མདོ་རྩ་བའི་སྤྱི་དོན་ཚིག་དོན་རབ་གསལ། ཁ༽

དགག་བྱ་ཆེས་མ་རྫོགས་པའི་ཕྱིར། ཁྱབ་སྟེ། དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ་ཞེས་གསུངས་པའི་ཕྱིར། ཕམ་ལྷག་གཉིས་ཀྱི་ཆེས་ན་སྨད་ལ་ཉེས་བྱས། སྦོམ་པོ་ལྟུང་བྱེད་སོར་བཤགས་གསུམ་གྱི་ཆེས་ན་སྨད་ལ་ཉེས་བྱས་ཕྲ་མོ། ཉེས་བྱས་ཀྱི་ཆེས་ན་སྨད་ལ་ཉེས་བྱས་ཕྲ་མོའི་ཕྲ་མོ། ཉེས་བྱས་ཕྲ་མོའི་ཆེས་ན་སྨད་ལ་ཉེས་བྱས་ཆེས་ཕྲ་མོའི་ཕྲ་མོར་འགྱུར་ཏེ། སྒྲུབ་བྱེད་སྔར་བཞིན་ནོ། །ཆེས་ན་སྨད་དུ་འགྱུར་བ་ལ་ཡན་ལག་གཉིས་མ་ཚང་བ་ངེས་པར་མི་དགོས་ཏེ། མི་ཡུལ་དུ་དགོས་པའི་འཁྲིག་ཚིག་བསྙེན་བཀུར་རེག་པའི་ལྷག་མའི་སྐབས་སུ་དུད་འགྲོ་མོ་ལ་དེ་བྱས་ན་ཡང་ཡན་ལག་གཅིག་མ་ཚང་ཡང་ཆེས་ན་སྨད་དུ་འགྱུར་བའི་ཕྱིར་ཏེ། མི་ལ་དུད་འགྲོ་ཡང་ངོ་ཞེས་གསུངས་པའི་ཕྱིར། གསུམ་པ་ལྟུང་བ་གཞན་དུ་འགྱུར་བ་ལ་གསུམ་སྟེ། སྡེ་ཚན་གཞན་དུ་འགྱུར་བ། སྡེ་ཚན་གཞན་དུ་མ་གྱུར་ཀྱང་བཅས་པ་གཞན་དུ་འགྱུར་བ། གནས་སྐབས་གཞན་དུ་འགྱུར་བའོ། །དང་པོ་ནི། མི་གསོད་པའི་ཡན་ལག་མ་ཚང་བ་དུད་འགྲོ་གསོད་ན་ཕམ་པའི་སྡེ་ཚན་ལས་གཞན་ལྟུང་བྱེད་བསྐྱེད་པ་ལྟ་བུའོ། །གཉིས་པ་ནི། གཞི་མེད་ཀྱི་སྐུར་འདེབས་ཀྱི་ལྷག་མའི་ཡན་ལག་མ་ཚང་བ་སྦྱོར་བ་མི་གསལ་བས་སྐུར་པ་བཏབ་ན་བག་ཙམ་གྱིས་ལྷག་མ་བསྐྱེད་པ་ལྟ་བུའོ། །གསུམ་པ་ནི། རེག་པའི་ལྷག་མའི་ཡན་ལག་མ་ཚང་བ་རེག་པའི་བདེ་བ་མྱོང་འདོད་མེད་པར་རེག་འདོད་ཙམ་གྱིས་བུད་མེད་ལ་རེག་པས་ལྟུང་བ་རྣམ་གཞག་གི་གནས་སྐབས་ལས་གཞན་བསླབ་བྱའི་ཉེས་བྱས་སུ་འགྱུར་བ་ལྟ་བུ་ཡིན་ཏེ། དེས་ལྟུང་བ་རྣམ་གཞག་གི་ལྟུང་བ་མི་བསྐྱེད་པར་བསླབ་བྱའི་ཉེས་བྱས་བསྐྱེད་པའི་ཕྱིར། བཞི་པ་ལྟུང་མེད་དུ་འགྱུར་བ་ལ་བཞི་སྟེ། ལྟུང་བའི་དངོས་གཞི་མེད་པ་ལ་དགོངས་ནས་ལྟུང་བ་མེད་པ། ལྟུང་བ་རྣམ་གཞག་གི་ལྟུང་བ་མེད་པ་ལ་དགོངས་ནས་ལྟུང་བ་མེད་པ། སྐབས་དེར་གཏོགས་ཀྱི་ལྟུང་བ་མེད་པ་ལ་དགོངས་ནས་ལྟུང་བ་མེད་པ། ལྟུང་བ་གཏན་མེད་པའི་ལྟུང་བ་མེད་པའོ། །དང་པོ་ནི། ལུང་འདུལ་བྱེད་ལས། ཚེ་དང་ལྡན་པ་ཚུར་ཤོག་རྫས་ཉུང་ངུ་ཉུང་ངུ་ནས་བརྐུས་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། ཉེ་སྡེས། གསོད་འདོད་མེད་པར་མངལ་བླུག་པ་ལ་ལུང་རྣམ་འབྱེད་ལས་ཉེ་སྡེ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པ་ལེན་པའི་སྐབས་སུ་འབྲུ་རྗེན་པ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པ་ལེན་པ་ལ་ལྟུང་བ་མེད་དེ། ལས་སུ་མ་བྱས་པ་ལ་ཡང་ངོ་ཞེས་ལྟུང་མེད་དུ་གསུངས་པ་ལྟ་བུའོ། །བཞི་པ་ལ་གཉིས་ཏེ། རང་བཞིན་དང་བཅས་པ་མཐའ་དག་གི་ལྟུང་བ་མེད་པ་དང་། བཅས་པ་འབའ་ཞིག་གི་ལྟུང་བ་མེད་པའོ། །དང་པོ་ནི། ཤེས་པ་རང་བཞིན་དུ་མི་གནས་པ་དང་། རང་རང་གི་ཀུན་སློང་མེད་པ་དང་། རང་རང་གི་ལས་དང་པོ་པ་དང་། བསླབ་པའི་སེལ་བ་སྡོམ་པ་གཏན་མ་བླངས་པ་ལྟ་བུའོ། །གཉིས་པ་ལ་བཞི་སྟེ། དགག་བྱ་ཉེས་དམིགས་མེད་པ་དང་། རྣམ་གཞག་བག་ཡངས་དང་འབྲེལ་བས་དང་། འགལ་རྐྱེན་བར་ཆད་དང་ལྡན་པས་དང་། སྒྲུབ་པར་མི་ནུས་པ་ཕྱོགས་གཅིག་ལ་ཞུགས་པས་ལྟུང་བ་མེད་པའོ། །ལྟུང་མེད་བཞི་པོ་བཅས་པ་འབའ་ཞིག་གི་སྐབས་སུ་ཡིན་གྱི། རང་བཞིན་གྱི་ཁ་ན་མ་ཐོ་བའི་སྐབས་སུ་ལྟུང་མེད་བཞི་པོ་མི་སྲིད་པའི་ཕྱིར་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ངོ་བོ་ཉིད་ཀྱི་དགག་བྱར་གྱུར་པས་དགག་བྱ་ཉེས་དམིགས་མེད་པས་ལྟུང་བ་མི་སྲིད་པའི་ཕྱིར་དང་། སྲོག་ལ་བབས་ཀྱང་གནང་བ་མེད་པས་རྣམ་གཞག་བག་ཡངས་དང་འབྲེལ་བའི་ལྟུང་བ་མེད་པ་ཡང་མི་སྲིད་པའི་ཕྱིར། རང་བཞིན་གྱི་ཁ་ན་མ་ཐོ་བ་དེ་ཉིད་ཚུལ་ཁྲིམས་ཀྱི་བར་ཆད་ཡིན་པས་འགལ་རྐྱེན་བར་ཆད་སྤོང་བའི་དོན་དུ་གནང་བ་མི་སྲིད་པའི་ཕྱིར། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་དོན་དུ་སྲོག་འདོར་བར་གསུངས་པས་སྒྲུབ་པར་མི་ནུས་པ་ཕྱོགས་གཅིག་ལ་ཞུགས་པས་ལྟུང་བ་མེད་པ་ཡང་མི་སྲིད་པའི་ཕྱིར། དེ་ལ་དང་པོ་དགག་བྱ་ཉེས་དམིགས་མེད་པས་ལྟུང་བ་མེད་པ་ནི། ཉི་མ་གཅིག་ལ་རྡོའམ་སོ་ཕག་རིམ་པ་གསུམ་ལས་ལྷག་པ་རྩིག་པ་དང་། བྱེ་མ་འབའ་ཞིག་བརྐོ་བ་ལ་ལྟུང་མེད་དུ་གསུངས་པ་ལྟ་བུའོ། །དེས་ལྟུང་བ་མི་བསྐྱེད་པ་ནི་བཅས་པ་རྣམ་གཞག་གི་དགག་བྱ་མེད་པས་ལྟུང་བ་བསྐྱེད་པའི་བཅས་པ་མ་མཛད་པའོ། །གཉིས་པ་ལ་གཉིས་ཏེ། བག་ཡངས་ཆེན་པོ་དང་འབྲེལ་བའི་ལྟུང་བ་མེད་པ་དང་། བག་ཡངས་ཁ་འཐོར་བ་དང་འབྲེལ་བའི་ལྟུང་བ་མེད་པའོ། །དང་པོ་ལ་ལྔ་སྟེ། ལུང་གང་ལས་གསུངས་པ། གཞི་གང་ལ་བྱ་བ། ཆེད་དུ་བྱ་བ་གང་གི་ཕྱིར་བྱ་བ། ཆོ་ག་གང་གིས་བྱ་བ། སྡེ་པ་གང་གི་ལུགས་ཡིན་པའོ། །དང་པོ་ནི། ལུང་ཕྲན་ཚེགས་ལས། དགེ་སློང་དག་བསླབ་པའི་གཞི་ཕྲ་མོ་དང་ཕྲན་ཚེགས་གང་ཡིན་པ་དེ། དགེ་འདུན་ཚོགས་ལ་སྐབས་དབྱེ་ཞིང་བདེ་བ་ལ་རེག་པར་གནས་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། བསླབ་པའི་གཞི་ཕྲ་མོ་རྣམས་ལ་བྱ་བ་ཡིན་ལ། དགྲ་བཅོམ་པ་འོད་སྲུང་གིས་དོག་མཐའ་གཞི་བསྡུས་ཀྱི་ཉེས་བྱས་ཁོ་ན་དང་། ཡང་མཐའ་ཕམ་ལྷག་མན་ལ་མཛད་ཀྱང་། རང་བཞིན་གྱི་ཁ་ན་མ་ཐོ་བའི་སྤང་ལྟུང་མན་ལ་བག་ཡངས་མེད་དོ། །དེས་ན་ཆང་མ་གཏོགས་པའི་སྤང་ལྟུང་མན་གྱི་བཅས་པའི་ཁ་ན་མ་ཐོ་བ་རྣམས་ལ་བྱ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ལྟུང་བ་ཕྲན་ཚེགས་ཞེས་བྱ་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མ་གཏོགས་སོ་ཞེས་གསུངས་སོ། །གསུམ་པ་ལ་བཞི་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དགེ་འདུན་གྱི་དབྱེན་སྤང་བ་དང་། གང་ཟག་རླབས་པོ་ཆེ་བསྟན་པ་ལ་འཇུག་པའི་དོན་དང་། བསྟན་པ་འཕེལ་བར་བྱ་བ་དང་། དཀའ་བས་འཚོ་བ་སྤང་བའོ། །ཞེས་གསུངས་སོ། །དེའི་དོན་ཡང་དང་པོ་ནི། དགེ་སློང་འགའ་ཞིག་ལ་ལྟུང་བ་བྱུང་བ་ལ། རང་ཉིད་ཀྱིས་མ་བྱུང་བར་འདུ་ཤེས། ཁ་ཅིག་གིས་བྱུང་བར་ཤེས་ཏེ་གླེངས་པས་འཐབ་རྩོད་དུ་འགྱུར་བ་ཞི་བའི་ཕྱིར་དང་། གཉིས་པ་ནི་གང་ཟག་རིགས་རྒྱུད་མཐོན་པོ་བསྟན་པ་ལ་ཞུགས་ན་ཕན་འདོགས་ཆེན་པོ་འབྱུང་བ་བསླབ་པའི་གནས་ཕྲ་མོ་བསྲུང་མི་ནུས་པ་དེ་བསྟན་པ་ལ་འཇུག་པ་དང་། གསུམ་པ་དང་བཞི་པ་ནི། དུས་ཀྱི་མཐའ་སྙིགས་མ་ལྔ་བདོ་བའི་དུས་སུ་རབ་ཏུ་བྱུང་བ་རྣམས་ཟས་གོས་མ་རྙེད་པར་འཚོ་དཀའ་བར་འགྱུར་བ་དང་། བསྟན་པ་སྙིགས་མའི་དུས་སུ་བསླབ་པ་ཕྲ་མོ་རྣམས་བསྲུང་དགོས་པས་བསྟན་པ་ལ་ཞུགས་པ་རྣམས་སྒྱིད་ལུགས་ཅིང་མ་ཞུགས་པ་རྣམས་འཇིག་ནས་གསར་དུ་འཇུག་པ་མེད་པར་འགྱུར་བས་ཉེས་དམིགས་དེ་རྣམས་སྤང་བའི་དོན་དུ་དགེ་འདུན་ཚོགས་ནས་བསླབ་པའི་གཞི་ཕྲ་མོ་དང་ཕྲན་ཚེགས་འགའ་ཞིག་མ་བསྲུངས་ཀྱང་ཉེས་པ་མི་འབྱུང་བའི་ཕྱིར་དུ་བག་ཡངས་སུ་བྱེད་དོ། །བཞི་པ་ཆོ་ག་གང་གིས་བྱ་བ་ནི། གསོལ་བཞིའི་ལས་ཀྱིས་བྱ་བ་ཡིན་ཏེ། དེ་ཉིད་ལས། གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞིའི་ཕྲན་ཚེགས་ལ་བག་ཡངས་སུ་བྱེད་པའོ་ཞེས་གསུངས་པའི་ཕྱིར་རོ། །ཆོ་ག་འདི་ནི་རྒྱ་གར་མཁན་པོ་སྣ་སྒ་པ་ནས་བརྒྱུད་པ་ལས་འབྱུང་ངོ་། །ལྔ་པ་སྡེ་པ་གང་གི་ལུགས་ཡིན་པ་ནི། ཐམས་ཅད་ཡོད་པ་སྨྲ་བའི་ལུགས་ཡིན་གྱི། སྡེ་པ་གཞན་འགའ་ཞིག་ནི་མི་འདོད་དེ། བཙུན་པ་ངོ་བོ་ཉིད་མེད་པས་མཛད་པའི་འགྲེལ་པ་ལས། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ་ནི་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་ཁ་ཅིག་ལ་གལ་ཏེ་དགེ་འདུན་ཚོགས་པས་བག་ཡངས་སུ་བྱས་ན་བག་ཡངས་སུ་བྱས་པ་ཡིན་ནོ་ཞེས་གྲག་གོ །འདིར་ཡང་གྲག་པ་ཙམ་དུ་ཟད་ཀྱི། བསླབ་པའི་གཞི་གང་ལ་ཡང་བག་ཡངས་སུ་དགེ་འདུན་གྱིས་བྱས་པའམ་བྱེད་པ་ནི་མེད་དོ་ཞེས་གསུངས་སོ། །གཉིས་པ་བག་ཡངས་ཁ་འཐོར་བ་དང་འབྲེལ་བས་ལྟུང་བ་མེད་པ་ནི། སྲ་བརྐྱང་བཏིང་ན་འཆང་འབྲལ་འཇོག་གསུམ་གྱི་ལྟུང་བ་དང་། ཁང་པ་ཁང་ཆེན་གྱི་གནང་བ་བྱིན་ན་དེ་དག་བརྩིགས་ཀྱང་ཉེས་པ་མི་འབྱུང་བ་ལྟ་བུའོ། །གསུམ་པ་ལ་གཉིས་ཏེ། གཙོ་བོའི་བར་ཆད་དང་། གཙོ་བོ་མ་ཡིན་པའི་བར་ཆད་ཀྱི་རྐྱེན་དང་ལྡན་པས་ལྟུང་བ་མེད་པའོ། །དང་པོ་ལ་གཉིས་ཏེ། རང་གི་གཙོ་བོའི་བར་ཆད་དང་ལྡན་པས་ལྟུང་བ་མེད་པ་དང་། གཞན་གྱི་གཙོ་བོའི་བར་ཆད་དང་ལྡན་པས་ལྟུང་བ་མེད་པའོ། །དང་པོ་ལ་གསུམ་སྟེ། རང་གི་སྲོག་གི་དང་། རང་གི་ཚུལ་ཁྲིམས་ཀྱི་དང་། རང་གི་དགེ་སྦྱོང་ཚུལ་གྱི་བར་ཆད་དང་ལྡན་པས་ལྟུང་བ་མེད་པའོ། །དང་པོ་ནི། དགེ་སློང་གིས་བཅས་པ་འགའ་ཞིག་བསྲུངས་ན་རང་གི་སྲོག་གི་བར་ཆད་དུ་འགྱུར་ལ། མ་བསྲུངས་པར་གློད་ན་སྲོག་གི་བར་ཆད་དུ་མི་འགྱུར་བ་ནང་འདོམས་ན་རང་གི་སྲོག་གི་བར་ཆད་སྤོང་བའི་དོན་དུ་ཆང་འཐུང་བ་སོགས་འགའ་ཡར་མ་གཏོགས་བཅས་པའི་ཁ་ན་མ་ཐོ་བ་རྣམས་གནང་བ་ཡིན་ཏེ། ཕྲན་ཚེགས་ལས། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་དག་མ་གཏོགས་པ་གཞན་གྱིས་ནད་པ་བསྐྱང་བར་བྱའོ་ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ནི། དགེ་སློང་གིས་བཅས་པ་འགའ་ཞིག་བསྲུང་བ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་བསྲུང་བ་ཐབས་གཞན་མེད་པར་ནང་འདོམས་ན་ཆང་འཐུང་བ་སོགས་འགའ་རེ་མ་གཏོགས་པའི་བཅས་རྐྱང་ཐམས་ཅད་གནང་སྟེ། སྲོག་གི་བར་ཆད་སྤོང་བའི་དོན་དུ་བཅས་པ་གནང་བ་ནི་གང་ཞིག སྲོག་གི་བར་ཆད་སྤོང་བ་བས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་དགོས་པ་ཆེ་བའི་ཕྱིར་ཏེ། ལུང་ཕྲན་ཚེགས་ལས། སྲོག་ཉིད་སྤང་བར་བྱ་ཞིང་སྲོག་ཆགས་གསད་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཞར་ལས་བྱུང་བ་ལ་གཉིས་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ནང་འདོམས་ན་ཇི་ལྟར་བྱ་བ། བཅས་པ་ཆེ་ཆུང་དང་དགག་དགོས་ཆེ་ཆུང་འབྲེལ་མ་འབྲེལ་བསམ་པའོ། །དང་པོ་ནི། ཁ་ཅིག་མི་གསོད་པ་དང་། དུད་འགྲོ་གསོད་པ་དང་། རང་ཉིད་གསོད་པ་གསུམ་འདོམས་ན། དུད་འགྲོ་གསོད་པ་གནང་སྟེ། ལྟུང་བ་ཆེ་བའི་ངོར་ཆུང་བ་གནང་བ་ཡོད་པ་གང་ཞིག བདག་ཉིད་གསོད་ན་སྦོམ་པོ་བསྐྱེད། མི་གསོད་ན་ཕམ་པ་བསྐྱེད། དུད་འགྲོ་གསོད་ན་ལྟུང་བྱེད་ལས་མི་བསྐྱེད་ཅིང་ཆུང་བ་བཤགས་པས་འདག་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་གནང་བ་མེད་པའི་ཕྱིར། དེའི་ཚེ་བདག་ཉིད་གསོད་དུ་འཇུག་པར་བྱ་བ་ཡིན་ཏེ། ལུང་ལས། སྲོག་ཉིད་སྤང་བར་བྱ་ཞིང་སྲོག་ཆགས་གསད་པར་མི་བྱའོ་ཞེས་གསུངས་པའི་ཕྱིར། དུད་འགྲོ་གསོད་པ་གནང་བ་ཡང་མི་འཐད་དེ། དེའི་ལྟུང་བ་བཤགས་དགོས་པའི་ཕྱིར། གཞན་ཡང་། དེ་གསུམ་འདོམས་པ་ན་བདག་ཉིད་གསོད་པས་སྦོམ་པོ་བསྐྱེད་པ་མ་ཡིན་པར་ཐལ། དེའི་ཚེ་རང་ཉིད་གསོད་འདོད་ཀྱིས་རང་ཉིད་གསོད་པའི་སྦྱོར་བ་ལ་ཞུགས་པ་མ་ཡིན་གྱི། ཚུལ་ཁྲིམས་བསྲུང་འདོད་ཀྱི་བསམ་པས་བདག་ཉིད་ཀྱི་སྲོག་འདོར་བ་ལ་ཞུགས་པ་ཡིན་པའི་ཕྱིར། བཅས་པའི་ཁ་ན་མ་ཐོ་བ་ནང་འདོམས་ན་བཅས་པ་ཆེ་བའི་ངོར་ཆུང་བ་གནང་བས་ཁྱབ་བམ་མ་ཁྱབ་ཅེ་ན། མ་ཁྱབ་སྟེ། ཆུང་བའི་ངོར་ཆེ་བ་གནང་བ་ཡོད་པའི་ཕྱིར་ཏེ། དགེ་ཚུལ་གྱི་དབྱར་རལ་བའི་ཉེས་པ་སྤོང་བའི་དོན་དུ་ནུབ་ལྷག་ཉལ་གྱི་ལྟུང་བྱེད་གནང་བ་ཡོད་པའི་ཕྱིར་ཏེ། དགེ་ཚུལ་དང་ལྡན་པས་སོ་ཞེས་གསུངས་པའི་ཕྱིར། གཉིས་པ་ལ་ཁ་ཅིག་བཅས་པ་ཆེ་ཆུང་དང་དགག་དགོས་ཆེ་ཆུང་ལ་ངེས་པ་མེད་དེ། དགག་བྱ་ཆེ་ལ་བཅས་པ་ཆུང་བ་ཡང་ཡོད། དགག་བྱ་ཆུང་ལ་བཅས་པ་ཆེ་བ་ཡང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ལ་སྡིག་པ་མཚམས་མེད་འབྱུང་བས་གདགས་བྱ་ཆེ་ལ། ལྟུང་བ་ནི་ན་སྨད་པ་ལས་མི་བསྐྱེད་པས་བཅས་པ་ཆུང་བ་ཡིན་པའི་ཕྱིར། དགག་བྱ་ཆུང་ལ་བཅས་པ་ཆེ་བ་ཡང་ཡོད་དེ། དགེ་སློང་མས་ཟླ་མོའི་ཕམ་པ་འཆབ་པ་དགག་བྱ་ཆུང་བ་གང་ཞིག བཅས་པ་ཆེ་བ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཟླ་མོའི་ལྟུང་བ་འཆབ་པ་ལ་ཉེས་པ་ཆེར་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ལ་ཕམ་པ་བཅས་པའི་ཕྱིར་ཞེས་ཟེར་ན། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་ནི་བྱ་བ་དེ་འབྲེལ་གྱི་དགག་བྱ་ཆེ་ཡང་བཅས་པ་རྣམ་འཇོག་གི་དགག་བྱ་ཆེ་བ་མ་ཡིན་ཏེ། དེ་བཞིན་གཤེགས་པ་མཐོང་ན་དད་པ་སྐྱེ་བ་འབྱུང་ཉེ། ངན་སེམས་ཀྱི་ཁྲག་ཕྱུང་བ་བྱུང་རིང་ཞིང་འབྲེལ་ཆུང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མ་རྫོགས་པའི་ཕྱིར་དང་། དགེ་སློང་མའི་འཆབ་པའི་ཕམ་པ་བྱ་བ་དེ་འབྲེལ་གྱི་དགག་བྱ་ཆུང་ཡང་བཅས་པ་རྣམ་འཇོག་གི་དགག་བྱ་ཆེ་བ་ཡིན་ཏེ། བུད་མེད་ཆགས་པའི་སྲེག་པ་ཆེ་བས་འཆབ་པའི་ཕམ་པ་མ་བཅས་ན། གཅིག་གིས་གཅིག་གི་ལྟུང་བ་གསང་སྟེ་དགེ་སློང་མ་ཀུན་མ་དག་པར་འགྱུར་བའི་ཕྱིར། དེས་ན་བཅས་པ་རྣམ་འཇོག་གི་དགག་བྱ་ཆེ་ཆུང་དང་ལྟུང་བ་ཆེ་ཆུང་ཡང་འབྲེལ་ལ་བཅས་པ་ཆེ་ཆུང་ཡང་འབྲེལ་ལོ། །གསུམ་པ་རང་གི་དགེ་སྦྱོང་ཚུལ་གྱི་བར་ཆད་དང་ལྡན་པས་ལྟུང་བ་མེད་པ་ནི། བྱིན་ལེན་ལ་སོགས་པའི་བཅས་པ་བསྲུང་བ་དང་། དབེན་པར་གནས་ཏེ་བདག་མེད་བསྒོམས་པ་ལས་ལམ་གོང་མ་སྐྱེ་བའི་ཐབས་གཞན་མེད་པར་ནང་འདོམས་ན་ཇི་ལྟར་བྱ་སྙམ་ན། ཆང་འཐུང་བ་ལ་སོགས་པ་འགའ་ཡང་མ་གཏོགས་བཅས་པ་རྣམས་གནང་སྟེ། རང་གི་ཚུལ་ཁྲིམས་ཀྱི་བར་ཆད་སྤང་བའི་དོན་དུ་བཅས་པ་གནང་བ་གང་ཞིག ཚུལ་ཁྲིམས་བསྲུང་བ་དེ་ལམ་གོང་མ་སྐྱེ་བའི་དོན་དུ་ཡིན་པས། བཅས་པ་དེ་བསྲུང་བ་བས་རང་གི་ལམ་གོང་མ་སྐྱེ་བའི་བར་ཆད་བསྲུང་བ་དགོས་པ་ཆེ་བའི་ཕྱིར། དགོན་པ་བས་ཆོས་གོས་ཞག་དྲུག་འབྲལ་དུ་གནང་བ་ཡང་དེའི་ཕྱིར་ཡིན་ནོ། །གཉིས་པ་གཞན་གྱི་གཙོ་བོའི་བར་ཆད་ཀྱི་རྐྱེན་དང་ལྡན་པས་ལྟུང་བ་མེད་པ་ལ་གསུམ་སྟེ། གཞན་གྱི་སྲོག་གི་བར་ཆད་དང་། གཞན་གྱི་ཚུལ་ཁྲིམས་ཀྱི་བར་ཆད་དང་། གཞན་གྱི་དགེ་སྦྱོང་ཚུལ་གྱི་བར་ཆད་ཀྱི་རྐྱེན་དང་ལྡན་པས་ལྟུང་བ་མེད་པའོ། །དང་པོ་ནི། དགེ་སློང་གིས་བཅས་པ་བསྲུངས་ན་གཞན་གྱི་སྲོག་གི་བར་ཆད་སྤོང་མི་ནུས་ལ། མ་བསྲུངས་ན་སྤོང་ནུས་པ་ཡིན་ན་ཆང་འཐུང་བ་ལ་སོགས་པ་འགའ་རེ་མ་གཏོགས་པ་བཅས་པ་རྣམས་གནང་སྟེ། བུད་མེད་ཆུས་ཁྱེར་བ་གཟུང་དུ་གནང་བའི་ཕྱིར་ཏེ། སྙིང་བརྩེ་བས་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་ལྟུང་བ་མེད་ཅེས་གསུངས་པའི་ཕྱིར། རིགས་པས་ཀྱང་གྲུབ་སྟེ། བཅས་པ་དེ་བསྲུང་བ་བས་གཞན་གྱི་སྲོག་གི་བར་ཆད་བསྲུང་བ་དགོས་པ་ཆེ་བའི་ཕྱིར། ཁོ་ན་རེ་བུད་མེད་ཆུས་ཁྱེར་བ་གཟུང་བ་དེ་གནང་བ་མ་ཡིན་པར་ཐལ། གཞན་གྱི་སྲོག་གི་བར་ཆད་སྤོང་བའི་ཕྱིར་རྐུན་པོའི་ལག་ནས་མི་གཏོང་བས་ཉེས་བྱས་བསྐྱེད་པའི་ཕྱིར་ཏེ། སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ན་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དེ་ཡིན་ཏེ། བུད་མེད་གསོད་པར་ངེས་པ་རབ་ཏུ་འབྱིན་པར་བྱེད་པ་ལ་ལྷག་མ་བསྐྱེད་པར་བཤད་པའི་ཕྱིར་ཏེ། རབ་ཏུ་འབྱིན་པའི་ལྷག་མའོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་ན་སྐྱོན་མེད་དེ། སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ན་ཉེས་བྱས་ཞེས་པ་ནི་རྐུ་སེམས་ཀྱི་དབང་གིས་ཉེས་བྱས་བསྐྱེད་པའི་དོན་ཡིན་ལ། རྐུ་སེམས་ཀྱི་ཉེས་བྱས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་དང་། བུད་མེད་སྐྱོན་གསུམ་ལྡན་རབ་ཏུ་བྱུང་བས་ལྷག་མ་བསྐྱེད་པ་ནི་སྲོག་སྐྱོབ་མི་ནུས་ཤིང་བསྟན་པ་ལ་རྨ་འབྱིན་པས་ལྷག་མར་བཅས་པ་ཡིན་པའི་ཕྱིར། སྲོག་སྐྱོབ་མི་ནུས་ཏེ། ཕྱིས་བཙུན་མོ་ཕྲེང་ལྡན་མ་ལ་སྲོག་སྐྱོབ་ཞུ་དགོས་བྱུང་བར་གསུངས་པའི་ཕྱིར། གཉིས་པ་ནི། དགེ་སློང་གིས་བཅས་པ་འགའ་ཞིག་བསྲུངས་ན་གཞན་རྒྱུད་སྡིག་པས་གོས་པར་འགྱུར་ཞིང་མ་བསྲུངས་ན། གོས་པར་མི་འགྱུར་བ་ལྟ་བུ་འདོམས་ན། ཆང་སོགས་འགའ་རེ་མ་གཏོགས་བཅས་པ་རྣམས་གནང་བ་ཡིན་ཏེ། དབྱར་ཕྱི་མ་ཟླ་བ་གཉིས་ལ་བབ་པ་ན་དགེ་སློང་སྡིག་ཅན་རང་གི་གནས་སུ་སླེབ་ནས་དགེ་ཚུལ་སུན་འབྱིན་པའམ། སྡིག་ལྟ་ལ་འགོད་པར་འགྱུར་ན་དེ་སྤང་བའི་དོན་དུ་ནུབ་ལྷག་ཉལ་གནང་བ་ཡིན་ཏེ། དགེ་སློང་སྡིག་ཅན་ཉེ་བར་གནས་པར་གྱུར་ནའོ་ཞེས་གསུངས་པའི་ཕྱིར། རིགས་པས་ཀྱང་གྲུབ་སྟེ། བཅས་པ་དེ་བསྲུང་བ་བས་གཞན་གྱི་ཚུལ་ཁྲིམས་ཀྱི་བར་ཆད་བསྲུང་བ་དགོས་པ་ཆེ་བའི་ཕྱིར། གསུམ་པ་ནི། བཙུན་མོའི་འཁོར་དུ་མཚན་མོ་མི་གནས་ན་གཞན་རྒྱུད་ལ་ལམ་གོང་མ་མི་སྐྱེ་ལ། གནས་ན་ལམ་གོང་མ་སྐྱེ་བ་ནང་འདོམས་ན། མཚན་མོ་གནས་ཏེ་ཆོས་སྟོན་པ་གནང་བ་ཡིན་ཏེ། ཤཱ་རིའི་བུས་བཙུན་མོ་དཔལ་ལྡན་མ་ལ་མཚན་ཐོག་ཐག་ཏུ་ཆོས་བསྟན་པས་མཐོང་ལམ་སྐྱེས་པ་ལྟ་བུའོ། །རིགས་པས་ཀྱང་གྲུབ་སྟེ། བཅས་པ་བསྲུང་བ་བས་གཞན་གྱི་ལམ་གོང་མ་སྐྱེ་བའི་བར་ཆད་བསྲུང་བ་དགོས་པ་ཆེ་བའི་ཕྱིར། གཉིས་པ་གཙོ་བོ་མ་ཡིན་པའི་བར་ཆད་ཀྱི་རྐྱེན་དང་ལྡན་པས་ལྟུང་བ་མེད་པ་ལ་གསུམ་སྟེ། ལུས་ཀྱི་བར་ཆད་དང་། ལོངས་སྤྱོད་ཀྱི་བར་ཆད་དང་། བསོད་ནམས་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པས་ལྟུང་བ་མེད་པའོ། །དང་པོ་ནི། བཅས་པ་འགའ་རེ་བསྲུངས་ན་རང་གཞན་གྱི་ལུས་ཆུད་ཟོས་སུ་འགྲོ་ལ། མ་བསྲུངས་ན་མི་འགྲོ་བ་ཐབས་གཞན་མེད་པར་ནང་འདོམས་ན། དེ་གཉིས་དགག་དགོས་གང་ཆེ་བརྟགས་ཏེ་བཅས་པ་སྲུང་བ་དགོས་པ་ཆེ་ན་མི་གནང་། ལུས་ཀྱི་བར་ཆད་བསྲུང་བ་དགོས་པ་ཆེ་ན་གནང་སྟེ། ནད་པ་དང་ནད་གཡོག་མར་མེའི་སྣང་བ་དང་བཅས་པ་ལ་ཉལ་དུ་གནང་བའི་ཕྱིར་ཏེ། དེ་སྒྲུབ་པར་བྱེད་པའི་ནད་པ་དང་ནད་གཡོག་ལྷན་ཅིག་གནས་པ་ལ་ཉེས་པ་མེད་དོ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དམག་དང་ཆོམ་རྐུན་བྱུང་བའི་ཚེ་རིན་པོ་ཆེ་ལ་སོགས་པ་ལ་རེག་པའི་བཅས་པ་འགའ་ཞིག་བསྲུང་ན་རང་གཞན་གྱི་ལོངས་སྤྱོད་ཆུད་ཟོས་པར་འགྱུར་ལ། མ་བསྲུངས་ན་མི་འགྱུར་བ་ཐབས་གཞན་མེད་པ་ནང་འདོམས་ན། དེ་ལ་ཡང་སྔར་ལྟར་བརྟགས་ནས་བཅས་པ་བསྲུང་བ་དགོས་པ་ཆེ་ན་མ་གནང་ལ། ལོངས་སྤྱོད་ཀྱི་བར་ཆད་བསྲུང་བ་དགོས་པ་ཆེ་ན་གནང་སྟེ། འཇིགས་པར་གྱུར་ན་རང་གི་ལ་མི་གནོད་ན་མཆོད་རྟེན་ནམ་དགེ་འདུན་གྱི་དབྱིག་གམ་གསེར་སྦས་པ་ཁྱེར་ཏེ་འགྲོ་བར་བྱའོ་ཞེས་གསུངས་པའི་ཕྱིར། གསུམ་པ་ནི། བཅས་པ་འགའ་ཞིག་བསྲུངས་ན་རང་གཞན་གྱི་བསོད་ནམས་གསོག་པ་དེ་མི་འགྲུབ་ལ། མ་བསྲུངས་ན་འགྲུབ་པ་ལྟ་བུ་ཐབས་གཞན་མེད་པར་ནང་འདོམས་ན་དེ་གཉིས་དགག་དགོས་གང་ཆེ་བརྟགས་ཏེ་བཅས་པ་བསྲུང་བ་དགོས་པ་ཆེ་ན་མ་གནང་ལ། བསོད་ནམས་ཀྱི་བར་ཆད་བསྲུང་བ་དགོས་པ་ཆེ་ན་གནང་སྟེ་དཀོན་མཆོག་མཆོད་པའི་དོན་དུ་གླུ་ལེན་པ་གནང་བ་དང་། སྦྱིན་བདག་གི་བསོད་ནམས་ཀྱི་བར་ཆད་བསྲུངས་པའི་དོན་དུ་རྐང་པ་གཉིས་པ་དྲིས་བསྐུ་བ་གནང་བའི་ཕྱིར་ཏེ། དཀོན་མཆོག་མཆོད་པའི་དོན་དུ་དབྱངས་ཀྱི་ང་རོ་བྱའོ་ཞེས་དང་། བསོད་ནམས་འདོད་པས་རྐང་པ་གཉིས་ལ་ལུས་སྐུད་པའི་དྲིས་བསྐུད་པ་བསྟེན་པར་བྱའོ་ཞེས་གསུངས་པའི་ཕྱིར། བཞི་པ་སྒྲུབ་པར་མི་ནུས་པས་ཕྱོགས་གཅིག་ལ་ཞུགས་པས་ལྟུང་བ་མེད་པ་ལ་གསུམ་སྟེ། ཤེས་པ་རང་དབང་མེད་པས་སྒྲུབ་པར་མི་ནུས་པ་ལ་ལྟུང་བ་མེད་པ་དང་། བྱ་དཀའ་བས་སྒྲུབ་པར་མི་ནུས་པ་ལ་ལྟུང་བ་མེད་པ་དང་། ལྟུང་བ་ནང་འདོམས་པས་སྒྲུབ་པར་མི་ནུས་པ་ལ་ལྟུང་བ་མེད་པའོ། །དང་པོ་ནི། སྨྱོ་བ་ལ་སོགས་པ་ལ་ལྟུང་བ་མེད་པའོ། །གཉིས་པ་ནི། མཐའ་འཁོབ་ཏུ་བསྙེན་པར་རྫོགས་པ་ལ་དགེ་སློང་བཅུ་བཙལ་དུ་མེད་ན་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པ་གནང་བ་ལྟ་བུའོ། །གསུམ་པ་ནི། བཅས་པ་མཉམ་ཞིང་དགག་དགོས་ཀྱང་མཉམ་ན་བཅས་པ་གཅིག་མ་བསྲུངས་པ་ལ་ལྟུང་བ་མེད་པ་སྟེ། དགེ་སློང་མས་ཉིན་མོ་འབྲལ་བ་དང་གཅིག་པུ་ལམ་དུ་འགྲོ་བ་གཉིས་ཐབས་གཞན་མེད་པར་ནང་འདོམས་ན་གཅིག་པུ་ལམ་དུ་འགྲོ་བ་ལ་ལྟུང་བ་མེད་པ་ལྟ་བུའོ། །གཉིས་པ་དེ་ལས་འཕྲོས་པ་སྦོམ་པོའི་དོན་བཤད་པ་ལ། སྒྲའི་བརྗོད་རིགས་ཀྱི་དབྱེ་བ་དང་། མཚན་ཉིད་པའི་དབྱེ་བ་གཉིས་སོ། །དང་པོ་ནི། སྤྱིར་ཕམ་ལྷག་གཉིས་ལ་སྦོམ་པོ་ཞེས་གསུངས་ཏེ། མ་མོར། ཉེས་པ་སྦོམ་པོའི་ཉེས་པ་གང་ཞེ་ན། ཕས་ཕམ་པ་དང་། དགེ་འདུན་ལྷག་མའོ། །ཅིའི་ཕྱིར་ཉེས་པ་སྦོམ་པོ་ཞེས་བྱ་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ཉེས་པ་སྦོམ་པོའོ་ཞེས་གསུངས་ཏེ། ཉེས་པ་སྦོམ་པོ་ཡིན་པས་ན་སྦོམ་པོ་དང་། རང་བཞིན་གྱི་ཉེས་པ་སྦོམ་པོ་ཡིན་པས་ན་ཉེས་པ་སྦོམ་པོ་སྟེ། དེ་ནི་ཉེས་པ་སྦོམ་པོ་ཞེས་བྱའོ་ཞེས་གསུངས་པའི་ཕྱིར། འདིར་ནི་དམན་པ་སྦོམ་པོ་སྟོན་པར་བྱེད་པ་ལ། འོད་ལྡན་དུ་དེ་ལྟར་བྱས་ན་ཉེས་པ་སྦོམ་པོ་ཞེས་བྱ་བའི་སྒྲ་ནི་རྣམ་པ་གཉིས་སུ་སྟོན་ཏེ། མིང་དུ་ཆགས་པའི་སྒྲ་དང་། ཡོན་ཏན་གྱི་སྒྲའོ། །དེ་ལ་མིང་དུ་ཆགས་པའི་སྒྲ་ནི་ཉེས་པ་ཆུང་ངུའོ་ཞེས་བྱ་བ་ཡིན་ནོ། །ཡོན་ཏན་གྱི་སྒྲ་ནི་ཉེས་པ་མང་པོ་ཞེས་བྱ་བ་ཡིན་ནོ་ཞེས་སོ། །དེ་གཉིས་ཀྱི་ཁྱད་པར་ལ་མཁས་པ་ཁ་ཅིག