རིག་གཏེར་འགྲེལ་པ་རིགས་ལམ་རབ་གསལ། ཁ༽

དུ་བ་མེ་འབྲས་ཡིན་ཡང་རྩོད་གཞི་ལས་གཞན་དུ་བཀོད་ན་གོ་བྱེད་དུ་མི་རུང་བ་ལྟར། ནོག་ལྐོག་ཤལ་བ་གླང་གི་མཚན་ཉིད་ཡིན་ཡང་མཚན་གཞི་རྟ་སོགས་ལ་བཀོད་ན་མཚོན་མི་ནུས་པས་སྐྱོན་ཅན་ཡིན་ནོ། །ཡང་མཚན་ཉིད་མི་སྲིད་པ་ལ་མཚོན་བྱ་ཁེགས་ཀྱང་ལྐོག་ཤལ་ལ་མི་སྲིད་པ་མ་གྲུབ་ཅིང་། ལྐོག་ཤལ་ཁྲ་བོ་མ་སྲིད་པའི་ཕྱིར། དཀར་ཟལ་མི་སྲིད་པར་ཐལ་བ་འདོད་དོ། །གཉིས་པ་མཚོན་བྱ་ལ་དགག་གཞག་སྤང་གསུམ། དང་པོ་ནི། ཁ་ཅིག་སྟེ་གཙང་ནག་པ་ནི། མཚན་མཚོན་རྫས་གཅིག་ཡིན་ཏེ། ཐ་སྙད་བསྒྲུབ་པ་རང་བཞིན་གྱི་རྟགས་ཡིན་པའི་ཕྱིར་ཞེས་ཟེར། ཐ་སྙད་ཀྱི་མཚན་ཉིད་དོན་ལྡོག་ལ་སྒྲ་བློ་མ་འཁྲུལ་བའི་ཞེན་རུང་ཡིན་ཞིང་། དེ་མཚོན་བྱའི་མཚན་གཞིར་འདོད་དོ། །འདི་མི་འཐད་དེ། མཚན་ཉིད་ལྐོག་ཤལ་མཐོང་བ་ཡི་དབང་ཤེས་རྟོག་བཅས་ཉིད་དུ་འགྱུར་ཏེ། མིང་གིས་ཁྱད་པར་དུ་བྱས་པའི་མཚོན་བྱ་བ་གླང་གི་ཐ་སྙད་འཛིན་པའི་བློ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ་མཚན་མཚོན་རྫས་གཅིག་གང་ཞིག རྫས་གཅིག་ལ་སྣང་མི་སྣང་གི་ཆ་གཉིས་མེད་པའི་ཕྱིར། རྟོག་བྲལ་ཡིན་པས་མིང་མི་འཛིན་ན་མཚན་ཉིད་བཟུང་། མཚོན་བྱ་མ་བཟུང་བས་དེ་རྫས་གཅིག་པ་ཉམས་སོ། །ཡང་ལྐོག་ཤལ་གྱིས་དཀར་ཟལ་བ་གླང་དུ་སྒྲུབ་པ་དོན་བསྒྲུབ་ཏུ་འགྱུར་གྱི་ཐ་སྙད་བསྒྲུབ་ཏུ་མི་རུང་སྟེ་རྫས་གཅིག་པའི་ཕྱིར། དཔེར་ན་བྱས་པས་མི་རྟག་པ་སྒྲུབ་པ་བཞིན་ནོ། །ཡང་དེར་མ་ཟད་བ་གླང་གི་ཐ་སྙད་དོན་མཐུན་འཇུག་པ་དེ་རྫས་ཡོད་དུ་འགྱུར་ཏེ། མཚན་ཉིད་རྫས་ཡོད་དང་རྫས་གཅིག་ཡིན་པའི་ཕྱིར། ཡང་མཚོན་བྱའི་མཚན་གཞི་ཐ་སྙད་ལ་བྱེད་པ་དགོངས་པ་མིན་ཏེ། བརྡ་དུས་སུ་མཚན་ཉིད་རྒྱུ་མཚན་དུ་བྱས་ནས་མཚོན་བྱའི་བརྡ་བརྟགས་པ་དེ་ཕྱིས་ཐ་སྙད་ཀྱི་དུས་སུ་མཚན་ཉིད་མཐོང་བས་བརྡ་དྲན་པར་བྱས་ནས་ཡིད་ཀྱིས་ཤིང་ངོ་སྙམ་པ་དང་། ངག་གིས་ཤིང་བརྗོད་པ་དང་ལུས་ཀྱིས་ཤིང་ལེན་པ་ལ་འཇུག་པ་རྣམས་ཐ་སྙད་དུ་གསུངས་པའི་ཕྱིར་ཏེ། གྲགས་པའི་བརྡ་ཡི་རྗེས་འགྲོ་བ། །ཞེས་གསུངས་སོ། །གཉིས་པ་ནི། རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ་པ་ནི་མཚོན་བྱའི་མཚན་ཉིད་ཡིན་ལ། དེ་ཡི་མཚན་གཞི་ནི་རྒྱུ་མཚན་ཏེ་དོན་ལྡོག་ཉིད་ལ་བརྡ་སྦྱར་བའོ། །སྔར་བཤད་པ་དེ་ལྟར་རྟོགས་ནས་སྒོ་གསུམ་གྱི་ཐ་སྙད་ནི་རང་གཞན་གྱི་བ་གླང་བླང་དོར་ལ་འཇུག་པ་ཡིན་མིན་རྗོད་པ་ཡོད་མེད་དཔྱོད་པ་ལ་སོགས་པ་ཡིན་ལ། དེ་ལྟ་བུ་ཡི་སྒོ་ནས་འཇིག་རྟེན་གྱི་བྱ་བ་སྒྲུབ་པ་ནི་ཐ་སྙད་བསྒྲུབ་པ་ཡིན་ནོ། །སྒྲ་རང་མཚན་དང་། སྒྲ་སྤྱི་དང་། མིང་དངོས་སུ་བཏགས་པ་ཙམ་མཚོན་བྱ་མིན་ཏེ། ལྷ་བྱིན་སོགས་མིང་གི་སྒྲ་ཐམས་ཅད་དེར་ཐལ་བའི་ཕྱིར་རོ། །གདགས་རུང་ཙམ་ཡང་མིན་ཏེ། དེ་ཤེས་བྱ་ཐམས་ཅད་ལ་ཡོད་པའི་ཕྱིར། དེས་ན་རིགས་ཀྱི་སྒྲ་དོན་ལྡོག་ལ་ལྟོས་པ་རྒྱུ་མཚན་ཅན་གྱི་མིང་སྤྱི་དེ་མཚོན་བྱ་ཡིན་པས་བཏགས་ཡོད་ཉིད་ཡིན་ལ། སྒྲོ་བཏགས་ཡིན་ཏེ་དངོས་པོ་ལ་མ་གྲུབ་པའི་ཕྱིར་ནའོ། །གསུམ་པ་ནི། མཚན་མཚོན་རྫས་གཅིག་མ་ཡིན་ན། མཚན་ཉིད་ཀྱིས་མཚོན་བྱ་སྒྲུབ་པ་རང་བཞིན་གྱི་རྟགས་སུ་མི་འཐད་པར་ཐལ་ཟེར་ལོ། །ནོག་ལྐོག་ཤལ་གྱི་རྟགས་ཀྱིས་བ་གླང་དཀར་ཟལ་གྱི་ཐ་སྙད་དོན་མཐུན་འཇུག་རུང་དུ་སྒྲུབ་པའི་གྲགས་པའི་རྗེས་དཔག་སྟེ་རྟགས་སུ་ག་ལ་འགལ་ཏེ། རྟོག་པ་འཁྲུལ་པས་ནོག་སོགས་དང་བ་གླང་གི་སྒྲའི་དོན་ཏེ་རྣམ་པ་ལ་གཅིག་ཉིད་དུ་བཟུང་བ་དེ་ལ་གཞན་སེལ་ཕྱིན་ཅི་མ་ལོག་པས་ལྡོག་པ་སོ་སོར་ཕྱེ་སྟེ་ངོ་བོ་གཅིག་ཏུ་སྒྲུབ་པ་ལ་ཐ་སྙད་བསྒྲུབ་ཀྱི་རང་བཞིན་གྱི་རྟགས་སྦྱོར་བས་ན་འཇིག་རྟེན་གྱི་དོན་ཀུན་ཏུ་ཐ་སྙད་པའི་ཚད་མ་ལ་མི་སླུ་བ་འགྲུབ་པའི་ཕྱིར། རྩ་འགྲེལ་འདིས་ཐ་སྙད་འབའ་ཞིག་བསྒྲུབ་ཀྱི་རྟགས་ཐམས་ཅད་གྲགས་རྟགས་སུ་བསྟན་པས་རང་བཞིན་མ་དམིགས་པའི་རྟགས་སུ་བཞེད་པར་གསལ་ཞིང་། མཚན་མཚོན་གཉིས་ལྡོག་པ་གཅིག་པ་ཡང་བཀག་གོ །གསུམ་པ་མཚན་གཞི་ལ། མཚན་ཉིད་ཀྱི་རྟེན་བྱེད་པ་མཚན་གཞིའི་མཚན་ཉིད་ཡིན་ལ། མཚན་ཉིད་བརྟེན་པར་གྲུབ་པ་ཉིད་ཀྱིས། མཚོན་བྱ་དེས་འཇོག་པ་ཡིན་ནོ། །དབྱེ་ན་མཚན་ཉིད་པ་བ་གླང་གི་མཚན་གཞི་དཀར་ཟལ་ལྟ་བུ་དང་། བཏགས་པ་བ་སྐྱོན་ཡོན་བརྩི་བའི་གཞི་བ་གླང་གི་མཚན་གཞི་རྟ་ལྟ་བུ་གཉིས་ཡོད། གསུམ་པ་ཆོས་གསུམ་སོ་སོའི་རྣམ་གཞག་ལ་གསུམ་སྟེ། རང་ལྡོག་ངོས་བཟུང་བ། ཇི་ལྟར་འབྲེལ་བའི་ཚུལ། མཚན་ཉིད་དང་འབྲེལ་ནས་སོ་སོར་མཚོན་པའི་རྣམ་གཞག་གོ །དང་པོ་ལ་གཉིས་ལས། གཞན་ལུགས་དགག་པ་ནི། སྣང་བ་དང་སེལ་བའི་སྒྲུབ་པ་མ་ཕྱེད་པའི་བོད་འགའ་ཞིག་ཆོས་གསུམ་གྱི་རང་ལྡོག་ནི་སྒྲུབ་པ་ཁོ་ན་ཡིན་ཏེ། རང་གི་རྣམ་པ་རང་དབང་དུ་འཆར་བས་ངེས་སུ་རུང་བའི་ཕྱིར་ཞེས་ཟེར་རོ། །གསུམ་པོ་རང་གི་རྣམ་པར་རང་དབང་དུ་འཆར་བ་དེ་ལྟ་ཡིན་ན་ཆོས་གསུམ་པོ་སེལ་བ་ལ་མི་ལྟོས་པར་རྟོག་མེད་ཤེས་པའི་ཡུལ་དུ་ཐལ་བར་འགྱུར་རོ། །འདོད་ན་སྒྲ་རྟོག་ཐམས་ཅད་སེལ་བར་གསུངས་པ་དང་འགལ་ལོ། །གཉིས་པ་རང་གི་འདོད་པ་ནི། དེས་ན་སྣང་བའི་ལྡོག་པ་འདི་ནི་ཆོས་གསུམ་ཉིད་དུ་འཇོག་པ་མིན་ལ། སེལ་བ་ཡི་ཆོས་གསུམ་གྱི་ནི་རང་ལྡོག་ལ་སྒྲུབ་པ་དང་དགག་པ་གཉིས་ཀ་ཡོད་དེ། དངོས་པོའི་ཆ་བསྒྲུབ་ན་མ་ཡིན་དགག དངོས་མེད་ཀྱི་ཆ་སྒྲུབ་ན་མེད་དགག་གོ །གཉིས་པ་ལ་འབྲེལ་ཚུལ་དངོས་དང་། འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གཉིས། དང་པོ་ནི། མཚན་མཚོན་གཉིས་རང་བཞིན་འབྲེལ་བ་ཡིན་ཞིང་། དེ་གཉིས་དང་མཚན་གཞི་ནི་ཕལ་ཆེར་གནས་སྐབས་འབྲེལ་ལ། རང་བཞིན་འབྲེལ་པའང་ཡོད་དེ་དངོས་པོ་མི་རྟག་པར་མཚོན་པ་ལ་སྐད་ཅིག་མ་བཀོད་པ་ལྟ་བུའོ། །གཉིས་པ་ནི། མཚན་ཉིད་ཀྱི་དོན་སྤྱི་དང་། མཚོན་བྱའི་སྒྲ་སྤྱི་གཅིག་ཏུ་བརྡ་ཆད་བྱས་པའི་སྟོབས་ཀྱིས་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་པས་དེ་གཉིས་གཅིག་ཏུ་འཛིན་པ་ཉིད་ཡིན་ལ། དེ་མྱོང་བའི་རང་རིག་གིས་སྟོབས་ཀྱིས་མཚན་མཚོན་གྱི་འབྲེལ་བ་གྲུབ་བོ། །མཚན་ཉིད་དང་མཚོན་བྱ་ཡི་འབྲེལ་བ་ནི། མཁས་པས་མཚན་ཉིད་མངོན་སུམ་གྱིས་མཐོང་བས་བརྡ་དྲན་པས་འགྲུབ་སྟེ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །ཞེས་སོགས་གསུངས་སོ། །རྨོངས་པ་ལ་ནི་བརྡ་དྲན་པར་བྱེད་པ་ཐ་སྙད་བསྒྲུབ་ཀྱི་རྗེས་དཔག་དགོས་ཏེ། ཡུལ་ཡོད་ན་ཡང་རྨོངས་པས་འདིར། །ཞེས་གསུངས་སོ། །གསུམ་པ་ལ། ཇི་ལྟར་མཚོན་པའི་ཚུལ་དང་། ཕན་ཚུན་ངེས་པའི་རྣམ་གཞག་གཉིས། དང་པོ་ལ་སྦྱོར་བའི་དབྱེ་བ། དེ་ལ་རྩོད་པ་སྤོང་བ་གཉིས། དང་པོ་ནི། ཆོས་གསུམ་པོ་དེ་ལ་སྤྱི་དང་བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚོན་སྦྱོར་གཉིས་གཉིས་ཏེ་དྲུག་ནི་རིམ་བཞིན་ནོག་སོགས་འདུས་པ་དང་། བ་གླང་གི་ཐ་སྙད་དང་། དཀར་ཟལ་གསུམ་མཚན་གཞིར་བཟུང་ནས་སྤྱིར་མཚན་མཚོན་གཞི་གསུམ་དུ་མཚོན་པ་གསུམ། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚན་མཚོན་གཞི་གསུམ་དུ་མཚོན་པ་གསུམ་སྟེ་དྲུག་པོ་དེ་ཡང་དག་གོ །དེ་དག་ལས་བཟློག་པ་མིན་པར་མཚོན་པ་ལའང་མཚོན་སྦྱོར་དྲུག་སྟེ། བ་གླང་གི་ཐ་སྙད་དང་དཀར་ཟལ་མཚན་གཞིར་བཟུང་ནས་སྤྱིར་མཚན་ཉིད་མིན་པ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚན་ཉིད་མིན་པར་མཚོན་པ་གཉིས། དེ་བཞིན་དུ་ནོག་སོགས་འདུས་པ་དང་དཀར་ཟལ་མཚན་གཞིར་བཟུང་ནས་སྤྱིར་མཚོན་བྱ་མིན་པ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚོན་བྱ་མིན་པར་མཚོན་པ་གཉིས། ནོག་སོགས་འདུས་པ་དང་བ་གླང་གི་ཐ་སྙད་མཚན་གཞིར་བཟུང་བས་སྤྱི་མཚན་གཞི་མིན་པ་དང་། བྱེ་བྲག་སྦྱོར་བ་འདིར་གཏོགས་ཀྱི་མཚན་གཞི་མིན་པར་མཚོན་པ་གཉིས་ཏེ་དྲུག་ལས། བཞི་ནི་སྐྱོན་མེད་ཡིན་ལ། མཚན་ཉིད་མིན་པར་མཚོན་བྱེད་ཀྱི་ཆ་དང་། མཚན་གཞི་མིན་པའི་ཆ་གཉིས་སྐྱོན་ཅན་སྲིད་དེ། བ་གླང་ཁྲ་བོ་མཚོན་པ་ལ་དཀར་ཟལ་བཀོད་པ་སྐྱོན་མེད་ཡིན་པའི་ཕྱིར་དང་། སྐབས་ཐོབ་ཀྱིས་མཚན་གཞིར་མི་རུང་བ་མི་སྲིད་པའི་ཕྱིར། དེས་ན་སྐྱོན་མེད་ཅེས་པ་དང་། སྲིད་ཅེས་པ་སོ་སོར་སྦྱར་བ་འགྲེལ་པར་སྣང་ཡང་མིག་གིས་མ་མཐོང་ཞིང་རང་ཉིད་ཀྱི་རྣམ་དཔྱོད་ཀྱིས་སྦྱོར་མ་ཤེས་པར་དྲི་མ་མེད་པའི་ཚིག་ལ་ལོག་པ་རྟོག་པའི་དྲི་མས་མ་ཕུག་ཅིག གཉིས་པ་ལ་རང་ལྡོག་ཡིན་པར་མཚོན་ཚུལ་ལ་རྩོད་པ་སྤོང་བ། གཞན་ལྡོག་མིན་པར་མཚོན་ཚུལ་ལ་རྩོད་པ་སྤོང་བ། འགལ་མཚུངས་ཀྱི་སྦྱོར་བ་དཔེར་བརྗོད་པའོ། །དང་པོ་ནི། ནོག་ལྐོག་ཤལ་མཚན་གཞིར་གཞག་ནས་སྦྱོར་བ་འདིར་གཏོགས་ཀྱི་བ་གླང་གི་མཚན་ཉིད་དུ་མཚོན་པ་ལ་དེའི་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ་བཀོད་པ་ན། མཚན་ཉིད་དེ་མཚན་གཞི་དཀར་ཟལ་དང་མཚོན་བྱ་བ་གླང་གི་ཐ་སྙད་གཉིས་ལ་ཁེགས་ན་ནི་དེ་ལ་མཚན་གཞི་ནོག་ལྐོག་ཤལ་ཁེགས་པར་འགྱུར་ལ། གལ་ཏེ་མཚན་ཉིད་དངོས་འགལ་གཅོད་པའི་དོན་ལྡོག་ཁེགས་ཀྱང་མཚན་གཞི་ནོག་ལྐོག་ཤལ་མ་ཁེགས་ན་མཚན་གཞི་ལ་མཚན་ཉིད་ཀྱིས་མ་ཁྱབ་པར་ཐལ་ལོ། །གལ་ཏེ་མ་ཁེགས་ན་ནི་ཁྱབ་ཆེས་ཏེ། དེ་གཉིས་བ་གླང་གི་མཚན་གཞི་མིན་ཕྱིར་ཞེས་ཕྱ་པས་ཟེར་རོ། །བ་གླང་གི་དངོས་འགལ་གཅོད་པའི་དོན་ལྡོག་དེས་བ་གླང་དང་དཀར་ཟལ་གྱི་དོན་ལྡོག་ལ་ཁྱབ་སྟེ། དོན་ལྡོག་གཅིག་ཡིན་པའི་ཕྱིར། དེས་ན་མཚན་གཞི་ལ་མ་ཁྱབ་པའི་ཉེས་པ་མེད་དོ། །རང་ལྡོག་ལ་མ་ཁྱབ་སྟེ། རང་ལྡོག་ཐ་དད་པས་སོ། །དེས་ན་ཁྱབ་ཆེས་པའི་ཉེས་པ་མེད་དོ། །གཉིས་པ་ནི། མཚོན་བྱ་མིན་པ་དེ་མཚོན་བྱ་ཡིན་ནམ་མིན། ཡིན་ན་མཚོན་བྱའི་མཚན་ཉིད་བཀག་པས་མཚོན་པ་འགལ་ཏེ། ལྐོག་ཤལ་བཀག་པས་བ་གླང་དུ་མཚོན་པ་བཞིན་ནོ། །མིན་ན་རྣམ་འཇོག་གི་རྒྱུ་ལ་མི་ལྟོས་པར་ཐལ་ཞེ་ན། རྩོད་པ་འདི་ཡི་ཉེས་པ་མེད་དེ། མཚོན་བྱ་མིན་པ་མཚོན་བྱའི་མཚན་གཞི་ཡིན་གྱི་རང་ལྡོག་མིན་ཏེ། དཔེར་ན་ཡོད་པ་ཆོས་ཅན། བསྒྲུབ་བྱ་མིན་ཏེ། གྲུབ་བསལ་མེད་ལ་དཔག་འདོད་དང་མི་ལྡན་པའི་ཕྱིར་ཞེས་བཀོད་པ་ན། བསྒྲུབ་བྱ་མིན་པའི་ཐ་སྙད་བསྒྲུབ་བྱའི་མཚན་གཞི་ཡིན་པས་རྟགས་ལ་ལྟོས་ལ། བསྒྲུབ་བྱའི་རང་ལྡོག་མིན་པས་མཚན་ཉིད་བཀག་པས་སྒྲུབ་པ་མི་འགལ་བ་བཞིན་ནོ། །ཡང་ནོག་ལྐོག་ཤལ་ལ་སྤྱིར་རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པ་ཁེགས་ན་མཚན་ཉིད་ཀྱི་རང་ལྡོག་ལའང་དེ་ཁེགས་པ་དང་། མཚོན་བྱའི་མཚན་ཉིད་བཀག་པའི་རང་ལྡོག་ལ་མཚོན་བྱའི་སྒྲ་བློ་ཡང་ཁེགས་པས། མཚན་ཉིད་ཀྱི་ཐ་སྙད་དང་མཚོན་བྱ་མིན་པའི་ཐ་སྙད་ཐམས་ཅད་ཁེགས་པར་འགྱུར་ལ། མ་ཁེགས་ན་མཚོན་བྱའི་མཚན་ཉིད་ཁྱབ་ཆེས་པར་ཐལ་ཏེ། དེ་ཉིད་མཚོན་བྱའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། རྩོད་པ་འདི་ཡི་ཉེས་པ་མེད་དེ། ནོག་ལྐོག་ཤལ་གྱི་དོན་ལྡོག་སྟེ། མཚན་ཉིད་ཡིན་པ་ལ་མཚོན་བྱའི་མཚན་ཉིད་མ་ཁེགས་པས་ཐ་སྙད་རྒྱུན་ཆད་པ་མེད་ལ། རང་ལྡོག་ལ་ཁེགས་པས་ཁྱབ་ཆེས་པ་མེད་དོ། །ཡང་མཚོན་བྱ་མིན་པ་མཚོན་བྱའི་མཚན་གཞི་ཡིན་ན། དངོས་པོའི་དངོས་འགལ་དངོས་མེད་ཀྱང་དངོས་པོ་མཚོན་པའི་མཚན་གཞི་ཡིན་པའི་ཕྱིར་མཚུངས་སོ་ཞེ་ན། རྩོད་པ་འདི་ཡི་ཉེས་པ་མེད་དེ། དངོས་མེད་ལ་དོན་བྱེད་ནུས་པ་མ་བརྟེན་ལ། མཚོན་བྱ་མིན་པ་ལ་རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པ་བརྟེན་པའི་ཕྱིར་རོ། །གསུམ་པ་ནི། མཚན་གཞི་ཐ་དད་ལ་ལྟོས་ནས་འགལ་བ་དང་མཚུངས་པར་མངོན་པ་མེད་པ་དེས་ན་ལ་ལར་འགལ་བར་མངོན་པའི་སྦྱོར་བ་སྲིད་དེ། ཚུལ་གསུམ་མ་ཚང་བ་མཚན་གཞིར་བཞག་ནས་གཏན་ཚིགས་སུ་མཚོན་པ་ལ། ཚུལ་གསུམ་ཚང་བ་བཀོད་པ་ལྟ་བུའོ། །ལ་ལར་མཚུངས་པར་མངོན་པའི་སྦྱོར་བ་སྲིད་དེ། ཤེས་བྱའི་ལྡོག་པ་ཤེས་བྱར་མཚོན་པ་ལ་བློའི་ཡུལ་དུ་བྱར་རུང་བ་བཀོད་པ་ལྟ་བུའོ། །གཉིས་པ་ཕན་ཚུན་ངེས་པའི་རྣམ་གཞག་ལ། རྣམ་གཞག་སྤྱིར་བརྗོད་པ་དང་། དེ་ལས་གཞན་དུ་རྟོག་པ་དགག་པ། མིང་དོན་བཟློག་པའི་རྩོད་པ་སྤང་བ་གསུམ་མོ། །དང་པོ་ནི། དོན་ལྡོག་གི་དབང་དུ་བྱས་ནས་མཚན་མཚོན་གཉིས་གྲངས་མཉམ་ཏེ་མཚན་ཉིད་གཅིག་ལ་མཚོན་བྱ་དུ་མ་དང་། མཚོན་བྱ་གཅིག་ལ་མཚོན་ཉིད་དུ་མ་མི་སྲིད་པའི་ཕྱིར། རང་ལྡོག་ལ་མིན་ཏེ། མི་སླུ་མ་ཤེས་དོན་གསལ་གཉིས་རང་ལྡོག་ཐ་དད་པ་དང་། ཚད་མ་དང་ཡང་དག་ཤེས་པ་ཡང་དེ་ཕྱིར་ངོ་བོ་གཅིག་ཡིན་ཏེ། གཅིག་ཏུ་སྡུད་པའི་རྟོག་པས་ལྟོ་ལྡིར་བ་འདི་ནི་བུམ་པའོ་སྙམ་དུ་འཛིན་པའི་ཕྱིར། རྫས་ཡོད་དང་བཏགས་ཡོད་ཉིད་དུ་སོ་སོར་ངེས་ཏེ། ཐ་དད་དུ་འབྱེད་པའི་རྟོག་པའི་ངོར་ལྟོ་ལྡིར་བ་ལྟ་བུ་དོན་དང་བུམ་པ་ལྟ་བུ་མིང་དུ་སྣང་བའི་ཕྱིར། དེ་དག་ཀྱང་སོང་ཚོད་ཀྱི་དབང་དུ་བྱས་ལ། རློམ་ཚོད་ལ་དེ་ལྟ་བུའི་རྣམ་དབྱེ་མེད་དེ། རློམ་ཚོད་ལ་དེ་གཉིས་གཅིག་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། བོད་ཕལ་ཆེར་མཚན་མཚོན་གཉིས་དོན་ལ་རྫས་གཅིག་པར་འདོད་པ་དང་། ཉན་ཐོས་སྡེ་པ་ཁ་ཅིག་བུམ་པ་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་སོགས་བཞི་བུམ་པ་ལས་རྫས་ཐ་དད་དུ་འདོད་པ་དང་། ཁ་ཅིག་ས་བོན་གཅིག་གིས་འབྲས་བུ་དུ་མ་བསྐྱེད་པ་དང་བསྒྲུབ་བྱ་གཅིག་ལ་རྟགས་དུ་མ་རུང་བ་ལྟར་མཚན་ཉིད་གཅིག་གིས་མཚོན་བྱ་དུ་མ་མཚོན་པ་དང་། མཚན་ཉིད་དུ་མས་མཚོན་བྱ་གཅིག་མཚོན་པས་གྲངས་མི་མཉམ་པར་འདོད་པ་རྣམས་འཁྲུལ་ཏེ། ལུགས་དང་པོ་བཀག་ཟིན་ཅིང་། གཉིས་པ་ལྟར་ན་བུམ་པ་མི་རྟག་པ་དང་ལྡན་པ་ཙམ་དུ་འགྱུར་གྱི་མི་རྟག་པ་ཡིན་པར་མི་འགྱུར་རོ། །གསུམ་པ་མི་འཐད་དེ། རྒྱུ་འབྲས་ནི་བསྐྱེད་བྱ་སྐྱེད་བྱེད་པ་ཡིན་པས་རྐྱེན་སྟོབས་ཀྱིས་འབྲས་བུ་དུ་མ་སྐྱེད་པ་ཡིན་ལ། མཚན་མཚོན་གཉིས་རྣམ་པར་གཞག་འཇོག་ཡིན་པས་གཅིག་གིས་གཉིས་འཇོག་མི་ནུས་པ་དང་། བསྒྲུབ་བྱ་ནི་གང་ལ་འབྲེལ་བ་ཡོད་པས་སྒྲུབ་ཀྱི་རྟགས་ཀྱིས་བཞག་བྱས་མིན་པས་ག་ལ་མཚུངས། གསུམ་པ་ནི། མཚན་མཚོན་དེ་དག་ཕན་ཚུན་བཟློག་པ་ཡི་རྣམ་པར་གཞག་པས་འདིར་མི་གནོད་དེ། དཔེར་ན་རྒོལ་བས་རྗེས་དཔག་མི་སླུ་བས་ཚད་མར་སྒྲུབ་པ་ལ། ཕྱིར་རྒོལ་གྱིས་དངོས་པོར་འཛིན་པ་ལ་བཏགས་ཏེ་རྗེས་དཔག་ཚད་མ་ཡིན་པ་འགོག་པའི་གནོད་པ་མེད་དོ། །དངོས་པོ་འཛིན་པ་ལ་ཚད་མའི་བརྡ་བྱེད་ན། རྗེས་དཔག་ལ་ངེད་ཀྱང་མི་འདོད་ལ། མི་སླུ་བ་ལ་ཚད་མའི་བརྡ་བྱེད་ན་ཁྱེད་ཀྱིས་ཀྱང་དགག་མི་ནུས་སོ། །ཡང་བུམ་པ་དཔྱད་མི་བཟོད་པས་ཀུན་རྫོབ་པར་མཚོན་པ་ལ། བུམ་པ་དོན་བྱེད་ནུས་པས་དོན་དམ་ཡིན་ནོ་ཞེས་དོན་དེའི་མིང་གཞན་དུ་བཏགས་ནས་རྩོད་ན་ཉེས་པ་མེད་དེ། སྤྲོས་བྲལ་ལ་དོན་དམ་དུ་བྱས་པ་བུམ་པ་ལ་མི་སྲིད། དོན་བྱེད་ནུས་པ་ལ་དོན་དམ་དུ་བྱས་པ་ཁོ་བོ་ཡང་འདོད། གཉིས་པ་བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ་ལ། མཚན་ཉིད་ངོས་བཟུང་བ། དེས་སྒྲོ་འདོགས་ཇི་ལྟར་གཅོད་པའི་ཚུལ་ལོ། །དང་པོ་ལ་གཞན་གྱི་བཏགས་པ་དགག རང་གི་ལུགས་གཞག རྩོད་པ་སྤོང་བའོ། །དང་པོ་ནི། མི་སླུ་མ་ཤེས་དོན་གསལ་གཉིས་འདམ་ཀ་ཅན་གྱི་རྣམ་གྲངས་པའམ། མཚན་མཚོན་སོགས་ཕྱེ་སྟེ་སྨྲ་བའི་ཕྱོགས་གཉིས་པ་དང་། དང་པོ་ནི། ལྷའི་བཞེད་པ་སྟེ་ཕྱི་མ་སྔ་མ་ལས་མཚན་ཉིད་གཞན་དུ་འདོད་དོ། །ཕྱི་མ་ནི་རྒྱན་ལ་སོགས་པ་གསུམ་གྱི་བཞེད་པ་སྟེ། རྒྱན་མཛད་པས་འཕགས་པའི་མཉམ་གཞག་ཡེ་ཤེས་ནི་དོན་དམ་པ་དང་ཚད་མའི་གཞི་མཐུན་ཡིན་པས་དོན་དམ་པའི་ཚད་མ་ཡིན་ལ། དེའི་མཚན་ཉིད་མ་ཤེས་དོན་གསལ་ཡིན་གྱི་མི་སླུ་བ་མིན་ཏེ་བཅད་དོན་ཐོབ་པ་མེད་པའི་ཕྱིར་རོ། །སོ་སྐྱེའི་རྒྱུད་ཀྱི་གཟུང་འཛིན་གཉིས་སུ་སྣང་བའི་ཚད་མ་ནི་ཐ་སྙད་པའི་ཚད་མ་ཡིན་ལ། དེའི་མཚན་ཉིད་གཉིས་པོ་ཚོགས་པ་ཡིན་ཏེ་བཅད་དོན་ཐོབ་པ་ཡོད་པའི་ཕྱིར་ཞེས་གསུངས་པའི་ཕྱིར། སློབ་དཔོན་ཆོས་མཆོག་ན་རེ། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་སླུ་བ་མེད་པའི་ཕྱིར་རོ། །ཞེས་པའི་ཚིགས་གསུམ་གྱིས་མཚོན་པའི་ཁྱད་པར་གསུམ་ལྡན་ཏེ། ཁྱད་པར་གསུམ་ལྡན་ནི། ངོ་བོའི་ཁྱད་པར་དོན་ཐོབ་བྱེད་ཀྱི་ནུས་པ། ཡུལ་གྱི་ཁྱད་པར་སྔར་བཟུང་བའམ་མ་བཟུང་བའི་དོན་ཅི་རུང་རུང་ཐོབ་པ་མིན་གྱི་ཡོངས་སུ་བཅད་པའི་འཇུག་ཡུལ་ཐོབ་པའོ། །བྱེད་པའི་ཁྱད་པར་དོན་ཡོངས་སུ་གཅོད་བྱེད་ལ་གནས་པའི་ནུས་པའོ། །དེ་ལ་ཁྱད་པར་དང་པོས་དངོས་པོ་འཛིན་པ་ཚད་མའི་མཚན་ཉིད་ཡིན་པ་གཅོད། གཉིས་པས་མི་སྲིད་པ་གཅོད། གསུམ་པས་ཁྱབ་ཆེས་པ་གཅོད་ལ། མ་ཁྱབ་པ་གཅོད་པ་ཞིག་ཁ་བསྐང་ངོ་། །བདེན་པའི་དོན་རྟོགས་ཚད་མའི་བྱེད་པ་ཡིན་གྱི་མཚན་ཉིད་ནི་མིན་ནོ་ཞེས་གསུངས་སོ། །བྲམ་ཟེའི་རྗེས་འབྲང་རྣམས་ནི། བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཏེ། སྔར་མ་རྟོགས་པའི་དོན་ལ་འཛིན་སྟངས་མ་འཁྲུལ་བ་སྒྲོ་འདོགས་སེལ་བ་ཞེས་བྱའོ། །དེ་ཡང་ཁྱད་པར་གསུམ་ལྡན་ནི། ངོ་བོའི་ཁྱད་པར་ལོག་ཕྱོགས་ཀྱི་སྒྲོ་འདོགས་སེལ་བ་ཙམ་ཡིན་གྱི་ཚད་མས་སྒྲོ་འདོགས་དངོས་སུ་གཅོད་པ་ནི་མིན་ནོ་ཞེས་གསུངས་སོ། །ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པའི་དོན་ཡིན་ལ། འཛིན་སྟངས་ཀྱི་ཁྱད་པར་དོན་ལ་མི་འཁྲུལ་བའོ། །ཁྱད་པར་གསུམ་ལ་བྱེད་པ་ཡང་གསུམ་ཡོད་དོ་ཞེས་སྤྲོས་པ་དང་བཅས་ཏེ་གསུང་ངོ་། །དེ་དག་ལས་མི་འཐད་པའི་ཆ་དགག་ན། དང་པོ་མི་འཐད་དེ། མཚོན་བྱ་ཚད་མ་དེ་ཡང་ཆོས་ཅན། གཉིས་སུ་འགྱུར་ཏེ། མཚན་ཉིད་འདམ་ཀ་ཅན་གཉིས་ཀྱིས་འཇོག་ན་ནི་སྟེ་དེའི་ཕྱིར་རོ། །རྒྱན་གྱི་ལུགས་ཀྱང་མི་འཐད་དེ། མཚན་ཉིད་གཉིས་དང་མཚོན་བྱ་གཉིས་སུ་ཕྱེ་སྟེ་བཞི་ཀར་འདོད་ན་ཡང་མི་འཐད་དེ། སྤྱིའི་མཚན་ཉིད་ཅི་ཡིན་ཞེས་དྲིས་པ་ན། སོ་སོའི་མཚན་ཉིད་འདི་ཡིན་ཞེས་བརྗོད་པ་མ་འབྲེལ་བ་དང་། གཞན་དུ་ཚད་མ་སྤྱིའི་མཚན་ཉིད་གང་ཡིན་དྲིས་པ་ན་མངོན་རྗེས་སུ་ཕྱེ་ནས་མཚན་ཉིད་བཞག་པ་ཡང་སྐྱོན་མེད་དུ་ཐལ་ལོ། །ཡང་ཚད་མ་ཞེས་མཚོན་བྱ་གཅིག་མི་སྲིད་པར་འགྱུར་ཏེ། སྤྱིའི་མཚན་ཉིད་གཅིག་མེད་པའི་ཕྱིར། ཆོས་མཆོག་གི་བཞེད་པ་མ་ཁྱབ་པ་གཅོད་ཚུལ་གཞན་ནས་ཁ་བསྐོང་ཞེས་པ་འདི་མི་འཐད་དེ། མཚན་ཉིད་དུ་བཞག་པའི་ཚིག་དེ་ལ་མ་ཁྱབ་པ་གཅོད་པའི་ནུས་པ་ཡོད་ན་གཞན་ནས་ཁ་བསྐོང་བ་དོན་མེད་ཅིང་མེད་ན་ཚིག་སྔ་མ་སྐྱོན་ཅན་དུ་འགྱུར་བའི་ཕྱིར། བདེན་པའི་དོན་རྟོག་ཚད་མའི་བྱེད་པ་ཡིན་གྱི་མཚན་ཉིད་མིན་ཞེས་གཉིས་སུ་འབྱེད་པ་གཞུང་གི་དགོངས་པ་མིན་ཏེ། དོན་བྱེད་ནུས་པར་གནས་པ་ནི། །ཞེས་སོགས་དང་། རང་གི་མཚན་ཉིད་མི་ངེས་པ། །ཞེས་གསུངས་པའི་ཕྱིར་རོ། །བྲམ་ཟེའི་བཞེད་པ་བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཚད་མའི་མཚན་ཉིད་དུ་འདོད་པ་མི་འཐད་དེ། དེ་ལྟར་ན་མི་དགོས་པ་དང་། མ་ཁྱབ་པ་དང་། མི་སྲིད་པའི་སྐྱོན་གསུམ་ཡོད་པའི་ཕྱིར་ཏེ། དེ་ཡང་ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་ལ་རིགས་མི་མཐུན་སེལ་བའི་དབང་དུ་བྱས་ནས་མི་དགོས་ཏེ། རྣམ་གཅོད་མེད་པའི་ཕྱིར་ཏེ་འཛིན་སྟངས་དོན་ལ་མ་འཁྲུལ་བ་དེ་ཡིན་ན་རྟོགས་ཟིན་ལ་མི་འཇུག་པས་ཁྱབ་པའི་ཕྱིར། འདིས་བཅད་ཤེས་རྟོགས་ཟིན་ལ་འཇུག་པར་གསུངས་པས་རིགས་མི་མཐུན་སེལ་བྱེད་ལ་དགོངས་པར་གསལ་ལོ། །ངོ་བོའི་ཁྱད་པར་གྱིས་མངོན་སུམ་ལ་མ་ཁྱབ་སྟེ། དེས་སྒྲོ་འདོགས་གཅད་པ་མེད་པའི་ཕྱིར། དོན་བདེན་པ་རྟོགས་པའི་དོན་དོན་ཇི་ལྟ་བ་བཞིན་རྟོགས་པ་ལ་བྱེད་ན་མི་སྲིད་དེ། མངོན་སུམ་གྱིས་དོན་དང་འདྲ་བ་རྟོགས་པ་ལ་དོན་རྟོགས་པར་འཇོག་པ་དང་། འབྲས་རྟགས་ལ་བརྟེན་པའི་རྗེས་དཔག་གིས་དུ་བའི་རྒྱུར་གྱུར་པའི་མེ་བཟུང་བར་རློམ་ཡང་མེ་ཙམ་བཟུང་བའི་ཕྱིར། གཉིས་པ་ནི། མི་སླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་པ་ནི་མདོའི་དགོངས་པ་ཡིན་ཏེ། མདོར་ཚད་མའི་གྲངས་ངེས་ཀྱི་སྐབས་སུ་མི་སླུ་བའི་ཤེས་པ་རྣམས་གྲངས་ངེས་ཀྱི་ཁོངས་སུ་གཏོགས་ཤིང་སླུ་བའི་ཤེས་པ་རྣམས་དེའི་ཁོངས་སུ་མ་གཏོགས་པར་གསུངས་པ་དང་། མངོན་སུམ་གྱི་སྐབས་སུ་རྟོག་མེད་ཀྱི་ཤེས་པ་གཞིར་བཞག་ལ་མི་སླུ་བའི་ཤེས་པ་རྣམས་མངོན་སུམ་ཡང་དག་དང་། སླུ་བའི་ཤེས་པ་རྣམས་དེ་ལྟར་དུ་གསུངས་པའི་ཕྱིར་རོ། །འདིར་རིག་གཏེར་གྱི་དགོངས་པ་བླ་ན་མེད་པ་ཡིན་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས་གཞུང་གི་ཆ་འགའ་ཞིག་ཏུ་མི་བསླུ་བ་དང་འགའ་ཞིག་ཏུ་མ་ཤེས་དོན་གསལ་དུ་གསུངས་ལ། དཔལ་ལྡན་ཆོས་ཀྱི་གྲགས་པས་དེ་གཉིས་དགོངས་པ་གཅིག་ཏུ་མཛད་ནས་བློ་དེ་དོན་དེ་ལ་མི་བསླུ་བ་ཉིད་ལ་བཞེད་པ་ཡིན་ནོ་ཞེས་གསུངས་པའི་གཞུང་གི་ཆ་འགའ་ཞིག་ཏུ་ཞེས་པའི་ཚིག་གི་ནུས་པས་བསྟན་བཅོས་ལུས་རྫོགས་པ་ཞིག་ཏུའང་ཚད་མའི་མཚན་ཉིད་བཤད་པ་དང་དེ་གཉིས་ཞེས་སོགས་ཚིག་གིས་གོང་དུ་བཤད་པའི་སྒོ་ནས་མཚན་ཉིད་གཉིས་ཡོད་པར་གྲུབ་ལ། བཤད་པ་གཉིས་ཀྱང་ཕྱོགས་གླང་གི་གཞུང་དུ་གསལ་ཏེ། དཔལ་ལྡན་ཆོས་ཀྱི་གྲགས་པས་དེ་གཉིས་དགོངས་པ་གཅིག་ཏུ་མཛད་ནས་ཞེས་འབྱུང་བའི་ཕྱིར། ཆོས་གྲགས་ཀྱི་བཤད་ཚུལ་དེ་གཉིས་ཕྱོགས་གླང་གི་དགོངས་པ་གཅིག་ཉིད་དུ་མཛད་ནས་རྣམ་འགྲེལ་འདིར་ཚད་མའི་བསྟན་བཅོས་ལུས་རྫོགས་པ་རེ་རེ་བཤད་པའི་མི་བསླུ་བའི་ཤེས་པ་ཉིད་ལ་བཞེད་དེ་མདོའི་དོན་གཙོ་བོར་འཆད་པའི་སྐབས་ཡིན་པའི་ཕྱིར། འདིས་བསྟན་བཅོས་ལུས་རྫོགས་པ་དང་གཞུང་གི་ཆ་འགའ་ཞིག་ལས་གཞན་པའི་གཞུང་དུ་བཤད་པའི་མཚན་ཉིད་དེ་ཡང་མི་བསླུ་བའི་ཤེས་པ་ཡིན་པར་གྲུབ་སྟེ། མི་བསླུ་བ་ཉིད་ལ་བཞེད་དོ་ཞེས་འབྱུང་བའི་ཕྱིར་ཁོ་བོའི་ལེགས་བཤད་དོ། །མ་ཤེས་དོན་གསལ་གྱི་རིག་པ་ཚད་མའི་མཚན་ཉིད་ཡིན་པ་གཞུང་གི་ཆ་འགའ་ཞིག་ཏུ་བཤད་ལ། དེ་གཉིས་ཀའང་རང་མཚན་ཡོད་མེད་གང་རུང་རྟོགས་པར་དོན་ལ་མཐུན་ཏེ། དོན་བྱེད་ནུས་པར་གནས་པ་ནི། མི་བསླུ་ཞེས་དང་། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་གསུངས་པའི་ཕྱིར། འདི་ནི་ཆོས་མཆོག་གིས་ངོ་བོའི་ཁྱད་པར་དོན་ཐོབ་བྱེད་ཀྱི་ནུས་པ་ཞེས་གསུངས་པ་ལས་ཁྱད་པར་དུ་བྱས་ཏེ། དོན་ཡོད་མེད་གང་རུང་ཐོབ་ཀྱི་དོན་ཐོབ་པར་མ་ངེས་ཏེ། འོག་ཏུ་འབྱུང་ངོ་། །ཐ་སྙད་པ་དང་དོན་དམ་པའི་ཚད་མ་གཉིས་ཀ་ལ་མི་བསླུ་མ་ཤེས་དོན་གསལ་གཉིས་པོ་རེ་རེ་ལའང་འཇུག་སྟེ། དེ་དོན་ལྡོག་གཅིག་ཡིན་པའི་ཕྱིར། འདི་ནི་རྒྱན་གྱི་བཞེད་པ་ལས་ཁྱད་པར་དུ་བྱེད་པའི་ཚིག་གོ །མི་བསླུ་བ་དེའང་ལས་གང་དང་། བྱེད་པ་པོ་གང་གིས་དང་། བྱ་བ་ཚུལ་ཇི་ལྟར་མི་བསླུ་བ་གསུམ་གྱི་བདག་ཉིད་ཅན་ཡིན་པ་ལས། དང་པོ་ནི། ཤེས་བྱ་ལ་དོན་རང་མཚན་ཡོད་ན་དོན་བྱེད་ནུས་པ་དང་མེད་ན་མི་ནུས་པ་ཉིད་མི་བསླུ་བའོ། །གཉིས་པ་ནི། ཤེས་པ་འཛིན་སྟངས་མ་འཁྲུལ་བ་དོན་ཇི་ལྟར་གནས་པ་ལྟར་ཡོད་པ་ལ་ཡོད་པར་དང་མེད་པ་ལ་མེད་པར་ཤེས་པ་དེ་མི་བསླུ་བའོ། །གསུམ་པ་ནི། རང་མཚན་ལ་ཞུགས་ན་དེ་ཐོབ་པ་ལ་མི་བསླུ་རང་མཚན་མེད་པས་དེ་ལ་མི་འཇུག་ན་ལྡོག་པ་པོ་མེད་པ་ཉིད་ལ་མི་བསླུ་བ་ཡིན་ཏེ། དོན་བྱེད་ནུས་པར་གནས་པ་ནི། མི་བསླུ་ཞེས་གསུངས་ཤིང་། འདིས་དོན་བྱེད་མི་ནུས་གནས་པ་ནི། མི་བསླུ་ཞེས་པ་མཚོན་ནས་བསྟན་ཏོ། །མ་ཤེས་དོན་གསལ་ཅེས་པའི་དོན་རང་མཚན་ཡིན་ཡང་། གསལ་བྱེད་ནི་དེ་ཡོད་མེད་གང་རུང་རྟོགས་པ་ལ་འགྲེལ་པར་བཤད་དོ། །དེས་ན་རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན་མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་ཏེ། འདི་ཡི་མི་བསླུ་བ་ལ་ཆོས་གསུམ་ལྡན་དགོས་པའི་བྱེད་པ་པོ་ལ་མི་བསླུ་བ་ལ་གསར་དུའི་དོན་ཚང་པའི་ཕྱིར་རོ། །དེས་ན་གསར་དུའི་ཚིག་བསྣན་མི་དགོས་ཏེ། རྣམ་བཅད་མེད་ཅིང་བཟློས་པར་འགྱུར་བའི་ཕྱིར། དཔེར་ན་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དང་། བསྒྲུབ་བྱར་ཁས་བླང་དུ་རུང་བ་ཕྱོགས་ཀྱི་མཚན་ཉིད་དུ་གསུངས་པ་བཞིན་ནོ། །འདི་ལ་དགོངས་ནས། རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་གསུངས་སོ། །གཞུང་དུ་མ་ཞིག་ཏུ་གསར་དུ་མ་སྨོས་པར་མི་བསླུ་བ་ཙམ་གསུངས་པའི་ཕྱིར། གལ་ཏེ་དེ་དག་ཚིགས་བཅད་སྦྱར་བདེ་བའི་དབང་དུ་བྱས་སོ་སྙམ་ན། མིན་ཏེ། ཚིགས་བཅད་སྦྱར་བ་ལ་མ་ལྟོས་པའི་རྣམ་ངེས་སུའང་། གསར་དུ་མ་སྨོས་པའི་ཕྱིར། ལོག་རྟོག་སེལ་བའི་དབང་དུ་བྱས་ན་གསར་དུའི་ཚིག་བསྣན་ཀྱང་འགལ་བ་མེད་དེ། དཔེར་ན་མངོན་སུམ་དང་བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་དུ་རྟོག་བྲལ་དང་། ངོ་བོ་ལ་སོགས་པ་ལྔ་སྨོས་པ་བཞིན་ནོ། །འདི་ལ་དགོངས་ནས། ཚད་མའི་མཚན་ཉིད་ཀྱི་ཟུར་དུ། མ་ཤེས་དོན་ཞེས་པ་དང་། ཚད་མའི་སྐད་དོད་ཀྱི་ཟུར་དུ་པྲ་སྨོས་སོ། །མཐའ་གཅིག་ཏུ་གསར་དུའི་ཚིག་མི་དགོས་ན། མངོན་སུམ་དང་བསྒྲུབ་བྱའི་མཚན་ཉིད་ལའང་མཚུངས་སོ། །གལ་ཏེ་གོང་འོག་རྣམས་སུ་སྔར་མ་རྟོགས་པ་ལ་རྣམ་བཅད་མེད་པར་གསུངས་པ་དང་འགལ་ལོ་སྙམ་ན་སྐྱོན་མེད་དེ། གོང་དུ་གསུངས་པའི་དོན་བཤད་ཟིན་ཅིང་། འོག་ཏུ་གསུངས་པ་ནི་རྟོགས་ཟིན་ལ་འཇུག་པའི་མངོན་སུམ་ཡོད་པ་དེ་སེལ་བའི་ཕྱིར་མངོན་སུམ་ཚད་མའི་མཚན་ཉིད་སྔར་མ་རྟོགས་པ་སྨོས་ལ་རྣམ་བཅད་མེད་པར་སྟོན་པ་ཡིན་ཏེ། བཅད་བྱ་དེ་མེད་པའི་ཕྱིར་ཞེས་པའི་དོན་ཏེ་ཁོ་བོ་འབའ་ཞིག་གི་སྤྱོད་ཡུལ་ལོ། །གསུམ་པ་ནི། མི་བསླུ་མ་ཤེས་དོན་གསལ་གཉིས་རང་མཚན་རྟོགས་པར་དོན་ལ་མཐུན་ན། ནམ་མཁའ་རྟག་པ་ལྟ་བུ་དངོས་མེད་འཇལ་བའི་ཚད་མ་ལ་མ་ཁྱབ་ཅིང་། ཉེ་བར་བསླད་པ་དུང་སེར་འཛིན་དང་ལྗོན་ཤིང་འགྲོར་སྣང་ལ་སོགས་པའང་རང་མཚན་དཀར་པོ་དང་སྡོད་པ་ལ་མི་བསླུ་བས་ཚད་མར་འགྱུར་ལ། དེ་ལྟར་ན་མཚན་ཉིད་ཁྱབ་ཆེས་པ་ཡིན་ནོ་ལོ། །སྐྱོན་དང་པོ་མེད་དེ། བློ་དེ་ཡང་དགག་གཞི་ནམ་མཁའི་སྟེང་དུ་རང་མཚན་ཡོད་མེད་དཔྱོད་པར་བྱེད་དེ་མེད་པར་རྟོགས་པའི་ཕྱིར་ན་ཚད་མར་འཐད་དོ། །སྐྱོན་གཉིས་པ་མེད་དེ། ཉེ་བར་བསླད་པ་གཉིས་ནི་སེར་པོ་དང་འགྲོ་བར་འཛིན་སྣང་དེར་མ་གྲུབ་པའི་ཕྱིར་ན་སླུ་བར་རྣམ་ངེས་སུ་བཤད་དེ་ཉེ་བར་བསླད་པ་སླུ་བའི་ཕྱིར། མངོན་སུམ་ལྟར་སྣང་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དེས་སྒྲོ་འདོགས་ཇི་ལྟར་གཅོད་པའི་ཚུལ་ལ། ཇི་ལྟར་ངེས་པ་དང་། དེ་ལ་རྩོད་པ་སྤོང་བ་གཉིས། དང་པོ་ནི། ཀུན་ཏུ་ཐ་སྙད་པའི་ཚད་མའི་སྟོབས་ཀྱིས་རང་མཚན་ཡོད་མེད་ལ་འཇུག་ལྡོག་བྱེད་པ་ན་ངེས་པ་འདྲེན་པའི་སྒོ་ནས་བྱེད་པ་ཡིན་ཏེ། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཞེས་གསུངས་པའི་ཕྱིར། ངེས་པའི་འགལ་ཟླ་ནི་སྒྲོ་འདོགས་ཡིན་ཏེ། དེ་གཉིས་གནོད་བྱ་གནོད་བྱེད་ཡིན་པའི་ཕྱིར། ངེས་པའི་མཚན་ཉིད་ནི་ཐེ་ཚོམ་ཆོད་པ་ཡིན་ཞིང་། དབྱེ་ན་ཡང་དག་པ་དང་ལོག་པའི་ངེས་པ་གཉིས། བསལ་བྱ་སྒྲོ་འདོགས་དེ་ཡི་མཚན་ཉིད་ནི་གནས་ལུགས་ཀྱི་དོན་ལས་མཐའ་གཞན་དུ་རྟོག་པའི་ཞེན་བློའོ། །དབྱེ་ན་གཉིས་ཏེ། རྟོག་པ་ལོག་ཤེས་དང་། ཐེ་ཚོམ་མོ། །རྟོག་མེད་ལོག་ཤེས་ནི་ངེས་པས་བསལ་བྱའི་སྒྲོ་འདོགས་མིན་ཏེ། ངེས་ཤེས་དང་སྒྲོ་འདོགས་གཉིས་རྒྱུད་གཅིག་ལ་ཅིག་ཆར་དུ་མི་འཇུག་པ་གང་ཞིག ཟླ་བ་གཉིས་སྣང་གི་དབང་ཤེས་དང་། ཟླ་གཉིས་མེད་པར་ངེས་པའི་ངེས་ཤེས་གཉིས་རྒྱུད་གཅིག་ལ་གཅིག་ཆར་དུ་འཇུག་པ་ཡོད་པའི་ཕྱིར། འདིར་རྟོག་མེད་ལོག་ཤེས་དང་། འོག་ཏུ་རྗེས་དཔག་གི་གཟུང་ཡུལ་གྱི་ཐ་སྙད་གསུངས་པས་རིམ་བཞིན་ཟླ་བ་གཉིས་ལྟ་བུ་དང་། དེ་ན་དོན་སྤྱི་རང་མཚན་ཡིན་པ་ལྟ་བུ་ལ་བྱའོ། །ཁ་ཅིག་ལའི་མེ་རྟོགས་པའི་གློ་བུར་བའི་རྗེས་དཔག་གིས་སྒྲོ་འདོགས་མ་བཅད་དེ། ལའི་མེ་སྔར་མ་རྟོགས་པ་ལས་གློ་བུར་དུ་རྟོགས་པ་ཙམ་ཡིན་པས། དེའི་སྔ་རོལ་ན་མེ་མེད་པར་འཛིན་པའི་སྒྲོ་འདོགས་མེད་པའི་ཕྱིར་རོ། །དེ་ལྟ་བུའི་རྗེས་དཔག་དེ་སེལ་བས་འཇུག་པ་ཉིད་ཡིན་ཏེ། དེ་སྣང་བས་མི་འཇུག་པས་སོ། །དེའི་སྔ་རོལ་གྱི་བློ་འགའ་ཞིག་ལོག་ཤེས་ཡིན་པར་བཞེད་དེ། དེ་ཡི་ཡུལ་དེ་མེ་མེད་ཀྱི་ས་ཕྱོགས་རྐྱང་པ་གཞན་དང་མཚུངས་པ་རུ་འཛིན་པའི་ཕྱིར། གཉིས་པ་ནི། ངེས་པ་དང་སྒྲོ་འདོགས་གཉིས་ཡུལ་གཅིག་གམ་ཐ་དད། ཐ་དད་ན་བསལ་བྱ་སེལ་བྱེད་མིན་པར་འགྱུར་ཏེ་ཕྱི་ནང་གི་སྣང་མུན་བཞིན་ནོ། །གཅིག་ན་ཡུལ་དེ་གྲུབ་ན་བསལ་བྱ་མ་འཁྲུལ་བར་འགྱུར་ཏེ་ཚད་མ་བཞིན་ནོ། །མ་གྲུབ་ན། སེལ་བྱེད་ཚད་མར་མི་འགྱུར་ཏེ་སྒྲོ་འདོགས་བཞིན་ནོ། །ཡང་དེ་གཉིས་ངོ་བོ་གཅིག་གམ་ཐ་དད། གཅིག་ན་བསལ་བྱ་སེལ་བྱེད་དུ་མི་འཐད་དེ་རལ་གྲིའི་སོས་རང་མི་གཅོད་པ་བཞིན། མི་གཅིག་ན་ཡང་དེར་མི་འཐད་དེ། སངས་རྒྱས་ཀྱི་ཡེ་ཤེས་དང་སེམས་ཅན་གྱི་མི་ཤེས་པ་བཞིན་ནོ། །ཡང་དེ་གཉིས་དུས་གཅིག་ན་རྟོག་གཉིས་ཅིག་ཆར་འཇུག་པར་འགྱུར་ལ། མི་གཅིག་ན་ཡང་བསལ་བྱ་སེལ་བྱེད་དུ་མི་འཐད་དེ། ཉི་མའི་འོད་ཟེར་དང་མཚན་མོའི་མུན་པ་བཞིན་ནོ་ཞེས་བརྟགས་པ་ཡི་རྩོད་པ་གསུམ་གྱིས་འདིར་མི་གནོད་དོ། །ཇི་ལྟར་ཞེ་ན་སྐྱོན་དང་པོ་མེད་དེ། ངེས་ཤེས་དང་སྒྲོ་འདོགས་གཉིས་ཞེན་ཡུལ་ལ་མ་དམིགས་པར་བྱ་བའི་ཡུལ་གཅིག་ལ་འཇུག་ཅིང་། ཞེན་སྟངས་ཀྱི་ཡུལ་ཐ་དད་པས་སོ། །སྒྲོ་འདོགས་འཁྲུལ་ཚད་མ་མ་འཁྲུལ་བ་འཐད་དེ། ཚད་མ་ཡུལ་ཡོད་ཅིག་ཤོས་ཀྱི་དེ་མེད་པའི་ཕྱིར། སྐྱོན་གཉིས་པ་མེད་དེ། དེ་གཉིས་བློའི་རྒྱུན་གཅིག་གི་ལྡོག་པ་ཐ་དད་པའི་ཕྱིར། སྐྱོན་གསུམ་པ་མེད་དེ། ཕྲད་ན་སེལ་བ་མེད་ཀྱང་རྒྱུད་གཅིག་ལ་དང་པོ་སྒྲོ་འདོགས་སྐྱེས་ནས་ཕྱིས་ངེས་པ་སྐྱེས་པས་སྒྲོ་འདོགས་སྐྱེ་བའི་གོ་བཀག་པ་ཙམ་ལ་ངེས་ཤེས་ཀྱིས་སྒྲོ་འདོགས་སེལ་བར་འཇོག་པའི་ཕྱིར་ན་ངེས་པས་སྒྲོ་འདོགས་སེལ་བ་འཐད་དོ། །གསུམ་པ་མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པ་ལ་བཞི་སྟེ། མཚོན་བྱའི་རབ་དབྱེ། མཚན་གཞི་ལ་ལོག་རྟོག་དགག་པ། མཚན་གཞི་ལ་མཚན་ཉིད་ངེས་བྱེད་བཤད་པ། དེས་དགག་བསྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལོ། །དང་པོ་ལ་བཞི་སྟེ། དབྱེ་གཞི། དབྱེ་བའི་དོན། གྲངས་ངེས་པ། སྒྲའི་དོན་ནོ། །དང་པོ་ལ་གཉིས་ལས། གཞན་ལུགས་དགག་ན། བོད་རྣམས་ཡང་དག་ཤེས་པ་ཙམ་དབྱེ་གཞི་མིན་ཏེ། བཅད་ཤེས་དང་ཡིད་དཔྱོད་ཚད་མ་མིན་ཡང་ཡང་དག་ཤེས་པ་ཡིན་པའི་ཕྱིར་ཞེས་ཟེར། མི་འཐད་དེ། ཚད་མ་མིན་པ་ལ་ཡང་དག་ཤེས་པ་ཡོད་པ་རིགས་པ་དང་དགོངས་པ་དང་འགལ་བ་གཉིས་ཀྱིས་བློ་བརྟག་པར་བཀག་ཟིན་པའི་ཕྱིར། ཆོས་མཆོག་ན་རེ། ཚད་མའམ་ཡང་དག་ཤེས་པ་ལ་དོན་བྱེད་སྣང་དང་། དོན་བྱེད་ནུས་པ་ལ་རབ་ཏུ་འཇུག་པ་གཉིས་སུ་ཕྱེ་ནས་དང་པོ་ནི་མེས་བཙོ་སྲེག་བྱེད་བཞིན་པར་སྣང་བ་ལྟ་བུ་སྐྱེས་བུའི་དོན་གྲུབ་ཀྱི་དངོས་རྒྱུར་གྱུར་པ་ཡིན་ལ། གཉིས་པ་ནི། མེ་ལ་སོགས་པ་རྐྱང་བ་སྣང་བ་སྐྱེས་བུའི་དོན་གྲུབ་ཀྱི་བརྒྱུད་རྒྱུར་གྱུར་པའོ། །དེ་ལ་དང་པོ་དབྱེ་གཞི་མིན་ཏེ། མི་བསླུ་བར་རང་ཉིད་ཀྱིས་ངོས་ཟིན་པས་བསྟན་བཅོས་སུ་དཔྱད་བྱ་མིན་པའི་ཕྱིར་དང་། མངོན་སུམ་གཅིག་པུར་ངེས་པས་གཉིས་མེད་པའི་ཕྱིར། དེས་ན་ཕྱི་མ་གཅིག་པུ་ཡིན་ཞེས་འཆད་པ་འཁྲུལ་ཏེ། སྤྱི་དབྱེ་གཞི་མི་རུང་བར་བྱེ་བྲག་ཕྱེ་ནས་དེར་འཇོག་ན་མངོན་སུམ་ལ་སོགས་པ་ཐམས་ཅད་ལ་དེ་ལྟར་དགོས་པས་ཧ་ཅང་ཐལ་བ་ཁོ་ནའོ། །གཉིས་པ་རང་གི་འདོད་པ་ནི། གཞན་གྱི་འདོད་པ་གཉིས་པོ་མི་འཐད་པ་དེས་ན་ཡང་དག་པའི་ཤེས་པ་ཙམ་ཉིད་དབྱེ་གཞིར་འཐད་དེ། ཚད་མ་དང་ཡང་དག་ཤེས་པ་གཉིས་རྣམ་གྲངས་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལ་དབྱེ་ན་མངོན་སུམ་དང་རྗེས་དཔག་གཉིས་སོ། །གཉིས་པོ་དེ་དག་གཅིག་དང་ཐ་དད་བརྟགས་པར་བྱ་སྟེ། བུམ་སྣམ་ལྟར་དངོས་པོ་ཐ་དད་དམ། དངོས་པོ་དངོས་མེད་ལྟར་གཅིག་པ་བཀག་པའམ། བྱས་མི་རྟག་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དམ། ཟླ་བ་དང་བསིལ་ཟེར་བྱེད་ལྟར་དོན་གཅིག་ལ་མིང་ཐ་དད་གང་ཡིན་ཞེ་ན། འདི་ལ་དགག་གཞག་སྤང་གསུམ། དང་པོ་ནི། ཡེ་ཤེས་དཔལ་ན་རེ། གཉིས་པ་ཡིན་ཏེ། རྗེས་དཔག་གི་གཟུང་ཡུལ་དངོས་མེད་ཡིན་པས། རང་ཡང་དངོས་མེད་ཡིན་པའི་ཕྱིར་ཞེས་ཟེར་ན། ཚད་མ་གཉིས་པོ་གཅིག་པ་བཀག་པ་མིན་ཏེ། དེ་གཉིས་ཀ་དངོས་པོ་ཉིད་ཡིན་པའི་ཕྱིར་ཏེ། རྗེས་དཔག་གཟུང་ཡུལ་མེད་པ་གཟུང་བས་འཁྲུལ་ཤེས་ཡིན་པའི་ཕྱིར། ཡུལ་གཅིག་ལ་ལྟོས་ནས་ངོ་བོ་གཅིག་པ་མིན་ཏེ། རྟོག་པ་དང་རྟོག་མེད་ཡུལ་ཐ་དད་པའི་ཕྱིར་རོ། །ཡུལ་ཐ་དད་ལ་ལྟོས་ནས་ངོ་བོ་ཐ་དད་ཀྱང་མིན་ཏེ། རྗེས་དཔག་མངོན་སུམ་ཙམ་དང་ངོ་བོ་ཐ་དད་ན་རང་རིག་དང་ཐ་དད་པས་ཤེས་པ་མིན་པ་ཐལ་བའི་ཕྱིར་རོ། །གཉིས་པ་ནི། དེས་ན་གཉིས་པོ་བློ་ཡི་ངོ་བོ་གཅིག་ཡིན་ཏེ། རྗེས་དཔག་ཉིད་ལ་མངོན་སུམ་ངོ་བོ་གཅིག་ཏུ་ལྡན་པའི་ཕྱིར། ཡུལ་སོ་སོ་ལ་ལྟོས་ནས་ངོ་བོ་ཐ་དད་ཡིན་ཏེ། ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་དེ་ལའི་མེ་ལ་རྗེས་དཔག་རང་གི་ངོ་བོ་ལ་མངོན་སུམ་ཡིན་པའི་ཕྱིར། འདིས་རང་རིག་ལ་ཡུལ་མེད་པ་བཀག་གོ །གསུམ་པ་ནི། གལ་ཏེ་དེ་གཉིས་ཡུལ་ལ་ལྟོས་ནས་ཐ་དད་ན་རྗེས་དཔག་ཡུལ་ལས་ཤེས་པ་མིན་པར་ཐལ་ཏེ། དེ་རང་རིག་མིན་པའི་ཕྱིར། ཡུལ་ཅན་ལ་ལྟོས་ནས་རང་རིག་དང་གཅིག་ཡིན་པའི་ཕྱིར། སྤྱི་མངོན་སུམ་ཙམ་དང་གཅིག་ན། དབང་མངོན་དང་ཐ་དད་པས་སྤྱི་མངོན་སུམ་ཙམ་དང་ཐ་དད་པར་འགྱུར་རོ་ཞེས་དེ་ལྟར་རྩོད་པའི་སྐྱོན་གཉིས་ལས། དང་པོ་ལས་གྲོལ་ཏེ། ཡུལ་ལ་ལྟོས་ནས་ཐ་དད་ཡིན། །ཞེས་པའི་དོན། བློ་གང་ཞིག་རྗེས་དཔག་ཏུ་སོང་བའི་ཡུལ་དང་མངོན་སུམ་དུ་སོང་བའི་ཡུལ་འགལ་བར་བཤད་པ་ཡིན་ལ་རྗེས་དཔག་ནི་རྗེས་དཔག་རྟོག་ངོར་སྣང་བའི་ཡུལ་གྱི་ལྡོག་པ་མིན་པའི་ཕྱིར་ཏེ། དེ་ཡུལ་ལ་རྟོག་པའི་བློ་ཡིན་པའི་ཕྱིར་རོ། །བྱེ་བྲག་དབང་མངོན་དང་ཐ་དད་ཀྱང་རང་རིག་དང་གཅིག་པའི་ཕྱིར་ན་བརྩད་པའི་སྐྱོན་གཉིས་པ་ལས་ཀྱང་གྲོལ་ཏེ། ཙནྡན་དང་ཐ་དད་པས་ཤིང་ཙམ་དང་ཐ་དད་པར་མི་འགྱུར་ལ་ཤ་པ་དང་གཅིག་པས་ཤིང་ཙམ་དང་གཅིག་པ་འདོད་པས་ག་ལ་མཚུངས། འདིས་ཤ་པ་ཤིང་དང་རྫས་གཅིག་ཏུ་བསྟན་ཏོ། །གསུམ་པ་གྲངས་ངེས་ནི། གཞལ་བྱ་ལ་གཉིས་ཁོ་ནར་ངེས་པའི་ཕྱིར་དེ་འཇལ་བྱེད་ཀྱི་ཚད་མ་ཡང་གཉིས་ཁོ་ནར་ངེས་སོ། །གཉིས་པོ་དེ་ལས་ཉུང་བ་རྗེས་དཔག་གཅིག་ཏུ་དང་། མང་བ་གསུམ་དང་བཞི་དང་ལྔ་ལ་སོགས་པ་འདོད་པ་རྣམས་ནི་ཚད་མ་ལ་གྲངས་གཞན་དང་། གྲངས་གཞན་ལ་ཚད་མ་འགོག་པའི་རིགས་པ་སྡེ་བདུན་དུ་གསུངས་པས་བཀག་པའི་ཕྱིར། བཞི་པ་སྒྲ་དོན་ནི། སྤྱིར་མིང་ལ་བཤད་པ་རྒྱུ་མཚན་ཅན་ཐམས་ཅད་མཁྱེན་པ་ལ་སོགས་པའི་མིང་དང་། འཇུག་པ་རྒྱུ་མཚན་ཅན་ཤིང་ལ་སོགས་པའི་མིང་རྣམ་པ་གཉིས་སོ། །གཉིས་པོ་དེ་ལ་བཤད་འཇུག་འགལ་བ་དང་། མི་འགལ་བ་དང་། འགལ་ཞིང་མི་འགལ་བའི་རྣམ་པར་དབྱེ་བ་རྣམ་པ་གསུམ་མོ། །དང་པོ་ནི། བྱེའུ་ཏིལ་འཐུང་ངམ་བྱ་ལུག་རྫི་མོ་ལ་སོགས་པའོ། །གཉིས་པ་ནི། ཐམས་ཅད་མཁྱེན་པ་རྣམ་པར་ཤེས་པ་ལ་སོགས་པའོ། །གསུམ་པ་འདི་ནི་འགལ་འདུ་མུ་གསུམ་པ་སྟེ། དཔེར་ན་མཚོ་སྐྱེས་ཀྱི་སྒྲ་ལྟ་བུ་སྟེ། འཇུག་པ་ནི་པདྨོ་ལ་འཇུག་ལ་བཤད་ན་མཚོ་ལས་སྐྱེས་པའི་ཕྱིར་མཚོ་སྐྱེས་སོ། །དེ་ལའང་མུ་གསུམ་སྟེ། མཚོ་ལས་སྐྱེས་པའི་པདྨོ་ལ་མུ་དང་པོ། སྐམ་ལས་སྐྱེས་པའི་པདྨོ་ལ་གཉིས་པ། མཚོ་ལས་སྐྱེས་པའི་སྲོག་ཆགས་ལ་གསུམ་པ་འབའ་ཞིག་གོ །འོ་ན་སྐམ་སའི་སྡོང་དུམ་ལ་བཤད་འཇུག་གཉིས་ཀ་མེད་པས་མུ་བཞི་པ་ཡིན་ནམ་ཞེ་ན། ཡིན་མོད་ཀྱི་མཚོ་སྐྱེས་ཞེས་པའི་མིང་ལ་མི་ལྟོས་པས་མུ་བཞི་པར་མི་བགྲང་ངོ་། །མིང་དེ་དག་ཀྱང་མཁས་པ་རྣམས་ཀྱིས་མིང་གི་སྒྲ་དང་རིགས་ཀྱི་སྒྲ་གཉིས་སུ་ཕྱེ་བ་ལས་དང་པོ་ནི། ལྷ་བྱིན་དང་མཆོད་སྦྱིན་ལ་སོགས་པའོ། །གཉིས་པ་ནི། ཤིང་དང་བ་གླང་ལ་སོགས་པའོ། །སྔ་མ་ནི་རིགས་ལ་མི་ལྟོས་ལ། ཕྱི་མ་ནི་རིགས་ལ་ལྟོས་པའོ། །འདིར་མངོན་སུམ་གྱི་སྒྲ་བཤད་པའི་སྐབས་སུ་མངོན་སུམ་ཕྱི་མ་གཉིས་དབང་པོ་ལ་མི་བརྟེན་པར་གསུངས་པ་ནི། རང་རིག་ཡིད་མངོན་འདོད་པ་དང་། དབང་མངོན་མྱོང་བྱེད་དབང་པོ་དང་། ཡིད་མངོན་མྱོང་བྱེད་ཡིད་དབང་ལ་བརྟེན་པར་འདོད་པ་རྣམས་ལ་གནོད་བྱེད་ཡིན་ནོ། །གཉིས་པ་མཚན་གཞི་ལ་ལོག་རྟོག་དགག་པ་ལ་གཉིས་ཏེ། མངོན་སུམ་དང་། རྗེས་དཔག་ལ་དགག་པའོ། །དང་པོ་ལ་གསུམ་སྟེ། མིན་པ་ལ་ཡིན་པར་རྟོག་པ། ཡིན་པ་ལ་མིན་པར་རྟོག་པ། ཡིན་མིན་མཚུངས་པར་རྟོག་པ་དགག་པའོ། །དང་པོ་ནི། ཡུལ་ལ་འཁྲུལ་པའི་ཆ་མངོན་སུམ་ཚད་མར་འདོད་པ་ཡོད་དེ། ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་ཡུལ་གྱི་ཁྱད་པར་སྒོ་ཕུགས་ལ་འཁྲུལ་ཡང་ནོར་བུ་ཙམ་ལ་མངོན་སུམ་ཚད་མ་ཡིན་ཏེ། བཅད་པའི་དོན་ཐོབ་པའི་ཕྱིར་ཞེས་རྒྱན་བཞེད་དོ། །དུས་ལ་འཁྲུལ་པའི་ཆ་མངོན་སུམ་ཚད་མར་འདོད་པ་ཡོད་དེ། ནམ་གུང་ལ་ཉིན་ཕྱེད་དུ་འཁྲུལ་པའི་རྨི་ལམ་གྱི་ཤེས་པའང་ཉིན་ཕྱེད་ཀྱི་བུ་ལ་མངོན་སུམ་ཚད་མ་ཡིན་ཞེས་དུ་ལྷ་བཞེད་དོ། །རྣམ་པ་ལ་འཁྲུལ་པའི་ཆ་མངོན་སུམ་ཚད་མར་འདོད་པ་ཡོད་དེ། དུང་སེར་པོ་སྣང་བ་ཁ་དོག་ལ་འཁྲུལ་ཡང་དབྱིབས་ལ་ཚད་མ་ཡིན་ཞེས་ལོ་ཙཱ་བ་བཞེད་དོ། །དེ་དག་མངོན་སུམ་མིན་ཏེ། ནོར་བུ་རང་མཚན་པས་རྣམ་པ་གཏད་པ་མེད་པའི་ཕྱིར་དང་། བུའི་གཟུགས་རང་མཚན་དང་། དུང་གི་དབྱིབས་རང་མཚན་པ་སྣང་བ་མེད་པའི་ཕྱིར། གལ་ཏེ་སྣང་ན་དེ་དག་དང་རྫས་གཅིག་པའི་ཁ་དོག་དང་ཉིན་མོའི་གཟུགས་སོགས་ཀྱང་སྣང་བར་ཐལ་བའི་ཕྱིར་རོ། །ཡང་ནོར་བུའི་འོད་ཀྱི་རྟགས་ལས་གཞི་དེར་ནོར་བུ་ངེས་པའི་བློ་ཡིན་ན་རྗེས་དཔག་སྲིད་པར་འོག་ཏུ་འབྱུང་ལ། གཞན་གཉིས་ལ་ཡང་འབྲས་རྟགས་སྲིད་ཚུལ་འགྲེལ་པར་གསལ་ལོ། །ཡང་དུང་དང་མེ་དང་ཆུ་ལ་སོགས་པའི་ཁ་དོག་འཛིན་པའི་མིག་ཤེས་རིམ་བཞིན། རེག་བྱ་འཇམ་པ་དང་ཚ་བ་དང་གཤེར་བ་ལ་མངོན་སུམ་ཚད་མ་ཡིན་ཞེས་ལོ་ཙཱ་བ་ལ་སོགས་པ་ལ་ལ་སྨྲའོ། །མི་འཐད་དེ། དབང་ཤེས་ལྔ་པོ་ཕྱིའི་སྐྱེད་མཆེད་ལྔ་ལ་སོ་སོར་འཇུག་པའི་རྣམ་དབྱེ་མི་ཤེས་པར་གཅིག་གི་ཡུལ་ལ་གཞན་འཇུག་པས་དབང་པོ་གཞན་དུ་མ་དོན་མེད་དུ་ཐལ་བ་དང་། ཁ་དོག་གི་རྟགས་ལས་རེག་བྱ་རྟོགས་པའི་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ལ་བརྟེན་པའི་བློ་ལ་མངོན་སུམ་དུ་འཁྲུལ་པ་ཡིན་པའི་ཕྱིར། གཉིས་པ་ནི། རྟོག་པ་སྒོ་རྒྱབ་ཀྱི་བུམ་པ་ལ་ཁང་ཕུགས་ཀྱི་བུམ་པའོ་ཞེས་ཡུལ་ལ་འཁྲུལ་པའི་ཚེ་སྒོ་རྒྱབ་ཀྱི་བུམ་པ་འཛིན་པའི་མིག་ཤེས་དང་། རྟོག་པ་སྔ་དྲོའི་སྲོག་ཆགས་ལ་ཕྱི་དྲོའི་སྲོག་ཆགས་སོ་ཞེས་དུས་ལ་འཁྲུལ་པའི་ཚེ་ཕྱི་དྲོའི་སྲོག་ཆགས་འཛིན་པའི་དབང་ཤེས་དང་། རྟོག་པ་སྣམ་བུའི་དམར་པོ་ལ་བུམ་པའི་དམར་པོའོ། །ཞེས་རྣམ་པ་ལ་འཁྲུལ་པའི་ཚེ་སྣམ་བུའི་དམར་པོ་འཛིན་པའི་དབང་ཤེས་རྣམས་འཁྲུལ་པ་གསུམ་པོ་དེས་མངོན་སུམ་ཡིན་པ་འགོག་སྟེ། དུང་སེར་པོར་སྣང་བ་དབྱིབས་ལ་ཚད་མ་ཡིན་པ་ཞེས་ཟེར་བ་མི་འཐད་དེ། དེའི་ཚེ་རྟོག་པ་ཡུལ་དུས་རྣམ་པ་ལ་འཁྲུལ་པས་ལོག་ཤེས་ཡིན་ཡང་། དེས་དབང་ཤེས་གསུམ་ཚད་མ་ཡིན་པ་ལ་མི་སྒྲིབ་པའི་ཕྱིར་ཏེ། དབང་ཤེས་གསུམ་པོ་དོན་རང་མཚན་ལ་ཚད་མ་ཡིན་པའི་ཕྱིར། དཔེར་ན་བུམ་པ་ལ་རྟག་འཛིན་གྱི་སྒྲོ་འདོགས་ཡོད་ཀྱང་སྔོན་འཛིན་དབང་ཤེས་ཚད་མ་ཡིན་པ་བཞིན་ནོ། །གསུམ་པ་ནི། འགའ་ཞིག་རྟོག་པ་སྣམ་བུའི་དམར་པོ་ལ་བུམ་པའི་དམར་པོར་འཁྲུལ་དུས་ཀྱི་སྣམ་བུའི་དམར་པོ་འཛིན་པའི་དབང་ཤེས་དམར་པོ་ལ་ཚད་མ་ཡིན་ན། དུང་སེར་པོར་འཁྲུལ་པ་ཡང་དབྱིབས་ལ་ཚད་མ་མིན་པ་དེ་མེད་དེ། དེ་གཉིས་མཚུངས་པའི་ཕྱིར་ཞེས་ཟེར། མཚུངས་པ་མིན་ཏེ། དུང་སེར་འཛིན་གྱི་དབང་ཤེས་ནི་དབྱིབས་ལ་ཚད་མར་མི་རིགས་པར་བཤད་ཟིན་ལ། ཅིག་ཤོས་ལ་ནི་རྟོག་པ་འཁྲུལ་པའི་ཡུལ་དང་དབང་ཤེས་ཚད་མར་སོང་བའི་ཡུལ་ཐ་དད་པའི་ཕྱིར་རོ། །གཉིས་པ་རྗེས་དཔག་ལ་ལོག་རྟོག་དགག་པ་ལ་གཉིས་ཏེ། ཡིན་པ་ལ་མིན་པར་རྟོག་པ་དགག་པ། མིན་པ་ལ་ཡིན་པར་རྟོག་པ་དགག་པའོ། །དང་པོ་ནི། ཁ་ཅིག་ནོར་བུའི་འོད་ཀྱི་རྟགས་ལས་གཞི་འགར་ནོར་བུ་ཉིད་རྟོགས་པའི་བློ་རྗེས་དཔག་མིན་ཏེ། ནོར་བུ་རྟགས་སུ་བཀོད་ན་རྟགས་དང་རྟགས་ཅན་མེད། ནོར་བུའི་འོད་མི་འགྲུབ། འོད་ཙམ་མ་ངེས་སོ་ཞེ་ན། སཱ་ལུའི་མྱུ་གུའི་རྟགས་ལ་སཱ་ལུའི་ས་བོན་དཔོག་པ་སོགས་འབྲས་རྟགས་ཕལ་ཆེར་འཁྲུལ་པར་འགྱུར་ཏེ། སཱ་ལུའི་ས་བོན་བཀོད་ན་རྟགས་དང་རྟགས་ཅན་མེད་པ་སོགས་མཚུངས་པའི་ཕྱིར། གཉིས་པ་ནི། དུ་བས་ལ་ལ་རྟག་པའི་མེ་དཔག་པ་དང་། ཡན་ལག་ཅན་གྱི་ལ་ཆོས་ཅན། རྟག་པའི་མེ་ཡོད་དེ། དོན་དམ་པའི་དུ་བ་ཡོད་པའི་ཕྱིར། དབང་ཕྱུག་གིས་བྱས་པའི་ཚང་མང་བཞིན་ཞེས་བཀོད་པ་ན་སྨྲས་ཙམ་གྱི་རྟགས་དང་བསྒྲུབ་བྱ་གཉིས་ལ་འཁྲུལ་ན་ཡང་ལ་མེ་ཙམ་ཞེ་འདོད་ཀྱི་དོན་བསྒྲུབ་བྱ་དང་སྨྲས་ཙམ་དེའི་ཆ་ཤས་ཡིན་པས་དེ་ལ་ཚད་མ་འཕེན་ཞེས་ཟེར། དེ་ལྟ་བུའི་རྟགས་ལ་ཚུལ་གསུམ་ཚང་བ་མེད་དེ། དེ་ལྟ་བུ་མི་སྲིད་པའི་ཕྱིར། བཀོད་པ་དེ་ལྟར་བཀོད་ཀྱང་སོང་ཚོད་ལ་མི་རྟག་པའི་མེ་དང་། དུ་ཙམ་སོང་ངོ་ཞེ་ན་མིན་ཏེ། ཚུལ་གསུམ་གྲུབ་པའི་དུ་ཙམ་གྱིས་ལ་ལ་མེ་ཙམ་གྲུབ་ཀྱང་ལ་ལ་ཆོས་ཀྱི་ཁྱད་པར་རྟག་པ་དང་ཡན་ལག་ཅན་གྱི་ལ་ལ་རྟགས་ཀྱི་ཁྱད་པར་དོན་དམ་པ་རྣམས་གྲུབ་པ་མེད་པའི་ཕྱིར་ཏེ། མེ་ཙམ་དང་དུ་ཙམ་གྲུབ་བོ་ཞེ་ན་མིན་ཏེ། དབྱུག་པ་ཅན་འདོད་པ་ལ་མི་རྐྱང་གྲུབ་པས་ཅི་ཞིག་ཕན། གསུམ་པ་མཚན་གཞི་ལ་མཚན་ཉིད་ངེས་བྱེད་བཤད་པ་ལ་གཉིས་ལས། དང་པོ་དྲི་བ་དགོད་པ་ནི། སྔར་བཤད་པའི་ཚད་མ་དེ་དག་མི་བསླུ་བའི་ཤེས་པ་ཡིན་པ་ནི་རང་ཉིད་དམ་ཕྱིས་ཀྱི་ཚད་མ་གཞན་གང་ལས་རྟོགས་ཤིང་ངེས་པ་ཡིན། དང་པོ་ལྟར་ན་ཚད་མའི་མཚན་ཉིད་ལ་མི་མཐུན་པ་མེད་པས་བསྟན་བཅོས་ལས་མཚན་ཉིད་བསྟན་པ་དོན་མེད་པར་འགྱུར་ཞིང་། ཕྱི་མ་ལྟར་ན་ཐུག་མེད་དུ་འགྱུར་རོ་ཞེ་ན། གཉིས་པ་ལན་ལ་གསུམ་སྟེ། གཞན་ལན་དགག་པ། རང་ལན། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། གངས་ཤེལ་སོགས་པ་ལ་ལ་ནི་རང་ཁོ་ན་ལས་ངེས་ཞེས་འདོད། བྲམ་ཟེ་སོགས་འགའ་ཞིག་གཞན་ཁོ་ན་ལས་ངེས་ཞེས་ཟེར། མི་འཐད་དེ། དེ་དག་གཉིས་ཀས་དངོས་སྟོབས་ཀྱི་རིག་པ་དང་རིག་པར་སྨྲ་བའི་བཞེད་པ་དོར་བའི་སྐྱོན་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྔ་མ་ལྟར་ན་ཚད་མ་ཕྱི་མ་དོན་མེད་དང་། ཕྱི་མ་ལྟར་ན་ངེས་བྱེད་ཐུག་མེད་དུ་འགྱུར་བའི་ཕྱིར། གཉིས་པ་གྲུབ་སྟེ། རང་ལས་རང་གི་ངོ་བོ་རྟོགས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དོན་བྱེད་སྣང་དང་གོམས་པ་ཅན་ཏེ་དོན་རིག་གཉིས་དང་། ཀུན་ཏུ་ཐ་སྙད་པའི་ཚད་མས་བསྡུས་པའི་རྒྱུད་ཀྱི་རང་རིག་མངོན་སུམ་དང་། རྣལ་འབྱོར་མངོན་སུམ་ལ་འཕགས་པ་རྟོག་མེད་ཀྱི་ནི་གཉིས་པོ་གང་ཡང་མིན་ལ། རྟོག་བཅས་ཀྱི་རྣལ་འབྱོར་མངོན་སུམ་དང་རྗེས་སུ་དཔག་པ་རྣམས་ནི་རང་ཉིད་ཀྱི་སྟོབས་ལས་མི་སླུ་བ་དང་ཤེས་པ་གཉིས་ཆར་དུ་ངེས་ཏེ། གཞན་ལ་ལྟོས་ན་ངེས་བྱེད་ཐུག་མེད་དུ་ཐལ་བའི་ཕྱིར་རོ། །མངོན་སུམ་དང་པོ་པ་དང་ཡིད་མ་གཏད་པ་དང་འཁྲུལ་པའི་རྒྱུ་མཚན་གྱིས་ཟིན་པ་ཅན་རྣམས་ནི་ཕྱིས་ཀྱི་ཚད་མ་གཞན་གྱི་སྟོབས་ལས་ངེས་ཏེ། རང་གིས་ངེས་ན་ཕྱི་མ་རྣམས་དོན་མེད་དུ་ཐལ་བའི་ཕྱིར་རོ། །ཕྱི་མ་འདི་ལའང་གསུམ་ཡོད་པའི་མཚན་གཞི་རྣམས་འགྲེལ་པར་གསལ་ལོ། །དེ་ངེས་པར་བྱེད་པའི་ཚད་མ་ཡང་། མེའི་རྣམ་པ་སྣང་ནས་བདེན་རྫུན་ལ་ཐེ་ཚོམ་ཟ་བ་ན། བཙོ་སྲེག་ལ་སོགས་པའི་དོན་བྱེད་པར་མཐོང་ནས་མེར་ངེས་པ་དང་། ཡང་དོན་བྱེད་པར་མ་མཐོང་ཡང་བར་དུ་སྐྱེས་པ་དོན་གྱི་རྣམ་པ་གསལ་བར་འཛིན་པ་མངོན་སུམ་གོམས་པ་ཅན་དང་། དུ་བ་སྐྱེ་བར་མཐོང་བའི་རྟགས་ལས་མེ་ཡོད་པར་རྟོགས་པའི་རྗེས་སུ་དཔོག་པའམ། མེའི་དྲི་ལ་སོགས་པ་སྐྱེད་མཆེད་ཀྱི་རྫས་གཞན་གྱི་རྟགས་ལས་མེ་རྟོགས་པའི་རྗེས་སུ་དཔག་པ་ལས་ངེས་པར་བྱེད་དོ། །འདི་ནི་དཔལ་ལྡན་གྲགས་པའི་དགོངས་པ་བླ་ན་མེད་དེ། རྣམ་འགྲེལ་ལས། རང་ལས་རང་གི་ངོ་བོ་རྟོགས། །ཞེས་པའི་རང་ནི་སྔར་བཤད་པའི་རང་ངེས་ཀྱི་མཚན་གཞི་རྣམས་སོ། །རང་གི་ངོ་བོ་ནི་མི་སླུ་བ་དང་ཤེས་པ་གཉིས་ཆར་རོ། །རྟོགས་པ་ངེས་པ་དྲངས་པའང་ངེས་པའི་སྒོ་ནས་སོ། །གཞན་དུ་རང་ལས་ཞེས་པ་རང་རིག་མངོན་སུམ་ཁོ་ནར་ངེས་ན། འདི་ལའང་མཚུངས་ཤིང་རྗེས་དཔག་གི་རང་ཡུལ་མ་ངེས་པར་ཐལ་ལོ། །རང་གི་ངོ་བོ་ཞེས་པའང་ཤེས་པའི་དོན་ཁོ་ནར་མ་ངེས་ཏེ། དེ་ལྟར་ན་མི་སླུ་བ་ངོ་བོ་མིན་པར་ཐལ་ལོ། །དེ་གཉིས་ལ་ངོ་བོ་ཡིན་མིན་ཁྱད་པར་བྱེད་པའི་ཕྱིར་རོ། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་པའི་ཐ་སྙད་ནི་ཕྱིས་བྱུང་གི་ངེས་བྱེད་ཡིན་གྱི། ངེས་ཤེས་ཁོ་ན་མིན་ཏེ། གཞན་དུ་ན་འདི་ངེས་ཤེས་ཁོ་ནར་ཐལ་ལོ། །ཚད་མ་ཞེས་པ་ནི་ཚད་མའི་དོན་ལྡོག་མི་སླུ་བའི་ཤེས་པའོ། །ཉིད་ཅེས་པ་ནི་གཞན་ལྡན་རྣམ་གཅོད་ཀྱི་ཚིག་གོ །དེས་ན་རྣམ་འགྲེལ་དང་འདི་གཉིས་ཆར་གྱི་རྐང་པ་དང་པོ་གཉིས་ཀྱི་དངོས་བསྟན་རང་ངེས་ཁོ་ན་ཡིན་ཞིང་། རྐང་པ་ཕྱི་མ་གཉིས་ཀྱིས་བསྟན་བྱའི་གཙོ་བོ་ནི་གཞན་ངེས་དང་། བསྟན་པ་ཙམ་ལ་རང་ངེས་ཡོད་མེད། ངེས་བྱེད་ཀྱི་ཚད་མ་དངོས་སུ་བསྟན་པའི་ཕྱིར། བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག གསུམ་པ་ནི། ཁྱུང་དང་གངས་ཤེལ་སོགས་ཁ་ཅིག་ངེས་བྱ་དང་ངེས་བྱེད་ཀྱི་ཚད་མ་གཉིས་ཡུལ་གཅིག་གམ་མི་གཅིག གཅིག་ན་ངེས་བྱེད་ཀྱི་ཚད་མ་གཉིས་པ་གཅད་ཤེས་སུ་འགྱུར་ལ། མི་གཅིག་ན་ཡུལ་གཞན་དངོས་པོར་གྲུབ་པས་གཞན་ཇི་ལྟར་དངོས་པོར་གྲུབ་ཅེས་ཡུལ་ལ་བརྟགས་པ་དང་། གཞན་ངེས་འདོད་པའི་ཚད་མ་དེ་དག་གིས་སྒྲོ་འདོགས་གཅོད་དམ་མི་གཅོད། དང་པོ་ལྟར་ན་རང་ངེས་སུ་འགྱུར་ལ། གཉིས་པ་ལྟར་ན་ཚད་མ་མིན་པས་གཞན་ངེས་སུའང་མི་འཐད་ཞེས་ངོ་བོ་ལ་བརྟགས་ནས་གཞན་ངེས་ཚད་མ་མི་སྲིད་དོ་ཟེར་རོ། །མི་འཐད་དེ། དེ་དག་གིས་མངོན་སུམ་ནི་རྟོག་བྲལ་མ་འཁྲུལ་པ་ཙམ་གྱིས་ཚད་མ་འགྲོ་ལ། དེས་ན་རང་སྟོབས་ཀྱིས་དེ་མ་ཐག་ཏུ་ངེས་པ་འདྲེན་ན་རང་ངེས་དང་། དེ་མི་ནུས་པར་གཞན་གྱིས་ངེས་དགོས་ན་གཞན་ངེས་ཡིན་པའི་རྣམ་གཞག་མ་ཤེས་པར་མུ་སྟེགས་བྱེད་ལྟར་མངོན་སུམ་དང་རྟོག་པའི་བྱེད་པ་འདྲེས་ཏེ་མངོན་སུམ་ཉིད་ངེས་པའི་བདག་ཉིད་དུ་བསམས་ནས་གཅོད་པར་ཟད་པའི་ཕྱིར་རོ། །བཞི་པ་དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལ། དགག་སྒྲུབ་སྤྱིའི་རྣམ་གཞག དེའི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། སྣང་བ་ལ་དགག་སྒྲུབ་དངོས་སུ་བྱར་མེད་དེ་མངོན་སུམ་དངོས་པོའི་ཡུལ་ཅན་ཡིན་པས་དོན་ལ་ལྟ་བ་ཙམ་མ་གཏོགས་པ་དགག་སྒྲུབ་མི་བྱེད་པའི་ཕྱིར་རོ། །དེས་ན་སེལ་བ་ལ་ནི་དགག་སྒྲུབ་གཉིས་བྱེད་དེ། སེལ་བའི་ཡུལ་ཅན་མངོན་སུམ་གྱིས་དྲངས་པའི་ངེས་པ་དང་རྗེས་དཔག་གིས་དགག་སྒྲུབ་བྱེད་པའི་ཕྱིར་ན། འདིར་དངོས་བསྟན་གྱི་སྒྲུབ་པ་ནི་སེལ་བའི་སྒྲུབ་པ་སྣང་བ་རང་མཚན་ཁོ་ནའོ། །གཉིས་པ་ལ་མཚན་ཉིད། དེས་དོན་རྟོགས་པའི་ཚུལ་གཉིས། དང་པོ་ལ། དགག་པའི་མཚན་ཉིད་བློས་རྣམ་གཅོད་ཙམ་རྟོགས་པར་བྱ་བའོ། །སྒྲུབ་པའི་མཚན་ཉིད། བློས་ཡོངས་གཅོད་དུ་རྟོགས་པར་བྱ་བའོ། །དགག་པ་ལ་དབྱེ་ན་མེད་དགག མ་ཡིན་དགག་གཉིས་ལས། མཚན་ཉིད་རིམ་བཞིན་དགག་བྱ་བཀག་ཤུལ་དུ་སྒྲུབ་པ་སྤོང་བ་སྟེ་མི་འཕེན་པ་དང་། མི་སྤོང་བ་སྟེ་འཕེན་པ་ཡི་སྒོ་ནས་ཕྱེའོ། །གཉིས་པ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་ན། ཕྱྭ་པ་སོགས་ཁ་ཅིག་དངོས་རྟོགས་དང་ཤུགས་རྟོགས་ཀྱི་མཚན་ཉིད་རིམ་བཞིན། དོན་དེ་ཉིད་ཀྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་དང་། གཞན་གྱི་རྣམ་པར་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པའོ། །དེའི་སྒོ་ནས་སྒྲུབ་པའི་ཚུལ་ནི་རྗེས་དཔག་གིས་ལ་མེ་ལྡན་དུ་དངོས་སུ་རྟོགས་པ་ན་བདག་ཉིད་མེ་འཇལ་དུ་ཤུགས་ལ་རྟོགས་པ་དང་། རྟག་པ་ལ་བྱས་པ་དགག་པ་དངོས་སུ་རྟོགས་པ་ན་བྱས་པ་ལ་མི་རྟག་པ་ཤུགས་ལ་རྟོགས་པ་ཡིན་ལ། མངོན་སུམ་ལའང་། རང་རིག་གིས་བློ་དེར་འཛིན་དུ་གྲུབ་པས་ཡུལ་དེ་སྣང་དུ་ཤུགས་ལས་འགྲུབ་སྟེ། བློ་ཟླ་བ་གཉིས་དང་སྔོན་པོ་འཛིན་བྱེད་དུ་དངོས་སུ་གྲུབ་པས་ཡུལ་ཟླ་གཉིས་དང་སྔོན་པོའི་རྣམ་པ་ཤུགས་ལ་འགྲུབ་པ་དང་། གཞན་རིག་གིས་ཡུལ་དེར་སྣང་དུ་དངོས་སུ་གྲུབ་པས་བློ་དེར་འཛིན་ཤུགས་ལ་འགྲུབ་སྟེ། གཟུང་ཡུལ་སྔོན་པོར་དངོས་སུ་གྲུབ་པས་བློ་རང་ཉིད་སྔོ་འཛིན་དུ་ཤུགས་ལ་གྲུབ་པ་དང་། དུ་བ་ལ་མེ་ཡོད་དང་། ཤ་པ་ཤིང་ཡིན་པའི་ཁྱབ་པ་དངོས་སུ་གྲུབ་པས་མེ་མེད་ལ་དུ་མེད་དང་ཤིང་མེད་ལ་ཤ་པ་མེད་པས་ཁྱབ་པ་ཤུགས་ལ་གྲུབ་པ་ལྟ་བུའོ། །འགོག་པའི་ཚུལ་ཡང་ལྡོག་པ་ཉིས་ཚོགས་འཛིན་པ་ལ་ཆིག་རྐྱང་འཛིན་པས་ཁྱབ་པས་རིགས་ཀྱི་སྤྱི་ཆིག་རྐྱང་འཛིན་པ་ཁེགས་ན་བྱེ་བྲག་ཉིས་ཚོགས་འཛིན་པ་ཤུགས་ལ་ཁེགས་པ་ལྟ་བུའོ་ཞེས་ཟེར་རོ། །འདི་ཡང་དཔྱད་དེ། རྗེས་དཔག་ཤུགས་རྟོགས་ཉིད་དུ་འགྱུར་ཏེ། མཚན་ཉིད་ཚང་བའི་ཕྱིར་རོ། །གལ་ཏེ་དོན་གཞན་ལ་སྒྲོ་འདོགས་གཅོད་པའི་ཚད་མ་རྗེས་དཔག་མིན་ཏེ། རྗེས་དཔག་གིས་དོན་གཞན་ལ་སྒྲོ་འདོགས་གཅོད་པ་རྟགས་ལ་ལྟོས་ལ། ཤུགས་རྟོགས་འདི་རྟགས་ལ་མ་ལྟོས་པར་དོན་གཞན་ལ་སྒྲོ་འདོགས་གཅོད་པའི་ཕྱིར་ཞེ་ན། ཤུགས་རྟོགས་འདི་ཚད་མ་གསུམ་པར་འགྱུར་ཏེ། རྟགས་ལ་མ་ལྟོས་པར་སྒྲོ་འདོགས་གཅོད་པའི་ཚད་མ་ཡིན་པའི་ཕྱིར། དགག་སྒྲུབ་བྱེད་ཚུལ་དེ་དག་ཀྱང་མི་འཐད་དེ། མངོན་རྗེས་གཉིས་ཆར་ལ་ཤུགས་རྟོགས་མི་སྲིད་པའི་ཕྱིར། གཉིས་པ་རང་ལུགས་ལ། ཡུལ་དགག་སྒྲུབ་གྱི་དབྱེ་བ། དེ་ཚད་མས་རྟོགས་ནས་དགག་བྱ་འགོག་ཚུལ་ལོ། །དང་པོ་ནི། འདིར་སེལ་བའི་དགག་སྒྲུབ་ཁོ་ན་འཆད་པས་སྒྲུབ་པ་ལ་དོན་དང་ཤེས་པ་གཉིས། དེ་རེ་རེ་ལའང་ཡིན་པ་དང་ཡོད་པའི་དབྱེ་བས་གཉིས་གཉིས་ཏེ་བཞིའོ། །དགག་པ་ལ་དེ་ཉིད་བཟློག་པ་དོན་དགག་པ་དང་། ཤེས་པ་དགག་པ་གཉིས། དེ་རེ་རེ་ལ་ཡང་མིན་པ་དང་། མེད་པའི་དབྱེ་བས་གཉིས་གཉིས་ཏེ་བཞིའོ། །གཉིས་པ་ནི། དགག་སྒྲུབ་དེ་ཡང་ཚད་མའམ་དེའི་སྟོབས་ཀྱིས་འགྲུབ་སྟེ། མངོན་སུམ་གྱིས་དྲངས་པའི་ངེས་ཤེས་སམ། སྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་གིས་སྒྲུབ་པ་དང་། མིན་དགག་གྲུབ་པའི་ཕྱིར་ཏེ། སྒྲ་རྟག་འཛིན་གྱི་འཁྲུལ་རྒྱུ་མེད་ན་མངོན་སུམ་གྱིས་རང་སྟོབས་ཀྱིས་དྲངས་པའི་ངེས་ཤེས་དེས་སྒྲ་མི་རྟག་པར་ངེས་པའི་ཚེ་སྒྲ་མི་རྟག་པ་གྲུབ་པ་དང་། འཁྲུལ་རྒྱུ་ཡོད་ན་ཕྱིས་རྟགས་ལས་སྒྲ་མི་རྟག་པ་ངེས་པའི་ཚེ་དེའི་ཐ་སྙད་བྱེད་པའི་ཕྱིར། ཡང་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དང་། དགག་རྟགས་ལ་བརྟེན་པའི་རྗེས་དཔག་གིས་དགག་པ་གྲུབ་པ་ཡིན་ཏེ། རྒོལ་བ་མཁས་པས་དག་འཛིན་དབང་མངོན་མྱོང་བྱེད་ཀྱི་རང་རིག་གིས་དྲངས་པའི་ངེས་ཤེས་དེས་ས་ཕྱོགས་སུ་བུམ་པ་མེད་པར་ངེས་པའི་ཚེ་བུམ་པ་དགག་པ་དང་། རྨོངས་པས་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་རྟགས་ཀྱིས་བུམ་པ་མེད་པར་ངེས་པའི་ཚེ་དེའི་ཐ་སྙད་བྱེད་པའི་ཕྱིར། དེ་བཞིན་དུ་བདེ་བ་དུཿཁ་དང་། གཟུགས་འཛིན་སྒྲ་འཛིན་གྱི་ངོ་བོ་ཡིན་པ་སོགས་རང་རིག་གིས་བྱེད་པས་ཁེགས་ཚུལ་ནི་རང་འགྲེལ་ལས་གསལ་ལོ། །གསུམ་པ་རྩོད་སྤོང་ནི། ཤུགས་རྟོགས་ཚད་མ་མིན་ན་སློབ་དཔོན་གྱིས་གཞུང་གི་ཆ་འགར་ཤུགས་ལ་རྟོགས་པའམ་དོན་གྱིས་གོ་བ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ལྟར་གསུངས་པ་ཡང་མངོན་སུམ་གྱི་སྟོབས་ཀྱིས་ཡུལ་ངེས་པར་བྱེད་པའམ་ཚུལ་གསུམ་གོམས་པའི་སྟོབས་ཀྱིས་གློ་བུར་བའི་རྗེས་དཔག་སྐྱེས་པ་ཉིད་ལ་དགོངས་ཏེ། རྣམ་ངེས་ལས་རང་གིས་གྲུབ་པ་མིན་པ་ཐམས་ཅད་ནི་བདག་ཉིད་དང་འབྲེལ་བའི་སྒྲུབ་པར་བྱེད་པ་མི་འཁྲུལ་བ་གཞན་ལ་ལྟོས་པའི་ཕྱིར་མངོན་སུམ་མིན་པའི་ཚད་མ་ནི་རྗེས་སུ་དཔག་པ་ལས་གཞན་ཡོད་པ་མིན་ཏེ། ཞེས་གསུངས་སོ། །ཚད་མ་རིགས་པའི་གཏེར་ལས་མཚན་ཉིད་བརྟག་པའི་རབ་ཏུ་བྱེད་པ་བརྒྱད་པའི་རྣམ་བཤད་བསྟན་ཟིན་ཏོ།།  ༈  །།གཉིས་པ་མཚན་གཞི་སོ་སོའི་དོན་ལ། མངོན་སུམ་དང་། རྗེས་དཔག་གོ །དང་པོ་ལ། མངོན་སུམ་ཡང་དག བཟློག་པ་ལྟར་སྣང་། ཚད་མ་དང་འབྲས་བུའོ། །དང་པོ་ལ་མཚན་ཉིད། མཚོན་བྱའི་དབྱེ་བ། མཚན་གཞི་སོ་སོའི་དོན་ནོ། །དང་པོ་ལ་གཉིས་ལས། གཞན་ལུགས་དགག་ན། བོད་རྣམས་མངོན་སུམ་དང་དེའི་ཚད་མ་སོ་སོར་ཕྱེ་ནས། དང་པོའི་མཚན་ཉིད་རྟོག་བྲལ་མ་འཁྲུལ་བ་དང་། གཉིས་པའི་མཚན་ཉིད་སྔར་མ་རྟོགས་པའི་དོན་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པ་ཞེས་ཟེར་བ་མི་འཐད་དེ། གཉིས་སུ་ཕྱེ་བ་གཞུང་ལས་མ་བཤད་ཅིང་། སྔར་མ་རྟོགས་པ་ལ་རྣམ་བཅད་མེད་ལ། མྱོང་བ་མངོན་སུམ་གྱིས་སྒྲོ་འདོགས་གཅོད་པར་འདོད་པ་འཁྲུལ་པར་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་རང་གི་འདོད་པ་ནི། མངོན་སུམ་གྱི་མཚན་ཉིད་ནི་རྟོག་བྲལ་མ་འཁྲུལ་བའོ། །དེ་ནི་མིང་ལ་བརྟེན་ནས་དོན་ཚོལ་བ་ཡིན་པས། རྟོག་བྲལ་དང་མ་འཁྲུལ་བ་གཉིས་དཔྱད་དོ། །དེའང་རྟོག་པའི་མཚན་ཉིད་ལུང་ལས་བཤད་པ་ཀུན་ཏུ་རྟོག་པ་དང་སེམས་རྩིང་བར་འཇུག་པ་ཙམ་མིན་གྱི་སྒྲ་དོན་འཛིན་པ་ཡིན་ནོ། །བྲལ་བའི་དོན་ནི་རང་ལྡོག་ལ་མཚན་ཉིད་དེ་མི་བརྟེན་པ་ཡིན་ནོ། །མ་འཁྲུལ་བ་ནི། དབང་པོ་དང་། ཡུལ་དང་བྱ་བ་ལ་སོགས་པའི་འཁྲུལ་པའི་རྒྱུ་དེ་དག་དང་བྲལ་བའོ། །འདི་གཉིས་ཀ་རིགས་མི་མཐུན་སེལ་བ་ལ་དགོས་སམ་ཞེ་ན། མིན་ཏེ། རྟོག་པ་ཐམས་ཅད་འཁྲུལ་པས་མ་འཁྲུལ་བ་ཉིད་ཀྱིས་རྟོག་བྲལ་དུའང་གྲུབ་མོད་ཀྱི། དཔྱོད་པ་པ་སོགས་རྟོག་པ་དང་བཅས་བཞིན་དུ་གཟུང་དོན་མ་འཁྲུལ་པ་དང་། རྗེས་དཔག་ལ་མ་འཁྲུལ་བ་ཡིན་ནམ་སྙམ་པའི་ལོག་རྟོག་བཟློག་པའི་ཕྱིར་རྟོག་བྲལ་སྨོས་སོ། །འདིར་སེམས་ཙམ་པའི་ལུགས་ལ་རྗེས་དཔག་མ་འཁྲུལ་པ་ཡིན་པས་དེ་ལྟར་ན་ཡང་རིགས་མི་མཐུན་སེལ་ལ། མདོ་སྡེ་པ་ལྟར་ན་རྗེས་དཔག་མ་འཁྲུལ་བར་མི་འདོད་པས་ལོག་རྟོག་ཁོ་ན་སེལ་བ་ནི་ཁྱད་པར་རོ། །རྣམ་རིག་པའི་ལུགས་ལ། རྗེས་དཔག་མ་འཁྲུལ་བའི་དོན་གང་ཞེ་ན། སྤྱིར་མདོ་སེམས་གཉིས་ཆར་གྱི་ལུགས་ལ་ཚད་མ་ལ་གཉིས་སུ་ངེས་པར་མཚུངས་པ་ལས་མདོ་སྡེ་པ་ནི། གང་དེ་འཁྲུལ་པ་ཐོག་མེད་པའི། །ཞེས་སོགས་དང་། རྗེས་དཔག་གཟུང་ཡུལ་མེད་པ་བཟུང་བས་འཁྲུལ་པ་ཡིན་ཞིང་། ཞེས་སོགས་གསུངས་པ་ལྟར་དུ་ཐོག་མ་མེད་པའི་བག་ཆགས་ཀྱིས་བསླད་པ་ཞུགས་པ་དང་། གཟུང་ཡུལ་དངོས་མེད་གཟུང་བའི་ཆ་ནས་འཁྲུལ་པ་དང་། མངོན་སུམ་ནི་རྒྱུ་མཚན་གཉིས་པོ་དེ་ལས་ལོག་པས་མ་འཁྲུལ་བར་འདོད། སེམས་ཙམ་པ་ནི་མ་འཁྲུལ་པར་འདོད་དེ། གཞན་དུ་ན་སྔར་གྱི་རྒྱུ་མཚན་གཉིས་པོ་དེའི་ཆ་ནས་འཁྲུལ་པར་འདོད་དགོས་ལ། དེ་ལྟར་ན། མིག་གིས་བསླད་པ་བདག་ཉིད་ལས། །ཞེས་སོགས་དང་། ཤེས་བྱ་ནང་གིས་ཞུགས་པ་ན། །ཞེས་སོགས་གསུངས་པ་ལྟར་ཚུར་མཐོང་གི་རྒྱུད་ཀྱི་དབང་ཡིད་ཀྱི་མངོན་སུམ་འཁྲུལ་པར་ཐལ་བ་ལས་མ་འཁྲུལ་པར་འདོད་པའི་ཕྱིར་ཏེ། རྣམ་ངེས་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་གསུངས་པ། མདོ་སེམས་གཉིས་ཆར་གྱི་ལུགས་ཡིན་པའི་ཕྱིར། དེས་ན་མི་སླུ་བའི་ཆ་ནས་བཞག་དགོས་ལ་དེ་རྗེས་དཔག་ལའང་ཡོད་པའི་ཕྱིར་རོ་ཞེས་དགོངས་པ་སྟེ་བསྟན་པ་ལ་ཕན་པར་གྱུར་ཅིག