུད་ལས། དུར་ཁྲོད་དུ་ནི་མགོན་པོ་རོལ། །ཞེས་པ་ཙམ་ལས་མི་འབྱུང་ཞིང་། སློབ་དཔོན་མི་ཐུབ་ཟླ་བའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་གཞུང་རྣམས་དང་། སློབ་དཔོན་མཚོ་སྐྱེས་ཀྱིས་ཀྱང་དུར་ཁྲོད་བཤད་པ་མེད་ཀྱང་། རྗེ་བཙུན་སྐུ་མཆེད་ཀྱིས་དུར་ཁྲོད་དགོས་པར་གསུང་པས་དེ་བཞིན་དུ་བཤད་པ་ལ་གསུམ་སྟེ། དུར་ཁྲོད་ཀྱི་དོན་བཤད་པ། དེ་གནས་གང་དུ་བསྒོམ་པ། བསྒོམ་བྱའི་དུར་ཁྲོད་དངོས་སོ། །དང་པོ་ནི། དུར་ཁྲོད་ལ་ཤྭ་ས་ཏི་ཞེས་འབྱུང་བའི་ཤྭ་དང་བ་གཉིས་ཕྲལ་ཏེ། ཤ་ལ་ར་སྦྱར་ནས་ཤྲ་བ་ནི་རོ། །ཡང་བ་མར་སྦྱར་ཏེ། བ་ས་ཏི་ནི་གནས་ཏེ་རོའི་གནས་སོ། །དེ་ཉིད་དོན་འགྱུར་དུ་བྱས་ནས་དུར་ཁྲོད་ལ་བཤད་པ་ནི་དྲང་དོན་གྱི་དུར་ཁྲོད་དོ། །ངེས་དོན་ནི་དབུགས་རྒྱུ་བ་དང་བཅས་པས་ལུས་ལ་བཤད་པ་དང་། སྣོད་བཅུད་ཐམས་ཅད་ལ་བདག་མེད་པས་ཁྱབ་པ་ལ་བཤད་པ་རྣམས་སུ་ཡོད་དོ། །གཉིས་པ་ནི། རྡོ་རྗེ་མཁའ་འགྲོར་རྡོ་རྗེ་རྭ་བའི་ནང་དུ་བསྒོམ་པར་གསུངས་པ་དང་། སྡོམ་འབྱུང་དུ་རྡོ་རྗེ་རྭ་བའི་ཕྱི་རོལ་དུ་བསྒོམ་པར་གསུངས་པ་གཉིས་ཡོད་ཅིང་། རྗེ་བཙུན་སྐུ་མཆེད་ཀྱིས་འཁོར་འདས་དབྱེར་མེད་ཡིན་པས། དེ་གཉིས་ཁྱད་མེད་པར་བཤད་པའི་ནང་ནས་ནང་དུ་བསྒོམ་པའི་བཤད་པ་ཅུང་མང་བ་ནི་དུར་ཁྲོད་ཀྱི་གཞུང་ཆེ་བར། རྡོ་རྗེ་གུར་གྱི་ནང་དུ་ནི། །བཞི་བཞིར་སྦྱོར་བ་བྱ་བ་ཉིད། །ཅེས་གསུངས་པ་ལ་བརྟེན་པར་སྣང་ངོ་། །གསུམ་པ་ནི། འདིར་རྗེ་བཙུན་རྩེ་མོས་ནག་པོ་པའི་གཞུང་ལྟར་དུ་མཛད་པས། དེ་ལྟར་དུ་བཤད་ན། སྒྲུབ་ཐབས་དེ་ཉིད་གསལ་བ་ལས། ཕྱི་རོལ་དུར་ཁྲོད་འཇིགས་པ་སྟེ། །རྡོ་རྗེ་རྭ་བའི་ནང་ཉིད་དུ། །སྟུག་ཅིང་དྲག་དང་འཐུག་པ་དང་། །དེ་བཞིན་འབར་བའི་ཕྲེང་བ་དང་། །འཇིགས་པར་བྱེད་པའི་ཐོད་པ་ཅན། །གཡོན་ནས་ཤར་ལ་སོགས་པ་བཞིན། །དྲག་ཏུ་དགོད་པ་དབང་ལྡན་དུ། །དབང་ཕྱུག་ནགས་ཚལ་མེ་ཡི་མཚམས། །འཇིགས་བྱེད་མུན་པ་བདེན་བྲལ་དུ། །རླུང་དུ་ཀི་ལི་ཀི་ལ་སྒྲོགས། །ཤིར་ཤ་ཨ་ཤྭ་ཀཾ་ཀ་ལི། །ཙུ་ཏའི་ཤིང་ནི་ཤར་སོགས་རིམ། །ཤིང་ཆེན་ཀ་རཉྫ་ཉིད་དང་། །འཁྲིལ་ཤིང་ཅན་དང་ཨརྫུ་ན། །དབང་པོ་ནོར་སྦྱིན་ཞགས་པ་ཅན། །གཤིན་རྗེའི་རྒྱལ་པོ་ཕྱོགས་སུ་འདོད། །དབང་ལྡན་མཚམས་དང་བྱིན་ཟ་དང་། །སྲིན་པོའི་དབང་པོ་རླུང་དག་ཏུའོ། །ནོར་རྒྱས་བུ་དང་ཏཀྵ་ཀ །ཀརྐོ་ཊ་དང་པདྨ་དང་། །པདྨ་ཆེན་པོ་ཧུ་ལུནྟ། །རིགས་ལྡན་དང་ནི་དུང་སྐྱོང་ཉིད། །སྒྲོགས་བྱེད་འཁོར་བྱེད་འཇིགས་པ་དང་། །ལྡོག་བྱེད་དང་ནི་འཐུག་པོ་ཉིད། །འགེངས་བྱེད་དང་ནི་ཆར་འབེབས་དང་། །གཏུམ་པོ་རིམ་བཞིན་སྤྲིན་གྱི་བདག །དེ་ལ་བརྒྱ་བྱིན་ནི་གླང་པོ་ཆེ་ལ་ཞོན་པ་མདོག་སེར་པོ་ལག་པ་གཡོན་ན་རྡོ་རྗེས་མཚན་པའི་ཐོད་པ་ཐོགས་པའོ། །ནོར་སྦྱིན་ནི་གནོད་སྦྱིན་ལ་ཞོན་པ་མདོག་སེར་པོ་གསུས་པ་འཕྱང་བ་མིའུ་ཐུང་གཡོན་ན་ཐོད་པ་དང་དབྱུག་པ་ཐོགས་པའོ། །ཆུ་ལྷ་ནི་ཆུ་སྲིན་ལ་ཞོན་པ་མདོག་དཀར་པོ་སྦྲུལ་གྱིས་བརྒྱན་པ་གཡོན་ན་ཐོད་པ་དང་ཞགས་པ་ཐོགས་པའོ། །གཤིན་རྗེ་ནི་མ་ཧེ་ལ་ཞོན་པ་མདོག་སྔོན་པོ་ལྟོ་བ་འཕྱང་བ་སྐྲ་སེར་པོ་གྱེན་དུ་བརྫེས་པ་མིའུ་ཐུང་གི་གཟུགས་ཅན་གཡོན་ན་ཐོད་པ་དང་དབྱུག་པ་ཐོགས་པའོ། །དབང་ལྡན་ནི་གླང་ལ་ཞོན་པ་མིག་གསུམ་པ་མདོག་དཀར་པོ་གཡོན་ན་ཐོད་པ་དང་མདུང་ཐོགས་པའོ། །བྱིན་ཟ་ནི་ར་སྐྱེས་ལ་ཞོན་པ་མདོག་དམར་སེར་ཕྱག་བཞི་པ་སྐྲ་སེར་པོ་དབྱུག་གུ་གསུམ་པ་དང་ཐོད་པ་དང་ཕྲེང་བ་འཛིན་པའོ། །སྲིན་པོའི་བདག་པོ་ནི་རོ་ལ་ཞོན་པ་མིའུ་ཐུང་གི་གཟུགས་ཅན་མདོག་སྔོན་པོ་སྐྲ་སེར་པོ་གྱེན་དུ་འབར་བ་གསུས་པ་འཕྱང་བ་གཡོན་ཐོད་པ་དང་རལ་གྲི་ཐོགས་པའོ། །རླུང་གི་བདག་པོ་ནི་མདོག་སྔོན་པོ་རི་དྭགས་ལ་ཞོན་པ་ཞི་བའི་གདོང་ཅན་བ་དན་ཐོགས་པའོ། །འཇིག་རྟེན་སྐྱོང་བ་འདི་དག་ཀུན་རང་རང་གི་མདོག་དང་། གདན་དང་། ཕྱག་མཚན་དང་ལྡན་ཞིང་ཀུན་ཀྱང་གཡས་ཀྱིས་ནི་བཅོམ་ལྡན་འདས་ལ་ཕྱག་འཚལ་བའོ། །སྤྲིན་རྣམས་ཀྱི་ཁ་དོག་ནི་འཇིག་རྟེན་སྐྱོང་བ་ལྟ་བུའོ། །ཀླུ་རྣམས་ནི་དེ་དག་ལ་གནས་པ་སྟེ། ཀུན་ཀྱང་ཐལ་མོ་སྦྱར་བའོ། །ཤིང་བརྒྱད་ལ་གནས་པའི་ཞིང་སྐྱོང་བརྒྱད་ནི་འཇིག་རྟེན་སྐྱོང་བ་བརྒྱད་ཀྱི་བཞོན་པ་རྣམས་ཀྱི་གདོང་ལྟ་བུའོ། །སྐྲ་དམར་སེར་གྱེན་དུ་བརྫེས་པ་བཞིན་འགྱུར་བ་སྟེ། ཤི་རི་ཤ་ལ་གནས་པ་ནི་ལྷའི་དགེ་འདུན་ཞེས་བྱ་བ་མདོག་དཀར་པོའོ། །ཤིང་ཙུ་ཏ་ལ་གནས་པ་ནི་གཤིན་རྗེ་ཞེས་བྱ་སྟེ་མདོག་སྔོན་པོའོ། །ཨ་ཤྭ་ཀ་ལ་གནས་པ་ནི་སྤྲིན་གྱི་རྒྱལ་པོ་ཞེས་བྱ་བ་སྟེ་མདོག་དམར་པོའོ། །བྱང་ཆུབ་ཀྱི་ཤིང་ལ་གནས་པ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཞེས་བྱ་བ་སྟེ་མདོག་སེར་པོའོ། །ཀ་རཉྫའི་ཤིང་ལ་གནས་པ་ནི་དྲང་སྲོང་འདུས་པ་ཞེས་བྱ་བ་སྟེ་དམར་པོའོ། །འཁྲིལ་ཤིང་ཅན་ལ་གནས་པ་ནི་སྲིན་པོའི་ཚོགས་ཅན་ཏེ་ཁ་དོག་སྔོན་པོའོ། །ཨརྫུ་ན་ལ་གནས་པ་ནི་རླུང་གི་རྒྱལ་པོ་ཞེས་བྱ་བ་སྟེ་མདོག་ལྗང་གུའོ། །ཤིང་ཆེན་པོ་ལ་གནས་པ་ནི་ཡི་དྭགས་འདུས་པ་ཞེས་བྱ་བ་སྟེ་དུ་བའི་མདོག་ཅན་དུ་བལྟ་བར་བྱའོ། །ཕྱོགས་མཚམས་བརྒྱད་ཀྱི་དུར་ཁྲོད་རྣམས་ནི་མགོ་བཅད་པ་དང་། དཔྱངས་པ་དང་། བསྙལ་བ་དང་། གསལ་ཤིང་གིས་ཕུག་པ་དང་། མགོ་བོ་དང་། ཀེང་རུས་དང་། བ་གླང་གི་ཚེ་དང་། ཁྭ་དང་། འུག་པ་དང་། བྱ་རྒོད་དང་། རོ་ལངས་རྣམས་ཕཻཾ་ཞེས་བྱ་བའི་སྒྲ་སྒྲོགས་པར་བྱེད་དེ། མ་ལུས་པ་ཀུན་ཀྱང་སྔོན་གྱི་གྲུབ་པ་ཐོབ་པ་རྣམས་ཀྱིས་མངོན་པར་བརྟགས་པ་སྟེ། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། གདོན་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་རྣམས་ཀྱིས་རྣམ་པར་བརྒྱན་ཅིང་སྒྲུབ་པ་པོ་རྣམས་དང་བཅས་པར་བལྟ་བར་བྱའོ་ཞེས་གསུངས་པ་ལྟར་རོ། །གསུམ་པ་ནང་གི་དབྱིབས་དང་གདན་བཤད་པ་ནི། ལྷ་སྣམ་ཡོད་པ་དང་། མེད་པའི་ལུགས་གཉིས་ལས། དང་པོ་ནི། རིན་ཆེན་འབར་བར། གསུམ་པའི་ཕྱེད་རྒྱབ་དེ་ཕྱེད་ནང་། །རྡོར་ཕྲེང་བཞི་པ་ལྷ་སྣམ་ཡིན། །ཞེས་ཆ་ཆེན་གསུམ་པའི་མཐའ་ཐིག་ཡན་ཆད་ཟླུམ་པོར་བསྐོར་བ། གཙོ་བོའི་པདྨ་རྡོར་ཕྲེང་དང་བཅས་པ་དང་། ཆ་ཆེན་བཞི་པ་ལྷ་སྣམ་དུ་བཤད་ལ། ནག་པོ་པའི་དཀྱིལ་ཆོག་ལས། ལྷ་ཡི་གནས་ཀྱི་སྐུད་པ་ནི། །མཚམས་སུ་སྒོ་དང་མཚུངས་པར་གདབ། །ཅེས་ལྷ་སྣམ་ཆ་ཆེན་གཅིག་བཤད་ཅིང་། མཚོ་སྐྱེས་ཀྱིས་ཀྱང་དེ་དང་འདྲ་བར་བཤད་པས། སློབ་དཔོན་དེ་རྣམས་ཀྱི་ལུགས་ལ་དབུས་ཀྱི་ཆ་ཆེན་དྲུག་ལ་རྡོ་རྭ་མེ་རི་དང་བཅས་པའི་པདྨ། གཙོ་བོའི་གནས་དང་ལྷ་སྣམ་ལ་པདྨ་ཆུང་དུ་བརྒྱད། འཁོར་གྱི་ལྷ་མོའི་གནས་སུ་བཞེད་དོ། །རྗེ་བཙུན་སྐུ་མཆེད་ཀྱི་སྒྲུབ་ཐབས་གཉིས་ལས། པདྨ་རྐྱང་པ་ལས་རྡོར་ཕྲེང་སོགས་བྱ་བར་མ་གསུངས་ཤིང་། དབང་གི་ཆུ་བོར་པདྨའི་མཐར་རྡོ་རྭ་མེ་རིས་བསྐོར་ཞིང་། དེ་དང་རྩིག་པ་གཉིས་ཀྱི་བར་ན་ལྷ་སྣམ་ཆ་ཆེན་གཅིག་ཡོད་པ་འཕར་མ་གཉིས་པའི་ལུགས་དང་། དེ་བར་ན་མེད་པ་འཕར་མ་གཅིག་པའི་ལུགས་གཉིས་གསུངས་པ་ལ། དང་པོ་ནི། དབང་ཆུ་ནི་ཡབ་ཡུམ་གཉིས་ཀྱི་ཐུན་མོང་བ་ཡིན་པས་བདག་མེད་མའི་དབང་དུ་བྱས་ལ། ཕྱི་མ་ནི་ཡབ་ཀྱི་དཀྱིལ་འཁོར་ཁོ་ནའི་དབང་དུ་བྱས་པ་སྟེ། རྩ་རྒྱུད་ལས། ཡུམ་གྱི་སྐབས་སུ། འཕར་མ་གཉིས་བཟང་རྣམས་བྲིས་ནས། །མྱུར་དུ་དཀར་མོ་ལ་སོགས་བྲི། །ཞེས་དང་། ཡབ་ཀྱི་སྐབས་སུ། འཕར་མ་གཅིག་དང་སྒོ་བཞི་པ། །ཞེས་གསུངས་པའི་ཐིག་གདབ་ཚུལ་གཉིས་ཀ་སྟོན་དགོས་པའི་ཕྱིར་རོ། །འཕར་མ་གཉིས་ཀྱི་དོན་འདི་ལ་རྒྱ་གར་གྱི་འགྲེལ་པ་རྣམས་ལ་བཤད་ཚུལ་མི་འདྲ་བ་དྲུག་ཙམ་སྣང་ཡང་། བིརྺ་པའི་ལུགས་གཉིས་ཀྱི་དགོངས་པ་ནི། འཁོར་གྱི་ལྷ་མོའི་གནས་ལ་རྡོ་རྭ་མེ་རིས་བསྐོར་བ་རིམ་པ་གཅིག་ལས་མེད་པ་ནི་འཕར་མ་གཅིག་དང་། དེ་རིམ་པ་གཉིས་ཡོད་པ་ནི་འཕར་མ་གཉིས་པར་བཞེད་དེ། ཡབ་ཀྱི་སྐབས་སུ་གཙོ་བོའི་པདྨ་ལ་རྡོ་རྭ་མེ་རི་ཡོད་པའམ། མེད་ཀྱང་རུང་། ལྷ་མོ་བརྒྱད་ལ་ཕྱིའི་རྡོ་རྭ་མེ་རིས་བསྐོར་བའི་རིམ་པ་གཅིག་ལས་མེད་པས། འཕར་མ་གཅིག་པར་འཇོག་པའི་ཕྱིར་དང་། ཡུམ་གྱི་སྐབས་སུ་ནང་གི་རྣལ་འབྱོར་མ་ལྔའམ་བདུན་ལ་བསྐོར་བའི་རྡོ་རྭ་མེ་རི་གཅིག ཕྱིའི་རྣལ་འབྱོར་མ་བཅུའམ་བརྒྱད་ལ་རྡོ་རྭ་མེ་རིས་བསྐོར་བའི་རིམ་པ་གཅིག་ཡོད་པས་འཕར་མ་གཉིས་པར་འཇོག་པའི་ཕྱིར། འདི་ལ་དགོངས་ནས་སྐབས་ཁ་ཅིག་ཏུ་ཁ་སྦྱོར་ཞེས་དང་། མི་ཐུབ་ཟླ་བས་ཡབ་ཀྱི་སྒྲུབ་ཐབས་སུ་ཕྲེང་བ་ཞེས་གསུངས་པ་འཕར་མའི་མིང་གི་རྣམ་གྲངས་སུ་བཞེད་ཅིང་། འགྲེལ་པ་ཀུ་མུ་ཏི་ལས། ནང་གི་རྣལ་འབྱོར་མ་ལྔ་ལ། རྡོ་རྗེ་རྭ་བས་བཅད་ཅིང་སྦས་པ་འཕར་མ་གཅིག་དང་། ཕྱིའི་རྣལ་འབྱོར་མ་རྣམས་ལ་རྡོ་རྗེ་རྭ་བས་བཅད་ཅིང་སྦས་པ་འཕར་མ་གཉིས་པར་གསུངས་སོ། །དེར་གདན་བསྒོམ་པ་ནི་པདྨའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་བཞི་སྟེང་ནས་སྟེང་དུ་བརྩེགས་པར་གནས་པ་ཡིན་ཏེ། རྗེ་བཙུན་སྐུ་མཆེད་ཀྱིས་མན་ངག་ལུགས་ཀྱི་སྐབས་སུ་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ་ཞེས་དང་། མཚོ་སྐྱེས་ལུགས་ཀྱི་སྐབས་སུ་ཡང་དེ་ལྟར་དུ་གསུངས་ཤིང་། དེ་དང་མཐུན་པར་སློབ་དཔོན་ཤཱནྟི་པས་ཀྱང་། དབུས་སུ་བདུད་ནི་བཞི་པོ་དག །གོང་ནས་གོང་དུ་བཀན་པའོ། །ཞེས་གསུངས་སོ། །ཕྱག་མཚན་ནི་གཞུང་རྣམས་སུ་མི་གསལ་ལ། རྗེ་བཙུན་གྱིས། གདོང་བཞི་དང་ནི་དབང་པོ་དང་བཅས་འཇུག་སེལ་དག་དང་དྲག་པོ་རྣམས་ནི་རྟབས་ཤིང་འགྱེལ་ལ་ལག་ཆ་ཤོར་ནས་ཐལ་མོ་སྦྱར་ཞིང་གདོང་གིས་གྱེན་དུ་བལྟ་བ་ཞེས་ལག་པ་གཉིས་ཐལ་མོ་སྦྱར་བར་བཤད་པ་ལྟར་བྱའོ། །ལྷ་མོ་བརྒྱད་ཀྱི་གདན་ནི་རྗེ་བཙུན་རྩེ་མོས། འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་དཀར་པོ། ནུབ་ཏུ་ཉེ་དབང་སྔོན་པོའམ་དམར་པོ། བྱང་དུ་དྲག་པོ་ནག་པོ། བྱང་ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་ནོར་བདག་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ། ནུབ་བྱང་དུ་ཐགས་ཟངས་རིས་ལྗང་གུའམ་དུད་ཀའོ་ཞེས་གསུངས་སོ། །གལ་ཏེ་རྗེ་བཙུན་སྐུ་མཆེད་ཀྱི་ལུགས་ལ་ཟླ་གདན་དུ་བྱས་པ་མི་འཐད་དེ། སློབ་དཔོན་ཤཱནྟི་པ་སོགས་ཀྱིས་བདག་མེད་མ་ལ་ཟླ་གདན་བྱས་པ་ལ། རྗེ་བཙུན་གྱིས་ཟླ་བའི་གདན་ཡང་མི་རིགས་ཏེ། འདི་དག་ནི་ཁྲོ་མོ་ཡིན་ལ། ཁྲོ་བོ་ཁྲོ་མོ་རྣམས་ནི། འབར་བའི་ཕྲེང་བ་འཁྲུགས་པའི་འོད། །ཅེས་བྱ་བ་ཉི་མར་བཤད་པ་དང་འགལ་བའི་ཕྱིར་རོ། །ཞེས་དགག་པ་མཛད་པས་སོ་སྙམ་ན་འདི་ནི་བདག་མེད་ལྷ་མོ་བཅོ་ལྔ་ལ་ཟླ་གདན་བྱེད་པ་བཀག་པ་ཡིན་གྱི། ཡབ་ཀྱི་འཁོར་རྣམས་ལ་ཟླ་གདན་བྱེད་པ་བཀག་པ་མ་ཡིན་ནོ།     རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*