སྔ་མ་ནི་རྟེན་དགེ་སློང་དང་། སྡེ་ཚན་ཕམ་ལྷག་ཁོ་ན་དང་། གནས་སྐབས་སྦྱོར་དངོས་དང་། གདགས་གཞི་དང་ཕྱིར་བཅོས་སྦོམ་པོའི་མིང་གིས་བྱེད་པ་སྟེ་སྦོམ་པོ་མཚན་ཉིད་པ་ཡིན་ནོ། །ཕྱི་མ་ནི་རྟེན་རབ་བྱུང་སྡེ་ལྔ་ཐམས་ཅད་དང་། སྡེ་ཚན་སྡེ་ལྔ་ཐམས་ཅད་དང་། གནས་སྐབས་སྦྱོར་བའི་སྦྱོར་བ་སོགས་ཐམས་ཅད་དང་། གདགས་གཞི་གཅིག་གམ་དུ་མ་དང་། ཕྱིར་བཅོས་གང་ལ་བཏགས་པ་དེ་ཉིད་ཀྱིས་མིང་གིས་བྱེད་དེ་བཏགས་པ་བ་ཡིན་ནོ། །གཉིས་པ་སྦོམ་པོ་མཚན་ཉིད་པའི་དབྱེ་བ་ལ། དབྱེ་བ་དངོས། བསྡུ་བ། ངོ་བོ། སྒྲ་དོན་དང་བཞི། དང་པོ་ནི། སྦོམ་པོ་མཚན་ཉིད་པ་དབྱེ་གཞིར་བྱས་ནས་དབྱེ་ན་བཞི་སྟེ། ཕམ་པར་གཏོགས་པའི་སྦོམ་པོ་ལྕི་ཡང་གཉིས། ལྷག་མར་གཏོགས་པའི་སྦོམ་པོ་ལྕི་ཡང་གཉིས་སོ། །ཤིན་ཏུ་ལྕི་བ་ལ་སོགས་པའི་བྱེ་བྲག་གིས་བརྒྱད་དུ་ཡང་ཡོད་དེ། འདུལ་བ་ཚིག་ལེའུར་བྱས་པ་ལས། ལྕི་དང་ཤིན་ཏུ་ལྕི་བ་ཉིད། །ཡང་དང་ཤིན་ཏུ་ཡང་བ་སྟེ། །ཕས་ཕམ་པ་ནི་ཀུན་བསླངས་པའི། །སྦོམ་པོ་རྣམ་པ་བཞི་ཡིན་ནོ། །སྒྲག་པར་མི་བྱེད་ལྕི་བ་སྟེ། །གཞན་གྱིས་དེ་ལ་འབད་པ་ཡིས། །བཟློག་ཀྱང་མི་ཉན་རབ་ལྕིར་ཤེས། །གཞན་ལ་ཁྲེལ་ཡོད་ཡང་བ་སྟེ། །རང་ཉིད་ངོ་ཚས་ཤིན་ཏུ་ཡང་། །བསམ་པའི་དབྱེ་བས་འགྱུར་བ་ཡིན། །དེ་བཞིན་དགེ་འདུན་ལྷག་མ་ཡི། །ཀུན་སློང་སྦོམ་པོ་རྣམ་པ་བཞི། །ཞེས་སོ། །གཉིས་པ་ནི། ཕམ་པས་ཀུན་ནས་བསླངས་པ་དང་། ལྷག་མས་ཀུན་ནས་བསླངས་པའི་སྦོམ་པོ་གཉིས་སུ་འདུས་སོ། །གསུམ་པ་ནི། སྦོམ་པོའི་རྒྱུ་ཚོགས་ཚང་བ་ལས་སྐྱེས་པའི་རིག་བྱེད་གང་ཞིག སྦོམ་པོའི་མིང་གིས་ཕྱིར་བཅོས་པར་བྱ་བའི་རིགས་ཡིན་པའོ། །བཞི་པ་ནི། ཕམ་ལྷག་དངོས་གཞི་ལས་དམན་ཞིང་ལྟུང་བ་གཞན་ལས་ཁ་ན་མ་ཐོ་བ་ཆེ་བས་ན་དམན་པ་སྦོམ་པོ་ཞེས་བྱའོ། །གཉིས་པ་ལྟུང་མེད་ནི་སེལ་བའི་ཞར་ལ་བསྟན་ཟིན་ཏོ། །གསུམ་པ་བསླབ་བྱ་ནི། ལྟུང་བ་རྣམ་གཞག་དེ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པས་ན་བསླབ་བྱ་སྟེ། གཉིས་པ་སོ་སོའི་སྐབས་སུ་འཆད་པར་འགྱུར་རོ།།  ༈  །།གཉིས་པ་སོ་སོའི་དོན་ལ་ལྔ་སྟེ། གཅོད་པར་བྱེད་པ་ཕམ་པའི་སྡེ་དང་། གསོ་བ་དགེ་འདུན་ལ་རག་ལས་པས་དགེ་འདུན་ལྷག་མའི་སྡེ་དང་། ལྟུང་བར་བྱེད་པ་ལྟུང་བྱེད་ཀྱི་སྡེ་དང་། སྨྲེ་སྔགས་འདོན་པའི་སྒོ་ནས་སོ་སོར་བཤགས་པར་བྱ་བ་སོར་བཤགས་ཀྱི་སྡེ་དང་། བསླབ་བྱའི་སྡེའོ། །དང་པོ་ལ་སྡོམ་ནི། མི་ཚངས་སྤྱོད་དང་རྐུ་བ་དང་། །མི་ལ་གསད་པར་མི་བྱ་དང་། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་གསུངས་པའི་དོན་ནི་བཞི་སྟེ། རང་གཞན་གཉིས་ཀ་ལ་གནོད་པ་མི་ཚངས་པར་སྤྱོད་པའི་དང་། གཞན་གྱི་ལོངས་སྤྱོད་ལ་གནོད་པ་མ་བྱིན་ལེན་གྱི་དང་། གཞན་གྱི་སྲོག་ལ་གནོད་པ་སྲོག་གཅོད་ཀྱི་དང་། གཞན་གྱི་དོན་འགྲུབ་པ་ལ་གནོད་པ་བརྫུན་དུ་སྨྲ་བའི་ཕམ་པའོ། །དང་པོ་ལ་སྤྱིའི་དོན་དང་། གཞུང་གི་དོན་ལ་སྦྱར་བ་གཉིས་ལས། དང་པོ་ནི། བམ་ལྔར། གླེང་གཞི་དང་། བསླབ་པ་བཅས་པ་དང་། ལྟུང་བ་རྣམ་པར་གཞག་པའི་དོན་སྟོན་ཏེ། དེ་ལ་གླེང་གཞི་ནི་ཡུལ་དང་། གང་ཟག་དང་། ཉོན་མོངས་པ་དང་། ཉེས་པའི་གཞིའི་བྱེ་བྲག་གིས་རྣམ་པ་བཞིའོ། །བསླབ་པ་བཅས་པ་ནི། འཇིག་རྟེན་དང་འགལ་བ་དང་འདུལ་བ་དང་འགལ་བ་བཟློག་པའི་ལྟུང་བ་སྡེ་ལྔའོ། །ལྟུང་བ་རྣམ་པར་གཞག་པ་ནི། བསམ་པ་དང་སྦྱོར་བའི་སྒོ་ནས་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བ་རྣམ་པར་གཞག་པའོ་ཞེས་གསུངས་པའི་དོན་ནི་གསུམ་སྟེ། བསླབ་པ་འཆའ་བའི་གླེང་གཞི་དང་། བཅས་པ་འཇོག་པའི་རྒྱུ་མཚན་དགག་བྱ་དང་། ལྟུང་བའི་རྒྱུ་ཚོགས་ཡན་ལག་བརྩི་བའོ། །དང་པོ་ནི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་གསུམ་ལོན་པ་ན། བཟང་སྦྱིན་གྱིས་སྔོན་གྱི་ཆུང་མ་ལ་ལོག་པར་སྤྱད་པ་ལ་བརྟེན་ནས། ཆོས་ཀྱི་རྗེས་བསླབ་པ་བཅས་པའི་ཕན་ཡོན་བཅུ་གཟིགས་ཏེ། ཡུལ་སྤོང་བྱེད་དུ་གང་ཟག་བཟང་སྦྱིན་གྱིས། ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་ཏེ་ཉེས་པ་མི་ཚངས་པར་སྤྱོད་པ་ལ་བརྟེན་ནས་མི་ཚངས་སྤྱོད་སྤོང་བའི་བསླབ་པའི་གཞི་འདི་བཅས་སོ། །གཉིས་པ་བཅས་པ་འཇོག་པའི་རྒྱུ་མཚན་དགག་བྱ་ལ། མཐོང་བའི་ཉེས་དམིགས་དང་། མ་མཐོང་བའི་ཉེས་དམིགས་གཉིས་ལས། དང་པོ་ནི། ཚེ་འདི་ལ་ལུས་དང་། སྲོག་དང་། ཚངས་པར་སྤྱོད་པ་དང་། དགེ་སྦྱོང་གི་ཚུལ་དང་། ལོངས་སྤྱོད་དང་བསོད་ནམས་ཀྱི་བར་ཆད་དུ་འགྱུར་ཞིང་གཞན་མ་དད་པ་ལ་སོགས་པའོ། །མ་མཐོང་བའི་ཉེས་དམིགས་ནི་མི་དགེ་བའི་ལས་ལམ་བཅུ་པོ་རྣམས་ཀྱིས་འབྲས་བུ་གསུམ་གསུམ་འབྱིན་པ་ཡིན་ཏེ། མཛོད་ལས། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །ཅེས་སོ། །དེ་ཡང་མི་ཚངས་སྤྱོད་ཀྱི་རྣམ་སྨིན་གྱི་འབྲས་བུ་ནི་དེ་ཆེ་འབྲིང་ཆུང་གསུམ་ལ་བརྟེན་ནས་རིམ་པ་ལྟར། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོར་སྐྱེ་བའོ། །རྒྱུ་མཐུན་གྱི་འབྲས་བུ་ལ་གཉིས་ཡོད་པ་ལས། མྱོང་བ་རྒྱུ་མཐུན་ནི། ལུས་མི་སྡུག་པ་དང་། ཆུང་མ་དགྲ་ཟླ་ཅན་དུ་འགྱུར་བ་ལ་སོགས་པའོ། །བྱེད་པ་རྒྱུ་མཐུན་ནི། དེར་ཡང་མི་ཚངས་པར་སྤྱོད་པ་ལ་དགའ་བའི་ངང་ཚུལ་ཅན་དུ་འགྱུར་བའོ། །བདག་པོའི་འབྲས་བུ་ནི། ཡུལ་ཕྱོགས་རྡུལ་འཁྲིགས་པ་སོགས་སུ་སྐྱེ་བའོ། །གསུམ་པ་ཡན་ལག་ལ་ཐུན་མོང་གི་ཡན་ལག་ནི་བསྙེན་པར་རྫོགས་པའི་སྡོམ་པ་གསོ་རུང་ཡན་ཆད་དུ་ཡོད་པ། ཤེས་པ་རང་བཞིན་དུ་གནས་པ། ལས་དང་པོ་པ་མ་ཡིན་པ་ཞེས་པ་ནི་ཀུན་ལ་སྦྱར་རོ། །ཐུན་མོང་མ་ཡིན་པའི་ཡན་ལག་ལ་བཞི་སྟེ། གཞིའི་ཡན་ལག་དང་། ཀུན་སློང་གི་དང་། སྦྱོར་བའི་དང་། མཐར་ཐུག་གི་ཡན་ལག་གོ །དང་པོ་ལ། གང་ལ་རྩལ་བར་བྱ་བའི་ཡན་ལག་དང་། དེ་ལ་རྩལ་བརྟེན་གྱི་ཡན་ལག་གཉིས་ལས། དང་པོ་ནི། མི་དང་། མི་མ་ཡིན་པ་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་དང་། རང་དང་གཞན་གང་ཡང་རུང་བའི་ལུས་ཕྱེད་དུ་ལངས་པ་ཡན་ཆད་ཀྱི་རྨའི་སྒོ་གསུམ་གང་ཡང་རུང་བ་མ་ཉམས་པ་དང་བགྲོད་དུ་རུང་བའོ། །གཉིས་པ་ནི། རང་རྒྱུད་དུ་གཏོགས་པའི་ནོར་བུ་ནད་མེད་པ་དང་ལས་སུ་རུང་བའོ། །ཀུན་སློང་ནི་རིག་པའི་བདེ་བ་ཉམས་སུ་མྱོང་བར་འདོད་པའོ། །སྦྱོར་བ་རེག་ཅིང་རྩོལ་བར་ཞུགས་པའོ། །མཐར་ཐུག་དེའི་རེག་པའི་བདེ་བ་ཉམས་སུ་མྱོང་བའི་ཚེ་མི་ཚངས་པར་སྤྱོད་པའི་ཕམ་པའི་དངོས་གཞིར་འགྱུར་ལ། དགེ་ཚུལ་ལ་ནི་ཕམ་འདྲའི་ཉེས་བྱས་སོ། །ཁ་ཅིག་འདིར་འདུ་ཤེས་མ་འཁྲུལ་པ་ཞེས་འདོད་པ་ནི་ནོར་བ་ཡིན་ནོ། །གཉིས་པ་གཞུང་དོན་ལ་སྦྱར་བ་ནི། གང་ཞིག་བྱས་ན་ལྟུང་བ་འདིར་འགྱུར་བ་ཡིན་ཞེ་ན། བཅུག་རེག་ཉམས་སུ་མྱོང་བ་བྱས་ནའོ། །ཟག་བྱེད་དོ། །དེར་རོ། །མ་ཉམས་པར་རོ། །ཁའམ་བཤང་བའི་ལམ་དུའོ། །ཉམས་པ་དག་ལ་ནི་སྦོམ་པོའོ། །མི་རུང་བ་ཉིད་ལ་ནི་ན་སྨད་དོ། །ཞེས་གསུངས་ཏེ། ཡན་ལག་གི་མཚན་ཉིད་དང་། སེལ་བ་གཉིས་ལས། དང་པོ་ནི། བཅུག་ཞེས་པའི་སྒྲ་བྱེད་པར་བསྒྲུབ་ན་དེས་འཛུད་པར་བྱེད་པས་ན་བཅུག་པ་སྟེ་ཕོའི་ཟག་བྱེད་དོ། །བཅུག་ཞེས་པའི་སྒྲ་གནས་སུ་བསྒྲུབ་ན་དེར་བཅུག་པར་བྱ་བ་ཡིན་པས་ན་བཅུག་པ་སྟེ་རྨའི་སྒོ་གསུམ་མོ། །གནས་སུ་བསྒྲུབ་པ་ལ་སྦྱར་བ་ཐོག་མར་བཤད་ན། བཅུག་པར་བྱ་བ་དགེ་སློང་རང་གི་རྨའི་སྒོ་གཉིས་སམ་གཞན་གྱི་སྒོ་གསུམ་གང་ཡང་རུང་བ་དགེ་སློང་རང་གིས་ཟག་བྱེད་བཅུག་སྟེ་བཅུག་པར་བྱ་བ་དེའི་རེག་པའི་བདེ་བ་དགེ་སློང་རང་གིས་ཉམས་སུ་མྱོང་ན་དགེ་སློང་དེ་ཕམ་པར་འགྱུར་ལ། བཅུག་པའི་སྒྲ་བྱེད་པ་པོ་བསྒྲུབ་པ་དང་སྦྱར་ན་དགེ་སློང་མའི་རྨའི་སྒོ་སོགས་གསུམ་གང་རུང་དུ་འཛུད་པར་བྱེད་པ་སྐྱེས་པའི་ཟག་བྱེད་བཅུག་སྟེ་དེའི་རེག་པའི་བདེ་བ་དགེ་སློང་མས་ཉམས་སུ་མྱོང་ན་དགེ་སློང་མ་དེ་ཕམ་པར་འགྱུར་ཞིང་། དགེ་སློང་གི་རྨའི་སྒོ་གཉིས་གང་རུང་དུ་སྐྱེས་པ་གཞན་གྱི་ཟག་བྱེད་བཅུག་སྟེ། དེའི་རེག་པའི་བདེ་བ་དགེ་སློང་གིས་ཉམས་སུ་མྱོང་ན་དགེ་སློང་དེ་ཕམ་པར་འགྱུར་རོ་ཞེས་ཊཱི་ཀར་བཤད་དེ། བཅུག་པའི་སྒྲ་བྱེད་པ་པོར་བསྒྲུབ་པའི་ཕྱོགས་ལ་བརྟེན་ནས་ནི་བརྟེན་པར་བྱ་བ་དགེ་སློང་དང་དགེ་སློང་མ་རྣམས་ཀྱི་ཁ་དང་བཤང་བའི་ལམ་དང་མོའི་དབང་པོར་འཛུད་པར་བྱེད་པས་བཅུག་པ་ལ་ཕམ་པར་འགྱུར་བ་རྣམ་པར་འཇོག་པར་བྱེད་དོ། །ཕོའི་དབང་པོའི་བཅུག་པ་དེའི་རེག་པ་ནི་བརྟེན་པར་བྱ་བ་ཁ་དང་བཤང་བའི་ལམ་དང་མོའི་དབང་པོ་དང་ལྡན་པའི་ཕྱོགས་དེར་རེག་པའོ། །རེག་པ་དེ་ཉམས་སུ་མྱོང་བར་བྱས་པ་ནི་ཉམས་སུ་མྱོང་བར་འགྱུར་བ་གང་ཡིན་པའོ། །དེ་ཉམས་སུ་མྱོང་བར་གྱུར་ན་དེའི་ཚེ་བརྟེན་པར་བྱ་བ་དགེ་སློང་དང་དགེ་སློང་མ་དེ་ཕམ་པར་འགྱུར་ཏེ་ཞེས་གསུངས་སོ། །འཛུད་པར་བྱེད་པས་བཅུག་པ་དེ་གང་ཡིན་ཞེ་ན་ཕོའི་ཟག་བྱེད་དོ། །བཅུག་པར་བྱ་བ་དེ་གང་ཞེ་ན་མོའི་ཟག་བྱེད་དེའོ། །བཅུག་པ་ཙམ་གྱིས་ཕམ་པར་འགྱུར་རམ་སྙམ་ན། མ་ཉམས་པར་བཅུག་ན་འགྱུར་གྱི་གཞན་དུ་ན་མ་ཡིན་ནོ། །དེར་མ་ཟད་ཁའམ་བཤང་བའི་ལམ་དུ་བཅུག་ན་ཡང་འགྱུར་རོ། །འདིར་མ་ཉམས་པ་ཞེས་པ་མོའི་དབང་པོ་ཁོ་ན་ལ་སྦྱར་ཡང་དོན་གྱིས་བཅུག་བྱ་གསུམ་དང་། འཇུག་བྱེད་དེ་བཞི་ཀ་ལ་མ་ཉམས་པ་ཞེས་སྦྱར་དགོས་སོ། །གཉིས་པ་སེལ་བ་ནི། རྨའི་སྒོ་མ་ཉམས་པ་དགོས་ན། ཉམས་པ་ལ་ཅིར་འགྱུར་ཞེ་ན། ཡན་ལག་གཞན་ཚང་ན་ཉམས་པ་དག་ལ་སྦོམ་པོར་འགྱུར་རོ། །བགྲོད་དུ་མི་རུང་བ་ལ་བཅུག་པ་ལ་ནི་ན་སྨད་དུ་འགྱུར་ཏེ། མ་ཉམས་ཤིང་བགྲོད་དུ་རུང་བ་གང་ལ་དངོས་གཞི་དང་། སྦོམ་པོ་དང་། ཉེས་བྱས་སུ་འགྱུར་བ་དེ་ལ་བགྲོད་དུ་མི་རུང་བའི་ཡུལ་ལ་རིམ་པ་ལྟར། སྦོམ་པོ་དང་། ཉེས་བྱས་དང་། ཉེས་བྱས་ཕྲ་མོར་འགྱུར་རོ་ཞེས་པའི་དོན་ཏོ། །རྨའི་སྒོ་གསུམ་གྱི་མཐའ་ལ་ཁའི་ནི་སོའི་ནང་ངོས་ཕན་ཆད། བཤང་བའི་ལམ་གྱི་ནི་བུ་གུའི་སྦུབས་ཀྱི་མཐའ་ཡན་ཆད། ཟག་བྱེད་མོའི་དབང་པོའི་ནི་པགས་རིམ་དང་པོ་ཡན་ཆད་ལ་བཤད་ཅིང་། ཕོའི་ཟག་བྱེད་ཀྱི་ནོར་བུ་རྨའི་སྒོ་དེ་དག་དང་ཕྲད་པ་ནི་བཅུག་པའི་མཐའ་ཡིན་ཏེ། རྨའི་མཐའ་དེ་དག་ལས་ནོར་བུ་འདས་དགོས་པ་ནི་མ་ཡིན་ནོ་ཞེས་ཊཱི་ཀར་བཤད་དོ། །གཉིས་པ་གཞན་གྱི་ལོངས་སྤྱོད་ལ་གནོད་པ་མ་བྱིན་ལེན་གྱི་ཕམ་པ་ལ་གསུམ་སྟེ། སྤྱིའི་དོན་དང་། གཞུང་དང་སྦྱར་བ་དང་། དོགས་པ་གཅད་པའོ། །དང་པོ་ལ་གསུམ་ལས། གླེང་གཞི་ནི། ཡུལ་རྒྱལ་པོའི་ཁབ་ཏུ་གང་ཟག་དགེ་སློང་ནོར་ཅན་གྱིས་ཉོན་མོངས་པ་འདོད་ཞེན་གྱིས་ཀུན་ནས་བསླངས་ཏེ་ཉེས་པ་ཤིང་བརྐུས་པ་ལ་བརྟེན་ནས་བསླབ་པའི་གཞི་འདི་བཅས་སོ། །གཉིས་པ་རྒྱུ་མཚན་ལ་མཐོང་བའི་ཉེས་དམིགས་སྔར་བཞིན་ནོ། །མ་མཐོང་བའི་ཉེས་དམིགས་ལ་རྣམ་སྨིན་གྱི་འབྲས་བུ་སྔར་དང་འདྲ་ལ། མྱོང་བ་རྒྱུ་མཐུན་ཕྱི་མ་ལ་ལོངས་སྤྱོད་ཆུང་བར་འགྱུར་བ་དང་། བྱེད་པ་རྒྱུ་མཐུན་རྐུ་བ་ལ་དགའ་བ་དང་། བདག་པོའི་འབྲས་བུ་ཡུལ་ཕྱོགས་སད་སེར་སོགས་གནོད་པ་མང་པོར་འགྱུར་བའོ། །གསུམ་པ་བྱེད་རྒྱུ་ཡན་ལག་བརྩི་བ་ལ་བཞི་ལས། རྟེན་གྱི་ཡན་ལག་ཐུན་མོང་བ་སྔར་བཞིན་ཡིན་པ་ལ་ཡུལ་ནི་མིའི་འགྲོ་བ་པ་བདག་ཉིད་ལས་རྫས་ཐ་དད་པ། དངོས་པོ་སྔར་མ་བྱིན་ཞིང་རིན་ཐང་ཚང་བ། བསམ་པ་ལ་གཉིས་ལས། འདུ་ཤེས་མ་འཁྲུལ་བ་ཀུན་སློང་རྐུ་སེམས་ཀྱིས། སྦྱོར་བ་ལུས་ངག་ཏུ་གྲུབ་ཅིང་མ་འཁྱོགས་པས་རྐུ་བར་རྩོམ་པ། མཐར་ཐུག་གནས་ནས་གནས་སུ་སྤགས་པ་ན་མ་བྱིན་ལེན་གྱི་ཕམ་པར་འགྱུར་རོ། །དེ་ཡང་ལུང་དུ། དགེ་སློང་བདག་ཉིད་ཀྱིས་རྐུ་བར་བྱེད། རྐུར་འཇུག་པར་བྱེད། གནས་ནས་གནས་སུ་སྤགས་པར་བྱེད། བང་ཆེན་པས་རྐུ་བར་བྱེད། རྐུར་འཇུག་པར་བྱེད། གནས་ནས་གནས་སུ་སྤགས་པར་བྱེད། བྱིན་གྱིས་བརླབས་ཏེ་རྐུ་བར་བྱེད། རྐུར་འཇུག་པར་བྱེད། གནས་ནས་གནས་སུ་སྤགས་པར་བྱེད་ཅེས་གསུངས་ལ། དེའི་དོན་ལ་འཕགས་པ་ཉེར་སྦས་ཀྱིས། ལུང་དང་པོ་དྲུག་གིས་མ་བྱིན་ལེན་གྱི་སྦྱོར་བ་བསྟན། ཐ་མ་གསུམ་གྱིས་མ་བྱིན་ལེན་གྱི་མཐར་ཐུག་བསྟན་ཞེས་གསུངས་ལ། ཡོན་ཤཱཀ་རྣམ་གཉིས་ཀྱང་དེའི་རྗེས་སུ་འབྲངས་ནས་འཆད་དོ། །གཉིས་པ་གཞུང་དོན་ལ་སྦྱར་བ་ནི། རྐུའམ་རྐུར་བཅུག་པ་དག་གིས་སོ། །མངགས་པས་ཀྱང་ངོ་། །མ་བྱིན་པའོ། །མ་ཤ་ཀ་ལྔ་ལ་སོགས་པའོ། །རྐུ་སེམས་ཀྱིས་སོ། །མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ། །དེར་འདུ་ཤེས་པས་སོ་ཞེས་གསུངས་ཏེ། གང་ཞིག་བྱས་ན་ལྟུང་བ་འདིར་འགྱུར་ཞེ་ན། རང་གིས་རྐུ་བའམ་གཞན་རྐུར་བཅུག་པ་དག་གིས་བརྐུས་ན་འགྱུར་རོ། །རྐུར་བཅུག་པ་དེ་ཉིད་ཀྱིས་དངོས་སུ་རྐུས་པ་ཞིག་དགོས་སམ་ཞེ་ན། རྐུར་བཅུག་པ་དེས་ཀྱང་གཞན་མངགས་ཏེ་རྐུར་བཅུག དེས་ཀྱང་གཞན་མངགས་ཏེ་རྐུར་བཅུག་ན་ཡང་འགྱུར་རོ། །ཇི་ལྟ་བུ་ཞིག་བརྐུས་ན་འགྱུར་ཞེ་ན། སྐྱེས་པ་བུད་མེད་སོགས་སུས་ཀྱང་མ་བྱིན་པ་བརྐུས་ན་འགྱུར་རོ། །ཇི་ཙམ་ཞིག་བརྐུས་ན་འགྱུར་ཞེ་ན། མ་ཤ་ཀ་ལྔ་དང་སོགས་པ་དྲུག་ལ་སོགས་པ་བརྐུས་ན་འགྱུར་རོ། །ཀུན་སློང་ཇི་ལྟ་བུས་ཞེ་ན། རྐུ་སེམས་ཀྱིས་བརྐུས་ན་འགྱུར་ཏེ། རྐུ་སེམས་ཀྱི་མཚན་ཉིད་ལ་ཁ་ཅིག་གཞན་གྱི་ཡིན་ཏེ་མ་གནང་ཡང་རང་ཉིད་འཚོ་བའི་དོན་དུ་གཏན་དུ་དབྲལ་བར་འདོད་པ་ཞེས་གསུངས་པ་མི་འཐད་དེ། ཡིད་གཅུགས་ཀྱི་སེམས་ཀྱིས་ཕ་རོལ་པོའི་རྫས་ལེན་པའི་ཀུན་སློང་ཆོས་ཅན། རྐུ་སེམས་སུ་ཐལ། མཚན་ཉིད་དེའི་ཕྱིར། གཞན་ཡང་། གཞན་དོན་དུ་རྫས་རྐུ་བའི་རྐུ་སེམས་ཆོས་ཅན། མཚན་ཉིད་དེར་ཐལ། རྐུ་སེམས་ཡིན་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། གཞན་དོན་དུ་རིན་ཐང་ཚང་བའི་རྫས་བརྐུས་པས་མ་བྱིན་ལེན་དུ་གཏོགས་པའི་སྦོམ་པོ་བསྐྱེད་པའི་ཕྱིར། རང་ལུགས་ནི། མི་རིགས་པའི་སྦྱོར་བས་གཞན་གྱིས་བདག་ཏུ་གཟུང་བའམ། དེར་འདུ་ཤེས་ཏེ་དབྲལ་བར་འདོད་པའི་མཚུངས་ལྡན་ནོ། །སུས་བདག་ཏུ་གཟུང་བ་བརྐུས་ན་འགྱུར་ཞེ་ན། མིའི་རྒྱུད་ཀྱི་རྫས་བདག་ཏུ་གཟུང་བ་བརྐུས་ན་འགྱུར་རོ། །དེ་ཙམ་གྱིས་འགྱུར་རམ་ཞེ་ན། མིས་བདག་ཏུ་གཟུང་བ་ལ་དེར་འདུ་ཤེས་པས་བརྐུས་ན་འགྱུར་རོ། །གསུམ་པ་དོགས་པ་བཅད་པ་ལ་བཞི་སྟེ། བདག་པོ་དང་། དངོས་པོ་དང་། རིན་ཐང་དང་། མཐར་ཐུག་ལ་དོགས་པ་གཅོད་པའོ། །དང་པོ་ནི། མ་བྱིན་ལེན་གྱི་རྫས་བདག་ལ་དབྱེ་ན་བཞི་སྟེ། དབྱར་རྙེད་དགེ་འདུན་ལ་དབང་བ་ལྟ་བུ་བཀའ་སྩལ་གྱིས་བདག་པོར་གཞག་པ་དང་། ཤོ་གམ་རྒྱལ་པོར་དབང་བ་ལྟ་བུ་ཡུལ་ཆོས་ཀྱིས་དང་། ཕ་ནོར་བུར་དབང་བ་ལྟ་བུ་རིགས་རྒྱུད་ཀྱིས་དང་། རི་དྭགས་ལིངས་བཏབ་པ་ལིངས་པར་དབང་བ་ལྟ་བུ་བསམ་སྦྱོར་གྱི་བདག་པོར་གཞག་པའོ། །དེ་གཞི་ཀ་རྒན་ཞུགས་ལྟ་བུ་གཅིག་ལ་ཚང་བ་སྲིད་པས་གང་གཙོ་ཆེ་ཞེ་ན། སྔ་མ་སྔ་མ་གཙོ་ཆེའོ་ཞེས་གསུངས་སོ། །གཉིས་པ་ནི། ཁ་ཅིག་སུམ་བརྒྱ་པར། དེ་བཞིན་མི་དབང་བསོད་སྙོམས་ལེན་པ་དང་། །ཞེས་པ་དང་། ཟན་དྲོན་དང་འབྲས་ཆན་ཞེས་སོགས་ཀྱི་དོན་དུ་བསམས་ནས་མ་བྱིན་ལེན་གྱི་ཕམ་པ་བསྐྱེད་པ་ལ་བརྐུ་བྱའི་དངོས་པོ་དུར་ཁྲོད་ཀྱི་རྫས་སོགས་དམན་པ་མ་ཡིན་པ་དང་། གཡོས་སུ་བྱས་པའི་ཁ་ཟས་མ་ཡིན་པར་དགོས་ཟེར་བ་མི་འཐད་དེ། དུད་འགྲོའི་ཁ་ཟས་རིན་ཐང་ཚང་བ་བརྐུས་པའི་སྦོམ་པོ་བསྐྱེད་པ་ལ་གཡོས་སུ་མ་བྱས་པ་དགོས་པར་ཐལ། དམ་བཅས་དེའི་ཕྱིར། འདོད་མི་ནུས་ཏེ། རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པའི་ཕྱིར། གཞན་ཡང་ཀཱ་རི་ཀཱ། གདོང་བུ་འབྲས་བུ་ཤུན་པ་ཆུ། །ཞེས་པའི་འགྲེལ་པ་དོན་བརྒྱད་མར། མྱ་ངམ་གྱི་ཐང་དུ་མགུལ་དུ་བཏུང་བའི་ཆུ་བརྐུས་ན་ཕམ་པར་གསུངས་པའི་ཕྱིར། གསུམ་པ་ནི། ཞུ་བའི་སྐབས་སུ། ཀ་ཀ་ནི་བཞི་ལ་མ་ཤ་ཀའོ། །ལྔ་ཉིད་ནི་ཀཱརྵཱ་པ་ཎི་བཞི་ཆའི་དཔེ་ཡིན་ནོ། །གང་ན་དེའི་ཚིགས་ཉིད་ཉི་ཤུ་ཡིན་པ་དེ་ལ་བརྟེན་ནས་སོ། །ཞེས་གསུངས་པའི་དོན་བཤད་པར་བྱ་སྟེ། ཀཱརྵཱ་པ་ཎ་ནི་མ་བྱིན་ལེན་གྱི་རིན་ཐང་གི་མ་མཐའི་ཚད་ཡིན་པས་དེའི་ཚད་ཇི་ལྟ་བུ་ཞེ་ན། ཀ་ཀ་ནི་ཞེས་བྱ་བ་ནི་བུན་ཀྲི་ཀ་ཞེས་བྱ་བ་སྟེ། མགྲོན་བུ་ཉི་ཤུའི་རིན་ཐང་གི་མིང་ཡིན་ནོ། །དེ་ནི་ཟོང་གི་ཁྱད་པར་ཞིག་ཡིན་ཏེ། ཊཱི་ཀར་ཟོང་ཞེས་བྱ་བ་ནི་ཀ་ཀ་ནི་དང་བ་ར་ས་ཀ་ལ་སོགས་པའོ་ཞེས་གསུངས་པའི་ཕྱིར། དེ་བཞི་ཀ་ལ་མ་ཤ་ཀ་གཅིག་གོ་དེ་ཡང་མགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ནོ། །འོ་ན་མ་ཤ་ཀ་ལྔ་བརྐུས་ན་ཕམ་པར་འགྱུར་བ་ངེས་གཟུང་ཡིན་ནམ་ཞེ་ན། རྣམ་འབྱེད་ལས། མ་ཤ་ཀ་ཉིད་གསུངས་པ་ནི་ཀཱརྵཱ་པ་ཎ་བཞི་ཆའི་དཔེ་ཡིན་པས་དེའི་བཞི་ཆ་བརྐུས་ན་ཕམ་པར་འགྱུར་གྱི་མ་ཤ་ཀ་ལྔ་ལ་མ་ངེས་སོ། ཀཱརྵཱ་པ་ཎ་ནི་སེར་རམ་དངུལ་ལས་བྱས་པའི་ཟོང་ཞིག་ཡིན་ཏེ། ཞུ་ཊཱིཀ་ཏུ་ཀཱརྵཱ་པ་ཎ་ནི་ཟོང་གི་ཁྱད་པར་དངུལ་ལས་བྱས་པ་གཟུགས་དོད་པ་གཅོད་དུ་རུང་བའོ་ཞེས་གསུངས་སོ། །འོ་ན་མ་ཤ་ཀ་ལྔ་ཀཱརྵཱ་པ་ཎ་བཞི་ཆའི་དཔེ་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། བསླབ་པ་འཆའ་བའི་ཡུལ་དུས་གང་ན་ཀཱརྵཱ་པ་ཎ་དེའི་ཚིགས་སམ་ཚད་མ་ཤ་ཀའི་གྲངས་ཉི་ཤུ་ཡིན་པ་དེ་ལ་བརྟེན་ནས་གཞག་པ་ཡིན་ནོ། །རྒྱ་ཆེར་འགྲེལ་པ་བརྩམས་པའི་དུས་ན་ཀཱརྵཱ་པ་ཎ་གཅིག་ལ་མ་ཤ་ཀ་བཅུ་དྲུག་ཏུ་བྱེད་པ་ཡིན་པས་མ་ཤ་ཀ་བཞི་བརྐུས་ན་ཕམ་པར་འགྱུར་བ་སོགས་གཞན་ལ་ཡང་སྦྱར་ཏེ་ཤེས་པར་བྱའོ། །ཇི་སྐད་དུ་གཏམ་གྱི་གཞིར། བཙུན་པ་མ་ཤ་ཀ་གསུམ་བརྐུས་པས་ཕམ་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། གང་ན་མ་ཤ་ཀ་བཅུ་གཉིས་ལ་ཀཱརྵཱ་པ་ན་གཅིག་ཏུ་འགྱུར་བ་ནའོ། །མ་ཤ་ཀ་ལྔ་ལས་ལྷག་པ་བརྐུས་ན་ཕམ་པར་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། གང་ན་མ་ཤ་ཀ་བཞི་བཅུ་ལ་ཀཱརྵཱ་པ་ཎ་གཅིག་ཏུ་འགྱུར་བ་ནའོ། །ཞེས་གསུངས་སོ། །བོད་ན་ཀཱརྵཱ་པ་ཎ་ལ་སོགས་པའི་རྣམ་གཞག་མེད་པས་མ་བྱིན་ལེན་གྱི་རིན་ཐང་གི་ཚད་ཇི་ལྟ་བུ་ཞེ་ན། རྒྱ་ན་རེ་རྟ་རྒོད་མ་རེ་ཙམ་ཡིན་ཏེ་གསོད་པའི་ཆད་པ་དང་སྒོ་བསྟུན་པའི་ཕྱིར་དང་། དེ་ཙམ་གྱིས་དགག་བྱ་རྫོགས་པའི་ཕྱིར་རོ་ཞེས་གསུངས། ཤ་མི་ན་རེ་རྒྱལ་ཁྲིམས་ཆོས་དང་མཐུན་པ་ཡོད་ན་གང་ཞིག་བརྐུས་ན་སྲོག་གཅོད་པའི་ནག་ཐོབ་པའི་མ་མཐའི་རྫས་ཙམ་རིན་ཐང་གི་ཚད་ཡིན་ལ་ཆོས་དང་མཐུན་པ་མེད་ན་བསླབ་པ་འཆའ་བའི་དུས་ཀྱི་རིན་ཐང་རྩི་བ་ཡིན་ཟེར་བ་མི་འཐད་དེ། རྒྱལ་ཁྲིམས་ཆོས་དང་མཐུན་པ་ཡོད་ན་སྲོག་གཅོད་པའི་ཆད་པ་བྱེད་མི་རིགས་པའི་ཕྱིར་དང་། ཆོས་དང་མཐུན་པ་མེད་ན་བསླབ་པ་འཆའ་བའི་དུས་ཀྱི་རིན་ཐང་བརྩི་བ་མི་འཐད་པར་ཐལ། རིན་ཐང་ནི་རྐུ་བའི་གནས་དང་དུས་ཀྱི་སོ་ཞེས་གསུངས་པའི་ཕྱིར། ཁ་ཅིག་ནས་ཁལ་བཞི་ཙམ་ལ་བྱེད་དེ། འོད་ལྡན་དུ་ཆུ་གཏོང་འགོག་གི་སྐབས་སུ་དེ་ལ་དཔེ་བྱེད་པའི་ཕྱིར་ཞེས་དང་། ཁ་ཅིག་གསེར་མགུར་ཞོ་ཕྱེད་ཙམ་ལ་བྱེད་པ་ཡིན་ཏེ། རང་འགྲེལ་ལས། མང་བ་སེ་བ་བརྒྱད་ཅེས་གསུངས་པའི་ཕྱིར་ཞེས་པ་ཡང་མི་འཐད་དེ། སྟོན་པ་འཁོར་བཅས་ལ་གདུགས་ཚོད་འདྲེན་པ་ལ་ཀཱརྵཱ་པ་ཎ་ལྔ་བརྒྱ་ཙམ་དགོས་པར་བཤད་པ་ལ། ཁྱེད་ལྟར་ན་གསེར་མགུར་མོ་ཞོ་ཉིས་སྟོང་དུ་འགྱུར་བས་དེ་མི་འགྲིག་ཅིང་། སྨད་འཚོང་མ་ལ་ནུབ་རེ་ལ་ཀཱརྵཱ་པ་ཎ་ལྔ་བརྒྱ་རེ་སྟེར་བ་ཡོད་པར་བཤད་པས་དེ་དང་མི་འགྲིགས་པའི་ཕྱིར། གཞན་དག་ན་རེ་གསོད་པའི་ཆད་པ་ཁོ་ན་དང་སྒོ་བསྟུན་པའི་རྟགས་ཀྱང་མ་གྲུབ་སྟེ། ཆད་པ་གཅོད་པ་ཙམ་དང་སྒོ་བསྟུན་པའི་ཕྱིར་ཏེ། ལུང་དུ་ཇི་ཙམ་མ་བྱིན་པར་བླངས་ན་དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ་ཞེས་སོགས་གསུངས་པས་ན་འཇིག་རྟེན་ཕལ་གྱི་རྐུན་མའི་ཐ་སྙད་དང་ཆད་པས་གཅོད་པ་རིགས་པ་ཙམ་དུ་བྱེད་པ་ཡན་ཆད་ལ་འཐད་དོ། །དེས་ན་སེ་བ་གསུམ་ཙམ་ལ་དངོས་པོ་ཚང་སྟེ། དོན་བརྒྱད་མར། རྒྱ་གར་གྱི་རིན་ཐང་དང་སྦྱར་ན་དངུལ་ཞོ་གཅིག་ཙམ་བརྐུས་ན་ཕས་ཕམ་པར་བརྩིའོ་ཞེས་གསུངས་པའི་ཕྱིར་ཞེས་དམར་སྟོན་གསུང་ངོ་། །ཁ་ཅིག་བྲེ་དོ་ཙམ་ལ་བྱེད་དོ། །དངུལ་ཞོའི་བརྒྱད་ཆ་བརྐུས་ན་ཕམ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་བ་ལ། ཆོས་རྗེ་གནས་བརྟན་པའི་གསུང་གིས་དེ་མི་འཐད་དེ། ལུང་ལས། གསེར་གྱི་ཕྲེང་བ་བརྐུས་ན་ཕམ་པར་མི་འགྱུར་བ་མཆིས་སམ། ཡོད་དེ་རིན་ཐང་མ་ཚང་བའམ། མི་མིན་གྱིས་བདག་གིར་བྱས་པའོ་ཞེས་གསུངས་པའི་ཕྱིར་དང་། དེ་ལྟ་ན་ཀཱརྵཱ་པ་ཎ་གཅིག་ལ་བྲེ་བརྒྱད་དུ་འགྱུར་ལ། འདོད་ན་བྲམ་ཟེའི་རས་ཡུག་གི་གཏམ་རྒྱུད་སོགས་དང་མི་འགྲིག་གོ །རང་ལུགས་ནི། གསེར་ཞོ་གང་གི་བརྒྱད་ཆ་ཙམ་ལ་རིན་ཐང་གི་ཚད་དུ་རིགས་ཏེ། དོན་བརྒྱད་མར། དངུལ་ཞོ་གཅིག་བརྐུས་ན་ཕམ་ཞེས་པ་དང་། ཤེས་རབ་བྱེད་པར། དེང་སང་གི་དུས་དང་སྦྱར་ན་རྒྱ་གར་ཡུལ་གྱི་མ་ཤ་ལ་བོད་ཀྱི་དངུལ་གྱི་ཐང་དུ་བརྩིས་ན་དངུལ་གསེར་ཞོའི་བརྒྱད་ཆ་གཅིག་ཡོད་དེ། བརྒྱད་ཆ་གཅིག་ཡན་ཆད་བརྐུས་ན་ཕམ་ཞེས་གསུངས་པའི་ཕྱིར། འཁྲུལ་སྤོང་དུ། མི་གཅིག་གིས་ཟ་མ་གཟབ་པ་ཅིག་ཙམ་ལ་ཆ་གཞག་པ་ཡིན་པར་གསུངས་ལ། དེ་ཡང་སྔ་མ་དང་དོན་གྱི་ཁོག་གཅིག་ཏུ་འགྲིག་པར་སྣང་སྟེ་འདི་ལ་ཡང་ནས་ཁལ་ཕྱེད་ཙམ་དགོས་པའི་ཕྱིར། བཞི་པ་མཐར་ཐུག་ལ་དོགས་པ་གཅད་པ་ནི། མ་བྱིན་ལེན་གྱི་མཐར་ཐུག་གནས་སྤགས་ལ་འཇོག་གམ་གྲུབ་བློ་ལ་འཇོག་ཅེ་ན། ཁ་ཅིག་གྲུབ་བློ་ལ་འཇོག་དགོས་ཏེ། གནས་སྤགས་ལ་འདོད་ན་ཞིང་ཁང་བརྐུས་པ་སོགས་ཀྱིས་ཕམ་པ་གཞག་ཏུ་མི་རུང་བར་འགྱུར་རོ་ཞེས་ཟེར་བ་མི་འཐད་དེ། གནས་སྤགས་ཀྱི་དོན་རྫས་གཞག་པ་སྤོ་བ་ལ་ཟེར་བ་མ་ཡིན་གྱི། གནས་སྐབས་འདི་ཙམ་ལས་འདས་ནས་གནས་སྐབས་འདི་ཙམ་དུ་གྱུར་པ་ན་ཕམ་པར་འགྱུར་རོ་ཞེས་གསུངས་པའི་ཚད་ལས་འདས་པ་ལ་འཇོག་པ་ཡིན་པའི་ཕྱིར། དེས་ན་ཞིང་ཁང་བརྐུས་པ་ལ་གནས་སྤགས་ཀྱི་དོན་ཚང་སྟེ། རིབ་མ་ལ་སོགས་པས་བསྐོར་ནས་རྐུ་བའི་ཚེ་མ་བསྐོར་བའི་གནས་ནས་བསྐོར་བའི་གནས་སུ་སྤགས་པ་ཡིན་པའི་ཕྱིར་དང་། ཕུར་པ་བཏབ་ནས་རྐུ་བའི་ཚེ་སྔར་ཕུར་པ་མ་བཏབ་པའི་གནས་ནས་ཕུར་པ་བཏབ་བའི་གནས་སུ་སྤགས་པ་ཡིན་པའི་ཕྱིར། དེས་ན་མཐར་ཐུག་གནས་སྤགས་ལ་འཇོག་རིགས་པ་ཡིན་ཏེ། བམ་ལྔར་གནས་ནས་གནས་སུ་སྤོས་པ་ན་བརྐུས་པ་དེ་བྱེ་བྲག་ཏུ་བྱས་ནས་བསྟན་པའི་ཕྱིར་ཞེས་དང་། སུམ་བརྒྱ་པར། དེ་ལྟར་བརྐུ་བྱའི་དབྱེ་བས་རྐུ་དབྱེ་བ། །དེ་ནི་འདུལ་བརྒྱ་མཚོ་ལ་བལྟས་ཡིན། །ཞེས་གསུངས་པའི་ཕྱིར། མ་བྱིན་ལེན་གྱི་མཐར་ཐུག་གནས་སྤགས་ལ་འཇོག་ན་ཞིང་ལ་ཆུ་གཏོང་འགོག་གི་སྒོ་ནས་རྐུ་བའི་ཚེ་གནས་སྤགས་ཇི་ལྟར་ཚང་ཞེ་ན། གཞན་གྱི་ལས་ཀྱི་མཐའ་དག་ལ་ཆུ་གཏོང་བའམ་འགོག་པ་ལ་ནི་རང་གི་ལས་ཀྱི་མཐའ་གྲུབ་པ་སྐྱེད་མ་གཏོགས་པ་དེའི་ཆེད་དུ་དེར་འདུན་པས་གཞན་དུ་གྱུར་ནའོ་ཞེས་གསུངས་ཏེ། གྲུབ་ན་བརྐུས་པ་ཡིན་ནོ་ཞེས་སྦྱར་རོ། །གང་ན་དགེ་སློང་རང་གི་ཞིང་ལས་ཀྱི་མཐའ་ལོ་ཐོག་འཕེལ་བའོ། །གང་གི་ཚེ་ཞེ་ན་ཆུ་ཡོད་པའི་ཚེ་གཏོང་བའམ་དཀོན་པའི་ཚེ་འགོག་སྟེ་རྐུ་བ་ལ་ནི་སྟེ་དེའི་ཚེ་ནའོ། །གང་དུ་ན་གཞན་གྱི་ལས་ཀྱི་མཐའ་ལའོ། །ཅིའི་ཆེད་དུ་ཞེ་ན། རང་གི་ལས་ཀྱི་མཐའ་གྲུབ་པ་དེའི་ཆེད་དུའོ། །གྲུབ་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། རྒྱུན་པའི་ཞིང་གི་ཡོན་ཏན་གྱི་སྐྱེད་མ་གཏོགས་པ་སྟེ། དེ་མི་རྩི་བར་ཆུ་གཏོང་འགོག་ལས་གསར་དུ་བྱུང་བ་དེ་བརྩི་བར་བྱའོ། །གཞན་གྱི་ལས་ཀྱི་མཐའ་གྲུབ་ན་ཡང་དེ་ལྟར་ཡིན་ནམ་ཞེ་ན། གྲུབ་པ་ལས་གཞན་དུ་སྟེ་ཕུང་པར་གྱུར་ནའོ། །བསམ་པ་གང་གིས་ཞེ་ན་བདག་གི་དེ་གྲུབ་པར་བྱ་བ་དང་། གཞན་གྱི་དེ་ཕུང་བར་བྱ་བའི་དེར་འདུན་པས་སོ། །དེ་གཉིས་ནི་རྐུ་སེམས་ཡིན་ལ། མཐར་ཐུག་ལ་གནས་སྤགས་ཚང་སྟེ། རང་གི་ཞིང་ལ་སྐྱེད་མ་གྲུབ་པའི་གནས་ནས་གྲུབ་པའི་གནས་སུ་སྤགས་པའི་ཕྱིར་དང་། གཞན་གྱི་ཞིང་ལ་མ་ཕུང་བའི་གནས་ནས་ཕུང་བའི་གནས་སུ་སྤགས་པའི་ཕྱིར། ཤགས་ཀྱིས་གལ་ཏེ་བླའི་གྲྭར་རྒྱལ་ནའོ། །གལ་ཏེ་འོག་ཟུར་ན་ཕ་རོལ་པོའི་སྦྱོར་བ་ཉིད་བཏང་ནའོ་ཞེས་གསུངས་པའི་རྐུ་བ་ལ་གནས་སྤགས་ཚང་སྟེ། བླ་སྟེ་རྒྱལ་པོའི་གྲྭར་ཤགས་འགྱེད་པའི་སྒོ་ནས་ཕ་རོལ་གྱི་རྫས་རྐུ་བ་ན་ཤགས་རྒྱལ་བའི་ཚེ་དང་། འོག་ཟུར་བློན་པོའི་དྲུང་དུ་ཤགས་འགྱེད་པའི་སྒོ་ནས་རྐུ་བ་ན་ཕ་རོལ་པོས་རྩོད་པའི་སྦྱོར་བ་ཉིད་གཏོང་བ་ན་བརྐུས་པ་ཡིན་ཏེ། རིམ་པ་ལྟར་ཤགས་མ་རྒྱལ་བའི་གནས་ནས་རྒྱལ་བའི་གནས་སུ་སྤགས་པའི་ཕྱིར་དང་། རྩོད་པའི་སྦྱོར་བ་མ་བཏང་བའི་གནས་ནས་བཏང་བའི་གནས་སུ་སྤགས་པའི་ཕྱིར་ཞེས་འོད་ལྡན་ལས་བཤད་དོ། །གལ་ཏེ་གྲུབ་བློ་ཁོ་ན་ལ་འདོད་ན། གཏམས་པ་སྦས་པ་ལ་གལ་ཏེ་སྤོ་བ་དང་ལྷན་ཅིག་ཏུ་དང་། སྤོས་པའི་འོག་ཏུ་དང་། གལ་ཏེ་སྔར་ན་ནི་སྦྱོར་བ་གཞན་ཉིད་དོ་ཞེས་པའི་སྐབས་སུ། གཞན་གྱི་རྫས་བཅོལ་བ་དེ་ཞལ་ལྟ་བས་རྫས་སྤོས་པ་དང་ལྷན་ཅིག་གྲུབ་བློ་སྐྱེས་པ་དང་། སྤོས་པའི་འོག་ཏུ་གྲུབ་བློ་སྐྱེས་དང་། སྤོས་པའི་སྔར་གྲུབ་བློ་སྐྱེས་པ་དང་གསུམ་ལས། དང་པོ་གཉིས་ཀྱི་ཚེ་དངོས་གཞི་དང་། གསུམ་པའི་ཚེ་ན་སྦྱོར་སྦོམ་བསྐྱེད་པར་བཤད་པ་དང་འགལ་ཏེ། དེའི་ཚེ་ན་གྲུབ་བློ་སྐྱེས་པའི་ཕྱིར་རོ། །ཁྱབ་པ་ཁས་བླངས་སོ། །ཁོ་ན་རེ་མ་བྱིན་ལེན་གྱི་ཕམ་པའི་མཐར་ཐུག་གྲུབ་པ་ལ་གྲུབ་བློ་མི་དགོས་ན་གསང་སྔགས་དག་གིས་འདྲེན་པ་ནི་སྣང་བ་ནའོ་ཞེས་པའི་ཊཱི་ཀར། ཅི་སྟེ་ཤིན་ཏུ་ཐག་རིང་པོ་ནས་དྲངས་ཏེ་རྐང་པའི་དྲུང་དུ་འོངས་ཀྱང་ཇི་སྲིད་སྣང་བར་མ་གྱུར་ན་ཡང་བརྐུས་པར་མི་འགྱུར་ཏེ། གྲུབ་པའི་བློ་མེད་པའི་ཕྱིར་རོ། །གལ་ཏེ་རྐུན་མ་མང་པོ་ཞིག་ཡོད་པ་ལས་གཅིག་ཁོ་ན་ཞིག་གིས་གལ་ཏེ་མཐོང་ན་ཡང་དེའི་ཚེ་ཐམས་ཅད་ཀྱིས་མཐོང་བ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གྲུབ་པའི་བློ་མེད་པའི་ཕྱིར་རོ་ཞེས་པ་ནི། བྱུང་བར་ཤེས་པའི་བློ་མེད་པའི་ཕྱིར་ཞེས་པའི་དོན་ཡིན་པའི་ཕྱིར། ཁྱེད་ལྟར་ན་དེའི་ཚེ་གནས་སྤགས་ཚང་ཡང་གྲུབ་བློ་མ་ཚང་ཞེས་པའི་དོན་དུ་འཆད་དགོས་ལ། དེའི་ཚེ་གནས་སྤགས་ནི་ཚང་སྟེ་རྫས་དེ་མི་སྣང་བའི་གནས་ནས་སྣང་བའི་གནས་སུ་སྤགས་པ་ཡིན་པའི་ཕྱིར། ཁ་ཅིག་གྲུབ་བློས་ཁྱད་པར་དུ་བྱས་པའི་གནས་སྤགས་ལ་བྱེད་གསུང་བ་ཡང་མི་འཐད་པར་སྣང་སྟེ། རྐུན་མ་མང་པོ་ཞིག་གིས་ཐག་རིང་པོ་ནས་རྫས་དེ་རྐང་པའི་དྲུང་དུ་དྲངས་ཏེ་རྐུན་པོ་གཅིག་ཁོ་ནས་མཐོང་བའི་ཚེ་རྐུན་པོ་གཞན་རྣམས་ཀྱི་རྒྱུད་ལ་གྲུབ་བློ་སྐྱེས་པ་ཐལ། དེའི་ཚེ་ན་རྐུན་པོ་དེ་ཐམས་ཅད་ལ་མ་བྱིན་ལེན་གྱི་ཕམ་པ་བྱུང་བའི་ཕྱིར་ཏེ། ལུང་དྲངས་མ་ཐག་དེའི་ཕྱིར། སྔ་མའི་ཁྱབ་པ་ཁས་བླངས། དབྲལ་བར་བྱ་བ་དུ་མ་ཉིད་ཡིན་ན་དེའི་ཆ་སོ་སོའོ། །རྐུན་པོ་རྣམས་ཀྱང་ངོ་ཞེས་པའི་དོན། དབྲལ་བར་བྱ་བ་དེ་རྫས་བདག་མི་དུ་མ་ཉིད་ཡིན་ན་དེའི་ཆ་སོ་སོ་ལ་རིན་ཐང་བརྩི། རྐུན་པོ་རྣམས་ཀྱང་དགེ་སློང་དུ་མ་ཉིད་ཡིན་ན་ཆ་སོ་སོའི་རིན་ཐང་བརྩི་དགོས་པས། རྫས་བདག་ཐ་དད་པ་བཅུའི་ནོར་དགེ་སློང་གཅིག་གིས་བརྐུས་ན་རིན་ཐང་ཚང་བ་བཅུ་ལ་དངོས་གཞིར་འགྱུར་ལ། རྫས་བདག་བཅུ་ལ་རྐུན་མ་དགེ་སློང་བཅུས་བརྐུས་པའི་ཚེ་རིན་ཐང་ཚང་བ་བརྒྱ་ལ་དངོས་གཞིར་འགྱུར་ཞེས་པའི་དོན་ཡིན་ལ། འདི་ལ་ཁ་ཅིག་བརྐུ་བྱ་དང་རྐུ་བྱེད་གཉིས་ཀའི་འགོད་རྫས་དང་འཇོག་རྫས་གཉིས་ཡོད་པ་ལས། འགོད་རྫས་ཡིན་ན་དེ་ལྟར་ཡིན་ཀྱང་འཇོག་རྫས་ཡིན་ན་རིན་ཐང་ཚང་བ་གཅིག་བརྐུས་ནའང་ཕམ་པར་འགྱུར་བ་ཡིན་ནོ་ཞེས་གསུངས་མོད་ཤེས་བྱེད་ཡོད་པར་མ་མཐོང་ངོ་། །གསུམ་པ་གཞན་གྱི་སྲོག་ལ་གནོད་པ་སྲོག་གཅོད་ཀྱི་ཕམ་པ་ལ་གསུམ་སྟེ། སྤྱིའི་དོན་དང་། གཞུང་ལ་སྦྱར་བ། དོགས་པ་གཅད་པའོ། །དང་པོ་ལ་གླེང་གཞི་ནི་ཡུལ་སྤོང་བྱེད་དུ་གང་ཟག་དགེ་སློང་རབ་ཏུ་མང་པོས། ཉོན་མོངས་པ་མི་བཟོད་པས་ཀུན་ནས་བསླངས་ཏེ། ཉེས་པ་མི་བསད་པ་ལ་བརྟེན་ནས་བསླབ་པའི་གཞི་འདི་བཅས་སོ། །རྒྱུ་མཚན་ནི། མཐོང་བའི་ཉེས་དམིགས་སྔར་བཞིན་ཡིན་ལ། མ་མཐོང་བའི་ཉེས་དམིགས་ལ་རྣམ་སྨིན་སྔར་དང་འདྲ། རྒྱུ་མཐུན་ལ་མྱོང་བ་རྒྱུ་མཐུན་ཚེ་ཐུང་བ་དང་། བྱེད་པ་རྒྱུ་མཐུན་སྲོག་གཅོད་པ་ལ་དགའ་བ་དང་། བདག་པོའི་འབྲས་བུ་ས་ཕྱོགས་གཟི་བརྗིད་ཆུང་བར་སྐྱེ་བའོ། །ཡན་ལག་ལ་རྟེན་གྱི་ཡན་ལག་སྔར་བཞིན། ཡུལ་གྱི་ཡན་ལག་མིའི་འགྲོ་བ་པ་ཡིན་པ། བདག་ཉིད་ལས་རྒྱུད་ཐ་དད་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་། ཀུན་སློང་གསོད་པར་འདོད་པའི་བསམས་པའོ། །སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་ཅིང་མ་འཁྱོགས་པར་རྩོམ་པའོ། །མཐར་ཐུག་དེའི་རྐྱེན་གྱིས་རང་ཉིད་ཀྱི་སྔར་སྲོག་འགགས་པའོ། །གཉིས་པ་གཞུང་དོན་ལ་སྦྱར་བ་ནི། སྲོག་བཅད་ནའོ། །དེ་ལྟར་བསམས་པས་སོ། །མིར་གྱུར་པའི་འོ། །དེ་ལྟར་འདུ་ཤེས་པས་སོ། །གང་ཡང་རུང་བས་སོ་ཞེས་གསུངས་ཏེ། གང་ཞིག་བྱས་ན་སྲོག་གཅོད་པའི་ཕམ་པར་འགྱུར་ཞེ་ན། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་པ་ལྟར་གྱི་སྲོག་གི་དབང་པོ་མ་འོངས་པ་སྐྱེ་བ་དགག་པའི་སྒོ་ནས་བཅད་ནའོ། །ཁ་ཅིག་སྲོག་ནི་ལུས་ལ་རྣམ་ཤེས་འཇུག་པའི་རྟེན་རླུང་ཁྱད་པར་ཅན་ཡིན་གསུང་བ་མི་འཐད་དེ། རླུང་ནི་བེམས་པོ་ཡིན་ལ་སྲོག་ནི་ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། ཀུན་སློང་ནི་སྲོག་གཅོད་པ་དེ་ལྟར་བསམ་པས་སོ། །གང་གི་ཞེ་ན་མིར་གྱུར་པའམ་མིར་ཆགས་པའི་འོ། །དེ་ལ་མིར་ཆགས་པ་ནི། དང་པོར་མེར་མེར་པོ་ཡིན་ཏེ། །མེར་མེར་པོ་ལས་ནུར་ནུར་པོ། །ནུར་ནུར་པོ་ལས་སྒོར་སྒོར་པོ། །སྒོར་སྒོར་པོ་ལས་མཁྲང་འགྱུར་ཏེ། །མཁྲང་ལས་རྐང་ལག་འགྱུས་པ་དང་། །སྐྲ་སྤུ་སེན་པོ་རྣམས་དང་ནི། །དབང་པོ་གཟུགས་ཅན་ལ་སོགས་པ། །མཚོན་རྣམས་ཡོངས་སུ་རྫོགས་པར་འགྱུར། །ཞེས་མངལ་གྱི་གནས་སྐབས་ལྔ་གསུངས་པའི་མཁྲང་འགྱུར་གྱི་བར་གྱི་གནས་སྐབས་བཞི་ལ་འཇོག་སྟེ། ལུས་དང་སྲོག་དང་ཡིད་ཀྱི་དབང་པོ་གསུམ་འདུས་པའོ། །མིར་གྱུར་པ་ནི་རྐང་ལག་འགྱུས་པ་ལ་སོགས་པའི་མངལ་གྱི་གནས་སྐབས་ལྔ་པ་དང་། བཙས་པའི་གནས་སྐབས་ཀྱི་བྱིས་པ་དང་གཞོན་ནུ་དང་། དར་བབ་དང་། དར་ཡོལ་དང་། རྒན་པོའི་གནས་སྐབས་ལྔ་རྣམས་ཏེ་དབང་པོ་དྲུག་འདུས་པའོ། །འདུ་ཤེས་ནི་མི་ལ་མི་དེ་ལྟར་དུ་འདུ་ཤེས་པ་སྟེ་འདུ་ཤེས་མ་འཁྲུལ་བའོ། །སྦྱོར་བ་ཇི་ལྟ་བུས་ཞེ་ན། དུག་དང་མཚོན་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བས་སོ། །གསུམ་པ་དོགས་པ་གཅོད་པ་ལ་གཉིས་ཏེ། ཡུལ་ལ་དོགས་པ་གཅོད་པ་དང་། སྦྱོར་བ་ལ་དོགས་པ་གཅོད་པའོ། །དང་པོ་ནི། འོ་ན་འགྲོ་བར་མཚུངས་པ་ལ་མི་བསད་ན་ཕམ་པ་དང་། མི་མིན་བསད་ན་སྦོམ་པོ་དང་། དུད་འགྲོ་བསད་ན་ལྟུང་བྱེད་དུ་འཚལ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། འགྲོ་བ་རབ་འབྲིང་ཐ་མ་གསུམ་གྱི་དབང་དུ་བྱས་པ་ཡིན་ཏེ། འོད་ལྡན་ལས། མི་རྣམས་ཁོ་ན་ལ་དཀོན་མཆོག་གསུམ་རྣམ་པར་འཇོག་པ་དང་། སྡོམ་པ་གསུམ་གནས་ལ། མི་མ་ཡིན་པ་རྣམས་ལ་ཡང་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་གནས་ཤིང་། དུད་འགྲོ་རྣམས་ལ་སྡོམ་པ་མེད་པ་ཡིན་ཞེས་གསུངས་པས་མི་རྣམས་གཙོ་བོ་ཡིན། མི་མིན་རྣམས་འབྲིང་ཡིན། དུད་འགྲོ་རྣམས་ཐ་ཆད་པ་ཡིན་པས་ལྟུང་བ་ཐ་དད་པར་ཁོང་དུ་ཆུད་པར་བྱའོ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། སྦྱོར་བ་ཐ་མ་ལ་རྩོད་པ་སྤོང་བ་དང་། སྦྱོར་བ་དང་པོ་ལ་རྩོད་པ་སྤོང་བ་དང་། དགྲ་བཅོམ་པ་ཆོས་དགའི་འདོད་པ་བསྟན་པའོ། །དང་པོ་ནི། གལ་ཏེ་མི་བཅུས་ཉིན་གཅིག་ལ་གསོད་པའི་སྦྱོར་བ་བྱས་ཏེ། དང་པོས་མི་དེ་ཞག་བཅུ་ནས་འཆི་བར་འགྱུར་བའི་མཚོན་བསྣུན། གཉིས་པས་ཞག་དགུ་ནས་འཆི་བར་འགྱུར་བའི་མཚོན་བསྣུན་པ་ནས། ཐ་མས་ད་ལྟ་རང་འཆི་བར་འགྱུར་བའི་མཚོན་བསྣུན་ན་བཅུ་ཆར་ལ་ཕམ་པ་བསྐྱེད་དམ་མི་བསྐྱེད། བསྐྱེད་ན་དེ་ཤི་བ་ཐ་མ་ཁོ་ན་ལ་སྣང་བ་འགལ་ལ་མི་བསྐྱེད་ན་བྱེ་བྲག་བཤད་པར། དགུ་པོ་དག་གིས་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་གཟུང་ལ། བཅུ་པས་ནི་ཕམ་པའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ཡང་གཟུང་བ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། འདིའི་ལན་ལ་འོད་ལྡན་དུ་འགལ་བ་མེད་དེ། བཅུ་ཚན་གྱི་ཡང་སྦྱོར་བ་མཐུན་པའི་ཕྱིར་དང་། འབྲས་བུ་གཅིག་པའི་ཕྱིར་རོ་ཞེས་གསུངས་ཏེ། དེའི་དོན་ལ་རྨ་ཚོ་ལ་སོགས་པ་སྦྱོར་བ་གྲོས་བྱས་གཅིག་པའི་དོན་ཡིན་གསུང་པ་མི་འཐད་དེ། བཅུ་པོ་རང་རང་གི་མཚོན་བསྣུན་པ་ལ་མི་ལྟོས་པར་འགྱུར་ཏེ། དམག་ལ་སོགས་པ་དོན་གཅིག་ཕྱིར་ཞེས་གསུངས་པའི་ཕྱིར། སློབ་དཔོན་རྒྱ་ན་རེ་ནུས་པའི་མཐུ་སྡོམ་པ་ཡིན་གསུང་བ་ལ། གཞན་དག་ན་རེ་སྦྱོར་བ་རེ་རེས་འཆི་ངེས་སུ་བྱས་པ་མ་ཡིན་པར་ཐལ། ཕྱི་མ་ཕྱི་མས་སྔ་མ་སྔ་མ་ལ་མ་ལྟོས་པར་འཆི་བར་ངེས་པ་དེ་མེད་པའི་ཕྱིར་ཞེས་གསུངས་སོ། །རང་ལུགས་མི་བཅུ་པོ་རང་གི་སྟེང་ན་འཆི་ངེས་ཀྱི་སྦྱོར་བ་རེ་རེ་ཡོད་པས་སྦྱོར་བ་མཐུན་པའི་ཕྱིར་དང་། འབྲས་བུ་མི་དེ་ཤི་བར་གཅིག་པའི་ཕྱིར། ཐམས་ཅད་ལ་སྦྱོར་བ་དེས་ཤི་བ་ཡོད་པའི་ཕྱིར་ཞེས་པ་དམར་སྟོན་གསུང་བ་ནི་ལེགས་བཤད་དོ། །འཆི་བའི་སྐད་ཅིག་མ་ཐ་མ་ལ་གསོད་པའི་སྦྱོར་བ་བྱས་པས་ནི་ཕམ་པར་མི་འགྱུར་ཏེ། འོད་ལྡན་དུ་དབུགས་རྒྱུ་བ་ཐ་མར་གྱུར་པ་ནི་འཇིག་པའི་གནས་སྐབས་ཉིད་ཡིན་པའི་ཕྱིར་ག་ལ་མཚུངས་ཞེས་གསུངས་སོ། །གཉིས་པ་ནི། ཚེས་གཅིག་གི་ཉིན་ཚེས་བཅུ་ནས་འཆི་བར་འགྱུར་བའི་མཚོན་བསྣུན་པ་ནས་ཐ་མས་བཅུའི་ཉིན་ད་ལྟ་རང་འཆི་བར་འགྱུར་བའི་མཚོན་བསྣུན་ན་ཐམས་ཅད་ལ་ཕམ་པ་བསྐྱེད་དམ་མི་བསྐྱེད། བསྐྱེད་ན་དེ་ཤི་བའི་དང་པོ་ཁོ་ན་ལ་སྣང་བ་འགལ་ལ་མི་བསྐྱེད་ན་བྱེ་བྲག་བཤད་པ་དང་འགལ་ལོ་ཞེ་ན། ལན་སྔར་བཞིན་ནོ། །གསུམ་པ་ནི། བཙུན་པ་ཆོས་དགའ་ན་རེ་ཡང་ཚེའི་སྐད་ཅིག་མ་གཅིག་ལུས་པ་ལ་ཡང་གསོད་པ་གང་ཡིན་པ་དེ་མཐར་འགྱུར་ལ། གཞན་རྣམས་ལ་ནི་སྦོམ་པོར་འགྱུར་ཞེས་ཟེར་རོ་ཞེས་འོད་ལྡན་ལས་གསུངས་སོ། །བཞི་པ་གཞན་གྱི་དོན་འགྲུབ་པ་ལ་གནོད་པ་བརྫུན་དུ་སྨྲ་བའི་ཕམ་པ་ལ་སྤྱིའི་དོན་དང་། གཞུང་དང་སྦྱར་བ་གཉིས། དང་པོ་ལ། གླེང་གཞི་ནི་ཡུལ་ཡངས་པ་ཅན་དུ་གང་ཟག་ཉ་པའི་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱས་ཉོན་མོངས་པ་གྲགས་པ་འདོད་པས་ཀུན་ནས་བསླངས་ཏེ། ཉེས་པ་མིའི་ཆོས་བླ་མ་ཡང་དག་པ་མ་ཡིན་པར་སྨྲས་པ་ལ་བརྟེན་ནས་བསླབ་པའི་གཞི་འདི་བཅས་སོ། །རྒྱུ་མཚན་ནི། མཐོང་ཆོས་ཀྱི་ཉེས་དམིགས་དང་རྣམ་སྨིན་གྱི་འབྲས་བུ་སྔར་དང་འདྲ། རྒྱུ་མཐུན་ལ་མྱོང་བ་རྒྱུ་མཐུན་སྐུར་བ་མང་བ་དང་། བྱེད་པ་རྒྱུ་མཐུན་བརྫུན་དུ་སྨྲ་བ་ལ་དགའ་བའོ། །བདག་པོའི་འབྲས་བུ་ས་ཕྱོགས་དྲི་ང་བར་སྐྱེ་བའོ། །བྱེད་རྒྱུ་ལ་ཐུན་མོང་གི་ཡན་ལག་སྔར་གྱི་སྟེང་དུ་བདག་ཉིད་མིའི་ཆོས་བླ་མ་དང་མི་ལྡན་པ། ཡུལ་གྱི་ཡན་ལག་ཐ་སྙད་ལྔ་ལྡན་ཏེ་རང་ལས་རྒྱུད་ཐ་དད་པའི་མི་སྨྲ་ཤེས་དོན་གོ་བ་ཤེས་པ་རང་བཞིན་དུ་གནས་པ་མ་ནིང་དང་མཚན་གཉིས་པ་མ་ཡིན་པ། དངོས་པོ་མིའི་ཆོས་བླ་མའི་མཚན་ཉིད་ཅན། བསམ་པ་ལ་གཉིས་ལས་འདུ་ཤེས་མ་འཁྲུལ་བ། ཀུན་སློང་འདུ་ཤེས་བསྒྱུར་བའི་དོན་ཅན་སྨྲ་བར་འདོད་པ། སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་ཏེ་རང་གི་ཡིན་པ་དང་། ངག་ཡིན་པ་དང་བདག་ཉིད་དང་འབྲེལ་བ་དང་། བསམས་པའི་དོན་དང་། གསལ་པོར་དང་། མངོན་སུམ་དུ་སྨྲས་པའོ། །མཐར་ཐུག་དེའི་རྐྱེན་གྱིས་དོན་གོ་བའོ། །འདི་ལ་གནས་བརྟན་ཆེན་པོའི་གསུང་གིས་ཡུལ་གྱི་ཡན་ལག་ཐ་སྙད་ལྔ་ལྡན་མི་དགོས་ཏེ། བམ་ལྔ་ལས་མ་ནིང་དང་མཚན་གཉིས་པ་གང་ཡང་རུང་བ་ལ་ནི་ན་སྨད་པ་མེད་དོ་ཞེས་གསུངས་པའི་ཕྱིར། གསལ་བར་སྨྲས་པ་དགོས་ཟེར་བ་ལ་ཡང་དཔྱད་པར་བྱའོ་ཞེས་གསུང་ངོ་། །གཉིས་པ་གཞུང་དོན་ལ་སྦྱར་བ་ནི། འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲས་ནའོ་ཞེས་ཏེ། གང་ཞིག་བྱས་ན་སྨྲ་བའི་ཕམ་པར་འགྱུར་ཞེ་ན། བདེན་པའི་འདུ་ཤེས་བསྒྱུར་བ་སྟེ་སྦས་ཏེ་བརྫུན་པའི་འདུ་ཤེས་ཀྱིས་དགེ་སློང་རང་ཉིད་མིའི་ཆོས་བླ་མ་དང་མི་ལྡན་བཞིན་དུ་དེ་དང་ལྡན་ཞེས་སྨྲས་ན་བརྫུན་དུ་སྨྲ་བའི་ཕམ་པར་འགྱུར་རོ། །མིའི་ཆོས་བླ་མ་གང་ཞེ་ན། འདོད་ཡོན་ལྔ་ནི་མི་རྣམས་ཀྱི་ཆོས་ཡིན་ལ་དེ་ལས་བླ་མའམ་གོང་མའམ་མཆོག་ཏུ་གྱུར་པས་ན་མིའི་ཆོས་བླ་མ་ཞེས་བྱའོ། །ཡང་ན་མིའི་ཆོས་ནི་སྒྲིབ་པ་ལྔ་སྟེ་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་གཉིད་གཅིག་ཏུ་བྱས་པ་དང་། རྒོད་འགྱོད་གཉིས་གཅིག་ཏུ་བྱས་པ་དང་། ཐེ་ཚོམ་སྟེ་ལྔ་ཡིན་ལ་དེ་དང་བྲལ་བས་ན་མིའི་ཆོས་བླ་མ་ཞེས་བྱའོ། །ཡང་ན་མི་རྣམས་ཀྱི་བརྟེན་པར་བྱ་བའི་ཆོས་ཀྱང་ཡིན་ལ་བླ་མ་ཡང་ཡིན་པས་ན་མིའི་ཆོས་བླ་མ་ཞེས་བྱ་སྟེ། མདོར་ན་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་ཐོབ་པའི་དགེ་བའམ་དེ་ཐོབ་པ་སྔོན་དུ་འགྲོ་དགོས་པའི་ཡོན་ཏན་ཁྱད་པར་བ་ནི་མིའི་ཆོས་བླ་མ་ཡིན་ནོ། །མི་ཆོས་བླ་མ་བརྗོད་པའི་ཚུལ་ལ་འབྲས་བུའི་སྒོ་ནས་དང་། ངོ་བོའི་དང་། ཁྱད་པར་གྱི་ཆོས་ཀྱི་དང་། གཞན་ལ་སྙད་བཏགས་པའི་དང་། ཉམས་པའི་དང་། ནོར་བའི་དང་། ཟུར་གྱི་དང་། ལུས་ཀྱི་སྒོ་ནས་བརྗོད་པ་དང་བརྒྱད་དུ་ཡོད་དེ་རྒྱས་པར་གཞུང་དོན་ལས་ཤེས་པར་བྱའོ།།  ༈  །།གཉིས་པ་གསོ་བ་དགེ་འདུན་ལ་རག་ལས་པ་དགེ་འདུན་ལྷག་མའི་སྡེ་ལ་གཉིས་ཏེ་དངོས་དང་། མ་ངེས་པའི་སྡེ་བཤད་པའོ། །དང་པོ་ལ་སྡོམ་ནི། ཁུ་བ་འཛིན་དང་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་དང་། །བག་ཙམ་དགེ་འདུན་དབེན་དང་དེའི་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཞེས་ཏེ། བཅུ་གསུམ་ཡོད་པ་བསྡུ་ན། དངོས་པོ་ལས་གྱུར་པ་དང་། བསྒོ་བ་ལས་གྱུར་པ་གཉིས། དང་པོ་ལ་གཉིས་ཏེ། འདོད་པ་ལས་གྱུར་པ་དང་། གནོད་པ་ལས་གྱུར་པའོ། །དང་པོ་ལ་གཉིས་ཏེ། རང་འདོད་པ་བསྟེན་པ་དང་། གཞན་འདོད་པ་བསྟེན་དུ་འཇུག་པ་ལས་གྱུར་པ་གཉིས། དང་པོ་ལ་གཉིས་ཏེ། རེག་བྱའི་བདེ་བ་ལས་གྱུར་པ་དང་། སྨྲ་བའི་བདེ་བ་ལས་གྱུར་པའོ། །དང་པོ་ལ་གཉིས་ཏེ། རང་གི་ལུས་ཀྱི་རེག་བྱའི་བདེ་བ་ལས་གྱུར་པ་དང་། གཞན་གྱི་ལུས་ཀྱི་རེག་བྱའི་བདེ་བ་ལས་གྱུར་པའོ། །དང་པོ་ནི། འབྱིན་པའི་དགེ་འདུན་ལྷག་མ་སྟེ་འདི་ལ་གླེང་གཞི་རྒྱུ་མཚན་བྱེད་རྒྱུ་དང་གསུམ། དང་པོ་ནི། ཡུལ་མཉན་ཡོད་དུ་གང་ཟག་འཆར་ཀས་ཉོན་མོངས་པ་འདོད་ཆགས་ཀྱིས་ཉེས་པ་རང་གི་ཁུ་བ་བྱུང་བ་ལ་བརྟེན་ནས་བསླབ་པའི་གཞི་འདི་བཅས་སོ། །གཉིས་པ་ནི། རང་གི་ལུས་ལ་གནོད་པ་དང་ཕམ་པ་དང་པོའི་རྒྱུར་འགྱུར་བའོ། །གསུམ་པ་ལ་བཞི་ལས་གཞིའི་ཡན་ལག་གང་དབྱུང་བར་བྱ་བ་རང་གི་ཁུ་བ་ཡིན་པ་དང་པོའི་གནས་ན་གནས་པ་ཐ་སྙད་དུ་བྱར་ཡོད་པའི་ཚད་དུ་ལོངས་པའོ། །གང་ལས་དབྱུང་བ་ནི་སྐྱེས་པའི་ཡན་ལག་གི་རྣམ་པ་ཡིན་པ། གང་གིས་འབྱིན་པ་ནི་སེམས་ཅན་དུ་བགྲང་བ་དང་དེའི་རྣམ་པར་གནས་པའོ། །གཉིས་པ་ཀུན་སློང་ཁུ་བ་ཕྱུང་བའི་འདུན་པ་རྒྱུན་ལྡན། གསུམ་པ་སྦྱོར་བ་ནི་རེག་ཅིང་རྩལ་བར་ཞུགས་པའོ། །བཞི་པ་མཐར་ཐུག་ནི་ཁུ་བ་སྦུབས་སུ་འོང་ཞིང་བདེ་བ་མྱོང་བའོ། །གཉིས་པ་ནི། འཛིན་དང་ཞེས་པ་རེག་པའི་དགེ་འདུན་ལྷག་མ་སྟེ། འདི་ལ་གསུམ་ལས་གླེང་གཞི་ཡུལ་མཉན་ཡོད་དུ། གང་ཟག་འཆར་ཀས་ཉོན་མོངས་པ་འདོད་ཆགས་ཀྱིས། ཉེས་པ་བུད་མེད་ཀྱི་ལུས་ལ་རེག་པ་ལ་བརྟེན་ནས་བསླབ་པའི་གཞི་འདི་བཅས་སོ། །གཉིས་པ་རྒྱུ་མཚན་ནི། བདག་ཉིད་ཉོན་མོངས་པའི་བསམ་པ་སྐྱེ་བ་དང་། ཕམ་པ་དང་པོའི་རྒྱུར་འགྱུར་བ་དང་། གཞན་མ་དད་པ་ལ་སོགས་པའི་རྒྱུར་འགྱུར་བའོ། །གསུམ་པ་བྱེད་རྒྱུ་ལ་བཞི་ལས། ཡུལ་ནི་མིའི་བུད་མེད་ཤེས་པ་རང་བཞིན་དུ་གནས་པ་མཚན་དོན་བྱེད་ནུས་པ། ལུས་བསྟེན་རུང་མ་ཉམས་པའི་རྨའི་སྒོ་གསུམ་ལས་གཞན་པའི་ལུས་དངོས་སམ་སྐྲའམ་དེ་དང་འབྲེལ་བའི་གོས་ཡིན་པའོ། །རེག་བྱེད་ནི་རང་གི་ལུས་མ་ཉམས་པ། ཟག་བྱེད་ལས་གཞན་པ་མིག་ནས་པུས་མོའི་བར་གང་ཡང་རུང་བ་ཡིན་པའོ། །བསམ་པ་ལ་གཉིས་ལས་འདུ་ཤེས་འདྲ། ཀུན་སློང་རེག་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་འདོད་པའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པའོ། །སྦྱོར་བ་རེག་པར་རྩོམ་པ། མཐར་ཐུག་རེག་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བའོ། །གཉིས་པ་སྨྲ་བའི་བདེ་བ་ལས་རྒྱུར་པ་ལ་གཉིས་ཏེ་འཁྲིག་ཚིག་སྨྲ་བ་དང་། བསྙེན་བཀུར་བསྔགས་པའོ། །དང་པོ་ལ་གསུམ་ལས་གླེང་གཞི་གསུམ་སྔ་མ་དང་འདྲ། ཉེས་པ་འཁྲིག་ཚིག་སྨྲས་པའོ། །རྒྱུ་མཚན་སྔ་མ་དང་འདྲ། ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་ཡུལ་མིའི་བུད་མེད། མཚན་དོན་བྱེད་ནུས་ཐ་སྙད་བཞི་དང་ལྡན་པ། རྫུ་འཕྲུལ་མ་ཐོབ་པའོ། །གང་བརྗོད་པའི་དངོས་པོ་ནི་ཡུལ་དེར་འཁྲིག་པར་གྲགས་པའོ། །ཀུན་སློང་འཁྲིག་ཚིག་སྨྲས་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་འདོད་པའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པའོ། །སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་ཡུལ་དེས་དོན་གོ་བའོ། །གཉིས་པ་ལ་གླེང་གཞི་ནི་ཡུལ་མཉན་ཡོད་དུ། གང་ཟག་འཆར་ཀས་ཉོན་མོངས་པ་འདོད་ཆགས་ཀྱིས། ཉེས་པ་རྒྱལ་བྱེད་ཚལ་བསྐོར་བའི་བུད་མེད་ལ་ང་ལྟ་བུ་ཚུལ་ཁྲིམས་དང་ལྡན་པ་ལ་འཁྲིག་པའི་བསྙེན་བཀུར་བྱས་ན་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་སྨྲས་པ་ལ་བརྟེན་ནས་འདི་བཅས་སོ། །རྒྱུ་མཚན་དང་། སྦྱོར་བ་དང་། མཐར་ཐུག་ནི་སྔར་དང་འདྲ་ལ། ཀུན་སློང་ནི་བསྙེན་བཀུར་བསྔགས་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་འདོད་པའི་འདུན་པ་ཀུན་ཏུ་ཆགས་པ་དང་ལྡན་པའོ། །གཉིས་པ་གཞན་འདོད་པ་བསྟེན་དུ་བཅུག་པ་ལས་གྱུར་པ་ནི་སྨྱན་བྱེད་ལྷག་མ་སྟེ། གླེང་གཞི་ནི་ཡུལ་མཉན་ཡོད་དུ། གང་ཟག་དྲུག་སྡེས་ཉོན་མོངས་པ་འདོད་ཆགས་ཀྱིས། ཉེས་པ་སྨྱན་བྱས་པ་ལ་བརྟེན་ནས་འདི་བཅས་སོ། །བྱེད་རྒྱུ་ལ་བཞི་ལས་ཡུལ་སྤྲད་བྱ་མཚན་དོན་བྱེད་ནུས་པ། ཐ་སྙད་བཞི་དང་ལྡན་པ། ལུས་བསྟེན་དུ་རུང་བ། མི་མཐུན་པར་གནས་པ། བདག་ཉིད་ལས་རྒྱུད་ཐ་དད་པའོ། །བདག་པོ་ལྟ་བུ་ལ་སྨྱན་བྱེད་ན་དེ་གཉིས་ཐ་སྙད་ལྔ་དང་ལྡན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་སྤྲད་བྱ་མི་མཐུན་པར་མཐུན་པར་བསྒྲུབ་པའི་ཆེད་དུ་ཕྲིན་གྱི་སྦྱོར་བ་ལན་གསུམ་བྱེད་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་ཕྲིན་ལན་གསུམ་བྱེད་པའོ། །མཐར་ཐུག་དེ་གཉིས་ཀྱི་བསྟེན་བྱ་བསྟེན་བྱེད་ཕྲད་པའི་ཚེ་སྨྱན་བྱེད་པའི་ལྷག་མར་འགྱུར་རོ། །ཁ་ཅིག་འདིའི་གཞིའི་ཡན་ལག་ལ་སྐྱེས་པ་དང་བུད་མེད་དགོས་ཞེས་པ་མི་འཐད་དེ། སྐྱེས་པ་ནང་གི་སྨྱན་བྱས་པས་སྨྱན་བྱེད་ལྷག་མ་བསྐྱེད་པ་ཡིན་པའི་ཕྱིར་ཏེ། འགྲེལ་ཆུང་ལས། སྐྱེས་པ་ནང་གི་སྨྱན་བྱེད་ན་སྡིག་པ་ཤིན་ཏུ་ཆེ་བའི་ཕྱིར་ལྷག་མ་ཉིད་དུ་འགྱུར་ཞེས་གསུངས་པའི་ཕྱིར་དང་། སྐྱེས་པ་ནང་གི་སྨྱན་བྱས་པས་ལྷག་མ་མི་བསྐྱེད་ན་བུད་མེད་སྤྱིས་བསྐྱེད་ཀྱི་ལྟུང་བའི་སྐབས་སུ་སྨྱན་བྱེད་པ་ནི་མ་གཏོགས་པ་ཞེས་སྨོས་རིགས་པ་ལས་མ་སྨོས་པའི་ཕྱིར་རོ། །གཉིས་པ་གནོད་པ་ལས་གྱུར་པ་ལ་གཉིས་ཏེ། སེམས་ཅན་སྤྱི་ལ་གནོད་པ་དང་། བྱེ་བྲག་ཏུ་བསྙེན་པར་རྫོགས་པ་ལ་གནོད་པ་གཉིས་ལས། དང་པོ་ལ་གཉིས་ཏེ། ཁང་པ་ཁང་ཆེན་གྱི་ལྷག་མའོ། །དང་པོ་ལ་གླེང་གཞི་ནི་ཡུལ་མཉན་ཡོད་དུ། གང་ཟག་དགེ་སློང་རབ་ཏུ་མང་པོས་ཉོན་མོངས་པ་འདོད་ཞེན་གྱིས། ཉེས་པ་ཁང་པ་བརྩིགས་པ་ལ་བརྟེན་ནས། ཁང་པའི་ལྷག་མ་འདི་བཅས་སོ། །རྒྱུ་མཚན་ནི། སྲོག་ཆགས་ལ་གནོད་པ་དང་། འཐབ་རྩོད་དུ་འགྱུར་བ་དང་གནས་ཚེ་ཐུང་བ་དང་། རང་གི་བསམ་གཏན་དང་གློག་པ་ལ་གནོད་པ་སོགས་སོ། །བྱེད་རྒྱུ་ལ་གཞིའི་ཡན་ལག་ས་གཞི་དང་ཡོ་བྱད་གཞན་ལས་བཙལ་བའམ་དེ་གནང་བ་གཞི་མ་དག་པ་དང་མ་བསྟན་པའོ། །གང་རྩིག་པར་བྱ་བ་ནི་གཅིག་གི་ཆེད་ཡིན་པ་ཚད་ལས་ལྷག་པ། སྤྱོད་ལམ་བཞི་ཤོང་བ། སྔར་གཞན་གྱིས་བརྩམས་པ་མ་ཡིན་པའོ། །དེ་ལ་ཚད་ནི་འཇལ་བྱེད་ཀྱི་ཁྲུ་ཕྱེད་དང་དོ་ལ་བདེ་བར་གཤེགས་པའི་མཐོ་གང་ཡིན་པས་ནང་རོལ་གྱི་སྲིད་དུ་བདེ་བར་གཤེགས་པའི་མཐོ་བཅུ་གཉིས་ཏེ། འཇལ་བྱེད་ཀྱི་ཁྲུ་བཅོ་བརྒྱད་དང་། ཞེང་དུ་བདེ་བར་གཤེགས་པའི་མཐོ་བདུན་ཏེ་འཇལ་བྱེད་ཀྱི་ཁྲུ་ཕྱེད་དང་བཅུ་གཅིག་གོ །སྤྱོད་ལམ་བཞི་ཤོང་བ་ནི་འདུག་པའི་གནས་ལ་སྐྱིལ་ཀྲུང་དོག་པ་མེད་པ་དང་། འགྲེང་བའི་ཚེ་མགོ་བོ་ཐོག་ལ་མི་རེག་པ་དང་། འཆག་པའི་གནས་ལ་གོམ་པ་གསུམ་འདོར་དུ་ཡོད་པ་དང་། ཉལ་བའི་གནས་ལ་རྐང་ལག་བརྐྱངས་ཏེ་ཉལ་དུ་རུང་བའོ། །བསམ་པའི་ཡན་ལག་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྩིག་འདོད་རྒྱུན་མ་ཆད་པ། སྦྱོར་བ་རང་ངམ་གཞན་ལ་བཅོལ་བས་རྩིག་པར་ཞུགས་པ། མཐར་ཐུག་ཕལ་ཆེར་བསྐོར་བ་དང་ཕལ་ཆེར་བཀབ་པ་ན་ལྷག་མར་འགྱུར་རོ། །གཉིས་པ་ཁང་ཆེན་ལ་གླེང་གཞི་ནི། ཡུལ་ཀོའུ་ཤམྦཱིར་གང་ཟག་དྲུག་སྡེས། ཉོན་མོངས་པ་མི་བཟོད་པས། ཉེས་པ་གཙུག་ལག་ཁང་བརྩིགས་པ་ལ་བརྟེན་ནས་འདི་བཅས་སོ། །རྒྱུ་མཚན་འདྲ། བྱེད་རྒྱུ་ཕལ་ཆེར་སྔ་མ་དང་འདྲ་བ་ལ་ས་གཞི་དང་ཡོ་བྱད་གཞན་ལ་བཙལ་བ་ཞེས་པ་དང་། ཚད་ལྷག་ཞེས་པ་དང་། གཅིག་ཆེད་དུ་ཞེས་པ་གསུམ་པོ་དེ་མི་སྦྱོར་ལ། ཚོགས་ཆེད་དུ་ཞེས་པའམ་བཞི་ཡན་ཆད་ཀྱིས་ཆེད་དུ་ཞེས་པ་སྦྱར་རོ། །ཁ་ཅིག་ཁང་ཆེན་གྱི་ལྷག་མ་བསྐྱེད་པ་ལ་དཀོན་མཆོག་གསུམ་པོ་གང་རུང་གི་ཆེད་བརྩིག་པ། དངོས་ཀྱི་བདག་པོ་ཁྱིམ་པ་ཡིན་པ་དགོས་ཏེ། རྣམ་འབྱེད་ལས་ཆེན་པོ་ཞེས་བྱ་བ་ནི་སྦྱིན་པར་བྱ་བའི་ཆོས་ཀྱིས་ཡིན་གྱི་ཚད་ཀྱིས་ནི་མ་ཡིན་ནོ་ཞེས་དང་འོད་ལྡན་ལས་ཁང་པ་དང་ལྷ་ཁང་དུ་གཏོགས་པ་ཞེས་གསུངས་པའི་ཕྱིར་ཞེས་པ་མི་འཐད་དེ། མདོ་རྩ་འདིར་ཁང་ཆེན་གྱི་ཡན་ལག་ཚང་བ་མ་བསྟན་པར་ཐལ། དཀོན་མཆོག་གསུམ་པོ་གང་རུང་གི་ཆེད་དུ་རྩིག་པ་ཡན་ལག་ཏུ་དགོས་པ་གང་ཞིག དེ་འདིར་མ་བསྟན་པའི་ཕྱིར། ལུང་གི་དོན་ནི། ཆེན་པོ་དང་མང་པོ་ཞེས་པ་ནི་འགྱུར་ཁྱད་ཡིན་པས་ཆེད་དུ་བྱ་བ་མང་པོའི་ཆེད་དུ་ཞེས་པའི་དོན་དང་། ལྷ་ཁང་ཞེས་པའི་ལྷའི་སྒྲ་དེ་དགེ་འདུན་ལ་ཡང་འཇུག་ལ། སཾ་གྷ་ཞེས་པའི་སྒྲ་དགེ་འདུན་དང་ཚོགས་གཉིས་ཀ་ལ་འཇུག་པས་བོད་དུ་དགེ་འདུན་དང་ཚོགས་གཉིས་ཀ་ལ་བསྒྱུར་བ་མང་པོ་ཡོད་པའི་ཕྱིར། དེས་ན་འདིར་ཚོགས་ཞེས་པ་ནི་ཁྱིམ་པའམ་རབ་བྱུང་ཡིན་ཀྱང་རུང་སྟེ་བཞི་ཡན་ཆད་འདུས་པ་ལ་ཚོགས་ཞེས་བྱ་བར་ཤེས་པར་བྱའོ། །གཉིས་པ་ལ་གཞི་མེད་ཀྱི་སྐུར་འདེབས་དང་། བག་ཙམ་གི་སྐུར་འདེབས་ཀྱི་དགེ་འདུན་ལྷག་མ་གཉིས། དང་པོ་ལ་གླེང་གཞི་ནི་ཡུལ་རྒྱལ་པོའི་ཁབ་ཏུ། གང་ཟག་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས། ཉོན་མོངས་པ་མི་བཟད་པས་ཀུན་ནས་བསླངས་ཏེ། ཉེས་པ་མཐོང་ཐོས་དོགས་པའི་གཞི་མེད་བཞིན་དུ་གྱད་བུ་ནོར་ལ་མི་ཚངས་སྤྱོད་བྱས་སོ་ཞེས་སྐུར་པ་བཏབ་པ་ལ་བརྟེན་ནས་འདི་བཅས་སོ། །རྒྱུ་མཚན་ནི་སྐུར་འདེབས་ཀྱི་ཚིག་བདེན་པར་བཟུང་ན་ཡུལ་དེ་ལ་གནོད་པ་དང་། བདེན་པར་མ་བཟུང་ན་ཡང་སྐུར་འདེབས་མཁན་དུ་འཛིན་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤོང་བ་དང་། ངན་སོང་དུ་སྐྱེ་བར་འགྱུར་ཏེ། ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་སྐུར་འདེབས་པ། །དེ་དག་སྤྱིའུ་ཚུགས་སུ་ནི། །དམྱལ་བ་ཁོ་ནར་འགྲོ་བར་འགྱུར། །ཞེས་གསུངས་སོ། །བྱེད་རྒྱུ་ལ་བཞི་ལས་གཞིའི་ཡན་ལག་ནི་ཡུལ་བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པ་དང་། ཐ་སྙད་གསུམ་དང་ལྡན་པ། རང་ལས་རྒྱུད་ཐ་དད་པའོ། །གོ་བྱའི་ཡུལ་ཐ་སྙད་ལྔ་དང་ལྡན་ཞིང་རང་ལས་རྒྱུད་ཐ་དད་པའོ། །དངོས་པོ་ནི་ཕམ་པ་བཞིའམ་བརྒྱད་ལས་གང་ཡང་རུང་བ། བསམ་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འདུ་ཤེས་བསྒྱུར་བའི་དོན་ཅན། ཉམས་པར་འདུན་པས་སྐུར་བར་འདོད་པ། སྦྱོར་བ་དེའི་མིང་གིས་ངག་མཚན་ཉིད་བཞི་ལྡན་གྱིས་སྐུར་པ་བཏབ་པའོ། །ངག་མཚན་ཉིད་དྲུག་ལྡན་མི་དགོས་ཏེ། བམ་ལྔར་བརྡ་ཕྲད་པའི་ཐབས་མངོན་སུམ་མམ། བརྒྱུད་པའམ་ཕྲིན་དང་སྤྲིང་ཡིག་དང་བརྡ་ལ་སོགས་པས་གོ་བར་བྱེད་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཞེས་གསུངས་པའི་ཕྱིར། མཐར་ཐུག་གང་ལ་སྨྲ་བའི་ཡུལ་དེས་དོན་གོ་བའོ། །གཉིས་པ་བག་ཙམ་ལ་གླེང་གཞི་གསུམ་འདྲ་བ་ལ། ཉེས་པ་གྱད་བུ་ནོར་དང་ཨུཏྤལའི་མདོག་ཅན་དང་མི་ཚངས་པར་སྤྱོད་པ་མཐོང་ཞེས་པ་ལྟ་བུ་གཞན་གྱི་ཆ་དང་མི་མཐུན་པ་དང་མཐུན་པས་སྐུར་བའོ། །རྒྱུ་མཚན་སོགས་འདྲ་ལ་སྦྱོར་བ་མིང་ནས་སྨོས་ཤིང་གཞན་ལ་སྨོས་པའི་ཚིག་མི་གསལ་བ་མཚན་ཉིད་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །འདི་དང་གཞི་མེད་ཀྱི་ཁྱད་པར་ནི་སྐུར་འདེབས་གཞིར་བྱས་པ་ལ་སྔ་མས་བྱེད་པ་པོ་དང་བྱ་བ་སྦྱར་ནས་གསལ་བར་སྨོས་པ་ཡིན་ལ། འདིར་ནི་བྱ་བྱེད་མ་སྦྱར་བར་མི་གསལ་བར་སྨོས་པའོ། །གཉིས་པ་བསྒོ་བ་ལས་གྱུར་པ་ལ་གཉིས་ཏེ། བསྒོ་གྱུར་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ནི། བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་བསྒྲུབ་པའི་རང་བཞིན་ནི་རྗེས་སུ་མཐུན་ནོ། །གསོལ་བ་ནི་བཟློག་པ་དང་འདྲ་བ་ཉིད་དོ། །ཚིག་གི་སྐད་ཅིག་མ་གཅིག་ཉིད་དོ། །བཟླས་པ་ནི་ཐ་དད་པ་ཉིད་དོ། །མཇུག་སྡུད་པ་ནི་མ་ཡིན་ནོ། །བསྐྲད་པ་དང་གླེང་བ་དང་དྲན་པར་མ་བྱས་པ་ནི་དེའིའོ། །དེ་ལ་ནི་བསྒོ་བར་མི་བྱ་བ་ཉིད་དོ། །དེ་དག་ལ་བཞམ་པ་དང་ལས་ཀྱི་མི་བསྒོ་བར་མི་བྱའོ། །དེའི་མཐའ་ལ་མི་གཏོང་ནའོ་ཞེས་གསུངས་ཏེ། འདི་ལ་དགོས་དོན་དང་། ཚིག་དོན་གཉིས་ལས། དང་པོ་ནི། བསྒོ་གྱུར་བཞིའི་ཐུན་མོང་གི་མདོ་འདི་གསུངས་པ་ལ་དགོས་པ་ཅི་ཡོད་ཅེ་ན། འདི་ལ་དགོས་པ་ཡོད་དེ་སྒོ་བ་ལས་གྱུར་པའི་ལྟུང་བ་འདི་དག་རྐྱེན་བཟློག་པ་ལ་ལྟོས་པ་དང་། བཟློག་ཚུལ་མཚུངས་པ་དག་འདིར་བསྡུས་ཏེ་བསྟན་པས་ཚིག་ཚེགས་ཆུང་བ་དང་། དེའི་དོན་བདེ་བླག་ཏུ་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བསྒོ་གྱུར་གྱི་ལྟུང་བ་རྣམས་ཚུལ་ཇི་ལྟར་བསྐྱེད་ཅེ་ན། དགེ་འདུན་གྱི་དབྱེན་ལ་སོགས་པ་ལ་འཇུག་པ་ན་བཞམ་སྟེ་བསྒོ་བ་ལ་སོགས་པ་བཟློག་ཚུལ་ལྔའི་ཚུལ་གྱིས་བཟློག་ཀྱང་མི་གཏོང་བ་སྟེ་ཉེས་སྤྱོད་དེ་མི་སྤོང་བར་ལུས་ངག་གི་རྗེས་སུ་བསྒྲུབ་པའམ་ཅང་མི་སྨྲ་བའི་རང་བཞིན་གང་ཡིན་པ་དེ་ནི་བསྒོ་གྱུར་གྱི་ལྟུང་བ་བསྐྱེད་པར་རྗེས་སུ་མཐུན་ཏེ། བཟློག་པའི་གྲངས་ཇི་སྙེད་པའི་ལྟུང་བ་ཡང་དེ་སྙེད་བཟློག་པ་སྦྱོར་བར་གྱུར་པ་ན་ལྟུང་བ་ཡང་སྦྱོར་བ། བཟློག་པ་མཐར་ཐུག་པ་ན་ལྟུང་བ་ཡང་མཐར་ཐུག བཟློག་པ་གཅིག་ཏུ་གྱུར་པ་ན་ལྟུང་བ་ཡང་གཅིག་ཏུ་འགྱུར་བའི་ཕྱིར། གསོལ་བ་ནི་བཟློག་བྱེད་དངོས་མ་ཡིན་པས་གསོལ་བའི་མཐའ་ལ་མ་བཏང་བ་ལ་བསྒོ་གྱུར་གྱི་ལྟུང་བ་མི་སྐྱེད་དམ་ཞེ་ན། འདྲ་བ་ཉིད་དོ་ཞེས་པ་བཤད་པའི་གཞིར་གཞག གང་འདྲ་ན་དབྱེན་ལ་སོགས་པ་བཟློག་དོན་དུ་བྱས་པའི་གསོལ་བ་ནི་འདྲ། གང་དང་འདྲ་ན་དབྱེན་སོགས་བཟློག་དོན་དུ་བྱས་པའི་བརྗོད་པ་དང་པོ་དང་འདྲ། གང་ལ་འདྲ་ན་བསྒོ་གྱུར་གྱི་ལྟུང་བ་བསྐྱེད་པ་ལ་འདྲ། ཇི་ལྟར་འདྲ་ན་བརྗོད་པ་དང་པོའི་མཐའ་ལ་མ་བཏང་བ་ལ་སྦོམ་པོ་བསྐྱེད་པ་བཞིན་དུ་གསོལ་བའི་མཐའ་ལ་མ་བཏང་ན་སྦོམ་པོ་བསྐྱེད་པར་འདྲ། གསོལ་བ་དེ་ལ་ཚིག་སྐད་ཅིག་སྔ་ཕྱི་དུ་མ་ཡོད་པས་ལྟུང་བ་ཐ་དད་བསྐྱེད་དམ་ཞེ་ན། གསོལ་བའི་ཚིག་གི་སྐད་ཅིག་མ་རྣམས་ནི་ལྟུང་བ་གཅིག་སྐྱེད་པར་བྱེད་པ་ཡིན་ནོ། །བརྗོད་པ་ནི་ཡང་ནས་ཡང་དུ་བསྐྱར་བ་ཡིན་པས་ལྟུང་བ་གཅིག་ཁོ་ན་བསྐྱེད་དམ་ཞེ་ན། བཟླས་པ་སྟེ་བརྗོད་པ་རྣམས་ནི་ལྟུང་བ་ཐ་དད་བསྐྱེད་པའི་བྱེད་པ་པོ་ཉིད་ཡིན་ནོ། །བརྗོད་པ་གསུམ་པོའི་མཇུག་སྡུད་དེ་བརྗོད་པ་གསུམ་ལས་ལོགས་སུ་ལྟུང་བ་སྐྱེད་བྱེད་ཡིན་ནམ་ཞེ་ན། བརྗོད་པ་གསུམ་པོའི་མཇུག་སྡུད་པ་ནི་ལྟུང་བ་བསྐྱེད་པའི་བྱེད་པ་པོ་མ་ཡིན་ཏེ་ལས་བྱས་ཟིན་དགེ་འདུན་ལ་གོ་བར་བྱེད་པ་ཙམ་ཡིན་པའི་ཕྱིར། བཞམ་བསྒོའི་འོག་ཏུ་སྔ་རོལ་ཏུ་དབྱེན་ལ་སོགས་པ་རྩོམ་པ་ལ་འཇུག་པ་དེ་ལ་ལྟུང་བ་ཅིར་འགྱུར་ཞེ་ན། བཞམ་བསྒོ་བྱས་པ་ཕྱིན་ཆད་དབྱེན་ལ་སོགས་པ་བརྩམ་པ་ལ་འཇུག་པ་ནི་སྦྱོར་བ་ཉིད་ཡིན་པས་སྦོམ་པོར་འགྱུར་རོ། །དེར་ངེས་སམ་ཞེ་ན་ཁྱིམ་སུན་འབྱིན་པའི་དགེ་སློང་བསྐྲད་པ་ནན་ཏུར་མ་བྱས་པར་དགེ་འདུན་ལ་སྐུར་པ་འདེབས་པ་དང་། བཀའ་བློ་མི་བདེ་བའི་དགེ་སློང་ལྟུང་བ་གླེང་བ་དང་དྲན་པར་མ་བྱས་པར་དགེ་འདུན་ལ་ངག་མི་སྙན་པར་བརྗོད་པ་ནི་སྦྱོར་བ་དེའི་སྦྱོར་བ་ཡིན་པས་ཉེས་བྱས་སུ་འགྱུར་རོ། །དེའི་ཤུགས་ལ་ཁྱིམ་སུན་འབྱིན་པ་བསྐྲད་པ་ནན་ཏུར་བྱས་ནས་དགེ་འདུན་ལ་སྐུར་པ་འདེབས་པ་དང་། བཀའ་བློ་མི་བདེ་བ་ལྟུང་བ་གླེང་དྲན་བྱས་ནས་དགེ་འདུན་ལ་ངག་མི་སྙན་པ་བརྗོད་པ་ལ་ནི་སྦོམ་པོར་འགྱུར་བར་བསྟན་ནོ། །སྔ་མ་དེ་གཉིས་ལ་བཞམ་བསྒོ་བྱར་རུང་ངམ་ཞེ་ན། ཁྱིམ་སུན་འབྱིན་པ་བསྐྲད་པ་ནན་ཏུར་མ་བྱས་པར་དགེ་འདུན་ལ་སྐུར་པ་འདེབས་པ་དང་། བཀའ་བློ་མི་བདེ་བ་ལྟུང་བ་གླེང་དྲན་མ་བྱས་པར་དགེ་འདུན་ལ་ངག་མི་སྙན་པ་བརྗོད་པ་དེ་ལ་ནི་བཞམ་བསྒོ་མི་བྱ་སྟེ། གཞམ་བསྒོ་མ་རན་ཅིང་མི་ཆགས་པའི་ཕྱིར། དེ་ལྟར་བྱས་ནས་དགེ་འདུན་ལ་སྐུར་པ་འདེབས་པ་དང་ངག་མི་སྙན་པ་བརྗོད་པ་དེ་གཉིས་ལ་བཞམ་བསྒོ་ངེས་པར་བྱ་དགོས་སམ་ཞེ་ན། བསྐྲད་པ་ནན་ཏུར་དང་གླེང་དྲན་བྱས་པའི་རྗེས་སུ་དགེ་འདུན་ལ་དེ་ལྟར་བརྗོད་པ་དེ་དག་ལ་ཡིད་གཅུགས་པའི་གང་ཟག་གི་བཞམ་པ་དང་། དགེ་འདུན་གྱི་ལས་ཀྱི་མི་བསྒོ་བར་མི་བྱ་སྟེ་བསྒོ་རན་ཞིང་བསྒོ་བ་ཆགས་པའི་ཕྱིར། གང་གི་མཐའ་ལ་མི་གཏོང་བ་ལ་ལྷག་མར་འགྱུར་ཞེ་ན། བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །རྒྱ་གར་བ་ཁ་ཅིག་བརྗོད་པ་གསུམ་མཇུག་སྡུད་དང་བཅས་པའི་མཐའ་ལ་མ་བཏང་ན་དགེ་འདུན་ལྷག་མར་འགྱུར་ཞེས་གསུང་ངོ་། །ཁ་ཅིག་བསྒོ་གྱུར་གི་ལྟུང་བ་ལ་བཟློག་པ་ལྔའི་མཐའ་ལ་མ་བཏང་བའི་ལྟུང་བ་ལྔ་པོ་འདིར་ངེས་ཞེས་གསུང་བ་མི་འཐད་དེ། དབྱེན་རྩོམ་འཇུག་གི་སྦོམ་པོ་དེ་ལྔ་པོ་དེ་གང་གིས་ཀྱང་མ་བསྡུས་པའི་ཕྱིར། གཉིས་པ་ཐུན་མོང་མ་ཡིན་པ་ལ་བཞི་ཡོད་པ་ལས། དང་པོ་དགེ་འདུན་དབྱེན་གྱི་ལྷག་མ་ལ་གླེང་གཞི་ནི། ཡུལ་རྒྱལ་པོའི་ཁབ་ཏུ་གང་ཟག་ལྷས་བྱིན་གྱིས། ཉོན་མོངས་པ་རྙེད་བཀུར་འདོད་པས། ཉེས་པ་དགེ་འདུན་གྱི་དབྱེན་བྱས་པ་ལ་བརྟེན་ནས་འདི་བཅས་སོ། །རྒྱུ་མཚན་དགེ་འདུན་སྡེ་གཉིས་ལ་ཤིན་ཏུ་གནོད་པ་དང་། བསྐལ་པར་མནར་མེད་དུ་སྐྱེ་བ་ལ་སོགས་པའོ། །བྱེད་རྒྱུ་ལ་བཞི་ལས་སྦྱོར་བ་རྩམ་པའི་གཞི་ནི་བདག་ཉིད་འཁོར་ལོའི་དབྱེན་གྱི་སྦྱོར་བ་མཚན་ཉིད་པ་ལ་ཞུགས་པ་ཡིན་པ། རྫོགས་པར་བྱེད་པའི་རྐྱེན་དགེ་འདུན་མཚན་ཉིད་པ་ལས་ངོ་བོ་ཉིད་ཆོས་དང་ལྡན་པ། བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཆོས་ལས་ཆོས་མ་ཡིན་པ་དབྱེ་བར་འདོད་པ། སྦྱོར་བ་འབྱེད་པར་རྩོམ་པ། མཐར་ཐུག་བརྗོད་པ་གསུམ་པའི་མཐའ་ལས་འདས་པའོ། །སྤྱིར་དགེ་འདུན་གྱི་དབྱེན་དང་། དབྱེན་གྱི་མཚམས་མེད་དང་། དབྱེན་གྱི་ལྷག་མ་གསུམ་གསུངས་པ་ལ་ཁྱད་པར་ཡོད་དེ། དགེ་འདུན་དབྱེན་ངོ་བོ་ལྡན་མིན་འདུ་བྱེད་ལུང་མ་བསྟན་ཡིན་ཞིང་དགེ་འདུན་ཕྱོགས་གཉིས་ལ་ལྡན་པ་ཡིན་ཏེ། མཛོད་ལས། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དེ་དང་དགེ་འདུན་ཡང་དག་ལྡན། །ཞེས་གསུངས་སོ། །དབྱེན་གྱི་མཚམས་མེད་ནི་མནར་མེད་དུ་འཕེན་པའི་མི་དགེ་བ་ཡིན་ཞིང་། དབྱེན་གྱི་ལྷག་མ་ནི་བཅས་པ་ལས་འདས་པའི་ལྟུང་བའི་དངོས་གཞི་ཡིན་ལ། དེ་གཉིས་ནི་བྱེད་པ་པོའི་གང་ཟག་ལ་ལྡན་པ་ཡིན་ཏེ། དེ་ལ་ཁ་ན་མ་ཐོ་བརྫུན། །དེ་དང་འབྱེད་པོ་ཡང་དག་ལྡན། །ཞེས་གསུངས་པའི་ཕྱིར། ལས་དང་པོ་པ་ལ་འབྱུང་མི་འབྱུང་གི་ཁྱད་པར་ཡང་ཡོད་དེ། ལྷས་བྱིན་ལ་དགེ་འདུན་ཕྱེ་བས་དབྱེན་དང་དབྱེན་གྱི་མཚམས་མེད་བྱུང་ཡང་དབྱེན་གྱི་དགེ་འདུན་ལྷག་མ་ནི་མ་བྱུང་སྟེ། མ་བཅས་པ་ཉིད་ལའོ་ཞེས་གསུངས་པའི་ཕྱིར། དགེ་སློང་མ་ལ་དབྱེན་གྱི་ལྷག་མ་དང་། ལས་ཀྱི་དབྱེན་འབྱུང་ཡང་འཁོར་ལོའི་དབྱེན་དང་དབྱེན་གྱི་མཚམས་མེད་མི་འབྱུང་སྟེ། དེ་གཉིས་བྱེད་པ་པོ་དགེ་སློང་ཡན་ལག་ཏུ་དགོས་པའི་ཕྱིར། གཞན་ཡང་འདི་དག་ལ་ཁྱད་པར་མང་དུ་ཡོད་དོ། །གཉིས་པ་དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མ་ལ་གླེང་གཞི་ནི། ཡུལ་རྒྱལ་པོའི་ཁབ་ཏུ་གང་ཟག་དགེ་སློང་ཀོ་ཀ་ལི་ཀ་ལ་སོགས་པ་བཞིས། ཉོན་མོངས་པ་རྙེད་བཀུར་འདོད་པས། ཉེས་པ་ལྷས་བྱིན་གྱིས་དགེ་འདུན་གྱི་དབྱེན་བྱེད་པའི་གྲོགས་བྱས་པ་ལ་བརྟེན་ནས་འདི་བཅས་སོ། །རྒྱུ་མཚན་སྔར་དང་འདྲ། བྱེད་རྒྱུ་ལ་བཞི་ལས་གཞི་གང་ལ་གང་གིས་གྲོགས་བྱས་པའི་ཡུལ་ནི་དབྱེན་མཚན་ཉིད་པའི་སྦྱོར་བ་ལ་ཞུགས་པ། རྐྱེན་ནི་འདྲ། བསམ་པ་འདུ་ཤེས་མ་འཕྲུལ་ཞིང་། ཀུན་སློང་དེའི་གྲོགས་བྱ་བར་འདོད་པ། སྦྱོར་བ་སྒྲུབ་པར་རྩོམ་པ། མཐར་ཐུག་འདྲའོ། །གསུམ་པ་ཁྱིམ་སུན་འབྱིན་པའི་ལྷག་མ་ལ་གླེང་གཞི་ནི། ཡུལ་མཉན་ཡོད་དུ། གང་ཟག་འགྲོ་འགྱོགས་དང་ནབ་སོ་གཉིས་ཀྱིས། ཉོན་མོངས་པ་ཕྲག་དོག་གིས་ཀུན་ནས་བསླངས་ཏེ། ཉེས་པ་ཁྱིམ་པ་སུན་འབྱིན་པ་ལ་བརྟེན་ནས་འདི་བཅས་སོ། །རྒྱུ་མཚན་སྐུར་འདེབས་བཞིན་ནོ། །བྱེད་རྒྱུ་ལ་བཞི་ལས་གཞི་ལ་ཡུལ་ནི་མཚན་ཉིད་དང་ལྡན་པའི་དགེ་འདུན་རང་ལ་སྐྲོད་པར་བྱེད་པ་པོ་ཡིན་པ། གོ་བྱའི་ཡུལ་ཐ་སྙད་ལྔ་དང་ལྡན་པ་རྒྱུད་ཐ་དད་པའོ། །བདག་ཉིད་བསྐྲད་པར་བྱས་ལ་ཆགས་པ། རྐྱེན་འདྲའོ། །བསམ་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དགེ་འདུན་ལ་སྐུར་པ་འདེབས་པར་འདོད་པ། སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་རྩོམ་པ། མཐར་ཐུག་འདྲའོ། །བཞི་པ་བཀའ་བློ་མི་བདེ་བའི་ལྷག་མ་ལ་གླེང་གཞི་ནི། ཡུལ་ཀོའུ་ཤམྦཱིར། གང་ཟག་འདུན་པས། ཉོན་མོངས་པ་གླེང་བར་མི་འདོད་པས་ཀུན་ནས་བསླངས་ཏེ། ཉེས་པ་ལྟུང་བ་གླེང་དུ་མ་སྟེར་བ་ལ་བརྟེན་ནས་བསླབ་པའི་གཞི་འདི་བཅས་སོ། །རྒྱུ་མཚན་ནི་ལྟུང་བ་གླེང་མཁན་སྤངས་པས་གླེང་བའི་བྱ་བ་རྒྱུན་ཆད་པ་དང་དགེ་འདུན་སྤངས་པའོ། །བྱེད་རྒྱུ་ཡན་ལག་བརྩི་བ་ལ་བཞི་ལས་གཞི་ལ་ཡུལ་གྱི་ཡན་ལག་གང་སྤང་བའི་དངོས་པོ་བདག་ཉིད་ཀྱི་བསླབ་པའི་གཞི་དང་གླེང་བྱེད་དགེ་འདུན་མཐའ་དག་གོ །གོ་བྱ་ནི་གླེང་བྱེད་མཚན་ཉིད་དང་ལྡན་པ་བདག་ཉིད་ལ་གླེང་བ་པོ་ཡིན་པའོ། །བདག་ཉིད་གླེང་དྲན་བྱས་ལ་ཆགས་པ་ཡིན་པ། རྐྱེན་སྔ་མ་དང་འདྲ། བསམ་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྤོང་བར་འདོད་པ། སྦྱོར་བ་ཁྱེད་ཅག་དགེ་ཡང་རུང་མི་དགེ་ཡང་རུང་ཞེས་སོགས་སྤོང་བའི་ཚིག་མཚན་ཉིད་དྲུག་ལྡན། མཐར་ཐུག་བརྗོད་པ་གསུམ་པའི་མཐའ་ལ་མ་བཏང་ན་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མར་འགྱུར་རོ། །ཤ་་་་་་ཁ་ཅིག་གླེང་བྱེད་དགེ་སློང་གིས་གླེངས་པ་ན་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་ཁོ་བོ་ཅག་ལ་ཅང་མ་སྨྲ་ཞིག ཁོ་བོ་དགེ་ཡང་རུང་སྡིག་ཀྱང་རུང་ཁྱེད་ཅག་ལ་ཅང་མི་སྨྲའོ། །ཞེས་གླེང་བ་པོ་རེ་རེ་བ་འགོག་པ་ལ་དང་པོར་བརྗོད་བཅས་བྱ། དེ་ལ་མི་གཏོང་ན་དེའི་རྗེས་སུ་གདམས་ངག་འཇོག་པ་དང་། གཏམ་སྨྲ་བ་འགོག་པ་དང་། གསོ་སྦྱོང་འཇོག་པ་དང་དགག་དབྱེ་འཇོག་པར་བྱ། དེ་ལ་མི་གཏོང་ན་ཕྱིར་འགྱེད་ནན་ཏུར་བྱེད། གླེང་བྱེད་དགེ་འདུན་གྱིས་གླེངས་པ་ན་ཁྱེད་རྣམས་དགེ་ཡང་རུང་ཞེས་སོགས་ཀྱི་སྒོ་ནས་གླེང་བ་པོ་མཐའ་དག་འགོག་པར་བྱེད་པ་ལ། དང་པོར་བརྗོད་བཅས་བྱ། མཉན་པ་མ་ཡིན་པའི་སྒོ་ནས་སྐབས་མི་འབྱེད་ན་ཕུར་བཅས་བྱ། དེ་ལ་མི་གཏོང་ན་གདམས་ངག་འཇོག་པ་ནས་དགག་དབྱེ་འཇོག་པའི་བར་བྱ། དེ་ལ་མི་གཏོང་ན་བཞམ་སྟེ་བསྒོ་བ་ལ་སོགས་པ་བཟློག་པ་ལྔ་བྱ། དེའི་མཐའ་ལ་མི་གཏོང་ན་དངོས་གཞིར་འགྱུར་རོ་ཞེས་གསུངས་པ་མི་འཐད་དེ། བམ་ལྔར་གླེང་བ་པོ་རེ་རེ་འགོག་པ་དང་མཐའ་དག་གང་འགོག་ཀྱང་དང་པོར་བརྗོད་བཅས་བྱ་བ་ནས་དགག་དབྱེ་འཇོག་པའི་བར་བྱ། དེ་ལ་མི་གཏོང་ན་བཞམ་སྟེ་བསྒོ་བ་ལ་སོགས་པ་བཟློག་པ་ལྔ་བྱ། དེའི་མཐའ་ལ་མི་གཏོང་ན་ལྷག་མར་འགྱུར་བར་གསུངས་པའི་ཕྱིར། མཚོ་་་་་་ཁ་ཅིག་དེ་ལྟར་ན་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་མི་སྲིད་པར་ཐལ་བའི་སྐྱོན་ཡོད་དེ། དང་པོ་ལྟུང་བ་གླེང་བའི་སྐབས་ཕྱེ་ཤིག་ཞེས་བརྗོད་པ་ན། སྐབས་འགོག་པ་ལ་ནི་བཞམ་བསྒོ་སོགས་བཟློག་པ་བྱས་ཀྱང་མི་འཆགས་པའི་ཕྱིར། ཞེས་བཀག་ནས་ཁོང་རང་གི་ལུགས་ལ་དང་པོར་སྐབས་ཕྱེ་བ་ཡིན་ལ། གླེང་པའི་ཚེ་ན་སྐབས་འགོག་པར་བྱེད་པ་ལ་བཞམ་བསྒོ་སོགས་བཟློག་པ་ལྔ་བྱ། དེའི་མཐའ་ལ་མ་གཏང་ན་བཀའ་བློ་མི་བདེ་བའི་ལྷག་མར་འགྱུར་བའི་ཕྱིར་ཞེས་གསུངས་པ་མི་འཐད་དེ། ལྟུང་བ་གླེང་བའི་ཚེ་ལྟུང་བ་ཕྱིར་བཅོས་གྱིས་ཤིག་ཅེས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཏེ། ལུང་དུ་ཡང་འཕགས་པ་ཤཱ་རིའི་བུས་དྲུག་སྡེ་ལ་ལྟུང་བ་ཕྱིར་བཅོས་གྱིས་ཤིག་ཅེས་བརྗོད་པ་ན་ལྟུང་བ་མ་མཐོང་ཞེས་སྨྲས་པའི་ཕྱིར་དང་། དགེ་སློང་འདུན་པས་སྲོག་ཆགས་དང་བཅས་པའི་ཆུ་ལ་རྩྭ་དང་ལོ་མ་བཏབ་པའི་ཚེ་ན་ཡང་ཚེ་དང་ལྡན་པ་འདུན་པ་ལྟུང་བ་ཕྱིར་བཅོས་གྱིས་ཤིག་ཅེས་གླེང་བའི་ཕྱིར། དེས་ན་ལྟུང་བ་ཕྱིར་བཅོས་གྱིས་ཤིག་ཅེས་པ་ལྟ་བུ་ཕྱོགས་གཅིག་ནས་གླེང་བ་ཡིན་ལ། ལྟུང་བའི་ངོ་བོ་ནས་གཟུང་སྟེ་ཕྱིར་བཅོས་གྱིས་ཤིག་ཅེས་པ་ནི་མཐའ་དག་དྲན་པར་བྱེད་པའོ།།  ༈  །།གཉིས་པ་མ་ངེས་པའི་སྡེ་ལ་སྡོམ་ནི། དབེན་པ་སྐྱབས་ཡོད་འདུག་པའོ། །ཞེས་ཏེ། མ་ངེས་པ་དང་པོ་ནི། གླེང་གཞི་སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་ན། འཆར་ཀ་དང་དགེ་སློང་མ་སྦེད་མ་གཉིས། གནས་དབེན་པ་སྐྱབས་དང་བཅས་པ་པུས་མོ་སྤྲད་དེ་ཆོས་སྟོན་པ་དགེ་བསྙེན་མ་ས་ག་མས་མཐོང་སྟེ། འདི་དག་མ་དད་པས་མཐོང་ན་མི་རུང་ངོ་སྙམ་ནས་སྟོན་པ་ལ་གསོལ་བ་ལ་བརྟེན་ནས་འདི་བཅས་སོ། །དེ་ཡང་དབེན་པ་སྐྱབས་དང་བཅས་པར་དགེ་སློང་ཕོ་མོ་པུས་མོ་སྤྲད་དེ་ཆོས་སྟོན་པ་ནི། ཕམ་ལྷག་གང་རུང་འབྱུང་ལ་ཕམ་པར་ཡང་མ་ངེས་ལྷག་མར་ཡང་མ་ངེས་པས་མ་ངེས་པ་ཞེས་བྱ་སྟེ་འདོམ་གང་ཚུན་ཚད་དུ་གནས་པའོ། །གཉིས་པ་ནི། དགེ་སློང་མ་ཤི་རི་ཥ་དང་དགེ་སློང་གསོ་སྦྱོང་འཕགས་གཉིས་དབེན་པ་སྐྱབས་དང་བཅས་པར་འདོམ་གང་ཕན་ཆད་དུ་ཐ་དད་དུ་གནས་ནས་ཆོས་སྟོན་པ་ལེགས་སྐྱེས་མས་མཐོང་ནས་མ་དད་པས་མཐོང་ན་མི་ལེགས་སོ་སྙམ་ནས། སྟོན་པ་ལ་གསོལ་བ་ལ་བརྟེན་ནས་འདི་བཅས་སོ། །དེ་ཡང་དབེན་པ་སྐྱབས་དང་བཅས་པར་དགེ་སློང་ཕོ་མོ་ཕན་ཚུན་ཐ་དད་དུ་བསྡད་དེ་ཆོས་སྟོན་པ་ནི། ལྟུང་བྱེད་དང་སོར་བཤགས་ཉེས་བྱས་གསུམ་པོ་གང་རུང་དུ་འགྱུར་ལ། ལྟུང་བྱེད་ཁོ་ནར་ཡང་མ་ངེས་སོར་བཤགས་དང་ཉེས་བྱས་ཁོ་ན་འབྱུང་བར་ཡང་མ་ངེས་པས་ན་མ་ངེས་པའི་སྡེར་གཞག་པའོ།།  ༈  །།གསུམ་པ་ལྟུང་བར་བྱེད་པ་ལྟུང་བྱེད་ཀྱི་སྡེ་ལ་གཉིས་ཏེ། ཞག་གི་ཆད་ལས་དང་འབྲེལ་བ་སྤང་བའི་ལྟུང་བྱེད་དང་། ལྟུང་བྱེད་འབའ་ཞིག་པའོ། །དང་པོ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་པ་ཉིད་དོ་ཞེས་སོགས་ཏེ། འདི་ལ་ལྔ་སྟེ། དུས་དང་འབྲེལ་བའི་ཐུན་མོང་བ། བདག་པོ་དང་འབྲེལ་བའི་ཐུན་མོང་བ། ཤན་དང་འབྲེལ་བའི་ཐུན་མོང་བ། ཕྱིས་བཅོས་དང་འབྲེལ་བའི་ཐུན་མོང་བ། དང་པོ་གསུམ་དང་འབྲེལ་བའི་ཐུན་མོང་བའོ། །དང་པོ་ནི། ཞག་གི་རྒྱུན་དང་འབྲེལ་བའི་སྤང་བའི་ལྟུང་བྱེད་རྣམས་བསྐྱེད་པའི་ཞག་དང་པོ་ལྔ་སྟེ། དེ་ལོན་པ་ལ་ཉིན་མཚན་གཉིས་ཀ་འདས་པ་ཡན་ལག་ཏུ་དགོས་སམ་ཞེ་ན། དེའི་ཞག་དང་པོ་དེ་ལོན་པ་ལ་ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ། ཐ་མ་དེ་འདས་པས་ཞག་ལོན་པ་ཡིན་གྱི། ཐ་མ་མ་ཡིན་པ་གོང་གི་ཐུན་བརྒྱད་པོ་རྣམས་དེའི་ཉིན་ཞག་ཏུ་མེད་པ་ཡིན་ཏེ་དེའི་ཉིན་ཞག་ཏུ་མི་བརྩི་བའི་ཕྱིར་རོ། །ཁ་ཅིག་ཞག་འདའ་མི་ནུས་པ་དེ་ཉིན་གྱི་དང་པོ་མ་ཡིན་པ་ལ་ཡོད་ཀྱི། མཚན་གྱི་ཐ་མ་མ་ཡིན་པ་ལ་མེད་ཟེར་བ་མི་འཐད་དེ། མཚན་གྱི་ཐ་མ་དེ་ཁོ་རང་གིས་ཁོ་རང་འཇིག་པར་ཐལ། ཁོ་རང་གིས་ཁོ་རང་འདའ་བའི་ཕྱིར། རྟགས་ཁས་བླངས། གཞན་ཡང་ཚེས་གཅིག་གི་ཉིན་གྱི་དང་པོ་དེ་ལ་ཚེས་གཅིག་གི་མཚན་མོ་འདའ་བའི་ནུས་པ་ཡོད་པར་ཐལ། ས་བོན་ལ་མྱུ་གུ་བསྐྱེད་པའི་ནུས་པ་ཡོད་པའི་ཕྱིར། བསལ་བ་ཁས་བླངས། ཞག་གིས་རྒྱུན་དང་འབྲེལ་བའི་སྤང་ལྟུང་ནི། གོས་ཞག་བཅུ་འཆད་སྤང་། ལྷུང་བཟེད་ཞག་བཅུ་འཆད་སྤང་། ཆོས་གོས་དང་འབྲལ་སྤང་། གསོག་འཇོག་གི་སྤང་བ་རྣམས་སོ། །གོང་གི་ཐུན་དེ་རྣམས་ལ་ལྟུང་བ་གཏན་མི་སྐྱེད་དམ་ཞེ་ན། བུད་མེད་དང་ལྷན་ཅིག་ཉལ་བ་ལ་སོགས་པ་ཡུལ་རྟེན་ལྷན་ཅིག་པ་ལས་བྱུང་བའི་ལྟུང་བ་དངོས་གཞི་རྣམས་ལ་ནི། མཚན་མོ་དེའི་མདུན་རོལ་གྱི་ཐུན་དེ་རྣམས་སྦྱོར་བའི་ལྟུང་བ་བསྐྱེད་པའི་སྣོད་ཡིན་ནོ། །ཁ་ཅིག་སྤང་ལྟུང་རྣམས་ལ་སྦྱོར་ལྟུང་མེད་དེ། ཞག་རྒྱུན་ལྡན་གྱི་སྤང་ལྟུང་རྣམས་བསྐྱེད་པའི་རྒྱུར་འགྱུར་གྱི་དངོས་པོ་དེ་སྐྱ་རེངས་འཆར་ཁ་ཚུན་ཆད་དུ་རུང་ལ། སྐྱ་རེངས་ཤར་ནས་སྤང་ལྟུང་བསྐྱེད་པའི་ཕྱིར་ཟེར་བ་མི་འཐད་དེ། འགྲེལ་ཆུང་དུ་གོས་ཞག་བཅུ་འཆད་སྤང་ལ་ནི་དང་པོ་ནས་ལྷོད་ཡངས་སུ་འཇོག་ན་འཆད་ཙམ་ནས་ལྟུང་བ་བསྐྱེད་པར་བཤད་པའི་ཕྱིར། བམ་ལྔར་ཞག་བཅུ་འདས་པས་བསྐྱེད་པའི་སྤང་བའི་ལྟུང་བྱེད་རྣམས་ལ་ནི་མཐར་ཐུག་པར་ན་དངོས་གཞི། སྔ་རོལ་དུ་ནི་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར། དེས་ན་སྐྱ་རེངས་ཤར་བའི་མགོ་བརྩམས་པ་ནས་གསལ་བ་ལ་ཐུག་གི་བར་དུ་སྦྱོར་བའི་ལྟུང་བ་བསྐྱེད་ལ་གསལ་བ་ཤར་བ་ན་དངོས་གཞིར་འགྱུར་རོ། །ཉིན་མཚན་གྱི་དང་པོ་དེ་གང་ཡིན་ཞེ་ན། སྐྱ་རེངས་དང་པོའི་སྐད་ཅིག་མ་དང་པོ་དེ་ནི་ཉིན་མཚན་དེའི་དང་པོ་ཡིན་ནོ། །ལུང་རྣམ་འབྱེད་ལས། སྐྱ་རེངས་དང་པོ་ཤར་བ་ན་ནམ་མཁའ་སྔོ་སྐྱར་འགྱུར། སྐྱ་རེངས་བར་པ་ཤར་བ་ན་ནམ་མཁའ་སེར་པོར་འགྱུར། སྐྱ་རེངས་ཐ་མ་ཤར་བ་ན་ནམ་མཁའ་དམར་པོར་འགྱུར་ཞེས་གསུངས་པའི་དོན་ལ། ཁ་ཅིག་མཚོ་མ་དྲོས་པའི་ནང་ན་ཤིང་འཛམ་བུ་ཞེས་བྱ་བ་ཡོད་དེའི་རྩེ་མོ་བཻཌཱུརྻ་སྐེད་པ་གསེར་རྩ་བ་པདྨ་རཱ་ག་ལས་བྱས་པ་ཡིན་པས། ཤིང་དེའི་རྩེ་མོ་ལ་ཉི་མ་ཤར་བ་དང་དེའི་མདངས་ཆུ་ལ་ཕོག དེའི་མདངས་ནམ་མཁའ་ལ་ཕོག་པས་སྔོན་པོར་འགྱུར་བ་སོགས་ཡིན་ནོ་ཞེས་གསུངས་པ་མི་འཐད་དེ། ཤིང་རིལ་པོ་ལ་ཉི་མ་ཕོག་པ་ན་ནམ་མཁའ་ཁྲ་བོར་འགྱུར་བར་ཐལ། དམ་བཅའ་དེའི་ཕྱིར། གཞན་ཡང་། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་སོགས་བཤད་པས་མཚོ་དེ་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་ཡོད་ལ། དེར་ནམ་མཁའ་སྔོ་སོགས་སུ་གྱུར་པས་འཛམ་གླིང་ཀུན་ཏུ་ནམ་མཁའ་སྔོ་སོགས་ཡོད་པ་ལ་འབྲེལ་མེད་པའི་ཕྱིར། དེས་ན་ལུང་དེའི་དོན་ནི་ཉི་མའི་ངོ་བོ་མེ་ཤེལ་ཡིན་པ་དམར་པོར་ཡོད་ལ། འོད་ཟེར་དཀར་པོར་ཡོད་པས་ཐག་རིང་པོ་ནས་ནམ་མཁའ་ལ་ཕོག་པས་སྔོ་སྐྱར་འགྱུར་ལ། དེ་བས་ཉེ་བར་ཕོག་པ་ན་སེར་པོར་འགྱུར། དེ་བས་ཉེ་བ་ན་དམར་པོར་འགྱུར་ཞིང་། ཤིན་ཏུ་ཉེ་བ་ན་འོད་ཟེར་འཁྲུགས་པས་དཀར་པོར་གྱུར་པ་ཡིན་ནོ། །སྐྱ་རེངས་དེ་ནམ་གྱི་ཚེ་འཆར་ཞེ་ན། ཤ་་་་་་ཁ་ཅིག་མཚན་མོ་ལ་ཐུན་གསུམ་དུ་བྱས་པའི་ཐུན་ཐ་མའི་ཕྱེད་ན་འཆར། ཐུན་དགུར་བྱས་པའི་ཐུན་བདུན་པའི་ཕྱེད་ནས་འཆར་ཏེ། དགེ་སློང་མའི་སོ་ཐར་འགྲེལ་པར་ཐུན་ཐ་མའི་ཕྱེད་རྒྱལ་པོ་རྔ་བརྡུང་དུ་ཉེ་བ་ན་ཞེས་གསུངས་པའི་ཕྱིར་ཞེས་གསུང་བ་མི་འཐད་དེ། ཁྱེད་ཀྱི་དུས་གོ་བརྗོད་པའི་སྐབས་སུ་ཐུན་ཐ་མ་མཐུན་ཐ་མའི་ཕྱེད། སྐྱ་རེངས་མ་ཤར་བ་སྐྱ་རེངས་ཤར་བ་ཞེས་པ་དང་འགལ་བའི་ཕྱིར། དེས་ན་མཚན་མོ་ལ་ཐུན་དགུར་བྱས་པའི་ཐུན་བརྒྱད་པའི་ཕྱེད་ནས་འཆར་ཏེ། ལུང་དུ། ཆ་བརྒྱད་པ་ལུས་པ་ན་འཆར་ཞེས་པ་དང་། ཐུན་ཐ་མའི་དང་པོའི་ཕྱེད་རྒྱལ་པོ་རྔ་བརྡུང་དུ་ཉེ་བ་ན་ཞེས་གསུངས་པའི་ཕྱིར་དང་ཆ་དགུར་བྱས་པའི་ཆ་དགུ་པ་དེ་ཐུན་ཐ་མ་ཡིན་ལ། དེའི་དང་པོའི་ཕྱེད་ཆ་བརྒྱད་པ་དེ་ཡིན་པའི་ཕྱིར། ཉིན་མཚན་གྱི་དང་པོ་དེར་ངེས་སམ་ཞེ་ན། གསོ་སྦྱོང་དང་དགག་དབྱེ་ལ་སོགས་པའི་ལས་ལ་ཆོས་ལྡན་གྱི་དགོས་པའི་དབང་གིས་དུས་ལས་འདས་ཤིང་ཡོལ་བ་ལ་ནི། ཉི་མ་ཤར་བའི་སྐད་ཅིག་དང་པོ་ཚུན་ཆད་ཉིན་མཚན་གྱི་དང་པོ་ཡིན་པས་ཉི་མ་འཆར་ཁ་ཚུན་ཆད་དུ་གྲུབ་ན་ལེགས་པར་གྲུབ་པ་ཡིན་ནོ། །གཉིས་པ་བདག་པོ་དང་འབྲེལ་བའི་ཐུན་མོང་བ་ནི། བདག་འབྲེལ་གྱི་སྤང་ལྟུང་རྣམས་ལ་རྒྱུར་གྱུར་གྱི་དངོས་པོ་དེ་རང་གི་ཡིན་པ་ལ་རང་གི་ཡིན་པར་འདུ་ཤེས་པའམ། ཐེ་ཚོམ་ཟ་བ་གང་རུང་ཡན་ལག་ཏུ་དགོས་ལ། རང་གི་ལ་གཞན་གྱིར་འདུ་ཤེས་པ་དང་གཞན་གྱི་ལ་རང་གིར་འདུ་ཤེས་པ་མི་བསྐྱེད་དོ། །ནི་ཞེས་པ་ནི་མ་བྱིན་ལེན་དང་ཤི་བའི་ཡོ་བྱད་གཉིས་ལས་དགར་བའི་ཚིག་ཡིན་པས་དེ་གཉིས་ལ་རང་གི་ཡིན་པ་ལ་ཡིན་པར་འདུ་ཤེས་པའམ་ཐེ་ཚོམ་ཟ་བ་མི་དགོས་སོ། །བདག་འབྲེལ་གྱི་ལྟུང་བ་དེ་གང་ཡིན། ཇི་ཙམ་གྱིས་རང་གི་ཡིན་པ་དང་བྲལ་བར་འགྱུར་ཞེ་ན། འབྲལ་སྤང་མ་གཏོགས་པའི་སྤང་ལྟུང་ཐམས་ཅད་བདག་འབྲེལ་གྱི་ལྟུང་བ་ཡིན་ཅིང་། རང་གི་ཡིན་པ་དེ་ནི་བསམ་པ་ཐག་པ་ནས་གཞན་ལ་བསྔོས་པ་ཉིད་ན་བྲལ་བ་ཉིད་དོ། །དེར་མ་ཟད་མ་འོངས་པ་ན་རབ་ཏུ་བྱུང་བ་ལ་སྦྱིན་པར་བྱ་སྙམ་དུ་རབ་ཏུ་བྱུང་བའི་དོན་དུ་ངེས་པར་བྱས་པ་ཡང་རང་གི་ཡིན་པ་དང་བྲལ་བ་ཉིད་ཡིན་ནོ། །དེར་མ་ཟད་ཆོས་གོས་ལས་ཀྱང་རྣམ་པར་བརྟགས་པ་སྟེ་མཁན་པོ་དང་སློབ་དཔོན་གྱི་མིང་གིས་རུང་བ་རྣམ་དག་བྱས་པ་ལས་ཀྱང་རང་གི་ཡིན་པ་དེ་དང་བྲལ་ལོ། །གསུམ་པ་ཤན་དང་འབྲེལ་བའི་ཐུན་མོང་བ་ནི། བསྔོས་པ་དང་། ངེས་པར་བྱས་པ་དང་། རུང་བ་རྣམ་དག་བྱས་པ་དེས་རང་གི་ཉིད་ཅེས་བྱ་བའི་དངོས་པོ་འདི་ལ་རྗེས་སུ་ཞུགས་པ་སྟེ་ཤན་བརྡེག་པར་བྱས་པ་ཉིད་ཀྱང་ཉམས་པ་ཡིན་ནོ། །ཤ་་་་་་ཁ་ཅིག་ཚེས་གཅིག་ལ་གོས་ཞིག་རྙེད་ནས་བྱིན་གྱིས་བརླབ་པ་སོགས་མ་བྱས་པར་བཞག ཚེས་བཞི་ལ་གོས་ཤིག་རྙེད་ན་སྔ་མ་དེ་ཞག་བཅུ་འདས་ཀར་ཤན་རྡེག་པ་ཡིན་གྱི་དེའི་སྔ་རོལ་ཏུ་མི་རྡེག་གསུང་། གྲོ་་་་་་ཁ་ཅིག་ཕྱི་མ་དེ་རྙེད་མ་ཐག་ཏུ་ཤན་བརྡེག་ལ། ཚེས་ལྔ་ལྟ་བུ་ལ་གོས་སྔ་མ་དེ་གཞན་ལ་བསྔོ་བ་སོགས་བྱས་ཀྱང་ཤན་དེ་མི་ཉམས་པ་ཡིན་ཞེས་གསུང་། དང་པོ་མི་འཐད་དེ་ཤན་སྟོབས་ཀྱི་ཞག་བཅུ་འཆང་སྤང་མེད་པར་ཐལ། ཞག་བཅུ་འདའ་ཀ་ཚུན་ཆད་དུ་ནི་ཤན་མི་རྡེག་ལ་ཞག་བཅུ་འདས་ནས་ཀྱང་མི་རྡེག་པའི་ཕྱིར། སྔ་མ་ཁས་བླངས། གཉིས་པ་ཡང་མི་འཐད་དེ། འདི་ལ་རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། དེར་མ་ཟད་ཤེས་པ་རང་བཞིན་དུ་གནས་པ་ལས་ཉམས་ན་ཡང་ཤན་རྗེས་སུ་ཞུགས་པ་དེ་ཉམས་པ་ཡིན་ནོ། །ཅི་ལྟ་བུ་ལ་ཤན་བརྡེག་ཅེ་ན། ཤན་རྡེག་བྱེད་གོས་དེ་ཡོད་ན་དངོས་པོ་དེ་ལྟ་བུ་དེ་གོས་གཞན་ལ་ཤན་འབྱུང་སྨན་དང་ལྷུང་བཟེད་ལ་ཡང་དེས་མཚོན། དེ་བཞིན་དུ་ཞག་བཅུ་འཆང་སྤང་གི་ཤན་རྡེག་བྱེད་དེ་ཞག་བཅུ་འཆང་སྤང་གཞན་ལ་ཤན་རྡེག་གི་ཟླར་འཇོག་གི་སྤང་བའི་ཤན་མི་རྡེག ཟླར་འཇོག་གི་སྤང་བ་ལ་ཡང་དེས་མཚོན་ནོ། །དེར་ངེས་སམ་ཞེ་ན་སྨན་ཞག་བདུན་པ་ལ་ནི། ནང་རིགས་མཐུན་ཁོ་ན་ལ་ཤན་རྡེག་གི་གཞན་ལ་མི་བརྡེག་སྟེ། འབྲུ་མར་གྱིས་འབྲུ་མར་ལ་ཤན་རྡེག་གི་བུ་རམ་སོགས་ལ་མི་རྡེག་པ་བཞིན་ནོ། །ཤ་་་་་་ཁ་ཅིག་རྡེག་བྱེད་ཁྱད་པར་ཅན་དང་། ཁྱད་པར་ཅན་མ་ཡིན་པ་གཉིས་དང་། བརྡེག་བྱ་ཁྱད་པར་ཅན་དང་། ཁྱད་པར་ཅན་མ་ཡིན་པ་གཉིས་ལས། གོས་ཀྱི་ཤན་རྡེག་བྱེད་ཡིན་ན་བྱིན་གྱིས་མ་བརླབས་པས་ཁྱབ། སྨན་གྱི་ཤན་རྡེག་བྱེད་ཡིན་ན་བྱིན་བརླབས་ཅན་ཡིན་པས་ཁྱབ། ཤན་རྡེག་བྱེད་གོས་དེ་བརྡེག་བྱ་བྱིན་གྱིས་བརླབས་པ་ལ་རྡེག་པའི་ཆ་ནས་རྡེག་བྱེད་ཁྱད་པར་ཅན་དང་། བྱིན་གྱིས་མ་བརླབས་པ་ལ་རྡེག་པའི་ཆ་ནས་རྡེག་བྱེད་ཁྱད་པར་ཅན་མ་ཡིན་པའོ། །བརྡེག་བྱ་བྱིན་བརླབས་ཅན་དེ་རྡེག་བྱ་ཁྱད་པར་ཅན་དང་། བྱིན་གྱིས་མ་བརླབས་པ་དེ་བརྡེག་བྱ་ཁྱད་པར་ཅན་མ་ཡིན་པའོ་ཞེས་གསུངས་པ་མི་འཐད་དེ། ཤན་རྡེག་བྱེད་ཀྱི་གོས་དེ་རྡེག་བྱེད་ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པའི་གཞི་མཐུན་ཡིན་པར་ཐལ། བྱིན་བརླབ་ཅན་ལ་རྡེག་པའི་ཆ་ནས་རྡེག་བྱེད་ཁྱད་པར་ཅན་དང་། བྱིན་གྱིས་མ་བརླབས་པ་ལ་རྡེག་པའི་ཆ་ནས་ཁྱད་པར་ཅན་མ་ཡིན་པ་ཡིན་པའི་ཕྱིར་དང་། ཤན་རྡེག་བྱེད་ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པའི་ཁྱད་པར་རྒྱ་གར་གྱི་མཁས་པ་སུས་ཀྱང་མ་བཤད་པའི་ཕྱིར་རོ། །བཞི་པ་ཕྱིར་བཅོས་དང་འབྲེལ་བའི་ཐུན་མོང་བ་ནི། སྤང་བའི་ལྟུང་བྱེད་དེ་ཡོད་ན་ཕྱིར་བཅོས་བྱེད་པའི་ཚེ་ཕྱིས་རྙེད་ཀྱི་ཡོ་བྱད་རིགས་མཐུན་པ་དང་མི་མཐུན་པ་བདག་གིར་བྱས་པ་ཙམ་ལ་སྤང་བར་བྱ་དགོས་པ་ཉིད་དོ། །དེ་ལྟར་ངེས་སམ་ཞེ་ན་གོས་ཁྲུ་གང་བས་ཆུང་བ་ནི་སྤང་མི་དགོས་ཏེ། དམ་དུམ་ལྟ་བུར་ཡིད་ལ་སྣང་བས་གོས་ཀྱི་མངོན་ཞེན་མི་སྐྱེ་བའི་ཕྱིར། དགེ་འདུན་དབང་བ་དེ་ཡང་སྤང་མི་དགོས་སོ། །དེའི་ཚེ་སྤང་རྒྱུའི་དངོས་པོ་མེད་ན། བཙལ་ནས་སྤང་དགོས་སམ་སྙམ་ན། སྤང་ལྟུང་ཕྱིར་བཅོས་བྱེད་པ་འདི་ལ་སྤང་རྒྱུའི་དངོས་པོ་མེད་པ་དེ་སྤང་བའི་གཙོ་བོ་ཡིན་པས་བཙལ་ནས་སྤང་མི་དགོས་སོ། །ལྔ་པ་དང་པོ་གསུམ་དང་འབྲེལ་བའི་ཐུན་མོང་བ་ནི། འཆང་འབྲལ་འཇོག་གསུམ་གྱི་སྤང་བ་འདི་གསུམ་ནི་སྲ་བརྐྱང་བཏིང་བའི་དགེ་སློང་ལ་མི་འབྱུང་སྟེ། སྲ་བརྐྱང་བཏིང་བའི་སྟོབས་ཀྱིས་བག་ཡངས་སུ་བྱས་པའི་ཕྱིར། དེ་ལ་སློང་བའི་སྤང་བ་སོགས་ཀྱང་མི་འབྱུང་བ་ལ་དེ་འདིར་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འདིར་ལུང་རྣམ་འབྱེད་ཀྱི་སྐབས་ནས་བསྟན་པའི་གསུམ་པོ་བཤད་པ་ཡིན་ལ། སློང་བའི་སྤང་བ་སོགས་མི་འབྱུང་བ་ཞུ་བའི་སྐབས་སུ་འབྱུང་བས་སྲ་བརྐྱང་གི་སྐབས་སུ་འཆད་དོ།།  ༈  །།གཉིས་པ་ཐུན་མོང་མ་ཡིན་པ་ལ་བཅུ་ཚན་གསུམ་ལས། དང་པོ་ལ་སྡོམ་ནི། འཆང་བ་འབྲལ་བ་འཇོག་པ་དང་། །ཁྲུར་འཇུག་པ་དང་ལེན་པ་དང་། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །ཞེས་ཏེ། དང་པོ་ནི། གང་ཞིག་བྱས་ན་གོས་འཆང་བའི་སྤང་བར་འགྱུར་ཞེ་ན། གཞི་གང་འཆང་བའི་དངོས་པོ་ནི་གོས་རུང་བ་ཚད་དང་ལྡན་པ་རང་གི་ཡིན་པ། བྱིན་གྱིས་མ་བརླབས་པའམ་བརླབས་ཀྱང་ཤན་གྱིས་གོས་པ། རྟེན་གྱི་གང་ཟག་སྲ་བརྐྱང་མ་བཏིང་བའི་དགེ་སློང་གིས། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་འཆང་བར་འདོད་པས། སྦྱོར་བ་རང་སྟོབས་སམ་ཤན་སྟོབས་གང་རུང་གིས་ཞག་བཅུར་བཅངས་ནས། མཐར་ཐུག་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་འཆང་བའི་སྤང་བར་འགྱུར་རོ། །གཞན་ལ་ཞེ་ཐག་པ་ནས་བསྔོས་པ་དང་། ལྷག་པ་དང་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་དང་སྲ་བརྐྱང་བཏིང་བ་ལ་འདི་མི་འབྱུང་ངོ་། །ལྷག་པའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཆོས་གོས་ལྷག་པ་རུང་བ་མ་བགྱིས་པ་རུང་བ་བགྱི་བར་འོས་པ་འདི་མཁན་པོའི་ལགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་གཏད་ནས་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ། །ཞེས་ལན་གསུམ་དུ་བརྗོད་སློབ་དཔོན་སོགས་ལ་འདོན་པ་པོ། མཁོ་བའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་འདི་བདག་དང་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ཀྱི་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་བརྗོད་དོ། །དེ་ཉིད་ལྷུང་བཟེད་ལྷག་པ་ལ་ཡང་མཚུངས་སོ། །ཤན་ལ་དབྱེ་ན་བཞི་སྟེ། ཞག་ཤན་ཡིན་ལ་བྱིན་གྱིས་མ་བརླབས་པའི་ཤན་མ་ཡིན་པ་དང་། བྱིན་གྱིས་མ་བརླབས་པའི་ཤན་ཡིན་ལ་ཞག་ཤན་མ་ཡིན་པ་དང་། གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པའི་ཤན་ནོ། །དང་པོ་ལ་གཉིས་ལས། དང་པོ་བརླབས་པས་བརླབས་པ་ལ་བརྡེག་པའི་ཤན་ནི། ཞག་བདུན་པའི་སྨན་བུ་རམ་ལྟ་བུ་གཅིག་ཚེས་གཅིག་ལ་བྱིན་གྱིས་བརླབས། ཚེས་གཉིས་ལ་རིགས་འདྲ་ཕྱི་མ་གཅིག་བྱིན་གྱིས་བརླབས་ནས་བཅངས་ན་སྔ་མས་ཞག་བདུན་འདས་པ་ནི། ཕྱི་མས་ཞག་བདུན་མ་ལོན་ན་ཡང་ལོན་པའི་དོད་བྱས་ནས་གཉིས་ཀ་ལ་བརྟེན་པའི་ལྟུང་བ་འབྱུང་བ་ལྟ་བུའོ། །གཉིས་པ་མ་བརླབས་པས་མ་བརླབས་པ་ལ་བརྡེག་པའི་ཤན་ནི། འཆང་བ་གཉིས་ཀྱི་སྐབས་སུ་ཚེས་གཅིག་ལ་གོས་སམ་ལྷུང་བཟེད་གཅིག་རྙེད། ཚེས་བརྒྱད་ལྟ་བུ་ལ་གཞན་གཅིག་རྙེད་དེ་སྔ་ཕྱི་གཉིས་ཀ་བྱིན་གྱིས་མ་བརླབས་པར་བཅངས་ན། སྔར་རྙེད་པ་དེ་ཞག་བཅུ་འདས་པ་ན་ཕྱི་མས་ཞག་བཅུ་མ་ལོན་ཡང་ལོན་པའི་དོད་བྱས་ནས་གཉིས་ཀ་ལ་ལྟུང་བ་འབྱུང་བ་ལྟ་བུའོ། །ལྟུང་བ་འདི་སྨན་ལ་མེད་དེ་ཕྱི་མ་མེད་གོང་དུ་སྔ་མ་ལ་ལྟུང་བ་བྱུང་ཟིན་པའི་ཕྱིར། མུ་གཉིས་པ་ནི། ཚེས་གཅིག་ལ་སྨན་ནམ་གོས་སམ་ལྷུང་བཟེད་གཉིས་རྙེད་པ་ལས་གཅིག་བྱིན་གྱིས་བརླབས། གཅིག་བྱིན་གྱིས་མ་བརླབས་པར་རང་རང་གི་ཞག་དུས་འདས་པར་བཅངས་ན། བྱིན་གྱིས་མ་བརླབས་པ་དེས་བརླབས་པ་ཤན་གྱིས་གོས་ནས་ལྟུང་བ་གཉིས་འབྱུང་བ་ལྟ་བུའོ། །འདི་བརླབས་པའི་ཤན་ཡིན་གྱི་ཞག་ཤན་མ་ཡིན་ནོ། །མུ་གསུམ་པ་ནི། ཚེས་གཅིག་ལ་གོས་སམ་ལྷུང་བཟེད་གཅིག་རྙེད། དེ་བྱིན་གྱིས་མ་བརླབས་པར་ཚེས་གཉིས་ལ་ཕྱི་མ་གཅིག་རྙེད་དེ། བྱིན་གྱིས་བརླབས་ན་སྔ་མས་ཞག་བཅུ་ལོན་པ་ན་ཕྱི་མ་བྱིན་གྱིས་བརླབས་པས་ཞག་བཅུ་མ་ལོན་ཡང་ལོན་པའི་དོད་བྱས་ནས་ཤན་གྱིས་གོས་པས་བྱིན་གྱིས་བརླབས་པའི་ཤན་དང་ཞག་ཤན་གཉིས་ཀ་ཡིན་པ་ལྟ་བུའོ། །འདི་སྨན་ལ་མེད་དེ་སྔ་མ་བྱིན་ལེན་བྱས་ན་ལྟུང་བ་བྱུང་ཟིན་པའི་ཕྱིར་རོ། །མུ་བཞི་པ་ནི། སྤང་ལྟུང་སུམ་ཅུ་ལས་གང་ཡང་རུང་བ་ཞིག་བྱུང་སྟེ་མ་བཤགས་པའི་བར་ལ་གོས་ལ་སོགས་པ་རུང་བ་ཚད་ལྡན་ཞིག་རྙེད་ན་སྔ་མའི་ཤན་གྱིས་ཕྱི་མ་ཡང་ཕྱིར་བཅོས་བྱེད་པའི་ཚེ་སྤོང་དགོས་པའོ། །མུ་དང་པོ་གསུམ་ནི་ལྟུང་བའི་ཤན་ཡིན་ལ་ཐ་མ་ནི་སྤོང་བའི་ཤན་ཡིན་ནོ། །གཉིས་པ་འབྲལ་བའི་སྤང་བ་ནི། གང་ཞིག་བྱས་ན་ཆོས་གོས་དང་འབྲལ་བའི་སྤང་བར་འགྱུར་ཞེ་ན། རང་གི་ཆོས་གོས་གསུམ་པོ་གང་ཡང་རུང་བ་ཚད་ལྡན་བྱིན་གྱིས་བརླབས་པ། འཇིགས་པ་དང་བཅས་པའི་དགོན་པ་ལས་གཞན་པའི་གནས་སུ། རྟེན་གྱི་གང་ཟག་སྲ་བརྐྱང་བཏིང་བ་དང་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་ཐོབ་པ་མ་ཡིན་པའི་དགེ་སློང་གིས། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གནས་དེ་ལས་འདའ་འདོད་ཀྱི་བསམ་པ་དང་ལྡན་པས། སྦྱོར་བ་ཆོས་གོས་གཞག་པའི་གནས་ཉེ་འཁོར་དང་བཅས་པ་ལས་ཕྱི་རོལ་དུ་མཚན་མོ་འདས་ནས། མཐར་ཐུག་ཞག་ཕྱི་མའི་སྐྱ་རེངས་དང་པོ་ཤར་བ་ན་འབྲལ་བའི་སྤང་བའོ། །སྣམ་སྦྱར་གཞག་སྟེ་ཉི་མ་དེ་ཉིད་ལ་ཕྱིར་ལྡོག་པར་བྱའོ་སྙམ་པའི་བསམ་པས་ཆུ་ཀླུང་སོགས་བརྒལ་ནས་སོང་བ་ལ། རྐྱེན་དབང་གིས་ལྡོག་མ་ནུས་ན་དེའི་བྱིན་བརླབས་ཡིད་ཀྱིས་ཕྱུང་སྟེ་ཁྱིམ་པའི་གོས་ཡན་ཆད་གང་རུང་ལ་བྱིན་གྱིས་བརླབས་པ་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་བརྗོད་ནས་ཐབས་ལེགས་བྱའོ། །བླ་གོས་མཐང་གོས་ལ་ཡང་འདོན་པ་བསྒྱུར་རོ། །ཡུལ་གཞན་མེད་ན་རང་གིས་ཀྱང་རུང་ངོ་། །གསུམ་པ་ཟླར་འཇོག་གི་སྤང་བ་ནི། རྟེན་སྲ་བརྐྱང་མ་བཏིང་ཞིང་ཆོས་གོས་གསུམ་པོ་གང་རུང་མེད་པའི་དགེ་སློང་གིས་འཇོག་པའི་དངོས་པོ་གོས་སུ་བྱར་རུང་བ་ཁྲུ་གང་དུ་ལོངས་ཤིང་འཁོར་གསུམ་མི་ཁེབས་པ་ཁ་སྐོང་ལ་རེ་བ་དང་བཅས་པ་བྱིན་གྱིས་བརླབས་པའམ་མ་བརླབས་པ་ཤན་གྱིས་གོས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་ཞག་སུམ་ཅུར་འཆང་བར་འདོད་པས། སྦྱོར་བ་དེ་ལྟར་བཅངས་ཏེ། མཐར་ཐུག་ཞག་སུམ་ཅུ་འདས་ནས་སོ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤང་བའོ། །འདིར་ཁ་ཅིག་བཅུ་ཚན་དང་པོས་བཅུ་ཚན་གཉིས་པའི་ཞག་བཅུ་འཆང་སྤང་བསྐྱེད་པ་ཡིན་ལ། བཅུ་ཚན་གསུམ་པ་ལ་ཡང་ཡིན་ཟེར་བ་མི་འཐད་དེ། བཅུ་པ་དང་པོ་དང་གཉིས་པ་དང་གསུམ་པ་དག་ནི་ཤན་གྱི་ཕྱིར་ཕན་ཚུན་ལྟོས་པ་མེད་དོ་ཞེས་གསུངས་པའི་ཕྱིར། དེས་ན་འདིར་རིགས་ལྡོག་ལ་ཤན་མི་འབྱུང་བ། ཤན་འབྱུང་བ་རིགས་མི་ལྡོག་པ། ཤན་ཡང་འབྱུང་ལ་རིགས་ཀྱང་ལྡོག་པ། ཤན་ཡང་མི་འབྱུང་རིགས་ཀྱང་མི་ལྡོག་པ་དང་མུ་བཞི་ལས། དང་པོ་ནི། ཚེས་གཅིག་ལྟ་བུ་ལ་རེ་བ་དང་བཅས་པའི་ཁ་སོག་གི་གོས་གཞག ཚེས་ལྔ་ལྟ་བུ་ལ་རེ་བའི་ཡུལ་མེད་པར་སོང་བ་ལྟ་བུའོ། །གཉིས་པ་ནི། ཚེས་གཅིག་ལྟ་བུ་ལ་རེ་བ་དང་བཅས་ཏེ་ཁ་སོག་གི་གོས་གཞག ཚེས་ལྔ་ལྟ་བུ་ལ་ཁ་སྣོན་དང་བཅས་ཏེ་འཁོར་གསུམ་མི་ཁེབས་པ་རྙེད་པ་ལྟ་བུའོ། །གསུམ་པ་ནི། ཚེས་གཅིག་ལ་ཁ་སོག་གི་གོས་རེ་བ་དང་བཅས་པ་གཞག ཚེས་ལྔ་ལྟ་བུ་ལ་རིགས་མཐུན་ཚད་ཆོག་རྙེད་པ་ལྟ་བུའོ། །བཞི་པ་ནི། རེ་བ་དང་བཅས་ཏེ་བཅངས་པ་ན་ཁ་སྣོན་མ་རྙེད་པ་ལྟ་བུའོ། །ལྟུང་བ་བསྐྱེད་ཚུལ་ཁ་ཅིག་ནག་འབྱམས་སུ་བསྐྱེད་པ་ཡིན་ཏེ། དེ་ཡང་ཚེས་གཅིག་ལྟ་བུ་ལ་གོས་གཅིག་རྙེད་དེ་བྱིན་གྱིས་མ་བརླབས་པར་གཞག ཚེས་ལྔ་ལ་གོས་གཞན་ཞིག་རྙེད་པ་ན་སྔ་མས་ཞག་བཅུ་འདས་ཏེ་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་དེ་གཉིས་ཀའི་གཞི་ལས་སྤང་ལྟུང་འབྱུང་ལ། དེ་ཕྱིན་ཆད་ཞག་རེ་རེ་འདས་པ་ན་སྤང་ལྟུང་རེ་རེ་བསྐྱེད་པའི་ཕྱིར་ཏེ། གྲོང་དུ་རྒྱུ་བའི་སྐབས་སུ་གྲོང་བཞི་ཕན་ཆད་ནས་གྲོང་རེ་རེ་འདས་པ་ན་ལྟུང་བྱེད་རེ་རེ་བསྐྱེད་པའི་ཕྱིར་ཞེས་པ་མི་འཐད་དེ། ཞག་བཅུ་འདས་པ་ན་ཡང་སྤང་ལྟུང་རེ་རེ་བསྐྱེད་པའི་ཕྱིར། དེ་ལྟ་མ་ཡིན་ན་ལམ་དུ་ཕྱིན་པས་བསྐྱེད་པའི་ལྟུང་བ་རྣམས་ཀྱི་སྐབས་སུ་རྒྱང་གྲགས་གཅིག་འདས་ནས་གོམ་པ་རེ་རེ་འདས་པ་ན་ལྟུང་བྱེད་རེ་རེ་བསྐྱེད་པར་ཐལ། ཞག་བཅུ་འཆང་སྤང་གི་སྐབས་སུ་ཞག་བཅུ་འདས་པ་ཕན་ཆད་ཞག་རེ་རེ་འདས་པ་ན་སྤང་ལྟུང་རེ་རེ་བསྐྱེད་པའི་ཕྱིར། འདོད་མི་ནུས་ཏེ། ལམ་དུ་འགྲོ་བ་ལས་རྒྱང་གྲགས་ཀྱི་བདག་ཉིད་དོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཁྲིའུ་རྩེ་ཁས་བླང་བར་བྱའོ། །ཞར་ལ་བཟོ་སྒྲུབ་པའི་བསླབ་བྱ་ནི། སྣམ་སྦྱར་དང་གདིང་བ་གཉིས་རྒྱུ་གསར་པ་ལ་ཉིས་རིམ་དུ་བྱ། བླ་གོས་མཐང་གོས་གཉིས་ལ་ཆིག་རྐྱང་། ཟླ་བ་བཞིའི་དུས་ཚིགས་སུ་སྤྱད་པ་ལ་ནི་དེ་དག་ཉིས་འགྱུར་བྱ་ཞིང་ལྷག་པ་མི་སྦྱར། སྣམ་སྦྱར་གྱི་སྣམ་ཕྲན་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་ཟུང་མི་བྱ། སྣམ་ཕྲན་དགུ་པ་བཅུ་གཅིག་པ་བཅུ་གསུམ་པ་གསུམ་ལ་གླེགས་བུ་ཕྱེད་དང་གསུམ་པ་བྱ། སྣམ་ཕྲན་བཅོ་ལྔ་པ་བཅུ་བདུན་པ་བཅུ་དགུ་པ་གསུམ་ལ་གླེགས་བུ་ཕྱེད་དང་བཞི་པ་བྱ། སྣམ་ཕྲན་ཉེར་གཅིག་པ་ཉེར་གསུམ་པ་ཉེར་ལྔ་པ་གསུམ་ལ་གླེགས་བུ་ཕྱེད་དང་ལྔ་པ་བྱ། གླེགས་བུ་དང་གླེགས་བུ་ཕྱེད་པ་མཉམ་དུ་མི་བསྒྲིག་པར་ཕན་ཚུན་བསྣོལ་མར་བྱའོ། །གླེགས་བུ་རྣམས་ཚད་མཉམ་པ་གླེགས་བུ་ཕྱེད་པ་རྣམས་ཀྱང་ཚད་མཉམ་དུ་བྱ། ཚལ་བུ་རྣམས་ཀྱི་ཁ་དབུས་ནས་གཡས་གཡོན་དུ་བལྟ་བར་བྱ། མཐའ་སྐོར་དང་ཚལ་བུའི་ཚད་རབ་སོར་བཞི། འབྲིང་སོར་ཕྱེད་དང་གསུམ། ཐ་མ་སོར་གཉིས་སམ་མཐེབ་སོར་གང་བྱའོ། །སྣམ་སྦྱར་དང་བླ་གོས་ཆེ་ཚད་སྲིད་དུ་ཁྲུ་ལྔ་དང་ཞེང་དུ་ཁྲུ་གསུམ། ཆུང་ཚད་སྲིད་དུ་ཁྲུ་ཕྱེད་དང་ལྔ་དང་ཞེང་དུ་ཕྱེད་དང་གསུམ་པ། འབྲིང་ཚད་དེ་དག་གི་བར་དུ་བྱ་ཞིང་། མཐང་གོས་ནི་དོ་དང་བཞི་ཡང་ཡིན་ལ། དོ་དང་ལྔ་ཡང་ཡིན་ནོ། །བླ་གོས་ལ་སྣམ་ཕྲན་བདུན་དང་གླེགས་བུ་ཕྱེད་དང་གསུམ་པ། མཐང་གོས་ལ་སྣམ་ཕྲན་ལྔ་དང་གླེགས་བུ་ཕྱེད་དང་གཉིས་པ་བྱའོ། །དེ་གཉིས་ལ་སྣམ་ཕྲན་དང་གླེགས་བུ་ངེས་པར་དགོས་པ་ནི་མ་ཡིན་ཏེ། ཚིག་ལེའུར་བྱས་པ་ལས། སྣམ་སྦྱར་ངེས་པར་དྲས་ཏེ་བྱ། །གཞན་ནི་མ་ངེས་གང་གི་ཕྱིར། །འདོད་ཆུང་རང་གི་ཆོས་གོས་ཀྱི། །ལས་ཀྱི་སྐྱོ་བར་འགྱུར་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། སྣམ་སྦྱར་གྱི་སྣོད་གཏུར་བུའི་ཚད་ནི། སྲིད་དུ་ཁྲུ་གསུམ་པ་ཞེང་དུ་ཁྲུ་ཕྱེད་དང་གསུམ་པ་ཉིས་ལྟེབ་ཏུ་བྱས་ནས་བརྩེམས་ཤིང་དབུས་སུ་ཁ་བཏོད། ཁ་རྒྱུན་བུ་གུ་ཅན་ལ་ཐི་གུས་བརྒྱུད་པར་བྱའོ། །བཞི་པ་ཁྲུར་འཇུག་པའི་སྤང་བ་ནི། རྟེན་དགེ་སློང་གིས་ཡུལ་དགེ་སློང་མ་བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པ་ལ། དངོས་པོ་ཆོས་གོས་གསུམ་བྱིན་གྱིས་བརླབས་པ་དང་གདིང་བ་དག་ལས་གང་ཡང་རུང་བ་འདུ་ཤེས་མ་འཁྲུལ་བའམ་ཐེ་ཚོམ་ཟ་བས། སྦྱོར་བ་མངོན་སུམ་དུ་ཁྲུར་འཇུག་གམ། འཚེད་དུ་འཇུག་གམ། འཆག་ཏུ་འཇུག་པས། མཐར་ཐུག་གོས་ཀྱི་ཕྱོགས་གཅིག་ཆུར་བཅུག་པ་ན་སྤང་བའོ། །ལྔ་པ་ལེན་པའི་སྤང་བ་ནི། རྟེན་དང་ཡུལ་གོང་དང་འདྲ་ཞིང་། དངོས་པོ་གོས་སམ་དེས་མཚོན་པའི་ལྷུང་བཟེད་རུང་བ་ཚད་དང་ལྡན་པ། སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་བསླངས་ཏེ། མཐར་ཐུག་ལག་ཏུ་ཐོབ་ན་སྤང་བའོ། །དྲུག་པ་སློང་བའི་སྤང་བ་ནི། རྟེན་དགེ་སློང་རང་གི་ཆོས་གོས་ཚང་མ་ཡོད་པ། ཡུལ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་དངོས་པོ་གོས་རུང་བ་ཚད་ལྡན། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སློང་འདོད་ཀྱི་བསམ་པས། སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་བསླངས་ཏེ། མཐར་ཐུག་ལག་ཏུ་ཐོབ་ན་སྤང་བའོ། །བདུན་པ་སློང་བར་རིགས་པའི་སྤང་བ་ནི། གཞིའི་ཡན་ལག་ལ་རྟེན་ཆོས་གོས་ཚང་མ་མེད་པའི་དགེ་སློང་གིས། ཡུལ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་དངོས་པོ་ཁྱིམ་པའམ་རབ་ཏུ་བྱུང་བའི་གོས་སྟོད་གཡོགས་སྨད་གཡོགས་ལས་ལྷག་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སློང་འདོད་ཀྱི་བསམ་པས། སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་བསླངས་ཏེ། མཐར་ཐུག་ལག་ཏུ་ཐོབ་པ་ན་སྤང་བའོ། །རང་ལ་འཚོ་བའི་ཡོ་བྱད་ཀྱི་གོས་གང་མེད་པ་དེ་སློང་བར་རིགས་ཀྱི་ལྷག་པོ་བསླངས་ན་ལྟུང་བར་འགྱུར་ཞེས་པའི་དོན་ཏོ། །འདིར་ཁ་ཅིག་་་་་་ཤ་སློང་བའི་སྤང་བ་བསྐྱེད་པ་ལ་གོས་ཚང་མ་ཡོད་པ་དགོས། སློང་རིགས་ཀྱི་སྤང་བ་བསྐྱེད་པ་ལ་གོས་གསུམ་ཡན་ཆད་མ་ཚང་བ་དགོས་གསུངས་པ་མི་འཐད་དེ། གོས་གཅིག་མ་ཚང་བའི་དགེ་སློང་དེས་གོས་གཉིས་བསླངས་ན་སྤང་བ་སྐྱེད་དམ་མི་སྐྱེད། མི་བསྐྱེད་ན་ཚད་ལས་ལྷག་པ་སློང་ན་ཉེས་བྱས། ཐོབ་ན་དངོས་གཞིར་གསུངས་པ་དང་འགལ། སྐྱེད་ན་སློང་བའི་སྤང་བ་སྐྱེད་དམ། སློང་རིགས་ཀྱི་སྤང་བ་སྐྱེད། དང་པོ་ལྟར་ན་སློང་བའི་སྤང་བ་སྐྱེད་པ་ལ་གོས་ཚང་བ་ཡོད་དགོས་པ་དང་འགལ། གཉིས་པ་ལྟར་ན་སློང་རིགས་ཀྱི་སྤང་བ་བསྐྱེད་པ་ལ་གོས་གསུམ་ཡན་ཆད་མ་ཚང་བ་དགོས་པ་དང་འགལ་ལོ། །དེ་བཞིན་དུ་གོས་གཉིས་མ་ཚང་བའི་དགེ་སློང་དེས་གོས་གསུམ་བསླངས་ན་ཅིར་འགྱུར་ཞེས་བརྟགས་ནས་འགོག་པར་བྱའོ། །ཁ་ཅིག་སློང་བའི་སྤང་བ་བསྐྱེད་པ་ལ། གོས་གཉིས་ཡན་ཆད་ཚང་བ་དགོས་ཞེས་རང་ལུགས་བཞག་ནས། གཞན་དག་སློང་རིགས་ཀྱི་སྤང་བ་བསྐྱེད་པ་ལ་གོས་བཞི་ཚང་བ་དགོས་ཟེར་བ་ལ་གནོད་བྱེད་འདི་ལྟར་བརྗོད་དེ། གོས་གསུམ་མ་ཚང་བའི་དགེ་སློང་དེས་སྦྱིན་བདག་གཅིག་གི་ཡུལ་ལ་གོས་གསུམ་བསླངས་པ་ལ་སློང་བའི་སྤང་བ་སྐྱེད་དམ། སློང་རིགས་ཀྱི་སྤང་བ་སྐྱེད། ཕྱི་མ་ལྟར་ན་དེས་གོས་གསུམ་སློང་རིགས་པར་ཐལ། དེའི་ཕྱིར་ཞེས་གསུངས་པ་ནི་ཁྱེད་རང་ལ་ཡང་མཚུངས་ཏེ། གོས་གསུམ་མ་ཚང་བའི་དགེ་སློང་དེས་སྦྱིན་བདག་གཅིག་གི་ཡུལ་ལ་སྦྱོར་བ་གཅིག་གིས་གོས་གསུམ་སློང་རིགས་པར་ཐལ། དེ་ལྟར་སློང་བ་ལ་སློང་རིགས་ཀྱི་སྤང་བ་བསྐྱེད་པའི་ཕྱིར། དེས་ན་ལུགས་གཉིས་ཀ་མི་འཐད་དེ། སྣམ་སྦྱར་མ་ཚང་བའི་དགེ་སློང་དེས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་སྣམ་སྦྱར་བསླངས་ཏེ་དེ་ལས་ལྷག་པ་ཐོབ་ན་སྤང་ལྟུང་བསྐྱེད་པའི་ཕྱིར་ཏེ། བམ་ལྔར་ཡ་བ་ཐོབ་ན་ན་སྨད་པ་མེད། ཡ་བ་ལས་ལྷག་པ་ཐོབ་ན་ཡང་ན་སྨད་པ་མེད་ཅེས་གསུངས་པའི་ཕྱིར། དེས་ན་སློང་བའི་སྤང་བ་བསྐྱེད་པ་ལ་གོས་ཚང་མ་ཡོད་དགོས། སློང་རིགས་ཀྱི་སྤང་བ་བསྐྱེད་པ་ལ་གོས་མ་ཚང་བ་དགོས་ཏེ། གོས་གཅིག་མ་ཚང་བའི་དགེ་སློང་དེ་ཡང་སློང་རིགས་ཀྱི་སྤང་བ་སྐྱེད་པའི་བྱེད་པ་པོ་ཡིན་པའི་ཕྱིར་ཏེ། དེས་གོས་གཅིག་སློང་བ་རིགས་པའི་ཕྱིར་རོ། །བརྒྱད་པ་སྤགས་པ་སློང་བའི་སྤང་བ་ནི། རྟེན་དགེ་སློང་སྲ་བརྐྱང་མ་བཏིང་བས། ཡུལ་ཁྱིམ་པ་ཉེ་དུ་མ་ཡིན་པས་རང་ལ་བསྔོས་པའི་གོས། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་ལ་བསྔོས་པར་ཤེས་པ། དངོས་སུ་འབུལ་ལོང་མེད་པར་སྔ་ཚོམས་སུ་སློང་འདོད་པས། སྦྱོར་བ་ངག་དྲུག་ལྡན་གྱིས་བསླངས་ཏེ། མཐར་ཐུག་དེའི་རྐྱེན་གྱིས་ཐོབ་པ་ན་སྤང་བའོ། །དགུ་པ་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་ནི་གཞན་སྔ་མ་དང་འདྲ་བ་ལ། རང་ལ་ཁྱིམ་བདག་བཟའ་མི་གཉིས་ཀྱིས་སོ་སོ་ནས་བསྔོས་པའི་གོས་ཞེས་སྦྱར་རོ། །བཅུ་པ་བསྐུར་བའི་སྤང་བ་ནི། རྟེན་དགེ་སློང་གིས་ཡུལ་ཞལ་ཏ་བ་ལ་དངོས་པོ་ཁྱིམ་པ་ཉེ་དུ་མ་ཡིན་པས་བསྐུར་བའི་གོས་ཀྱི་རིན། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སློང་འདོད་ཀྱི་བསམ་པས། སྦྱོར་བ་བསྐུལ་བསྡད་དྲུག་ལས་ལྷག་པས་བསླངས་ཏེ། མཐར་ཐུག་ཐོབ་པ་ན་སྤང་བའོ། །བཅུ་ཚན་གཉིས་པ་ལ་སྡོམ་ནི། སྲིན་བལ་འབའ་ཞིག་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་ནི། །ཁྲུ་བ་དང་ནི་གསེར་དངུལ་ལེན། །མངོན་མཚན་ཅན་དང་ཉོ་ཚོང་ངོ་། །ཞེས་གསུངས་ཏེ། སྲིན་བལ་གྱི་སྟན་གྱི་སྤང་བ་དང་། བལ་ནག་པོ་འབའ་ཞིག་པ་དང་། ཆ་གཉིས་བསྲེས་པའི་སྟན་གྱི་སྤང་བ་གསུམ་ནི་རིམ་པ་ལྟར། རྟེན་དགེ་སློང་གིས། དངོས་པོ་ཡུལ་དུས་དེར་དཀོན་པའི་སྲིན་བལ་དང་བལ་རང་བཞིན་གྱིས་ནག་པོ་དང་། ཆ་གཉིས་བསྲེས་ཏེ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྟན་བྱེད་འདོད་ཀྱིས། སྦྱོར་བ་རང་ངམ་གཞན་བསྐོས་པས་སྟན་བྱེད་པར་བརྩམས་ཏེ། མཐར་ཐུག་སྲིན་བལ་ལ་སོགས་པ་དེ་དག་བཀྲམ་པ་ཙམ་ན་སྤང་བའོ། །བཞི་པ་ལོ་དྲུག་གི་ནང་དུ་སྟན་བྱེད་པའི་སྤང་བ་ནི། རྟེན་དགེ་སློང་གིས་དངོས་པོ་ལོ་དྲུག་གི་ནང་དུ་སྟན་གཉིས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྟན་གསར་པ་བྱེད་འདོད་ཀྱིས། སྦྱོར་བ་ལོ་དྲུག་གི་ནང་དུ་སྟན་གཉིས་པ་བརྩམས་ཏེ། མཐར་ཐུག་ཟིན་པ་ན་སྤང་བའོ། །ལྔ་པ་མཐོ་གང་གི་སྤང་བ་ནི། རྟེན་དགེ་སློང་གིས་རང་དབང་བའི་གདིང་བ་གསར་པ་ལ་གདིང་བ་རྙིང་པ་བཅོས་སུ་རུང་བ་ཚུན་ཆད་ཡོད་བཞིན་དུ་དེ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་སླན་པར། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་སྤྱོད་པར་འདོད་པས། སྦྱོར་བ་ལོངས་སྤྱོད་པར་བརྩམས་ཏེ། མཐར་ཐུག་ལོངས་སྤྱོད་པ་ན་སྤང་བའོ། །ཤ་་་་་་ཁ་ཅིག་གདིང་བ་རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་གི་མ་སླན་པའི་གདིང་བ་གསར་པ་བཅོས་ན་སྤང་བ་འདི་ལྟར་འགྱུར་ཏེ། དེའི་དགག་བྱ་ནི་གདིང་བ་གསར་པ་ལ་འདོད་ཞེན་སྐྱེ་བའི་དགག་བྱ་ཡོད་པས་དེ་དགག་པའི་ཆེད་ཡིན་པའི་ཕྱིར་ཏེ། སོ་སོ་ཐར་པ་ལས་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་ཞེས་གསུངས་པའི་ཕྱིར་ཞེས་གསུངས་པ་མི་འཐད་དེ། གདིང་བ་གསར་པ་ལ་རྙིང་པ་མ་གླན་ན་སྦྱིན་བདག་སྔ་མའི་བསོད་ནམས་སྤེལ་བ་རྒྱུན་ཆད་པའི་དགག་བྱ་དང་། སྦྱིན་བདག་ཕྱི་མའི་བསོད་ནམས་ཡུན་རིང་དུ་མི་འཕེལ་བའི་དགག་བྱ་ཡོད་པས་དེ་དགག་པའི་ཆེད་ཡིན་པའི་ཕྱིར་ཏེ། ལུང་དུ་ངའི་ཉན་ཐོས་དྲིན་མི་ཤེས་པ་ཁྱིམ་པ་དང་བྲམ་ཟེ་དད་པ་ཅན་ཞེས་སོགས་གསུངས་པའི་ཕྱིར། ཁ་ཅིག་གདིང་བ་རྙིང་པ་ཡོད་ཀྱང་འདྲ་ལ་མེད་ཀྱང་འདྲ་གླན་དགོས་ཀྱི་མ་གླན་ན་ལྟུང་བར་འགྱུར་རོ་ཞེས་ཟེར་བ་མི་འཐད་དེ། གལ་ཏེ་ཡོད་ན་ཞེས་གསུངས་པའི་ཕྱིར་དང་གཞན་དུ་ན་རབ་བྱུང་བྱས་མ་ཐག་པའི་གང་ཟག་གི་གདིང་བ་གསར་པ་ལ་ལོངས་སྤྱོད་དུ་མི་རུང་བར་འགྱུར་རོ། །དྲུག་པ་བལ་ཁུར་བའི་སྤང་བ་ནི། རྟེན་དགེ་སློང་གིས་དངོས་པོ་བལ་གྱི་ཁུར་རང་གི་ཡིན་པ་ལམ་རྒྱང་གྲགས་གཅིག་འདས་པར། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་དུ་སྤྱོད་པར་འདོད་པས། སྦྱོར་བ་བལ་གྱི་ཁུར་ཁྱེར་བ་གཞན་མེད་ན་དཔག་ཚད་གསུམ་ཚུན་ཆད་ལ་ལྟུང་བ་མེད། དེ་ནས་བརྩམས་ནས་རྒྱང་གྲགས་གཅིག་གི་མཐར་ཕྱིན་པའམ། ཁུར་ཁྱེར་བ་ཡོད་ན་དང་པོ་ནས་བརྩམས་ཏེ་རྒྱང་གྲགས་རེ་རེའི་མཐར་སྤང་ལྟུང་རེ་རེ་དེའི་ཕྱེད་རེ་ལ་ཉེས་བྱས་རེའོ། །སླ་་་་་་ཁ་ཅིག་བལ་ཁུར་གྱི་སྤང་བ་བསྐྱེད་པ་ལ་བལ་ཁུར་དུ་ལོངས་པ་དགོས་གསུང་བ་མི་འཐད་དེ། དགོས་མེད་དུ་ཞྭ་དང་ལྷྭམ་སྒྲོག་གུ་ཅན་དང་། སྟོད་སྐོར་ནང་ཚངས་ཅན་དང་། རྒྱ་ཅང་དང་། ལྕག་པོད་དང་། ཤུར་བུ་ཁྲི་འུར་ལྡང་བའི་བལ་ཁྱེར་ན་སྤང་བར་འགྱུར་བའི་ཕྱིར། དེས་ན་དགོས་པ་ཡོད་ན་ཞྭ་དང་ལྷྭམ་སྒྲོག་གུ་ཅན་སོགས་ལྡང་བའི་བལ་ཁྱེར་དུ་རུང་ངོ་། །བདུན་པ་བལ་རྨེལ་དུ་འཇུག་པའི་སྤང་བ་ནི། རང་གིས་བྱིན་གྱིས་བརླབས་པའི་ཆོས་གོས་ཞེས་པའི་དོད་དུ་ལུག་གི་བལ་ཁྲུར་འཇུག་གམ། འཚེད་དུ་འཇུག་གམ། འཆག་ཞེས་པའི་ཚབ་ཏུ་རྨལ་དུ་འཇུག་ཅེས་འདོན་པ་བསྒྱུར་ཏེ་ལྟུང་བའི་རྣམ་གཞག་འཁྲུར་འཇུག་གི་སྐབས་དང་འདྲའོ། །བརྒྱད་པ་རིན་པོ་ཆེ་བདག་གིར་བྱེད་པའི་སྤང་བ་ནི། རྟེན་དགེ་སློང་རུང་བ་གསུམ་པོ་གང་དང་ཡང་མི་ལྡན་པས། དངོས་པོ་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་ཡིན་པ། ཉོ་ཚོང་ལ་སོགས་པའི་ཐ་སྙད་གདགས་སུ་རུང་བ་རང་གི་ཡིན་པ་ལག་པས་སླེབ་པའི་མངོན་སུམ་དུ་གནས་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་རང་གར་རེག་གམ་རེག་ཏུ་འཇུག་འདོད་པས། སྦྱོར་བ་རང་ངམ་གཞན་མངོན་སུམ་དུ་བསྐོས་ཏེ་རེག་པར་རྩོམ་ཞིང་། མཐར་ཐུག་རེག་པ་རྫོགས་པ་ན་སྤང་བའོ། །རིན་པོ་ཆེའི་རུང་བ་བྱ་ཚུལ་ལ་གསུམ་སྟེ། སྦྱིན་བདག་བདག་པོ་ཡིན་སྙམ་དུ་རང་གི་བསམ་པས་མོས་སུ་གཞུག་པ་དང་། ཞལ་ཏ་བའམ་གཉེར་བྱེད་པའི་དགེ་བསྙེན་ལྟ་བུ་བདག་པོ་ཉིད་དུ་ཁས་ལེན་དུ་འཇུག་པ་དང་། བྱིན་གྱིས་བརླབ་པ་ནི། བསྙེན་པར་མ་རྫོགས་པ་ཞིག་ལ་ཟུར་གྱིས་གོས་ཏེ་མདུན་དུ་གཞག་ཏུ་བཅུག་ནས། རྟེན་དང་ཡུལ་གཉིས་ཀ་འགྲེངས་ཏེ་མི་རེག་པར་ལག་པ་བརྐྱངས་ཏེ་འཛིན་པའི་ཚུལ་དུ་བྱས་ནས། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས། དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབ་བོ། །དངོས་པོ་རུང་བ་མ་ལགས་པ་འདི་དངོས་པོ་རུང་བར་བསྒྲུབ་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ལ་ཐབས་ལེགས་བྱའོ། །དགུ་པ་མངོན་མཚན་ཅན་གྱི་སྤང་བ་ནི། རྟེན་རྐྱེན་ཁྱད་པར་ཅན་དང་མི་ལྡན་པའི་དགེ་སློང་གིས། ཡུལ་ཁྱིམ་པ་ཉེ་དུ་མ་ཡིན་པ། རང་དང་ནོར་མི་གཅིག་པ་ལ། དངོས་པོ་རིན་པོ་ཆེའམ་འབྲུ་ལ་སོགས་པའི་ནོར་རང་དབང་བ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་སྐྱེད་ཀྱི་ཁེ་འདོད་པས། སྦྱོར་བ་བུན་སྐྱེད་བྱེད་པ་ལ་ཞུགས་ཏེ། མཐར་ཐུག་སྐྱེད་ཐོབ་པ་ན་སྤང་བའོ། །བཅུ་པ་ཉོ་ཚོང་གི་སྤང་བ་ནི། རྟེན་སྔོན་གྱི་བུ་ལོན་ཆགས་པས་ཉོ་ཚོང་མ་བྱས་ན་བུ་ལོན་མི་ཁྱེར་ཞིང་བུ་ལོན་མ་ཁྱེར་ན་མ་བྱིན་ལེན་གྱི་ཕམ་པར་འགྱུར་བ་ལ་སོགས་པའི་རྐྱེན་ཁྱད་པར་ཅན་དང་མི་ལྡན་པ་སྟེ། འདི་རྟེན་གོང་མ་ལ་ཡང་མཚུངས་སོ་དངོས་པོ་འབྲུ་དང་གོས་ལ་སོགས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་རང་དགར་ཉོ་ཚོང་བྱེད་པར་འདོད་པས། སྦྱོར་བ་མོད་པའི་ཚེ་ཉོ་ཞིང་དཀོན་པའི་ཚེ་ཚོང་བར་བརྩམས་པས། མཐར་ཐུག་དེའི་རྐྱེན་གྱིས་ཁེ་སྤོགས་གྲུབ་པའི་ཚེ་སྤང་བའོ། །བཅུ་ཚན་གསུམ་པ་ལ་སྡོམ་ནི། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་ཕྲོག་སྟོན་ཟླ་ཐ་ཆུང་དང་། །དགོན་པ་བ་དང་རས་ཆེན་དང་། །བསྔོས་པ་དང་ནི་གསོག་འཇོག་གོ །ཞེས་ཏེ། དང་པོ་ལྷུང་བཟེད་ལྷག་པོ་འཆང་བའི་སྤང་བ་ནི། རྟེན་དགེ་སློང་གིས་དངོས་པོ་ལྷུང་བཟེད་རུང་བ་ཚད་དང་ལྡན་པ་ལྷག་པོ། ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབ་པ་སོགས་ཀྱིས་རུང་བ་མ་བྱས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་རྒྱུན་དུ་འཆང་འདོད་ཀྱི་བསམ་པས། སྦྱོར་བ་ཞག་བཅུ་བཅངས་ཏེ། མཐར་ཐུག་བཅུ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་སྤང་བའོ། །གཉིས་པ་ལྷུང་བཟེད་ལྷག་པོ་ཚོལ་བའི་སྤང་བ་ནི། རྟེན་ལྷུང་བཟེད་རུང་བ་ཚད་ལྡན་ཡོད་པའི་དགེ་སློང་གིས། ཡུལ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ། དངོས་པོ་ལྷུང་བཟེད་རུང་བ་ཚད་ལྡན། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་སློང་འདོད་ཀྱི་བསམ་པས། སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་བསླངས་ཏེ། མཐར་ཐུག་ལག་ཏུ་ཐོབ་པ་ན་སྤང་བའོ། །གསུམ་པ་འཐག་ཏུ་འཇུག་པའི་སྤང་བ་ནི། རྟེན་དགེ་སློང་གིས་ཡུལ་ཐ་ག་པ་ཉེ་དུ་མ་ཡིན་པ་ལ། དངོས་པོ་གོས་ཀྱི་རྒྱུ་རུང་བ་ཚད་ལྡན་རང་གི་ཡིན་པ། བསམ་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་འཐབ་ཏུ་འཇུག་འདོད་ཀྱི་བསམ་པས། སྦྱོར་བ་རང་ངམ་བསྐོས་པར་རྔན་པ་མ་བྱིན་པར་འཐགས་སུ་བཅུག་སྟེ། མཐར་ཐུག་ལག་ཏུ་ཐོབ་པ་ན་སྤང་བའོ། །བཞི་པ་འཐག་པ་བསྐྱེད་པའི་སྤང་བ་ནི། འཐག་པ་བསྐྱེད་པའི་དངོས་པོ་ནི་སྦྱིན་བདག་གིས་རང་ལ་བསྔོས་པའི་དོགས་པ་རུང་བ་ཚད་ལྡན་ལས་ལྷག་པ་སྦྱིན་བདག་ལས་བསླངས་ཏེ། རང་ངམ་བསྐོས་པས་འཐག་ཏུ་གཞུག་པ་སོགས་སྔར་བཞིན་ནོ། །ལྔ་པ་བྱིན་ཕྲོག་གི་སྤང་བ་ནི། རྟེན་དགེ་སློང་གིས་ཡུལ་དགེ་སློང་ཆོས་བརྒྱད་ལྡན་ལ་དངོས་པོ་རང་གིས་བྱིན་པའི་ཆོས་གོས། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་ངམ་གཞན་གྱི་དོན་དུ་འཕྲོག་འདོད་ཀྱི་བསམ་པས། སྦྱོར་བ་རང་ངམ་གཞན་བསྐོས་པས་ཕྲོག་སྟེ། མཐར་ཐུག་དབྲལ་བར་བྱ་བའི་དགེ་སློང་གི་ལུས་ལས་ཆོས་གོས་དེ་བྲལ་བ་ན་སྤང་བའོ། །ཤ་་་་་་ཁ་ཅིག་ལྷུང་བཟེད་ཕྲོག་པས་བྱིན་ཕྲོག་གི་སྤང་བ་སྐྱེད་དེ། འགྲེལ་པར་གོས་ཞེས་པ་མཚོན་པ་སྟེ། དགེ་སྦྱོང་གི་ཡོ་བྱད་གང་ཡང་རུང་བ་ཕྲོག་པ་ལ་དངོས་གཞིར་འགྱུར་རོ་ཞེས་གསུངས་པའི་ཕྱིར་ཟེར་བ་མི་འཐད་དེ། གོས་ཞེས་པ་ནི་འགྱུར་སྐྱོན་ཡིན་པས་དག་པར་བསྒྱུར་ན་ཆོས་གོས་ཞེས་པ་མཚོན་པ་སྟེ། དགེ་སྦྱོང་གི་ཡོ་བྱད་གང་ཡང་རུང་བ་ཕྲོག་པ་ལ་དངོས་གཞིར་འགྱུར་ཞེས་འབྱུང་ལ། དེའི་དོན་ཡང་ཆོས་གོས་ཞེས་པ་མཚོན་པ་སྟེ། ལྷག་པའི་ཡོ་བྱད་དང་འཚོ་བའི་ཡོ་བྱད་ཀྱི་གོས་གང་ཡང་རུང་བ་ཕྲོག་ན་སྤང་ལྟུང་སྐྱེད་ཅེས་པའི་དོན་ཡིན་ཏེ། བམ་ལྔར་གོས་ཉིད་དུ་གཏོགས་པའི་ཡོ་བྱད་གང་ཡང་རུང་བ་ཕྲོག་པ་ལ་ན་སྨད་པ་མེད་དོ་ཞེས་གསུངས་པའི་ཕྱིར་དང་། རྩ་བར་དེ་གོས་ཉིད་ཡིན་ནའོ་ཞེས་གསུངས་པའི་ཕྱིར། ཁྱེད་ལྟར་ན་ཕོར་པ་སོགས་ཕྲོག་པས་ཀྱང་ཕྲོག་པའི་སྤང་བ་སྐྱེད་པར་ཐལ། ཡོ་བྱད་གང་ཡང་རུང་བ་ཞེས་སྨོས་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །ཊཱི་ཀར་རྐུ་སེམས་ཀྱིས་ཕྲོག་ན་མ་བྱིན་ལེན་གྱི་ལྟུང་བར་འགྱུར་ཞེས་གསུངས་པའི་དོན་ནི། ཁོ་རང་དབང་བའི་བསམ་པས་ཕྲོགས་ན་མ་བྱིན་ལེན་གྱི་ལྟུང་བར་འགྱུར་གྱི། སྐབས་འདིའི་ལྟུང་བར་མི་འགྱུར་ཞེས་པའི་དོན་ནོ། །དྲུག་པ་བརྟད་པ་ལས་བྱུང་བའི་སྤང་བ་ནི། རྟེན་དབྱར་གནས་པའི་དགེ་སློང་གིས། དངོས་པོ་དབྱར་གནས་པར་ཁས་བླངས་པ་ལས་བྱུང་བའི་གོས་ཀྱི་རྙེད་པ་རུང་བ་ཚད་ལྡན། དུས་དབྱར་ཁས་བླངས་ནས་དགག་དབྱེ་མ་བྱས་པའི་གོང་དུ། རྐྱེན་དབང་མ་གཏོགས་པར་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དབྱར་ནང་དུ་བདག་གིར་བྱེད་འདོད་པ་དང་། དབྱར་ནང་དུ་རང་དགར་བགོད་འདོད་པ་དང་དགག་དབྱེ་མཐོན་པའི་ཕྱི་དེ་ཉིན་པར་མི་བགོ་བར་འདོད་པས། སྦྱོར་བ་དེ་དང་དེ་ལྟར་བྱེད་པས་སྔ་མ་ནི་དགག་དབྱེའི་ནང་དུ་བདག་གིར་བྱས་པ་དང་བགོས་པ་དང་། ཕྱི་མ་སྦྱིན་བདག་གིས་ཁོ་བོ་མ་སླེབ་ཀྱི་བར་དུ་མ་བགོ་ཞིག་ཅེས་པའི་ཚིག་གི་དབང་མེད་ན་སྦེད་པ་མ་བསྐོས་པར་གཞག་པ་དུས་དེ་དང་དེ་ལས་འདས་ན། རིམ་བཞིན་དབྱར་གྱི་རྙེད་པ་བདག་གིར་བྱེད་སྔས་པ་དང་བགོད་སྔས་པ་དང་། བགོད་འཕྱིས་པའི་སྤང་བར་འགྱུར་རོ། །རྐྱེན་དབང་མ་གཏོགས་ཞེས་པ་ནི་བརྟད་པ་གློ་བུར་གྱི་དགོས་པའི་དབང་གིས་མཐའ་དགག་དབྱེ་འབྱུང་བ་ལ་ཞག་བཅུ་ཙམ་ན་རྙེད་པ་ནི་བདག་གིར་བྱེད་དུ་མི་རུང་བ་མ་གཏོགས་པ་སྟེ་རུང་ངོ་ཞེས་པའི་དོན་ནོ། །མཚོ་་་་་་ཁ་ཅིག་བརྟད་པའི་དབང་གིས་ཞེས་སོགས་ཀྱི་དོན་ནི་བཅུ་ཚམས་སུ་བདག་གིར་བྱེད་དུ་རུང་ཞེས་པ་ཡིན་ལ། དེ་བགོས་ན་ཞེས་པའི་དོན་ནི་སོ་སོའི་སྐལ་བ་བགོས་ན་སྤང་བར་འགྱུར་ཞེས་པའི་དོན་ཡིན་གསུངས་པ་མི་འཐད་དེ། འགྲེལ་པར་གཙུག་ལག་ཁང་གང་དག་ན་ཆོས་གོས་ཀྱི་ཟོང་ངེས་པར་གྱུར་པ་ཡོད་པ་ནི་ཇི་སྲིད་དུ་མ་ཐོབ་པ་དེ་སྲིད་དུ་དེ་ལ་བདག་གིར་བྱ་བ་མི་འབྱུང་ལ་ཞེས་གསུངས་པའི་ཕྱིར། དེས་ན་གཞུང་སྔ་མས་སོ་སོའི་སྐལ་བ་ངོ་རིགས་སུ་བྱེད་རུང་བར་བསྟན། ཕྱི་མས་སོ་སོའི་སྐལ་བ་དབང་བྱར་ཡོད་པ་བགོས་ན་སྤང་བར་འགྱུར་ཞེས་པའི་དོན་ནོ། །བདུན་པ་དགོན་པ་བའི་འབྲལ་སྤང་ནི། རྟེན་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་མ་ཐོབ་པ་དང་སྲ་བརྐྱང་མ་བཏིང་བའི་དགེ་སློང་གིས། དངོས་པོ་རང་གི་ཆོས་གོས་གསུམ་པོ་གང་རུང་དངོས་ཀྱི་བྱིན་བརླབས་ཅན་དགོན་པར་འཇིགས་པའི་དབང་གིས་སྤྱོད་ཡུལ་གྱི་གྲོང་དུ་འཇིགས་པ་མ་བྲལ་བར་དུ་གཞག་ཏུ་རུང་བ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་ཞག་དྲུག་འབྲལ་འདོད་ཀྱི་བསམ་པས། སྦྱོར་བ་བར་ཆད་ཀྱི་རྐྱེན་མེད་པར་རང་གི་གནས་དང་ཆོས་གོས་གཞག་པའི་གནས་གཉིས་ཉེ་འཁོར་དང་བཅས་པ་ལས་གཞན་དུ་གནས་ལ། མཐར་ཐུག་ཞག་དྲུག་འདས་ཏེ་བདུན་པའི་སྐྱ་རེངས་ཤར་བ་ན་སྤང་བའོ། །ཁ་ཅིག་དགོན་པ་བའི་འབྲལ་སྤང་བསྐྱེད་པ་ལ། སྣམ་སྦྱར་དང་འབྲལ་བ་ཡན་ལག་ཏུ་དགོས་གསུངས་པ་མི་འཐད་དེ། ཆོས་གོས་གསུམ་ལས་གང་ཡང་རུང་བ་དང་བྲལ་ན་འདིའི་འབྲས་སྤང་བསྐྱེད་པའི་ཕྱིར་ཏེ། སོ་སོ་ཐར་པ་ལས་དགེ་སློང་དགོན་པ་བ་དེ་འདོད་ན་ཆོས་གོས་གསུམ་པོ་གང་ཡང་རུང་བ་ཞིག་སྤྱོད་ཡུལ་གྱི་གྲོང་དུ་གཞག་པར་བྱའོ་ཞེས་དང་། ཊཱི་ཀར་ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་ཅེས་གསུངས་པའི་ཕྱིར། བརྒྱད་པ་རས་ཆེན་བཙལ་སྔས་གཞག་འཕྱིས་པའི་སྤང་བ་ནི། རྟེན་དབྱར་གནས་དང་འབྲེལ་བའི་དགེ་སློང་གིས། དངོས་པོ་རས་ཆེན་རུང་བ་ཚད་ལྡན་ཆར་ཆུ་སྐྱོབ་ནུས་པ་ཟླ་བ་བཞིར་སྤྱད་པའི་རྙིང་པ་མ་ཡིན་པ། བཙལ་བའི་དུས་དབྱར་ཁས་ལེན་པའི་སྔ་རོལ་ཟླ་བ་གཅིག་གི་ནང་དུ་བཙལ་དུ་རུང་ཞིང་། འཇོག་པའི་དུས་དགག་དབྱེ་ཐོན་ནས་ཟླ་བ་ཕྱེད་ཀྱི་བར་དུ་གཞག་ཏུ་རུང་བ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་དབྱར་ཁས་ལེན་པའི་ཟླ་བ་གཅིག་གི་གོང་དུ་ཚོལ་འདོད་པའམ། དགག་དབྱེ་གྲོལ་ནས་ཟླ་བ་ཕྱེད་ཀྱི་འོག་ཏུ་ཡང་རས་ཆེན་སྦེད་པ་མ་བསྐོས་པར་འཇོག་འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟར་བྱེད་ཅིང་། མཐར་ཐུག་དེའི་རྐྱེན་གྱིས་ཟླ་བ་གཅིག་གི་གོང་དུ་བཙལ་ནས་རྙེད་པ་ན་བཙལ་སྔས་ཀྱི་སྤང་བ་དང་། དགག་དབྱེ་གྲོལ་ནས་སྦེད་པ་མ་བསྐོས་པར་ཟླ་བ་ཕྱེད་ལས་ལྷག་པ་བཅངས་ན་གཞག་འཕྱིས་པའི་སྤང་བའོ། །ཁ་ཅིག་རས་ཆེན་བཙལ་སྔས་དང་དབྱར་རྙེད་བདག་གིར་བྱེད་པའི་སྤང་ལྟུང་བསྐྱེད་པ་ལ་ཁྱིམ་པའི་ཡུལ་ལ་བཙལ་བ་ཡན་ལག་ཏུ་དགོས་གསུངས་པ་མི་འཐད་དེ། རས་ཆེན་བཙལ་སྔས་ཀྱི་སྤང་ལྟུང་འདི་དོན་མེད་པའི་ཡོ་བྱད་གསོག་པ་དགག་བྱར་བྱས་པ་ཡིན་ཞིང་། དབྱར་རྙེད་བདག་གིར་བྱས་པའི་སྤང་བ་ནི་དབྱར་རལ་བ་དགག་བྱར་བྱས་པ་གང་ཞིག ཁྱིམ་པ་དང་རབ་ཏུ་བྱུང་བ་གང་གི་ཡུལ་ལས་རྙེད་ཀྱང་དགག་བྱ་དེ་གཉིས་ཁྱད་པར་མེད་པའི་ཕྱིར། དགུ་པ་བསྔོས་བསྒྱུར་གྱི་སྤང་བ་ནི། རྟེན་དགེ་སློང་གི་ཡུལ་ཁྱིམ་པའམ་རབ་ཏུ་བྱུང་བས་དགེ་སློང་གི་གང་ཟག་གམ་དགེ་འདུན་ལ་བསྔོས་པའི་གོས། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྐུ་སེམས་མེད་པར་རང་དགར་བསྒྱུར་འདོད་ཀྱི་བསམ་པས་རང་ལ་བསྒྱུར་ཏེ། མཐར་ཐུག་ལག་ཏུ་ཐོབ་པ་ན་སྤང་བའོ། །ཁ་ཅིག་བསྔོས་བསྒྱུར་གྱི་སྤང་བ་བསྐྱེད་པ་ལ། སྦྱིན་པར་བྱེད་པའི་སྤྱིན་བདག་ཁྱིམ་པ་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་ཤིང་། བསྒྱུར་རྒྱུའི་དངོས་པོ་ལ་གོས་དང་ལྷུང་བཟེད་གཉིས་ཡོད་ལ། སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་དགོས་གསུང་བ་དང་པོ་མི་འཐད་དེ། རབ་བྱུང་གིས་བསྔོས་པ་བསྒྱུར་ན་ཡང་སྤང་ལྟུང་བསྐྱོད་པའི་ཕྱིར་ཏེ། བམ་ལྔར་སྦྱིན་པར་བྱེད་པ་ཁྱིམ་པ་དང་རབ་ཏུ་བྱུང་བ་མཚན་དང་ལྟ་བ་མཐུན་པ་དང་མི་མཐུན་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ་ཞེས་གསུངས་པའི་ཕྱིར། གཉིས་པ་མི་འཐད་དེ་ལྷུང་བཟེད་བསྒྱུར་བས་བསྔོས་བསྒྱུར་གྱི་སྤང་བ་མི་བསྐྱེད་པའི་ཕྱིར་ཏེ། ལུང་ལས་རྙེད་པ་ནི་གཉིས་ཏེ། གོས་ཀྱི་རྙེད་པ་དང་ཟས་ཀྱི་རྙེད་པའོ། །འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་ངེས་དགོངས་སོ་ཞེས་དང་། དེའི་དོན་ཊཱི་ཀར་གོས་ཀྱི་རྙེད་པ་ཡིན་པར་ངེས་དགོཾངཾས་སོ་ཞེས་པས་ཟས་ཀྱི་རྙེད་པ་བསལ་ཏོ་ཞེས་གསུངས་པའི་ཕྱིར། ཁོ་ན་རེ་ལྷུང་བཟེད་བསྒྱུར་བས་བསྔོས་བསྒྱུར་གྱི་སྤང་བ་བསྐྱེད་དེ། ཟས་ཀྱི་རྙེད་པ་བསལ་ཏོ་ཞེས་གསུངས་པའི་ཕྱིར་ཞེ་ན། འོ་ན་གནས་ཁང་གི་རྙེད་པ་བསྒྱུར་བས་ཀྱང་བསྔོས་བསྒྱུར་གྱི་སྤང་བ་བསྐྱེད་པར་ཐལ། ཟས་གྱི་རྙེད་པ་བསལ་ཏོ་ཞེས་གསུངས་པའི་ཕྱིར། ཁྱབ་པ་ཁས་བླངས། ངག་མཚན་ཉིད་ལྔ་ལྡན་གྱིས་བསྒྱུར་དགོས་པ་ཡང་མི་འཐད་པར་ཐལ། ལུས་ཀྱིས་བསྒྱུར་ན་ཡང་བསྔོས་བསྒྱུར་གྱི་སྤང་བ་བསྐྱེད་པའི་ཕྱིར་ཏེ། ཊཱི་ཀར་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་མི་དགོས་པ་དེ་བཞིན་དུ། འདིར་ཚིག་ཉིད་ཀྱང་དེ་དང་འདྲའོ་ཞེས་གསུངས་པའི་ཕྱིར། བཅུ་པ་གསོག་འཇོག་གི་སྤང་བ་ནི། རྟེན་དགེ་སློང་ནད་པ་མ་ཡིན་པས་དངོས་པོ་ལྷའི་བདུད་རྩི་དང་སྣར་བླུག་པ་ཙམ་ལས་གཞན་པ། དགེ་སློང་གི་རྟེན་རུང་གི་སྨན་བཞི་པོ་གང་རུང་བྱིན་ལེན་བྱས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཕྱིས་ལོངས་སྤྱོད་འདོད་ཀྱི་བསམ་པས། སྦྱོར་བ་རང་རང་གི་གསོག་འཇོག་གི་དུས་ལས་འདས་པ་སྟེ། སྤྱིའི་དུས་སྨན་བཞི་པོ་བྱིན་ལེན་བྱས་པ་ཉི་མ་ཕྱེད་ཡན་དུ་བསྟེན་དུ་རུང་ཞིང་། ཕྱེད་ཡོལ་ནས་བྱིན་ལེན་མ་བཤིག་པར་བཅངས་ན་དགེ་སློང་དེ་ལ་གསོག་འཇོག་གི་སྤང་བའོ། །སོ་སོའི་དུས་ནི་བུ་རམ་ལྟ་བུ་ཞག་བདུན་པའི་སྨན། ཞག་བདུན་པར་བྱིན་གྱིས་བརླབས་པ་སླར་ཡང་བྱིན་གྱིས་མ་བརླབས་པའམ་བྱིན་ལེན་མ་བཤིག་པར་ཞག་བདུན་ལས་འདས་ཏེ་བརྒྱད་པའི་སྐྱ་རེངས་དང་པོ་ཤར་བ་དང་། ཐུན་ཚོད་དུ་རུང་བའི་བཏུང་བ་སྨན་བཞི་པོ་གང་རུང་ལས་སྦྱར་བ། ཕྱི་དྲོ་བྱིན་ལེན་བྱས་པ་ཉི་མ་མ་ནུབ་བར་བསྟེན་དུ་རུང་ཞིང་། དེ་ནས་བྱིན་ལེན་མ་བཤིག་པར་བཅངས་ན་ཉིན་མཚན་གྱི་དུས་མཚམས་ལས་འདས་ཏེ་མཚན་མོའི་ཐུན་དང་པོ་ཤར་བ་ན་སྤང་བའོ་ཞེས་གསུང་ངོ་། །འདིར་མཐའ་དཔྱད་པ་ལ་རྒྱ་གར་མཁས་པའི་ལུགས། བོད་སྔ་མའི་ལུགས། རང་གི་ལུགས་དང་གསུམ་ལས། དང་པོ་ཁ་ཅིག་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་ཁོ་ནའི་གཞི་ལས་གསོག་འཇོག་གི་སྤང་ལྟུང་བསྐྱེད་པ་ཡིན་གྱི་སྨན་གཞན་གྱི་གཞི་ལས་གསོག་འཇོག་གི་ཉེས་བྱས་སུ་འགྱུར་གྱི་སྤང་ལྟུང་མི་སྐྱེད་གསུང་ངོ་། །སློབ་དཔོན་ཆོས་བཤེས་ནི་སྨན་བཞི་ཀའི་གཞི་ལས་སྤང་ལྟུང་སྐྱེད་པར་བཤད་དོ། །གཉིས་པ་ནི། ཤ་སླ་་་་་་བོད་ཁ་ཅིག་སྨན་རྣམ་པ་བཞི་ཀ་སྔ་དྲོ་བྱིན་ལེན་བྱས་བྱིན་གྱིས་མ་བརླབས་པར་གུང་ཡོལ་བ་ན། སྨན་དེ་གསོག་འཇོག་ཏུ་སོང་ལ་དགེ་སློང་དེ་ལ་གསོག་འཇོག་གི་སྤང་ལྟུང་སྐྱེད། དེ་བཞིན་དུ་སྨན་བཞི་པོ་གང་རུང་ཕྱི་དྲོ་བྱིན་ལེན་བྱས་བྱིན་གྱིས་མ་བརླབས་པར་ཐུན་ཚོད་འདས་པ་ན། སྨན་དེ་གསོག་འཇོག་ཏུ་སོང་བས་དགེ་སློང་དེ་ལ་གསོག་འཇོག་གི་སྤང་ལྟུང་སྐྱེད་གསུང་བ་མི་འཐད་དེ། དེ་ལྟར་སྐྱེད་པ་རྒྱ་གར་བ་སུས་ཀྱང་མ་བཤད་པའི་ཕྱིར་དང་གནོད་བྱེད་ཡོད་པའི་ཕྱིར་རོ། །མཚོ་་་་་་ཁ་ཅིག་སྨན་སྔ་དྲོ་བྱིན་ལེན་བྱས་ཤིང་བྱིན་གྱིས་མ་བརླབས་པར་གུང་ཡོལ་བ་ན་དགེ་སློང་དེ་ལ་གསོག་འཇོག་གི་སྤང་ལྟུང་སྐྱེད་དེ། དགེ་སློང་མའི་སོ་ཐར་ལས་གུང་ཡོལ་བ་ན་སྤང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་ཞེས་པ་མི་འཐད་དེ། དེའི་དོན་ནི་གུང་ཡོལ་བ་ན་བཟར་མི་རུང་བས་སྤང་དགོས་པར་འགྱུར་ཞེས་པའི་དོན་ཡིན་པའི་ཕྱིར། གསུམ་པ་རང་ལུགས་ནི། སྨན་བཞི་པོ་སྔ་དྲོ་བྱིན་ལེན་བྱས་བྱིན་གྱིས་མ་བརླབས་པར་གུང་ཡོལ་བ་ན་སྨན་དེ་གསོག་འཇོག་དུ་སོང་། དེ་བཞིན་དུ་སྨན་བཞི་པོ་ཕྱི་དྲོ་བྱིན་ལེན་བྱས་བྱིན་གྱིས་མ་བརླབས་པ་ཐུན་ཚོད་འདས་པ་ན་སྨན་དེ་གསོག་འཇོག་ཏུ་སོང་ངོ་། །དེས་ན་སྨན་ཞག་བདུན་བར་བྱིན་གྱིས་བརླབས་པ་ཡང་ཞག་བདུན་པའི་ཐུན་ཐ་མ་ཚུན་དུ་བྱིན་གྱིས་བརླབས་པ་ཡིན་ཏེ། ཉི་མ་འདས་སོ་ཅོག་བརྗོད་པར་བྱའོ་ཞེས་དང་། ཊཱི་ཀར་དགེ་སློང་དེས་ཉི་མ་བདུན་པ་དེ་ཉིད་ཀྱི་ནང་དུ་སྨན་སྔ་མ་ཤོས་ཡོངས་སུ་ལོངས་སྤྱོད་པར་བྱ་ཞིང་། ཞེས་སོགས་གསུངས་པའི་ཕྱིར། ཞག་བདུན་པར་བྱིན་གྱིས་བརླབས་པ་ཡང་ཞག་བདུན་པའི་ཐུན་ཚོད་ཀྱི་མཐའ་འདས་པ་ན་གསོག་འཇོག་ཏུ་སོང་ངོ་། །ཡང་ཊཱི་ཀར་རུང་བའི་ཕྱིར་གསེར་ལ་སོགས་པ་དང་འདྲའོ་ཞེས་གསུངས་པའི་དོན་ལ། ཁ་ཅིག་བུ་རམ་ལྟ་བུ་བཟའ་བའི་ཕྱིར་མ་ཡིན་པ་ཡོ་བྱད་ཀྱི་ཕྱིར་འཆང་ན་རིན་པོ་ཆེའི་རུང་བ་གསུམ་པོ་གང་རུང་གཅིག་བྱས་ཏེ་འཆང་དུ་རུང་བ་ཡིན་ཏེ། དཔེར་ན་གསེར་རུང་བ་བྱས་ནས་ཇི་ཙམ་འདོད་པ་འཆང་དུ་རུང་བ་བཞིན་ཞེས་གསུང་བ་མི་འཐད་དེ། དེའི་དོན་ནི་བུ་རམ་བཟའ་བའི་ཕྱིར་མ་ཡིན་པར་གོས་སོགས་ཀྱི་དོན་དུ་ཞག་བདུན་ལས་ལྷག་པ་བཅང་དུ་རུང་སྟེ། དཔེར་ན་གསེར་ཆོས་ལྡན་གྱི་དགོས་པའི་ཕྱིར་ཇི་ཙམ་དུ་འདོད་པ་བཅད་དུ་རུང་བ་བཞིན་ཞེས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག་ཚེས་གཅིག་ལྟ་བུ་ལ་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་དེ་ཚེས་དགུའི་སྐྱ་རེངས་ཤར་བ་ན་སྨན་དེ་གསོག་འཇོག་ཏུ་འགྱུར་ཏེ། ཞག་བདུན་པར་བྱིན་གྱིས་བརླབས་པའི་སྨན་དེ་གསོག་འཇོག་ཏུ་འགྱུར་བ་ལ་བྱིན་གྱིས་བརླབས་ནས་སྐྱ་རེངས་བརྒྱད་པ་ཤར་བ་དགོས་པའི་ཕྱིར་སྟེ། སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་གསུངས་པའི་ཕྱིར། གཞན་དུ་ན་དབྱར་ཞག་བདུན་བྱིན་གྱིས་བརླབས་པ་དེ་ཞག་བདུན་འདས་ཏེ་བརྒྱད་པའི་སྐྱ་རེངས་ཤར་བ་ན་དབྱར་རལ་བར་ཐལ། སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་དེ་ཞག་བདུན་འདས་ཏེ་བརྒྱད་པའི་སྐྱ་རེངས་ཤར་བ་ན་གསོག་འཇོག་ཏུ་འགྱུར་བའི་ཕྱིར་ཞེས་གསུངས་པ་ནི་མི་མཚུངས་ཏེ། དབྱར་ཞག་བདུན་བྱིན་གྱིས་བརླབས་པ་ནི་ཞག་བདུན་འདས་མ་ཐག་ཏུ་དབྱར་རལ་བ་དགག་བྱར་བྱས་པ་ཡིན་ལ། སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་ནི་ཞག་བདུན་གྱི་ནང་དུ་གསོག་འཇོག་ཏུ་འགྱུར་བ་དགག་པའི་ཆེད་ཡིན་པའི་ཕྱིར། སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པ་ནི་འགྱུར་སྐྱོན་ཡིན་ཏེ། འགྲེལ་ཆུང་དུ་བརྒྱད་པའི་སྐྱ་རེངས་ཤར་བ་ནའོ་ཞེས་པ་དང་། ཊཱི་ཀར་ཡང་ཉི་མ་བརྒྱད་པའི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེས་གསུངས་པའི་ཕྱིར། དེས་ན་གསོག་འཇོག་གི་སྤང་བ་ནི་གསོག་འཇོག་ཏུ་སོང་ཟིན་བཟའ་བའི་ཕྱིར་ཞག་འདས་པར་བཅངས་པའི་གཞི་ལས་བྱུང་བའི་སྤང་ལྟུང་དང་། གསོག་འཇོག་གི་ལྟུང་བྱེད་འབའ་ཞིག་པ་ནི་གསོག་འཇོག་ཏུ་སོང་ཟིན་ཟོས་པའི་གཞི་ལས་བྱུང་བའི་ལྟུང་བྱེད་ཡིན་ནོ།།  ༈  །།གཉིས་པ་ལྟུང་བྱེད་འབའ་ཞིག་ལ་སྤྱིའི་སྡོམ་ནི། ཤེས་བཞིན་དང་ནི་ས་བོན་དང་། །མ་བསྐོས་པ་དང་ཡང་ཡང་དང་། །ཆུ་དང་ཁྱིམ་དང་བསམ་བཞིན་དང་། །འགྲོན་ལམ་རྐུན་མ་ཆོས་སྟོན་ནོ། །ཞེས་གསུངས་ཏེ། བཅུ་ཚན་དགུ་ལས་དང་པོ་ལ་སྡོམ་ནི། བརྫུན་སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་སྔོགས་བྱེད་དང་སྟོན་པ་དང་། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་ཏེ། དང་པོ་བརྫུན་དུ་སྨྲ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དངོས་པོ་གོང་དུ་བསྟན་པའི་ཕམ་པར་འགྱུར་བའི་བརྫུན་དང་། ལྷག་མར་འགྱུར་བའི་བརྫུན་དང་། ཤེས་བཞིན་དུ་ཆོས་མ་ཡིན་པར་ཆོས་དང་། ཆོས་ཆོས་མ་ཡིན་པར་སྟོན་པ་སྦོམ་པོར་འགྱུར་བའི་བརྫུན་དང་། གསོ་སྦྱོང་གི་ཚེ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་དུ་དྲིས་པ་ན་ཅང་མི་སྨྲ་བས་འདའ་བར་བྱེད་པ་ལྟ་བུ་ཉེས་བྱས་སུ་འགྱུར་བའི་བརྫུན་དང་། འོག་ནས་འབྱུང་བ་ལྟར་དགེ་འདུན་ལྷག་མས་སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་བརྫུན་རྣམས་ལས་གཞན་པའི་ཤེས་བཞིན་གྱི་བརྫུན། བསམ་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྨྲ་འདོད་ཀྱི་བསམ་པས། སྦྱོར་བ་རང་གིས་སྨྲས་ཏེ། མཐར་ཐུག་ཉན་པ་པོས་བརྡ་འཕྲོད་ཅིང་དོན་གོ་བ་ན་ལྟུང་བྱེད་དོ། །གཉིས་པ་སྐྱོན་ནས་བརྗོད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས། ཡུལ་དགེ་སློང་ཕ་རོལ་པོ་ལ། བསམ་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྐྱོན་གདགས་འདོད་ཀྱི་བསམ་པས། སྦྱོར་བ་ཡུལ་དུས་དེར་སྐྱོན་དུ་གྲགས་པ་ཚིག་འཇམ་རྩུབ་གང་གིས་སྨྲས་ཀྱང་རུང་། མཐར་ཐུག་དོན་གོ་བ་ན་ལྟུང་བྱེད་དོ། །གསུམ་པ་ཕྲ་མ་བྱེད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཡུལ་དགེ་སློང་མཐུན་པ་དག་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཕྲ་མ་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་ངག་དྲུག་ལྡན་གྱིས་མིང་ནས་སྨོས་ཏེ་ཕྲ་མའི་ཚིག་སྨྲས་པས། མཐར་ཐུག་དོན་གོ་བ་ན་ལྟུང་བྱེད་དོ། །བཞི་པ་སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ནི། རྟེན་རྩོད་པའི་རྒྱུས་ཤེས་ཤིང་ཞི་བྱེད་ལ་གཏོགས་པའི་དགེ་སློང་གིས། ཡུལ་དགེ་སློང་ཕ་རོལ་པོ་དག་གི་ཆོས་ཀྱི་རྩོད་པ་བཞི་པོ་གང་རུང་དགེ་འདུན་གྱིས་ཆོས་ཕྱོགས་སུ་ཞི་བར་བྱས་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྩོད་པ་དཀྲུགས་འདོད་ཀྱི་བསམ་པས། སྦྱོར་བ་ཁྱེད་ཀྱི་རྩོད་པ་དེ་ལེགས་པར་ཞི་བར་བྱས་པ་མ་ཡིན་ནོ་ཞེས་སོགས་སྐྱོ་སྔོགས་ཀྱི་ཚིག་བརྗོད་པས། མཐར་ཐུག་ཡུལ་གྱིས་དོན་གོ་བ་ན་ལྟུང་བྱེད་དོ། །ལྔ་པ་ཁྱིམ་པ་མོ་ལ་ཆོས་སྟོན་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཡུལ་ཁྱིམ་པ་མོ་ཉེ་དུ་མ་ཡིན་པ་ལུས་བསྟན་རུང་སྨྲ་ཤེས་དོན་གོ་རྫུ་འཕྲུལ་ཅན་དང་མཁས་པའི་རང་བཞིན་ཅན་མ་ཡིན་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཆོས་བསྟན་འདོད་ཀྱི་བསམ་པས། སྦྱོར་བ་གནས་གཅིག་ཏུ་ཁྲིམས་གྲོགས་མེད་པར་བཀར་གཏོགས་པའི་ཆོས་ཚིག་ལྔའམ་དྲུག་ལས་ལྷག་པར་སྟོན་པ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །དྲུག་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་འདོན་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས། འདོན་པར་བྱ་བའི་དངོས་པོ་སྟོན་བྱེད་དུ་གྱུར་པའི་ཆོས་དང་ཡི་གེ་གང་རུང་། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་བསྙེན་པར་མ་རྫོགས་པ་དང་ཅིག་ཅར་རམ་མཇུག་ཐོག་ཏུ་འདོན་པར་འདོད་པས། སྦྱོར་བ་མི་འདོད་བཞིན་དུ་གྲུབ་པ་མ་གཏོགས་པར་བསྙེན་པར་མ་རྫོགས་པ་དང་ཅིག་ཅར་རམ་འཇུག་ཐོག་ཏུ་འདོན་པས། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །བདུན་པ་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ནི། རྟེན་ཁྱིམ་པ་མ་དད་པ་བཟློག་པའི་ཕྱིར་གནས་ངན་ལེན་བརྗོད་པར་མ་བསྐོས་པའི་དགེ་སློང་གིས། བརྗོད་པའི་ཡུལ་ཕམ་པ་དང་ལྷག་མའི་མཚན་ཉིད་མི་ཤེས་པའི་གང་ཟག་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའི་གནས་ངན་ལེན་བརྗོད་པར་འདོད་པས། སྦྱོར་བ་ཕམ་ལྷག་གང་རུང་གི་གནས་ངན་ལེན་སྨྲས་པས། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །བརྒྱད་པ་མི་ཆོས་བླ་མ་བདེན་པར་སྨྲ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཡུལ་བསྙེན་པར་མ་རྫོགས་པ་དང་བདེན་པ་མ་མཐོང་བ་ལ། དངོས་པོ་རང་གིས་ཐོབ་པའི་སྒོམ་བྱུང་གི་ཡོན་ཏན། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དེ་སྨྲ་འདོད་ཀྱི་བསམ་པས། སྦྱོར་བ་རང་གིས་ཐོབ་པའི་མི་ཆོས་བླ་མ་འདུ་ཤེས་མ་བསྒྱུར་བར་སྨྲས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །དགུ་པ་བཤེས་ངོར་བྱེད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་སྔར་རྙེད་པ་དེ་ཡུལ་ལ་བསྔོས་པ་ལ་དད་པས་ཕུལ་བས་དངོས་པོ་དགེ་འདུན་གྱི་ཟས་ལས་གཞན་པའི་རྙེད་པ་རུང་བ་ཚད་ལྡན། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འདུ་ཤེས་བསྒྱུར་ཏེ་སྐུར་པ་འདེབས་འདོད་ཀྱི་བསམ་པས། སྦྱོར་བ་རྙེད་པ་སྦྱིན་པར་མི་རིགས་པ་ལ་བསྔོས་སོ་ཞེས་སྨྲས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །བཅུ་པ་ཁྱད་དུ་གསོད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཡུལ་དགེ་སློང་དག་ལ་གསོ་སྦྱོང་གི་ཚེ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཁྱད་དུ་གསོད་འདོད་ཀྱི་བསམ་པས། སྦྱོར་བ་བསླབ་པ་འདི་ལྟ་བུ་འདོན་པས་ཅི་ཞིག་བྱ་ཞེས་ཁྱད་དུ་གསོད་པའི་ཚིག་བརྗོད་ཅིང་། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །བཅུ་ཚན་གཉིས་པ་ལ་སྡོམ་ནི། ས་བོན་འཕྱ་བ་བསྒོ་བ་དང་། །ཁྲི་དང་གདིང་དང་སྐྲོད་པ་དང་། །ཕྱིས་གནོན་འབྱུང་བ་འདེབས་པ་དང་། །རིམ་པ་གཉིས་སུ་རྩིག་པའོ། །ཞེས་ཏེ། དང་པོ་ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་ནི། རྟེན་དགེ་སློང་རྫུ་འཕྲུལ་དང་སྤྲུལ་པའི་གནས་སྐབས་མ་ཡིན་པ་བར་ཆད་དང་མི་ལྡན་པ་དོན་ཁྱད་པར་ཅན་སྒྲུབ་པའི་སྐབས་མ་ཡིན་པས། དངོས་པོ་ས་བོན་དང་སྐྱེ་བ་རང་གི་ཆོས་སུ་གྲུབ་པ་དང་མ་ཉམས་པ་རུང་བར་མ་བྱས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཉམས་པར་འདུན་པས། སྦྱོར་བ་རང་ངམ་གཞན་གྱིས་བཅོམ་པས། མཐར་ཐུག་ཉམས་པ་ན་ལྟུང་བའོ། །གཉིས་པ་འཕྱ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གསོལ་བ་འབའ་ཞིག་པའི་ལས་ཀྱིས་དམན་པའི་གྲངས་སུ་བགྲངས་པས། ཡུལ་གང་ཟག་བཅུ་གཉིས་པོ་བསྐོས་པའམ་མ་བསྐོས་ཀྱང་རུང་ལ་བསྐོས་པ་བག་ཡངས་སུ་བྱས་པ་ལ་ཡང་། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འཕྱ་འདོད་ཀྱི་བསམ་པས་འདུ་ཤེས་བསྒྱུར་ཏེ། སྦྱོར་བ་བདག་ཉིད་དང་འབྲེལ་བའི་དོན་གྱིས་ཡུལ་དེས་ཐོས་པར་མིང་ནས་སྨོས་ཏེ་གསལ་པོར་འཕྱ་བའམ། མིང་ནས་མ་སྨོས་པར་ཁ་ཅིག་དག་འདི་ལྟར་བྱེད་དོ་ཞེས་ཟུར་གྱི་བཞོགས་འཕྱས་བྱེད་ཀྱང་རུང་། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །གང་ཟག་བཅུ་གཉིས་ནི། གནས་ཁང་ཟས་ལ་བསྐོ་བ་གཉིས། །ཐུག་པ་བག་ཚོས་འགྲིམ་པ་གཉིས། །ཕྲན་ཚེགས་འགྲིམ་པར་བྱེད་པ་དང་། །སྣོད་སྤྱད་འགྲུབ་དང་གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགེད། །མངག་གཞུག་པ་དང་མཛེས་ཆོས་ཏེ། །གང་ཟག་བཅུ་དང་གཉིས་པོ་དག །སྟོན་པས་ཡང་དག་བཤད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་ནི། རྟེན་གཞན་གྱི་སྲོག་སྐྱོབ་པ་ལ་སོགས་པའི་རྐྱེན་དང་མི་ལྡན་པའི་དགེ་སློང་གིས། ཡུལ་དགེ་སློང་ཕ་རོལ་པོས་རང་ལ་ཆོས་མཐུན་གྱི་བསྒོ་བ་དང་དྲིས་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྣ་ལ་གཟོན་འདོད་ཀྱི་བསམ་པས། སྦྱོར་བ་ལན་ལོག་པར་འདེབས་པའི་ཚིག་སྨྲ་བར་བརྩམས་ཏེ། མཐར་ཐུག་ཡུལ་དེས་དོན་གོ་བ་ན་ལྟུང་བའོ། །བཞི་པ་གནས་མལ་གྱི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཡུལ་དགེ་འདུན་གྱི་གནས་མལ་ལ་ལོངས་སྤྱོད་ནས་བླ་གབ་མེད་པར་གཞག་པ་རང་གིས་མ་བསྡུས་པའམ་གཞན་སྡུད་དུ་མ་བཅུག་པར། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་གར་འདུག་པའམ་འགྲོ་འདོད་ཀྱི་བསམ་པས། སྦྱོར་བ་དེ་ལྟར་བཞག་ནས་དེ་ཉིད་དུ་འདུག་པའམ་འགྲོ་བར་བརྩམས་ཏེ། མཐར་ཐུག་དེའི་རྐྱེན་གྱིས་གནས་མལ་ཕན་ཕུན་དུ་གྱུར་རམ་མ་གྱུར་ཀྱང་གནས་མལ་ནས་འདོམ་བཞི་བཅུ་རྩ་དགུ་འདས་ནས་ཕྱིན་ན་ལྟུང་བའོ། །ལྔ་པ་གདིང་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་གནས་གཙུག་ལག་ཁང་དུ་སྲོག་ཆགས་ཕྲ་མོ་སྐྱེ་བའི་སར། དངོས་པོ་རྩ་དང་ལོ་མ་ལ་སོགས་པའི་གདིང་བ་བཏིང་བ་དེ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་འདོར་འདོད་ཀྱི་བསམ་པས། སྦྱོར་བ་རང་དེར་འདུག་པའམ་གཞན་དུ་འགྲོ་བའི་ཚེ་རང་ངམ་བསྐོས་པས་མ་བསྡུས་པས། མཐར་ཐུག་ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་ལས་འདས་པར་ཕྱིན་ན་ལྟུང་བའོ། །དྲུག་པ་སྐྲོད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་གནས་གཙུག་ལག་ཁང་ནས་ཡུལ་དགེ་སློང་ཕ་རོལ་པོ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་སྐྲོད་འདོད་ཀྱི་བསམ་པས། སྦྱོར་བ་ཡུལ་དེ་ལ་གནོད་པ་བསལ་བའམ་དགེ་འདུན་འཁྲུག་ལོང་ཞི་བ་ལ་སོགས་པའི་དོན་མ་ཡིན་པར་རང་ངམ་གཞན་དངོས་སུ་བསྐོས་པས་སྐྲོད་པར་བརྩམས་ཏེ། མཐར་ཐུག་དེའི་རྐྱེན་གྱིས་གཙུག་ལག་ཁང་ཉེ་འཁོར་དང་བཅས་པ་ལས་འདས་པ་ན་ལྟུང་བའོ། །བདུན་པ་ཕྱིས་གནོན་བྱེད་པའི་ལྟུང་བ་ནི། རྟེན་དགེ་སློང་གིས་གནས་དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་སློང་སྔར་ཞུགས་པ་ལ། བསམ་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་མཐོ་འཚམ་པར་འདུན་པས། སྦྱོར་བ་ན་བ་དང་འཇིགས་པའི་དབང་མ་གཏོགས་པར་ལུས་ངག་གང་ཡང་རུང་བས་ཕྱིས་གནོན་བྱེད་པར་བརྩམས་ཏེ། མཐར་ཐུག་གནོད་པས་ཟིལ་གྱིས་མནན་པ་ན་ལྟུང་བའོ། །བརྒྱད་པ་རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་གནས་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་རྡོལ་བའི་ཉེན་དང་བཅས་པ་ལ་ཁྲིའམ་ཁྲིའུ་ཡི་རྩ་བ་རྣོན་པོ་ཕུར་བུ་ལྟར་བཀན་པའམ་རྐང་རྟེན་མ་བཅུག་པར། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་འདུག་འདོད་པའི་བསམ་པས། སྦྱོར་བ་དེ་ལ་འདུག་པ་ལ་སོགས་པ་བྱེད་པར་བརྩམས་ཏེ། མཐར་ཐུག་འདུག་པའམ་ཉལ་བའི་བྱ་བ་རྫོགས་པ་ན་ལྟུང་བའོ། །དགུ་པ་སྲོག་ཆགས་དང་བཅས་པ་ལ་འདེབས་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཆུ་དང་རྩ་དང་ཤིང་ལ་སོགས་པ་ལ་སྲོག་ཆགས་མིག་ལམ་དུ་སྣང་བཞིན་དུ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་མ་ཡིན་པར་ལོངས་སྤྱོད་ཀྱི་བསམ་པས། སྦྱོར་བ་རང་ངམ་གཞན་བསྐོས་པས་ལོངས་སྤྱོད་པར་བརྩམས་ཏེ། མཐར་ཐུག་དེའི་རྐྱེན་གྱིས་སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བའོ། །བཅུ་པ་རིམ་པ་ལྷག་པ་བརྩིག་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་སྤྱོད་ལམ་བཞི་ཤོང་བ་ཡན་ཆད་ཀྱི་གཙུག་ལག་ཁང་རྩིག་པའི་ཉི་མ་དེ་ཉིད་དམ། ཉི་མ་གཞན་ལ་ཡང་འཇིམ་པ་མེད་པར་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས། ཆུ་ཁུང་མ་གཏོད་བརྐོས་ཏེ་རྨང་མ་བཅུག སྒོ་ཆ་གོང་མ་མ་བཅུག་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རིམ་པ་གསུམ་ལས་ལྷག་པ་རྩིག་འདོད་ཀྱི་བསམ་པས། སྦྱོར་བ་སྦྱིན་བདག་རིངས་པའི་རྐྱེན་མེད་པར་རང་ངམ་བསྐོས་པས་རིམ་པ་གསུམ་ལས་ལྷག་པ་བརྩིག་པར་བརྩམས་ཏེ། མཐར་ཐུག་རིམ་པ་ལྷག་གཅིག་མྱུར་དུ་འཇིག་པའི་ཉེན་དང་བཅས་པ་ན་ལྷུང་བའོ། །བཅུ་ཚན་གསུམ་པ་ལ་སྡོམ་ནི། མ་བསྐོས་ཉི་མ་ནུབ་པ་དང་། །ཟས་དང་ཆོས་གོས་གཉིས་དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་ཏེ། དང་པོ་མ་བསྐོས་པར་ཆོས་སྟོན་པའི་ལྟུང་བྱེད་ནི། རྟེན་མི་ཆོས་བླ་མའི་མཐུ་དང་མི་ལྡན་ཞིང་དགེ་སློང་མའི་སྟོན་པར་མ་བསྐོས་པའམ་བསྐོས་ཀྱང་མཚན་ཉིད་དང་མི་ལྡན་པའི་དགེ་སློང་གིས། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དགེ་སློང་མ་ལ་ཆོས་སྟོན་འདོད་ཀྱི་བསམ་པས། སྦྱོར་བ་ལུང་གི་དམ་པའི་ཆོས་ཤླཽ་ཀ་གཅིག་ཡན་ཆད་སྟོན་པར་བརྩམས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །གཉིས་པ་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད་ནི། རྟེན་དགེ་སློང་དགེ་སློང་མའི་སྟོན་པར་བསྐོས་ཀྱང་དུས་ཉི་མ་ནུབ་ཀྱི་བར་དུ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཉི་མ་ནུབ་ནས་ཀྱང་ཆོས་སྟོན་འདོད་ཀྱི་བསམ་པས། སྦྱོར་བ་ཆོས་སྟོན། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །གསུམ་པ་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དགེ་སློང་ཕ་རོལ་པོ་ཟས་གོས་ཀྱི་ཕྱིར་ཆོས་སྟོན་པ་མ་ཡིན་པ་ལ། འདུ་ཤེས་བསྒྱུར་ཏེ་ཀུན་སློང་སྐུར་པ་གདབ་འདོད་ཀྱི་བསམ་པས། སྦྱོར་བ་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ་ཞེས་སྐུར་པ་འདེབས་པར་བརྩམས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །བཞི་པ་གོས་བྱེད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཡུལ་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་བཟོ་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་བཟོ་བྱེད་པར་བརྩམས་ཏེ། མཐར་ཐུག་བཟོ་ཟིན་པ་ན་ལྟུང་བའོ། །ལྔ་པ་གོས་བྱིན་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དགེ་སློང་མའི་དགེ་འདུན་ལ་གོས་འབུལ་བའམ། ཕོངས་པ་ལ་སྦྱིན་པ་ལ་སོགས་པ་མ་གཏོགས་པར། ཡུལ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་མཛའ་བོ་བཤེས་ངོ་ཙམ་གྱིས་སྟེར་འདོད་པའི་བསམ་པས། སྦྱོར་བ་སྟེར་བར་བརྩམས་ཏེ། མཐར་ཐུག་ཡུལ་གྱིས་གོས་དེ་ཐོབ་པ་ན་ལྟུང་བའོ། །དྲུག་པ་དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་བ་དང་། བདུན་པ་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ན་བ་ལ་སོགས་པའི་རྐྱེན་མེད་པར་དགེ་སློང་མ་ཉེ་དུ་མ་ཡིན་པ་དང་ལྷན་ཅིག་པའི་ལམ་རྒྱང་གྲགས་ལས་འདས་པར་འགྲོ་བ་དང་། ཆུ་ལ་བརྟེན་པའི་ལམ་ལ་ཐད་ཀར་ཕ་རོལ་ཏུ་འགྲོ་བ་དང་། གྲུར་ཞུགས་པ་དང་ཡོ་བ་དང་སྟིམ་ཆད་པ་ལ་སོགས་པའི་རྐྱེན་མེད་ཅིང་ཁྲིམས་གྲོགས་མེད་པར་རྒྱུན་ནམ་རྒྱུན་ལས་བཟློག་པས། རྒྱང་གྲགས་ལས་འདས་པ་འགྲོ་བ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ལྷན་ཅིག་འགྲོ་འདོད་ཀྱི་བསམ་པས། སྦྱོར་བ་རྒྱང་གྲགས་ལས་འདས་པར་འགྲོ་བར་བརྩམས་ཏེ། མཐར་ཐུག་རྒྱང་གྲགས་རེ་རེ་འདས་པ་ན་ལྟུང་བྱེད་རེ་རེ། རྒྱང་གྲགས་ཕྱེད་ཕྱེད་འདས་པ་ན་ཉེས་བྱས་རེ་རེ་བསྐྱེད་པའོ། །བརྒྱད་པ་དབེན་པར་བུད་མེད་དང་ལྷན་ཅིག་འདུག་པ་དང་། དགུ་པ་འགྲེང་བའི་ལྟུང་བྱེད་གཉིས་ནི། རྟེན་དགེ་སློང་གིས་ཡུལ་བུད་མེད་ཉེ་དུ་མ་ཡིན་པ་དང་དབེན་པ་སྐྱབས་ཡོད་པར་འདོམ་གང་གི་བར་དུ་འདུག་པ་དང་། དགེ་སློང་མ་ཉེ་དུ་མ་ཡིན་པ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པར་བར་འདོམ་གང་ཙམ་དུ་གཉིས་ཀ་འགྲེང་བ་སྟེ་གཉིས་ཀ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་བུད་མེད་དང་ལྷན་ཅིག་འདུག་པ་དང་འགྲེང་བར་འདོད་པའི་བསམ་པས། སྦྱོར་བ་ཁྲིམས་གྲོགས་མེད་པར་དེ་ལྟར་བྱེད་པར་བརྩམས་ཏེ། མཐར་ཐུག་སྔ་མ་ལ་ཡུལ་རྟེན་གཉིས་ཀ་འདུག་པ་དང་། ཕྱི་མ་ལ་གཉིས་ཀ་འགྲེང་བའི་སྤྱོད་ལམ་རྫོགས་པ་ན་ལྟུང་བའོ། །བཅུ་པ་སྦྱོར་དུ་བཅུག་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཡུལ་དགེ་སློང་མ་ཉེ་དུ་མ་ཡིན་པ་སྦྱིན་བདག་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ། རང་ཐོས་བསམ་སོགས་ཀྱི་ཡོན་ཏན་དང་མི་ལྡན་པ་ལ་ལྡན་ནོ་ཞེས་བརྫུན་གྱི་སྒོ་ནས་དུས་རུང་གི་ཟས་སྦྱོར་དུ་བཅུག་པ། འདུ་ཤེས་མ་འཁྲུལ་པའམ་ཐེ་ཚོམ་ཟ་བས་ཀུན་སློང་དགེ་སློང་མས་ཡང་དག་པ་མ་ཡིན་པས་ཡོན་ཏན་གྱི་སྒོ་ནས་སྦྱོར་དུ་བཅུག་པ་ཟ་འདོད་པའི་བསམ་པས། སྦྱོར་བ་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །བཅུ་ཚན་བཞི་པ་ལ་སྡོམ་ནི། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབས་པ་དང་། །འདུས་དང་དུས་མིན་གསོག་འཇོག་དང་། །ཁ་ནས་མིད་དང་བསོད་པ་ཉིད། །ཅེས་ཏེ། དང་པོ་ཡང་ཡང་ཟ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་ན་བ་དང་དགེ་འདུན་དང་མཆོད་རྟེན་གྱི་དོན་དུ་ཕྱག་དར་རེ་ལྡེའི་རྒྱ་ཙམ་གྱི་ལས་བྱས་པ་དང་། ལམ་དཔག་ཚད་ཕྱེད་དུ་ཕྱིན་པ་མ་ཡིན་ཞིང་སྲ་བརྐྱང་མ་བཏིང་བས། དུས་ཉི་མ་གཅིག་ལ་མགྲོན་དུ་བོས་པ་གཉིས་ལས། ཕྱི་མ་ལ་ཁྲུ་གང་དུ་ལོངས་པའི་གོས་ཀྱི་རྙེད་པ་མེད་པར་བཟའ་བ་ལྔ་དང་བཅའ་བ་ལྔའི་ཁོངས་སུ་གཏོགས་པའི་དུས་རུང་གི་ཟས་ཚད་དུ་ལོངས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཟས་གཉིས་པ་ཟ་འདོད་པའི་བསམ་པས། སྦྱོར་བ་མུ་གེའི་དུས་མ་ཡིན་པར་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །གཉིས་པ་འདུག་གནས་སུ་ཟ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་མིན་པས་གནས་མུ་སྟེགས་ཅན་ཤ་སྟག་གི་འདུག་གནས་སུ། མུ་སྟེགས་ཅན་གྱི་སྦྱིན་བདག་ཉེ་དུ་མ་ཡིན་པས་ཅི་བདེར་མ་བསྟབས་བཞིན་དུ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འདུག་གནས་སུ་ཞག་ལོན་པའི་ཟས་ཟ་འདོད་པའི་བསམས་པས། སྦྱོར་བ་ཟས་གཉིས་པ་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །གསུམ་པ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པ་ལེན་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་སྦྱིན་བདག་ཁྱིམ་པ་རང་ལ་ཟས་སྟོབས་ཅིང་ཅི་བདེར་སྟོབས་པ་པོ་མ་ཡིན་པ་ལ། དུས་རུང་གིས་ཟས་ལས་སུ་བྱས་པ་ལྷུང་བཟེད་འབྲིང་ཚད་དོའམ་གསུམ་སྟེ། འབྲས་མ་ཐུག་པོ་ཆེ་དྲུས་པ་སྐམ་པོ་མ་ག་དྷའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པས་དེ་གསུམ་འཕེལ་དུ་གྱུར་པ་དེ་སྦག་པར་ནུས་པའི་ཚོད་མ་དང་བཅས་པ་བསླང་དུ་རུང་ལ། དེ་བས་ལྷག་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་བསླངས་པ་གཞན་དུ་ཟ་འདོད་པའི་བསམ་པས། སྦྱོར་བ་གཞན་དུ་ཁྱེར་ནས་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །ཤ་སླ་་་་་་ཁ་ཅིག