གཉིས་པ་ལ་དབྱེ་གཞི་ནི། མ་འཁྲུལ་བའམ། ལོག་རྟོག་ལ་ལྟོས་ཏེ་རྟོག་བྲལ་མ་འཁྲུལ་བ་ཙམ་མོ། །དེ་ལ་དབྱེ་ན་དབང་མངོན་ལ་སོགས་པ་རྣམ་པ་བཞིའོ། །མངོན་སུམ་དེའང་ཡུལ་གྱི་སྒོ་ནས་ཡུལ་གཞན་མཐོང་བ་དོན་རིག་གཉིས། རང་མཐོང་བ་རང་རིག རང་གཞན་མེད་པར་མཐོང་བ་རྣལ་འབྱོར་མངོན་སུམ་བཞིར་རྣམ་པར་དབྱེ་བ་ཡིན་ནོ། །འདིས་ཀྱང་རང་རིག་ལ་ཡུལ་མེད་པ་བསལ་ལོ། །རྟེན་གྱི་སྒོ་ནས་དབང་པོ་ལ་བརྟེན་པ་དོན་རིག་གཉིས། གཞན་དབང་ལ་བརྟེན་པ་རང་རིག ཏིང་ངེ་འཛིན་ལ་བརྟེན་པ་རྣལ་འབྱོར་མངོན་སུམ་བཞིར་རྣམ་པར་དབྱེ་བ་དང་། གང་ཟག་གྱི་སྒོ་ནས་སོ་སྐྱེའི་དང་། འཕགས་པའི་མངོན་སུམ་གཉིས་སུ་རྣམ་པར་དབྱེའོ། །འདིས་དངོས་བསྟན་གྱི་མངོན་སུམ་དང་པོ་གསུམ་སོ་སྐྱེའི་ཡིན་ནམ་སྙམ་སྟེ་དཔྱད་དོ། །འོ་ན་རང་རིག་མངོན་སུམ་གཞན་དབང་ལ་བརྟེན་ཞེས་གསུངས་པའི་གཞན་དབང་ནི་གང་། བརྟེན་ཚུལ་ཇི་ལྟ་བུ་ཞེ་ན། ཁོ་བོས་བཤད་པར་བྱ་ཡི་སྣོད་ལྡན་དག་རྣ་བ་གཏད་དེ་ཉན་པར་གྱིས་ཤིག གཞན་དབང་ནི་མཚན་ཉིད་གསུམ་གྱི་ནང་ཚན་ཡིན་ལ། བརྟེན་ཚུལ་ནི་རྫས་གཅིག་པའི་ཚུལ་གྱིས་བརྟེན་པ་ཡིན་ཏེ། རང་རིག་གི་དོན་ནོ། །འོ་ན་མངོན་སུམ་གཞན་གསུམ་ལ་ཡང་གཞན་དབང་ལ་བརྟེན་ཞེས་ཅིའི་ཕྱིར་མི་བརྗོད་ཅེ་ན། མངོན་སུམ་འདི་མདོ་སེམས་གཉིས་ཆར་གྱི་ཁས་ལེན་པས་དེ་གཉིས་ཆར་ལ་མཐུན་སྣང་གྲུབ་པའི་གཞན་དབང་ལ་བརྟེན་དགོས་པ་དང་གཞན་དབང་དེ་ཡང་སེམས་སེམས་བྱུང་རེ་རེ་བ་མིན་པར་གཉིས་ཀ་ལ་ཁྱབ་པ་ཞིག་དགོས་པ་ལ་དགོངས་ནས་གཞན་དབང་ལ་བརྟེན་ཞེས་གསུངས་པ་ཡིན་ལ། བདག་རྐྱེན་གཞན་དབང་ལ་བརྟེན་པའི་དོན་དུ་བཤད་ན་འདིའི་དོན་བསྐལ་པར་བཙལ་ཀྱང་མི་རྙེད་དོ། །འོ་ན་ཡུལ་གྱི་སྒོ་ནས་དབྱེ་བའི་སྐབས་སུ་མྱོང་བྱ་ཡུལ་དུ་བཞག་པ་དང་བཟློས་སོ་སྙམ་ན་མིན་ཏེ། ཡུལ་དང་བརྟེན་ལྡོག་པའི་སྒོ་ནས་ཕྱེ་བ་ཙམ་མོ། །མདོར་ན་མངོན་སུམ་ཐོག་མཐའ་གསུམ་ནི་རྟེན་མྱོང་བྱའི་སྒོ་ནས་ཕྱེ་བའི་གནད་ཤེས་ན་འབད་མེད་དུ་རྟོགས་པར་མ་ཟད། ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་བཤད་པ་དང་། ཚད་འབྲས་གཉིས་པ་དང་གསུམ་པར་དབང་མངོན་གྱི་ཚད་འབྲས་བསྟན་པའི་ཚེ་ཡང་རང་རིག་འབྲས་བུར་བཤད་པའི་དོན་ཡང་རྟོགས་པར་འགྱུར་རོ། །རྩོམ་པ་པོ་ཉིད་ཀྱི་ཟག་མེད་ཀྱི་ཐུགས་དགོངས་རྫོགས་པའི་ཕྱིར་བསྔོའོ། །གྲངས་ངེས་པ་ནི། འོ་ན་གོང་གི་དབྱེ་སྒོ་གསུམ་པོ་དེ་དག་གྲུབ་མཐའ་གང་གི་ལུགས་ཡིན་ཞེ་ན། ཡུལ་དང་རྟེན་གྱི་སྒོ་ནས་ཕྱེ་བའི་མངོན་སུམ་བཞི་པོ་ནི་མདོ་སྡེ་པ་ཁོ་ནའི་ལུགས་ཏེ། དེའི་ཚེ་ཕྱི་དོན་ཁས་ལེན་དགོས་ལ་དེ་ཡང་མདོ་སྡེ་པའི་ལུགས་ལ་བརྟེན་པའི་དབང་དུ་བྱས་པའི་ཕྱིར། དེའི་ལུགས་ལའང་ངོ་བོའི་སྒོ་ནས་མིན་ཏེ། བཞི་ཀའང་ངོ་བོའི་སྒོ་ནས་རང་རིག་ཏུ་གཅིག་པའི་ཕྱིར། བྱེ་བྲག་སྨྲ་བ་ལྟར་ན་ཡུལ་དང་ངོ་བོ་གཉིས་ཀའི་སྒོ་ནས་མངོན་སུམ་གསུམ་ཡིན་ཏེ། རང་རིག་མི་འདོད་པས་སོ། །རྣམ་རིག་པའི་ལྟར་ནའང་ཡུལ་དང་ངོ་བོ་གཉིས་ཀའི་སྒོ་ནས་རང་རིག་དང་རྣལ་འབྱོར་མངོན་སུམ་གཉིས་ཡིན་ཏེ། དང་པོ་གསུམ་ཡུལ་ཤེས་པར་གཅིག ངོ་བོ་རང་རིག་ཏུ་གཅིག་པའི་ཕྱིར་ཏེ། སངས་རྒྱས་ཀྱི་སར་དབང་པོ་ལྔ་གནས་གྱུར་ཅིང་གཉིས་སྣང་གི་བག་ཆགས་སྤངས་པས་དབང་མངོན་དང་ཡིད་མངོན་མེད་ལ། སེམས་ཅན་ལ་ཡོད་པ་ནི་རང་དང་རྫས་གཅིག་པའི་ཡུལ་ཁོ་ན་རིག་པའི་མངོན་སུམ་དུ་ངེས་པའི་ཕྱིར་ཏེ། རིག་བྱ་ཕྱི་དོན་མེད་པའི་ཕྱིར། དབྱེ་སྒོ་གསུམ་པ་ནི་གྲུབ་མཐའ་སྨྲ་བ་གསུམ་ཆར་གྱི་ལུགས་ཡིན་ལ་འདིར་དབྱེ་སྒོ་དང་པོ་དེ་ཉིད་གཞིར་གཞག་ནས་རྩི་བ་ཁོ་ན་ཡིན་ལ། དེ་ཡང་ཡུལ་གྱི་སྒོ་ནས་ཕྱེ་བའི་མངོན་སུམ་བཞི་པོ་དེ་མདོ་སྡེ་པ་ཁོ་ནའི་ལུགས་ཡིན་ཏེ། དེའི་ལུགས་ལ་བརྟེན་ནས། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ་མིག་དང་ཡིད་དོ་ཞེས་པའི་དགོངས་པ་འགྲེལ་པའི་དབང་དུ་བྱས་པའི་ཕྱིར། དེ་ཉིད་ལས། བྱེ་བྲག་སྨྲ་བའི་ལུགས་ལ། རང་རིག་མི་འདོད་པས། གཞན་གསུམ་དུ་ངེས་པའི་ཕྱིར་དང་། དེ་ཉིད་ལས། རྣམ་རིག་པ་ལྟར་ན། ཕྱི་མ་གཉིས་ལས་གཞན་དབང་མངོན་དང་ཡིད་མངོན་མི་སྲིད་པ་དཔལ་ལྡན་གྲགས་པའི་དགོངས་པ་ཡིན་ནོ། །གང་དག་ལུགས་འདི་ལ་དབང་མངོན་གཏན་མེད་དུ་འདོད་པ་ལྟར་ན། ཐ་སྙད་དུ་ཕན་གནོད་ཀྱི་མེ་ཆུ་ལ་བླང་དོར་བྱེད་པའི་རྒྱུ་ཡང་དག་ཤེས་པ་མེད་པར་འགྱུར་ཞིང་། གལ་ཏེ་ཡོད་ན་དབང་ཡིད་ཀྱི་མངོན་སུམ་ཡོད་པ་ལས་མ་འདས་ཏེ། རྗེས་དཔག་ཏུ་མ་ངེས་ཤིང་། རང་རིག་ལ་དེ་དག་སྣང་བ་མེད་པར་ཁས་བླངས་པའི་ཕྱིར་དང་། མེ་ཆུ་སོགས་སྣང་བའི་དབང་ཤེས་ལས་ཐ་སྙད་དུ་མེ་ཆུ་སོགས་ལ་བླང་དོར་བྱེད་པ་ན་བླང་དོར་གྱི་གནས་ཕན་ཚུན་འཆོལ་བར་འགྱུར་ཏེ། དབང་ཤེས་དེ་དག་ལོག་ཤེས་ཁོ་ནར་ངེས་པའི་ཕྱིར་དང་། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་པ་དང་། ཡུལ་དང་སྣང་བ་ཉིད་མེད་འདིའི། །ཞེས་སོགས། རྩ་འགྲེལ་གྱི་ཚད་འབྲས་ཐམས་ཅད་ཚད་འབྲས་མིན་པར་ལོག་འབྲས་སུ་འགྱུར་པ་དང་། སོ་སོ་རིག །མངོན་སུམ་གང་ཡིན་འདི་ཉིད་དོ། །ཞེས་པའི་རྣཾམཾ་རིཾགཾ་མཾངོཾནཾ་སུཾམཾ་རྣཾམཾ་རིཾགཾ་པཾའིཾ་ཁཾསཾ་ལེཾནཾ་པཾརཾ་ལྷའིཾ་འཾགྲེཾལཾ་པཾརཾ་བཾཤད་པཾའིཾ་ཕྱིཾར་རོཾ། །བཤད་ཚུལ་འདིས་ཀྱང་རྩོམ་པ་པོའི་ཡེ་ཤེས་ཀྱི་གཟིགས་པ་སེམས་ཅན་ཐམས་ཅད་ལ་འཇུག་པར་གྱུར་ཅིག གསུམ་པ་མཚན་གཞི་སོ་སོའི་དོན་ལ་བཞི་ལས། དང་པོ་དབང་མངོན་ལ། མཚན་ཉིད། དེ་སྒྲུབ་པ། སྒྲ་དོན་ངེས་པར་བྱ་བའོ། །དང་པོ་ལ་གཉིས་ལས་གཞན་ལུགས་དགག་ན། བོད་ཕལ་ཆེར་དབང་མངོན་དང་། དེའི་ཚད་མ་སོ་སོར་ཕྱེ་ནས་མཚན་ཉིད་རིམ་བཞིན། བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་གཟུང་དོན་ལ་མ་འཁྲུལ་བ་དང་། བདག་རྐྱེན་དེ་ལྟ་བུ་ལ་བརྟེན་ནས་སྔར་མ་རྟོགས་པའི་དོན་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པ་ཞེས་འཇོག་པ་འཁྲུལ་ཏེ། དགག་པ་སྔར་བཤད་ཟིན་ཏོ། །རང་ལུགས་ནི། དེས་ན་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་ཤེས་པ་མ་འཁྲུལ་བའོ། །གཉིས་པ་ལ་གཉིས་ལས། དང་པོ་དབང་པོ་ལས་སྐྱེས་པར་སྒྲུབ་པ་ནི། དབང་པོའི་མཚན་གཞི་ནི་གྲུབ་མཐའ་འགའ་ཞིག་སྟེ་མུ་སྟེགས་དང་ཉན་ཐོས་ལ་གྲགས་པ་ལྟར་དོན་མཐོང་བ་སོགས་ཀྱི་དབང་པོ་རིགས་པས་མ་གྲུབ་ཀྱང་། དབང་བརྟེན་གཟུགས་ཅན་འདི་དག་ལ་བརྟེན་ནས་ཡོད་པའི་ཡུལ་གཟུགས་སོགས་ལ་དམིགས་ཤིང་འཛིན་པའི་དབང་ཤེས་རང་དབང་དུ་བསྐྱེད་པའི་ནུས་པ་ཞིག་ཡིན་ཏེ། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ཞེས་གསུངས་པས་སོ། །ལུང་དེ་འདིར་དྲངས་པ་ནི། མདོ་སེམས་གཉིས་ཀའང་དབང་པོའི་མཚན་གཞི་ནུས་པ་ལ་འཇོག་པར་འདྲ་བ་ཙམ་གྱི་དོན་དུ་ཡིན་གྱི་ཇི་ལྟ་བ་བཞིན་དུ་སྟོན་པར་མཚུངས་པ་ནི་མིན་ནོ། །ཁྱད་པར་ནི་སྔ་མས་ནུས་པ་དེ་ཉིད་བེམས་པོ་དང་ཕྱི་མས་ཤེས་པར་འདོད་པའོ། །འོ་ན་རྣལ་འབྱོར་མངོན་སུམ་གྱི་སྐབས་སུ་ནུས་པ་དེ་ཤེས་པར་བཤད་པ་མིན་ནམ་ཞེ་ན། དེ་ཉིད་ཀྱིས་དོན་འདི་གསལ་བར་བྱས་ཏེ། དབང་མངོན་སྐབས་སུ་བྱེ་བྲག་སྨྲ་བ་འདོད་པའི་དབང་པོ་བཀག་ནས་མདོ་སྡེ་པ་ལྟར་མཛད། རྣལ་འབྱོར་མངོན་སུམ་གྱི་སྐབས་སུ་དེ་ཡང་བཀག་སྟེ་བསྟན་བཅོས་འདི་ཡི་མཐར་ཐུག་གི་གྲུབ་མཐའ་ལ་གནས་ཏེ་སྐྱེ་བ་སྔ་མ་སྒྲུབ་པར་མཛད་དེ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །ཞེས་སོགས་དང་། འདི་ཉིད་དུ་སློབ་དཔོན་གྱིས་ཕྱི་རོལ་གྱི་དོན་ཞལ་གྱིས་བཞེས་པ་ན་མདོ་སྡེ་པ་ལྟར་མཛད་ལ། ཞེས་སོགས་དང་ཚུལ་མཚུངས་པར་བཞེད་པའོ། །དོན་ལ་རྟོག་ཅིང་སྟོན་པའི་རྣམ་དཔྱོད་དོ། །དེ་ལས་སྐྱེས་པར་རྗེས་འགྲོ་ངེས་པའི་སྒོ་ནས་འགྲུབ་སྟེ། འདི་ལྟར་དབང་དོན་བར་མ་ཆོད་དང་འབྲས་བུ་དབང་ཤེས་གཉིས་ཀ་མ་དམིགས་པ་ལས་དབང་དོན་བར་མ་ཆོད་དམིགས་པའི་རྗེས་སུ་ཡུལ་དམིགས་པའི་རྣམ་ཤེས་དམིགས་པས་དེ་ལ་ཡོད་པའི་ནུས་པ་ཞིག་ལ་བརྟེན་པར་གྲུབ་སྟེ། མེ་དུད་བཞིན་ནོ། །ཡང་ན་ལྡོག་པ་ངེས་པས་འགྲུབ་སྟེ། དབང་བརྟེན་འདི་ལ་ཡོད་པའི་ནུས་པ་ཞིག་མ་ཚང་ཡང་དབང་ཤེས་མི་འབྱུང་བའི་རྟགས་ལས་ནུས་པ་དེ་ཡོད་པར་གྲུབ་ཅིང་། ནུས་པ་དེ་ཡང་བེམས་ཤེས་གཉིས་ལས་ཤེས་པར་མི་འཐད་པའི་ཕྱིར་རོ། །གཉིས་པ་རྟོག་བྲལ་མ་འཁྲུལ་བར་བསྒྲུབ་པ་ནི། དོན་རང་མཚན་གསལ་བར་སྣང་བའི་ཕྱིར། ཟླ་བ་གཉིས་ལ་སོགས་པ་སྣང་བ་བཞིན་ཞེས་བྱ་བ་ཁྱབ་བྱེད་འགལ་དམིགས་ཀྱི་རྟགས་ཀྱིས་རྟོག་མེད་འགྲུབ་ལ། དོན་རང་མཚན་གཟུང་དོན་དུ་འཛིན་པའི་ཕྱིར་ཞེས་པས་འཁྲུལ་པ་མེད་པ་ཉིད་དུ་གྲུབ་བོ། །སྒྲུབ་བྱེད་དང་པོ་ནི། དེ་ཕྱིར་དབང་པོ་ལས་སྐྱེས་བློ། །ཞེས་པའི་རིགས་པ་ཡིན་པས། དེ་དབང་མངོན་འཆད་བྱེད་དུ་གྲུབ་བོ། །གསུམ་པ་ནི། ཤེས་པ་གང་ཞིག་བདག་རྐྱེན་དབང་པོ་དང་དམིགས་རྐྱེན་ཡུལ་དང་དེ་མ་ཐག་རྐྱེན་ཡིད་བྱེད་གསུམ་ལས་སྐྱེས་པར་འདྲ་བ་ལ། ཡུལ་དང་ཡིད་བྱེད་ཀྱི་སྒོ་ནས་ཐ་སྙད་མི་བྱེད་པར་བདག་རྐྱེན་གྱི་སྒོ་ནས་སྤྱིར་དབང་ཤེས་བྱེ་བྲག་དབང་མངོན་གྱི་ཐ་སྙད་བྱེད་པ་ཅི་ཞེ་ན། ཡུལ་དང་ཡིད་བྱེད་ནི་ཤེས་པ་གཞན་བསྐྱེད་པ་ཡིའང་རྒྱུ་ཡིན་པས་དང་པོ་བདེ་བླག་ཏུ་མི་གོ་བས་ཡུལ་ཤེས་ལ་སོགས་པར་ཐ་སྙད་མ་མཛད་ལ། དབང་པོ་ནི་ཤེས་པ་དེའི་ཐུན་མོང་མིན་པའི་རྒྱུ་ཡིན་པའི་ཕྱིར་ན་དབང་ཤེས་ཞེས་ཐ་སྙད་མཛད་པ་ཡིན་ཏེ། དཔེར་ན་རྔ་སྒྲ་ལ་སྐྱེས་བུ་དང་དབྱུག་གུའང་དགོས་ལ། མྱུ་གུ་ལ་ས་དང་ཆུ་ལ་སོགས་པ་དགོས་ཀྱང་། དབྱུག་གུའི་སྒྲ་དང་སའི་མྱུ་གུ་ཞེས་མི་བརྗོད་པར་ཐུན་མོང་མིན་པའི་རྒྱུ་ལ་ལྟོས་ནས་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་བརྗོད་པ་བཞིན་ནོ། །དེའང་ཐུན་མོང་མིན་ཡིན་རྒྱུ་ཡི་ཕྱིར། །སོགས་དང་། གལ་ཏེ་མངོན་སུམ་སྐྱེད་བྱེད་ལ། །ཞེས་སོགས་གསུངས་སོ། །གཉིས་པ་ཡིད་མངོན་ལ་ངོ་བོ་ངོས་བཟུང་བ། རང་བཞིན་གཏན་ལ་དབབ་པ། དེ་ལ་གཞན་གྱི་རྩོད་པ་སྤང་བའོ། །དང་པོ་ནི། །ཡུལ་སྐད་ཅིག་གཉིས་པ་དང་དེ་དང་དུས་མཉམ་པའི་དབང་ཤེས་རྣམ་པ་གཉིས་ཀྱི་ནང་ནས་དང་པོ་དམིགས་པ་དང་། ཕྱི་མས་དེ་མ་ཐག་པའི་རྐྱེན་བྱས་པ་ལས་སྐྱེས་པའི་ཡིད་ཀྱི་མངོན་སུམ་གྱི་དུས་སུ་འགགས་མ་ཐག་པའི་དབང་པོའི་རྣམ་ཤེས་ནི་ཡིད་དབང་ཡིན་ལ། དེའི་ཐུན་མོང་མིན་པའི་བདག་རྐྱེན་བྱས་པ་ལ་བརྟེན་ནས་སྐྱེས་པའི་མ་འཁྲུལ་བའི་ཤེས་པ་ནི་ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད་དོ། །གཞུང་འདིའི་འབྲུ་མནོན་ལ་གཞན་ཕལ་ཆེར་རྨོངས་པར་གྱུར་ཏོ། །གཉིས་པ་ལ། སྐྱེ་བའི་ཚུལ་ཚད་མར་སྒྲུབ་པ། སྐྱེ་བའི་གནས་སྐབས་དཔྱད་པའོ། །དང་པོ་ནི། གལ་ཏེ་དབང་མངོན་ལྔ་ཅིག་ཆར་འགགས་པའི་རྗེས་སུ་ཡིད་མངོན་གཅིག་སྐྱེ་ན་རྒྱུའི་ཁྱད་པར་གྱིས་འབྲས་བུའི་ཁྱད་པར་མི་སྐྱེད་པར་འགྱུར་ལ། ལྔ་སྐྱེ་ན་གང་ཟག་གཅིག་རྒྱུད་དུ་མར་འགྱུར་རོ་ཞེ་ན། རྒྱུ་ཐ་དད་པས་ཁ་ཕྱི་ལྟའི་ཡིད་ཀྱི་མངོན་སུམ་དུ་མ་རྒྱུད་ཅིག་ལ་གཅིག་ཆར་སྐྱེ་ཡང་སྐྱོན་གཉིས་པ་མེད་དེ། དེའི་ཚེ་གང་ཟག་དེའི་རྒྱུད་ལ་ཡིད་ཀྱི་རྣམ་ཤེས་ཀྱི་སྟེང་ན་ཁ་ནང་ལྟས་ལ་རང་རིག་གི་རྒྱུན་གཅིག་ལས་མེད་པའི་ཕྱིར། དཔེར་ན་དབང་ཤེས་དུ་མ་ཡོད་ཀྱང་རྒྱུད་དུ་མར་མི་འགྱུར་བ་བཞིན་དུའོ། །གཉིས་པ་ནི། དེ་ཚད་མ་ཡིན་ནམ་འོན་ཏེ་མིན་ཞེ་ན། དོན་བདེན་པ་ལ་འཁྲུལ་བ་མེད་པའི་ཕྱིར་ཚད་མ་ཡིན་ཡང་། རྒྱུན་མེད་པའི་ཕྱིར་ན་གཞན་ངེས་བཞིན་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པའི་ཕྱིར་རང་སྟོབས་ཀྱིས་དྲངས་པའི་ངེས་ཤེས་ཀྱིས་ཀུན་ནས་བསླངས་ཏེ་ཚད་མ་ཡིན་ནོ་ཞེས་པའི་ཐ་སྙད་མ་ཐོབ་པ་ཡིན་ཏེ། དབང་ཤེས་ཀྱི་ཡུལ་རྡུལ་ཕྲ་རབ་ཡིན་ཡང་དེར་མི་སྣང་བས་རྗེས་ཀྱི་ངོར་ཡུལ་དུ་མི་འཇོག་པ་བཞིན་ནོ། །གལ་ཏེ་དབང་ཤེས་དང་ཡིད་ལ་རྒྱུན་ཡོད་མེད་ལས་རང་ལས་ངེས་ནུས་པ་དང་མི་ནུས་པ་ཅིའི་ཕྱིར་ཞེ་ན། དབང་ཤེས་ཀྱི་དེ་མ་ཐག་རྐྱེན་ལས་རྫས་ལོགས་སུ་གྱུར་པའི་དབང་པོ་གཟུགས་ཅན་སྔ་མའི་ཉེར་ལེན་བྱས་པ་ལས། དབང་པོ་གཟུགས་ཅན་ཕྱི་མ་སྐྱེ་བ་དེས་ན། དབང་ཤེས་ནི་རྒྱུན་དང་བཅས་པ་ཡིན་ལ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་གྱི་རྫས་ལོགས་སུ་གྱུར་པའི་ཡིད་དབང་སྔ་མའི་ཉེར་ལེན་བྱས་པ་ལས་ཡིད་དབང་ཕྱི་མ་སྐྱེ་བ་མིན་པ། དེའི་ཕྱིར་ན་ཡིད་མངོན་དེ་ལ་རྒྱུན་མེད་དོ། །ཁྱབ་སྟེ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་གྱི་རྒྱུན་དེ་དབང་མངོན་ཁོ་ནའི་རྒྱུན་ཡིན་པའི་ཕྱིར། སྔ་མའི་རྟགས་གྲུབ་སྟེ། ཡིད་མངོན་གྱི་རྐྱེན་ཕྱི་མ་གཉིས་རྫས་གཅིག་ཡིན་པའི་ཕྱིར། ཡོངས་འཛིན་དམ་པའི་ལེགས་བཤད་དོ། །མདོར་ན་དབང་མངོན་སྔ་མས་ཉེར་ལེན་བྱས་ཏེ་ཕྱི་མ་སྐྱེ་བ་ཡོད་ཅིང་། ཡིད་མངོན་ནི་དེ་ལས་ལོག་པས་རྒྱུན་ཡོད་པ་དང་མེད་པའི་དོན་ནོ། །གསུམ་པ་ལ་སྐྱེ་ཚུལ་ངོས་བཟུང་བ་དང་། མངོན་སུམ་གྱི་འགྲོས་རྩི་བ་གཉིས། དང་པོ་ནི། དབང་མངོན་གྱི་རྒྱུན་རྫོགས་རྗེས་སུ་ཡིད་མངོན་གཅིག་སྐྱེའམ་སྤེལ་མར་འབྱུང་ཞེ་ན། རྒྱན་མཛད་པ་དབང་མངོན་རེ་དང་ཡིད་མངོན་རེ་སྤེལ་མར་སྐྱེ་བས་འགོ་དབང་མངོན་གྱི་འཛིན་ལ་མཇུག་ཡིད་མངོན་གྱིས་རྟུལ་ལོ་ཞེས་གསུངས་པ་དང་། ཆོས་མཆོག་དབང་མངོན་གྱི་རྒྱུན་གྱི་མཐའ་ཁོ་ནར་ཡིད་མངོན་གཅིག་སྐྱེ་བ་བཞེད་དོ། །ལུགས་གཉིས་ཀ་ལ་ཡང་གནོད་བྱེད་ཡོད་དེ། དང་པོ་ལྟར་ན། དེ་གཉིས་ལ་ངེས་དཀའ་སླའི་ཁྱད་པར་མི་འཐད་ལ། གཉིས་པ་མི་འཐད་དེ་དབང་མངོན་དང་པོ་དང་ཐ་མའི་དུས་ན་ཡིད་མངོན་གྱི་རྐྱེན་གསུམ་ཚོགས་པ་སྲིད་པ་ལ་ཁྱད་པར་མེད་པའི་ཕྱིར། ལུགས་གཉིས་པོ་མི་འཐད་པ་དེས་ན། དབང་པོའི་རྣམ་པར་ཤེས་པ་སྐད་ཅིག་དང་པོ་ཟླ་མེད་དུ་སྐྱེ་ལ། དེ་དབང་ཤེས་ཀྱི་སྐད་ཅིག་གཉིས་པ་དང་ཡིད་མངོན་སྐད་ཅིག་དང་པོ་གཉིས་ཀའི་ཉེར་ལེན་གྱི་རྒྱུ་ཡིན་ཞིང་། ཡིད་མངོན་གྱི་ལྷན་ཅིག་བྱེད་པའི་རྐྱེན་དུ་འགྱུར་བས་དབང་མངོན་ལས་རྫས་ལོགས་ཤིག་ཏུ་དབང་མངོན་དང་དུས་མཉམ་དུ་ཡིད་མངོན་སྐད་ཅིག་དང་པོ་སྐྱེའོ། །དེ་ལྟར་ན་རྒྱུད་གཅིག་ལ་མངོན་སུམ་ཇི་སྙེད་ཅིག་གཅིག་ཅར་སྐྱེས་ཀྱང་གང་ཟག་དེ་རྒྱུད་གཞན་ཏེ་ཐ་དད་པ་དུ་མར་འགྱུར་བའི་སྐྱོན་མེད་དེ། དེའི་ཚེ་གང་ཟག་དེའི་རྒྱུད་ལ་ཡིད་ཀྱི་རྣམ་ཤེས་རྒྱུན་གཅིག་ལས་མེད་པས་དེ་མྱོང་བྱེད་རང་རིག་ཡང་རྒྱུན་གཅིག་ལས་མེད་པ་ཡིན་པའི་ཕྱིར། འདི་ནི་མངོན་སུམ་དུ་མ་རྒྱུད་གཅིག་ལ་གཅིག་ཅར་སྐྱེ་ཡང་རྒྱུད་དུ་མ་དང་། སྔ་མ་ནི་ཡིད་མངོན་དུ་མ་རྒྱུད་གཅིག་ལ་གཅིག་ཅར་སྐྱེ་ཡང་རྒྱུད་དུ་མར་འགྱུར་བའི་སྐྱོན་མེད་པར་བསྟན་ཏོ། །དེ་ནས་བཟུང་དབང་མངོན་གྱི་རྒྱུན་མ་རྫོགས་པ་དེ་སྲིད་དུ་སྤེལ་མར་མི་སྐྱེ་བར་ལོགས་ཤིག་ཏུ་སྐྱེ་བས་དེ་གཉིས་རྒྱུན་ཡོད་མེད་ཀྱིས་ངེས་མ་ངེས་སྲིད་པས་རྒྱུན་ལ་བརྗོད་པའི་སྐྱོན་མེད་ལ། གྲངས་མཉམ་པར་སྐྱེ་སྲིད་པས་ཆོས་མཆོག་ལ་བརྗོད་པའི་སྐྱོན་ལས་གྲོལ་ལོ། །གཉིས་པ་ནི། དེས་ན་ཁ་ཕྱི་བལྟས་ལ་དོན་རིག་མངོན་སུམ་གཉིས་དང་ནང་བལྟ་ལ་རང་རིག་གཅིག་སྟེ་འགྲོས་གསུམ་པ་ཞེས་བྱ་བ་ཤངྐར་ནནྡའི་དགོངས་པ་འདི་ཁོ་ན་འཐད་དོ། །བདག་རྐྱེན་དབང་པོ་བྱེད་པ་ཉམས་ཤིང་དམིགས་རྐྱེན་རྒྱུན་ལྡན་དུ་འབྱུང་བའི་ཚེ་ཡིད་མངོན་སྐད་ཅིག་མ་གཅིག་ཟླ་མེད་དུ་སྐྱེ་བ་སྲིད་དེ། རྐྱེན་གསུམ་ཚོགས་པ་སྲིད་པའི་ཕྱིར། གཞན་དུ་ན་གྲངས་མཉམ་དུ་སྐྱེ་བའི་དོན་བཤད་པར་དཀའ་བའི་ཕྱིར། བླ་མ་དམ་པའི་གསུང་རྒྱུན་དྲི་མ་མེད་པའོ། །གསུམ་པ་རྩོད་སྤོང་ནི། རྣ་བ་མ་ཕུག་པ་ན་རེ། དབང་པོས་བཟུང་ཟིན་འཛིན་ན་བཅད་ཤེས་སུ་འགྱུར་ལ། མ་བཟུང་བ་འཛིན་ན་ལོང་བས་མཐོང་བར་འགྱུར་རོ་ཞེ་ན། དབང་ཤེས་ཀྱི་ཡུལ་ལས་གཞན་འཛིན་པས་བཅད་ཤེས་སུ་མི་འགྱུར་ལ། དབང་པོའི་མངོན་སུམ་དེ་མ་ཐག་རྐྱེན་དུ་ཡོད་པ་ལ་ལྟོས་པའི་ཕྱིར་ན་ལོང་བ་ལ་སོགས་པས་མི་མཐོང་བས་ཡིད་མངོན་ཚད་མ་ཡིན་པ་འདི་ལ་སྐྱོན་གཉིས་ཀ་མེད་དོ། །དེའང་། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །ཞེས་སོགས་གསུངས་སོ། །གསུམ་པ་རང་རིག་མངོན་སུམ་ལ་གསུམ་ལས། དང་པོ་མཚན་ཉིད་ནི། རང་གི་ངོ་བོ་རིག་པ་སྟེ་མྱོང་བའི་འཛིན་རྣམ་ནི། རང་རིག་མངོན་སུམ་གྱི་མཚན་ཉིད་ཡིན་པར་མཁས་པ་རྣམས་བཞེད་དོ། །གཉིས་པ་རྩོད་སྤོང་ནི། ཁ་ཅིག་རང་རིག་པ་མི་འཐད་དེ། རིག་བྱ་རིག་བྱེད་གཉིས་མེད་པའི་ཕྱིར་རོ། །གལ་ཏེ་གཉིས་མེད་ཀྱང་རིག་ན་གྲངས་ཅན་ལྟར་རང་ལས་སྐྱེ་བ་དང་མཚུངས་སོ་ཞེ་ན། རང་རིག་རང་སྐྱེ་གཉིས་མཚུངས་པའི་གོ་སྐབས་ཡོད་པ་མིན་ཏེ། རང་སྐྱེ་ནི་རང་ལས་སྔོན་གསལ་པོར་མེད་པ་གསལ་བར་སྐྱེ་བ་ཙམ་ཡིན་པས་རང་ཉིད་གྲུབ་ན་བསྐྱེད་མི་དགོས་ཤིང་མ་གྲུབ་ན་བསྐྱེད་མི་ནུས་ལ། རང་རིག་ནི་བེམས་པོ་ལས་བཟློག་ནས་རང་ཉིད་རིག་པར་སྐྱེས་པ་ཙམ་ཡིན་པ་དེས་ན་སྟེ་དེའི་ཕྱིར་རོ། །གསུམ་པ་ཚད་མ་ཡིན་མིན་དཔྱད་པ་ནི། འོ་ན་རང་རིག་ཐམས་ཅད་ཚད་མ་ཡིན་ནམ་ཞེ་ན། མངོན་སུམ་ཐམས་ཅད་ལ་ཚད་མ་མིན་པ་མི་སྲིད་དོ་ཞེས་བཤད་ཟིན་ཏོ། །བཞི་པ་རྣལ་འབྱོར་མངོན་སུམ་ལ་རང་བཞིན་ངོས་བཟུང་བ། ཡུལ་ལ་ཚད་མར་འགྱུར་ཚུལ། དེ་སྒྲུབ་བྱེད་ཀྱི་ཚད་མའོ། །དང་པོ་ལ་མཚན་ཉིད་དང་། དབྱེ་བ། རྒྱུ་བསམ་པའོ། །དང་པོ་ལ་གཉིས་ལས་དང་པོ་གཞན་ལུགས་དགག་ན། བོད་རྣམས་རྣལ་འབྱོར་མངོན་སུམ་དང་། དེའི་ཚད་མ་སོ་སོར་ཕྱེ་ནས་ཕྱི་མའི་མཚན་ཉིད་བདག་རྐྱེན་དེ་ཁོ་ན་ཉིད་གོམས་པའི་ཡིད་ལས་སྐྱེས་ཤིང་སྔར་མ་རྟོགས་པའི་ཡང་དག་པའི་དོན་ལ་མྱོང་སྟོབས་ཀྱི་སྒྲོ་འདོགས་གཅོད་པ་ཞེས་འཇོག་པ་འཁྲུལ་ཏེ། རྒྱུ་མཚན་སྔར་བཞིན་ནོ། །གཉིས་པ་ནི། བསྒོམ་པ་ལས་བྱུང་བའི་འཁྲུལ་མེད་ཀྱི་ཤེས་པ་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ཡིན་ཏེ། ཟད་པར་སའི་ཏིང་ངེ་འཛིན་ལ་སོགས་པ་འཁྲུལ་པ་ཅན་རྣམས་དེ་ལྟར་ཡང་ཡིན་ནོ། །གཉིས་པ་ལ་རྟེན་གྱིས་དབྱེ་ན། ཉན་ཐོས་རང་རྒྱལ་ཐེག་ཆེན་ཏེ་འཕགས་པ་གསུམ་གྱི་རྣལ་འབྱོར་མངོན་སུམ་གསུམ། དེ་ཉིད་ལ་ཉན་ཐོས་སློབ་པ་དང་མི་སློབ་པ་གཉིས། རང་རྒྱལ་སློབ་པ་མེད་པས་མི་སློབ་པ་གཅིག་པུ་དང་། ཐེག་ཆེན་སློབ་མི་སློབ་པའི་སྒོ་ནས་ལྔའོ། །གཉིས་པ་ངོ་བོའི་སྒོ་ནས་དབྱེ་ན། ལྔ་པོ་དེ་དག་རྣམ་པ་བཅུར་དབྱེ་སྟེ། རེ་རེ་ལ་སྣང་བཅས་སྣང་མེད་ཀྱི་དབྱེ་བས་གཉིས་གཉིས་ཡོད་པས་སོ། །གསུམ་པ་ལ། ཡེ་ཤེས་གཉིས་ཀྱི་རྒྱུ། དེ་དག་མཐར་ཕྱིན་པའི་དུས། ཐབས་ལ་ལྟོས་ནས་འབྲས་བུའི་ཁྱད་པར་གསུམ། དང་པོ་ནི། བསམ་གཏན་དང་སྨོན་ལམ་ལ་སོགས་པ་ཐབས་རྣམ་པ་སྣ་ཚོགས་པ་དང་། ཤེས་རབ་སྟོང་པ་ཉིད་ལེགས་པར་སྦྱངས་པ་གཉིས་འབྲས་བུ་སོ་སོ་ལ་ལྟོས་ནས་ཕན་ཚུན་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་པས་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་གཟིགས་པ་འགྲུབ་པར་འགྱུར་ཏེ། ཤེས་རབ་ཀྱིས་ཉེར་ལེན་དང་ཐབས་ཀྱིས་རྐྱེན་བྱས་པས་ཇི་ལྟ་བ་དང་། ཐབས་ཀྱིས་ཉེར་ལེན་དང་ཤེས་རབ་ཀྱིས་ལྷན་ཅིག་བྱེད་རྐྱེན་ལས་ཇི་སྙེད་པའི་ཡེ་ཤེས་འགྲུབ་པའི་ཕྱིར་རོ། །གཉིས་པ་ནི། ཚེ་གསུམ་གྱི་བསོད་ནམས་དང་གང་ཟག་གི་བདག་མེད་པ་བསྒོམས་པས་དགྲ་བཅོམ་པ་དང་། བསྐལ་པ་བརྒྱའི་ཚོགས་དང་བདག་མེད་ཕྱེད་དང་གཉིས་ཀྱིས་རང་རྒྱལ་དབང་པོ་རྣོན་པོ་དང་། བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་དང་། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་ཐེག་ཆེན་གྱི་བྱང་ཆུབ་དེ་མཐར་ཕྱིན་པ་ཡིན་ནོ། །གསུམ་པ་ནི། ཉན་རང་གཉིས་ནི་ཆོས་ཐམས་ཅད་སྟོན་པའི་གཞན་དོན་ཆེན་པོ་ལ་འཇུག་པ་མིན་ཏེ། རྣམ་གྲོལ་གཉིས་པོ་ཤེས་རབ་གཙོ་བོར་བསྒོམས་པས་རང་རང་གི་རྟོགས་བྱའི་བདག་མེད་རྟོགས་སུ་ཟིན་ཡང་ཤེས་བྱ་ལ་སེམས་མི་གསལ་བའི་བག་ཆགས་དང་བཅས་པའི་ཕྱིར་ཏེ། ཐབས་ལ་སྦྱངས་པ་ཞེན་པས་སོ། །མ་གོམས་པའི་རིག་པ་ལྟར་རོ། །སངས་རྒྱས་ནི་ཤེས་བྱ་ཐམས་ཅད་ལ་ཀུན་མཁྱེན་ཡིན་ཏེ། ཐབས་ལ་མཁས་ཤིང་ཤེས་རབ་གོམས་པའི་བཟོའི་གནས་གོམས་པ་ལྟར་ཤེས་བྱའི་དངོས་པོ་ཀུན་ལ་ཐུགས་གསལ་བ་མཐར་ཕྱིན་པ་སྟེ། མི་ཤེས་པའི་བག་ཆགས་མ་ལུས་པ་སྤངས་པའི་ཕྱིར་རོ། །དེ་ལྟར་མཁྱེན་བརྩེ་གཉིས་དང་ལྡན་པས་གཞན་དོན་ལ་འཇུག་པའི་ཕྱིར་འདི་ནི་གཉིས་པོ་ལས་ཁྱད་པར་དུ་འཕགས་པའི་ཚུལ་ལོ། །གཉིས་པ་ཡུལ་ལ་ཚད་མར་འགྱུར་ཚུལ་ནི། འོ་ན་རྣལ་འབྱོར་མངོན་སུམ་ཐམས་ཅད་ཚད་མ་ཡིན་ནམ་ཞེ་ན་འདི་ཡི་ལན་ལ། རྣལ་འབྱོར་མངོན་སུམ་ཐམས་ཅད་ཚད་མར་སྒྲུབ་པ། ཚད་མ་དེས་འཇུག་ལྡོག་བྱེད་པའི་ཚུལ། དུས་གསུམ་མཁྱེན་པའི་ཡེ་ཤེས་དཔྱད་པ་གསུམ། དང་པོ་ནི། རྣལ་འབྱོར་མངོན་སུམ་ཀུན་ཚད་མར་གྲུབ་སྟེ་མངོན་སུམ་ཡིན་པའི་ཕྱིར། ཁྱབ་སྟེ། བཅད་ཤེས་དང་ནི་ངེས་པ་གཉིས་རྟོག་པ་ཡིན་པའི་ཕྱིར་ན་མངོན་སུམ་མིན་པ་དེས་ནའོ། །གཉིས་པ་ནི། སོ་སོ་སྐྱེ་བོའི་མངོན་སུམ་ཚད་མ་ནི་ངེས་པ་དྲངས་པ་ཉིད་ཀྱི་སྒོ་ནས་ཡུལ་ལ་འཇུག་ལྡོག་བྱེད་ཅིང་། འཕགས་པ་རྟོག་པའི་བག་ཆགས་མ་སྤངས་པ་རྣམས་ནི་རང་བཞིན་དུ་གནས་པ་ན་འཇིག་རྟེན་པ་དང་འདྲ་ལ། སྨོན་གནས་ཤེས་པ་ལ་མཉམ་པར་གཞག་ན་ཏིང་ངེ་འཛིན་ལས་འཇུག་ལྡོག་བྱེད་པ་དང་། འཕགས་པ་རྟོག་པའི་བག་ཆགས་དང་བྲལ་བ་རྣམས་སྨོན་ལམ་ལས་གྲུབ་པའི་དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་སྟོབས་ལས་ཡུལ་ལ་འཇུག་ལྡོག་བྱེད་པར་གསུངས་སོ། །གསུམ་པ་ནི། འོ་ན་སངས་རྒྱས་ཀྱིས་འདས་མ་འོངས་མི་མཁྱེན་ན་ཐམས་ཅད་མཁྱེན་པར་འགལ་ལ། མཁྱེན་ན་སྣང་ནས་མཁྱེན་ན་དུས་གསུམ་རྫས་སུ་གྲུབ་པར་འགྱུར་ཞིང་། མི་སྣང་ན་མངོན་སུམ་གྱི་ཡུལ་ཅན་དུ་མི་རུང་ངོ་ཞེ་ན། གཉིད་ཀྱིས་བསླད་པ་ཙམ་གྱིས་ཀྱང་སད་པའི་བློ་དཔག་པར་མི་ནུས་ན་གཟུང་འཛིན་གྱི་བསླད་པའི་ཚུར་མཐོང་གིས་གནས་གྱུར་པའི་ཡེ་ཤེས་ཅན་དེ་ཡི་ཡུལ་མཁྱེན་པའི་ཚུལ་དཔག་པ་མི་ནུས་ཏེ། གནས་གྱུར་པའི་ཕྱིར་དུས་གསུམ་ལ་སོགས་པ་མཁྱེན་ཚུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །གསུམ་པ་སྒྲུབ་བྱེད་ཀྱི་ཚད་མ་ལ། ངོ་བོ་སྒྲུབ་པ། མཚན་ཉིད་སྒྲུབ་པ། གྲུབ་པ་ལ་མི་འཐད་པ་སྤོང་བའོ། །དང་པོ་ལ་གཉིས་ལས་འདས་པ་སྒྲུབ་ན། རྒྱན་གྱིས་གང་གཞན་ལ་འཆད་པ་ལ་དོན་དང་མཐུན་ཞིང་འགལ་བ་མེད་པའི་ཚིག་གི་ཁྱད་པར་ངེས་པར་གྱུར་པ་ཡིན་ན་རང་གི་ཀུན་སློང་གཞལ་བྱ་དེ་མངོན་སུམ་དུ་མཐོང་བའི་ཡེ་ཤེས་སྔོན་རོལ་དུ་བྱུང་བའང་དཔག་ནུས་པས་ཁྱབ་སྟེ། རང་རང་གི་ཡུལ་བཤད་པ་བཞིན། གཞུང་འབུམ་པ་ལ་སོགས་པ་འཆད་པ་པོ་དེས་ཀྱང་དོན་དང་མཐུན་ཞིང་འགལ་བར་མེད་དོ་ཞེས་བྱ་བས་སྒྲུབ་པར་ནུས་སོ་ཞེས་གསུངས་སོ། །གཉིས་པ་མ་འོངས་པ་འབྱུང་རུང་སྒྲུབ་པ་ལ། རྟགས་དགོད་པ། དེའི་ཚུལ་སྒྲུབ་པ་གཉིས། དང་པོ་ནི། གང་རྟེན་བརྟན་ཞིང་གོམས་པ་ངང་གིས་རྫོགས་ནས་ཏེ་ཁྱད་པར་དུ་འགྱུར་བ་སྒོམ་པ་དེ་ལ་གསལ་བར་སྣང་བ་འབྱུང་སྟེ། འདོད་འཇིགས་གོམས་པ་བཞིན། སྟོང་ཉིད་སྒོམ་པའང་བརྟེན་བརྟན་ཞིང་གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བ་སྒོམ་པར་བྱེད་དོ་ཞེས་བྱ་བ་མཐའ་གཞན་བཀག་པའི་ངེས་པ་སྒྲུབ་པའི་རང་བཞིན་གྱི་རྟགས་ཀྱིས་འགྲུབ་བོ། །རྟགས་དེའི་ཆོས་ཅན་ནི་རང་རྒྱུད་ལ་མངོན་སུམ་དང་གཞན་ལ་ལུས་ངག་གི་རྣམ་འགྱུར་ཁྱད་པར་ཅན་གྱིས་རྟགས་ཀྱིས་འགྲུབ་བོ། །བསྒྲུབ་བྱ་ནི་འབྱུང་རུང་ཙམ་དང་། འབྱུང་ངེས་པ་ཉིད་མིན་ཏེ། རྐྱེན་དང་ཕྲད་ན་རུང་བ་ཙམ་མི་སྒོམ་པ་ལའང་ཡོད་ཅིང་དེས་བསྒོམ་པ་ལ་ཡང་མེད་པའི་ཕྱིར་རོ། །འོན་ཀྱང་སྒོམ་པའི་ཡན་ལག་དང་ལྡན་ཞིང་འགལ་རྐྱེན་མེད་ན་གསལ་སྣང་འབྱུང་ངེས་ཡིན་ཏེ། རྒྱུ་ཚོགས་པ་ཚང་ཞིང་འགལ་རྐྱེན་མེད་ན་འབྲས་བུ་འབྱུང་ངེས་དཔོག་པ་བཞིན་ནོ། །གཉིས་པ་ལ་ཕྱོགས་ཆོས་དང་། ཁྱབ་པ་སྒྲུབ་པའོ། །དང་པོ་ལ་རྟེན་བརྟན་པ། གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་དེ་བསྒོམ་པའོ། །དང་པོ་ལ་གཉིས་ལས། གཞན་ལུགས་དགག་ན། འདི་ལ་ཕྱ་གཙང་སོགས་ཁ་ཅིག་རྟེན་བརྟན་པ་མངོན་སུམ་ཉིད་ཀྱིས་འགྲུབ་སྟེ། རིག་པའི་ཐོག་མཐའ་དང་མ་མཐའ་རྣམ་པ་གཉིས་ཐུག་པ་རང་རིག་གིས་ཁེགས། དབུས་ཀྱི་རིག་པ་རང་རིག་གིས་གྲུབ་པས་རིག་པའི་རྒྱུན་ཐོག་མཐའ་མེད་པར་གྲུབ་སྟེ། རང་རྒྱུད་ལ་རང་རིག་གིས་རིག་པ་ཙམ་རིག་པ་སྔ་མ་ལས་བྱུང་བར་གྲུབ་པས་རིག་པ་སྔ་མ་སྔོན་དུ་མ་སོང་བའི་རིག་པ་ཙམ་དངོས་སུ་ཁེགས་པ་ན་རིག་པ་སྔ་མ་སྔོན་དུ་མ་སོང་བའི་རིག་པའི་བྱེ་བྲག་ཤུགས་ལ་ཁེགས་ཏེ། དུ་བ་ཙམ་མེ་ལས་བྱུང་བ་མངོན་སུམ་གྱིས་གྲུབ་པ་དཔེར་བྱས་ནས་མེ་སྔོན་དུ་མ་སོང་བའི་དུ་བའི་བྱེ་བྲག་ཤུགས་ལ་ཁེགས་པ་བཞིན་ནོ། །ཡང་རང་རྒྱུད་ལ་རང་རིག་གིས་རིག་པ་ཙམ་གྱིས་རིག་པ་ཕྱི་མ་སྐྱེད་པར་གྲུབ་པས་རིག་པ་ཕྱི་མ་མི་སྐྱེད་པའི་རིག་པ་ཙམ་དངོས་སུ་ཁེགས་པ་ན་རིག་པ་ཕྱི་མ་མི་སྐྱེད་པའི་རིག་པའི་བྱེ་བྲག་ཤུགས་ལ་ཁེགས་ཏེ། སྒྲོན་མ་ཙམ་གྱིས་འོད་འབྱིན་པར་གྲུབ་པ་དཔེར་བྱས་ནས་འོད་མི་འབྱིན་པའི་སྒྲོན་མའི་བྱེ་བྲག་ཐམས་ཅད་ཤུགས་ལ་ཁེགས་པ་བཞིན་ཞེས་ཟེར་མི་འཐད་དེ། རང་རིག་གིས་ད་ལྟར་གྱི་ཤེས་པ་ཙམ་འབྲེལ་པ་ཅན་དུ་གྲུབ་ཀྱང་སྐྱེ་འཆིའི་ཐོག་མཐའ་ཐུག་མེད་དུ་མི་འགྲུབ་སྟེ། ཚུར་རོལ་མཛེས་པ་བ་ལྟར་དང་པོའི་སེམས་འཇིག་རྟེན་ཕ་རོལ་གྱི་སེམས་ལས་མི་སྐྱེ་བར་ཕ་མའི་ལུས་ལས་སྐྱེ་བར་འདོད་པས་རྒྱུ་གཞན་དོགས་པའི་ཕྱིར་དང་། འཆི་བའི་སེམས་ཀྱིས་ཀྱང་སེམས་ཕྱི་མ་མི་སྐྱེད་པར་མེ་རྣལ་བ་ལྟར་རྒྱུན་ཆད་པར་དོགས་པའི་ཕྱིར་རོ། །གལ་ཏེ་ད་ལྟ་རིག་ཙམ་རྒྱུ་འབྲས་སུ་གྲུབ་པའི་ཤུགས་ལ་འཇིག་རྟེན་སྔ་ཕྱི་ངེས་ན་ཆད་པར་ལྟ་བའི་ལོག་རྟོག་ཀྱང་མི་སྲིད་པར་ཐལ་བའི་ཕྱིར་རོ། །ཡང་མེ་དང་སྒྲོན་མ་དཔེར་མི་རུང་སྟེ། དུ་བའི་དང་པོ་དུ་བ་ལས་སྐྱེ་བ་ཞིག་དཔེར་དགོས་ཀྱི། དུ་བ་དང་པོ་རིགས་མི་མཐུན་མེ་ལས་སྐྱེ་བ་དེ་སྐྱེས་མ་ཐག་པའི་སེམས་ལུས་ལས་སྐྱེས་པའི་དཔེར་འགྱུར་བའི་ཕྱིར་དང་། སྒྲོན་མ་རྣལ་ཁ་མས་སྒྲོན་མ་གཞན་བསྐྱེད་པ་ཞིག་དཔེར་དགོས་ཀྱི་སྒྲོན་མ་ལ་འོད་འབྱིན་པས་ཁྱབ་པ་ནི་སེམས་ལ་གསལ་བས་ཁྱབ་པའི་དཔེར་རུང་གི ཕྱི་མ་སྐྱེད་པ་ལ་དཔེ་ཉིད་མིན་པའི་ཕྱིར་རོ། །གཉིས་པ་རང་གི་འདོད་པ་ལ། འདས་པ་དང་མ་འོངས་པ་ཐུག་མེད་དུ་སྒྲུབ་པའོ། །དང་པོ་ལ་གཉིས་ལས་རྟགས་དགོད་ན། ཉེར་ལེན་གྱི་རྒྱུ་སེམས་ལས་གཞན་ལ་ལྟོས་མེད་ཀྱི་རྟགས་ཀྱིས་རིག་པའི་སྔོན་མཐའ་ཐུག་མེད་དུ་འགྲུབ་སྟེ། ཇི་ལྟར་ཞེ་ན། སྐྱེས་མ་ཐག་པའི་སེམས་ཆོས་ཅན། ཉེར་ལེན་གྱི་རྒྱུ་སེམས་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཙམ་ཡིན་པའི་ཕྱིར། ད་ལྟར་གྱི་རིག་པ་བཞིན་ཞེས་བྱ་བའི་འབྲས་རྟགས་སོ། །གཉིས་པ་ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་ནི་མྱོང་བའམ་རྟགས་ཀྱིས་འགྲུབ་ལ། ཁྱབ་པ་རྣམ་པར་བརྟགས་པས་འགྲུབ་སྟེ། འགྲེལ་པར་བཤད་དོ། །གཉིས་པ་མ་འོངས་པ་སྒྲུབ་པ་ལའང་གཉིས་ཏེ། བདག་འཛིན་དང་བཅས་པ་དང་། བདག་འཛིན་མེད་པའི་གསལ་བ་ཐུག་མེད་དུ་སྒྲུབ་པའོ། །དང་པོ་ལ་རྟགས་དགོད་པ། ཚུལ་སྒྲུབ་པའོ། །དང་པོ་ནི། འཆི་ཁའི་སེམས་ཆོས་ཅན། སེམས་ཕྱི་མ་སྐྱེད་ངེས་ཡིན་ཏེ། དེའི་རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི་ཕྱིར། ཚོགས་པ་ཐ་མའི་མྱུ་གུ་བཞིན་ཞེས་པའི་རྟགས་ཀྱིས་རིག་པའི་ཕྱི་མཐའ་ཐུག་མེད་དུ་འགྲུབ་བོ། །གཉིས་པ་ལ་ཕྱོགས་ཆོས་དང་ཁྱབ་པ་བསྒྲུབ་པ་གཉིས། དང་པོ་ལའང་གཉིས་ལས་དང་པོ་དངོས་ནི། སྐྱེ་བའི་རྒྱུ་ཚོགས་ཚང་བ་ནི་བདག་འཛིན་ཡིན་ཞིང་། གེགས་ནི་བདག་མེད་ཡིན་ལ། དེ་མེད་པ་ནི་བདག་མེད་རྟོགས་པ་ཉིད་དོ། །གཉིས་པ་དེ་གཏན་ལ་དབབ་པ་ལ་འཁོར་བའི་འཇུག་ལྡོག་ཤེས་དགོས་པས་དེ་ལ་དགག་གཞག་སྤང་གསུམ། དང་པོ་ནི། གཅེར་བུ་པ་ན་རེ། ལས་ལུས་གཉིས་པོ་སྤང་བའི་ཕྱིར་དུ་དཀའ་བ་སྤྱོད་དགོས་ཏེ། སེམས་སུ་མ་ཟད་ལས་དང་ལུས་ཀྱང་འཁོར་བའི་རྒྱུ་ཡིན་པས། དེ་གཉིས་གང་རུང་ལ་གནོད་པ་བྱས་པས་ཀྱང་སྐྱེ་བ་ལྡོག་ཏེ། ས་བོན་ཡོད་ཀྱང་ཆུ་ལུད་ལོག་ན་མྱུ་གུ་མི་སྐྱེ་བ་བཞིན་ནོ། །དེས་ན་དཀའ་ཐུབ་ཀྱིས་ལས་ཟད་ན་ཡང་སྲིད་མིན་ནོ་ཞེས་ཟེར་ན། ལས་དང་ལུས་འཛད་པའི་དཀའ་ཐུབ་ནི་ལམ་མིན་ཏེ། ལས་ནི་མཐའ་ཡས་པས་སྤང་མི་ནུས་པ་དང་། གཉེན་པོ་ཤེས་པར་མི་ནུས་པའི་ཕྱིར་དང་། མ་རིག་པ་ལས་བྱུང་བའི་སྲེད་པ་མ་སྤངས་ན་ལས་ལུས་སྔར་གྱི་སྤངས་ཀྱང་ཕྱིས་སྐྱེ་བས་མི་ཕན་པའི་ཕྱིར་དང་། བདག་སྲེད་སྤངས་ན་ལས་ལུས་མ་སྤང་ཀྱང་བུད་ཤིང་ཟད་པའི་མེ་ལྟར་ཡང་སྲིད་མི་ལེན་པས་མི་དགོས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ལ་འཁོར་བར་སྐྱེ་བའི་རྒྱུ་ངོས་བཟུང་བ། དེའི་གཉེན་པོ་དཔྱད་པའོ། །དང་པོ་ལ། སྤྱིར་ཡང་སྲིད་ཙམ་སྐྱེ་བའི་རྒྱུ། བྱེ་བྲག་དབང་ཤེས་སྐྱེ་བའི་རྒྱུའོ། །དང་པོ་ནི། འཁོར་བར་སྐྱེ་བའི་རྒྱུ་ནི་བདག་ཏུ་འཛིན་པའི་མ་རིག་པ་འཇིག་ལྟ་ཡིན་ཏེ། དེ་ཡོད་ན་བདག་གིར་འཛིན་པ་གཞན་འབྱུང་དེ་ལས་ཀྱང་ཆགས་སྡང་འབྱུང་ཞིང་ཉོན་མོངས་དེ་དག་གིས་ལས་བསགས་ནས། དགེ་བ་ལས་འཁོར་བ་མཐོ་རིས་གསུམ་དང་། མི་དགེ་བ་ལས་ངན་སོང་གསུམ་དང་། མི་གཡོ་བ་ལས་ཁམས་གོང་མ་འབྱུང་བའི་ཕྱིར་ཏེ། དེ་ཉིད། བདག་ཡོད་ན་ནི་གཞན་དུ་ཤེས། །ཞེས་གསུངས་སོ། །གཉིས་པ་ནི། ཚེ་འདིའི་འཆི་ཀའི་མིག་ལ་སོགས་པའི་སྐྱེ་མཆེད་ཀྱིས་ཉེར་ལེན་དང་། སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་སྐྱེ་མཆེད་གཞན་ཕྱི་མའི་མིག་སོགས་དང་འཆི་ཀའི་སེམས་ཀྱིས་ཉེར་ལེན་དང་དབང་པོས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་ཕྱི་མའི་དབང་ཤེས་སྐྱེ་ལ། དེ་གཉིས་ཀ་བཟང་ངན་གྱི་ཁྱད་པར་དུ་སྐྱེད་པའི་བདག་རྐྱེན་ནི་ལས་ཀྱིས་བྱེད་དེ། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། ཕྱོགས་རེ་མགོ་མནོན་དང་། མཐའ་དག་དཔྱིས་འབྱིན་གཉིས། དང་པོ་ནི། ཞེས་སྡང་གི་གཉེན་པོར་བྱམས་པ་ལ་སོགས་པ་ཕྱོགས་རེ་མགོ་མནོན་ནམ་རྒྱང་སྲིང་བ་ཙམ་དུ་ནུས་ཀྱི་འཁོར་བའི་རྩ་བ་གཅོད་ནུས་མིན་ཏེ། རྒྱུ་བདག་འཛིན་དང་མི་འགལ་བའི་ཕྱིར། དེའང་། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཞེས་སོགས་གསུངས་སོ། །གཉིས་པ་ནི། བདག་མེད་ནི་བདག་དང་གནོད་བྱ་གནོད་བྱེད་ཀྱི་འགལ་བ་ཡིན་ཏེ། རྟག་མི་རྟག་གམ་ཚ་གྲང་བཞིན་ནོ། །དེ་བས་ན་བདག་མེད་མཐོང་བས་བདག་འཛིན་དེ་སུན་འབྱིན་པར་བྱས་ཏེ་འབྲས་བུ་སྐྱེ་བ་ལས་གྲོལ་ཏེ། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཞེས་སོགས་གསུངས་སོ། །གསུམ་པ་དེ་ལ་རྩོད་སྤོང་ལ། སྐྱེ་རྒྱུ་དང་། གཉེན་པོ་ལ་རྩོད་པ་སྤང་བ་གཉིས། དང་པོ་ལ་གསུམ་གསུངས་པ་ནི་འགྲེལ་པར་གསལ་ལོ། །གཉིས་པ་ལ་གཉིས་ལས། དང་པོ་འགྲེལ་པར་གསལ་ཞིང་། གཉིས་པ་མྱ་ངན་ལས་འདས་ན་རྟེན་མི་བརྟན་པར་ཐལ་བ་སྤང་བ་ནི། ལྷན་སྐྱེས་ཀྱི་བདག་འཛིན་སྤངས་པས་ཡང་སྲིད་མི་ལེན་ན་རྟེན་བརྟན་པ་མི་འགྲུབ་བོ་ཞེ་ན། ས་བོན་ལ་ཐོག་མ་ཡོད་པ་མིན་ཡང་མེས་བསྲེགས་པ་ན་ཕྱི་མཐའ་མཐོང་ལ། མ་བསྲེགས་ཤིང་མཐུན་རྐྱེན་འཛོམ་འགལ་རྐྱེན་མེད་ན་འབྲས་བུ་ཕྱི་མ་འབྱིན་པར་ངེས་པ་དེ་བཞིན་དུ་འཁོར་བ་ལ་ཐོག་མ་མེད་ཀྱང་བདག་མེད་མཐོང་བའི་མེས་བདག་འཛིན་གྱི་ས་བོན་བསྲེགས་པ་ན་འཁོར་བའི་ཕྱི་མཐའ་འགྲུབ་ལ། སྲེད་པའི་མཐུན་རྐྱེན་ཚང་ཞིང་སྟོང་ཉིད་ཀྱིས་འགལ་རྐྱེན་མེད་ན་ཡང་སྲིད་ཕྱི་མ་འབྱིན་པར་ངེས་པ་ཡིན་ནོ། །དེས་ན་སྟོང་ཉིད་མངོན་སུམ་དུ་མ་རྟོགས་ཀྱི་བར་དུ་རྟེན་བརྟན་པས་ཆོག་མོད། སྟོང་ཉིད་རྟོགས་ཀྱང་སྲིད་པ་ཕྱི་མ་ལེན་པའི་རྟེན་བརྟན་ན་འཁོར་བའི་རྒྱུན་མི་ཆད་པས་ལམ་བསྒོམ་པ་དོན་མེད་དུ་འགྱུར་རོ། །གཉིས་པ་བདག་འཛིན་མེད་པའི་གསལ་བ་ཐུག་མེད་དུ་སྒྲུབ་པ་ནི། འཆི་ཁའི་སེམས་ཆོས་ཅན། སེམས་གསལ་བ་ཕྱི་མ་སྐྱེད་པར་ངེས་ཏེ། དེ་སྐྱེད་པ་ལ་རྒྱུ་ཚང་ཞིང་གེགས་མེད་པའི་ཕྱིར་ཏེ། སེམས་ལས་གཞན་གློ་བུར་གྱི་དྲི་མར་གྱུར་པའི་རྒྱུ་གཞི་མི་དགོས་པ་དང་། བདག་འཛིན་གྱི་གེགས་བདག་མེད་ལྟ་བུ་གཞན་མེད་པས་སོ། །དེས་ན་གང་གེགས་མེད་ཅིང་རྒྱུ་གཞན་ལ་ལྟོས་པ་མེད་པ་དེ་འབྲས་བུ་ཕྱི་མ་སྐྱེད་ངེས་ཏེ། གེགས་མེད་ཅིང་ཚོགས་པ་ཚང་བའི་ས་བོན་བཞིན། སེམས་གསལ་བ་ཡང་གེགས་མེད་ཅིང་གསལ་བ་ལས་རྒྱུ་གཞན་ལ་ལྟོས་པ་མེད་དོ་ཞེས་བྱ་བ་རང་བཞིན་གྱིས་རྟོགས་སོ། །གཉིས་པ་གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བ་དང་། གསུམ་པ་དེ་བསྒོམ་པ་ནི་རང་རིག་གིས་འགྲུབ་བོ། །གཉིས་པ་ཁྱབ་པ་སྒྲུབ་པ་ནི། ཁྱབ་པ་ནི་དཔེ་འདོད་འཇིགས་སོགས་གོམས་པ་ལས་གསལ་སྣང་སྐྱེ་བར་མཐོང་བས་འགྲུབ་བོ། །གཉིས་པ་མཚན་ཉིད་སྒྲུབ་པ་ནི། སྒོམ་པས་གཟུང་འཛིན་དུ་སྣང་བ་མེད་པའི་ཕྱིར་ན་འཁྲུལ་མེད་དུ་འགྲུབ་ལ། འཁྲུལ་པ་དང་བྲལ་ན་རྟོག་པ་དང་ཡང་དོན་གྱིས་བྲལ་བ་ཡིན་ནོ། །གསུམ་པ་གྲུབ་པའི་དོན་ལ་མི་འཐད་པ་སྤོང་བ་ལ་སྤངས་པ་དང་ཡེ་ཤེས་ཕུན་ཚོགས་མི་འཐད་པ་སྤང་བ་གཉིས། དང་པོ་ནི། ཕྱི་རོལ་པ་ཁ་ཅིག་སྤངས་པ་ཕུན་སུམ་ཚོགས་པའི་གྲོལ་བ་མེད་དེ། དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་སྤང་མི་ནུས་ལ། ནུས་ཀྱང་སོ་སོ་སྐྱེ་བོས་སྤོང་ཐབས་མི་ཤེས་ཤིང་། ཤེས་ན་ལན་གཅིག་སྤངས་ཀྱང་ལུས་ཀྱི་དྲི་མ་ལྟར་སླར་ལྡོག་པས་སྤངས་པ་མི་བརྟན་པའི་ཕྱིར་ཞེ་ན། ཉེས་པ་སྤངས་པའི་རྣམ་གྲོལ་འཐད་དེ། ཇི་ལྟར་ཞེ་ན། དྲི་མ་གློ་བུར་བ་ཡིན་པས་སེམས་ཀྱི་རང་བཞིན་མིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པའི་ཕྱིར་དང་། ཉོན་མོངས་ཀྱི་རྒྱུ་བདག་འཛིན་ཡིན་ལ་དེ་དང་འགལ་བ་བདག་མེད་པའི་ཐབས་ཡོད་པའི་ཕྱིར་དང་། རྒྱུ་སྤངས་པ་ཉིད་ཀྱིས་སླར་མི་ལྡོག་སྟེ་བུད་ཤིང་ཟད་པའི་མེ་བཞིན་དུ་འབྲས་བུ་བསྐྱེད་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ། གོམས་པ་མི་འཐད་པ་སྤང་བ། ཐམས་ཅད་མཁྱེན་པ་མི་སྲིད་པ་སྤང་བ་གཉིས། དང་པོ་ནི། དཔེ་གསུམ་གྱིས་བརྩེ་བ་དང་ཤེས་རབ་ལ་སོགས་པ་གོམས་ཀྱང་ཐུག་མེད་དུ་འཕེལ་བ་སྲིད་པ་མིན་ཏེ། མཆོངས་པ་གོམས་པ་ལྟར་ཅུང་ཟད་འཕེལ་ཡང་མཐའ་མེད་དུ་མི་འཕེལ་བ་དང་ཆུ་ཇི་ལྟར་བསྲོས་ཀྱང་མེར་མི་འབར་བ་ལྟར་སྟོང་ཉིད་བརྩེ་བ་ལ་སོགས་པ་གོམས་ཀྱང་ཅུང་ཟད་རྟོགས་པ་སྲིད་ཀྱི་དེའི་ངང་དུ་འགྲོ་བ་མི་སྲིད་པ་དང་། གསེར་གཞུ་ཡང་མེ་དང་འབྲལ་བ་ན་སྲ་བར་འགྱུར་བ་ལྟར་ལན་གཅིག་སྟོང་ཉིད་སོགས་རྟོགས་ཀྱང་འབད་པ་དང་བྲལ་ན་སླར་ལྡོག་པའི་ཕྱིར་རོ་ཞེ་ན། གསུམ་པོ་དེ་དག་ནི་བརྩེ་སོགས་དེ་གསུམ་གྱི་ཆོས་གོམས་པ་ལས་མཐའ་མེད་དུ་མི་འཕེལ་བའི་དཔེར་མི་རུང་སྟེ། མཆོངས་པ་ནི་ལུས་ཀྱིས་འབད་རྩོལ་ལ་ལྟོས་ཀྱི་མཆོངས་པ་སྔ་མའི་ཉེར་ལེན་ལས་མཆོངས་པ་ཕྱི་མ་མི་སྐྱེ་བའི་ཕྱིར་དང་། ཆུ་བསྐོལ་བ་མེར་འབར་བའི་སྔོན་དུ་རྟེན་མི་བརྟན་པའི་ཕྱིར་དང་། སྤྱིར་ནད་གསོ་བ་ལ་གཉེན་པོའི་རིགས་གཉིས་ཏེ། སླར་ལྡོག་པ་དང་མི་ལྡོག་པ་གཉིས་སོ། །དང་པོ་ནི་བད་ཀན་ལ་སེའུ་འབྲུའི་སྦྱོར་བ་ལྟར། གསེར་ལ་མེ་སོགས་ནི་སླར་ཡང་སྲ་བའི་བདག་ཉིད་དུ་འབྱུང་བ་སྐྱེད་པའི་གཉེན་པོ་ཡིན་ལ། བད་ཀན་ལ་འཁྲུ་སྐྱུགས་ལྟར་ཤིང་མེས་བསྲེགས་པ་ལ་སོགས་པ་ནི་སླར་མི་ལྡོག་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་རྩོད་པ་འགོད་པ་དང་། དེའི་ལན་གཉིས། དང་པོ་ནི། མུ་སྟེགས་ཁ་ཅིག་སྟོང་ཉིད་གོམས་པ་ལས་དེ་ཡི་ངང་དུ་འགྱུར་སྲིད་པས་འཁོར་བར་མི་སྐྱེ་བ་དང་། སྙིང་རྗེ་གོམས་པ་ལས་དེ་ཡི་ངང་དུ་འགྱུར་སྲིད་པས་གཞན་དོན་ལ་འཇུག་པ་དངོས་སྟོབས་ཀྱིས་འགྲུབ་མོད། ཡུལ་དུས་རྣམ་པ་ཀུན་ལ་མཐའ་མེད་པའི་ཕྱིར་ཤེས་བྱ་མིན་ཏེ། ནམ་མཁའི་མཐའ་དང་སེམས་ཅན་གྱི་གྲངས་བཞིན། དེ་མི་ཤེས་ན་ཐམས་ཅད་མཁྱེན་པར་མི་འགྱུར་ལ། ཤེས་ན་ལོག་ཤེས་ཅན་དུ་འགྱུར་ཏེ། ཤེས་བྱ་མིན་པ་ཤེས་པའི་ཕྱིར། རི་བོང་རྭ་མཐོང་བ་བཞིན་ནོ། །དེས་ན་ཤེས་བྱ་ཐམས་ཅད་ཤེས་པའི་ཀུན་མཁྱེན་རིགས་པས་སྒྲུབ་པ་དཀའ་ཞེས་ཟེར་རོ། །གཉིས་པ་ལ། དགོས་པའི་དོན་ཀུན་ཤེས་པའི་ཐམས་ཅད་མཁྱེན་པ་དང་། ཤེས་བྱའི་དོན་ཀུན་ཤེས་པའི་ཐམས་ཅད་མཁྱེན་པ་གཉིས། དང་པོ་ནི། བདེན་བཞི་ཇི་ལྟ་བ་བཞིན་ཤེས་པ་དེ་དགོས་པའི་དོན་ཀུན་མཁྱེན་པའི་ཐམས་ཅད་མཁྱེན་པ་ཡིན་ཏེ། འཁོར་བར་འཇུག་ལྡོག་གི་རྒྱུ་འབྲས་ཀྱི་གཙོ་བོ་བདེན་བཞིའི་དོན་ལ་མི་སླུ་བར་ཚད་མས་གྲུབ་པས་སོ། །མི་ཀུན་ཚོགས་སྨན་ཀུན་འཛོམ་ཞེས་བརྗོད་པ་བཞིན་ནོ། །དེའང་བླང་དང་དོར་བྱའི་དེ་ཉིད་ནི། །ཞེས་སོགས་གསུངས་སོ། །དེས་ན་འཁོར་བ་ལས་གྲོལ་བར་འདོད་པས་དེའི་ཐབས་ཀུན་ཤེས་པས་ཆོག་སྟེ། དགོས་པའི་དོན་ཀུན་མཁྱེན་པ་ལ་མཁས་པ་རྣམས་ཐམས་ཅད་མཁྱེན་པ་ཞེས་ཟེར་བའི་ཕྱིར། ཉེ་བར་མི་མཁོ་བ་སྲིན་བུའི་གྲངས་ལ་སོགས་པ་མཁྱེན་པ་ཅི་དགོས་ཏེ། ཐམས་ཅད་འདུས་ནས་ཞེས་སོགས་ཀྱི་ཕྱིར་རོ། །བར་སྐབས་ཀྱིས་ཚིགས་བཅད་དོ། །གཉིས་པ་ནི། ཡང་ན་ཤེས་བྱ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྗེས་སུ་དཔག་པ་ཡིས་གྲུབ་པ་ཡིན་ཏེ། གང་ཕྲ་ཞིང་དཀའ་བ་མཐོང་བ་དེས་ཡིད་གཏད་ན་རགས་ཤིང་སླ་བ་མཐོང་སྟེ། ཉི་ཟེར་གྱི་རྡུལ་མཐོང་བ་དེས་ཡིད་གཏད་ན་བུམ་པ་མཐོང་བ་བཞིན། ཐམས་ཅད་མཁྱེན་པས་ཀྱང་ཕྲ་ཞིང་དཀའ་བ་བདེན་པ་བཞིའི་དོན་གཟིགས་སོ་ཞེས་བྱ་བའི་རྟགས་ཀྱིས་འགྲུབ་སྟེ། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །ཞེས་སོགས་གསུངས་སོ། །བསྐལ་པའི་བར་དུ་བརྗོད་པར་བྱ་རྒྱུ་ཡང་མེ་ལོང་ནང་དུ་ཅིག་ཆར་དུ་འཆར་བ་ལྟར། དེ་བཞིན་དུ་ཤེས་བྱ་མཐའ་མེད་པ་རྣམས། གནས་གྱུར་པའི་མཁྱེན་པ་སྐད་ཅིག་མ་གཅིག་གིས་ཅིག་ཆར་དུ་མཁྱེན་ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་བཅད་དོ། །གཉིས་པ་མངོན་སུམ་ལྟར་སྣང་ལ་གཉིས་ལས། དང་པོ་མཚན་ཉིད་ནི། རྟོག་པ་དང་རྟོག་མེད་འཁྲུལ་པ་ཐམས་ཅད་ནི་མངོན་སུམ་ལྟར་སྣང་ཉིད་དུ་འདོད་དེ། འཁྲུལ་པའི་ཤེས་པ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་ལ་རིགས་ཀྱིས་དབྱེ་ན། རྟོག་པ་དང་རྟོག་མེད་གཉིས། རྟོག་མེད་ལའང་ཡིད་ཤེས་དང་དབང་ཤེས་འཁྲུལ་པ་གཉིས། རྟོག་པ་ལ་གསུམ་ཡོད་པ་ཡིན་ཏེ། བརྡ་རྟེན་ཅན། དོན་གཞན་ལ་སྒྲོ་འདོགས་པ། ལྐོག་གྱུར་དུ་གྱུར་པའི་དོན་ཅན་གྱི་རྟོག་པའོ། །ཀུན་བཏུས་ལས་དྲུག་ཏུ་ཕྱེ་སྟེ་གསུངས་པ། འདིར་གསུམ་དུ་བསྡུས་ནས་བཤད་པ་ནི། ལོག་རྟོག་བཟློག་ཕྱིར་ཡིན་ཏེ། འཁྲུལ་པ་དང་། ཀུན་རྫོབ་པའི་རྟོག་པ་གཉིས་ཕྱི་རོལ་པས་དབང་ཤེས་སུ་འདོད་པ་དགག་པའི་ཕྱིར་ཕྱོགས་གཅིག་ཏུ་གསུངས་ལ། རྗེས་དཔག་དང་རྗེས་སུ་དཔག་པ་ལས་བྱུང་བའི་རྟོག་པ་གཉིས་རྟགས་ལ་བརྟེན་པ་ཡིན་ལ། དྲན་པ་དང་མངོན་འདོད་ཀྱི་རྟོག་པ་གཉིས་མངོན་སུམ་དང་རྟགས་གཉིས་ཀ་ལ་མ་ལྟོས་པ་ཡིན་ནོ། །གསུམ་པ་ཚད་མ་དང་འབྲས་བུ་དཔྱད་པ་ལ། མངོན་སུམ་དང་། རྗེས་དཔག་གི་ཚད་འབྲས་སོ། །དང་པོ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་ན། དཔྱོད་པ་བ་དོན་ལ་ལྟ་བ་ཞེས་བྱ་བ་ཐོག་མར་དོན་སྣང་བའི་ཤེས་པ་རྟོག་མེད་ཚད་མ། དེའི་འོག་ཏུ་དོན་གྱི་ངོ་བོ་དང་ཁྱད་པར་ངེས་པའི་རྟོག་པ་ཚད་མའི་འབྲས་བུར་འདོད་དེ། ཇི་སྐད་དུ། དང་པོར་དོན་ལ་ལྟ་བ་པོ། །ཞེས་སོགས་ནས། དེ་ནི་འབྲས་བུ་ཉིད་དུ་འདོད། །ཅེས་ཟེར་རོ། །དེ་མི་འཐད་དེ། དོན་དང་མི་འདྲ་ན་དོན་ལ་ལྟ་བར་མི་གྲུབ་པའི་ཕྱིར་རོ། །རིགས་པ་ཅན་པ། དབང་པོ་དང་དོན་ཕྲད་པ་ཚད་མ། དེ་ལས་དོན་རྟོགས་པ་འབྲས་བུར་འདོད་དེ། ཇི་སྐད་དུ། དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་འཕྲོད་པ་འདུ་བ་ཅན་ཚད་མའི་འབྲས་བུ་ཡིན་ནོ་ཞེས་ཟེར་བའང་མི་འཐད་དེ། དབང་པོ་དོན་གྱི་བདག་ཉིད་ཀུན་དང་ཕྲད་པས་ཀུན་རྟོག་པར་ཐལ་བའི་ཕྱིར་རོ། །བྱེ་བྲག་པ། ཚིག་གི་དོན་དྲུག་ལས། ཡོན་ཏན་ལ་སོགས་པ་ཁྱད་པར་འཛིན་པ་ཚད་མ། ཁྱད་པར་ཅན་གྱི་ཤེས་པ་ཞེས་བྱ་བ་རྫས་རྟོགས་པ་དེ་འབྲས་བུར་འདོད་དེ། ཇི་སྐད་དུ། ཡོན་ཏན་མཐོང་བ་ལས་རྫས་རྟོགས་པར་འགྱུར་རོ་ཞེས་ཟེར་བའང་མི་འཐད་དེ། ཚད་འབྲས་གཉིས་ཡུལ་ཐ་དད་ན་ཡོན་ཏན་གཞལ་བས་རྫས་རྟོགས་པ་མི་འཐད་དེ། སྔོན་པོ་གཞལ་བས་སེར་པོ་བཞིན་ནོ། །ལ་ལ་སྟེ་བྱེ་བྲག་སྨྲ་བ་ནི་རྟེན་བཅས་ཀྱི་དབང་པོ་ཉིད་ཡུལ་རྣམ་འཇོག་གིས་ཚད་མ། དེ་ལས་བྱུང་བའི་ཤེས་པ་འབྲས་བུར་འདོད་དེ། ཇི་སྐད་དུ། མིག་གི་གཟུགས་རྣམ་མཐོང་རྟེན་བཅས། །ཞེས་ཟེར་བའང་མི་འཐད་དེ། དབང་པོ་ཙམ་དོན་སོ་སོར་རྟོགས་པ་ལ་ཉེ་རིང་མེད་ཅིང་། བེམས་པོས་ཡུལ་རིག་པ་མི་འཐད་པའི་ཕྱིར་རོ། །གཉིས་པ་རང་གི་ཚད་འབྲས་ངོས་བཟུང་བ་ནི་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཚད་འབྲས་མི་འཐད་པ་དེས་ན། འོག་ནས་འབྱུང་བ་ལྟར་རྣམ་པར་གཞག་བྱའི་འབྲས་བུ་ཉིད་ལ་འབྲས་བུ་དང་རྣམ་པར་འཇོག་བྱེད་ཀྱི་རྒྱུ་ཉིད་ལ་ཚད་མར་བཞེད་དེ། རང་ཉིད་བྱེད་པོ་མིན་ན་ཡང་། །དེ་ཡི་དབང་གི་དེ་བཞག་ཕྱིར། །ཞེས་གསུངས་པས་སོ། །གསུམ་པ་དེ་གྲུབ་མཐའ་བཞི་དང་སྦྱར་བ་ནི། རྣམ་པར་འཇོག་བྱེད་ཉིད་ལ་ཚད་འབྲས་འཇོག་པ་དེ་ལ་ཞེས་པའམ། མངོན་སུམ་བཞི་ཡོད་པ་དེ་ལ་རང་རིག་གི་ཚད་འབྲས་ཀྱི་རྣམ་གཞག་ནི་འོག་ཏུ་འབྱུང་བའི་གྲུབ་མཐའ་བཞི་པོ་ཕལ་ཆེར་དེ་གསུམ་མཐུན་པར་སྨྲ་སྟེ། ཤེས་པ་རང་ཉིད་གཞལ་བྱ། མྱོང་ཙམ་དུ་སྐྱེས་པ་ཚད་མ། རང་རིག་མཚན་ཉིད་པའི་ཐ་སྙད་འབྲས་བུ་ཡིན་ཏེ། དཔེར་ན་འདོད་ཆགས་སོགས་ཚོར་བཞིན། །ཞེས་གསུངས་སོ། །འོན་ཀྱང་དོན་རིག་གི་ཚད་འབྲས་མི་མཚུངས་ཏེ། དོན་རིག་གི་ཚད་འབྲས་ནི་གྲུབ་མཐའ་སྨྲ་བ་བཞི་པོ་དེས་རང་རང་གི་གྲུབ་མཐའ་མི་འདྲ་བའི་སྟོབས་ཀྱིས་སོ་སོར་འཇོག་སྟེ། བྱེ་བྲག་སྨྲ་བ་གཟུགས་ལ་སོགས་པ་ཐུག་ཕྲད་སྣང་བའི་དོན་དངོས་གཞལ་བྱ། དོན་མཐོང་བ་ཚད་མ། དོན་རྟོགས་མཚན་ཉིད་པའི་ཐ་སྙད་འབྲས་བུར་སྨྲ་བས། གཞལ་བྱ་དང་ཚད་འབྲས་གཉིས་རྫས་ཐ་དད་དུས་མཉམ་པར་འདོད། མདོ་སྡེ་པས་དོན་ལྐོག་ན་མོ་གཞལ་བྱ། དོན་དང་འདྲ་བར་སྐྱེས་པའི་ཤེས་པ་ཚད་མ། དོན་རྟོགས་བཏགས་པ་བའི་ཐ་སྙད་འབྲས་བུར་འདོད་པས་གཞལ་བྱ་དང་ཚད་འབྲས་གཉིས་དུས་དང་ངོ་བོ་ཐ་དད་ཡིན་ཏེ། སེམས་ཙམ་པའི་ལྟར་ན། གཟུང་བ་འཛིན་པ་རིག་པ་དག །ཅེས་སོགས་གསུངས་པ་ལྟར། རྣམ་བཅས་པ་དག་གཟུང་བར་སྣང་བའི་རང་རིག་གཞལ་བྱ། དེ་འཛིན་པར་སྣང་བ་ཚད་མ། རང་རིག་མཚན་ཉིད་པ་འབྲས་བུར་འདོད་པས་གཞལ་བྱ་དང་ཚད་འབྲས་བདེ་སྡུག་མྱོང་བ་ལྟར་དུས་དང་ངོ་བོ་གཅིག་ཏུ་འདོད་དོ། །རྣམ་རྫུན་པ་དོན་དུ་སྣང་བའི་སྒྲོ་བཏགས་གཞལ་བྱ། དེ་འཛིན་པའི་ཤེས་པ་ཚད་མ། རང་རིག་བཏགས་པ་བའི་ཐ་སྙད་འབྲས་བུར་འདོད་པས་གཞལ་བྱ་དང་ཚད་འབྲས་གཉིས་སྐྲ་སོགས་སྣང་བ་ལྟར་གཅིག་པ་བཀག་པར་འདོད་དོ། །དེ་ལྟར་གྲུབ་མཐའ་བཞི་ལས་སློབ་དཔོན་ནི་ཕྱི་རོལ་གྱི་དོན་ཁས་ལེན་པ་ན་མདོ་སྡེ་པ་ལྟར་མཛད་ལ། ཤེས་བྱ་ནང་ལ་འཇུག་པ་ན་རྣམ་མེད་ཞལ་གྱིས་བཞེས་སོ། །གཉིས་ཀ་ལྟར་ཡང་དོན་དམ་པར་རང་རིག་ཚད་འབྲས་ཡིན་ཏེ། རྣམ་འགྲེལ་ལས། རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། །ཅེས་གསུངས་པས་སོ། །ཐ་སྙད་ཀུན་རྫོབ་ཏུ་མདོ་སྡེ་པ་ལྟར་དོན་རིག་ཚད་འབྲས་ཡིན་ཏེ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུངས་ལ། གང་ལྟར་ཡང་བློ་ཚུལ་གཉིས་པ་ཡིན་ཏེ། དོན་རིག་ལྟར་ན་ཡང་། ཕྱི་རོལ་དོན་ལ་བརྟེན་ནས་སུ། །ཚུལ་གཉིས་བརྗོད་ཡིན། །ཞེས་གསུངས་པས་དོན་ཤེས་པ་དང་བློ་ཤེས་པའི་ཚུལ་གཉིས་ཡིན་ལ། རྣམ་རིག་ལྟར་ན། ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་གསུངས་པ་བློ་གཅིག་ལ་མ་རིག་པས་བསླད་པས་ཡུལ་དང་ཤེས་པའི་ཚུལ་གཉིས་ཡིན་ནོ། །ཁོ་བོ་ཅག་ཀྱང་ཆོས་ཀྱི་གྲགས་པའི་ཚུལ་འདི་ཡི་རྗེས་སུ་འབྲང་ངོ་། །བོད་ཕལ་ཆེར་བྱེ་བྲག་ཏུ་སྨྲ་བའི་རྗེས་སུ་འབྲང་མོད། དེ་ནི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་མ་ཤེས་པར་ཟད་དོ། །གཉིས་པ་ལ་གཉིས་ལས། དང་པོ་དོན་རིག་པའི་ལུགས་ནི། གཞན་སེལ་ལ་མེ་ཡི་རང་མཚན་དུ་འཁྲུལ་པ་གཞལ་བྱ་ཡིན་ལ། དུ་བའི་རྟགས་ལས་བྱུང་བའི་མེའི་གཞན་སེལ་རྟོགས་པའི་བློ་ནི་ཚད་མ་ཡིན་ཏེ། རྣམ་པར་འཇོག་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། དུ་བའི་རྟགས་ལས་མེའི་རང་མཚན་དེ་རྟོགས་པའི་རྗེས་དཔག་གི་ཐ་སྙད་ནི་འབྲས་བུ་ཡིན་ཏེ་རྣམ་པར་གཞག་བྱའི་འབྲས་བུ་ཡིན་པའི་ཕྱིར། ཞེས་མཁས་པ་རྣམས་བཞེད་དོ། །གཉིས་པ་རྣམ་རིག་པའི་ལུགས་ལ། ཉན་མུ་ཁ་ཅིག་འབྲས་རྟགས་མི་སྲིད་དེ། ལ་ལ་དུ་བ་མཐོང་བའི་ཚེ་ལ་རྒྱབ་ན་མེ་ཡོད་ན་ཤེས་པ་མེད་པའི་ཡུལ་ཡིན་པས་བེམས་པོར་འགྱུར་ལ། དེ་མེད་ན་རྟགས་ལས་རྟོགས་པ་ལོག་ཤེས་སུ་འགྱུར་རོ། །གལ་ཏེ་ད་ལྟར་མེ་མེད་ཀྱང་དུ་བར་སྣང་བའི་ཤེས་པ་ལ་ཕྱིས་སྐྱེས་བུ་ཕྱིན་པ་ན་མེར་སྣང་བ་སྐྱེ་བ་ནི་དུ་བ་རྒྱུ་དང་མེ་འབྲས་བུར་འགྱུར་བས་རྒྱུ་འབྲས་གོ་ལོག་པ་མི་སྲིད་ལ། དེས་ན་སེམས་ཙམ་པའི་འབྲས་རྟགས་ལ་ཚད་འབྲས་མི་སྲིད་དོ་ཞེ་ན། མེར་སྣང་བའི་བག་ཆགས་ཀྱི་སྙིང་པོ་ཅན་དེ་དང་རྗེས་སུ་འབྲེལ་པ་སྐད་ཅིག་མ་གཞན་ཡོངས་སུ་གྱུར་པ་ལས་དུ་བར་སྣང་བའི་བག་ཆགས་ཀྱི་འབྲས་བུ་དུ་སྣང་གི་བློ་སྐྱེ་བ་དེས་ན་དུ་ལྡན་གྱི་ལར་སྣང་བ་ཆོས་ཅན། མེར་སྣང་བ་ཡོད་དེ། དུ་བར་སྣང་བ་ཡོད་པའི་ཕྱིར་ཞེས་པའི་རྟགས་དེས་ཐ་སྙད་དུ་སྐྱེས་བུ་མི་བསླུ་བའི་ཕྱིར་ན། རྟགས་དེ་ལ་བརྟེན་པའི་བློ་རྗེས་དཔག་ཡིན་ཞེས་མཁས་པ་རྣམས་བཞེད་དེ། དེ་ལ་དུ་བར་སྣང་བའི་བློས་ཞེས་སོགས་རྐང་པ་དགུ་གསུངས་སོ། །ཚད་མ་རིགས་པའི་གཏེར་ལས་མངོན་སུམ་བརྟགས་པའི་རབ་ཏུ་བྱེད་པ་དགུ་པའི་རྣམ་བཤད་བསྟན་ཟིན་ཏོ།།  ༈  །།གཉིས་པ་རྗེས་དཔག་བཤད་ན་རྗེས་དཔག་ལ་རྣམ་པ་གཉིས་ཏེ། རང་དོན་དང་གཞན་དོན་ནོ། །དང་པོ་ལ་མཚན་ཉིད་དང་། དེའི་རང་བཞིན་ངེས་པར་བྱ་བ་གཉིས། དང་པོ་ནི། རང་དོན་རྗེས་དཔག་ནི་ཚུལ་གསུམ་ཚང་བའི་རྟགས་ལས་དོན་ཏེ་བསྒྲུབས་བྱ་མཐོང་བའི་ཞེན་བློའོ། །གཉིས་པ་ལ་གང་གིས་རྟོགས་པའི་རྟགས་དང་། དེས་རྟོགས་པའི་བསྒྲུབ་བྱ་གཉིས། དང་པོ་ལ་རྟགས་ཀྱི་ལྟོས་གཞི་ངོས་བཟུང་བ། དེ་ལ་ལྟོས་པའི་རྟགས་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་ཚུལ་དང་པོའི་ལྟོས་གཞི་ཕྱོགས་དང་། རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་དང་། དེ་དག་ལྟོས་གཞིར་འཇོག་པའི་འཐད་པའོ། །དང་པོ་ལ་རྗེས་སུ་དཔག་པའི་སྒྲ་དོན་སྤྱིར་བསམ་པ་དང་། སྐབས་སུ་བབ་པའི་དོན་གྱི་ཁྱད་པར་ངེས་པར་བྱ་བའོ། །དང་པོ་ལ་རྗེས་སུ་དཔག་པའི་སྒྲ་འཇུག་པའི་ཡུལ་ངོས་བཟུང་བ། གང་དུ་འཇུག་པའི་གནས་སྐབས་ཀྱི་ངེས་པ། ཇི་ལྟར་འཇུག་པའི་སྒྲའི་མཚན་ཉིད་དོ། །དང་པོ་ནི། རྟོག་གེའི་གཞུང་དུ་ཕྱོགས་དང་བསྒྲུབ་བྱ་དང་། རྗེས་སུ་དཔག་བྱ་ཞེས་འབྱུང་བ་རྣམས་ནི་རྣམ་གྲངས་སོ། །དེ་འཇུག་པའི་ཡུལ་ཡང་གསུམ་སྟེ། དེ་དག་བརྗོད་པའི་སྒྲ་ནི་ཆོས་དང་ཆོས་ཅན་གྱི་ཚོགས་པ་ལ་དངོས་མིང་ཡིན་ཏེ། ཕྱོགས་སོགས་མཚན་ཉིད་པ་ཡིན་པའི་ཕྱིར། ཡ་གྱལ་ཆོས་དང་ཆོས་ཅན་གཉིས་ལ་བཏགས་ནས་འཇུག་སྟེ། ཚོགས་པ་དེ་ཡི་ཕྱོགས་རེས་ཟིན་པའི་ཕྱིར་ཏེ། མདོར། རྟགས་ཀྱི་བསྒྲུབ་བྱ་ཚོགས་པ་ཉིད། །ཅེས་གསུངས་པས་སོ། །གསུམ་པོ་དེ་ལས་གཞན་ལ་མི་འཇུག་སྟེ། སྒྲའི་དོན་ངེས་པ་ལ་གྲགས་པ་ཚད་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་ཕྱོགས་ཆོས་ཞེས་བརྗོད་པ་ན། ཆོས་ཅན་གྱི་ཆོས་སམ་ཆོས་ཀྱི་ཆོས་སམ་ཚོགས་དོན་གྱི་ཆོས་ཡིན་ཞེས་འཇུག་པ་འཆོལ་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་སྒྲ་ཐམས་ཅད་སྐབས་སྟོབས་ཀྱིས་གོ་བའི་ཕྱིར་རོ། །དེ་ཡང་སྒྲ་གསུམ་པོ་འཇུག་པའི་སྐབས་གསུམ་ལས། གཏན་ཚིགས་ཀྱི་མཚན་ཉིད་གཏན་ལ་འབེབས་པའི་ཚེ་ཤེས་འདོད་ཆོས་ཅན་ལ་འཇུག་ལ། ཁྱབ་པའི་སྐབས་སུ་ཆོས་ལ་འཇུག་ཅིང་། བསྒྲུབ་བྱའི་སྐབས་སུ་ཚོགས་དོན་ལ་འཇུག་པས་མི་འཁྲུལ་ཏེ། སེན་བྷ་བའི་སྒྲ་བཞིན་ནོ། །གསུམ་པ་ལ་དངོས་མིང་དང་བཏགས་མིང་གི་ཁྱད་པར། དངོས་དང་བཏགས་ཆོས་བསམ་པའོ། །དང་པོ་ནི། དོན་ལ་དངོས་པོ་གྲུབ་པའི་མིང་གང་ཡང་མེད་མོད་ཀྱི། འོན་ཀྱང་དགོས་པ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་བརྗོད་པར་འདོད་པས་སྔོན་བརྡ་དུས་སུ་བརྡ་སྦྱར་བའི་མིང་དེ་ཉིད་དངོས་མིང་ཡིན་ཞིང་། དེས་དོན་གོ་བ་ན་ཡང་དེ་ཉིད་ཀྱི་རྣམ་པ་འཆར་ལ། དོན་དེ་ལ་བརྟེན་ཅིང་གྲགས་པའི་མིང་དགོས་པ་དང་རྒྱུ་མཚན་འགའ་ལས་གཞན་ལ་བརྡ་སྦྱར་བས་དོན་གཞན་དེ་འཁྲུལ་བཅས་སུ་རྟོགས་པའི་མིང་ནི་བཏགས་པའི་མིང་དུ་འདོད་ཅིང་། དེས་དོན་གོ་བ་ན་ཡང་གཞན་ལ་ལྟོས་ནས་རྣམ་པ་འཆར་ཏེ། དཔེར་ན་ནོག་སོགས་ལ་བ་གླང་དུ་བཏགས་པ་དངོས་མིང་དང་། མི་བླུན་པོ་ལ་བཏགས་མིང་དུ་འགྱུར་བ་བཞིན་ནོ། །གཉིས་པ་ལ། ཚོགས་དོན་ལ་དངོས་ཆོས་བསམ་པ། ཡ་གྱལ་གཉིས་ལ་བཏགས་ཆོས་བསམ་པའོ། །དང་པོ་ནི། ཚོགས་དོན་ལ་ནི་ཕྱོགས་ཀྱི་སྒྲ་དངོས་མིང་དུ་འཇུག་སྟེ། ཕྱི་ནང་གི་མཁས་པ་རྣམས་ལ་གདོད་མ་ནས་གྲུབ་པའི་ཕྱིར། གཉིས་པ་ལ་འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པ། དངོས་ལ་གནོད་བྱེད་གསུམ། དང་པོ་ནི། མིང་དེ་དོན་གཞན་ལ་བཏགས་མིང་དུ་འཇུག་པ་ལ་ནི། འདྲ་བ་དང་འབྲེལ་པ་གང་རུང་གི་རྒྱུ་མཚན་ལ་ལྟོས་ཏེ། སྨན་བྱ་རོག་རྐང་ཞེས་བྱ་བ་དང་། ཉི་མའི་འོད་ཟེར་ལ་ཉི་མ་ཞེས་པ་དང་། ཆང་ལ་མྱོས་པ་ཞེས་བཏགས་པ་ལྟ་བུའོ། །འདིར་ཡ་གྱལ་གཉིས་ལ་ཕྱོགས་ཀྱི་མིང་བཏགས་པ་ནི་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་ལྟར་ཚོགས་པའི་མིང་ཡ་གྱལ་ལ་བཏགས་པའོ། །གཉིས་པ་ལ། དགོས་པ་མེད་པར་གཞན་གྱི་མིང་གཞན་ལ་འདོགས་པ་མི་འཐད་དོ་ཞེ་ན། འདི་ལ་གསུམ་སྟེ། ཆོས་ལ་བསྒྲུབ་བྱར་བཏགས་པའི་དགོས་པ། ཆོས་ཅན་ལ་བསྒྲུབ་བྱར་བཏགས་པའི་དགོས་པ། བཏགས་པ་ལ་མ་བཏགས་པའི་ཕྱོགས་དང་མཚུངས་པའི་རྩོད་སྤང་ངོ་། །དང་པོ་ནི། ཆོས་ལ་བསྒྲུབ་པར་བྱ་བའི་མིང་བཏགས་པ་ནི་དགོས་པ་དང་བཅས་ཏེ། དེ་ལྟར་མ་བཏགས་པར། གཏན་ཚིགས་ཆོས་ཀྱི་རྗེས་འགྲོ་བ་ཞེས་བརྗོད་ན། ཆོས་ལ་བསྒྲུབ་བྱ་དང་དགག་བྱའི་ཆོས་ཡོད་པས་འགལ་བའི་གཏན་ཚིགས་ལ་ཡང་རྗེས་འགྲོ་གྲུབ་བོ་སྙམ་ནས་རྟགས་ཡང་དག་ཏུ་ལོག་པར་རྟོག་པ་ཡོད་པས་དེ་སྤང་བའི་ཕྱིར་རམ། དེ་འགའ་ཞིག་ཏུ་སྡེབ་སྦྱོར་བཟང་བའི་ངོར་བྱས་ནས་བཏགས་པ་ཡིན་པའི་ཕྱིར། གཉིས་པ་ནི། ཆོས་ཅན་ལ་ཕྱོགས་ཞེས་བཏགས་པ་ལ་ཡང་དགོས་པ་ཡོད་དེ། ཆོས་ཅན་གྱི་ཆོས་ཞེས་བརྗོད་ན་ཆོས་ཅན་ལ་གསུམ་ཡོད་པས་མི་མཐུན་པ་དཔེའི་ཆོས་ཅན་ལ་ཡོད་པ་མིག་ཤེས་ཀྱི་གཟུང་བྱ་ཡང་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་དང་པོ་ཡིན་ནམ་སྙམ་པའི་འཁྲུལ་གཞི་ཡོད་ལ། ཆོས་ཅན་གྱི་ཆོས་སུ་གྲུབ་པ་ཕྱོགས་ཆོས་ཡིན་ལ་ཆོས་ཅན་ནི་རྩོད་གཞི་ལ་ཟེར་རོ་ཞེས་མཐའ་རྣམས་བཀག་ན་ཡུན་རིང་འགོར་ཞིང་། ཤེས་འདོད་ཆོས་ཅན་གྱི་ཆོས་ཞེས་དངོས་མིང་བརྗོད་ན་ཚུལ་གསུམ་བརྗོད་པས་ཡི་གེ་མི་མཉམ་པས་མི་བདེ་ཞིང་། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །ཞེས་སོགས་ཀྱི་སྡེབ་སྦྱོར་ཉམས་པར་འགྱུར་བའི་ཕྱིར་རོ། །དེས་ན་དེ་ལྟ་བུའི་སྐྱོན་མི་འབྱུང་ཞིང་ཚུལ་དང་པོ་བདེ་བླག་ཏུ་རྟོགས་པའི་ཕྱིར་དུ་ཆོས་ཅན་ལ་ཕྱོགས་ཞེས་གསུངས་སོ། །གསུམ་པ་ནི། ཕྱོགས་དང་ཆོས་ཅན་གཉིས་ལོག་རྟོག་སྐྱེ་མི་སྐྱེ་མཚུངས་དེ། ཕྱོགས་ཀྱི་སྒྲ་འཇུག་པའི་ཡུལ་གསུམ་ཡོད་པས་གསུམ་པོ་ལ་རྟགས་ཡོད་པའང་ཚུལ་དང་པོ་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་ཞིང་། དེ་སྐྱེས་ན་མིག་གི་གཟུང་བྱས་སྒྲ་མི་རྟག་པར་སྒྲུབ་པའང་རྟགས་ཕྱོགས་ཆོས་རྗེས་སུ་དཔག་བྱ་ལ་ཡོད་པའི་ཚུལ་དང་པོ་དང་རྗེས་སུ་འགྲོ་ལྡོག་གཉིས་ཀ་ཚང་བས་རྟགས་ཡང་དག་ཡིན་ནམ་སྙམ་པའི་ལོག་རྟོག་སྔ་མ་བཞིན་དུ་སྐྱེའོ་ཞེ་ན། མི་མཚུངས་ཏེ་ཕྱོགས་ཀྱི་སྒྲ་སྤྱི་སྒྲ་ཡིན་པ་བདེན་ཡང་། གྲགས་པ་དང་མ་གྲགས་པའི་སྒོ་ནས་ཁྱད་པར་ཡོད་དེ། ཕྱོགས་ཀྱི་ཆོས་ཞེས་པའི་ཚིག་དང་འབྲེལ་བའི་ཕྱོགས་སྒྲ་སྤྱི་ལ་མི་འཇུག་པར་བྱེ་བྲག་རྩོད་གཞི་ཉིད་ལ་འཇུག་པ་ཡིན་པའི་ཕྱིར། དཔེར་ན་ལག་པ་མི་སོགས་གཞན་ལའང་ཡོད་ཀྱང་ལྡན་པ་ཞེས་པའི་ཚིག་དང་འབྲེལ་པ་ན་ལག་ལྡན་གྱི་སྒྲ་མི་སོགས་ལ་མི་འཇུག་པར་གླང་ཆེན་ཉིད་ལ་འཇུག་པ་བཞིན་ནོ། །ཡང་ཆོས་ཅན་གྱི་སྒྲ་སྤྱི་སྒྲ་ཡིན་ཡང་ཆོས་ཞེས་པའི་ཚིག་དང་འབྲེལ་ཡང་ཆོས་ཅན་གྱི་སྒྲས་ཚུལ་དང་པོ་ཉིད་ངེས་པར་མི་ནུས་ཏེ། དཔེར་ན་མགོ་བོ་ཞེས་པའི་སྤྱི་སྒྲ་དེ་ལྡན་པའི་ཚིག་དང་འབྲེལ་ཡང་བྱེ་བྲག་གླང་ཆེན་ཉིད་ལ་མི་འཇུག་པར་མགོ་ཡོད་ཐམས་ཅད་ལ་འཇུག་པ་བཞིན་ཏེ། ཐམས་ཅད་ལ་དེ་ལྟར་གྲགས་པའི་ཕྱིར། གསུམ་པ་ནི། ཆོས་དང་ཆོས་ཅན་ནི་བསྒྲུབ་བྱ་ཉིད་མིན་ཏེ། དེའི་མཚན་ཉིད་གྲུབ་བསལ་མེད་ལ་དཔག་བྱར་བཟུང་བ་ཡིན་ལ་དེ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཚད་མས་གྲུབ་བསལ་མེད་ལ་བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བ་ནི་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད་ཡིན་ནོ། །བྱེ་བྲག་ཏུ་རང་དོན་གྱི་ཤེས་འདོད་ནི་རྒོལ་བས་བཟུང་བ་ཡིན་ཞིང་། གཞན་དོན་ནི་ཕྱིར་རྒོལ་གྱིས་བཟུང་བ་ཡིན་ནོ། །ཤེས་འདོད་དེ་ལ་རྟགས་མངོན་རྗེས་གང་རུང་གིས་འགོད་ཚུལ་ལྟར་གྲུབ་པ་ནི་ཕྱོགས་ཆོས་ཀྱི་མཚན་ཉིད་ཡིན་ནོ། །གཉིས་པ་ལ། དགག་གཞག་སྤང་གསུམ་མོ། །དང་པོ་ལ་གསུམ་ལས། དང་པོ་ཕྱོགས་སྔ་མ་བརྗོད་ན། ཤཱནྟིའི་རྗེས་འབྲང་ལོ་ཕྱ་ཙ་ནི། བསྒྲུབ་བྱའི་ཆོས་དང་ལྡན་པ་ལ་མཐུན་ཕྱོགས་དེ་དང་མི་ལྡན་པ་ལ་མི་མཐུན་ཕྱོགས་ཡིན་ཞེས་ཟེར་ཞིང་ཕྱོགས་གཉིས་པོ་དངོས་འགལ་དུ་བསམས་ནས། ཤེས་བྱ་ཐམས་ཅད་ཕྱོགས་གཉིས་སུ་རྫས་སམ་ལྡོག་པ་ལ་ཁ་ཚོན་ཆོད། དང་པོ་ལྟར་ན་སྟོང་ཉིད་མེད་དགག་དུ་སྒྲུབ་པའི་ཚེ། བུམ་པའི་རྫས་མཐུན་ཕྱོགས་ཡིན་ན་བུམ་པའི་བྱས་སོགས་ཀྱང་མེད་དགག་དུ་འགྱུར་ལ། མི་མཐུན་ཕྱོགས་ཡིན་ན་བུམ་པའི་བདེན་དངོས་ཀྱིས་སྟོང་པའང་མེད་དགག་གི་ཐ་སྙད་དང་མི་ལྡན་པར་འགྱུར་བས་གཉིས་ཀ་མི་འཐད་དོ། །གལ་ཏེ་བུམ་པའི་རྫས་ཕུང་པོ་གསུམ་པ་ཡིན་ན་གང་རུང་དུ་ཁ་ཚོན་ཆོད་པ་འགལ་ལོ། །ཡང་ལྡོག་པ་ལ་ཆོད་ན། བྱས་པས་མི་རྟག་པ་སྒྲུབ་པའི་ཚེ་ཤེས་བྱ་ཙམ་མཐུན་ཕྱོགས་ཡིན་ན་རྟག་པ་ཤེས་བྱ་ལ་མི་སྲིད། མི་མཐུན་ཕྱོགས་ཡིན་ན་མི་རྟག་པ་མི་སྲིད་པར་འགྱུར་རོ། །ཕུང་པོ་གསུམ་པ་ཡིན་ན་ལྡོག་པ་ལ་ཁ་ཚོན་ཆོད་པ་ཉམས་སོ། །ཕུང་གསུམ་བྱུང་བར་དོགས་པ་ལ་ཚད་མའི་ཡུལ་མི་ཤེས་པའི་བོད་འགའ་ཞིག་མེ་དང་མི་རྟག་པ་སོགས་རྫས་ལ་བརྟེན་པའི་ཆོས་སྒྲུབ་པ་ན་རྫས་ལ་ཁ་ཚོན་ཆོད་དོ། །ལྡོག་པ་ལ་ཕུང་གསུམ་སྲིད་ཀྱང་སྐྱོན་མེད་དེ་ལྡོག་པ་ལ་དགག་སྒྲུབ་མི་ཕྱེད་པའི་ཕྱིར། གཏན་ཚིགས་དང་མེད་དགག་གི་ཐ་སྙད་སོགས་ལྡོག་པ་ལ་བརྟེན་པའི་ཆོས་སྒྲུབ་པའི་ཚེ་ལྡོག་པ་ལ་ཁ་ཚོན་ཆོད་དོ། །རྫས་ལ་ཕུང་གསུམ་སྲིད་ཀྱང་སྐྱོན་མེད་དེ་རྫས་ལ་དགག་སྒྲུབ་མི་བྱེད་པའི་ཕྱིར་ཞེས་རྣམ་པར་ཕྱེ་སྟེ་སྨྲ་ལ། སྒྲུབ་ཚུལ་ཡང་རྫས་ཀྱི་ཆོས་སྒྲུབ་པ་ན་ངོ་བོ་གཅིག་ཏུ་སྒྲུབ་པ་དང་ཐ་དད་ལྡན་པར་སྒྲུབ་པ་གཉིས་ཡོད། ལྡོག་ཆོས་ནི་རང་ལྡོག་ལ་བརྟེན་པ་ཙམ་སྒྲུབས་ཏེ་གསུམ་ཞེས་ཟེར་རོ། །གཉིས་པ་དེ་དགག་པ་ལ་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་མི་འཐད། རྫས་ལྡོག་ཕྱེ་སྟེ་སྒྲུབ་པ་མི་འཐད། བྱེ་བྲག་ཏུ་རང་ལྡོག་ལ་བརྟེན་ཏེ་སྒྲུབ་པ་མི་འཐད་པའོ། །དང་པོ་ལ་གཉིས་ལས་ཕྱོགས་གཉིས་སུ་ཁ་ཚོན་མི་ཆོད་པ་ནི། རྫས་དང་ལྡོག་པ་སོ་སོར་ཇི་ལྟར་ཕྱེ་ན་ཡང་ཕྱོགས་གཉིས་ཉིད་དུ་ངེས་མི་ནུས་ཏེ། ཕྱོགས་གཉིས་ཀ་ལ་འཇུག་པའི་རྫས་ལྡོག་ཡང་མཁས་པ་རྣམས་ལ་གྲུབ་པར་མཐོང་བའི་ཕྱིར། འདི་ལྟར་རྫས་ལ་བརྟེན་པའི་ཆོས་སྒྲུབ་པ་ན་རྫས་ལ་ཁ་ཚོན་ཆོད་ན། ལ་མེ་ལྡན་དུ་སྒྲུབ་པ་ལ་སྐྱ་རྫས་རྟགས་སུ་བཀོད་པའི་ཚེ་སྐྱ་རྫས་མཐུན་ཕྱོགས་ཡིན་ན་རླངས་པའང་མེ་ཡོད་དུ་འགྱུར་ལ། མི་མཐུན་ཕྱོགས་ཡིན་ན་དུ་བ་ཡང་མེ་མེད་དུ་འགྱུར་རོ། །སྐྱ་རྫས་ལ་གཉིས་ཀ་སྲིད་ན་གཉིས་སུ་ཁ་ཚོན་ཆོད་པ་ཉམས་སོ། །དེ་བཞིན་དུ་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་དོན་བྱེད་ནུས་པ་རྟགས་སུ་བཀོད་པའི་ཚེ། དོན་བྱེད་ནུས་པ་མཐུན་ཕྱོགས་ཡིན་ན། གློག་སོགས་ཀྱང་རྩོལ་བྱུང་དང་ལྡན་པར་འགྱུར་ལ། མི་མཐུན་ཕྱོགས་ཡིན་ན་བུམ་སོགས་ཀྱང་རྩོལ་བྱུང་མིན་པར་འགྱུར་རོ། །གཉིས་ཀ་ཡིན་ན་གཉིས་སུ་ཁ་ཚོན་ཆོད་པ་ཉམས་སོ། །ཡང་ལྡོག་པ་ལ་ཁ་ཚོན་ཆོད་ན་བྱས་པ་གཏན་ཚིགས་སུ་སྒྲུབ་པ་ལ་ཚུལ་གསུམ་ཚང་བ་བཀོད་པའི་ཚེ། ཤེས་བྱ་ཙམ་མཐུན་ཕྱོགས་ཡིན་ན། ཤེས་བྱ་ཙམ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགྱུར་ལ། མི་མཐུན་ཕྱོགས་ཡིན་ན་ཤེས་བྱས་ཚུལ་གསུམ་ལ་ཁྱབ་ན་འགལ་རྟགས་དང་། མ་ཁྱབ་ན་ཚུལ་གསུམ་ཤེས་བྱ་མིན་པར་འགྱུར་རོ། །གཉིས་པ་དཔྱད་ན་རྣམ་གཞག་འཇིག་པ་ལ་བརྟགས་ན་མི་འཐད་པ། ཧ་ཅང་ཐལ་བ། རྣམ་གཞག་འགལ་བ། སློབ་དཔོན་གྱི་དགོངས་པ་མིན་པའོ། །དང་པོ་ནི། དོན་ལ་དགག་སྒྲུབ་བྱེད་ན་ནི་རྗེས་དཔག་ཚད་མའི་ཡུལ་གྱི་དབྱེ་བ་མི་ཤེས་པར་འགྱུར་ཏེ། ཕྱི་རོལ་བརྟེན་མིན་སྒྲ་དོན་ལ། །ཞེས་གསུངས་པའི་ཕྱིར། བློ་ངོར་དགག་སྒྲུབ་བྱེད་ན་ནི་ཡོད་པར་ངེས་པའི་མཐུན་ཕྱོགས། མེད་པར་ངེས་པའི་མི་མཐུན་ཕྱོགས་གཉིས་ཀར་མ་ངེས་པའི་ཕྱོགས་རྐྱང་པ་སྟེ་གསུམ་དུ་འགྱུར་རོ། །གཉིས་པ་ནི། ལྟོས་གཞི་གསུམ་གྱི་དང་པོ་མེད་པར་འགྱུར་ཏེ། ཤེས་འདོད་ཆོས་ཅན་ནི་གཉིས་ལས་གཞན་པའི་ཕྱོགས་སུ་མི་འདོད་པའི་ཕྱིར། འདོད་ན། ལྟོས་གཞི་གསུམ་གྱི་དང་པོ་མི་འདོད་པའི་ལུགས་འདི་ལ་ཕྱོགས་ཆོས་ཀྱི་མཚན་ཉིད་བཞག་དཀའ་སྟེ། ཕྱོགས་ཆོས་ཀྱི་མཚན་ཉིད་ཅི་ཡིན་དྲིས་པ་ན། ཁྱེད་ལྟར་ན་ཕྱོགས་མེད་པས་ཕྱོགས་ཆོས་ཞེས་མི་བརྗོད་ཀྱི། ཚུལ་དང་པོའི་མཚན་ཉིད་ཡང་དག་གི་སྐབས་སུ་ཤེས་འདོད་མཐུན་ཕྱོགས་ལ་ཇི་ལྟར་དགོད་བྱ་ལྟར་གྲུབ་པ་དང་། འགལ་བའི་སྐབས་སུ་ཤེས་འདོད་མི་མཐུན་ཕྱོགས་ལ་ཇི་ལྟར་འགོད་བྱ་ལྟར་གྲུབ་པ་ཞེས་བརྗོད་དགོས་པས་སོ། །ཡང་ལྟོས་གཞི་གསུམ་གྱི་དང་པོ་ཕྱོགས་གཉིས་པོ་གང་རུང་དུ་ངེས་ན་ལྟོས་གཞི་གཞན་གཉིས་ཀྱི་ནང་ནས་མཐུན་ཕྱོགས་ལ་ཡོད་པར་ངེས་པ་རྗེས་འགྲོ་ཞེས་ཀྱང་བརྗོད་པར་རབ་ཏུ་དཀའ་བ་ཡིན་ཏེ། རྩོད་གཞི་ཡང་མཐུན་ཕྱོགས་ཡིན་པས། མཐུན་དཔེའི་མི་མཐུན་ཕྱོགས་ལ་ཡོད་པ་རྗེས་འགྲོ་ཞེས་བརྗོད་དགོས་པའི་ཕྱིར་དང་། དེ་གཉིས་ཀྱི་ནང་ནས་མི་མཐུན་ཕྱོགས་ལ་མེད་པར་ངེས་པ་ལྡོག་པ་ཞེས་ཀྱང་བརྗོད་པར་རབ་ཏུ་དཀའ་བ་ཡིན་ཏེ། འགལ་བའི་རྩོད་གཞི་མི་མཐུན་ཕྱོགས་ཡིན་པས་མི་མཐུན་དཔེའི་མི་མཐུན་ཕྱོགས་ལ་མེད་པ་ལྡོག་པ་ཞེས་བརྗོད་དགོས་པའི་ཕྱིར། ཡང་བྱས་པ་ལྟ་བུ་གཅིག་ཉིད་ལ་ཤེས་འདོད་ལ་དགོད་བྱ་ལྟར་གྲུབ་པས་ཕྱོགས་ཆོས་དང་ནི། ཡང་དག་གི་སྐབས་སུ་སྒྲུབ་ཆོས་དང་ལྡན་པས་མཐུན་ཕྱོགས་དང་། འགལ་བའི་སྐབས་སུ་སྒྲུབ་ཆོས་དང་མི་ལྡན་པས་མི་མཐུན་ཕྱོགས་ཞེས་གཉིས་པོ་ལྡོག་པས་འབྱེད་ན་ནི། མ་ངེས་པའི་གཏན་ཚིགས་ག་ལ་སྲིད་དེ། རྟགས་ཀུན་ཕྱོགས་གཉིས་པོ་གང་རུང་གཅིག་ཏུ་ལྷུང་བར་འགྱུར་བས་སོ། །ཡང་བསྒྲུབ་བྱའི་ཆོས་མི་མཐུན་ཕྱོགས་སུ་འགྱུར་ཏེ། རང་ཉིད་རང་དང་ལྡན་པ་མི་སྲིད་པའི་ཕྱིར་རོ། །དེ་ལ་ཁ་ཅིག ཚོགས་དོན་མཐུན་ཕྱོགས་ཉིད་ཡིན་ན། །དེ་ཡི་ཡན་ལག་དེ་ལྡན་ཉིད། །ཅེས་ཟེར་བ་ལྟར་ཚོགས་དོན་མཐུན་ཕྱོགས་ཡིན་པས་དེའི་ཡན་ལག་བསྒྲུབ་བྱའི་ཆོས་ཀྱང་མཐུན་ཕྱོགས་སུ་འདུའོ་ཞེ་ན། དེ་ལྟར་ན་དབྱུག་པ་གྲུབ་པས་དབྱུག་པ་ཅན་འགྲུབ་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གསུམ་པ་ནི། ཤེས་བྱ་ཐམས་ཅད་ཕྱོགས་གཉིས་པོ་གང་རུང་དུ་ངེས་པ་དང་། ཚུལ་དང་པོའི་ལྟོས་གཞི་ཕྱོགས་ཞེས་སོགས་ལྟོས་གཞི་གསུམ་དུ་འདོད་པ་འགལ་ལོ། །ཡང་དག་པར་ན་ལྟོས་གཞི་གཉིས་སུ་ངེས་པར་འདོད་ན་ནི། དེ་ལ་ལྟོས་པའི་རྟགས་ཀྱི་ཚུལ་ཀྱང་ཡང་དག་ལ་མཐུན་ཕྱོགས་ལ་ཡོད་པ་ཚུལ་དང་པོ། མི་མཐུན་ཕྱོགས་ལ་ལྡོག་པ་ཚུལ་གཉིས་པ་ཞེས་སོགས་གཉིས་སུ་ངེས་པར་འགྱུར་ཏེ། ཤེས་འདོད་ཕྱོགས་གཉིས་སུ་ངེས་པས་རྟགས་ཕྱོགས་ཀྱི་ཆོས་སུ་གྲུབ་པ་ཚུལ་དང་པོ་ཞེས་བརྗོད་མི་དགོས་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཐམས་ཅད་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་སུ་ངེས་པ་སློབ་དཔོན་མི་བཞེད་དེ། རྣམ་ངེས་ལས། གཉིས་ཀར་ཡང་སྲིད་པ་མི་འགལ་ན། དེ་དེ་ལྟར་འགྱུར་གྱི་དེ་ལྟར་མིན་ན་ནི་དེ་སྒྲ་ལ་མ་གྲུབ་པ་ཉིད་དོ། །འདི་ལྟར་རྣམ་པ་དེ་ལྟ་བུའི་སྒྲ་དེ་ནི་ཕྱོགས་ཉིད་ཡིན་གྱི། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ནི་མིན་ཏེ། རྣམ་པར་བརྟགས་པ་དང་གཅིག་ཏུ་སོ་སོར་ངེས་པ་འགལ་བའི་ཕྱིར་རོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ནི། རྫས་ཆོས་དང་ལྡོག་ཆོས་སོ་སོར་ཕྱེ་བ་ཡི་རྗེས་སུ་འཇུག་ན་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་འཇིག་སྟེ། དོན་རང་མཚན་རྟོག་པའི་དངོས་ཡུལ་མིན་ལ་རྟོག་པའི་དངོས་ཡུལ་གཞན་སེལ་ལ་ཐོབ་པ་མེད་པས་སོ། །གསུམ་པ་ནི། རང་ལྡོག་ལ་བརྟེན་ནས་སྒྲུབ་ཞེས་བྱ་བའི་ཚུལ་འདི་ཅི་ཞེས་བརྟགས་ན་སྙིང་པོ་མེད་དེ། ངོ་བོ་དབྱེར་མེད་དམ་ཐ་དད་ལྡན་པའམ་དེ་གཉིས་ཀ་མིན་པར་བརྟེན་པ་གཅིག་ཡིན། དང་པོ་གཉིས་ནི་རྫས་ཀྱི་རང་བཞིན་དང་འབྲས་བུ་སྒྲུབ་པ་དང་ཁྱད་པར་མེད་ཅིང་། གསུམ་པ་མི་སྲིད་དེ་དངོས་པོ་ལ་གཅིག་དང་ཐ་དད་གཉིས་ལས་མི་འདའ་ལ། དངོས་མེད་ཡིན་ན་རྟེན་པར་ཡང་མི་འཐད་དེ། རྟག་ལ་ཕན་འདོགས་མེད་པའི་ཕྱིར། །རྟེན་མིན། །ཞེས་སོགས་གསུངས་སོ། །གསུམ་པ་ནི། ཕྱོགས་གཉིས་པོ་དངོས་འགལ་མིན་པའི་ཕྱིར་ན་དགག་བྱ་ཁེགས་པས་བསྒྲུབ་བྱ་འགྲུབ་པ་དང་། བསྒྲུབ་བྱ་གྲུབ་པས་དགག་བྱ་ཁེགས་པའི་དགག་སྒྲུབ་ཀྱི་རྣམ་གཞག་འཇིག་གོ་ཞེ་ན། སྐྱོན་མེད་དེ་དགག་བྱ་ཁེགས་པ་དང་བསྒྲུབ་བྱ་འགྲུབ་པའི་གནད་ནི་ཕྱོགས་གཉིས་ཀྱིས་བྱེད་པས་མིན་གྱི་ཚད་མའི་སྟོབས་ལས་བྱུང་བའི་འགལ་འབྲེལ་ངེས་པས་འགྲུབ་པའི་ཕྱིར་རོ། །གཉིས་པ་རང་ལུགས་ལ། གང་ལྟོས་པའི་རྗེས་སུ་འགྲོ་ལྡོག གང་ལ་ལྟོས་པའི་ལྟོས་གཞི་ངོས་བཟུང་བའོ། །དང་པོ་ནི། རྟགས་དང་བསྒྲུབ་བྱའི་ཆོས་ཀྱི་འབྲེལ་པ་ཚད་མས་ངེས་པའི་སྟོབས་ཀྱི་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་རྗེས་འགྲོ་དང་། དེའི་སྟོབས་ཀྱིས་རྟགས་མི་མཐུན་ཕྱོགས་ལ་མེད་པར་ངེས་པ་ལྡོག་པའི་ཚུལ་ལོ། །དེ་དག་ཀྱང་དང་པོ་ཉིད་ནས་ཤེས་འདོད་ཀྱི་སྟེང་དུ་ངེས་མི་ནུས་པས་དཔེའི་སྟེང་དུ་ངེས་པར་བྱེད་དོ། །གཉིས་པ་ལ། མཐུན་ཕྱོགས་མི་མཐུན་ཕྱོགས་དཔྱད་པ། རྟགས་ཀྱི་དགག་སྒྲུབ་ཀྱི་ཡུལ་ངོས་བཟུང་བ། གཞན་སེལ་གྱི་དགག་སྒྲུབ་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་གསུམ་ལས། དང་པོ་མཚན་ཉིད་ནི། ཕྱོགས་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱི་ཡིས་དོན་མཚུངས་པ་དང་མི་མཚུངས་པ་ནི་རིམ་བཞིན་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀྱི་མཚན་ཉིད་ཡིན་ནོ། །གཉིས་པ་མཐུན་ཡུལ་ངོས་བཟུང་བ་ནི། འོ་ན་མཐུན་ཡུལ་གྱི་ཕྱོགས་དེ་བརྟགས་པ་བ་ཤེས་འདོད་དང་མཐུན་པ་ཡིན་ནམ། མཚན་ཉིད་པ་ཚོགས་དོན་ནམ། གཉིས་ཀའི་སྒྲ་དོན་ཡིན་ཞེ་ན། མཐུན་ཡུལ་གྱི་ཕྱོགས་ཀྱང་བཏགས་པ་བ་ཤེས་འདོད་ཆོས་ཅན་དེའི་སྒྲ་དོན་ལ་རང་མཚན་དུ་འཁྲུལ་བའི་གཞན་སེལ་ཉིད་ཡིན་གྱི་ཕྱི་མ་གཉིས་པོ་མིན་ནོ། །དེ་ཡང་སོང་ཚོད་ཀྱི་དབང་དུ་བྱས་སོ། །འདི་ལ་གཞན་གྱིས་ཁྱབ་པ་གྲུབ་དུས་སུ་བསྒྲུབ་བྱ་གྲུབ་པར་འགྱུར་ཏེ། རྟགས་མཐུན་ཕྱོགས་ལ་ཡོད་པའི་རྗེས་འགྲོའི་ཁྱབ་པ་ངེས་པ་ལ་ཡོད་པ་མཐུན་ཕྱོགས་ངེས་པ་ལ་ལྟོས། དེ་གྲུབ་པ་ལ་ཕྱོགས་བཏགས་པ་བ་དང་། བསྒྲུབ་བྱའི་ཆོས་ཡོད་དུ་མཐུན་པ་ལ་ལྟོས། དེའང་བསྒྲུབ་བྱའི་ཆོས་ཡོད་གྲུབ་པ་ལ་ལྟོས་པའི་ཕྱིར་ཞེས་པ་དང་། ཐུན་མོང་གི་མ་ངེས་པ་འགལ་བར་ཐལ་བ་སྤང་བ་ནི། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་འགལ་རྟགས་སུ་འགྱུར་ཏེ། སྒྲ་དང་རྟག་པར་ཆོས་མཐུན་པ་མི་སྲིད་པའི་ཕྱིར་དང་། མི་མཐུན་ཕྱོགས་ལ་འཇུག་པའི་ཕྱིར་ཞེས་དང་། ཡང་དག་གི་རྩོད་གཞི་མི་མཐུན་ཕྱོགས་སུ་ཐལ་བ་སྤང་བ་ནི་དེར་འགྱུར་ཏེ། རང་ཉིད་དང་རང་མི་འདྲ་བའི་ཕྱིར། འདོད་ན། དེ་ལ་རྟགས་ཞུགས་པས་ལྡོག་པ་མ་གྲུབ་པར་འགྱུར་ཞེས་པའི་ཀླན་ཀ་གསུམ་ལས་དང་པོས་གནོད་པ་མེད་དེ། དེ་ནི་བསྒྲུབ་བྱའི་ཆོས་ལྡན་ལའང་མཚུངས་པའི་ཕྱིར་དང་། ཚང་མང་དུ་མེ་དུ་བའི་འབྲེལ་པ་ངེས་ནས་ལ་ལའང་དུ་བས་མེ་གྲུབ་པ་ན་མཐུན་དཔེ་མཐུན་ཕྱོགས་ཀྱི་ཐ་སྙད་དུ་འཇོག་གོ །དེས་ན་མེ་དུ་འབྲེལ་པ་གྲུབ་པའི་ཚང་མང་འདི་དང་ལ་གཉིས་མེ་ཡོད་དུ་མཐུན་ནོ་ཞེས་སྔ་རྒོལ་བསྒྲུབ་ནས་ཕྱི་རྒོལ་ལ་སྟོན་པའི་ཕྱིར་རོ། །གཉིས་པས་ཀྱང་གནོད་པ་མེད་དེ། སྒྲ་རྟག་པ་མེད་ཀྱང་དེའི་གཞན་སེལ་སྲིད་པས་དེ་དང་མཐུན་པ་ནམ་མཁའ་དང་། མི་མཐུན་པ་བུམ་པ་གཉིས་ཀ་ལ་གཞལ་བྱས་ཁྱབ་པའི་ཕྱིར་ན་མ་ངེས་པ་ཉིད་ཡིན་ནོ། །གསུམ་པས་ཀྱང་གནོད་པ་མེད་དེ། རྩོད་གཞི་མཐུན་ཡུལ་ཡིན་པས་མི་མཐུན་ཕྱོགས་སུ་ག་ལ་འགྱུར། སློབ་དཔོན་གྱིས། མཐུན་ཕྱོགས་ཉིད་ལ་ཡོད་པའི་ངེས་བཟུང་གིས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་གི ཆོས་ཅན་ལ་ཡོད་པ་མི་འགོག་པར་གསུངས་པའི་གཞུང་གི་དགོངས་པའང་འདི་ཉིད་ཡིན་ནོ། །གཉིས་པ་ནི། ཆོས་དུ་མ་གཅིག་ཏུ་འདུས་པའི་རྫས་མུ་སྟེགས་ལ་གྲགས་པ་མི་སྲིད་པའི་ཕྱིར་རྫས་ནི་དངོས་པོ་ལས་གཞན་མིན་པས་རྫས་ལ་དགག་སྒྲུབ་དངོས་སུ་བྱར་མེད་གཞན་སེལ་ལས་གཞན་པའི་ལྡོག་པ་མེད་པས་ལྡོག་པ་རྐྱང་པ་ལ་དགག་སྒྲུབ་བྱས་ཀྱང་མི་ཕན་པའི་ཕྱིར་ན། དེས་ན་རྫས་དང་ལྡོག་པ་གཅིག་ཉིད་དུ་འཁྲུལ་པའི་ཆ་ཉིད་ལ་དགག་སྒྲུབ་བྱེད་དེ། དེ་ལ་དགག་སྒྲུབ་བྱས་པས་རང་མཚན་གོ་བའི་འཐད་པ་གཞན་སེལ་བརྟག་པར་བཤད་ཟིན་ཏོ། །གསུམ་པ་ནི། སྒྲ་དོན་གསུམ་གྱིས་ཆོས་དོན་དང་ཐ་སྙད་གཉིས་སྒྲུབ་པ་ལ་ཕྱེ་ན་དོན་ཡོད་པ་དང་མེད་པ་གཉིས། ཐ་སྙད་ཡོད་པ་དང་མེད་པ་གཉིས་སྒྲུབ་པ་སྟེ་གཉིས་གཉིས་བཞིའོ། །སྒྲ་དོན་གསུམ་གང་ཞེ་ན། ཡོད་པའི་ཆོས་བུམ་པ་ལ་སོགས་པ་དང་། མེད་པའི་ཆོས་རི་བོང་རྭ་ལ་སོགས་པ་དང་། གཉིས་ཀའི་ཆོས་ཤེས་བྱ་ལ་སོགས་པ་ལ་བརྟེན་ནས་བཞག་པའི་སྒྲ་དོན་ནོ། །ཇི་སྐད་དུ། ཐོགས་མེད་བག་ཆགས་ལས་བྱུང་བའི། །ཞེས་གསུངས་པ་ལྟར་རོ། །གསུམ་པ་རྩོད་སྤང་ལ་རིགས་པས་མི་འཐད་པ་སྤང་བ། ལུང་དང་འགལ་བ་སྤང་བའོ། །དང་པོ་ལ་ཕྱོགས་གཉིས་སུ་དཔྱད་ན་མི་འཐད་པ་སྤང་བ། རྟགས་དང་དགག་བྱ་ལ་བརྟགས་ན་མི་འཐད་པ་སྤང་བའོ། །དང་པོ་ནི། རྫས་ལྡོག་མ་ཕྱེ་བར་སྒྲུབ་པ་ལྟར་ན། དུ་བའི་རྟགས་ལས་མེ་སྒྲུབ་པའི་ཚེ་སྐྱ་བོའི་རྫས་དང་། ཚུལ་གསུམ་ཚང་བའི་རྟགས་ལས་བྱས་པ་རྟགས་སུ་སྒྲུབ་པའི་ཚེ་ཤེས་བྱ་ཙམ་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་པོ་གང་དུ་གཏོགས་དཔྱད་ན་ཁྱེད་ཀྱི་ལུགས་ཚད་མས་འཇིག་ཅེ་ན། ངེད་ཀྱི་ལུགས་འཐད་དེ། དུ་བའི་གཞན་སེལ་སྐྱ་བོའི་ལོག་པ་དང་ལྡོག་པ་གཉིས་ལ་འབྲེལ། ཚུལ་གསུམ་གྱི་གཞན་སེལ་ཤེས་བྱའི་ལོག་པ་དང་ལྡོག་པ་གཉིས་ལ་འབྲེལ་བའི་ཕྱིར། དེའི་དོན་བློ་ངོར་ཕུང་པོ་གསུམ་པ་མི་སྐྱོན་པས་དུ་བས་མེ་སྒྲུབ་པ་ན་དུ་བའི་སྐྱ་བོ་མཐུན་ཕྱོགས་དུ་མིན་གྱི་སྐྱ་བོ་མི་མཐུན་ཕྱོགས་གཉིས་ཀས་ཁྱད་པར་དུ་མ་བྱས་པའི་སྐྱ་བོའི་རྫས་ཙམ་གྱི་ལྡོག་པ་ནི་གཉིས་ཀའི་ཆོས་སོ། །དེ་བཞིན་དུ་གཏན་ཚིགས་སུ་སྒྲུབ་པ་ལའང་ཚུལ་གསུམ་ཚང་བའི་ཤེས་བྱ་མཐུན་ཕྱོགས། མ་ཚང་བའི་ཤེས་བྱ་མི་མཐུན་ཕྱོགས། གཉིས་ཀར་མ་ངེས་པའི་ཤེས་བྱ་ཙམ་གཉིས་ཀ་ཡིན་ནོ། །གཉིས་པ་ནི། རྟགས་དགག་བྱའི་ཆོས་ལྡན་ལས་ལྡོག་ན་སྟོང་ཉིད་མེད་དགག་ཏུ་སྒྲུབ་པ་ལ་དགག་བྱ་བཀག་ནས་ཆོས་གཞན་མི་འཕེན་པ་བཀོད་པ་ན། རྟགས་འདི་བསྒྲུབ་བྱའི་ཆོས་མེད་དགག་གི་ཐ་སྙད་ལས་ལྡོག་པར་ཐལ། ཆོས་མེད་དགག་གི་ཐ་སྙད་དེ་ཉིད་དགག་བྱའི་ཆོས་མེད་དགག་གི་ཐ་སྙད་ཀྱིས་སྟོང་པ་དང་ལྡན་པའི་ཕྱིར། མེད་དགག་གི་ཐ་སྙད་མེད་དགག་མིན་པའི་ཕྱིར། འདོད་ན་རྗེས་འགྲོ་མེད་དེ། རྟགས་གྲུབ་པའི་ཆོས་ལ་མ་ཞུགས་པའི་ཕྱིར་རོ། །གལ་ཏེ་རྟགས་དགག་བྱའི་ཆོས་ལས་ལོག་ན། མེད་དགག་མེད་དགག་མིན་པར་སྒྲུབ་པ་ལ་དགག་བྱ་བཀག་ནས་ཆོས་གཞན་འཕེན་པ་བཀོད་པའི་ཚེ། རྟགས་འདི་རང་གི་ཆོས་ཅན་ལས་ལོག་པར་ཐལ་ཏེ། མེད་དགག་གི་ཐ་སྙད་དེ་ཉིད་དགག་བྱའི་ཆོས་ཡིན་པའི་ཕྱིར། འདོད་ན། རྟགས་ཕྱོགས་ཆོས་མ་གྲུབ་པར་འགྱུར་ཏེ་རྟགས་ཆོས་ཅན་ལ་མ་ཞུགས་པའི་ཕྱིར་རོ་ཞེས་པ་དང་། ཡང་རྟགས་ཀྱིས་དགག་བྱའི་ཆོས་ལྡན་འགོག་ན་སྔར་གྱི་རང་བཞིན་གྱི་རྟགས་དེས་བསྒྲུབ་བྱའི་ཆོས་མེད་དགག་གི་ཐ་སྙད་འགོག་པར་ཐལ། དེ་ཉིད་དགག་བྱའི་ཆོས་ལྡན་ཡིན་པའི་ཕྱིར། འདོད་ན་ཆོས་འགོག་པའི་འགལ་བར་འགྱུར་རོ། །གལ་ཏེ་དགག་བྱའི་ཆོས་འགོག་ན་སྔར་བཤད་པའི་འགལ་ཁྱབ་དམིགས་པའི་རྟགས་དེས་རང་གི་ཆོས་ཅན་འགོག་པར་ཐལ། ཆོས་ཅན་མེད་དགག་གི་ཐ་སྙད་དེ་དགག་བྱའི་ཆོས་ཡིན་པའི་ཕྱིར། འདོད་ན་ཆོས་ཅན་འགོག་པའི་འགལ་བར་འགྱུར་རོ་ཞེས་པ་དང་། ཡང་སྟོང་ཉིད་མེད་དགག་ཏུ་སྒྲུབ་པ་ན་བསྒྲུབ་བྱའི་ཆོས་མེད་དགག་གི་ཐ་སྙད་དེ་ཉིད་ཕྱོགས་གཉིས་ཀྱི་ནང་ནས་མཐུན་ཕྱོགས་ཡིན་ན། མེད་དགག་གི་རང་ལྡོག་ལ་སྒྲུབ་ཆོས་དོར་བ་བརྟེན་པར་ཐལ་ལོ། །མི་མཐུན་ཕྱོགས་ཡིན་ན་དེ་ལ་རྟགས་ཞུགས་ན་ལྡོག་པ་མ་གྲུབ་པར་འགྱུར་ཞིང་། མ་ཞུགས་ན་རྗེས་འགྲོ་མེད་པར་འགྱུར་རོ་ཞེས་པ་དང་། ཡང་ཚུལ་གསུམ་ཚང་བས་བྱས་པ་གཏན་ཚིགས་སུ་སྒྲུབ་པ་ན་རྟགས་ཚུལ་གསུམ་ཚང་བ་དེ་ཉིད་མཐུན་ཕྱོགས་ཡིན་ན། ཚུལ་གསུམ་དེ་ཉིད་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡང་ཚང་བར་ཐལ་ལ། མི་མཐུན་ཕྱོགས་ཡིན་ན། མཚན་ཉིད་ལ་མཚོན་བྱ་མི་སྲིད་པར་འགྱུར་རོ་ཞེས་པའི་རྩོད་པ་བཞིའི་ལན་ལ་གཉིས་ལས་གཞན་ལན་ནི། གཙང་ཁ་ཅིག རྟགས་དགག་བྱའི་ཆོས་ལྡན་ལས་ལྡོག་ལ་འོན་ཀྱང་རྗེས་འགྲོ་མེད་པར་མི་འགྱུར་ཏེ། རྗེས་འགྲོ་ནི་རྟགས་ཤེས་འདོད་ལ་ཇི་ལྟར་དགོད་བྱ་ལྟར་བསྒྲུབ་བྱའི་ཆོས་ལྡན་ལ་འཇུག་པའི་ཕྱིར་ཞེས་པ་དང་། རྩོད་པ་གཉིས་པ་ལ་སྔ་མ་ལྟར་ལན་འདེབས་པ་དང་། རྩོད་པ་གསུམ་པ་ལ་མེད་དགག་གི་མི་མཐུན་ཕྱོགས་ཡིན་ལ། དེ་ལ་རྟགས་སྒྲུབ་ཆོས་དོར་བ་མི་འཇུག་ཀྱང་། རྗེས་འགྲོ་མེད་པར་མི་འགྱུར་ཏེ་ཆོས་ལྡན་གྱི་གཞི་ལ་འཇུག་པའི་ཕྱིར་ཞེས་པ་དང་། བཞི་པ་ལ། བྱས་པ་གཏན་ཚིགས་ཙམ་གྱི་ཐ་སྙད་སྒྲུབ་པ་ན་ཚུལ་གསུམ་ཚང་བ་ཡང་མཐུན་ཕྱོགས་ཡིན་ལ། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སུ་བཀོད་ན་མི་མཐུན་ཕྱོགས་ཡིན་ཏེ། ཚུལ་གསུམ་ལ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཀྱི་ཐ་སྙད་དང་མི་ལྡན་པའི་ཕྱིར་ཞེས་པ་རྣམས་ནི་འཁྲུལ་ཏེ། རྟགས་བསྒྲུབ་བྱའི་ཆོས་ལ་ངོ་བོ་དབྱེར་མེད་དུ་ཞུགས་ན་རྟགས་དེ་མེད་དགག་ཡིན་ལ། ཐ་དད་ལྡན་པར་ཞུགས་ཀྱང་རང་བཞིན་རྟགས་ཀྱི་རྗེས་འགྲོ་མ་གྲུབ་པའི་ཕྱིར། ལན་གཉིས་པ་མི་འཐད་དེ། གཞན་སེལ་མ་མཁྱེན་པར་ཟད་དོ་ཞེས་གསུངས་པའི་དོན་ནི། མེད་དགག་འཛིན་པའི་རྟོག་པ་མེད་དགག་གི་རྣམ་པ་ཅན་དུ་མ་ངེས་པའི་ཕྱིར་ཞེས་པའོ། །གསུམ་པ་འཁྲུལ་ཚུལ་དེ་བཞིན་དུ་གསུངས་པའང་དེ་ཉིད་དོ། །བཞི་པའང་འཁྲུལ་ཏེ། དེ་ལྟར་སྐབས་བྱེ་ནས་ལན་བཏབ་པ་ཉིད་ཀྱིས་ཚུལ་གསུམ་གྱི་རང་ལྡོག་ཕུང་པོ་གསུམ་པར་གྲུབ་པ་ཡིན་ནོ། །རང་ལན་ནི། རྩོད་པ་དང་པོ་གསུམ་ནི་མེད་དགག་མ་ཡིན་དགག་ཏུ་རློམ་ནས་རྩོད་པ་ཡིན་པས་མེད་དགག་གི་ཐ་སྙད་མེད་དགག་ཡིན་པའི་ཕྱིར། དེ་ལས་གྲོལ་བ་འཐད་དོ། །གལ་ཏེ་མེད་དགག་གི་ཐ་སྙད་མ་ཡིན་དགག་ཡིན་ན། དགག་སྒྲུབ་ངོ་བོ་གཅིག་ཏུ་འགྱུར་ཞིང་། འདོད་ན་མཐར་དངོས་པོ་དངོས་མེད་ངོ་བོ་གཅིག་ཏུ་འགྱུར་རོ། །དེས་ན་འདི་མེད་པ་གཞན་སེལ་ཡིན་པས་ཅི་ཡང་མེད་པ་ལ་མེད་དགག་གི་ཐ་སྙད་བཏགས་པའི་ཕྱིར་རོ། །དེ་ཕྱིར་རྟགས་དགག་བྱ་ལས་ལྡོག་གམ་འགོག་ཀྱང་རུང་སྟེ་དགག གཞི་ལ་དགག་བྱའི་ཆོས་ལྡོག་པའམ་འགོག་པ་ཡིན་ནོ། །བྱས་པ་རྟགས་སུ་སྒྲུབ་པའི་ཚུལ་གསུམ་ཡང་ལྡོག་པས་ཕྱེ་ན་ཕྱོགས་གསུམ་ཀར་འགྲོ་བ་མི་འགལ་བས་ཚུལ་གསུམ་གྱི་སྤྱི་ལྡོག་ཕྱོགས་གཉིས་པོ་གང་ཡང་མིན་པའི་ཕུང་པོ་གསུམ་པ་ཡིན་པའི་ཕྱིར་ན། རྩོད་པ་བཞི་པ་ལས་གྲོལ་བ་ཡང་འཐད་དོ། །གཉིས་པ་ལུང་འགལ་སྤང་བ་ནི། རྣམ་ངེས་ལས། དེ་ལྟར་ན་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ཡང་མི་མཐུན་ཕྱོགས་ཡིན་པར་འགྱུར་ཏེ། ཞེས་སོགས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་མུ་སྟེགས་བྱེད་དགག་སྒྲུབ་དོན་ལ་བྱེད་པར་འདོད་ལ། བསྒྲུབ་བྱའི་ཆོས་ཀྱིས་སྟོང་མི་སྟོང་དོན་ལ་དངོས་འགལ་དུ་འདོད་པ་དང་། བློ་ངོར་ཐེ་ཚོམ་ཟ་བ་དོན་ལ་མི་མཐུན་ཕྱོགས་སུ་འདོད་པས་དེ་དག་འགལ་བར་དགོངས་ནས་ཐལ་བར་བརྗོད་པ་ཡིན་པའི་ཕྱིར། གསུམ་པ་ནི། རྟགས་ཐམས་ཅད་ལ་ཕྱོགས་གསུམ་པོ་དེ་གང་རུང་དངོས་སུ་མ་ཚང་ཡང་གསུམ་པོ་ལྟོས་གཞི་ཉིད་དུ་འདོད་པ་ཡིན་ཏེ། རྟགས་སུ་བཀོད་པ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་སྐྱོན་ཡོན་རྩི་བ་ཕྱོགས་གསུམ་ལ་ལྟོས་པས་སོ། །དགག་སྒྲུབ་ཅེས་སོགས་ནི་བར་སྐབས་ཀྱི་ཚིགས་བཅད་དོ། །གཉིས་པ་དེ་ལ་ལྟོས་པའི་རྟགས་ཀྱི་རབ་དབྱེ་ལ་ཡང་དག་དང་། ལྟར་སྣང་། དེ་དག་གི་ངེས་པའོ། །དང་པོ་ལ་མཚན་ཉིད། མཚན་གཞི། མཚོན་བྱའི་རབ་དབྱེའོ། །དང་པོ་ལ་མཚན་ཉིད་ངོས་བཟུང་། དེ་མཚན་ཉིད་དུ་ཇི་ལྟར་འགྲོ་ཚུལ་ལོ། །དང་པོ་ལ་དགག་གཞག་སྤོང་གསུམ་མོ། །དང་པོ་ནི། སྣོད་ཀྱི་རྗེས་གཞན་དུ་མི་འཐད་པའི་ཡན་ལག་ཅེས་པའི་ཚུལ་གཅིག་དང་། ཁ་ཅིག་ཕྱོགས་ཆོས་དང་རྗེས་འགྲོའམ་ཕྱོགས་ཆོས་དང་ལྡོག་པ་གང་རུང་གི་ཚུལ་གཉིས་དང་། རིགས་པ་ཅན་པ་ཁ་ཅིག་ཆོས་ཅན་ལ་ཡོད་པ་སྔ་མ་ཅན། མཐུན་ཕྱོགས་ལ་ཡོད་པ་ལྷག་མ་ཅན། མི་མཐུན་ཕྱོགས་ལ་མེད་པ་སྤྱི་ལ་མ་མཐོང་བ། མངོན་སུམ་དང་ལུང་གིས་མི་གནོད་པ་འགལ་བ་མེད་པ་སྟེ་ཚུལ་བཞི་དང་། ཁ་ཅིག་ཚུལ་གསུམ་དང་དེ་ཤེས་པ་སྟེ་ཚུལ་བཞི་དང་། ཡང་ཁ་ཅིག་ཚུལ་གསུམ་དང་། གྲངས་སོ་སོར་ངེས་པ་དང་། གནོད་པ་མེད་པའི་ཡུལ་ཅན་དང་ལྔར་འདོད་པ་དང་། ཁ་ཅིག་ཚུལ་གསུམ་གྱི་སྟེང་དུ་བསྒྲུབ་བྱ་ལ་གནོད་པ་འབབ་པའི་རྟགས་གཅོད་པ་ལ་གནོད་པ་མེད་པའི་ཡུལ་ཅན་དང་། འགལ་བ་ལ་མི་འཁྲུལ་བ་གཅོད་པ་ལ་བརྗོད་པར་འདོད་པའི་གྲངས་གཅིག་པ། ཚུལ་གསུམ་བློས་མ་ངེས་པ་གཅོད་པ་ལ་ངེས་པ་ཉིད་ཅེས་བྱ་བ་སྟེ། ཚུལ་གཅིག་ནས་དྲུག་གི་བར་གྱི་ཉི་ཚེའི་ཚུལ་གཞན་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པ་དེ་དག་ནི་འཁྲུལ་ཏེ། དང་པོ་ནི། གཞན་དུ་མི་འཐད་པ་བརྟགས་ན་འཇིག་པའི་ཕྱིར་དང་། གཉིས་པའང་རྗེས་འགྲོ་ཁྱད་པར་ཅན་དུ་ལྡོག་པ་འདུས་པས་ཚུལ་གསུམ་ཉིད་ཡིན་པའི་ཕྱིར་དང་། བར་པ་གསུམ་གྱི་ནི་ཚུལ་གསུམ་མ་ཤེས་པའི་རྣམ་འགྱུར་ཡིན་པའི་ཕྱིར་དང་། དྲུག་པའི་ཡང་ཚུལ་ཕྱི་མ་གསུམ་མི་འཐད་པའི་ཚུལ་འགྲེལ་པར་བཤད་དོ། །གཉིས་པ་ནི། ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་སྟེ་ཡོད་ན་ཡོད་པའི་རྗེས་འགྲོ་དང་། ལོག་ན་ལྡོག་པའི་ལྡོག་ཁྱབ་ཀྱི་ཚུལ་རྣལ་མར་ངེས་པའི་གཏན་ཚིགས་ནི་རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། མཚན་ཉིད་སྤྱིའི་སྐྱོན་གསུམ་མེད་པའི་ཕྱིར་རོ། །གསུམ་པ་ནི། རྒྱ་ཁ་ཅིག་ཕྱོགས་ཆོས་གྲུབ་པ་ཚུལ་དང་པོ་དང་རྗེས་འགྲོ་ཁྱད་པར་ཅན་ནམ། དེ་དང་ལྡོག་པ་ཁྱད་པར་གཉིས་དང་། དེ་དང་འབྲེལ་པ་གྲུབ་པ་གཉིས་སུ་འདུས་པས་རྟགས་ཚུལ་གཉིས་པ་ཁོ་ནར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། མཐུན་ཕྱོགས་ལ་སྒྲུབ་པ་དང་མི་མཐུན་ཕྱོགས་ལ་འགོག་པའི་ཚད་མ་གཉིས་མེད་ན་འབྲེལ་པ་མི་གྲུབ་ཅིང་འབྲེལ་པ་གྲུབ་ན་རྗེས་སུ་འགྲོ་ལྡོག་གི་ཚུལ་གསུམ་གྲུབ་པ་ཉིད་དོ། །ཡང་རྗེས་འགྲོ་ཙམ་པོ་འཁྲུལ་ཞིང་ཁྱད་པར་ཅན་དུ་ལྡོག་པ་འདུས་ན་རྗེས་འགྲོ་ཡིས་ལྡོག་པ་འཕེན་པ་མི་འཐད་དོ་ཞེས་པའི་སྐྱོན་ཡང་མེད་དེ། ཡོད་ན་ཡོད་པའི་རྗེས་འགྲོ་དེ་ཉིད་ལོག་ན་ལྡོག་པའི་ལྡོག་པ་ལ་མི་འཁྲུལ་བའི་ཕྱིར་རོ། །གཉིས་པ་ནི། རྟགས་ཡང་དག་ཚུལ་གསུམ་ངེས་པའམ་ངེས་རུང་ཙམ་ཡིན་ཞེ་ན། འདི་ལ་གསུམ་ལས་གཞན་ལུགས་དགག་ན། ཚུལ་གསུམ་ངེས་རུང་ཙམ་རྟགས་ཡང་དག་མིན་ཏེ། དེ་ནི་མ་ངེས་པ་ཐེ་ཚོམ་ཟ་བའི་ཕྱིར་དང་། ཐེ་ཚོམ་ཟ་བ་སོགས་བཀོད་ན་མ་གྲུབ་པ་ཡིན་ཏེ། རྣམ་ངེས་ལས། རང་ཉིད་དམ་དེའི་གཞི་ལ་ཐེ་ཚོམ་ཟ་ན་རྟགས་མ་གྲུབ་པ་ཡིན་ཏེ། དཔེར་ན་མེ་སྒྲུབ་པ་ལ་རླངས་པ་ལ་སོགས་པར་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པ་ལྟ་བུ་དང་ཞེས་གསུངས་པའི་ཕྱིར་རོ། །རང་ལུགས་ནི། ཚུལ་གསུམ་ངེས་པ་རྟགས་ཡང་དག་ཡིན་ཏེ། བསྒྲུབ་བྱ་གོ་བྱེད་ཡིན་པའི་ཕྱིར། དཔེར་ན་དབང་ཤེས་ཀྱི་སྒྲ་ཡུལ་འཛིན་ནུས་ལ་མི་ཟེར་བར་འཛིན་པ་ལ་ཟེར་བ་ལྟར་རོ། །གསུམ་པ་རྩོད་པ་སྤང་བ་ནི། ངེས་པ་རྟགས་ཀྱི་མཚན་ཉིད་ཡིན་པ་འདི་ལ་མ་ངེས་པ་རྟགས་མིན་ན། སྒྲོམ་ནང་གི་ས་བོན་ཡང་ས་བོན་མིན་པར་ཐལ་ལོ་ཞེས་པའི་གཞན་གྱི་ཀླན་ཀ་འཇུག་པ་མེད་དེ། ངེས་པ་ནི་ཐེ་ཚོམ་ཟ་བའི་དུ་སོགས་གཅོད་ལ། སྒྲོམ་ནང་ས་བོན་ཡང་རྐྱེན་དང་མ་ཕྲད་ན་ས་བོན་དུ་མི་རུང་ཞིང་། རྟགས་ཀྱང་མ་ངེས་ན་གོ་བྱེད་ཀྱི་རྒྱུ་མིན་པའི་ཕྱིར་རོ། །འདིར་རང་འགྲེལ་ལས་ཚུལ་གསུམ་མ་ངེས་པའི་སྔར་རྟགས་མིན་པས། དེ་ལས་རྟགས་འཛིན་སྐྱེས་པ་དེ་རྟགས་མིན་པ་ལས་རྟགས་འཛིན་སྐྱེས་པར་འགྱུར་རོ། །འདོད་ན། འདི་ལྟར་དངོས་གང་ཅི་འདྲ་བ། །ཞེས་སོགས་གསུངས་པ་དང་འགལ་ལོ་ཞེ་ན། ཁོ་བོ་ཅག་རྟགས་སུ་དགོད་བྱའི་ངོ་བོ་དུ་བ་དང་བྱས་པ་ལ་སོགས་པ་ལས་རྟགས་འཛིན་སྐྱེ་བར་འདོད་ཀྱི། རྟགས་ཀྱི་མཚན་ཉིད་ཚུལ་གསུམ་ངེས་པ་ལས་སྐྱེ་བར་མི་འདོད་ཅེས་གསུངས་པའི་དོན་ནི།  ཚུལ་གསུམ་ངེས་པ་ཉིད་རྟགས་འཛིན་ཡིན་པས་དེ་རྟགས་སུ་དགོད་བྱ་ལས་སྐྱེ་ཡི་དེ་ལས་རྟགས་འཛིན་མི་སྐྱེ་ཞེས་པར་སྣང་བས་རྟགས་འཛིན་སེམས་བྱས་ཙམ་དང་དུ་ཙམ་འཛིན་པའི་རྟོག་པ་ཡིན་ཞེས་པ་སྟེ། ཁོ་བོའི་ལེགས་བཤད་དེ་བསྟན་པ་དར་བའི་རྒྱུར་གྱུར་ཅིག གཉིས་པ་མཚན་གཞི་ལ་གསུམ་ལས། དང་པོ་གཞན་ལུགས་དགག་ན། རྒྱ་ཁ་ཅིག་རྩོད་གཞིའི་ཁྱད་པར་དུ་བྱས་པའི་དུ་བ་རྟགས་ཀྱི་མཚན་གཞིར་རུང་སྟེ། ལའི་དུ་བ་དཔེ་ལ་རྗེས་སུ་མི་འགྲོ་ཡང་མཚན་ཉིད་ངེས་པའི་ཚད་མས་དུ་ཙམ་གྱི་སྤྱི་ལ་མེས་ཁྱབ་པ་གྲུབ་ན་ཡུལ་དུས་རྣམ་པའི་བྱེ་བྲག་གི་དུ་བ་ཡིན་ཡང་མེས་མ་ཁྱབ་པའི་དོགས་པ་ཆོད་པས་གྲུབ་པའི་ཕྱིར་ཞེས་འདོད་པ་མི་འཐད་དེ། རྟགས་དུ་བ་སོགས་རྩོད་གཞི་ཡིས་ཁྱད་པར་དུ་བྱས་པ་མི་ལྡན་རྣམ་པར་གཅོད་པ་ཡིན་ན་ཡུ་བུ་རྩོད་པ་མེད་དེ། ཁོ་བོ་ཅག་ཡང་འདོད་པའི་ཕྱིར་རོ། །གཞན་ལྡན་རྣམ་གཅོད་དུ་འདོད་ན་རྟགས་དཔེ་ལ་རྗེས་འགྲོ་མེད་པར་འགྱུར་རོ། །ཆོས་ཀྱང་རྟགས་དེ་དང་འདྲ་བར་རྩོད་གཞི་ལས་མི་ལྡན་རྣམ་གཅོད་ཀྱི་ཁྱད་པར་དུ་བྱས་ཀྱི། གཞན་ལྡན་རྣམ་གཅོད་ཀྱི་ཁྱད་པར་དུ་བྱས་ན་དཔེ་ལ་རྗེས་འགྲོ་མེད་པར་འགྱུར་ཞིང་། རྟགས་ཆོས་གཉིས་ཀ་ཡང་ཆོས་ཅན་དང་འདྲ་བར། བསྒྲུབ་བྱ་ཡིས་མི་ལྡན་རྣམ་གཅོད་ཀྱི་ཁྱད་པར་དུ་བྱས་ཀྱི་གཞན་ལྡན་རྣམ་གཅོད་ཀྱི་ཁྱད་པར་དུ་བྱས་ན་དཔེ་ལ་རྗེས་འགྲོ་མེད་པར་འགྱུར་རོ། །གཉིས་པ་རང་ལུགས་ནི། སོང་ཚོད་ཀྱི་རྟགས་ཀྱི་མཚན་གཞི་ནི། གཞན་སེལ་ཡིན་ལ། རློམ་ཚོད་དམ་བཀོད་ཚོད་ནི་ཡུལ་དུས་རྣམ་པས་ཁྱད་པར་དུ་མ་བྱས་པའི་དུ་བ་དང་བྱས་པ་སོགས་ཀྱི་སྤྱི་ལྡོག་གོ །དེའི་དོན་ཡང་དུ་བ་དང་བྱས་པ་ཉིད་འགོད་པར་བྱེད་པ་སྟེ། བྱས་པ་དང་དུ་བ་གཉིས་དུས་དང་རྣམ་པས་ཁྱད་པར་མ་བྱས་པའི་ཕྱིར། ཚུལ་འདི་མ་ཤེས་པ་ཁ་ཅིག་རྩ་འགྲེལ་གཉིས་ཀྱི་དོན་བྱས་པའི་དོན་སྤྱི་རྟགས་ཡང་དག་དང་། བྱས་པ་གཞན་སེལ་བར་སྨྲ་བ་རྣམས་ལྟར་ན་བྱས་པ་ཡུལ་དུས་རྣམ་པས་ཁྱད་པར་དུ་བྱས་པར་ཐལ། ཤར་ན་ཡོད་པའི་ད་ལྟ་བའི་སྔོན་པོ་ལ་ཡོད་པའི་དངོས་པོ་ཡིན་པའི་ཕྱིར་རོ། །གསུམ་པ་རྩོད་སྤང་ནི། སོང་ཚོད་ཀྱི་མཚན་གཞི་འདི་ལ་རྟགས་ཀྱི་སྤྱི་མི་སྲིད་དོ། །སྲིད་ཀྱང་སྤྱི་གཅིག་པོ་དེ་ལ་ཚུལ་གཉིས་མི་འཐད་དོ་ཞེས་པའི་གཞན་གྱི་ཀླན་ཀ་འཇུག་པ་མེད་དེ། རྫས་ཀྱི་སྤྱི་མེད་ཀྱང་སེལ་བའི་སྤྱི་ཡོད་ལ་དེ་ཉིད་ཕྱོགས་དང་མཐུན་ཕྱོགས་ལ་འཇུག་པའི་ཕྱིར་རོ། །གསུམ་པ་དབྱེ་བ་ལ། ཇི་ལྟར་འབྱེད་པའི་ཚུལ། ཕྱེ་བའི་རང་བཞིན་ངེས་པར་བྱ་བ། དེ་དག་གི་འབྲེལ་པ་ལ་ལོག་རྟོག་དགག་པའོ། །དང་པོ་གསུམ་ལས། དང་པོ་དངོས་པོའི་སྒོ་ནས་དབྱེ་བ་ནི། བཤད་ཟིན་གྱི་མཚན་ཉིད་དེ་དང་ལྡན་པ་ཡི་གཏན་ཚིགས་དེ་ལ་དབྱེ་སྒོ་དུ་མར་འགྱུར་ཏེ། རྟགས་སུ་དགོད་བྱའི་སྒོ་ནས་མེད་དགག་དང་མ་ཡིན་དགག་བཀོད་པ་གཉིས། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་མེད་དགག་དང་མ་ཡིན་དགག་བསྒྲུབ་པ་གཉིས། འབྲེལ་བའི་སྒོ་ནས་བདག་གཅིག་པ་དང་དེ་ལས་བྱུང་བ་གཉིས། སྒྲུབ་ཚུལ་གྱིས་དབྱེ་ན་དོན་དང་ཐ་སྙད་བསྒྲུབ་པ་གཉིས། སྒྲུབ་བྱེད་ཀྱིས་དབྱེ་ན་གྲགས་པ་དང་དངོས་པོ་སྟོབས་ཞུགས་གཉིས་སོ། །གཉིས་པ་སྦྱོར་བའི་སྒོ་ནས་དབྱེ་ན། མ་དམིགས་པ། རང་བཞིན་འབྲས་བུའི་རྟགས་གསུམ་མོ། །གསུམ་པ་རྩོད་སྤོང་ནི། ཁ་ཅིག་བསྒྲུབ་རྟགས་གཉིས་སུ་འབྱེད་ན་དགག་རྟགས་ཀྱང་གཉིས་སུ་ཕྱེ་བས་བཞིར་འགྱུར་ལ། དགག་པ་གཅིག་ཏུ་སྡུད་ན་སྒྲུབ་པའང་གཅིག་ཏུ་འདུ་བས་ཡང་ན་བཞིའམ་མིན་ན་གཉིས་སུ་ངེས་སོ་ཞེ་ན། འདི་ཡི་ལན་ལ། གཞན་དག་རྟགས་གསུམ་དུ་སྒྲུབ་པ་ལ་གཉིས་དང་བཞིའི་གྲངས་ངེས་བྱེད་པ་ནི་མ་འབྲེལ་བ་ཡིན་ནོ། །ཆོས་ཀྱི་གྲགས་པ་ནི། སྦྱོར་བ་ཡི་སྒོ་ནས་རྟགས་གསུམ་དུ་ངེས་པ་མཛད་དེ། དགག་རྟགས་ཐམས་ཅད་སྣང་རུང་མ་དམིགས་པར་འདུ་བའི་ཕྱིར་རོ། །དཔེ་གཅིག་གི་སྟེང་དུ་གཏན་ལ་དབབ་ཏུ་རུང་བས་གཅིག་ཏུ་འདུ་ལ། སྒྲུབ་རྟགས་ཀྱི་སྦྱོར་བ་དཔེ་གཅིག་གི་སྟེང་དུ་སྦྱར་དུ་མི་རུང་བའི་ཕྱིར་གཉིས་སུ་ཕྱེ་བའི་ཕྱིར་རོ། །གཉིས་པ་ལ་མ་དམིགས་པ། རང་བཞིན། འབྲས་བུའོ། །དང་པོ་ལ་མཚན་ཉིད། དབྱེ་བ། འབྲེལ་པ་ངེས་ཚུལ་ལོ། །དང་པོ་ནི། དགག་བྱ་འགོག་ལ་ཚུལ་གསུམ་ཚང་བའོ། །གཉིས་པ་ལ་གཉིས་ལས་དང་པོ་ངོ་བོ་མ་དམིགས་པ་ལ་བཞི་སྟེ། རྒྱུ་ཁྱབ་བྱེད་རང་བཞིན་འབྲས་བུ་མ་དམིགས་པའོ། །གཉིས་པ་འགལ་བ་དམིགས་པ་རྣམ་པ་གཉིས་ཏེ། དེ་ཡང་ལྷན་ཅིག་མི་གནས་པ་དང་། ཕན་ཚུན་སྤང་བའི་འགལ་བ་དམིགས་པའོ། །དང་པོ་ལའང་གཉིས་ལས། གཞན་ལུགས་དགག་ན། ཁ་ཅིག་མེ། འབྲས་བུ་དུ་བ། མེའི་ཁྱབ་བྱ་ཙནྡན་གྱི་མེ། མེ་རྒྱུ་ནུས་པ་ཐོགས་མེད། ཚ་རེག་བསྐོར་བཞི་པོ་རེ་རེས། གྲང་རེག་ལའང་གྲང་རེག དེའི་རྒྱུ་ནུས་པ་ཐོགས་མེད། དེའི་འབྲས་བུ་སྤུ་ལོང་། དེའི་ཁྱབ་བྱ་བ་མོའི་རེག་པ་སྟེ་བཞི་བཞི་བཀག་པས་སྦྱོར་བ་བཅུ་དྲུག་ཡོད་ཟེར། འགལ་བའི་རྒྱུ་དམིགས་པ་བཞིས་དགག་བྱ་འགོག་མི་ནུས་ཏེ་ནུས་པ་ཐོགས་མེད་ནི་བུད་ཤིང་ཉིད་ཡིན་པས་མེ་མིན་ཞིང་། མེ་མིན་པ་དེས་གྲང་རེག་མི་ཁེགས་པའི་ཕྱིར་དང་། ཐོགས་མེད་མེས་ཁྱད་པར་དུ་བྱེད་ན་མེ་ཉིད་རྟགས་ཡིན་པའི་ཕྱིར་དང་། གལ་ཏེ་ནུས་པ་ཐོགས་མེད་དུ་འཇོག་པ་སྐད་ཅིག་གི་ལྡོག་པ་ཡིན་ལ། མེར་འཇོག་པ་རྒྱུན་ལ་བྱེད་ན། སྐད་ཅིག་གི་མེ་ལ་རྒྱུན་མེད་པས་གྲང་རེག་མི་ཁེགས་པའི་ཕྱིར་ན་རྟགས་མིན་ནོ། །གཉིས་པ་རང་ལུགས་ནི། སློབ་དཔོན་གྱི་གཞུང་ལས་གསུམ་དང་བཞི་ལ་སོགས་པ་རྣམ་གཞག་མང་དུ་བཤད་ཀྱང་སྔར་བཤད་པའི་བཅུ་དྲུག་གི་ནང་ནས་དགག་བྱ་འགོག་ནུས་ཀྱི་རྟགས་ནི་འགལ་བའི་རྒྱུ་དམིགས་པ་བཞི་མ་གཏོགས་པའི་སྔ་མ་བཅུ་གཉིས་པོ་ཡིན་ནོ། །གཉིས་པ་ཕན་ཚུན་སྤང་འགལ་ནི། ཕན་ཚུན་སྤངས་པ་དངོས་བུམ་པ་དང་བུམ་མིན་ལྟ་བུ་ལ་ནི་གཅིག་གིས་ཅིག་ཤོས་འགོག་པའི་རྟགས་དང་རྟགས་ཅན་ཡོད་པ་མིན་ཏེ། རྣམ་གཅོད་ཡོངས་གཅོད་ཡིན་པས་སོ། །དངོས་འགལ་དེ་ཡིས་ཁྱད་པར་དུ་བྱས་པ་དང་རྟག་པ་ལྟ་བུ་བརྒྱུད་འགལ་ལ་ནི་གཅིག་གིས་ཅིག་ཤོས་འགོག་པ་ཁྱབ་བྱེད་འགལ་བ་དམིགས་པ་ཡིན་ཏེ། དེའི་ཚེ་རྟག་པ་ལ་མ་བྱས་པས་ཁྱབ། མ་བྱས་པ་དང་དངོས་འགལ་བྱས་པ་རྟགས་སུ་དམིགས་པའི་ཕྱིར་རོ། །ཚད་མས་གནོད་པའི་འགལ་བ་ལྟོས་པས་ངེས་པ་འགོག་པ་ལྟ་བུ་ཡང་ཁྱབ་བྱེད་འགལ་བ་དམིགས་པར་འདུས་ཏེ། དེའི་བོར་ངེས་པ་ལ་མི་ལྟོས་པས་ཁྱབ། དེ་དང་དངོས་འགལ་ལྟོས་པ་བཀོད་པའི་ཕྱིར་རོ། །གསུམ་པ་ནི། གཞན་ལུགས་དགག་ན་དགག་སྒྲུབ་གཉིས་ཀ་ལ་དངོས་པོའི་འབྲེལ་པ་འདོད་པ་ནི་བཀག་ཟིན་ཅིང་། གཙང་ཁ་ཅིག་ལྷན་ཅིག་ན་མི་གནས་པའི་འགལ་དམིགས་བཟློག་པ་དེ་བྱུང་འབྲེལ་པ་ལ་བརྟེན་ཏེ། དགག་བྱ་གྲང་རེག་སྐོར་བཞི་པོ་རྟགས་མེ་སྟོབས་ལྡན་ལ་སོགས་པ་བཞི་པོ་མེད་པའི་ཚོགས་པས་སྐྱེད་པའི་ཕྱིར་ཞེས་སྨྲ་བ་འཁྲུལ་ཏེ། རེག་བྱ་བཏང་སྙོམས་པ་སྲིད་པའི་ཕྱིར་དང་། ཧ་ཅང་ཐལ་བའི་ཕྱིར་རོ། །རང་ལུགས་ནི། ངོ་བོ་མ་དམིགས་པའི་སྒྲུབ་རྟགས་ཀྱི་འབྲེལ་ཡུལ་རྒྱུ་དང་ཁྱབ་བྱེད་ལོག་པས་འབྲེལ་ཆོས་འབྲས་བུ་དང་ཁྱབ་བྱ་ཉིད་ལྡོག་པས་ལྡོག་འབྲེལ་བློ་ངོར་འགྲུབ་ལ། འགལ་བ་དམིགས་པ་ནི། འགལ་ཟླ་གྲུབ་ན་ཅིག་ཤོས་ལ་གནོད་པས་ཁེགས་ཀྱི་འབྲེལ་ཟླ་འགོག་པ་ལ་མི་ལྟོས་པས་བཟློག་འབྲེལ་དཔྱད་མི་དགོས་སོ། །གཉིས་པ་རང་བཞིན་གྱི་རྟགས་ལ་མཚན་ཉིད་ནི། ཆོས་ཅན་གྱི་སྟེང་དུ་ཆོས་ཡིན་པ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་རྟགས་སོ། །གཉིས་པ་དབྱེ་བ་ལ་རྟགས་དངོས་ནི། རྟགས་ཆོས་ངོ་བོ་དབྱེར་མེད་པའི་སྒྲུབ་རྟགས་ཐམས་ཅད་ནི་རང་བཞིན་གྱི་རྟགས་ཡིན་ནོ། །གཉིས་པ་ཁོངས་སུ་འདུ་བ་ནི། མུ་སྟེགས་པ་རྟགས་ལོག་པར་འདོད་པ་རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་རུང་དཔོག་པ་དང་། དུ་རྒྱུ་ནུས་པ་ཐོགས་མེད་ཀྱིས་འདུས་བྱས་ཀྱི་དུ་བ་སྒྲུབ་པ་སོགས་ཀྱང་རང་བཞིན་གྱི་རྟགས་ཀྱི་ཁོངས་སུ་བསྡུས་ཏེ། དེ་ཡི་ཆ་མཐུན་པའི་ཕྱིར། གསུམ་པ་རྩོད་སྤོང་ནི། ཕྱི་མ་དེ་རང་བཞིན་གྱི་རྟགས་མིན་ཏེ། རྟགས་ཆོས་རྫས་ཐ་དད་པའི་ཕྱིར་ཞེ་ན། རྫས་ཐ་དད་པའི་སྐྱོན་མི་འགོ་སྟེ། དེའི་རྟགས་ཆོས་རྫས་མི་གཅིག་ཀྱང་དུ་བ་སྐྱེ་བཞིན་པ་རྟགས་ཆོས་གསུང་ལ། དེ་དང་མི་རྟག་པའི་དུ་བ་རྫས་གཅིག་པའི་ཕྱིར། གསུམ་པ་འབྲས་རྟགས་ལའང་གསུམ་ལས། མཚན་ཉིད་ནི། ཆོས་ཅན་དང་ངོ་བོ་ཐ་དད་པའི་ཆོས་ཡོད་པར་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་རྟགས་ཆོས། གཉིས་པ་དབྱེ་བ་ལ་རྟགས་དངོས་ནི། ཆོས་དེ་ལས་བྱུང་བ་བཀོད་པའི་རྟགས་ཐམས་ཅད་ལ་འབྲས་བུའི་རྟགས་སུ་འདོད་དོ། །གཉིས་པ་ཁོངས་སུ་འདུ་བ་ནི། ཆུ་སྐྱར་ལས་ཆུ་དཔོག་པ་སོགས་ཀྱང་འབྲས་རྟགས་དེ་ཡི་ཆ་མཐུན་ཡིན་པས་ཁོངས་སུ་བསྡུའོ། །གསུམ་པ་རྩོད་སྤོང་ནི། རྒྱུ་སྔོན་སོང་སྒྲུབ་པ་འབྲས་རྟགས་སུ་མི་འཐད་དེ། མེ་སྔོན་སོང་དང་དུ་བ་རྫས་གཅིག་པའི་ཕྱིར་ཞེ་ན། དེའི་སྐྱོན་ལས་གྲོལ་ཏེ། རྫས་གཅིག་པའི་ཆ་སྒྲུབ་ན་བདེན་ཡང་། སྔར་གྱི་མེ་དུ་བ་དང་རྫས་ཐ་དད་ཡིན་ལ་དེ་ཉིད་སྒྲུབ་པའི་ཕྱིར་རོ། །གསུམ་པ་དེ་དག་གི་འབྲེལ་པ་ལ་ལོག་རྟོག་དགག་པ་ནི། གཙང་ཁ་ཅིག སྤྱིར་འབྲེལ་པ་མུ་དགུ་སྟེ། འབྲེལ་ཆོས་ལ་འབྲེལ་ཆོས་དངོས། དེ་ཁྱད་པར་བྱེད་ཆོས། དེས་ཁྱད་པར་བྱས་ཆོས་གསུམ། འབྲེལ་ཡུལ་ལ་ཡང་དེ་ལྟར་གསུམ་ལས། འབྲེལ་ཆོས་གསུམ་པོ་རེ་རེའང་འབྲེལ་ཡུལ་གསུམ་པོ་ལ་འབྲེལ་བའི་དབྱེ་བས་སོ། །དགུ་པོ་དེ་ལ་གོ་བྱེད་ལ་ཕན་པའི་འབྲེལ་པ་བཞི་ཡོད་དེ། དེ་འབྲེལ་ཆོས་དང་དེ་ཁྱད་པར་དུ་བྱེད་ཆོས་གཉིས་འབྲེལ་ཡུལ་དངོས་དང་དེས་ཁྱད་པར་བྱས་ཆོས་གཉིས་པོ་རེ་རེ་ལ་འབྲེལ་བ་བཞི་པོ་དེ་ཉིད་དོ་ལོ། །འདི་མི་འཐད་དེ། མེ་སྔོན་སོང་གི་ཁྱད་པར་བྱེད་ཆོས་མེ་ཡིན་ལ་དེ་དང་དུ་བ་འབྲེལ་པས་གོ་བྱེད་ལ་ཕན་པ་དང་། འབྲེལ་ཡུལ་གྱི་ཁྱད་པར་བྱེད་ཆོས་ལ་འབྲེལ་པས་གོ་བྱེད་ལ་མི་ཕན་པའི་རྣམ་གཞག་འདི་ནི་འགལ་བའི་ཕྱིར་དང་མུ་དགུ་པོ་འདི་སློབ་དཔོན་གྱི་གཞུང་གི་དགོངས་པར་ཡང་འཐད་པ་མིན་ཏེ། ཁྱད་པར་བྱ་བྱེད་ཀྱི་འབྲེལ་པས་གོ་ཆོད་ན་ཧ་ཅང་ཐལ་བའི་ཕྱིར་དང་། འབྲེལ་པ་གཉིས་ལས་གཞན་བཀག་པའི་ཕྱིར་རོ། །དེས་ན་ཁྱད་པར་བྱ་བྱེད་འབྲེལ་པ་ཡི་སྟོབས་ཀྱི་བསྒྲུབ་བྱ་གོ་བ་མིན་ཏེ། དེའི་ངོ་བོ་བདག་གཅིག་གི་འབྲེལ་པའམ་དོན་གཞན་དེ་བྱུང་གི་འབྲེལ་བའི་སྟོབས་ཀྱིས་བསྒྲུབ་བྱ་རྟོགས་པར་བཤད་དོ། །བར་སྐབས་ཀྱི་ཚིགས་བཅད་དོ། །གཉིས་པ་རྟགས་ལྟར་སྣང་ལ་གསུམ་ལས། དང་པོ་མཚན་ཉིད་ནི། རྟགས་གང་ཞིག་ཚུལ་གསུམ་མ་གྲུབ་པའོ། །གཉིས་པ་དབྱེ་བ་ལ། མ་གྲུབ་པ། མ་ངེས་པ། འགལ་བའོ། །དང་པོ་ལ་མཚན་ཉིད་ནི། ཕྱོགས་བཏགས་པ་བ་ཤེས་འདོད་ཆོས་ཅན་ལ་རྟགས་འགོད་ཚུལ་ལྟར་མེད་པ་ནི་མ་གྲུབ་པའི་རྟགས་ཀྱི་མཚན་ཉིད་དོ། །དབྱེ་ན། དོན་དང་། བློ་དང་། རྒོལ་བ་ལ་ལྟོས་ནས་མ་གྲུབ་པ་གསུམ། དང་པོ་ནི། ཕྱོགས་ཆོས་དོན་ལ་མི་གནས་ནས་མ་གྲུབ་པ་ཉིད་ཡིན་ལ། གཉིས་པ་ནི། དེ་བློ་དེ་ལ་མི་གནས་ནས་མ་གྲུབ་པ་ལ་ཉིད་ཡིན་ཞིང་། དང་པོ་ལ་ཆོས་ཅན་གྱི་ངོ་བོ་མ་གྲུབ་པ། རྟགས་ཀྱི་ངོ་བོ་མ་གྲུབ་པ། དེ་དག་གི་ཕྱོགས་རེ་ལ་མ་གྲུབ་པ་གསུམ། འདིར་རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་ལ་རིགས་སྤྱི་ཆོས་ཅན་དུ་གཞག་པ་དང་། ཚོགས་སྤྱི་ཆོས་ཅན་དུ་གཞག་པ་གཉིས་ལས། དང་པོ་ལ་མཚན་གཞི་གཉིས་བཤད་པའི་ཕྱི་མ་སྐྱོན་མེད་དེ་དང་། གཉིས་པའི་མཚན་གཞི་དེ་ཡང་སྐྱོན་མེད་དུ་གསུངས་པའི་དོན་ནི། མཚན་གཞི་དང་པོ་རྒོལ་བའི་ཞེ་འདོད་ཡིན་པས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་སྐྱོན་ཅན་ཡིན་ལ། ཕྱི་མའི་ཚེ་རྩོལ་བྱུང་གི་རྟགས་ཀྱིས་སྒྲ་ཐམས་ཅད་མི་རྟག་པར་སྒྲུབ་པ་རྒོལ་བའི་ཞེ་འདོད་མིན་པས། ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་སྐྱོན་ཅན་མིན་པ་དང་། རྒོལ་བ་ཚུལ་གསུམ་ཀར་ཚོགས་པ་དེ་ལྟར་སྒྲུབ་འདོད་ཀྱི་རེ་རེ་བསྒྲུབ་པར་མི་འདོད་པས་རེ་རེ་ལ་མ་གྲུབ་པ་སྐྱོན་ཅན་མིན་པར་མངོན་ནོ་ཞེས་ཡོངས་འཛིན་དམ་པ་གསུང་ངོ་། །རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པའི་སྐབས་སུ་རྩོལ་བྱུང་དེའང་སྒྲ་ཙམ་གྱི་ཕྱོགས་གཅིག་ལ་གྲུབ་ཕྱོགས་གཅིག་ལ་མ་གྲུབ་པ་སྐྱོན་མེད་དུ་གསུངས་པ་ནི་སྔ་མའི་གཞུང་འཛུགས་པར་མཛད་པའོ། །བློ་ངོར་མ་གྲུབ་པ་ལ་ཆོས་ཅན་དང་། རྟགས་དང་། དེ་གཉིས་ཀྱི་འབྲེལ་པ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་གསུམ་མོ། །གསུམ་པ་ནི། རྒོལ་བ་རྣམ་པ་གཉིས་ལ་མ་གྲུབ་པའི་དབྱེ་བ་གཉིས་སུ་རྣམ་པར་ཕྱེ་སྟེ་བཤད་དོ་ཞེས་པ་ནི་བསྡུ་བའི་ཚིགས་བཅད་དོ། །ཕྱོགས་རེའམ་ཞེས་པ་རྒོལ་བ་ལ་སྦྱར་བ་མ་ཤེས་པར་ཟད་དོ། །དེ་ལྟར་ན་དོན་ལ་མ་གྲུབ་པ་ལ་ཆོས་ཅན་དང་རྟགས་ཀྱི་ངོ་བོ་མ་གྲུབ་པ་གཉིས་ལས་ཕྱེ་བའི་དྲུག བློ་ངོར་མ་གྲུབ་པ་ལ་གསུམ་ལས་ཕྱེ་བའི་དྲུག་སྟེ་བཅུ་གཉིས་སུ་འདུས་ཏེ། ཆོས་ཆོས་ཅན་གྱི་ཕྱོགས་རེ་ལ་མ་གྲུབ་པ་ལས་ཕྱེ་བའི་སྐྱོན་དུ་འགྲོ་བའི་ཆ་རྣམས་ནི་རྟགས་ཀྱི་ངོ་བོར་མ་གྲུབ་པར་འདུས་ལ། གཞན་ནི་ཕྱོགས་ཆོས་སྐྱོན་མེད་ཡིན་ཞིང་། གྲུབ་མཐའ་ལ་ལྟོས་པའི་སྐྱོན་ནི་གྲུབ་མཐའ་ཁས་བླངས་པ་ལ་དགོངས་ཀྱི་ཡང་དག་པར་ན་དོན་ཆོཾས་ཅཾན་ནམ་རྟགས་ཀྱི་ངོ་བོ་མ་གྲུབ་པར་འདུས་པའི་ཕྱིར་རོ། །གཉིས་པ་མ་ངེས་པ་ལ་གསུམ་ལས། མ་ངེས་པའི་མཚན་ཉིད་ནི། ཕྱོགས་ཆོས་གྲུབ་ཅིང་ལྡོག་པ་ལ་ཐེ་ཚོམ་སྐྱེད་པའི་རྟགས་སོ། །གཉིས་པ་མཚོན་བྱའི་དབྱེ་བ་ལ་ཐུན་མོང་མིན་པ་དང་། ཐུན་མོང་བ་གཉིས། དང་པོ་ལ་མཚན་ཉིད་ནི། ཕྱོགས་བརྟགས་པ་ཤེས་འདོད་ཆོས་ཅན་ལས་གཞན་ཕྱོགས་གཉིས་པོ་གང་རུང་ལ་མ་གྲུབ་པའི་མི་ཤེས་པའི་རྟགས་ནི་ཐུན་མོང་མ་ཡིན་པའི་མ་ངེས་པའི་མཚན་ཉིད་དོ། །དབྱེ་ན་བཞི་ཡོད་དེ། གཉིས་ཀ་ལ་མེད་ནས་མ་མཐོང་བ་སྒྲ་རྟག་པ་གྲུབ་པ་ལ་མཉན་བྱ་ལྟ་བུ་དང་། ཡོད་ཀྱང་མ་མཐོང་བ་སྐྱེས་བུ་འདི་ལྷ་ལས་ཚེ་འཕོས་པར་སྒྲུབ་པ་ལ་མིག་དང་ལྡན་པ་དང་། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་དང་རིག་བྱེད་ཀྱི་སྒྲ་དཔེར་བཟུང་བ་དང་མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་གང་བྱས་པ་དེ་མི་རྟག་སྟེ། རིག་བྱེད་བཞིན། ནམ་མཁའ་ནི་མ་བྱས་སོ། །ཞེས་པའོ། །གཉིས་པ་ཐུན་མོང་བ་ལ་གཉིས་ལས། མཚན་ཉིད་ནི། ཕྱོགས་ལས་གཞན་ཕྱོགས་གཉིས་པོ་གང་རུང་ལ་འཇུག་པ་ཐུན་མོང་བའི་མཚན་ཉིད་དོ། །གཉིས་པ་དབྱེ་ན་དངོས་དང་ལྷག་ལྡན་གྱི་མ་ངེས་པ་གཉིས། དང་པོ་ལ་མཚན་ཉིད་ནི། ཕྱོགས་ཆོས་གྲུབ་ཕྱོགས་གཉིས་ཀ་ལ་མཐོང་ཡང་བཟློག་པ་མི་ཆོད་པའོ། །དབྱེ་ན་བཞི་ཡོད་ཅིང་། གཉིས་པ་ལ་ཡང་དག་དང་འགལ་བའི་ལྷག་ལྡན་གཉིས། ལྷག་ལྡན་གྱི་མཐུན་ཕྱོགས་ལ་མཐོང་ཞིང་ཅིག་ཤོས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཡང་དག་ལྷག་ལྡན་ཡིན་ལ། གང་ཞིག་མི་མཐུན་ཕྱོགས་ལ་མཐོང་ཞིང་མཐུན་ཕྱོགས་ལ་མ་མཐོང་བ་འགལ་བའི་ལྷག་ལྡན་ཡིན་ནོ། །དེ་གཉིས་པོ་རེ་རེ་ལ་གསུམ་གསུམ་ཡོད་པའི་མཚན་གཞི་འགྲེལ་པར་བཞུགས་སོ། །གསུམ་པ་འགལ་བ་ལ་གསུམ་ལས། དང་པོ་ནི། རྟགས་ཏེ་ཕྱོགས་ཆོས་གྲུབ་ཅིང་། ལྡོག་པས་ཁྱབ་ན་འགལ་རྟགས་སོ། །གཉིས་པ་རབ་ཏུ་དབྱེ་བ་ལ། དངོས་པོའི་སྒོ་ནས་དབྱེ་བ། བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ། དབྱེ་བ་གཞན་དུ་འདོད་པ་དགག་པའོ། །དང་པོ་ལ་འབྲེལ་པའི་དབང་གིས་གཉིས་སུ་དབྱེ། སྦྱོར་བ་ལ་ལྟོས་ནས་གསུམ་དུ་དབྱེ་བའོ། །དང་པོ་ལ་གཉིས་ལས། གཉིས་སུ་འགྲོ་བའི་ཚུལ་ནི། འབྲེལ་པ་ལ་ལྟོས་ནས་འགལ་བའི་རྟགས་གཉིས་ཉིད་ཡིན་ཏེ། མ་དམིགས་པ་ཐམས་ཅད་རང་བཞིན་མ་དམིགས་པར་འདུས་ཤིང་དེ་རྣམ་འཇོག་གི་རྒྱུ་ལས་རྣམ་གཞག་གི་འབྲས་བུའི་ཐ་སྙད་བྱ་རུང་དུ་སྒྲུབ་པས་གྲགས་རྟགས་ཡིན་ལ། དེ་རང་བཞིན་གྱི་གཏན་ཚིགས་སུ་བསྡུས་པས་འབྲས་རང་གི་རྟགས་སུ་འགྱུར་ལ་དེ་གཉིས་བཟློག་པའི་འགལ་བའང་གཉིས་ཡིན་པའི་ཕྱིར་རོ། །དང་པོ་ནི། སྒྲ་རྟག་སྟེ། བྱས་པའི་ཕྱིར་དང་། གཉིས་པ་ནི། རིག་བྱེད་ཀྱི་སྒྲ་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་ཞེས་པའོ། །གཉིས་པ་འབྲས་བུའི་འགལ་བ་ལ་རྩོད་པ་སྤོང་བ་ལ། རྩོད་པ་དང་ལན་གཉིས། དང་པོ་ནི། རྟགས་དེ་འགལ་བ་མིན་ཏེ། རྩོལ་འབྱུང་རྟག་པའི་འབྲས་བུ་ཡིན་པའི་ཕྱིར་ཞེ་ན། ལན་ལ་བཞི་ལས། དང་པོ་ཉན་ཤེས་སྒྲ་མི་རྟག་པའི་འབྲས་བུར་སྒྲུབ་པ་ནི། རིག་སྒྲ་ཐོས་པའི་ཉན་ཤེས་ཆོས་ཅན། སྒྲ་མི་རྟག་པའི་འབྲས་བུ་ཡིན་ཏེ། རྩོལ་བས་བཙལ་མ་ཐག་ཏུ་བྱུང་བའི་ཕྱིར། གཉིས་པ་དེ་རྟག་པའི་འབྲས་བུར་མི་འཐད་པ་ནི། གལ་ཏེ་ཉན་ཤེས་སྒྲ་རྟག་པའི་འབྲས་བུ་ཡིན་ན། མ་རྩོལ་བའི་སྔ་རོལ་དུའང་ཐོས་པར་འགྱུར་ཏེ། རྟག་པ་ལ་འགྱུར་བ་མེད་པའི་ཕྱིར། འདོད་ན། བཙལ་མ་ཐག་ཏུ་བྱུང་བ་འགལ་ལོ། །གསུམ་པ་རང་ལ་མཚུངས་པ་སྤང་བ་ནི། འོ་ན་ཁྱེད་རང་ལྟར་ན་ཡང་བུམ་འཛིན་གྱི་རྣམ་ཤེས་ལ་རྩིག་པ་ལ་སོགས་པས་བསྒྲིབས་པ་འགལ་ལོ་ཞེ་ན། རྩོད་པ་འདི་ནི་མི་མཚུངས་ཏེ། བུམ་པ་རྟག་པ་རྐྱེན་གྱིས་བསྒྲིབས་པར་འདོད་ན་བདེན་ཡང་བུམ་པ་མི་རྟག་པ་རྐྱེན་གྱིས་རྣམ་ཤེས་ཀྱི་རྒྱུར་འགྱུར་བའི་ཕྱིར། བཞི་པ་འགྱུར་མེད་ལ་དེ་མི་མཚུངས་ཏེ། ངེད་ཀྱང་དེ་ལྟར་འདོད་དོ་ཞེ་ན། རྐྱེན་གྱིས་འགྱུར་བ་དེ་འདྲ་བ་རིག་བྱེད་ལ་མི་འཐད་དེ། འགྱུར་བ་མེད་པའི་ཕྱིར། གཉིས་པ་ནི། སྦྱོར་བའི་དབྱེ་བས་ཡང་དག་གི་སྐབས་སུ་མ་དམིགས་པ་གསུམ་པར་འབྱེད་ན་ནི་དེ་དག་བཟློག་པ་ཉིད་འགལ་བ་ཡིན་པས་འགལ་བའང་གསུམ་དུ་འགྱུར་རོ། །གཉིས་པ་ལ་གསུམ་ལས། གཞན་ལུགས་དགག་པ་ནི་རྟོག་གེ་པ་འགའ་ཞིག སློབ་དཔོན་གྱིས་དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་སམ། རེས་འགའ་ཆོས་ཅན་གྱི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་བྱེད་པའི་ཕྱིར་དེས་ཐ་སྙད་དུ་བྱེད་དོ་ཞེས་གསུངས་པ་ལ་བརྟེན་ནས། ཆོས་དང་ཆོས་ཅན་གྱི་ངོ་བོ་དང་། དེ་གཉིས་ཀྱི་ཁྱད་པར་འགོག་པའི་དབྱེ་བས་འགལ་བ་བཞི་སྟེ། ཆོས་ཅན་གྱི་ངོ་བོ་འགོག་པ་ནི་ཆོས་ཅན་གྱི་ཁྱད་པར་ལ་ཕྱོགས་ཆོས་གྲུབ་ཅིང་། ངོ་བོ་དང་འགལ་བས་ཚོགས་དོན་གྱི་སྤྱི་ཕྱིནཾ་ཅིཾ་ལོགཾ་ཏུ་བྱེད་པ་ཡིན་ལ། མཚན་གཞི་ནི། དངོས་གྱུར་གྱི་ནམ་མཁའ་ཆོས་ཅན། རྟག་སྟེ། མ་བྱས་པའི་ཕྱིར་ཞེས་པའོ་ཞེས་ཟེར་མི་འཐད་དེ། ཆོས་ཅན་གྱི་ངོ་བོ་འགོག་ན་ཕྱོགས་ཆོས་མི་གྲུབ། ཕྱོགས་ཆོས་གྲུབ་ན་ཆོས་ཅན་མི་ཁེགས་ཤིང་། བསྒྲུབ་བྱ་ནམ་མཁའ་དངོས་པོར་ཡོད་པ་ལ་བྱེད་ན་ཆོས་ཀྱི་ངོ་བོ་འགོག་པར་འགྱུར་བའི་ཕྱིར། གཉིས་པ་རང་ལུགས་ནི། སྤྱིར་འགལ་བ་བཞི་སྟེ། ལ་ལ་དངོས་སུ་འགལ་བ་བརྗོད་པ་དང་། ལ་ལ་བརྗོད་པའི་ཤུགས་ཀྱི་འགལ་བར་འགྱུར་བ་དང་། ལ་ལ་ཆོས་བརྗོད་པ་དང་། ཆོས་ཅན་བརྗོད་པའི་འགལ་བའོ། །དེ་དག་ཀྱང་བརྗོད་འདོད་ཀྱི་སྟོབས་ཀྱིས་ཕྱེ་བ་ཡིན་གྱི་དོན་གྱི་སྦྱོར་བ་ཐ་དད་པ་ལས་ནི་མིན་ནོ། །མཚན་གཞི་ནི་རིམ་བཞིན། མི་རྟག་པའི་སྒྲ་རྟག་ཅེས་པ་དང་། རྟག་པ་བྱེད་པ་པོ་ཡིན་ཞེས་པ་དང་། མིག་ལ་སོགས་པ་གཞན་དོན་བྱེད་ཅེས་པ་དང་། གཞན་དོན་བྱེད་པ་མིག་ལ་སོགས་པ་ཞེས་བརྗོད་པ་ལྟ་བུའོ། །གསུམ་པ་རྩོད་སྤོང་ནི། ཡང་དག་ལ་ཡང་དངོས་སུ་སྒྲུབ་པ། ཤུགས་ལ་སྒྲུབ་པ། ཆོས་དང་ཆོས་ཅན་སྒྲུབ་པ་བཞིར་འབྱེད་དགོས་པར་མཚུངས་སོ་ཞེ་ན། ཕྱེ་ནའང་སྐྱོན་མེད་མོད། བྱེད་པ་ཆུང་བའི་ཕྱིར་ན་བཏང་སྙོམས་སུ་མཛད་ནས་དངོས་སུ་མ་ཕྱེ་སྟེ། རྣམ་ངེས་ལས། འགལ་བ་བཞིན་དུ་གཏན་ཚིགས་ལའང་། །ཅི་སྟེ་ཐ་མི་དད་ཅེ་ན། །རྣམ་པར་དབྱེ་བ་ལ་སུས་འགོག །ཅེས་གསུངས་སོ། །གསུམ་པ་ནི། འབྲེལ་པས་ཕྱེ་བ་གཉིས་པོའི་སྟེང་དུ། གྲངས་ཅན་པ་དག་མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་པ་ཡིན་པའི་ཕྱིར་ཞེས་པའི་གཞན་དོན་སྒྲུབ་པ་འགལ་བ་གསུམ་པར་འགྱུར་རོ་ཞེ་ན། བདག་གི་དོན་སྒྲུབ་པ་ལ་བསམས་ནས་གཞན་དོན་བྱེད་པར་བསྒྲུབ་པའི་འགལ་བ་སོགས་འགལ་བ་གསུམ་པ་ནི་འདིར་མི་བཞེད་དེ། ཞེ་འདོད་དང་ནི་སྨྲས་པ་གཉིས། བསྒྲུབ་བྱ་ཉིད་དུ་མཚུངས་པས་སྔ་མའི་ཁོངས་སུ་འདུས་པ་ཡིན་པའི་ཕྱིར། གསུམ་པ་དེ་དག་གི་ངེས་པ་བསམ་པ་ལ་མཐའ་འགོག་གི་ངེས་པ་དང་། དེ་དག་གི་ནུས་པ་ངེས་པ་གཉིས། དང་པོ་ནི། མཐའ་གཞན་འགོག་པའི་ངེས་པ་ཡི་སྒོ་ནས་རྟགས་སུ་བཀོད་པ་ཐམས་ཅད་བཞི་རུ་ངེས་ཏེ། རྟགས་ཀྱི་ཕྱོགས་ཆོས་གྲུབ་མ་གྲུབ་གཉིས་ལས། མ་གྲུབ་ན་མ་གྲུབ་པའི་རྟགས་ལྟར་སྣང་ངོ་། །གྲུབ་པ་ལ་བསྒྲུབ་བྱ་སྒྲུབ་ངེས། འགོག་ངེས། གཉིས་ཀར་མ་ངེས་པ་གསུམ་ལས་རིམ་བཞིན། ཡང་དག འགལ་བ། མ་ངེས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྟགས་སུ་བཀོད་པ་བཞི་པོ་ལ་ནུས་པ་དེའང་རྣམ་པ་བཞི་ཡོད་དེ། དང་པོས་ཆོས་ཅན་གྱི་སྟེང་དུ་ཐེ་ཚོམ་ཙམ་ཡང་བསྐྱེད་མི་ནུས། བཞི་པས་ཐེ་ཚོམ། གསུམ་པས་མི་འདོད་པའི་ངེས་པ། གཉིས་པས་འདོད་པའི་ངེས་པ་བསྐྱེད་པ་ཡིན་ཏེ། མཁས་པ་རྣམས་ཀྱི་གཙུག་གི་ནོར་བུས། ཕྱོགས་ལ་མཐུ་མེད་སོམ་ཉིད་དང་། །མི་འདོད་འདོད་པའི་ངེས་བསྒྲུབ་བྱེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་རྟགས་དེས་རྟོགས་པའི་བསྒྲུབ་བྱ་ལ། མཚན་ཉིད་འགོད་པ། མཚན་གཞི་ངོས་བཟུང་བ། ཕྱོགས་ལ་གནོད་པའི་བསལ་བ་བརྗོད་པའོ། །དང་པོ་ལ་མཚན་ཉིད་ཀྱི་རྣམ་གཅོད་ལ་ལྟོས་ཏེ་ལྔར་བསྟན། ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་སྒྲུབ་པ། དེ་དག་ལ་རྩོད་པ་སྤང་བའོ། །དང་པོ་ནི། མདོ་ལས། སྤྱིར་བསྒྲུབ་བྱ་ཡང་དག བྱེ་བྲག་གཞན་དོན་བསྒྲུབ་བྱ་ཡང་དག་མཚན་ཉིད་ལྔ་ལྡན་དུ་གསུངས་ཏེ། གང་ལ་རྟགས་སུ་སོང་བའི་རྒོལ་བས་མ་གྲུབ་པ་དེའི་ངོར་བསྒྲུབ་པར་བྱ་བའི་རང་གི་ངོ་བོ་ཡིན་གྱི། དེ་ཚད་མས་ཤེས་ཟིན་པ་ད་ལྟ་དྲན་ལམ་ན་མེད་ཀྱང་ཚིག་ཙམ་གྱིས་དྲན་རུང་མིན་པ་དང་། བསྒྲུབ་བྱ་བསྒྲུབ་བྱེད་གཉིས་ཀྱི་ནང་ནས་བསྒྲུབ་བྱ་ཉིད་དེ་ཁོ་ན་ཡིན་གྱི། དཔེ་རྟགས་མ་གྲུབ་པ་ལྟ་བུ་སྒྲུབ་བྱེད་དུ་བཀོད་བཞིན་པ་མིན་པ་དང་། རྒོལ་བ་རང་ཉིད་ཀྱིས་བསྒྲུབ་བྱར་ཁས་བླངས་པ་ཡིན་གྱི། བསྟན་བཅོས་མཁན་པོའི་འདོད་པ་ལུང་དོན་ལྟ་བུ་མིན་པ་དང་། རྒོལ་བས་ངག་ཏུ་དངོས་སུ་སྨྲས་པ་མེད་ཀྱང་ཞེ་བས་དེར་འདོད་པར་འགྱུར་བ་ཡིན་གྱི། ཞེ་བས་མི་འདོད་པ་མིག་སོགས་གཞན་དོན་བྱེད་པ་ལྟ་བུ་མིན་པ་དང་། ཚད་མས་མ་བསལ་བ་ཡིན་གྱི། སྒྲ་རྟག་པ་ལྟ་བུ་དེས་བསལ་བ་རྣམས་མིན་པ་ལྟ་བུའོ། །ལྔ་ལྡན་དེ་ཡང་རྟགས་ཡང་དག་གིས་བསྟན་པར་བྱ་བ་ནི་སྔ་མ་དང་། སྒྲུབ་ངག་ཡང་དག་གི་དོན་གྱི་བསྟན་པར་བྱ་བ་ནི་ཕྱི་མ་སྟེ། འདི་དག་རིག་པའི་གཞུང་ལུགས་བརྒྱད་ཀྱིས་དྲི་མ་མེད་པའི་དོགས་སེལ་དང་དགོངས་པར་སོང་མ་སོང་གཟུར་གནས་ཀྱི་རྣམ་དཔྱོད་ཀྱིས་དཔྱད་དེ་སྐལ་ལྡན་རྣམས་ཀྱི་དགའ་སྟོན། རིགས་པའི་དབང་ཕྱུག་རྣམས་ཀྱི་མཆོད་པའི་རྫས་དམ་པར་འབུལ་ལོ། །མདོར། བསྟན་བྱ་བ་ཁོ་ནའི་དེ་མ་ཐག་འབྱུང་ཞིང་། འདོད་པའི་མཐར་གྱུར་ཅེས་པའི་ཚིག་འབྱུང་ཡང་འདོད་པ་ལ་བསྟན་བྱ་བ་ཁྱད་གཞིར་མ་འབྲེལ་བ་དང་གྱུར་པ་ངེས་བཟུང་དང་བཟློས་པའི་སྐྱོན་མེད་དེ། ངོ་བོ་ཁོ་ནར་བསྟན་པར་བྱ་བ་ནི་ཁྱད་གཞི་ཡིན་ལ་དེ་མ་འོངས་པ་ལ་འཇུག་པའི་སྒྲ་ཡིན་ཞིང་འདོད་གྱུར་ནི་ཁྱད་ཆོས་ཡིན་ལ། དེ་འདོད་འགྱུར་དུ་སོང་ནས་མ་འོངས་པ་ལ་འཇུག་སྟེ་དེས་གྱུར་པའི་ནུས་པ་གཅོད་པའི་ཕྱིར་དང་། གཞི་ཆོས་ཡ་བྲལ་མི་རུང་བའི་ཕྱིར་རོ། །བཤད་ཟིན་པའི་ཟབ་དོན་རྣམས་མ་རྟོགས་པའི་རྟོག་གེ་པ་ཕལ་ཆེར། མདོ་ཚིག་གིས་གཞན་དོན་བསྒྲུབ་བྱ་ཁོ་ནའི་མཚན་ཉིད་བསྟན་པར་སྨྲ་བ་དང་། བསྟན་བྱ་བ་ཚིག་ལྔ་ཆར་གྱི་མཐར་མ་སྟོན་ན། འདོད་ཚིག་ལ་བསྟན་བྱ་བ་ཁྱད་བཞིར་མ་འབྲེལ་ཞེས་སྨྲ་བ་རྣམས་རང་བློའི་སྐྱོན་དུ་ཤེས་པར་གྱིས་ཤིག གཉིས་པ་ནི། རིགས་པའི་སྒོར་རིགས་མི་མཐུན་ནམ་ཡོངས་གཅོད་ལ་ལྟོས་ནས་སྐབས་སུ་བབ་པའི་རྒོལ་བ་རྣམ་དག་གི་བསྒྲུབ་བྱར་འདོད་པར་གྱུར་པ་ཞེས་གསུངས་ཤིང་། རྣམ་འགྲེལ་དུ་དེ་དག་ལ་མ་བསལ་བ་ཚང་བར་དགོངས་ཏེ་མདོའི་ལྔ་པོ་བཞི་དང་བཞི་པོ་གཅིག་ཏུ་བསྡུས་སོ། །གསུམ་པ་ནི། མཚན་ཉིད་གཉིས་པོ་འདི་ལ་གསུམ་ལས། དང་པོ་མ་ཁྱབ་པ་སྤང་བ་ནི། གློ་བུར་བའི་བསྒྲུབ་བྱ་ལ་མ་ཁྱབ་ཁས་བླངས་པ་མེད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དེའི་ཚེ་དངོས་སུ་ཁས་བླངས་པ་མེད་ཀྱང་། སྒྲུབ་བྱེད་གློ་བུར་བ་ཡིན་པས་བསྒྲུབ་བྱ་ཡང་གློ་བུར་དུ་འདོད་པ་ཉིད་ཡིན་ཏེ། དུ་བ་གློ་བུར་བ་མཐོང་བས་བསྒྲུབ་བྱ་མེ་ཁས་ལེན་པ་བཞིན་ནོ། །གཉིས་པ་ཁྱབ་ཆེས་པ་སྤང་བ་ནི། སྐབས་སུ་མ་བབ་པ་དམ་བཅས་པ་ལ་ཁྱབ་ཆེས་ཏེ། དཔེར་ན་སྒྲ་རྟག་མི་རྟག་དྲིས་པ་ན་ལ་མེ་དང་ལྡན་ནོ་ཞེས་དམ་འཆའ་བའང་བསྒྲུབ་བྱར་ཐལ་ལོ། །འདོད་ན། ཚར་གཅད་པར་མི་འགྱུར་རོ་ཞེ་ན། དེ་ལྟ་བུའི་རྩོད་པ་འཇུག་པ་མེད་དེ། བསྒྲུབ་བྱར་ཁས་བླངས་པ་ན་བསྒྲུབ་བྱ་ཡིན་མོད་ཀྱི་ཆ་གཞན་གྱི་སྒོ་ནས་ཚར་བཅད་དུ་འགྱུར་བ་ཡིན་པའི་ཕྱིར་རོ། །གསུམ་པ་རྟགས་ལ་མཚུངས་པ་སྤང་བ་ནི། བསྒྲུབ་བྱ་ལ་ཁས་བླངས་པ་དགོས་པ་ལྟར་རྟགས་ལའང་ཁས་བླང་པ་ཅི་སྟེ་མི་དགོས་ཏེ་དགོས་པར་མཚུངས་པ་ཡིན་ནོ་ཞེ་ན། རྩོད་པ་འདིའང་འཇུག་པ་མེད་དེ། ཚུལ་གསུམ་གྲུབ་ན་ཁས་མ་བླངས་ཀྱང་རྟགས་སུ་འགྱུར་ལ། མ་གྲུབ་ན་ཁས་བླངས་ཀྱང་མི་འགྱུར་ཞིང་། བསྒྲུབ་བྱ་ལ་དངོས་སམ་སྐབས་ཀྱིས་ཁས་བླང་ནས་རྟགས་ཀྱིས་སྒྲུབ་པའི་ཕྱིར་རོ། །འོ་ན་བསྒྲུབ་བྱ་འདི་རྒོལ་བ་གཉིས་པོ་གང་ལ་ལྟོས་ནས་འཇོག་ཅེ་ན། གཉིས་ཀ་ལ་ལྟོས་ཏེ་སྐབས་སུ་བབ་པའི་བསྒྲུབ་བྱར་འོས་པ་ཞིག་ལ་ཕྱི་རྒོལ་གྱིས་རྣ་བ་གཏད་པར་འོས་ལ་དེ་ལས་གཞན་དུ་ཚར་བཅད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་ན། ཕྱྭ་པ་ནི། བསྒྲུབ་བྱའི་མཚན་གཞི་ནི་སྒྲ་མི་རྟག་པ་ལྟ་བུ་དངོས་པོ་ཡིན་གྱི་སྒྲ་རྟག་པ་སོགས་མིན་ཏེ། ཚད་མས་བསལ་བ་འཇུག་པའི་ཕྱིར་དང་། རྟགས་ཀྱི་ནུས་ཡུལ་མིན་པའི་ཕྱིར། ལོ་ཆེན་ནི། བཏགས་པ་དངོས་མེད་ཁོ་ན་ཡིན་ཏེ། གྲུབ་བསལ་མེད་པ་ཞིག་བསྒྲུབ་བྱར་ཁས་བླངས་ན་སྒྲ་རྟག་པར་དམ་བཅས་པའང་སྐྱོན་མེད་དུ་འགྱུར་བའི་ཕྱིར་ཞེས་གསུངས་ཏེ། དེ་ལྟར་དངོས་པོ་དང་སྒྲ་དོན་སོ་སོར་ཕྱེ་སྟེ་བསྒྲུབ་བྱའི་མཚན་གཞིར་འདོད་པ་འཁྲུལ་ཏེ། རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་མི་ནུས་ཤིང་། སྒྲ་དོན་ལ་དགག་སྒྲུབ་བྱེད་པར་གསུངས་པའི་ཕྱིར་དང་། སྒྲ་དོན་རྐྱང་པ་བསྒྲུབས་པས་རང་མཚན་མི་གྲུབ་པར་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། སྒྲའི་དོན་ལ་རང་མཚན་དུ་འཁྲུལ་པ་སྟེ་སྒྲ་མི་རྟག་པ་ལྟ་བུ་བསྒྲུབ་བྱའི་མཚན་གཞི་ཡིན་ནོ། །གསུམ་པ་རྩོད་སྤོང་ནི། མཚན་གཞི་འདི་ལ། དངོས་པོ་སྒྲ་མི་རྟག་པའི་ཚོགས་པ་བསྒྲུབ་བྱར་འདོད་པ་དེ་མི་འཐད་དེ། ཚོགས་པ་མ་གྲུབ་པའི་ཚེ་མཚོན་རྒྱུ་མེད་ཅིང་། གྲུབ་པའི་ཚེ་མཚན་ཉིད་མེད་པའི་ཕྱིར་རོ་ཞེས་རྩོད་པའི་གོ་སྐབས་མེད་དེ། སྔར་རྒོལ་གྱི་གྲུབ་ཀྱང་ཕྱིར་རྒོལ་གྱིས་མ་གྲུབ་པའི་ངོར་སྒྲུབ་དགོས་པའི་ཕྱིར་རོ། །ཡང་དངོས་མེད་སྒྲ་རྟག་པ་བསྒྲུབ་བྱར་འདོད་པ་དེ་མི་འཐད་དེ། དེ་གཉིས་སོ་སོ་བ་བསྒྲུབ་བྱ་མིན་ཞིང་། ཚོགས་པ་མི་སྲིད་པའི་ཕྱིར་རོ་ཞེས་རྩོད་པའི་གོ་སྐབས་ཡང་མེད་དེ་རྟོག་པ་ལ་སྒྲར་སྣང་བ་དེ་སྒྲུབ་པའི་ཕྱིར་རོ། །གསུམ་པ་ལ། སྤྱིའི་རྣམ་གཞག་དང་། སོ་སོའི་རང་བཞིན་ནོ། །དང་པོ་ལ། མཚན་ཉིད། དབྱེ་བསྡུ། རྩོད་སྤོང་ངོ་། །དང་པོ་ནི། ཚད་མའི་བསལ་བའི་མཚན་ཉིད་ནི། དེའི་ཕྱོགས་སུ་དམ་བཅས་ཙམ་ཉིད་ནས་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་ཚད་མས་གྲུབ་པའོ། །གཉིས་པ་ནི། བསལ་བ་ལ་རིགས་སྒོར་རང་ལུང་སོ་སོར་ཕྱེ་ནས་ལྔར་གསུངས་ལ། ལྔ་པོ་དེ་ཀུན་བཏུས་སུ་རང་ལུང་གཉིས་ཡིད་ཆེས་ཞེས་གཅིག་ཏུ་བྱས་ནས་བཞི་རུ་བསྡུས་ཏེ་བཤད་དོ། །འདི་ཡི་རྒྱུ་མཚན་གཅིག་དང་དགོས་པ་གཉིས་ནི་རྣམ་འགྲེལ་དུ་ཚིགས་བཅད་གསུམ་གྱིས་རིམ་བཞིན་བཤད་དོ། །འདིར་ཡང་དེ་བཞིན་དུ་བཤད་ན། བསལ་བ་ལ་བཞི་རུ་གསུངས་པ་ནི་ཡུལ་གྱི་སྒོ་ནས་རྗེས་དཔག་ལ་གསུམ་དུ་ཕྱེ་སྟེ་སེལ་བྱེད་བཞི་ཡོད་པའི་དབྱེ་བ་ཡིན་པའི་ཕྱིར་ཏེ། རྗེས་དཔག་ལ་རྟགས་ཀྱིས་ཁྱབ་པ། ཁས་བླངས་དང་དངོས་སྟོབས་ཀྱིས་གྲུབ་པ་གཉིས། དང་པོ་ལ་རང་གིས་དང་ཐམས་ཅད་ཀྱིས་ཁས་བླངས་པ་གཉིས་སུ་ཡོད་པའི་ཕྱིར་རོ། །དེ་ཡང་བསྡུ་ན་དངོས་སྟོབས་དང་ཁས་བླངས་ཀྱི་བསལ་བ་གཉིས་སུ་འདུས་ཏེ། སེལ་བྱེད་བཞིའི་ནང་ནས་མངོན་སུམ་དང་དངོས་སྟོབས་རྗེས་དཔག་ནི་དངོས་སྟོབས་ཀྱི་ཚད་མ་ཡིན་ཞིང་། ཁས་བླངས་དང་གྲགས་པ་གཉིས་ནི་ཁས་བླངས་པ་ཙམ་གྱིས་དེ་ལས་བྱུང་བ་དང་དེའི་བདག་ཉིད་དུ་སྒྲོ་བཏགས་ནས་བཞག་པ་ཙམ་ཡིན་པའི་ཕྱིར་ན། དེའི་བསལ་བ་ལའང་ཁས་བླངས་ཀྱི་བསལ་བར་བཞག་པ་ཙམ་ཡིན་པའི་ཕྱིར། གཞན་དུ་དངོས་པོ་སྟོབས་ཞུགས་ཡིན་ན་ཁོངས་སུ་བསྡུ་བར་གསུངས་པའང་མི་འཐད་པར་འགྱུར་རོ། །གསུམ་པ་ནི། རྗེས་དཔག་བཞིན་དུ་མངོན་སུམ་ལའང་ཟླ་གཉིས་མེད་དོ་ཞེས་ཟེར་བ་ལ་གཉིས་སྣང་མངོན་སུམ་དུ་ཁས་བླངས་པས་གནོད་པ་ལྟ་བུ་ཁས་བླངས་ཀྱི་བསལ་བ་དང་། བརྗོད་རུང་འཛིན་པའི་མངོན་སུམ་གྱིས་བརྗོད་མི་རུང་ལ་གནོད་པ་ལྟ་བུ་གྲགས་པའི་བསལ་བ་གཉིས་པོ་འཇུག་པའི་ཕྱིར་དྲུག་ཏུ་འགྱུར་རོ་ཞེ་ན། མིན་ཏེ་གཉིས་སྣང་མངོན་སུམ་དུ་བརྗོད་པའམ་ཁས་བླངས་པ་ཙམ་གྱིས་མངོན་སུམ་གྱི་ཚད་མ་མི་འཕེན་ལ། འཕེན་ན་ཡང་ཚིག་ལས་དོན་གྱི་རྣམ་པར་དཔོག་པའི་འབྲས་རྟགས་ལ་བརྟེན་པའི་རྗེས་དཔག་ལས་གཞན་མིན་ལ། སྒྲས་བརྗོད་དུ་རུང་བ་མངོན་སུམ་གྱིས་མི་གྲུབ་པས་མངོན་སུམ་གྱི་གྲགས་བསལ་མི་འཐད་པའི་ཕྱིར་རོ། །གཉིས་པ་ལ་བཞི་ལས། དང་པོ་མངོན་སུམ་གྱི་བསལ་བ་བཤད་ན། དམ་བཅས་ཙམ་ཉིད་ན་དངོས་སུ་སེལ་ནུས་ཀྱི་འགལ་བ་མྱོང་བའི་སྟོབས་ཀྱིས་གྲུབ་པ་མངོན་སུམ་གྱི་བསལ་བའི་མཚན་ཉིད་ཡིན་ནོ། །གཉིས་པ་རྗེས་དཔག་གི་བསལ་བ་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་ན། དངོས་པོ་སྟོབས་ཞུགས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གི་བསལ་བ་ཡིན་ནོ། །གསུམ་པ་ཡིད་བྱེད་ཀྱི་བསལ་བ་ལ་མཚན་ཉིད། དབྱེ་བ། དེ་དག་གི་དོན་ལ་དཔྱད་པ་གསུམ། དང་པོ་ནི། དམ་བཅས་ཙམ་ཉིད་ན་དངོས་སུ་སེལ་ནུས་པའི་འགལ་བ་ཡིད་ཆེས་པའི་ཚིག་གིས་གྲུབ་པ་ཁས་བླངས་ཀྱི་བསལ་བའི་མཚན་ཉིད་ཡིན་ནོ། །གཉིས་པ་ནི། དེ་ལ་དབྱེ་ན་རིགས་སྒོར་གསུངས་པ་ལྟར་ཁས་བླངས་ཀྱི་དང་རང་ཚིག་གི་བསལ་བ་གཉིས་སོ། །གསུམ་པ་ལ། ལུང་དང་རང་ཚིག་གི་ཁྱད་པར། དེ་དང་འགལ་ན་དམ་བཅའ་འཇིག་པ། དེས་ན་གཞན་དོན་ལ་སྒྲ་སྐྱོན་དུ་འགྱུར་བའོ། །དང་པོ་ལའང་གསུམ་ལས། སྔ་རབས་པའི་ལུགས་དཔྱད་ན། གཞན་སྔ་རབས་པ་དག དེ་གཉིས་ཀྱི་ཁྱད་པར་ཡིད་ཆེས་པའི་ལུང་དང་འགལ་བ་དང་། རྒོལ་བ་རང་གི་ཚིག་དང་འགལ་བ་ཡིན་ནོ་ཞེས་ཟེར། གཉིས་པ་སློབ་དཔོན་གྱི་དགོངས་པ་བརྗོད་པ་ལ་ངག་གི་དབྱེ་བར་འགྱུར་ཚུལ། ལུང་དང་འགལ་བ་བྱེ་བྲག་ཏུ་དཔྱད་པ་གཉིས། དང་པོ་ནི། སློབ་དཔོན་ནི་དེ་གཉིས་རྒོལ་བ་ཉིད་ཀྱི་ངག་གི་དབྱེ་བར་བཞེད་དེ། ངག་གི་དབྱེ་བ་སྟེ་ཞེས་གསུངས་པས་སོ། །དེ་ལ་དང་པོ་ནི་སྔར་དམ་བཅས་པ་དང་ཕྱིས་བརྗོད་པ་གཉིས་འགལ་བ་སྟེ། དཔེར་ན་སྔ་མར་དམ་བཅས་ནས་ཕྱིས་མོ་བཤམ་དུ་བརྗོད་པ་བཞིན་ནོ། །ཕྱི་མ་ནི་དམ་བཅས་པའི་དོན་དེ་ཉིད་ལ་དཔག་ན་འགལ་བ་སྟེ། དཔེར་ན་རྗེས་དཔག་ཚད་མ་མིན་ཞེས་བརྗོད་པའི་ཚེ་སྤྱི་གཞལ་བྱ་བདེན་པ་བཀག་ནས་རྗེས་དཔག་ཚིག་དེ་ཉིད་ཀྱི་བརྗོད་བྱར་གྱུར་པའི་གཞལ་བྱ་ཁས་ལེན་པས་སྔ་མ་དང་འགལ་བས་གཞལ་བྱ་ཕྱི་མ་རང་ཚིག་གི་བསལ་བར་འགྱུར་བ་ལྟ་བུའོ། །ཀུན་ལས་བཏུས་སུ་གཉིས་ཀ་ཡང་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་དཔེ་གཅིག་གིས་བསྟན་པ་ནི་ཕྱོགས་མཚོན་དང་རྣམ་གསལ་གྱི་དཔེར་རིམ་བཞིན་ནོ། །རིགས་པའི་སྒོར་ལུང་དང་འགལ་བ་ལ་རྣམ་གསལ་གྱི་དཔེར་བརྗོད་གཞན་དུ་གསུང་སྟེ། ཆོས་ནི་ཚེ་འཕོས་ནས་བདེ་བ་སྟེར་བར་བྱེད་པ་མིན་ནོ་ཞེས་པའོ། །གཉིས་པ་ལ་ལུང་ཁྱད་པར་བ་རྗེས་དཔག་ཏུ་འདུ་བ། ལུང་ཕལ་པ་རང་ཚིག་དང་མཚུངས་པའོ། །དང་པོ་ནི། གཞལ་བྱ་དང་པོ་གཉིས་བརྗོད་བྱར་སྟོན་པ་ལ་ཚད་མ་དང་པོ་གཉིས་དང་། བསྐལ་པའི་དོན་ཤིན་ལྐོག་སྟོན་པ་ལ་རང་ཚིག་འགལ་བ་ཡིས་མི་གནོད་པའི་ལུང་ངམ་གསུང་རབ་ནི་ངེད་ཀྱི་ལུང་ཡིན་ལ། དེ་ལ་བརྟེན་ནས་བརྗོད་དོན་རྟོགས་པའི་བློ་རྗེས་སུ་དཔག་པར་བསྡུས་ཏེ་གསུངས་པ་ཡིན་ཏེ། ཡིད་ཆེས་ཚིག་ནི་མི་བསླུ་བའི་སོགས་སོ། །གཉིས་པ་ནི། དེས་ན་ཞེ་འདོད་དངོས་སྟོབས་རིགས་པས་གྲུབ་པའི་ལུང་ནི་ལུང་ཚད་མ་ཉིད་ཡིན་པས་ལོག་ཕྱོགས་ལ་གནོད་བྱེད་ཡིན་ལ། རིགས་པས་མ་གྲུབ་ན་ལོག་ཕྱོགས་ལ་གེགས་བྱེད་ཉིད་དུ་བཤད་པ་ཡིན་ཏེ། དེ་ཁས་བླངས་ནས་འགལ་ཡང་རང་ཚིག་འགལ་བ་དང་ཕན་ཚུན་སྟོབས་མཚུངས་པས་གནོད་བྱེད་མིན་པའི་ཕྱིར། ལུང་དུ་གྲགས་ཚད་ལུང་ཚད་མ་མིན་ལ། ཞེ་འདོད་ཚད་མས་གྲུབ་པ་དེ་ལུང་ཚད་མ་ཡིན་ཅིང་། ལུང་ལ་འཇུག་ཚུལ་ཡང་སྔར་ལུང་ཁས་བླངས་ནས་ནི་ཕྱིས་དོན་ལ་དཔྱོད་པ་བླུན་པ་ཡིན་པས། སྔར་དཔྱད་ནས་ཕྱིས་ཁས་ལེན་པ་ནི་མཛངས་པའི་ལུགས་ཏེ། བར་སྐབས་ཀྱི་ཚིགས་བཅད་དོ། །གསུམ་པ་རྩོད་སྤོང་ལ། གཞན་གྱི་ལུང་ལ་མཚུངས་པ་སྤང་བ། གེགས་བྱེད་བསྒྲུབ་བྱའི་སྐྱོན་དུ་མི་འགྱུར་བའི་རྩོད་པ་སྤོང་བ་གཉིས། དང་པོ་ནི། ལུང་གཞན་ཁྲུས་ཀྱིས་སྡིག་པ་འདག་པར་སྟོན་པའི་རིག་བྱེད་ཀྱི་ལུང་དང་འགལ་བ་ཡང་ལུང་དང་འགལ་བ་དེར་འགྱུར་ལོ། མ་ཡིན་ཏེ། ཆགས་སོགས་ཆོས་མིན་པ་སྡིག་པའི་རྩ་བ་དང་། ཆགས་བྲལ་སོགས་ཆོས་སུ་ཆད་པར་ལྟ་བ་རྣམས་མིན་པ་གྲུབ་མཐའ་སྨྲ་བ་རྣམས་འཆད་ལ། ཁྲུས་དང་ཆགས་སོགས་སྡིག་པའི་རྒྱུ་མི་འགལ་བས་ཁྲུས་ཀྱིས་སྡིག་པ་འདག་པར་སྟོན་པ་དེ་ལྟ་བུའི་ལུང་རྣམས་ལུང་མིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་རང་གི་ཚིག་དང་བསྟན་བཅོས་དང་འགལ་བ་ཕྱོགས་སྐྱོན་ཅན་མིན་ཏེ། དེ་གཉིས་ཀྱིས་གེགས་བྱས་པ་ལས་བསྒྲུབ་བྱ་ལ་ཐེ་ཚོམ་ཙམ་སྐྱེ་བ་ཡིན་ལ། ཐེ་ཚོམ་ཟ་བ་དེ་ནི་བསྒྲུབ་བྱ་སྐྱོན་མེད་ཉིད་ཡིན་པའི་ཕྱིར་ཞེ་ན། མིན་ཏེ། ཚིག་ཕན་ཚུན་གྱི་གེགས་ཀྱིས་ཐེ་ཚོམ་སྐྱེད་པ་ཡི་སྒོ་ནས་སྐྱོན་དུ་སོང་བ་མིན་གྱི། ཚིག་ཕན་ཚུན་གྱི་གེགས་དེས་བསྒྲུབ་བྱ་མི་གྲུབ་པའི་སྒོ་ནས་སྐྱོན་དུ་འཇོག་པ་ཡིན་པའི་ཕྱིར། གཉིས་པ་ནི། དམ་བཅས་རང་གི་བསམ་པ་སྟོན་པ་ཡིན་ལ་དེ་ལས་འགལ་བ་མེད་པ་དགོས་ཏེ། རང་ལུང་གི་འགལ་བ་གཞི་གཅིག་ལ་འདུས་ན་རྩི་ངན་པའི་ཞོ་ལྟར་རང་གི་དམ་བཅའ་འཇིག་པའི་ཕྱིར། གསུམ་པ་ནི། དེས་ན་རྩོད་པའི་སྐབས་སུ་བརྗོད་པ་ལ་སྐྱོན་མ་ཆགས་པ་གལ་ཆེ་སྟེ། བརྗོད་པ་སྐྱོན་ཅན་གྱིས་རྩོད་པའི་སྐབས་སུ་ཕམ་བསྐྱེད་པའི་ཕྱིར་རོ། །བཞི་པ་གྲགས་པའི་བསལ་བ་ལ་མཚན་ཉིད། དེའི་རང་བཞིན་ངེས་པར་བྱ་བ་གཉིས། དང་པོ་ནི། དམ་བཅས་ཙམ་ཉིད་ན་དེ་དངོས་སུ་སེལ་ནུས་ཀྱི་འགལ་བ་འཇིག་རྟེན་ན་གྲགས་པས་གྲུབ་པ་གྲགས་པའི་བསལ་བའི་མཚན་ཉིད་དོ། །གཉིས་པ་ལ་བསྡུས་ཏེ་བཤད། ཕྱེ་སྟེ་བཤད་པ་གཉིས། དང་པོ་ནི། བརྡ་སྤྲོད་པ་དག་སྒྲ་དང་དོན་ལ་དངོས་འབྲེལ་འདོད་པ་སྔར་བརྗོད་བྱ་རྟགས་པར་བཀག་ཟིན་ཅིང་། སེལ་བ་བརྟག་པར་སྒྲ་ཐམས་ཅད་བརྗོད་འདོད་དབང་གིས་འཇུག་པ་ཡང་གྲུབ་ཟིན་པ་དེས་ན་སེལ་འཇུག་ཏུ་མཛད་བརྗོད་རུང་གི་གྲགས་པའང་འགྲུབ་བོ། །གཉིས་པ་ལ་གཉིས་ལས། ཐོག་མར་མདོའི་ཚིག་འགོད་ན། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ནི་མེད་ལ་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན་བསལ་བ་དེའང་ཕྱོགས་མིན་ནོ་ཞེས་གསུངས་སོ། །གཉིས་པ་དེའི་དོན་གཏན་ལ་དབབ་པ་ལ། བཤད་ཚུལ་དང་པོ་དང་། གཉིས་པ་དང་། དེ་དག་གི་དགོངས་པའོ། །དང་པོ་ལ་གཞན་གྱིས་བཏགས་པ་དགག་པ། རང་གི་འཐད་པ་བརྗོད་པའོ། །དང་པོ་ལ་ཕྱོགས་སྔ་མ་བརྗོད་ན་བརྡ་སྤྲོད་པ་དག་ཡོད་པའི་རྟགས་ཀྱིས་རི་བོང་ཅན་ཟླ་བ་ཡིན་པ་འགོག་པ་ལ་གནོད་པ་མེད་ཅེས་ཟེར་རོ། །གཉིས་པ་དེ་དགག་པ་ལ་ཐུན་མོང་མིན་པར་འགྱུར་བ་དང་། འགལ་བར་འགྱུར་བའོ། །དང་པོ་ནི། རྟགས་འདི་ལ་དཔེ་མེད་པས་ཐུན་མོང་མིན་པ་ཡིན་ཏེ། དཔེར་གང་བཞག་པ་རྣམས་ལ་སྒྲ་ཀུན་བརྗོད་དུ་རུང་བའི་ཕྱིར་རོ། །དེས་ན་རྟགས་ཀྱི་གཙོ་བོ་ཡོད་པ་ལའང་རྗེས་འགྲོ་མེད་ན་རྟགས་ཕལ་བ་གང་བཀོད་ཀྱང་རྗེས་འགྲོ་མེད་པས་ཐུན་མོང་མིན་པར་འགྱུར་བ་ལྟ་ཅི་སྨོས། གཉིས་པ་ནི། སྒྲ་དོན་གྱི་ཡོད་པ་སྟེ་རྟོག་པ་ལ་སྣང་བའི་ཡོད་པ་ཐམས་ཅད་ལ་ཟླ་བའི་སྒྲས་བརྗོད་དུ་རུང་བའི་ཕྱིར། ཡོད་པ་ནི་འགལ་བ་ཡིན་ནོ། །གཉིས་པ་ལ་བརྗོད་དུ་རུང་བའི་གྲགས་པ་དང་། སྒྲ་ལས་བྱུང་བའི་གྲགས་པའོ། །དང་པོ་ལ་གསུམ་ལས། དང་པོ་དེ་ངོས་བཟུང་ན། འཇིག་རྟེན་ཡུལ་ལུགས་ཀྱི་དཔྱད་པ་ལས་བྱུང་བའི་སྒྲའི་བརྗོད་རུང་དེ་ཉིད་ལ་གྲགས་པ་ཡིན་པར་བཞེད་དེ། ཐ་སྙད་ལས་ནི་བསྐྱེད་པ་ཡི། །ཞེས་གསུངས་སོ། །གཉིས་པ་དེ་ཐམས་ཅད་ལ་ཁྱབ་པར་སྒྲུབ་པ་ནི། འཇིག་རྟེན་གྱི་སྒྲ་དེ་ཡང་ཤེས་བྱ་ཐམས་ཅད་ལ་འཇུག་ཏུ་རུང་བའི་ཕྱིར་ན་བརྗོད་རུང་གྲགས་པས་དོན་ཀུན་ལ་ཁྱབ་པ་ཡིན་ནོ། །གསུམ་པ་རྩོད་སྤོང་ནི། བརྗོད་རུང་ལ་གྲགས་པའི་སྒྲ་སྟེ་མིང་འདོགས་པ་འཇིག་རྟེན་པ་དང་འགལ་ཏེ། བུམ་སོགས་ལ་འཇིག་རྟེན་ན་ཟླ་བར་མ་གྲགས་པའི་ཕྱིར་ཞེ་ན་མིན་ཏེ། དངོས་སུ་མེད་ཀྱང་ཤེས་བྱ་ཀུན་ལ་ནུས་པ་ཡོད་པས་འཇུག་ཏུ་རུང་བ་ལ་གྲགས་པའི་སྒྲ་སྟེ་ཐ་སྙད་མཛད་དེ། འཚེད་པའི་ནུས་པ་ཡོད་པ་ལ་འཚེད་པ་ཞེས་བརྗོད་པ་བཞིན་ནོ། །གཉིས་པ་ལ། སྒྲ་བྱུང་གི་གྲགས་པ་ངོས་བཟུང་། དེ་རྗེས་དཔག་ཏུ་བསྡུ་བའོ། །དང་པོ་ནི། སྒྲ་ལས་བྱུང་བའི་གྲགས་པ་དང་། །ཞེས་གསུངས་པའི་དགོངས་པ་ཡང་གྲགས་པ་སྟེ་ཟླ་སྒྲས་བརྗོད་རུང་དོན་ཐམས་ཅད་ལ་གྲུབ་ན་ཡང་སྒྲ་ནི་བརྡ་ལ་བརྟེན་པ་དང་བརྡ་ཡང་བརྗོད་འདོད་ལ་བརྟེན་པའི་ངང་ཚུལ་ཅན་དུ་གྲུབ་ན་ནི་གྲགས་པ་བདེ་བླག་ཏུ་འགྲུབ་བོ་ཞེས་བསྟན་པའི་ཕྱིར་ཡིན་ནོ། །གཉིས་པ་ནི། བརྗོད་རུང་གི་ལོག་ཕྱོགས་འཇལ་བའི་འགལ་བ་ལ་མི་འཁྲུལ་པ་མི་སྲིད་དེ། བརྗོད་རུང་གྲགས་པའི་རྗེས་དཔག་གིས་གྲུབ་པས་སོ། །གཉིས་པ་ལ། རྗེས་དཔག་ལས་གྲགས་པ་ཡུལ་ཐ་དད་པར་སྒྲུབ། དེ་ལ་གཞན་གྱིས་བརྟགས་པ་དགག སློབ་དཔོན་ཉིད་ཀྱི་དགོངས་པ་དཔྱད་པའོ། །དང་པོ་ནི། གང་ལ་ཐུན་མོང་མིན་པའི་ཕྱིར་རྗེས་སུ་དཔག་པ་ནི་མེད་ལ་ཞེས་གསུངས་པའི་དོན། བརྗོད་མི་རུང་ལ་དངོས་སྟོབས་ཀྱི་རྗེས་དཔག་མེད་པར་སྟོན་པས། དངོས་སྟོབས་རྗེས་དཔག་ལས་གྲགས་པ་ཡུལ་ཐ་དད་པར་གསུངས་ཏེ། འདི་ལྟར་གྲགས་པ་སྟེ་སྒྲ་རྣམས་དངོས་པོས་སྐྱེད་ན་ནི་དངོས་སྟོབས་རྗེས་དཔག་བཞིན་དུ་ཡུལ་ངེས་པ་ཅན་དུ་འགྱུར་བ་ཞིག་ན་བརྗོད་འདོད་ཀྱི་དབང་གིས་ཕར་སྦྱར་བ་ལ་སྒྲ་རྣམས་དོན་གང་ལའང་མི་འཇུག་པ་མེད་དོ། །གཉིས་པ་ལ། བརྡ་སྤྲོད་པའི་རྟགས་ཐུན་མོང་མིན་པར་འགྱུར་བ། རང་གི་སྡེ་པའི་འཆད་ཚུལ་མི་འཐད་པའོ། །དང་པོ་ནི། དེས་ན་ཡོད་པའི་རྟགས་ཀྱིས་རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་རྟགས་འདི་མཐུན་དཔེ་དང་ཐུན་མོང་ཉིད་མིན་ཏེ། ཀུན་ལ་འཇུག་ཏུ་རུང་བ་ཡི་གྲགས་པ་ཡུལ་འདིར་མི་འཇུག་ཅེས་བརྗོད་པའི་དཔེ་གཞན་རྙེད་དཀའ་བས་སོ། །དཔེར་ན་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་བཞིན་ནོ། །གཉིས་པ་ནི། །ཊཱིཀ་བྱེད་པ་དག་ལུང་དོན་ནི་བརྗོད་རུང་དཔོག་པའི་གྲགས་པ་ཉིད་ལ་དཔེ་མེད་པར་སྟོན་ཏེ། འཇིག་རྟེན་ན་ཟླ་བ་གཅིག་ལས་མེད་པ་ཆོས་ཅན་ཡིན་ལ། ཟླ་བ་མིན་པ་ལ་ཟླ་སྒྲ་མི་འཇུག་པའི་ཕྱིར་ཞེ་ན། མིན་ཏེ། གྲགས་པ་སྤྱིའི་མཚན་ཉིད་འཆད་པའི་སྐབས་ཡིན་པས། རི་བོང་ཅན་ལ་དཔེར་མཛད་ནས་ཤེས་བྱ་ཀུན་ལ་གྲགས་པས་ཁྱབ་པར་བསྟན་པའི་ཕྱིར་དང་། ད་ཏྲིཀ་ཤིང་མིན་པ་སོགས་ལའང་གྲགས་པས་གནོད་པར་མཚུངས་པའི་ཕྱིར། གསུམ་པ་སློབ་དཔོན་གྱི་དགོངས་པ་དཔྱད་པ་ལ། ཟླ་བའི་སྒྲ་ཐུན་མོང་བར་སྒྲུབ། དེ་དངོས་པོ་སྟོབས་ཞུགས་སུ་འགྱུར་བ་བརྗོད་རུང་འགོག་ན་གྲགས་པ་དང་འགལ་བའོ། །དང་པོ་ནི། བསིལ་ཟེར་ཅན་ཟླ་བར་སྒྲུབ་པ་དཔེ་དང་ཐུན་མོང་བའི་རྟགས་ཡིན་ཏེ། ག་བུར་དང་ནི་དངུལ་ཆུ་སོགས་ལ་ཟླ་བའི་སྒྲ་ནི་གཞན་དུ་སྟེ་སྤོས་སྦྱོར་དང་བཅུད་ལེན་གྱི་བསྟན་བཅོས་སུ་གྲགས་ལ། དེ་ཉིད་དཔེར་བྱས་ནས་སོ། །གཉིས་པ་ནི། བརྡ་ལ་བརྟེན་པའི་སྒྲ་རྣམས་ཐམས་ཅད་ལ་འཇུག་པས་ཐུན་མོང་བ་ཉིད་ཡིན་ལ། ཁྱབ་སྟེ། བརྡ་ཡུལ་གཅིག་ལ་འཇུག་པར་གྲུབ་ནའང་ཀུན་ལ་འཇུག་རུང་དུ་གྲུབ་པ་འདི་ནི་དངོས་པོ་སྟོབས་ཞུགས་ཡིན་པའི་ཕྱིར། བརྗོད་འདོད་ཀྱི་གྲགས་པ་འགོག་ན་ཁྱེད་ཀྱིའང་རི་བོང་ཅན་ཟླ་བ་ཡིན་པ་སོགས་འཇིག་གོ །གསུམ་པ་ནི། དེས་ན་འདོད་པས་ཕར་སྦྱར་བའི་བརྡ་དོན་ཀུན་ལ་འཇུག་ཏུ་རུང་བཞིན་དུ་བརྗོད་རུང་འགོག་ན་གྲགས་པ་དག་དང་འགལ་བར་དགོངས་ཏེ་འཇིག་རྟེན་གྱིས་གནོད་པས་སོ། །གསུམ་པ་དེ་དག་གི་དགོངས་པ་བཤད་པ་ལ། གཞན་ལུགས་དགག རང་གི་འདོད་པ་བརྗོད་པའོ། །དང་པོ་ལ་གསུམ་ལས། ཐོག་མར་བརྡ་དང་ཐ་སྙད་དུ་འབྱེད་པ་དགག་ན། གཙང་ལ་ལ་མིང་གི་རྣམ་པ་ཙམ་གྱི་ཞེན་རུང་ནི་བརྡ་དང་། དོན་ལྡོག་ངེས་པ་ལ་སྒྲ་བློས་ཞེན་རུང་ནི་ཐ་སྙད་ཀྱི་གྲགས་པ་གཉིས་སུ་འབྱེད་པ་ཡོད་དོ། །འདི་མི་འཐད་དོ། །མཚོན་བྱ་ལ་ཐ་སྙད་དུ་བྱེད་པ་ནི་གྲགས་པ་འཆད་པ་འདི་ཡི་སྐབས་དོན་མིན་ལ། འཇིག་རྟེན་དཔྱོད་པའི་ལུགས་ལ་བྱེད་ན་སྒོ་གསུམ་གྱི་བྱ་བ་ལ་འཇུག་པས་འགའ་ཞིག་གི་ཡིན་ལ་འགའ་ཞིག་མིན་པའི་ཕྱིར་དང་། ཐ་སྙད་ཀྱི་མཚན་ཉིད་དེ་འདྲ་སྔར་མཚན་ཉིད་བརྟགས་པར་བཀག་ཟིན་པའི་ཕྱིར། གཉིས་པ་བརྡ་ལ་དངོས་དང་ཞེན་པར་འབྱེད་པ་དགག་ན། བརྡའི་གྲགས་པ་ལའང་དངོས་དང་ཞེན་པའི་བརྗོད་རུང་གི་དབྱེ་བ་གཉིས་ཡོད་དོ་ཞེས་ཟེར། དེའང་དང་པོ་ནི་དོན་སྤྱི་དང་ཕྱི་མ་དངོས་པོར་བྱས་ནས། ཟླ་སྒྲས་དངོས་སམ་ཞེན་པའི་སྒོ་ནས་བརྗོད་དུ་རུང་སྟེ། རྟོག་ངོར་ཡོད་པའམ་རང་མཚན་དུ་ཡོད་པའི་ཕྱིར། བུམ་པའི་དོན་སྤྱི་དང་རང་མཚན་བཞིན། བཤད་ཚུལ་དང་པོས་ཞེན་པ་དང་ཕྱི་མས་དངོས་ཀྱི་བརྗོད་རུང་འཆད་པ་ཡིན་ཟེར་མི་འཐད་དེ། འཆད་པའི་ཚེ་ན་དངོས་ཞེན་གཉིས་སུ་དབྱེར་ཡོད་མོད་ཀྱི། འཇུག་པའི་ཚེ་དེ་འདྲའི་རྣམ་དབྱེ་མེད་པར་བཤད་ཟིན་པའི་ཕྱིར། གསུམ་པ་དེས་ན་བཤད་ཚུལ་གཉིས་ལ་སྦྱར་བ་འཁྲུལ་པ་ནི། དེས་ན་མདོའི་བཤད་ཚུལ་ཕྱི་མ་དང་དང་པོ་རྣམ་པ་གཉིས་རིམ་བཞིན་དངོས་པོ་དང་ཞེན་པའི་བརྗོད་རུང་གི་གྲགས་པར་འཆད་པ་འཁྲུལ་པ་ཡིན་ནོ། །གཉིས་པ་རང་གི་འདོད་པ་ནི། དེས་ན་འཆད་ཚུལ་སྔ་མས་ནི་སྒྲ་བྱུང་གྲགས་པ་གང་གིས་ཀྱང་མི་ཁེགས་པ་ཡིན་ཏེ། དེའི་ལོག་ཕྱོགས་སྒྲུབ་པ་ལ་རྟགས་སམ་རྗེས་དཔག་མེད་པའི་ཕྱིར་ཞེས་པའམ་ཡང་ན་དེ་ལ་འགལ་ཟླ་མེད་པ་ངེས་པའི་ཕྱིར། ལོག་ཕྱོགས་ལ་གནོད་བྱེད་ཡིན་ཏེ། དེ་ལ་འགལ་ཟླ་མེད་པའི་ཕྱིར་རོ་ཞེས་བསྟན་ཏོ། །འཆད་ཚུལ་ཕྱི་མ་ནི། གྲགས་པའི་རྗེས་དཔག་ལས་དངོས་སྟོབས་རྗེས་དཔག་ཡུལ་གྱི་དབྱེ་བ་ཐ་དད་པར་བསྟན་པའི་ཕྱིར་ཡིན་ཏེ། རྗེས་དཔག་གི་ཡུལ་དངོས་པོ་ཡིན་ལ། འདི་ཡི་ཡུལ་སྒྲོ་བཏགས་ཡིན་པའི་ཕྱིར་རོ། །སྔར་བཤད་པ་དེ་ལྟར་སེལ་བའི་སྒོ་ནས་བརྗོད་བྱ་རྗོད་བྱེད་ཤེས་ན་གྲགས་པ་ཡི་བསལ་བ་མཁས་པའི་དགོངས་པ་བཞིན་འགྲུབ་པ་ཡིན་ནོ། །ཚད་མ་རིག་པའི་གཏེར་ལས་རང་དོན་རྗེས་དཔག་བརྟག་པའི་རབ་ཏུ་བྱེད་པ་བཅུ་པའི་རྣམ་བཤད་བསྟན་ཟིན་ཏོ།།  ༈  །།གཉིས་པ་གཞན་དོན་རྗེས་དཔག་ལ། མཚན་ཉིད། སྨྲ་བ་པོའི་གང་ཟག རྩོད་པའི་སྐབས་ཀྱི་ངག་གི་རབ་དབྱེའོ། །དང་པོ་ནི། གཞན་དོན་རྗེས་དཔག་གི་མཚན་ཉིད་ནི། སྔར་རྒོལ་རང་ཉིད་ཀྱིས་མཐོང་བའི་ཚུལ་གསུམ་གཞན་ཕྱི་རྒོལ་ལ་སྒྲ་སྐྱོན་དང་བྲལ་བར་སྟོན་པའི་ངག་གོ །གཉིས་པ་ལ་སོ་སོའི་མཚན་ཉིད། དེ་དག་རྒྱལ་ཕམ་གྱི་རྣམ་གཞག དེ་ལ་དབང་པོས་ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། སྒྲུབ་བྱེད་བརྗོད་པར་ཁས་ལེན་པ་དང་། སུན་འབྱིན་བརྗོད་པར་ཁས་ལེན་པ་དང་། དེ་རྒྱལ་ཕམ་བརྡ་སྤྲོད་པར་ཁས་ལེན་པའི་གང་ཟག་ནི། རྒོལ་བ་དང་། ཕྱིར་རྒོལ་བ་དང་། དབང་པོ་གསུམ་གྱི་མཚན་ཉིད་དུ་རིམ་བཞིན་ནོ། །གཉིས་པ་ནི། རྒོལ་བ་གཉིས་པོ་ལ་གང་སྐྱོན་ཅན་བརྗོད་པ་དང་། ཡོན་ཏན་ཏེ་སྐྱོན་མེད་བརྗོད་པ་ཡི་སྒོ་ནས་ཚར་བཅད་པ་དང་རྗེས་སུ་འཛིན་པ་འཇུག་ལ། སྐྱོན་ཡོན་དང་ལྡན་པ་དེ་ལྟར་སྟོན་ན་རྒྱལ་ཕམ་ཡོད་དེ། རྒོལ་བས་སྒྲུབ་བྱེད་ཡང་དག་བཀོད་པ་ལ་ཕྱིར་རྒོལ་གྱིས་སྐྱོན་མ་བརྗོད་ན་ཕྱིར་རྒོལ་ཕམ་ལ། རྒོལ་བས་སྒྲུབ་བྱེད་ལྟར་སྣང་བཀོད་པ་ལ་ཕྱིར་རྒོལ་གྱིས་སྐྱོན་ཡང་དག་བརྗོད་ན་རྒོལ་བ་ཕམ་ཞིང་། དེ་ལྟར་མིན་པར་རྒོལ་བས་སྒྲུབ་བྱེད་ལྟར་སྣང་བཀོད་ཀྱང་ཕྱིར་རྒོལ་གྱིས་སྐྱོན་མ་བརྗོད་པའམ་སྐྱོན་ལྟར་སྣང་ཞིག་བརྗོད་ཀྱང་རྒོལ་བས་ཚེར་མ་འབྱིན་མ་ཤེས་ན་གཉིས་ཀ་ལ་རྒྱལ་ཕམ་གཉིས་ཀ་མེད་པར་རྩོད་རིགས་ལས་གསུང་སྟེ། སྐྱོན་ཅན་ཡིན་ཡང་སྒྲུབ་པ་དང་སུན་འབྱིན་པ་མ་ཤེས་པའི་ཕྱིར་དང་། རྒྱལ་ཕམ་གྱི་རྣམ་གཞག་རྒོལ་བ་གཉིས་ཀྱི་སྤོབས་པ་འཇོམས་ནུས་མ་ནུས་ལ་རགས་ལས་པའི་ཕྱིར་དང་། རྫུན་དང་གཡོ་དང་ཚིག་དོར་ལ་སོགས་པ་གཡོ་སྒྱུས་བསླུས་ཤིང་ཚར་བཅད་ཀྱང་དེ་ལ་རྒྱལ་ཕམ་ཡོད་པར་མི་བཞེད་དེ། གྲུབ་མཐའ་སྲུང་མི་ནུས་པས་སོ། །གསུམ་པ་ལ། སྤྱིར་ཚར་བཅད་པ་དང་རྗེས་སུ་བཟུང་བའི་ཚུལ། བྱེ་བྲག་ཏུ་ཚར་བཅད་ཀྱི་གནས་གཏན་ལ་ཕབ་པའི་ཚུལ་ལོ། །དང་པོ་ནི། འཇིག་རྟེན་པ་རྣམས་ནི་སྲོག་དང་ནོར་ལ་སོགས་པ་འཕྲོག་པས་ཚར་བཅད་པ་དང་། གོ་འཕངས་སྦྱིན་པ་ལ་སོགས་པས་རྗེས་སུ་འཛིན་པར་འདོད་ལ། དམ་པ་མཁས་པའི་གྲྭ་སར་ནི་གྲུབ་མཐའ་ནོར་བ་དོར་བ་དང་། བདེན་པ་ལེན་པ་དང་། དེ་ལྟར་སྒྲོགས་པར་བྱེད་པ་ལ། ཚར་བཅད་པ་དང་། རྗེས་འཛིན་དུ་འདོད་དོ། །གཉིས་པ་ལ་འཐད་པ་བརྗོད་པ་དང་། འཁྲུལ་བ་དགག་པ་གཉིས། དང་པོ་ནི། ཚར་བཅད་ཀྱི་རྩ་བའི་དབྱེ་བ་གཉིས་ཡིན་ལ། དེ་ལས་ཕྱེ་བའི་བཞི་ཡོད་དེ་རྒོལ་བ་ལ་སྒྲུབ་པའི་ཡན་ལག་མི་བརྗོད་པ་དང་། ཡན་ལག་མིན་པ་བརྗོད་པ་དང་། ཕྱིར་རྒོལ་ལ་སྐྱོན་མི་བརྗོད་པ་དང་། སྐྱོན་མིན་པ་བརྗོད་པ་གཉིས་སོ། །འདི་ནི་རིག་པ་མཁྱེན་པའི་དགོངས་པ་ཡིན་ཏེ། རྩོད་རིག་ལས། སྒྲུབ་པའི་ཡན་ལག་མི་བརྗོད་ཅིང་། །ཞེས་སོགས་གསུངས་སོ། །གཉིས་པ་ལ། གངས་ཅན་པའི་ལུགས་དང་། རྐང་མིག་གི་ལུགས་དགག་པ་གཉིས། དང་པོ་ནི། གངས་ཅན་པ་རྣམས་རྒོལ་བ་ལ་དྲིས་པའི་ཚེ་ལན་མི་བརྗོད་པ། སྐྱོན་ཅན་བརྗོད་པ། མ་དྲིས་པ་བརྗོད་པ་སྟེ་གསུམ་དང་། སྐྱོན་སྤོང་བའི་ཚེ། སྐྱོན་མི་སྤོང་བ། ལན་ལྟར་སྣང་བ། སྐབས་སུ་མ་བབ་པའི་ལན་བརྗོད་པ་སྟེ་གསུམ་གཉིས་སྡོམ་པས་དྲུག ཕྱིར་རྒོལ་ལ་ཡང་འདྲི་བའི་ཚེ་མི་འདྲི་བ། མི་འོས་པ་འདྲི་བ། མ་འབྲེལ་བ་འདྲི་བ་གསུམ། སྐྱོན་བརྗོད་པ་སྐབས་སུ་བབ་པའི་ཚེ་སྐྱོན་མི་བརྗོད་པ། སྐྱོན་ལྟར་སྣང་བརྗོད་པ། སྐབས་སུ་མ་བབ་པའི་སྐྱོན་བརྗོད་པ་གསུམ་གཉིས་སྡོམ་པས་དྲུག དཔང་པོ་ལ་ཤན་མི་འབྱེད་པ། ཕྱིན་ཅི་ལོག་ཏུ་འབྱེད་པ། སྐབས་མིན་པར་འབྱེད་པ་གསུམ། ཀུན་ལ་ཐུན་མོང་དུ་རྣ་བ་མི་གཏོད་པ་གཅིག་དང་བཅུ་དྲུག་འདོད་དོ། །མི་འཐད་དེ། ཚར་བཅད་ཡིན་ན་སྔ་མ་གཉིས་སམ་བཞིར་འདུས་ལ། དེར་འདུས་པ་མིན་ན་ཚར་བཅད་ཉིད་མིན་པའི་ཕྱིར་དང་། དཔང་པོ་ལ་ནི་ཚར་བཅད་མེད་ལ། ཅི་ནས་བྱེད་ན་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་ནི། དམ་བཅའ་ལ་གནོད་དམ་བཅའ་གཞན། །དམ་བཅའ་འགལ་དང་དམ་བཅའ་སེལ། །གཏན་ཚིགས་གཞན་དང་དོན་གཞན་དང་། །དོན་མེད་པ་དང་དོན་མི་ཤེས། །དོན་བྲལ་དུས་ལ་མ་བབ་དང་། །མ་ཚང་ལྷག་དང་ཡང་བརྗོད་དང་། །རྗེས་སུ་མི་སྨྲ་མི་ཤེས་དང་། །སྤོབས་པ་མེད་དང་རྣམ་གཡེང་དང་། །འདོད་པ་ཁས་ལེན་བརྒལ་བརྟག་འདོར། །རྗེས་སུ་སྦྱོར་མེད་ལ་སྦྱོར་དང་། །གྲུབ་མཐའ་ཉམས་དང་རྟགས་ལྟར་སྣང་། །ཞེས་པ་ལྟར་ཐུབ་པ་རྐང་མིག་གིས་བཤད་པ་ཚར་བཅད་ཉི་ཤུ་རྩ་གཉིས་ཡིན་ནོ། །གྲངས་ངེས་དེ་མི་འཐད་དེ། ཉེར་གཉིས་པོ་དེ་ལ་དཔལ་ལྡན་གྲགས་པ་ཡིས་འགའ་ཞིག་ཚར་བཅད་མ་ཡིན་པར་བཤད་ལ། གང་ཚར་བཅད་ཡིན་ན་གཉིས་པོའམ་བཞི་པོར་སྡུད་པའི་ཕྱིར། དེ་དག་ཕྱེ་སྟེ་བཤད་ན། མི་མཐུན་པའི་ཆོས་རང་གི་དཔེ་ལ་ཁས་ལེན་པ་ནི་དམ་བཅའ་ལ་གནོད་པའི་ཚར་བཅད་དེ། དཔེར་ན་སྒྲ་མི་རྟག་སྟེ། དབང་པོས་གཟུང་བྱ་ཡིན་པའི་ཕྱིར་ཞེས་བརྗོད་པ་ལ། ཕྱིར་རྒོལ་གྱིས་སྤྱིའི་སྒོ་ནས་ལྡོག་སྟེ། དབང་པོས་གཟུང་བྱ་ཡིན་པའི་ཕྱིར་སྒྲ་རྟག་ཅེས་བརྗོད་ན་སྔར་གྱི་དམ་བཅའ་ལ་གནོད་པས་སོ་ཞེས་ཟེར་རོ། །དེ་ནི་ཚར་བཅད་གཞན་མིན་ཏེ། སྒྲུབ་པའི་ཡན་ལག་མིན་པ་བརྗོད་པ་ཡིན་པའི་ཕྱིར། དམ་བཅས་པ་བཀག་པ་ལ་ཆོས་རྣམ་པར་བརྟགས་ནས་དེའི་དོན་སྟོན་པ་ནི་དམ་བཅའ་གཞན་པའི་ཚར་བཅད་དེ། དཔེར་ན་སྒྲ་མི་རྟག་པར་དམ་བཅས་པ་ལ་དབང་པོས་གཟུང་བྱ་ཉིད་ཀྱི་རྟགས་བརྗོད་པའི་ཚེ། རྟགས་དེ་མ་ངེས་པར་བསྟན་ཏེ་བཀག་པ་ལ། ཆོས་ཀྱི་བྱེ་བྲག་སྤྱི་དང་བུམ་པ་གཉིས་ཐམས་ཅད་དུ་འགྲོ་བ་མིན་པ་ལྟར་སྒྲ་ཡང་ཐམས་ཅད་དུ་འགྲོ་བ་མིན་ཞེས་དམ་བཅའ་གཉིས་པ་སྟོན་པ་བཞིན་ནོ། །དེ་ཡང་དམ་བཅའ་གཞན་གྱིས་སྒྲུབ་མི་ནུས་པས་སྐྱོན་ཡིན་ནོ་ཞེས་ཟེར་བ་ལ། དེ་ནི་དམ་བཅའ་གཞན་གྱིས་སྒྲུབ་པ་མིན་གྱི། འདིར་ནི་བསྒྲུབ་བྱ་མ་བསྟན་པར་སྒྲུབ་བྱེད་བསྟན་ནས་རྒོལ་བས་སུན་འབྱིན་ཤེས་ན་མ་ངེས་པ་བརྗོད་པར་འདུས་སོ། །དམ་བཅའ་རྟགས་དང་འགལ་བ་ནི་ཡོན་ཏན་ལས་མ་རྟོགས་པ་རྫས་དམ་བཅས་ནས་གཟུགས་སོགས་ལས་དོན་གཞན་མ་དམིགས་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །སོགས་པ་དམ་བཅའ་དང་དཔེ་འགལ་བ་ནི། སྒྲ་རྟག་སྟེ་དཔེར་ན་བུམ་པ་བཞིན་ཞེས་པ་དང་། དམ་བཅའ་དང་རང་ཚིག་འགལ་བ་དཔེར་ན་དགེ་སྦྱོང་མ་སྦྲུམ་མའམ། བདག་མེད་དོ་ཞེས་པ་ལྟ་བུའོ་ཟེར། དེ་ནི་སྦྱོར་བ་ལ་དམ་བཅའ་བརྗོད་ན་ལྷག་པའི་སྐྱོན་ཡིན་པས་དེ་ཉིད་ཀྱི་སྒོ་ནས་ཚར་བཅད་དུ་འགྱུར་གྱི། གཞན་དོན་མེད་དེ་དམ་བཅའ་ཚིག་ཏུ་མ་བརྗོད་པར་ཞེ་འདོད་ཀྱི་དམ་བཅའ་དང་གཏན་ཚིགས་འགལ་ན་རྟགས་སྐྱོན་གསུམ་དུ་འགྱུར་ལ། རྟགས་ལ་སྐྱོན་མེད་ན་ཚར་བཅད་མིན་པའི་ཕྱིར། དམ་བཅའ་སེལ་བ་ནི་ཕྱོགས་ལ་དམ་བཅའ་བའི་དོན་སེལ་བ་སྟེ། དཔེར་ན་སྒྲ་མི་རྟག་སྟེ། དབང་པོས་གཟུང་བར་བྱ་བའི་ཕྱིར་ཞེས་བཀོད་པ་ན། རྟགས་སྤྱི་ལ་ཡང་འཇུག་པས་མ་ངེས་སོ་ཞེས་བཀག་པའི་ཚེ་སྒྲ་མི་རྟག་པར་སུ་སྨྲ་ཞེས་སྔར་གྱི་དམ་བཅའ་འདོར་བའོ་ཞེ་ན། སྔ་མ་དེ་མ་ངེས་པ་བརྗོད་པའི་ཚར་གཅད་དུ་འདུས་པས་ངག་གཉིས་པ་ལ་ཚར་བཅད་འཇོག་པ་དོན་མེད་ཡིན་ནོ། །རྟགས་ཁྱད་པར་མེད་པ་བཀག་ནས་ཁྱད་པར་འདོད་པ་གཏན་ཚིགས་གཞན་པ་ཡིན་ཏེ། དཔེར་ན་གསལ་བ་འདི་དག་རང་བཞིན་གཅིག་ཡིན་ཏེ། ཚད་ཡོད་པའི་ཕྱིར་ཞེས་བཀོད་པ་ན། རྟགས་དེ་མ་ངེས་པར་བསྟན་ནས་བཀག་པ་ན་གཏན་ཚིགས་ཁྱད་པར་གཞན་ཡོད་པར་འདོད་པ་ལྟ་བུའོ་ཞེ་ན་མི་འཐད་དེ། སྔ་མའི་ངག་རྫོགས་ན་མ་ངེས་པའི་སྐྱོན་ཡིན་པས་གཉིས་པ་དཔྱད་ཅི་དགོས། ངག་མ་རྫོགས་ཤིང་ལན་གྱི་སྐབས་མི་སྟེར་ན་ཚར་བཅད་ཉིད་མིན་པའི་ཕྱིར་རོ། །རྣལ་མའི་དོན་དང་མ་འབྲེལ་བ་ནི་དོན་གཞན་ཞེས་བྱ་བ་ཡིན་ཏེ། དཔེར་ན་སྒྲ་རྟག་སྟེ། རེག་བྱ་མིན་པའི་ཕྱིར་ཞེས་བཀོད་པ་ལ། རྟགས་ཀྱི་སྒྲ་དོན་ཅི་ཞེས་བྱ་བ་ལས་བརྩམས་ཏེ། རྟགས་ཀྱི་སྐད་དོད་ཀྱི་སྒྲ་སྒྲུབ་འཆད་པ་ལྟ་བུའོ་ཞེ་ན་མི་འཐད་དེ། འདི་ཡང་རྒོལ་བ་མ་ངེས་པ་བརྗོད་པས་ཚར་བཅད་དང་། ཕྱིར་རྒོལ་སྐྱོན་མིན་པ་བརྗོད་པའི་སྒོ་ནས་ཚར་བཅད་ཡིན་གྱི་གཉིས་པོ་དེ་ལས་གཞན་པའི་ཚར་བཅད་མིན་ནོ། །ཡི་གེའི་གོ་རིམ་སྟོན་པ་དང་འདྲ་བ་ནི་དོན་མེད་པའོ། །དཔེར་ན་སྒྲ་རྟག་སྟེ། ཛ་ཝ་ག་ཌ་ད་ཉིད་ཀྱིས་ཕྱིར། ཛྙཱ་བྷ་གྷ་ཌྷ་དྷ་བཞིན་ནོ་ཞེས་སྒྲུབ་བྱེད་མ་བསྟན་པ་ཚར་བཅད་ཡིན་ནོ་ཞེས་ཟེར། འདི་ཡང་མི་འཐད་དེ། དེ་ནི་སྒྲུབ་པའི་ཡན་ལག་མིན་པ་བརྗོད་པ་ལས་གཞན་མིན་ནོ། །ཚོགས་པ་དང་ཕྱིར་རྒོལ་ལ་ལན་གསུམ་བརྗོད་ཀྱང་མ་གོ་ན་དོན་མི་ཤེས་པ་སྟེ། དེ་གཉིས་ལ་ལན་གསུམ་བརྗོད་ཀྱང་མི་ཤེས་པ་དང་། དྲི་མ་ཅན་གྱི་སྒྲ་དང་། མ་གྲགས་པ་དང་། མྱུར་ཆེས་པ་ལ་སོགས་པའི་རྒྱུས་དོན་མི་ཤེས་པ་སྒྲུབ་པར་འདོད་ན་ཚར་བཅད་པའོ་ཞེས་ཟེར་རོ། །མི་འཐད་དེ། དོན་མེད་པའི་སྒྲ་ལན་གསུམ་བརྗོད་པ་ནི་སྒྲུབ་པའི་ཡན་ལག་མིན་པ་བརྗོད་པར་འདུས་ལ། དོན་ལྡན་ལན་གསུམ་བརྗོད་ཀྱང་ཕྱིར་རྒོལ་གྱིས་མ་རྟོགས་ན་ཡང་ཕ་རོལ་པོ་བླུན་པས་ཡིན་གྱི་རྒོལ་བ་ཚར་བཅད་པའི་གནས་མིན་ནོ། །སྙོན་ཚིག་ལྟ་བུ་སྔ་ཕྱི་མ་འབྲེལ་བ་དོན་དང་བྲལ་བའོ་ཞེའོ། །མི་འཐད་དེ། འདིའང་སྒྲུབ་པའི་ཡན་ལག་མིན་པ་བརྗོད་པར་འདུས་སོ། །དམ་བཅའ་ལ་སོགས་པའི་ཡན་ལག་ལྔ་པོ་གོ་རིམ་བཟློག་སྟེ་སྟོན་པ་ནི་དུས་ལ་མ་བབ་པའོ་ཞེའོ། །མི་འཐད་དེ། དེ་ལས་འདོད་དོན་གོ་ན་ཚར་བཅད་མིན་ལ། དོན་མ་གོ་ན་སྒྲུབ་པའི་ཡན་ལག་མིན་པ་བརྗོད་པར་འདུས་སོ། །ཡན་ལག་ལྔ་པོ་གང་རུང་ཞིག་མ་བརྗོད་ན་མ་ཚང་བའོ་ཞེའོ། །མི་འཐད་དེ། ཡན་ལག་གཉིས་པའི་ཆ་མ་བརྗོད་ན་སྐྱོན་ཡིན་གྱི་དམ་བཅའ་བརྗོད་པ་མེད་པ་སོགས་ཚར་བཅད་ཀྱི་གནས་མིན་ནོ། །རྟགས་དང་དཔེ་ལྷག་པ་བརྗོད་པ་ནི་སྔ་མས་གྲུབ་པ་ལ་ཕྱིས་བསྣན་པས་ལྷག་པ་བརྗོད་པའོ་ཞེའོ། །དེ་ཡང་མི་འཐད་དེ། ངེད་ལྟར་ན་སྒྲུབ་བྱེད་མིན་པར་བརྗོད་པར་འདུས་ལ། ཁྱོད་ཀྱི་ལུགས་ལ་ཚར་བཅད་མིན་ཏེ། མི་དགོས་པ་སྐྱོན་དུ་མི་རྩི་བའི་ཕྱིར་རོ། །རྗེས་སུ་སྨྲ་བ་ལས་གཞན་སྒྲ་དང་དོན་དག་བཟློས་པ་ནི་ཡང་བརྗོད་པ། དཔེར་ན་སྒྲ་མི་རྟག་པ་མི་རྟག་ཅེས་པ་སྒྲ་བཟློས་པ་དང་། སྒྲ་མི་རྟག་སྒྲ་འགག་པའི་ཆོས་ཅན་ཡིན་ཞེས་དོན་བཟློས་པའོ་ཞེའོ། །འདིར་སྒྲ་བཟློས་པ་ལོགས་སུ་བརྗོད་མི་དགོས་ཏེ། དོན་ཟློས་སུ་འདུས་པའི་ཕྱིར་དང་། དོན་མི་ཟློས་ན་སྒྲ་ཟློས་པ་སྐྱོན་མེད་དེ། ཁྱོད་དགའ་ན་ང་དགའ་ཞེས་སོགས་ལྟ་བུའོ། །དོན་བཟློས་པ་སྐྱོན་ཡིན་ཡང་སྒྲུབ་བྱེད་མིན་པ་བརྗོད་པར་འདུས་ཤིང་། དེ་ཡང་སྒྲུབ་པའི་ངག་ལ་སྐྱོན་ཡིན་གྱི་གཏམ་རྒྱུད་རྒྱས་པའི་ཚེ་འདི་སྐྱོན་མིན་ཏེ། ཕ་རོལ་པོས་མ་གོ་བར་དོགས་པའི་ཚེ་དཔང་པོ་སོགས་ལ་ཡང