ལྷུང་བཟེད་དོ་ལེན་ན་ཆེ་ཚད་གང་དང་ཆུང་ཚད་གང་ཡིན། གསུམ་ལེན་ན་ཆུང་ཚད་གསུམ་ལེན་པ་ཡིན་གསུང་བ་མི་འཐད་དེ། ལྷུང་བཟེད་དོ་ལེན་ཀྱང་འབྲིང་ཚད་དོ་ལེན་ལ་གསུམ་ལེན་ན་ཡང་འབྲིང་ཚད་གསུམ་བླང་བར་བྱ་བ་ཡིན་ཏེ། སོ་སོ་ཐར་པ་ལས། དགེ་སློང་འདོད་ན་ལྷུང་བཟེད་གང་བ་དོའམ་གསུམ་བླང་བར་བྱའོ་ཞེས་དང་། བམ་ལྔ་དང་འདུལ་བ་བསྡུས་པ་ལས་མཁན་པོས་འབྲིང་ཚད་ལ་བྱེད་པར་བཤད་པའི་ཕྱིར་རོ། །བཞི་པ་སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་ནི། རྟེན་དགེ་སློང་ནད་པ་མ་ཡིན་པས་བཟའ་བར་བྱ་བའི་ཁོངས་སུ་གཏོགས་པའི་དུས་རུང་གི་ཟས་བཅའ་བར་བྱ་བ་དང་། སྐྱོ་མ་མ་ཡིན་པ་དེ་རིང་ད་མི་ཟའོ་སྙམ་པའི་སྤངས་པ་རྫོགས་པ་ལྷག་པོར་མ་བྱས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྤངས་པ་རྫོགས་པ་ལྷག་པོར་མ་བྱས་པ་བཟའ་འདོད་པའི་བསམ་པས། སྦྱོར་བ་མུ་གེའི་དུས་མ་ཡིན་པར་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །སླ་་་་་་ཁ་ཅིག་བཟའ་བར་བྱ་བ་དང་བཅའ་བར་བྱ་བ་གང་རུང་སྤངས་པས་སྤངས་པ་རྫོགས་པ་ཡིན་ཏེ། ཟས་ཙམ་མོ་ཞེས་གསུངས་པའི་ཕྱིར་ཞེས་པ་མི་འཐད་དེ། སྤང་རྒྱུའི་ཟས་དེ་ལ་བཟའ་བར་བྱ་བ་དང་བཅའ་བར་བྱ་བ་གང་རུང་གིས་ཆོག་པའི་སྒྲུབ་བྱེད་དུ་ཟ་རྒྱུའི་ཟས་ལ་བཟའ་བར་བྱ་བ་དང་འཆའ་བར་བྱ་བ་གང་རུང་གིས་ཆོག་པའི་ཕྱིར་ཞེས་པ་འབྲེལ་མེད་པའི་ཕྱིར། དེས་ན་སྤངས་པ་རྫོགས་པའི་སྤང་རྒྱུའི་ཟས་ལ་བཟའ་བར་བྱ་བ་དགོས་ཏེ། བཅའ་བར་བྱ་བ་དག་དང་ཐུག་པ་ལས་གཞན་པ་ཞེས་གསུངས་པའི་ཕྱིར། ཟས་སྤངས་པ་ཟ་ན་ལྷག་པོར་བྱ་དགོས་པས། དེའི་ཚུལ་ནི་བྱིན་ལེན་བྱས་ནས་ཟས་ལག་ཏུ་བཟུང་ཏེ་ལྷག་པོར་གསོལ་བའི་ཡུལ་དགེ་སློང་ཟས་ཀྱི་གནས་མ་བཏང་བའི་མདུན་དུ་ཙོག་པུར་འདུག་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཏེ་སྤངས་ཞིང་འཚལ་བར་བགྱིས་པ་ལས་བཟའ་བ་དང་བཅའ་བ་རྙེད་ནས་འཚལ་བར་འཚལ་ན། ཚེ་དང་ལྡན་པས་ལྷག་པོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ་ཞེས་གསོལ་བ་ལན་གཅིག་གདབ་བོ། །དེ་ནས་ཡུལ་དེས་ཟས་དེ་ལག་ཏུ་བཟུང་ནས་དེས་ཟས་མ་སྤངས་ན་ཁམ་གཉིས་སམ་སུམ་ཙམ་ཟ་ཞིང་སྤངས་ན་ཟ་མི་དགོས། དེ་ནས་ཁྱོད་ཀྱིས་འགྱུར་གྱི་བཞུད་ཅིག་ཅེས་སམ་ཅི་བདེར་གསོལ་ཅིག་ཅེས་སྨྲས་ནས་ཟ་བ་པོ་ལ་གཏད་པས་བཟར་རུང་ངོ་། །ལྔ་པ་སྤངས་པ་སྟོབ་པའི་ལྟུང་བྱེད་ནི། མུ་གེའི་དུས་མ་ཡིན་པར་རྟེན་དགེ་སློང་གིས་ཟས་རུང་བ་ཚད་ལྡན། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཟས་སྤངས་པ་ལྷག་པོར་མ་བྱས་པར་སྟོབ་འདོད་ཀྱི་བསམ་པས། སྦྱོར་བ་ལྷག་པོར་བྱས་སོ་ཞེས་སྟོབས་པར་བརྩམས་ཏེ། མཐར་ཐུག་ཡུལ་དགེ་སློང་གིས་ཟོས་པ་ན་སྟོབ་པ་པོ་ལ་ལྟུང་བའོ། །དྲུག་པ་འདུས་ཤིང་ཟ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་འདུས་པ་ཆེན་པོའི་དུས་མ་ཡིན་པར་མཚམས་ནང་གཅིག་ཏུ། དགེ་འདུན་སྤྱི་ལས་ལོགས་སུ་དགེ་སློང་གསུམ་ཡན་ཆད་དང་ལྷན་ཅིག་ཏུ་དུས་རུང་གི་ཟས་ཚད་ལྡན། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འདུས་ཤིང་ཟ་འདོད་ཀྱི་བསམ་པས། སྦྱོར་བ་ཅིག་ཅར་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །ལྟུང་བ་འདི་ཡང་ཡང་ཟ་བའི་སྐབས་བཞིན་དུ་ན་བ་དང་། ལས་བྱས་པ་དང་། ལམ་དུ་ཞུགས་པ་དང་། སྲ་བརྐྱང་བཏིང་བ་ལ་མི་བྱུང་ངོ་། །བདུན་པ་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ན་བ་ལ་སོགས་པའི་རྐྱེན་མེད་པར་དུས་རུང་གི་ཟས་རང་གི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བར་ལ་དེར་འདུ་ཤེས་པའམ་ཐེ་ཚོམ་ཟ་བས། ཀུན་སློང་ཟ་འདོད་ཀྱི་བསམ་པས། སྦྱོར་བ་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །ཁ་ཅིག་དགེ་སློང་རང་ཉིད་གནས་པའི་གླིང་ལ་བྱེད་དེ། ལུང་དུ་བཙུན་པ་དུས་མ་ཡིན་པ་བཅའ་བར་བགྱི་བ་དང་བཟའ་བར་བགྱི་བ་འཚལ་བ་ལ་ལྟུང་བར་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ། ཡོད་དེ་འཛམ་བུ་གླིང་པའི་དགེ་སློང་གིས་གླིང་གཞན་གསུམ་དུའོ་ཞེས་གསུངས་པའི་ཕྱིར། དེའི་དོན་ནི་འཛམ་བུ་གླིང་པའི་དགེ་སློང་གིས་ལུས་འཕགས་གླིང་དུ་དུས་སུ་ཟོས་པ་ན་འཛམ་བུ་གླིང་དུ་དུས་མ་ཡིན་པར་ཟོས་པས་ལྟུང་བར་འགྱུར་རམ་ཞེ་ན་མི་འགྱུར་ཞེས་པའོ། །ཞེས་གསུངས་པ་ཡང་མི་འཐད་དེ། དེ་ལྟར་ན་རྫས་ཀྱི་ནུས་པ་ལ་བརྟེན་ནས་གླིང་ཐམས་ཅད་དུ་བགྲོད་ནུས་པའི་དགེ་སློང་གིས་དུས་ཐམས་ཅད་དུ་ཟས་ཟ་རུང་བར་ཐལ་བའི་ཕྱིར་རོ། །དེས་ན་རང་སྐྱེས་པའི་གླིང་ལ་བྱ་དགོས་ཏེ་ལུང་སྔ་མ་དེ་ཉིད་ཀྱི་ཕྱིར་དང་། སློབ་མ་ལ་ཕན་པ་ལས། འཛམ་བུ་གླིང་པའི་དགེ་སློང་གིས་འཛམ་བུ་གླིང་གི་དུས་ཀྱི་ལུས་འཕགས་གླིང་དུ་ཉི་མ་ནུབ་པ་ན་ཟས་ཟོས་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར། བརྒྱད་པ་གསོག་འཇོག་གི་ལྟུང་བྱེད་ནི། རྟེན་དགེ་སློང་གི་ན་བ་ལ་སོགས་པའི་རྐྱེན་མེད་པར་སྨན་བཞི་པོ་གང་རུང་བྱིན་ལེན་བྱས་ནས་གསོག་འཇོག་བྱས་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་ཟ་འདོད་པའི་བསམ་པས། སྦྱོར་བ་མུ་གེའི་དུས་མ་ཡིན་པར་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བྱེད་དོ། །གསོག་འཇོག་ལས་འཕྲོས་ནས་ལག་ཉ། མཚམས་བཙོས། ཞག་ལོན། དགེ་སློང་གིས་བཙོས་པ་དང་བཞི་ཡོད་པའི་དང་པོ་ལག་ཉ་ནི། དགེ་སློང་མིན་པས་ངལ་བ་དང་བརྗེད་པ་དང་ཆུད་ཟ་བའི་རྐྱེན་མེད་པར་མྱུར་དུ་ལོངས་སྤྱོད་པའི་ཟས་འབྲུ་ལ་སོགས་པ་ལ་རེག་ན་ལག་ཉར་འགྱུར་རོ། །གཉིས་པ་མཚམས་བཙོས་ནི། ཁྱིམ་པ་དང་མི་ལྡན་ཞིང་རུང་ཁང་མ་ཡིན་པའི་དགེ་སློང་རང་དབང་བའི་མཚམས་དངོས་སམ། དེའི་ཉེར་འཁོར་གྱི་ནང་དུ་ཟས་དང་འབྲུ་ལ་སོགས་པ་རྗེན་པ་བཙོས་པ་ལས་འགྱུར་རོ། །གསུམ་པ་ཞག་ལོན་ནི། གཞག་པའི་གནས་དང་འཇོག་པའི་དངོས་པོ་ཕལ་ཆེ་བ་མཚམས་བཙོས་དང་འདྲ་ལ། ཞག་ལོན་པ་རྗེན་པ་ཡན་ལག་ཏུ་མི་དགོས་དེ་ལྟར་ཞག་གཅིག་འདས་པ་ན་ཞག་ལོན་དུ་འགྱུར་རོ། །བཞི་པ་དགེ་སློང་གིས་བཙོས་པ་ནི། རྟེན་དགེ་སློང་གིས་ན་བ་ལ་སོགས་པའི་རྐྱེན་མེད་པར་མྱུར་དུ་ལོངས་སྤྱོད་པའི་ཟས་དང་འབྲུ་ལ་སོགས་པ་རྗེན་པ་མཚམས་ཀྱི་ཕྱི་ནང་གང་དུ་བཙོས་ཀྱང་དེར་འགྱུར་རོ། །བཞི་པོ་དེ་ནད་ལ་ཕན་པའམ་མུ་གེའི་དུས་མ་ཡིན་པར་དགེ་སློང་གིས་ཟོས་ན་ཉེས་བྱས་སོ། །དགུ་པ་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་གནས་བྱང་གི་སྒྲ་མི་སྙན་མ་ཡིན་པར་ནད་ལ་ཕན་པ་ལ་སོགས་པའི་རྐྱེན་མེད་པར་སྨན་བཞི་པོ་གང་རུང་བྱིན་ལེན་མ་བྱས་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བྱིན་ལེན་མ་བྱས་པར་ཟ་འདོད་ཀྱི་བསམ་པས། སྦྱོར་བ་དེ་ལྟར་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །བྱིན་ལེན་ནི། ལེན་པའི་ཡུལ་བསླབ་པ་བྱིན་པ་དང་དགེ་སློབ་མ་དང་དགེ་ཚུལ་མན་ཆད་བསྙེན་པར་མ་རྫོགས་པ། སྦྱིན་འདོད་དང་ལྡན་པ་མི་མིན་ཡན་ཆད་ཟས་གྱེན་དུ་འདེགས་ནུས་པ། ཁྲུ་གང་ལས་མཐོ་བར་གནས་པ་མ་ཡིན་པས་ཐོབ་པའི་ཕྱོགས་དང་མདུན་དྲང་པོ་ནས། ལག་པ་གཉིས་གན་རྐྱལ་དུ་བཀན་པའི་ལུས་དངོས་སམ་དེ་དང་འབྲེལ་བས་མཚམས་གཞན་གྱིས་བར་མ་ཆོད་པར་གནས་པས། ལེན་པ་པོ་དགེ་སློང་མ་ཡན་ཆད་བསླབ་པ་གསོ་རུང་དང་ལྡན་པ་ལ་དངོས་པོ་སྨན་བཞི་པོ་གང་རུང་བྱིན་ལེན་མ་བྱས་པར་དྲངས་པའོ། །ཐོབ་པའི་ཕྱོགས་ལ་གནས་པའི་དམིགས་བསལ་ནི། སྤྲེའུ་ཤིང་གི་ཡལ་ག་ལ་གནས་པས་ཤིང་ཐོག་སྦྱིན་པ་ལྟ་བུ་བླང་དུ་རུང་ངོ་། །ལུང་དུ་བྱིན་ལེན་ལ་ལྔ་གསུངས་ཏེ། ལག་པས་ལག་པར་ནོད་པ། ལག་པ་དང་འབྲེལ་པས་ལག་པ་དང་འབྲེལ་པར་ནོད་པ། ལག་པས་ལག་པ་དང་འབྲེལ་པར་ནོད་པ། ལག་པ་དང་འབྲེལ་པས་ལག་པར་ནོད་པ། གཞག་པའི་བྱིན་ལེན་དང་ལྔའོ། །ཕྱི་མ་ནི་ཡུལ་དེས་བྱིན་ལེན་བྱས་པ་བླངས་ན་ཡུལ་ཆོས་ཀྱི་དབང་གིས་མི་སྨད་པར་བྱ་བ་ཡིན་ན་རི་མོ་བྲིས་པའི་སྟེང་དུ་ཞོ་གཅིག་ཅེས་བསྟན་ན་ཡང་བྱིན་ལེན་ཡིན་ནོ། །རེག་པ་མཚམས་གཞན་གྱི་དོན་ལ། ཤ་ལ་་་་་་ཁ་ཅིག་སོར་བཞིས་བར་མ་ཆོད་པ་དགོས་ཏེ། འགྲེལ་པར་སྒོ་འཕར་ལ་སོགས་པས་བར་མ་ཆོད་པར་ཞེས་གསུངས་པའི་ཕྱིར། ཞེས་པ་མི་འཐད་དེ་སོ་ཐར་གྱི་འགྲེལ་པ་སྦྲང་བུའི་རྐང་པ་ཅན་ལས། མཁར་སིལ་གྱི་ཡུ་བ་ཙམ་གྱིས་བར་མ་ཆོད་པ་ཞེས་གསུངས་པའི་ཕྱིར། འགྲེལ་པར་སྒོ་འཕར་ཞེས་པ་གླིང་བཞིའི་དབང་གིས་ཡིན་ནོ། །བྱིན་ལེན་བྱེད་པའི་ཀུན་སློང་ལ། འདི་ནི་སྦྱིན་པ་པོའོ་བདག་ནི་ལེན་པ་པོའོ་སྙམ་པའི་བསམ་པས་བླང་དགོས་ཏེ། ཕྲན་ཚེགས་འགྲེལ་པར་བདག་ནི་བླང་བ་པོའོ་འདི་ནི་སྦྱིན་པ་པོའོ་སྙམ་པའི་སེམས་ནི་བྱིན་ལེན་ནོ་ཞེས་གསུངས་པའི་ཕྱིར། བྱིན་ལེན་འཇིག་པ་ལ་རྒྱུ་དགུ་སྟེ། ཞོ་ལས་མར་དུ་གྱུར་པ་ལྟ་བུ་དངོས་པོ་གཞན་དུ་གྱུར་པ་དང་། ས་བོན་ལས་མྱུ་གུ་འབྱུང་བ་ལྟ་བུ་སྐྱེ་བ་གཞན་དུ་གྱུར་པ་དང་། བདག་ཉིད་དགེ་སློང་མ་ཡིན་པར་གྱུར་པ་དང་། དངོས་པོ་དེ་མ་རྫོགས་པས་ཕྲོགས་པ་དང་། མ་རྫོགས་པ་ལ་བསྔོས་པ་དང་། ལག་པས་ལེན་མི་ནུས་པར་འདྲིལ་བ་དང་། ནམ་མཁའ་ལ་ལག་པས་མི་སླེབ་པར་འཕངས་པ་དང་། རང་གིས་མ་གཟུང་བར་མ་རྫོགས་པས་རེག་པ་དང་། ལྟུང་བ་བྱུང་ནས་སྤངས་པའོ། །བཅུ་པ་བསོད་པ་སློང་བའི་ལྟུང་བྱེད་ནི། རྟེན་དགེ་སློང་ན་བ་མ་ཡིན་པས་དངོས་པོ་འོ་མ་དང་ཞོ་ལ་སོགས་པ་ཡུལ་དུས་དེར་བསོད་པར་གྲགས་པ་ཁྱིམ་པ་ཉེ་དུ་མ་ཡིན་པས་ཅི་བདེར་མ་བསྟབས་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བསླངས་ཏེ་ཟ་བར་འདོད་པས། སྦྱོར་བ་དེ་ལྟར་བརྩམས་ནས། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །བཅུ་ཚན་ལྔ་པ་ལ། སྡོམ་ནི། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་གཤོམ་དཀྲུགས་འགྲོ་བ་དང་། །བརྡེག་དང་གཟས་དང་གནས་ངན་ལེན། །ཞེས་ཏེ། དང་པོ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་རང་དོན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་དང་བཏུང་བ་སོགས་ལུས་ཀྱི་ཆེད་དང་། ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཡོ་བྱད་ཀྱི་ཆེད་དུ་ལོངས་སྤྱོད་པ་དང་། སྲོག་ཆགས་ཅན་གྱི་ཆུ་འབབ་པ་དང་། འགོག་པ་དང་གཞན་དུ་བསྒྱུར་བ་དང་། རྩ་དང་ཤིང་གཅོད་པ་དང་མེར་འཇུག་པ་ལ་སོགས་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྲོག་ཆགས་དང་བཅས་པར་ཤེས་བཞིན་དུ། སྦྱོར་བ་རང་ངམ་བསྐོས་པས་ལོངས་སྤྱོད་པར་བརྩམ་ཏེ། མཐར་ཐུག་སྲོག་ཆགས་ཇི་སྙེད་ཅིག་ཤི་བ་དེ་སྙེད་ཀྱི་ལྟུང་བར་འགྱུར་རོ། །འདིར་ཆུ་འཚག་དགོས་པས་འདི་ལ་ལྔ་སྟེ། སྤྱད་འཚག་དང་། བུམ་འཚག་ལྕེའུ་ཅན་དང་། གྲུ་གསུམ་འཚག་དང་། རིལ་བ་ཞབས་འཚག་ཅན་དང་། གསལ་འཚག་དང་ལྔའོ། །ཆུ་རུང་བ་ལྔ་སྟེ། དགེ་འདུན་དང་། གང་ཟག་དང་། ཆུ་འཚག་དང་། ཆུ་རུང་བ་དང་། ཆུ་བརྟགས་ཏེ་རུང་བའོ། །གཉིས་པ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་བར་ཆད་ཀྱི་ཆོས་དང་མི་ལྡན་བཞིན་དུ་ཁྱིམ་པ་ཕོ་མོ་སྤྲོད་པ་ལ་ཞུགས་པའམ་ཕྱོགས་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དེ་དག་དང་གནས་གཅིག་ཏུ་འདུག་པར་འདོད་པས། སྦྱོར་བ་མངོན་སུམ་དང་བརྟགས་ཏེ་འདུག་པར་བརྩམས་ནས། མཐར་ཐུག་དེ་དག་གིས་ཚོར་སར་འདུག་པ་ན་ལྟུང་བའོ། །གསུམ་པ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་ནི། ཁྱིམ་དེར་ཤེས་བཞིན་དུ་དབེན་པ་སྐྱབས་ཡོད་པར་འགྲེངས་ཏེ་འདུག་པ་སྟེ། རྟེན་ལ་སོགས་པ་གོང་བཞིན་ནོ། །བཞི་པ་གཅེར་བུ་ལ་ཟོས་བྱིན་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་མུ་སྟེགས་གཅེར་བུ་ཕོ་མོ་གང་རུང་ཉེ་དུའམ་ནད་པའམ་དགེ་བ་ལ་སྦྱོར་བའི་དོན་མ་ཡིན་པར་དུས་རུང་གི་ཟས་རང་དང་དེ་གཉིས་ཀས་བཟར་རུང་བ། འདུ་ཤེས་མ་འཁྲུལ་ཞིང་རང་དགར་སྦྱིན་པར་འདོད་པས། སྦྱོར་བ་རང་གི་ལག་གིས་སྟེར་བར་བརྩམས་ཏེ། མཐར་ཐུག་དེས་ཐོབ་པ་ན་ལྟུང་བའོ། །ལྔ་པ་དམག་ལ་བལྟ་བའི་ལྟུང་བྱེད་ནི། བར་ཆད་ཀྱི་རྐྱེན་དང་མི་ལྡན་པའི་དགེ་སློང་གིས་ཁྱིམ་པའི་དམག་མཚན་ཉིད་དང་ལྡན་པ་འཐབ་པའམ་འཐབ་པའི་ཆས་སུ་ཞུགས་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བལྟ་འདོད་ཀྱི་བསམ་པས། སྦྱོར་བ་རྒྱལ་པོ་ལ་སོགས་པས་བཀུག་པ་མ་ཡིན་པར་རང་གི་གནས་ཉེ་འཁོར་དང་བཅས་པ་ལས་འདས་ནས་བལྟ་བར་བརྩམས་ཏེ། མཐར་ཐུག་མཐོང་བ་ན་ལྟུང་བྱེད་དོ། །དྲུག་པ་དམག་གི་ནང་ན་གནས་པའི་ལྟུང་བྱེད་ནི། རྟེན་དང་ཡུལ་སྔ་མ་བཞིན་ལ་གནས་དམག་གི་ནང་དུ་དགོས་པ་དང་མི་ལྡན་པར། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དམག་གི་ནང་དུ་གནས་འདོད་ཀྱི་བསམ་པས། སྦྱོར་བ་ཞག་གཉིས་ལས་འདས་པར་གནས་པར་བརྩམས་ཏེ། མཐར་ཐུག་མཚན་མོ་གཉིས་པ་འདས་ནས་ཕྱི་མའི་སྐྱ་རེངས་ཤར་བ་ན་ལྟུང་བའོ། །བདུན་པ་དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་ནི། རྟེན་དང་ཡུལ་གོང་བཞིན་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དཔུང་གི་ཡན་ལག་ཉམས་སུ་མྱོང་བར་འདོད་པས། སྦྱོར་བ་དཀྲུགས་པར་བརྩམས་ཏེ། མཐར་ཐུག་རེག་པའམ་གཡུལ་གཤོམ་པ་དཀྲུགས་པ་ལ་སོགས་པའི་བྱ་བ་རྫོགས་པ་ན་ལྟུང་བའོ། །བརྒྱད་པ་བརྡེག་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཡུལ་དགེ་སློང་ཕ་རོལ་པོ་ལ་ཕན་པའི་དོན་མ་ཡིན་པར་ལུས་སམ་དེས་འཕངས་པའམ། དེ་དང་འབྲེལ་བའི་དབྱུག་པ་ལ་སོགས་པའམ་ཡུངས་ཀར་ཙམ་ཡང་། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྙོག་པ་ཅན་གྱི་སེམས་ཀྱིས། སྦྱོར་བ་བརྡེག་པར་བརྩམས་ཏེ། མཐར་ཐུག་ཕོག་པ་ན་རྡེག་སྤྱད་རེ་རེ་ལ་ལྟུང་བ་རེ་རེའོ། །དགུ་པ་བརྡེག་པར་གཟས་པའི་ལྟུང་བྱེད་ནི། གོང་གི་བརྡེག་ཅེས་པའི་གནས་སུ་བརྡེག་པར་གཟས་པ་ཞེས་པ་བཅུག་སྟེ་ཡན་ལག་གཞན་ཐམས་ཅད་སྔ་མ་བཞིན་ནོ། །གཟས་པའི་ཚུལ་ནི་བརྡེག་ཚུལ་བྱེད་པའོ། །བཅུ་པ་གནས་ངན་ལེན་འཆབ་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཡུལ་སྡོམ་པ་གསོར་རུང་ཡན་ཆད་ཀྱི་ཕམ་ལྷག་གང་རུང་གི་ལྟུང་བ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བདེ་བ་ལ་མི་རེག་པ་དང་། དགེ་སྦྱོང་གི་ཚུལ་དང་། སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་དང་། དགེ་འདུན་འཁྲུགས་ཀྱི་དོགས་པའི་དབང་མ་གཏོགས་པར་འཆབ་འདོད་ཀྱི་བསམ་པས། སྦྱོར་བ་དེ་ལྟར་འཆབ་པར་བརྩམས་ཏེ། མཐར་ཐུག་མཚན་མོ་འདས་པ་ན་ལྟུང་བའོ། །བཅུ་ཚན་དྲུག་པ་ལ་སྡོམ་ནི། བདེ་དང་མེད་དང་འདུན་པ་དང་། །བསྙེན་པར་མ་རྫོགས་ཆོས་དང་སྨྲ། །དགེ་ཚུལ་ཁ་དོག་བསྒྱུར་བ་དང་། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་ཏེ། དང་པོ་ཟས་གཅོད་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་ཡུལ་ཟན་བཅད་པས་ཕན་པའི་ནད་པ་མ་ཡིན་པའི་དགེ་སློང་ལ། སྦྱིན་བདག་གིས་དུས་རུང་གི་ཟས་རུང་བ་ཚད་ལྡན་འདྲེན་པར་བསྔོས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཟན་བཅད་འདོད་ཀྱི་བསམ་པས། སྦྱོར་བ་ཟན་གཅོད་པའི་ཚིག་སྨྲ་བར་བརྩམས་ནས། མཐར་ཐུག་ཡུལ་དེའི་ཟན་ཆད་ནས་གུང་ཚིགས་ཡོལ་བ་ན་ལྟུང་བའོ། །གཉིས་པ་མེ་ལ་རེག་པའི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དཀོན་མཆོག་དང་ཚངས་པར་མཚུངས་པ་རྣམས་ཀྱི་ཆོས་ལྡན་གྱི་དོན་དང་ལྷུང་བཟེད་དང་ཚོན་གྱི་ལས་ལ་སོགས་པ་ལ་དུས་བྱིན་གྱིས་བརླབས་པ་མ་གཏོགས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་མེ་ལ་རེག་འདོད་ཀྱི་བསམ་པས། སྦྱོར་བ་རང་ངམ་གཞན་ལ་མངོན་སུམ་དུ་བསྐོས་ཏེ། མཐར་ཐུག་མེ་ལ་རེག་པ་དང་སྦར་བ་དང་གསོད་པ་ལ་སོགས་པ་བྱས་ན་ལྟུང་བའོ། །འདིར་དུས་དྲན་བྱེད་ཚུལ་ལ་ཁ་ཅིག་གཞི་གང་ལ་བྱ་བ། ཚུལ་ཇི་ལྟར་བྱ་བ་གཉིས་ལས། དང་པོ་ནི། སྔར་བཀག་ལ་ཕྱིས་གནང་བའི་གཞི་ལ་དུས་དྲན་བྱེད་ལ་དམིགས་བསལ་ཡུལ་ངེས་པ། དུས་ངེས་པ། ཕྱོགས་ངེས་པ། གཞི་ངེས་པ་དང་བཞི། སླ་་་་་་ཁ་ཅིག་དེའི་སྟེང་དུ་རྟེན་ངེས་པ་དང་ལྔ། དང་པོ་ནི། ཨ་སྨ་པ་རནྟའི་ཡུལ་དུ་རྟག་ཏུ་ཁྲུས་བྱེད་པ་དང་། གཉིས་པ་ནི། སོས་ཀ་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་ཟླ་བ་དང་པོ་གཉིས་ཀྱི་དུས་སུ་ཉི་མ་རེ་རེ་ཞིང་ཁྲུས་བྱེད་པ་དང་། གསུམ་པ་ནི། ནང་མ་རེ་རེ་བཞིན་གདོང་ཁྲུ་བ་ལ་དུས་དྲན་མི་དགོས་ཏེ། ཀཱ་རི་ཀ་ལྔ་བཅུ་པར། ནངས་པར་སྔར་ལངས་ཏེ། །གདོང་དང་སོ་ཡི་དྲི་བཀྲུས་ནས། །ཞེས་དང་། སུམ་བརྒྱ་པར། ཁ་དང་གདོང་གི་དྲི་བཀྲུས་ནས། །ཞེས་དང་། གདོང་ཕྱིས་བཅང་བར་བྱའོ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས་པ་ནི་མི་འཐད་དེ་སྒྲ་མི་སྙན་དུ་དགེ་སློང་གིས་བྱིན་ལེན་མ་བྱས་པར་ཟས་ཟ་བ་ལ་དུས་དྲན་བྱེད་མི་དགོས་པར་ཐལ། དམ་བཅའ་སྔ་མ་དེའི་ཕྱིར། འདོད་མི་ནུས་ཏེ། ལུང་ལས་སྒྲ་མི་སྙན་དུ་དུས་བྱིན་གྱིས་མ་བརླབས་པར་ཁའི་སྒོ་ནས་ཟས་མིད་ན་ཉེས་བྱས་སུ་འགྱུར་ཞེས་གསུངས་པའི་ཕྱིར། ཨ་སྨ་པ་རནྟའི་ཡུལ་དུ་རྟག་ཏུ་ཁྲུས་བྱེད་པ་ལ་དུས་དྲན་མི་དགོས་པ་མ་གྲུབ་སྟེ། ཊཱི་ཀར་དེར་ཡང་བློ་གྲོས་དེ་ཉེ་བར་བཞག་སྟེ་ཁྲུས་བྱ། ཞེས་གསུངས་པའི་ཕྱིར། གཉིས་པ་ཡང་མི་འཐད་དེ་སོས་ཀ་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་ཟླ་བ་དང་པོ་གཉིས་ཀྱི་དུས་སུ་ཉི་མ་རེ་རེ་བཞིན་ཁྲུས་བྱེད་པ་སྔར་མ་བཀག་པའི་ཕྱིར། གསུམ་པ་མི་འཐད་དེ་གླེང་གཞིར་རིགས་ཀྱི་འཚོ་བའི་མནའ་མ་དང་སྨད་འཚོང་མ་དག་ནངས་མ་རེ་རེ་བཞིན་ཁྲུས་བྱེད་མོད། འཕགས་པ་རྣམས་ནངས་མ་རེ་རེ་བཞིན་ཁྲུས་མཛད་དེ་ཅི་ཞིག་བགྱི། ཞེས་སྨྲས་པ་ལ་བརྟེན་ནས་ནངས་མ་རེ་རེ་བཞིན་ཁྲུས་བྱེད་པ་བཀག་པ་ཡིན་ལ། ནངས་མ་རེ་རེ་བཞིན་གདོང་འཁྲུ་དགོས་ན་དགག་བྱ་དེ་སོ་ན་གནས་པའི་ཕྱིར། གཞན་ཡང་ནངས་མ་རེ་རེ་བཞིན་ལུས་འཁྲུ་དགོས་པར་ཐལ། ལུས་ཕྱིས་བཅང་བར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་པ་ཁས། ཀཱ་རི་ཀཱའི་དོན་ནི་ཁ་ལ་གདོང་དུ་བསྒྱུར་བ་ཡིན་ཏེ། མུ་ཁ་ཞེས་པའི་སྒྲ་ཁ་དང་གདོང་གཉིས་ཀ་ལ་འཇུག་པའི་ཕྱིར། དེས་ན་ཁ་དང་སོ་ཡི་དྲི་བཀྲུས་ནས། །ཞེས་པའི་དོན་ཡིན་ནོ། །བཞི་པ་ཡང་མི་འཐད་དེ། སུམ་བརྒྱ་པར། མི་མ་ཡིན་པ་དང་གནོད་སྦྱིན་གྱི་གནས་སུ་རིན་པོ་ཆེའི་ཁྲི་དང་ཐེམ་སྐས་སོགས་ལ་ལོངས་སྤྱོད་པའི་ཚེ་མྱུར་དུ་འཇིག་པ་ཡིན་བསམ་པས་མི་རྟགས་པས་ཉེན་པར་ཡིད་ལ་བྱ་སྟེ་འདུག་པ་སོགས་བྱེད་པར་བཤད་པའི་ཕྱིར། ལྔ་པ་ཡང་མི་འཐད་དེ་ཁྱེད་ཀྱི་རྟེན་ངེས་པ་དེ་ལྟ་ན་སྒྲ་མི་སྙན་དུ་དགེ་སློང་གིས་ཟས་བྱིན་ལེན་མ་བྱས་པར་ཟ་བ་དང་། ཟན་ཆད་པའི་གང་ཟག་གིས་བྱིན་ལེན་མ་བྱས་པར་ཟ་བ་ལ་ཡང་དུས་དྲན་མི་དགོས་པར་འགྱུར་ལ། འདོད་ན་སྒྲ་མི་སྙན་པའི་དུས་དྲན་དགོས་པའི་གཞི་མེད་པར་འགྱུར་རོ། །རང་ལུགས་ལ་སྔར་བཀག་པ་ཕྱིས་གནང་བའི་གཞི་ལ་དུས་དྲན་བྱེད་པ་ཡིན་ཏེ། དེས་ན་མེ་ལ་དུས་དྲན་དགོས་པའི་དུས་སུ་དུས་དྲན་མ་བྱས་པར་རེག་ན་དུས་དྲན་མ་བྱས་པའི་ཉེས་བྱས་དང་། མེ་ལ་རེག་པའི་ལྟུང་བྱེད་གཉིས་སྐྱེད་ལ། དེ་བཞིན་དུ་རིན་པོ་ཆེ་ལས་བྱས་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་དུས་དྲན་མ་བྱས་པར་རེག་ན་དུས་དྲན་མ་བྱས་པའི་ཉེས་བྱས་དང་། རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་གཉིས་སྐྱེད་པ་སོགས་སྤྲོས་ཏེ་ཤེས་པར་བྱའོ། །དུས་དྲན་བྱེད་པའི་ཚུལ་ལ་ནད་པ་སོགས་ལ་ཕྱི་དྲོའི་ཁ་ཟས་ཟ་བའི་ཚེ་སྒྲ་མི་སྙན་པའི་དུས་དྲན་ཏེ། སྟོན་པས་གནང་བས་དངོས་པོ་འདི་རྣམས་ལ་བདག་དང་བདག་གིར་འཛིན་པ་ཡང་མེད། འཛིན་པ་པོ་དང་བསྔོ་བ་པོ་ལ་སོགས་པ་ཡང་ཡང་དག་པར་མེད་པའི་དོན་དྲན་པ་དང་། རིན་པོ་ཆེ་ལས་བྱས་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་རེག་པའི་ཚེ་འདི་ནི་བདག་གི་སྟོན་པའི་སྐུའོ་སྙམ་པའི་དྲན་པ་དང་ཆོས་ལྡན་གྱི་དགོས་པ་ཡིན་པའི་ཕྱིར་མེ་ལ་སོགས་པ་ལ་རེག་པའི་བྱ་བ་འདི་ནི་སྟོན་པས་གནང་བས་རུང་སྙམ་པས་དུས་དྲན་པ་ལ་སོགས་པ་དུ་མ་ཡོད་དོ། །གསུམ་པ་འདུན་པ་ཕྱིར་བསྒྱུར་གྱི་ལྟུང་བྱེད་ནི། རྟེན་དགེ་སློང་གིས་དགེ་འདུན་གི་ཆོས་ལྡན་གྱི་ལས་མཚན་ཉིད་པ་རང་གི་འདུན་པ་ཕུལ་བ་ལ། འདུ་ཤེས་མ་འཁྲུལ་ཤིང་ཀུན་སློང་འདུན་པ་ཕྱིར་བསྒྱུར་འདོད་ཀྱི་བསམ་པས་སྦྱོར་བ་བདག་འདུན་པ་མི་འབུལ་གྱི་ཕྱིར་འོན་ཅིག་ཅེས་པའི་ཚིག་སྨྲ་བར་བརྩམས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །བཞི་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ནི། རྟེན་ན་བ་དང་ནད་གཡོག་མ་ཡིན་པའི་དགེ་སློང་གིས། དགེ་སློང་སྡིག་ཅན་ཉེ་བར་གནས་པ་དང་དགེ་ཚུལ་ལམ་གྱིས་དུབ་པ་སོགས་ཀྱི་རྐྱེན་དང་མི་ལྡན་པར། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་མ་རྫོགས་པ་དང་ལྷན་ཅིག་ཉལ་འདོད་ཀྱི་བསམ་པས།                       རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*