་ཡང་དགོས་པའི་ཕྱིར། ཚོགས་པ་ལ་རྒོལ་བས་ལན་གསུམ་བརྗོད་པས་ངག་གོ་ཡང་ཕྱིར་རྒོལ་གྱིས་རྗེས་སུ་མི་བརྗོད་ན་རྗེས་སུ་མི་སྨྲ་བའོ་ཞེའོ། །ཕྱིར་རྒོལ་གྱིས་རྒོལ་བའི་ངག་ཀུན་མ་བརྗོད་པ་ནི་སྐྱོན་མིན་ལ། དགོས་པ་མ་བརྗོད་ན་སྤོབས་པ་མེད་པའི་ནང་དུ་འདུས་པས་སོ་སོར་མི་དགོས་སོ། །དཔང་པོས་གོ་ཡང་ཕྱིར་རྒོལ་གྱིས་མ་གོ་ན་དོན་མི་ཤེས་པའོ་ཞེའོ། །འདི་ཡང་སྔ་མ་དང་འདྲ་བར་ཕྱིར་རྒོལ་གྱིས་མ་གོ་བ་ནི་སྤོབས་པ་མེད་པའི་ནང་དུ་འདུས་པས་དེ་ལས་གཞན་དུ་རིགས་པ་མིན་ནོ། །ལན་རྟོགས་པ་མེད་པ་ནི་མི་སྤོབས་པའམ་སྤོབས་པ་མེད་པའོ་ཞེའོ། །དེ་ནི་རྒོལ་བ་ལ་བྱུང་ན་སྒྲུབ་པའི་ཡན་ལག་མི་བརྗོད་པའམ་ཕྱིར་རྒོལ་ལ་བྱུང་ན་སྐྱོན་མི་བརྗོད་པའི་ཁོངས་སུ་འདུས་སོ། །བྱ་བ་ལ་ཆགས་ནས་རྩོད་པ་འདོར་བ་ནི་རྣམ་གཡེང་སྟེ། དཔེར་ན་ཕ་རོལ་གྱིས་ངག་བཀོད་པ་ན་སྔོན་ལ་འདི་བྱས་ལ་ཕྱིས་བརྩད་ཀྱིས་ཞེས་པ་ལྟ་བུའོ་ཞེའོ། །དེ་ལྟར་བྱ་དགོས་པའི་ཕྱིར་དྲང་པོ་ནི་ཚར་བཅད་མིན་ལ། གཡོ་ཅན་ནི་སྤོབས་པ་མེད་པར་འདུས་པས་སོ་སོར་མི་རིགས་སོ། །རང་ཕྱོགས་ཀྱི་སྐྱོན་ཁས་བླངས་ནས་གཞན་སྐྱོན་ཞར་ལ་འཇུག་པར་བྱེད་པ་འདོད་པ་ཁས་ལེན་ཏེ། དཔེར་ན་ཁྱེད་རྐུན་མ་ཡིན་ཏེ། སྐྱེས་བུ་ཉིད་ཡིན་པའི་ཕྱིར་ཞེས་པ་ལ། དེས་ཁྱེད་ཀྱང་ངོ་ཞེས་ཕྱིར་སྨྲ་བ་ལྟ་བུའོ་ཞེའོ། །མི་འཐད་དེ། དེའི་ཚེ་རྟགས་ལྟར་སྣང་དུ་ཤེས་སམ་མི་ཤེས་རིམ་པ་བཞིན་དུ་ཤེས་ན་སྐྱོན་མིན་ཏེ། སྐྱེས་བུ་ཡིན་པས་རྐུན་མར་འགྱུར་ན་ཁྱེད་ཀྱང་འགྱུར་རོ་ཞེས་རྟགས་མ་ངེས་པར་སྟོན་པའི་ཕྱིར་རོ། །མ་ངེས་ན་ནི་སྐྱོན་མི་བརྗོད་པའི་ཚར་བཅད་ཡིན་ནོ། །ཚར་བཅད་ཐོབ་པ་ལ་མི་གཅོད་པ་ནི་རྒལ་བརྟགས་འདོར་བའོ་ཞེའོ། །འདི་ཡང་རྒོལ་བ་གཉིས་ཀྱིས་ངག་སྐྱོན་ཅན་སུན་འབྱིན་མ་ཤེས་པས་སྤོབས་པ་མེད་པའི་ནང་དུ་འདུས་སོ། །ཚར་བཅད་ཀྱི་གནས་མིན་པ་ལ་དེར་སྦྱོར་བ་ནི་རྗེས་སུ་སྦྱོར་བ་མེད་པ་ལ་རྗེས་སུ་སྦྱོར་བ་ཞེའོ། །དེ་ཡང་རྒོལ་བས་ཡང་དག་བརྗོད་པ་ལ་ཕྱིར་རྒོལ་གྱིས་སྐྱོན་ལྟར་སྣང་བརྗོད་པ་སྤོབས་པ་མེད་པའི་ནང་དུ་འདུས་པས་དེ་ལས་གཞན་མིན་ལ། ཕྱིར་རྒོལ་གྱིས་སྐྱོན་ཡང་དག་བརྗོད་པ་ལ་རྒོལ་བས་ལྟར་སྣང་དུ་སྒྲོ་བཏགས་ནས་ཚར་གཅོད་ན་རྟགས་ལྟར་སྣང་བརྗོད་པར་འདུ་བས་ཚར་བཅད་ལོགས་པ་མེད་དོ། །གྲུབ་མཐའ་ཁས་བླངས་ནས་ངེས་པ་མེད་པའི་ཕྱིར་ཚིག་ཞར་ལ་འོངས་པ་ནི་གྲུབ་མཐའ་ཉམས་པའོ་ཞེའོ། །མི་འཐད་དེ། འདི་ཡང་སྒྲུབ་པའི་ཡན་ལག་མི་བརྗོད་པའི་ཚར་བཅད་ཉིད་ཡིན་གྱི། ངེས་པ་མེད་པའི་ཕྱིར་ཚིག་ཞར་ལ་འོངས་པས་ཚར་བཅད་པ་མིན་ནོ། །གཏན་ཚིགས་ལྟར་སྣང་བརྗོད་པ་ནི་ཚར་བཅད་ཀྱི་གནས་སུ་འདོད་དེ། དཔེར་ན་ཕྱིར་རྒོལ་བས་ལྟག་ཆོད་བརྗོད་པ་བཞིན་ནོ། །ལྟག་ཆོད་ཇི་ལྟ་བུ་ཞེ་ན། ཕྲད་པ་དང་མ་ཕྲད་པ་མཚུངས་པའི་ལྟག་ཆོད་ནས་དུས་འདས་མཚུངས་པའི་ལྟག་ཆོད་ཀྱི་བར་ཉི་ཤུ་རྩ་བཞི་ཡོད་ལ། ཕྲད་མ་ཕྲད་སོ་སོར་ཕྱེ་ན་ཉི་ཤུ་རྩ་ལྔ་ཡོད་མོད་ཀྱི་གཅིག་ཏུ་འདུ་བས་སོ། །མཚུངས་པའི་ལྟག་ཆོད་ཞེས་རེ་རེ་ལ་སྦྱར་རོ། །དེ་ཡང་དང་པོ་བཅུ་བཞི་ཀུན་བཏུས་སུ་བཤད་ལ། ཕྱི་མ་བཅུ་རིགས་པ་བརྟག་པར་བཤད་དོ། །འདི་དག་ཕྱོགས་གླང་གིས་དེ་གཉིས་སུ་བཀག་ལ་ཆོས་ཀྱི་གྲགས་པས་དགག་པའི་རྩོམ་པ་མ་མཛད་པར་བཏང་སྙོམས་སུ་མཛད་དེ། ཕྱོགས་གླང་གིས་བཀག་ཟིན་པ་དང་། ལྟག་ཆོད་དེ་དག་སྤྲོས་ན་ཉུང་ལ། བསྡུས་ན་མང་བར་དོགས་པའི་ཕྱིར། འདི་དག་སོ་སོའི་རྣམ་གཞག་འགྲེལ་པར་གསལ་བ་དང་ཁོ་བོ་ཡི་གེའི་འཇིགས་ནས་འདིར་མ་བྲིས་སོ། །རང་འགྲེལ་ལས། གསལ་ཞིང་རྒྱས་པར་བཤད་པའི་དགོས་པ་ནི། ལྟག་ཆོད་འདི་དག་མ་ཤེས་ན། །ཞེས་སོགས་བར་སྐབས་ཀྱི་ཚིགས་བཅད་དོ། །གསུམ་པ་ངག་གི་དབྱེ་བ་ལ། གང་ཟག་དང་། དགོས་པ་དང་། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། གང་ཟག་གསུམ་ལ་བརྗོད་ཚུལ་དྲུག་ཡོད་དེ། རྒོལ་བ་ལ་དོན་གྱི་དངོས་པོ་འཇོག་པ་དང་། སྐྱོན་སྤོང་གི་ངག་གཉིས། ཕྱིར་རྒོལ་ལ་འདོད་པ་འདྲི་བ་དང་སྐྱོན་བརྗོད་པའི་ངག་གཉིས། དཔང་པོ་ལ་རྗེས་སུ་བརྗོད་པ་དང་རྣམ་པར་དབྱེ་བའི་ངག་གཉིས་སོ། །གཉིས་པ་ལ། སྒྲུབ་པ་དང་། སུན་འབྱིན་པའི་ངག་གོ །དང་པོ་ལ་ཡང་དག་དང་ལྟར་སྣང་གཉིས། དང་པོ་ལ་མཚན་ཉིད། ངག་འགོད་པའི་ཚུལ། ངག་གི་བྱེད་པ་གསུམ། དང་པོ་ནི། ཚུལ་གསུམ་སྟོན་པ་ནི་སྒྲུབ་པའི་ངག་སྟེ་བཤད་ཟིན་ཏོ། །གཉིས་པ་ལ། དགག་གཞག་སྤོང་གསུམ་མོ། །དང་པོ་ལ། སྔ་རབས་པའི་ལུགས་དང་། གངས་ཅན་པའི་ལུགས་དགག་པའོ། །དང་པོ་ནི། གྲངས་ཅན་པ་སོགས་ལ་ལ་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཚང་བང་བཞིན། ལ་ལ་ཡང་དུ་བ་ཡོད་པས་མེ་ཡོད་ཅེས་ལྔ་ལྡན་དུ་སྦྱོར་བ་མི་འཐད་དེ། ཡན་ལག་ལྔ་པོ་ལ་དམ་བཅའ་དང་ཉེར་སྦྱོར་དང་མཇུག་སྡུད་བརྗོད་པ་གསུམ་པོ་ལྷག་པ་དང་། འདི་ངག་རྒྱས་པ་ཡིན་པས་སྤྱི་ཁྱབ་བརྗོད་པ་མ་ཚང་བའི་ཕྱིར་རོ། །གཉིས་པ་ནི། བོད་ཁ་ཅིག་ཡན་ལག་གཉིས་ལྡན་པ་ལའང་ལ་ལ་དུ་བ་ཡོད་པས་ཞེས་པ་དང་། སྒྲ་ཡང་བྱས་པས་ཞེས་རྣམ་དབྱེ་གསུམ་པ་དང་། འགའ་ཞིག་ལ་ལ་དུ་བ་ཡོད་པའི་ཕྱིར་ཞེས་པའམ། སྒྲ་ཡང་བྱས་པའི་ཕྱིར་ཞེས་རྣམ་དབྱེ་ལྔ་པ་སྦྱོར་རོ། །དེ་མི་འཐད་དེ། དེ་ལྟར་སྦྱར་ན་ངག་འཕྲོ་ཅན་དེས་དམ་བཅའ་འདྲེན་ཏེ། དུ་བ་ཡོད་པས་མེ་ཡོད། བྱས་པའི་ཕྱིར་མི་རྟག་ཅེས་བརྗོད་དགོས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་རྣམ་དབྱེ་གསུམ་པ་དང་ལྔ་པ་སྦྱར་ཡང་དམ་བཅའ་བརྗོད་མི་དགོས་ཏེ། དེའི་ཚེ་དམ་བཅའ་དོན་གྱིས་གོ་བའི་ཕྱིར་རོ་སྙམ་ན། དོན་གྱིས་གོ་ཡང་དམ་བཅའ་མ་བརྗོད་ན་ངག་དེའི་ནུས་པ་མ་རྫོགས་པའི་ཕྱིར། དུ་བ་ཡོད་པ་ཅི་ཡིན། བྱས་པའི་ཕྱིར་ཅི་ཡིན་ཞེས་སླར་དྲིས་ལ་བསམ་པ་བླང་དགོས་པར་འགྱུར་ལ། རྒོལ་བའི་ངག་མ་རྫོགས་པ་ལ་ཕྱིར་གྲོལ་གྱི་ངག་ཞུགས་ན་སྨྲ་བ་པོའི་སྐྱོན་དུ་རྩོད་རིགས་ལས་གསུངས་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་མི་མཁས་པ་ལ་སྦྱོར་བའི་ཚུལ་ནི། ཚུལ་གསུམ་ཀ་དྲན་ལམ་ན་མེད་པའི་རྒོལ་བ་བླུན་པོ་ལ་ནི་ཚིག་ཉུང་ཞིང་དོན་རྒྱས་པའི་ངག་ཡན་ལག་གཉིས་ལྡན་པ་ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གཉིས་སྦྱར་ཏེ། ངག་གཉིས་པོ་གང་སྦྱར་ཡང་ཁྱད་པར་མེད་དེ། གཅིག་དངོས་སུ་བརྗོད་པས་ཅིག་ཤོས་ལ་དྲན་པ་སྐྱེད་ནུས་པའི་ཕྱིར། ཕྱོགས་ཆོས་དང་ཁྱབ་པ་གཉིས་སྔ་ཕྱི་གང་བརྗོད་ཀྱང་ཁྱད་པར་མེད་ལ། དེ་ཐམས་ཅད་ལ་ཡང་མཐའ་རྟེན་རྫོགས་པའི་ཚིག་ཏུ་སྦྱར་དགོས་ཏེ། མ་སྦྱར་ན་ཚིག་འཕྲོ་ཅན་གྱི་སྐྱོན་ཡོད་པའི་ཕྱིར། གཉིས་པ་མཁས་པ་ལ་སྦྱར་བའི་ཚུལ་ནི། བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དྲན་ལམ་ན་ཡོད་པ་ངག་ཏུ་སྨྲ་བའི་རྒོལ་བ་མཁས་པ་ལ་ནི། འོ་ན་སྒྲ་ཡང་བྱས་སོ་ཞེས་པ་ལྟ་བུ་གཏན་ཚིགས་ཉིད་ཚིག་ཟིན་ལ་བརྗོད་པས་འགྲུབ་བོ། །ཚོགས་སུ་ཁྱབ་པ་ངག་ཏུ་མི་བརྗོད་ན་མཁས་སུ་ཟིན་ཡང་སྐབས་དེར་སྒྲུབ་པའི་ངག་རྫོགས་པར་སྦྱར་ཏེ། མ་རྫོགས་ན་ཀླན་ཀར་འགྱུར་བའི་ཕྱིར་རོ། །དེས་མཚོན་ནས་ཕྱོགས་ཆོས་དྲན་ལམ་ན་ཡོད་པ་ཁར་འབྱིན་པ་ལ་ཁྱབ་པ་ཙམ་ཚིག་ཟིན་ལ་བརྗོད་པའང་སྐྱོན་མེད་པར་ཤེས་པར་བྱའོ། །ཡོངས་འཛིན་དམ་པའི་ལེགས་བཤད་དོ། །དེས་ན་ཕྱིར་རྒོལ་ལ་བློ་ཡི་བྱེ་བྲག་གིས་གསུམ་དུ་ཡོད་ཅིང་། །གསུམ་པ་ལ་ཕྱོགས་ཁྱབ་གཉིས་ཀ་མ་དྲན་པ་ལ་ཆོས་མཐུན་མི་མཐུན་དང་། ཕྱོགས་ཆོས་མི་དྲན་པ་ལ་ཕྱོགས་ཆོས་ཙམ་དང་། ཁྱབ་པ་མ་དྲན་པ་ལ་ཁྱབ་པ་ཙམ་ཚིག་ཟིན་ལ་བརྗོད་པའི་ངག་བརྗོད་པའང་དོན་གྱིས་ཤེས་པར་བྱའོ། །གསུམ་པ་ནི། ཀུན་ལས་བཏུས་ལས། རང་ཉིད་ངེས་བཞིན་གཞན་དག་ལའང་། །ངེས་པ་བསྐྱེད་པར་འདོད་པ་ཡིས། །ཕྱོགས་ཆོས་དང་ནི་འབྲེལ་པ་དང་། །བསྒྲུབ་བྱ་བརྗོད་བྱ་གཞན་རྣམས་ཀྱང་། །ཞེས་པའི་ཚིག་བསྡུ་བ་དེ། བསྒྲུབ་བྱ་དང་འབྲེལ་བ་ཞེས་ཟླས་དབྱེར་བཤད་ནས་བསྒྲུབ་བྱ་བརྗོད་དགོས་པར་བཤད་པ་དང་འགལ་ཞེས་ཟེར་ན། འགལ་བ་མེད་དེ། ཁོ་བོ་ཅག་འབྲེལ་པ་ཡི་བསྒྲུབ་བྱ་ཞེས་རྣམ་དབྱེ་གསུམ་པ་དེ་ཡི་སྐྱེས་བུ་ཡི་བསྡུ་བ་ཡིན་པར་འཆད་པའི་ཕྱིར་རོ། །གསུམ་པ་ནི། སྒྲུབ་པའི་ངག་དེས་ཕ་རོལ་ལ་འབྲས་བུ་རྗེས་དཔག་སྐྱེད་པ་ཉིད་ཡིན་ནོ། །གཉིས་པ་སྒྲུབ་པ་ལྟར་སྣང་ལ་གཉིས་ལས། དང་པོའི་མཚན་ཉིད་ནི་སྒྲུབ་བྱེད་ཡང་དག་མ་ཡིན་པ་བཀོད་པའི་ངག་ནི་སྒྲུབ་པའི་ངག་ལྟར་སྣང་གི་མཚན་ཉིད་དོ། །གཉིས་པ་དབྱེ་ན། སྒྲུབ་པ་ལྟར་སྣང་དེ་ཡང་རྣམ་པ་གསུམ་སྟེ། ཚུལ་གསུམ་མ་ཚང་བའི་རྟགས་བརྗོད་པ་དོན་དང་དེ་ཚང་ཡང་ཚད་མས་མ་ངེས་པ་བརྗོད་པ་བློ་དང་། དེ་ཚང་ཞིང་ཚད་མས་ངེས་ཀྱང་བརྗོད་པ་མ་ཤེས་པ་སྒྲ་ཡི་སྐྱོན་ཆགས་པའི་དབྱེ་བ་ཡིས་སོ། །གཉིས་པ་སུན་འབྱིན་ལ། ཡང་དག་དང་། ལྟར་སྣང་གཉིས། དང་པོ་ལ་གཉིས་ལས་མཚན་ཉིད་ནི། སྐྱོན་ལ་སྐྱོན་དུ་བརྗོད་པའི་སྒོ་ནས་ལོག་རྟོག་སེལ་བྱེད་ཀྱི་ངག་གོ །གཉིས་པ་དབྱེ་ན། སུན་འབྱིན་རྣམ་པ་གསུམ་སྟེ། ཡུལ་གྱི་དབྱེ་བས་ཕྱེ་ན། མཚན་ཉིད། གཏན་ཚིགས། བསྒྲུབ་བྱའི་སྐྱོན་ལ་སྐྱོན་དུ་བརྗོད་པ་གསུམ། ངོ་བོའི་དབྱེ་བས་ཕྱེ་ན། དོན་བློ་སྒྲ་སྐྱོན་ལ་དེ་བརྗོད་པ་གསུམ། བརྗོད་ཚུལ་གྱི་དབྱེ་བས་ཕྱེ་ན། རྣལ་མ་དང་ཐལ་བ་བརྗོད་པ་གཉིས་སོ། །གཉིས་པ་ལ་གཉིས་ལས་མཚན་ཉིད་ནི། ལྟར་སྣང་ནི་སྐྱོན་ལ་སྐྱོན་དུ་མི་བརྗོད་པས་སྐྱོན་ཅན་གོ་བར་མི་ནུས་པའི་ངག་གོ །གཉིས་པ་དབྱེ་བ་ལ་གཉིས་ལས། གཞན་ལུགས་དགག་ན། མུ་སྟེགས་བྱེད་འགའ་ཞིག་ཚར་བཅད་ཉེར་གཉིས་ལྟག་ཆོད་ཉེར་བཞིའི་གྲངས་བྱེད་པ་དང་། བོད་འགའ་ཞིག་མཚན་ཉིད། གཏན་ཚིགས་སྒྲུབ་བྱའི་སྐྱོན་མིན་པ་སྐྱོན་དུ་བརྗོད་པ་དང་། དོན་བློ་སྒྲའི་སྐྱོན་མིན་པ་སྐྱོན་དུ་བརྗོད་པ་སྟེ་གསུམ་ཞེས་གྲངས་ངེས་བྱེད་མོད། དེ་དག་མི་འཐད་དེ། རྒོལ་བས་སྒྲུབ་བྱེད་ཡང་དག་བཀོད་པ་ལ་དེ་ལ་ཕྱོགས་སྣ་ཚོགས་ནས་སྨད་དམ། རང་ལ་བསྟོད་དམ་འབྲེལ་མེད་གཞན་འཆད་ན་ཡང་དེ་དག་ཏུ་མི་འདུ་བའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། རྩ་བའི་དབྱེ་བ་རྩོད་རིགས་ལས་གསུངས་པ་ལྟར། མ་ཚང་བ་ལ་སོགས་པའི་སྐྱོན་མི་བརྗོད་པ་དང་། མ་ཚང་བ་ལ་སོགས་པ་མིན་པ་ལ་དེར་བརྗོད་པའམ་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་ལ་སོགས་པ་སྐྱོན་མིན་པ་བརྗོད་པ་གཉིས་ཡིན། དེ་གཉིས་ཀྱི་ནང་སེལ་གྱི་དབྱེ་བ་བསམ་གྱིས་མི་ཁྱབ་པས་མ་ཕྱེ་སྟེ། ལོག་པའི་ལན་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་བརྗོད་ཚུལ་གྱིས་སྒོ་ནས་དབྱེ་བ་ལ། རང་རྒྱུད་དང་ཐལ་འགྱུར་གཉིས་ཡིན་པ་ལས་རང་རྒྱུད་ནི་བསྒྲུབ་ངག་ཡང་དག་ཡིན་པས་བཤད་ཟིན་ཏོ། །ཐལ་འགྱུར་ལ། ཐལ་བའི་རྣམ་གཞག་དང་། ལན་འདེབས་པའི་ཚུལ་གཉིས། དང་པོ་ལ་གསུམ་སྟེ། དགག་གཞག་སྤོང་བ་གསུམ། དང་པོ་ལ་གཉིས་ལས། དང་པོ་ཕྱོགས་སྔ་བརྗོད་ན། གངས་ཅན་གྱི་རྟོག་གེ་པ་དག ཐལ་འགྱུར་དུ་བཀོད་ཚད་ཀྱི་དབྱེ་བ་ལ་བཞིར་འདོད་དེ། ཐལ་བའི་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ། རྟགས་འབའ་ཞིག་མ་གྲུབ་པ། ཁྱབ་པ་འབའ་ཞིག་མ་གྲུབ་པ། གཉིས་ཀ་གྲུབ་པའོ། །དང་པོ་ནི། སངས་རྒྱས་པ་ལ་སྒྲ་རྟག་པའི་ཕྱིར་གཞལ་བྱ་མིན་པར་ཐལ་ཞེས་བརྗོད་ན། གཉིས་ཀ་ཚད་མས་ཀྱང་མ་གྲུབ་ཅིང་ཁས་ཀྱང་མི་ལེན་པའོ། །གཉིས་པ་ནི། སྒྲ་མི་རྟག་པའི་ཕྱིར་མ་བྱས་པར་ཐལ་ལོ་ཞེས་བརྗོད་ན་རྟགས་སྔ་མ་བཞིན་ནོ། །གསུམ་པ་ནི། སྒྲ་གཞལ་བྱ་ཡིན་པའི་ཕྱིར་རྟག་པར་ཐལ་ལོ་ཞེས་བརྗོད་ན། ཁྱབ་པ་སྔར་བཞིན་ནོ། །བཞི་པ་ལའང་བཞི་སྟེ། གཉིས་ཀ་ཚད་མ། གཉིས་ཀ་ཁས་བླངས། རྟགས་ཚད་མ་ལ་ཁྱབ་པ་ཁས་བླངས། རྟགས་ཁས་བླངས་ལ་ཁྱབ་པ་ཚད་མས་གྲུབ་པའོ། །དང་པོ་ནི། སངས་རྒྱས་པ་ལ་སྒྲ་བྱས་པའི་ཕྱིར་མི་རྟག་པར་ཐལ་ཞེས་པ་ལྟ་བུ་འདོད་ལན་ཐེབས་པ་ལྟར་སྣང་དང་། འགའ་ཞིག་རྟག་པར་ཁས་ལེན་པ་ལ་འཕངས་ན་རྟགས་དང་ཁྱབ་པ་གཉིས་ཀ་ཚད་མ། དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་ཞུགས་པའི་ཐལ་བ་ཡང་དག་སྟེ་གནས་སྐབས་གཉིས་དང་། གཉིས་པ་ནི། སྒྲ་མིག་གིས་གཟུང་བྱ་དང་དེ་ལ་རྟག་པས་ཁྱབ་པར་སྨྲ་བ་ལ། སྒྲ་མིག་གིས་གཟུང་བྱ་ཡིན་པའི་ཕྱིར་རྟག་པར་ཐལ་ཞེས་པ་ལྟ་བུ་སྟེ་འདི་སྒྲ་མི་རྟག་པར་ཚད་མས་ངེས་པ་ལ་འཕངས་ན་དམ་བཅའ་ལ་ཚད་མས་བསལ་བ་ཞུགས་པ་དང་། དེ་ལྟར་ཁས་བླངས་པ་ལ་འཕངས་ན་དམ་བཅའ་ལ་ཁས་བླངས་ཀྱི་བསལ་བ་དང་། དེ་གཉིས་གང་ཡང་མེད་པ་ལ་འཕངས་ནས་བསལ་བ་ཡེ་མེད་ཀྱི་ཐལ་འགྱུར་ཏེ་གནས་སྐབས་གསུམ་མོ། །གསུམ་པ་ནི། བྱས་པ་ལ་རྟག་པས་ཁྱབ་པར་སྨྲ་བ་ལ་སྒྲ་བྱས་པའི་ཕྱིར་རྟག་པར་ཐལ་ལོ་ཞེས་པ་ལྟ་བུ་སྟེ། འདི་ཡང་རྒོལ་བའི་བྱེ་བྲག་གིས་སྔར་བཞིན་གནས་སྐབས་གསུམ་མོ། །བཞི་པ་ནི། སྒྲ་རྟག་པར་སྨྲ་བ་ལ་སྒྲ་རྟག་པའི་ཕྱིར་མ་བྱས་པར་ཐལ་ལོ་ཞེས་པ་ལྟ་བུ་སྟེ། འདི་ཡང་སྔར་བཞིན་གསུམ་མོ། །དེ་ལྟར་ན་སྔ་མ་གསུམ་དང་བཞི་པ་ལས་ཕྱེ་བའི་བཅུ་གཅིག་སྟེ་བཅུ་བཞིའོ་ཞེས་སྨྲ་ལ། དེ་དག་ཡང་དག་ལྟར་སྣང་དུ་དབྱེ་ན། རྩ་བའི་དབྱེ་བ་དང་པོ་གསུམ་བསལ་བ་ཡེ་མེད་བཞི་སྟེ་བདུན་ནི་ལྟར་སྣང་ཡིན་ཏེ་ལན་གྱིས་བཟློག་པར་ནུས་པའི་ཕྱིར། ཁས་བླངས་ཀྱི་བསལ་བ་ཞུགས་པ་བཞི་ཚད་མས་བསལ་བ་ཞུགས་པ་གསུམ་སྟེ་བདུན་ནི། ཡང་དག་ཡིན་ཏེ་ལན་གྱིས་བཟློག་པར་མི་ནུས་པ་ལས་སོ། །ཡང་དག་བདུན་ལ་བསྒྲུབ་བྱེད་འཕེན་མི་འཕེན་གཉིས་སུ་ཕྱེ་ན། སྔ་མ་དྲུག་དང་བདུན་པའི་ཕྱེད་རྟག་པའི་སྒྲ་བྱས་པར་ཁས་ལེན་པ་ལ་བྱས་པའི་ཕྱིར་མི་རྟག་པར་ཐལ་ཞེས་པ་རྣམས་ཀྱིས་མི་འཕེན་ཏེ། བཟློག་ན་ཚུལ་གསུམ་མ་ཚང་བའི་ཕྱིར་རོ། །བདུན་པའི་ཕྱེད་ཀྱིས་འཕེན་ཏེ་བཟློག་ན་ཚུལ་གསུམ་ཚང་བའི་ཕྱིར་ཞེས་ཟེར། ཕྱེད་ཀྱིས་མི་འཕེན་པའི་མཚན་གཞི་ལ་རྟག་པའི་ཕྱིར་མ་བྱས་པར་ཐལ་ཞེས་པ་ལ་འདོད་པ་རྣམས་ལ་ཐལ་བ་བདུན་པའི་མཚན་ཉིད་དྲིས་ན་མཛུབ་མོས་ནམ་མཁའ་མཚོན་པ་ཟད་དོ། །གཉིས་པ་དེ་དགག་ན་ཐལ་བར་བཀོད་ཚད་ལ་སྔར་བཤད་ལྟར་བཞིར་ངེས་ན་རང་རྒྱུད་ཀྱི་གཏན་ཚིགས་ལའང་བཞིར་ཅིའི་ཕྱིར་མི་འབྱེད། རང་རྒྱུད་ལ་ཡང་དག་དང་ལྟར་སྣང་གཉིས་སུ་ངེས་པས་གཞན་གྱིས་ཅི་བྱ་ཞེ་ན། ཐལ་འགྱུར་ལའང་ཅི་སྟེ་མི་མཚུངས་ཏེ་མཚུངས་པའི་ཕྱིར་དང་། ཡང་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་མི་འཐད་དེ། རྟགས་མ་གྲུབ་ན་ཕྱོགས་ལ་མཐུ་མེད་པས་དེ་ཉིད་ཀྱི་སྐྱོན་དུ་སོང་བའི་ཕྱིར། ཁྱབ་པ་གྲུབ་མ་གྲུབ་དཔྱོད་པ་འགལ་བ་སྟེ་མི་འཐད་པ་ཡིན་ཏེ། བླུན་པོའི་རྣམ་ཐར་ཡིན་པའི་ཕྱིར། དཔེར་ན་སྲོག་མེད་པ་ལ་དབང་པོ་ཡོད་མེད་དཔྱོད་པ་བཞིན་ནོ། །ཁོ་བོ་འབའ་ཞིག་གི་ལེགས་བཤད་དེ། རྩོམ་པ་པོའི་བྱིན་རླབས་ཀྱིས་བྱུང་ངོ་། །གཞན་དག་ལ་བཅོལ་བ་དང་གཏོགས་པ་མེད་དོ། །ཡང་རྟགས་མ་གྲུབ་ལ་ཁྱབ་པ་གྲུབ་པ་ལ་སོགས་པར་འབྱེད་ན། ལྟག་ཆོད་ཀྱི་དབྱེ་བ་ལྟར་རྟགས་ཕྱེད་མ་གྲུབ་པ་ལ་སོགས་པའང་དབྱེ་བར་འགོད་རིགས་པར་ཐལ་ལོ། །འདོད་ན། བཞི་དང་བཅུ་བཞིའི་ངེས་པ་མི་རུང་སྟེ། དེའི་ཕྱིར་རོ། །དེས་ན་ཐལ་འགྱུར་གྱི་རྩ་བའི་དབྱེ་བ་ལ་བཞིར་དབྱེ་བ་དེ་མི་འཐད་དོ། །ཡང་རྟགས་ཀྱང་མ་གྲུབ་པ་མ་གྲུབ་པ་ཡིན་མོད། ཁྱབ་པ་གྲུབ་མ་གྲུབ་དཔྱོད་པ་ལ་དགོས་ནུས་མེད་པས་མ་གྲུབ་པ་ལ་གཉིས་སུ་ཕྱེ་བ་ལྷག་པ་དང་། ཁྱབ་པ་འགལ་བའི་ལན་ཐེབས་པའི་ཐལ་འགྱུར་ལྟར་སྣང་མ་སྨོས་པས་ཆད་པ་དང་། རྟགས་གྲུབ་པ་མེད་ཀྱང་ཁྱབ་པ་གྲུབ་པ་སྲིད་དོ་ཞེས་ཟེར་ཞིང་དཔྱོད་པ་འཁྲུལ་པ་ཡིན་ཏེ། སྲོག་མེད་ཀྱང་དབང་པོ་གཞན་ཚང་མ་ཚང་དཔྱོད་པ་ལྟར་རོ། །རྒྱུ་མཚན་དེས་ན་ཐལ་འགྱུར་དུ་བཀོད་ཚད་ལ་བཅུ་བཞིར་ངེས་པ་ནི་འཐད་པ་མིན་ནོ། །གཉིས་པ་རང་གི་འདོད་པ་ལ། ཐལ་འགྱུར་ཡང་དག་དང་། ལྟར་སྣང་ངོ་། །དང་པོ་ལ་གཉིས་ལས། མཚན་ཉིད་ནི། འདོད་པ་སྟེ་ཁས་བླངས་རྟགས་སུ་བརྗོད་ནས་མི་འདོད་པ་བསྒྲུབ་བྱ་འཕེན་ནུས་པའི་ངག་གོ །གཉིས་པ་དབྱེ་བ་ལ་སྒྲུབ་བྱེད་འཕེན་པ་དང་། མི་འཕེན་པ་དང་། དེ་དག་གི་དབྱེ་བ་དཔེར་བརྗོད་པའོ། །དང་པོ་ལ་གསུམ་ལས། མཚན་ཉིད་ནི། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ནི་དངོས་སུ་ཐལ་བ་འཕངས་པས་བཟློག་ན་ཚུལ་གསུམ་ཚང་བའོ། །དེ་ལྟར་འཕེན་པ་ལ་ཆོས་གསུམ་ལྡན་དགོས་ཏེ། རྟགས་ཕྱིར་རྒོལ་གྱིས་བདེན་ཞེན་གྱིས་ཁས་ལེན་པ། བཟློག་ཁྱབ་ཚད་མས་གྲུབ་པ། གཞི་གྲུབ་ཅིང་དམ་བཅའ་ལ་ཚད་མས་བསལ་རུང་ངོ་། །གཉིས་པ་བཟློག་ན་སྒྲུབ་པའི་ངག་ཏུ་འགྱུར་བའི་འཐད་པ་ནི། དངོས་སུ་རྟགས་ཚད་མས་མ་གྲུབ་པའི་ཕྱིར་སྒྲུབ་པའི་ངག་མིན་ཡང་བཟློག་ན་སྒྲུབ་པའི་མཚན་ཉིད་ཡོད་དེ་ཚུལ་གསུམ་ཚང་བའི་ཕྱིར། གསུམ་པ་ཐལ་བའི་ངག་ལས་རང་རྒྱུད་འཕེན་པའི་ཚུལ་ལ་གཉིས་ལས། དང་པོ་གཞན་ལུགས་དགག་ན། ཐལ་བའི་ཁྱབ་པས་རང་རྒྱུད་ཀྱི་ཁྱབ་པ་འཕེན་མོད། རང་རྒྱུད་ཀྱི་ཕྱོགས་ཆོས་ཐལ་བའི་ངག་གིས་འཕེན་ཞེ་ན། ཁ་ཅིག་དུ་བ་མེད་པར་ཐལ་ཞེས་ཐལ་བའི་དམ་བཅའ་ཡི་ངག་གི་ཆོས་བཟློག་པས་སྒྲུབ་པའི་ངག་གི་ཕྱོགས་ཆོས་ཉིད་འཕེན་ཞེས་ཟེར། ཐལ་བའི་དམ་བཅའི་ངག་གིས་རང་རྒྱུད་ཀྱི་ཕྱོགས་ཆོས་འཕེན་ན་སྦྱོར་བ་འཇིག་སྟེ། སྒྲུབ་ངག་ཡང་དག་ལྟར་དམ་བཅའ་བརྗོད་ན་ལྷག་པས་ཐལ་བའི་ངག་ལའང་དམ་བཅའ་བརྗོད་པ་མི་རུང་བའི་ཕྱིར། གཉིས་པ་རང་གི་འདོད་པ་ནི། ཐལ་བའི་ངག་ལས་རང་རྒྱུད་ཀྱི་དོན་འཕེན་མོད་ངག་ཇི་ལྟར་བཟློག་པ་བཞིན་འཕེན་པ་མིན་ཏེ། འདི་ལྟར་མེ་མེད་པར་ཁས་བླངས་པའི་རྟགས་མ་བརྗོད་ན་ཐལ་འགྱུར་གྱི་ཕྱོགས་ཆོས་མི་འགྲུབ་ལ། བརྗོད་ན་རང་རྒྱུད་ཀྱི་བསྒྲུབ་བྱ་བརྗོད་པས་ངག་ལྷག་པར་འགྱུར་ཏེ། མེ་མེད་པར་ངེད་ཁས་ལེན་ཞེས་བཟློག་དགོས་པའི་ཕྱིར་རོ། །གཉིས་པ་ནི། ཐལ་བ་ཡང་དག་གང་ཞིག བཟློག་ན་རང་དོན་གྱི་རྟགས་ཡང་དག་མི་འཕེན་པའོ། །གསུམ་པ་ལ་གཉིས་ལས། དང་པོ་སྒྲུབ་བྱེད་འཕེན་པ་དང་མི་འཕེན་པར་དབྱེ་བ་ནི། རང་བཞིན་མི་དམིགས་པ། འབྲས་བུ་མི་དམིགས་པ། མཚན་ཉིད་མི་དམིགས་པ་གསུམ་པོ་རེ་རེ་ལ་དམ་བཅའ་ལ་ཚད་བསལ་ཞུགས་པ་དང་། མ་ཞུགས་པ་གཉིས་གཉིས་ཡོད་པ་ལས་དེ་རྣམས་ཀྱིས་གཅིག་ཏུ་སྒྲུབ་བྱེད་མི་འཕེན་ཏེ། དང་པོ་གསུམ་གྱིས་འཕངས་པའི་རྟགས་ལ་རྟགས་ཀྱི་མཚན་ཉིད་ཕྱོགས་ཆོས་མ་ཚང་ཕྱི་མ་གསུམ་ལ་ཐལ་བ་ཉིད་ཀྱི་མཚན་ཉིད་མེད་པའི་ཕྱིར། མི་འཕེན་པ་གསུམ་གྱི་ལྷག་མ་སྒྲུབ་བྱེད་འཕེན་པ་ལ་ཉི་ཤུ་ཡོད་པར་ཤེས་པར་བྱ་སྟེ། རང་དོན་ལེའུར་བཤད་པའི་ཡང་དག་གི་རྟགས་ཉི་ཤུ་པོ་ཀུན་གྱིས་ཆོས་ཅན་གྱི་སྟེང་དུ་རྟགས་ལོག་ཐལ་དང་ཆོས་ལོག་རྟགས་སུ་བཀོད་པའི་ཚེ་ཐལ་བ་ཉི་ཤུ་པོས་བསྒྲུབ་བྱེད་འཕེན་པ་ཡིན་པའི་ཕྱིར་ཏེ། དེའི་ཚེ་ཐལ་འགྱུར་ཉི་ཤུ་པོ་ལ་ཐལ་བའི་ཆོས་མཚུངས་པའི་ཕྱིར། འདིར་རང་འགྲེལ་ཁ་ཅིག་ཏུ་སྔར་བཤད་པའི་ཡང་དག་གི་རྟགས་ཉི་ཤུ་པོ་སྒྲུབ་བྱེད་འཕེན་པར་ཤེས་པར་བྱའོ་ཞེས་པའི་དོན་དང་། རང་འགྲེལ་ཁ་ཅིག་ཏུ་སྔར་བཤད་པའི་ཡང་དག་གི་རྟགས་ཉི་ཤུ་ལས་རང་བཞིན་མ་དམིགས་པ་དང་ཅེས་སོགས་ཀྱི་དོན་ནི། རྟགས་ཉི་ཤུ་ཡོད་པ་ལས་རང་བཞིན་མ་དམིགས་པའི་གཏན་ཚིགས་སོགས་གསུམ་གྱི་སྔར་གྱི་ཐལ་འགྱུར་གསུམ་གྱིས་སྒྲུབ་བྱེད་མི་འཕེན་ལ་དེའི་ལྷག་མ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཉི་ཤུ་ཡོད་དེ་རྟགས་སྔར་བཞིན་ནོ་ཞེས་པ་ནི་ཁོ་བོའི་འབའ་ཞིག་གི་བློ་གྲོས་ལས་བྱུང་བའོ། །གཉིས་པ་སྒྲུབ་བྱེད་འཕེན་པ་ལ་རང་རིག་དང་གཞན་རིག་གཉིས་སུ་དབྱེ་ན། བཟློག་པ་རང་རིག་འཕེན་པ་བཞི་ཡོད་དེ། རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱི་ཐལ་བ་ལས་དེའི་རང་རྒྱུད་འཕེན་པ། ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་དེའི་རང་རྒྱུད་འཕེན་པ། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱི་དེའི་རང་རྒྱུད་འཕེན་པ། འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས་དེའི་རང་རྒྱུད་འཕེན་པ་བཞིའོ། །མཚན་གཞི་རྣམས་ནི་གོ་སླའོ། །གཞན་རིག་འཕེན་པ་བཅུ་དྲུག་ཡོད་དེ། རྒྱུ་མ་དམིགས་པའི་ཐལ་འགྱུར་གྱིས་འབྲས་རྟགས་དང་། འབྲས་བུའི་ཐལ་འགྱུར་གྱིས་རྒྱུ་མ་དམིགས་པའི་རྟགས་དང་། ཁྱབ་བྱེད་མ་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་གྱི་རྟགས་དང་རང་བཞིན་གྱི་ཐལ་འགྱུར་གྱིས་ཁྱབ་བྱེད་མ་དམིགས་པའི་རྟགས་དང་། རང་བཞིན་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་མ་དམིགས་པའི་རྟགས་དང་། རྒྱུ་དམིགས་པའི་ཐལ་འགྱུར་གྱིས་འབྲས་བུ་མ་དམིགས་པའི་རྟགས་འཕེན་པའི་ཐལ་འགྱུར་དྲུག ལྷན་ཅིག་མི་གནས་འགལ་གྱི་སྐོར་དགུ། ཕན་ཚུན་སྤངས་འགལ་གྱི་སྐོར་གཅིག་སྟེ་མཚན་གཞི་དང་ཐ་སྙད་རྣམས་ནི་སྤྱི་དང་མཐུན་ནོ། །གཉིས་པ་ལ། མཚན་ཉིད་དང་དབྱེ་བ་གཉིས་ལས། དང་པོ་ནི། འདོད་པ་སྟེ་ཁས་བླངས་རྟགས་སུ་བརྗོད་ན་མི་འདོད་པའི་བསྒྲུབ་བྱ་འཕེན་པ་མེད་པའོ། །གཉིས་པ་ལ་བཞི། རྟགས་མ་གྲུབ་པ་དང་། འགལ་ནས་ཁྱབ་པ་མེད་པ་དང་། མ་ངེས་ནས་ཁྱབ་པ་མེད་པ་དང་། འདོད་པས་ལན་ཐེབས་པ་བཞིའོ། །གསུམ་པ་རྩོད་པ་སྤང་བ་ནི། གྲངས་ཅན་ན་རེ་རང་རྒྱུད་ལ་གཞན་གྱིས་ཁས་བླངས་གཏན་ཚིགས་ཡིན་ན་ནི། གཏན་ཚིགས་བཞི་པ་སྲིད་པར་འགྱུར་ལ། གཞན་གྱི་ཁས་བླངས་རྟགས་སུ་མི་རུང་ན། ཐལ་འགྱུར་གྱི་ཕྱོགས་ཆོས་མི་འགྲུབ་པས་མི་འདོད་པ་བསྒྲུབ་བྱར་འཕེན་པ་མི་འཐད་ལོ། །གཞན་ཕྱིར་རྒོལ་གྱིས་སྤྱི་གཅིག་གསལ་བ་དུ་མ་དང་དོན་ལ་འབྲེལ་བར་ཀུན་ཏུ་བཏགས་པ་ལ་གསལ་བ་དུ་མ་དང་དོན་ལ་འབྲེལ་པ་རྟགས་སུ་བཀོད་པའི་ཐལ་བས་མི་འདོད་པའི་སྒྲུབ་བྱ་དུ་མར་ཐལ་བ་འཕེན་པ་སྐྱོན་ཡོད་པ་མིན་ཏེ། དུ་མ་མིན་པ་དེ་གསལ་བ་དུ་མ་དང་དོན་ལ་མ་འབྲེལ་བ་མེད་ན་དུ་མ་ཡོད་པ་དགག་པའི་ཕྱིར་དུའོ། །གཉིས་པ་ལ་གཉིས་ལས་དང་པོ་གཞན་ལུགས་དགག་ན། ཐལ་འགྱུར་གྱི་ལན་ལ་ནི་རྟགས་མ་གྲུབ་པ། ཁྱབ་པ་མ་གྲུབ་པ། འདོད་ཐོག་དང་སྒོ་གསུམ་དུ་ངེས་ཞེས་ཁ་བ་ཅན་པ་རྣམས་དེ་སྐད་དུ་སྨྲའོ། །མི་འཐད་དེ། འགལ་བ་དང་མ་ངེས་པ་གཉིས་ཀ་ཁྱབ་པ་མ་གྲུབ་པའི་ལྟར་སྣང་གཅིག་ཏུ་འགྱུར་ཏེ། དེ་གཉིས་ཀའི་ཐལ་འགྱུར་ལ་ཁྱབ་པ་མ་གྲུབ་ཅེས་པའི་ལན་གཅིག་གིས་ཆོག་པའི་ཕྱིར། འདོད་ན་རྟགས་ལྟར་སྣང་ཐམས་ཅད་རྟགས་དང་ཁྱབ་པ་མ་གྲུབ་པ་གཉིས་སུ་འདུ་བར་འགྱུར་ལ། དེ་འདོད་ན་གཏན་ཚིགས་ལྟར་སྣང་ཀུན་མ་གྲུབ་པ་གཅིག་ཏུ་འདུ་བར་འགྱུར་བས་མཐར་ཐལ་འགྱུར་གྱི་སྐྱོན་ཅན་ཐམས་ཅད་ལ་མ་གྲུབ་ཅེས་བརྗོད་པས་ལན་ཐེབས་པར་འགྱུར་རོ། །གལ་ཏེ་ཐམས་ཅད་རྟགས་དང་ཁྱབ་པ་མ་གྲུབ་པ་ཡིན་མོད། རྟགས་དང་ཁྱབ་པ་མ་གྲུབ་པ་གཉིས་སུ་མ་ཕྱེ་ན་ངོས་མི་ཟིན་པས་རྩོད་པ་མི་བདེ་བའི་ཕྱིར་གཉིས་སུ་འབྱེད་ན། འགལ་བ་དང་མ་ངེས་པའི་ལན་ཡང་སོ་སོར་འབྱེད་དགོས་ཏེ། མ་ཕྱེ་ན་ངོས་མི་ཟིན་པས་རྩོད་པ་མི་བདེ་བ་མཚུངས་པའི་ཕྱིར། ཡང་ན་ཁྱབ་པ་འགལ་བ་ལ་མ་གྲུབ་ཅེས་བརྗོད་ན་དེ་འཁྲུལ་པ་འགྱུར་ཏེ། དཔེར་ན་སྒྲ་བྱས་པར་འདོད་པ་ལ་བྱས་པའི་ཕྱིར་རྟག་པར་ཐལ་ལོ་ཞེས་པ་ལ། བྱས་ཀྱང་མི་རྟག་ན་ཅི་ཏོ་ཁྱབ་པ་མ་གྲུབ་ཞེས་བརྗོད་ན་བྱས་པ་ལ་རྟག་པ་སྲིད་པར་ཤུགས་ལ་ཁས་ལེན་དགོས་ཏེ། ཤེས་བྱ་རྟགས་སུ་བཀོད་པ་བཞིན་ནོ། །གཉིས་པ་རང་ལུགས་ནི་དེས་ན་མཁས་པས་ཐལ་འགྱུར་གྱི་ལན་ནི་རྣམ་པར་ཐར་པའི་སྒོ་བཞི་ཡོད་པ་ལྟར། འགལ་མ་ངེས་མ་གྲུབ་པ་དང་། འདོད་པ་གྲུབ་པ་སྟེ་བཞིས་གདབ་བོ། །གལ་ཏེ་ལན་གྱིས་བཟློག་པར་མི་ནུས་ན། ཁྲོ་བ་དང་ཁོན་དུ་འཛིན་པ་དང་། བདག་བསྟོད་གཞན་སྨོད་དང་། གླུ་གར་དང་བཞད་གད་སོགས་ཀྱིས་རིགས་པ་བསུབ་པ་ནི་ཐབས་རྡུགས་པ་ཡིན་པས། བདེན་པ་དེའི་རྗེས་སུ་འབྲང་བ་དེ་དམ་པའི་ལུགས་སོ། །གསུམ་པ་དེ་ལྟར་ཤེས་པའི་ཆེ་བ་ནི། དེ་ལྟར་སྒྲུབ་དང་སུན་འབྱིན་གྱི། །ཞེས་སོགས་ཚིགས་བཅད་གཅིག་གོ །ཚད་མ་རིག་པའི་གཏེར་ལས་གཞན་དོན་རྗེས་སུ་དཔག་པ་བརྟག་པའི་རབ་ཏུ་བྱེད་པ་བཅུ་གཅིག་པའི་རྣམ་བཤད་བསྟན་ཟིན་ཏོ།།  །།གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལ། རྩོམ་པ་པོ་གང་གིས་བརྩམས་པ། ཚུལ་ཇི་ལྟར། དེ་ལྟར་བརྩམས་པའི་དགོས་པ། བརྩམས་པའི་བསྟན་བཅོས་ཀྱི་ཆེ་བ། བརྩམས་པའི་དགེ་བ་བསྔོ་བ་དང་ལྔའོ། །དང་པོ་ནི། སྐྱེ་བ་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ནི། ཕྱོགས་ལས་སོགས་གཅིག་གོ །གསུམ་པ་ལ་སྨྲ་ངན་འཇོམས་པའི་ཆེད་དུ་བརྩམས་པ། འཇོམས་ནུས་པའི་རྒྱུ་གཉིས་ནི་རིམ་བཞིན། ཐུབ་པ་སོགས་དང་། བློ་ཡི་སོགས་སོ། །བཞི་པ་ནི་སྡེ་བདུན་སོགས་སོ། །ལྔ་པ་ནི་ལེགས་པར་བཤད་པས་སོགས་སོ། །རྣམ་མང་རིག་པའི་གཞུང་བཟང་རྒྱ་མཚོ་ལས། །ལེགས་འོངས་རིག་པའི་གཏེར་ཆེན་གཏེར་མཆོག་གི །རྣམ་བཤད་རིག་པའི་ལམ་མཆོག་གསལ་བྱེད་པ། །རྒྱ་ཆེན་རིག་པའི་ཚ་ཟེར་ལྡན་པ་འདི། །དོན་ལ་དངོས་སུ་འཇུག་པའི་སེལ་འཇུག་དང་། །ངེས་དང་སྒྲོ་འདོགས་གཅོད་པའི་སྣང་འཇུག་དང་། །ཡུལ་དུས་རང་བཞིན་འདྲེས་པའི་རང་དངོས་དང་། །རྣམ་རིག་སྨྲ་ཡང་རྡུལ་ཕྲན་ཁས་ལེན་དང་། །ཡུལ་སྣང་ཡུལ་དང་ཡུལ་སྣང་བདེན་སྨྲ་སོགས། །ལོག་ལྟའི་ཚང་ཚིང་མ་ལུས་སྲེག་པ་དང་། །རིན་ཆེན་རིག་པའི་གཏེར་གཟུགས་གསལ་བ་དང་། །བློ་གསལ་བློ་ཡི་པད་ཚལ་རྒྱས་ཕྱིར་སྦྱར། །འདི་སྦྱར་དགེ་བས་བདག་གཞན་འགྲོ་བ་ཀུན། །འདི་དང་གཞན་པའི་ཚེ་རབས་ཐམས་ཅད་དུ། །རིག་པའི་ནོར་མཆོག་མཐའ་ཡས་དང་ལྡན་ཞིང་། །རིག་པའི་དཔལ་འབྱོར་ཀུན་ལ་སྟེར་བར་ཤོག །རྒྱལ་བའི་ཞིང་ཁམས་ཀུན་ཏུ་གཅིག་ཅར་ཡང་། །རྒྱལ་བའི་དམ་ཆོས་ཀུན་འཛིན་སྲུང་བྱེད་ཅིང་། །རྒྱལ་བའི་ཕྲིན་ལས་ཀུན་ལ་དབང་ཐོབ་ནས། །རྒྱལ་བའི་ཆོས་ཚུལ་ཀུན་གྱི་བདག་པོར་ཤོག །གནས་སྐབས་ཀུན་ཏུ་ཚེ་རིང་ནད་མེད་ཅིང་། །འཁོར་མང་གྲགས་དང་ཕུན་ཚོགས་འབྱོར་པར་ལྡན། །བསྟན་དང་འགྲོ་བའི་དོན་ལ་ཆེར་བརྩོན་པས། །འགྲོ་ཀུན་ཕན་བདེའི་ས་ལ་མྱུར་འགོད་ཤོག །ཚད་མ་རིག་པའི་གཏེར་གྱི་རྣམ་པར་བཤད་པའི་རིག་ལམ་རབ་ཏུ་གསལ་བའི་ཉི་མ་ཞེས་བྱ་བ་འདི་ནི། རྒྱལ་བའི་རིང་ལུགས་མ་ལུས་པའི་གསལ་བྱེད་དམ་པ་བྱམས་ཆེན་རབ་འབྱམས་པ་ཞེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་ན་གཡོ་བ་དེ་དང་། དེ་ཡི་སྲས་ཀྱི་མཐུ་བོ་དམ་པ་མདོ་རྒྱུད་མ་ལུས་པའི་འབྱུང་གནས་རྒྱལ་བ་བསོད་ནམས་སེངྒེ་ལ་སོགས་པ་ཡོངས་འཛིན་དམ་པ་རྣམས་ཀྱི་ཞབས་རྡུལ་ཡན་ལག་མཆོག་གིས་བླངས་པ། ཤཱཀྱའི་དགེ་སློང་བྱམས་པ་ཐུགས་རྗེ་དཔལ་བཟང་གིས་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་ས་ཕོ་སྤྲེའུའི་ལོ་སྨིན་དྲུག་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ་ལེགས་པར་གྲུབ་པར་བྱས་ཏེ་བྲིས་པའོ། །འདིས་བསྟན་པ་དང་སེམས་ཅན་མཐའ་ཡས་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་བསྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*